cover

གླེགས་བམ་ཉི་ཤུ་པ།

པོད། ཏ༽

འཇམ་མགོན་མི་ཕམ་རིན་པོ་ཆེ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


MR20_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སུཁྱཱཏཱརུཙནིདྷིཔྲམཱཎཱབཱརྟིཀཱགྲནྠཔྲཀཊམྦྷཱཥཎཱམབིཧརཏིསྨ། །
ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར་ཞེས་བྱ་བ་བཞུགས་སོ། །


MR20_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་གཉིས་སུ་མེད་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །དད་པའི་འདབ་སྟོང་བཞད་པའི་གེ་སར་ལ། །གུས་པས་རྟག་ཏུ་ལེགས་མཆོད་ཆོས་ཀྱི་རྗེ། །གཞོན་ནུ་སྨྲ་བའི་ཉི་མ་གང་དེ་ཡིས། །འགྲོ་འདིར་མཁའ་ཁྱབ་བློ་གྲོས་སྣང་བ་སྩོལ། །ཀུན་མཁྱེན་རྒྱལ་བ་མཆོག་དང་རྒྱལ་བའི་སྲས། །མ་ཕམ་འཇམ་དབྱངས་གསང་བདག་ཀུན་ཏུ་བཟང་། །ཕྱོགས་གླང་ཆོས་གྲགས་ཞི་འཚོ་ཡབ་སྲས་སོགས། །བརྒྱུད་པའི་བླ་མ་རྣམས་ལ་མགོས་ཕྱག་འཚལ། །ཚད་མར་གྱུར་པ་རྒྱལ་དང་རྒྱལ་བའི་གསུང་། །དངོས་སྟོབས་ཚད་མའི་ལམ་ནས་གསལ་བྱེད་པ། །ཆོས་ཀྱི་གྲགས་པའི་གཞུང་བཟང་སྲིད་པའི་མིག །རིགས་པའི་ནང་ན་རིགས་པའི་སྙིང་པོ་ཡིན། །དེ་ཕྱིར་གཞན་ལ་ཕན་འདོད་བརྩེ་བའི་བློས། །གསལ་བར་བརྗོད་པའི་འགྲེལ་བཤད་འདི་བགྱིད་ན། །མཁའ་ཁྱབ་ཞིང་གི་རྒྱལ་


MR20_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲས་བཅས་ཀྱི། །ཡེ་ཤེས་གཟིགས་པས་བསྟན་འགྲོར་སྨན་པར་མཛོད། །དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །ཅེས་ལུང་བསྟན་པ་བཞིན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་སྙན་པའི་བ་དན་ཆེན་པོ་ས་གསུམ་དུ་ཁྱབ་པར་བསྒྲེངས་པ་གང་གི་རིགས་ལམ་སེང་གེའི་ང་རོས་བདུད་དང་མུ་སྟེགས་ཀྱི་རྒོལ་བ་མཐའ་དག་ཚར་བཅད་དེ་ཡང་དག་པའི་ཆོས་ཀྱི་སྣང་བ་མཁའ་ཁྱབ་ཏུ་སྤེལ་བར་མཛད་པའི་ལེགས་བཤད་ཆེན་པོ་ཆེས་རྨད་དུ་བྱུང་བའི་ངོ་མཚར་དང་ལྡན་པ་ཚད་མ་རིགས་པའི་སྡེ་བདུན་གྱི་གཙོ་བོ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་པར་འགྲེལ་བ་འདི་འཆད་པ་ལ་དོན་བཞི་སྟེ། མཚན་དོན་འགྱུར་ཕྱག་གཞུང་དང་མཇུག་དོན་ནོ། །དང་པོ། རྒྱ་གར་སྐད་དུ་པྲ་མཱ་ཎ་ཚད་མ། བར་ཏཱི་ཀ་རྣམ་


