Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
མར་མེ་སྨོན་ལམ་ཡེ་ཤེས་འོད་གསལ།
   
   
   
   


 
previousམར་མེ་སྨོན་ལམ་ཡེ་ཤེས་འོད་གསལ།next

མར་མེ་སྨོན་ལམ་ཡེ་ཤེས་འོད་གསལ།


MR19_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་སྨོན་ལམ་ཡེ་ཤེས་འོད་གསལ་བཞུགས།ཨོཾ་ཨཱཿཧཱུྃ་ཧོཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་མཆེད་ལྕམ་འདུས་པའི་ཚོགས། །བླ་མེད་རྡོ་རྗེའི་རིགས་སུ་དམ་བཅས་ཏེ། །བྱང་ཆུབ་སྙིང་པོར་ཡོངས་སུ་སྨོན་བགྱིད་ན། །བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །རྟག་ཏུ་དགྱེས་བཞུགས་རྩ་གསུམ་སྲུང་མའི་ཚོགས། །མཉམ་ཉིད་དབྱིངས་སུ་དབྱེར་མེད་ཚུལ་གཅིག་པའི། །ཆོས་ཉིད་བདེན་པའི་ངང་ནས་བྱིན་གྱིས་རློབས། །སྣོད་བཅུད་རྣམ་དག་ཡེ་ནས་བདེ་བ་ཆེ། །མཉམ་པ་ཉིད་དབྱིངས་མི་འགྱུར་སྤྲོས་དང་བྲལ། །འོད་གསལ་ལྷུན་གྲུབ་རང་རིག་ཡེ་ཤེས་ཀྱི། །ཐིག་ལེ་ཉག་གཅིག་སྟོབས་ཀྱིས་གྲུབ་པར་ཤོག །དེང་ནས་བླ་མེད་སྙིང་པོ་ཐོབ་བར་དུ། །འཁོར་བའི་འཁྲུལ་སྣང་མུན་པས་མི་བརྫི་ཞིང་། །ཐབས་ཤེས་སྣང་བ་རྟེན་འབྱུང་བསླུ་མེད་ཀྱིས། །མི་ལྡོག་འབྲས་བུའི་སྦུབས་སུ་འཇུག་པར་ཤོག །གང་ནས་གང་དུ་སྐྱེ་བ་དེ་དང་དེར། །ཐེག་མཆོག་རྡོ་རྗེའི་རིགས་སུ་སྐྱེས་ནས་ཀྱང་། །ཐེག་ཆེན་གསང་སྔགས་སྟོན་དང་བསྟན་པ་དང་། །འབྲལ་མེད་བདུད་ཀྱི་ལས་རྣམས་སྤོང་བར་ཤོག །དད་པ་ཆེན་


MR19_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐེག་མཆོག་ལྷག་པར་མོས། །སྙིང་རྗེ་ཆེན་པོའི་འགྲོ་ཁམས་ཡོངས་སུ་འཛིན། །ཤེས་རབ་ཆེན་པོས་མཐར་ཐུག་ཆོས་མཛོད་མཐོང་། །ཕྲིན་ལས་ཆེན་པོའི་དོན་ཀུན་འགྲུབ་གྱུར་ཅིག །འདུས་པའི་ཚོགས་འདི་མི་འབྲལ་ཚོམ་བུར་འགྲོགས། །ཐེག་ཆེན་སྙིང་པོའི་དོན་ལ་མཐུན་པར་བརྩོན། །བསྟན་ལ་སྨོད་པའི་ཡིད་ཅན་མཐར་བྱེད་ཅིང་། །དངོས་གྲུབ་འདོད་རྒུའི་དཔལ་གྱིས་འབྱོར་བར་ཤོག །དུག་ལྔའི་དབང་གིས་རིགས་དྲུག་ཡུལ་མཐོང་ཞིང་། །འཁྲུལ་སྣང་མུན་པས་གལ་ཏེ་གེགས་བྱེད་ན། །ཡེ་ཤེས་སྣང་བའི་གོ་འབྱེད་སྒྲོན་མེ་འདིས། །རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཞིག །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་མདུན་ནས་བསུས། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་ནས་བརྟེན། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་ནས། །ས་ལམ་རིམ་པར་གེགས་མེད་བགྲོད་གྱུར་ཅིག །འཇམ་པའི་དཔལ་གྱུར་ཡེ་ཤེས་ཉི་མ་ཡི། །ཀུན་ཏུ་འོད་ཀྱིས་ཕྱོགས་བཅུའི་མུན་པ་བསལ། །བརྩེ་བའི་སྤྱན་རས་འགྲོ་ཁམས་ཀུན་གཟིགས་པའི། །པདྨ་ཅན་གྱི་ཡིད་ཅན་དབང་དུ་གྱུར། །དཔལ་ལྡན་རྡོ་རྗེ་འཛིན་པའི་ཡེ་ཤེས་སྐུ། །ཡི་གེ་འཁོར་ལོ་ཚོགས་ཆེན་འཕྲོ་བ་ཡིས། །ལས་


MR19_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉོན་མོངས་བག་ཆགས་ཚར་བཅད་ནས། །སྐུ་གསུམ་འདུ་འབྲལ་མེད་པར་སངས་རྒྱས་ཤོག །ཐམས་ཅད་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ཀློང་། །བདེ་ཆེན་རྒྱལ་པོ་རང་བྱུང་ཡེ་ཤེས་སྐུ། །རྟག་ཏུ་མི་འགྱུར་ལྷུན་གྱིས་གྲུབ་པ་ཡི། །བཀྲ་ཤིས་སྣང་བས་མཁའ་ཁྱབ་འབར་བ་ཤོག །ཅེས་པའང་ཐམས་ཅད་འདུལ་གྱི་ཟླ་ཚེས་ལ་འཇམ་དཔལ་འོད་གསལ་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་མངྒ་ལཾ།། ༈ ཨོཾ་ཨཱཿཧཱུྃ་ཧོཿ སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལ། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་བས། །མཐའ་དབུས་མེད་པ་གསལ་བའི་འོད་འབར་འདི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །དགེ་ལེགས་འཕེལ། །


previousམར་མེ་སྨོན་ལམ་ཡེ་ཤེས་འོད་གསལ།next