MR20_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྲེལ་བ། ཀཱ་རི་ཀཱ་ཚིག་ལེའུར་བྱས་པ་སྟེ། པྲ་ནི་རབ་དང་དང་པོ་སོགས་ལ་འཇུག །མཱ་ཎ་འཇལ་བ་ལ་འཇུག་པས་དང་པོར་འཇལ་བའམ་རབ་ཏུ་འཇལ་བ་སྟེ། དོན་མ་ནོར་བར་འཇལ་བའམ། གསར་དུ་མི་བསླུ་བའི་རིགས་པ་ལ་འཇུག་ཅིང་། དེ་ལ་དོན་འགྱུར་དུ་ཚད་མ་ཞེས་པར་མཛད་ལ། དེ་ལྟ་བུ་བརྗོད་བྱར་བསྟན་པའི་གཞུང་ཚད་མ་ཀུན་ལས་བཏུས་པ་ནི་སྐབས་འདིའི་ཚད་མ་ཡིན་ལ། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་གཞུང་འདི་ཉིད་ཀྱིས་རྣམ་པར་འགྲེལ་བས་ན་ཚད་མ་རྣམ་པར་འགྲེལ་བ་ཞེས་བྱའོ། །ཡི་གེ་བརྒྱད་པ་རྗེས་སུ་བསྔགས་པའི་སྡེབ་སྦྱོར་ཅན་དུ་མཛད་པས་ན་ཚིག་ལེའུར་བྱས་པ་ཞེས་སོ། །གཉིས་པ་འགྱུར་ཕྱག་ནི། སྔ་འགྱུར་གྱི་དུས་སུའང་གཞུང་འདི་བསྒྱུར་ཟིན་ཀྱང་ཞུས་དག་མ་གྲུབ་པ་དཀར་ཆག་ལྡན་དཀར་མ་སོགས་སུ་གསལ་ལ། ཕྱིས་རྨ་དགེ་བློ་དང་། རྔོག་ལོ་ཆེན་པོ། ས་སྐྱ་པཎ་ཆེན་རྣམས་ཀྱིས་བསྒྱུར་ཞུས་གཏན་ལ་ཕབ་པའི་ཚེ་འགྱུར་ཕྱག་ཏུ་བཀོད་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་སོ། །གསུམ་པ་གཞུང་དོན་ལ། རྩོམ་པའི་ཡན་ལག །བརྩམ་བྱ་གཞུང་དང་ནི། །རྩོམ་པ་རྫོགས་པ་མཇུག་གི་དོན་དང་གསུམ། །དང་པོ་ལ། མཆོད་པར་བརྗོད་དང་རྩོམ་པའི་དགོས་པ་བསྟན། །དང་པོ། བདག་ཏུ་འཛིན་པ་སོགས་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གང་ཞིག་གཟུང་འཛིན་གྱི་ཀུན་ཏུ་རྟོག་པའི་དྲ་བ་ལྟ་བུ་འཁོར་བར་འཆིང་བྱེད་དང་རང་རྒྱུད་འཆིང་བར་བྱེད་པ་རྣམས། གཉེན་པོའི་ཡེ་ཤེས་ཀྱིས་སླར་མི་སྐྱེ་བའི་ཆོས་ཅན་དུ་རྣམ་པར་བསལ་ཞིང་། མཆོག་ཏུ་ཟབ་པ་སོ་སྐྱེ་དང་ཉན་རང་གིས་མི་དཔོག་པའི་ཇི་ལྟ་བ་གཟིགས་པས་ཟབ་ཅིང་། རྒྱ་ཆེ་བ་ཤེས་བྱ་མཐའ་ཡས་པའི་དོན་གཅིག་ཅར་གཟིགས་པའི་


MR20_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གཉིས་ཡེ་ཤེས་ཀྱི་སྐུ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་ཕུན་སུམ་ཚོགས་པར་མཛད་པའི་ཕྲིན་ལས་རྣམ་པར་དཀར་བ་ཉེས་པའི་དྲི་མ་ཡོང་ཡེ་མི་མངའ་བའི་ཀུན་ཏུ་བཟང་པོའི་འོད་ཟེར་དག་ཕྱོགས་དང་དུས་ཀྱི་མུ་མཐར་ཀུན་ནས་འཕྲོ་བར་མཛད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་ཚིག་འདི་སྐུ་བཞི་ཕྲིན་ལས་དང་བཅས་པ་ལ་སྦྱར་བ་དང་། སྤང་རྟོགས་ཕྲིན་ལས་གསུམ་དང་སྦྱར་བ་དང་། ཕྲིན་ལས་ཀྱི་སྐབས་སུ་མི་ཤེས་པའི་མུན་པ་སེལ་ཞིང་ཤེས་བྱའི་དེ་ཉིད་སྟོན་པའི་གསུང་གི་མཛད་པ་གཙོ་བོར་གྱུར་པའི་ཕྲིན་ལས་ཀུན་ཏུ་བཟང་པོའི་འོད་ཟེར་དག་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཀུན་ནས་འཕྲོ་བ་ཞེས་ཚིག་གི་ནུས་པ་འདོན་པ་དང་། ཡང་ཆོས་ཀྱི་གྲགས་པ་ཉིད་བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པའང་ཡིན་ལ། སྐབས་འདིའི་མཆོད་བརྗོད་ཀྱང་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བའོ་ཞེས་འདོད་པ་དང་། ཡང་ཚིག་རྐང་དང་པོ་གཉིས་ཀྱིས་རྟོག་པའི་གྲ་ཟུར་ཞི་བ་འཇམ་པའི་དོན་དང་། མཁྱེན་གཉིས་ཡེ་ཤེས་ཀྱི་སྐུ་དེ་ནི་དོན་གཉིས་ཀྱི་དཔལ་དང་ལྡན་པར་བརྗོད་པས་འཇམ་དཔལ་ལ་ཕྱག་མཛད་པར་འདོད་པ་སོགས་འགྲེལ་ཚུལ་སྣ་ཚོགས་མཛད་ཀྱང་། དོན་སྤང་རྟོགས་མཐར་ཕྱིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱག་མཛད་པས་གང་ལྟར་ཀྱང་འགལ་བ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། འདི་ན་ཕྱི་ནང་གི་མཁས་པར་རློམ་པའི་སྐྱེ་བོ་ཕལ་ཆེར་ཕྱོགས་རེར་ཞེན་པའི་གཞུང་དང་བྱ་བ་ངན་པ་ཕལ་ལ་ཆགས་ཤིང་མཆོག་འཛིན་དང་ཞེན་ལྟའི་ཁོང་སྐྲན་གྱིས་ཁེངས་ནས་གནས་ཤིང་། ཤིན་ཏུ་ཟབ་མོ་རྟོགས་པའི་ཤེས་རབ་ཀྱི་རྩལ་མེད་པས་ན། །


MR20_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཀུན་ལས་བཏུས་པ་སོགས་ཕུལ་དུ་བྱུང་བའི་དོན་གྱི་མྱང་བྱ་དང་ལྡན་པའི་ལེགས་པར་བཤད་པ་རྣམས་དོན་དུ་མི་གཉེར་བ་ཁོ་ནར་མ་ཟད། ཕྲག་དོག་གི་དྲི་མ་དག་གིས་ལེགས་བཤད་ཟབ་མོ་དེ་དག་དང་དེ་འཛིན་པ་རྣམས་ལ་སྡང་བར་ཡང་ཡོངས་སུ་གྱུར་པ་དེས་ན། ཆོས་ཀྱི་གྲགས་པ་བདག་ལ་བསྟན་བཅོས་འདི་ནི་དེ་འདྲའི་སྐྱོན་ལྡན་གཞན་ལ་ཕན་པར་འགྱུར་བ་ཡིན་ཞེས་བསམ་པའང་མེད་མོད། འོ་ན་བརྩམས་པས་ཅི་བྱ་ཞེ་ན། རང་གི་སེམས་ནི་ཡུན་རིང་པོར་ལེགས་པར་བཤད་པ་རྣམས་ལ་གོམས་ཤིང་འདྲིས་པ་ལྷུར་ལེན་པ་བསྐྱེད་པའི་ཕྱིར་འདི་ལྟ་བུ་རྩོམ་པ་ལ་དགའ་བའམ། སྤྲོ་བ་སྐྱེས་ནས་བརྩམས་པ་ཡིན་ནོ་ཞེས་སོ། །དེ་ཡང་གཞན་ཕལ་ཆེ་བ་ནི་རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བས་བློ་གཟུ་བོར་མི་གནས་པ་དང་། ཟབ་མོ་རྟོགས་པའི་བློ་གྲོས་མེད་པ་དང་། ལེགས་བཤད་དོན་དུ་མི་གཉེར་བའི་རྒྱུ་མཚན་དེས་ན་དེ་འདྲའི་སྐྱོན་ལྡན་ལ་མི་ཕན་ནའང་། བཟློག་ཕྱོགས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། ཅེས་གསུངས་པ་ལྟ་བུའི་དོན་དུ་འགྱུར་བ་དང་། ལེགས་པར་བཤད་པ་ཀུན་ལས་བཏུས་སོགས་ལ་སྨད་པའི་དོན་མིན་གྱི་ཕུངས་ཁྲོལ་ཆེན་པོ་བཟློག་པའི་ཕྱིར་སྙིང་རྗེས་བརྩམས་པར་ཡང་སྟོན་ཏེ་རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་དེ་ཚིག་བརླང་པ་གསལ་པོར་མི་ཤེས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང་། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་བརྩེ་བས་དེ་ཡི་ལུགས་ནི་འདིར་གསལ་བྱ། ཞེས་གསུངས་པ་བཞིན་ནོ། །གཉིས་པ་བརྩམ་བྱ་གཞུང་གི་དོན་ལ། རང་དོན་བླང་དོར་རྟོགས་པའི་ཡན་ལག་དང་། །གཞན་དོན་རྗེས་སུ་འཛིན་


MR20_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་གཉིས། །དང་པོ་ལ། གཞལ་བྱ་ལྐོག་གྱུར་རྟོགས་པའི་རྗེས་དཔག་དང་། །མངོན་གྱུར་འཇལ་བྱེད་མངོན་སུམ་ཚད་མ་བསྟན། །དང་པོ་ལ། ལྐོག་གྱུར་རྟོགས་པ་གཏན་ཚིགས་སྤྱི་མཚན་བཤད། །དོན་གཙོ་སྟོན་དང་བསྟན་པ་ཚད་མར་སྒྲུབ། །དང་པོ་ལ། རྟགས་ཀྱི་རྣམ་གཞག་བསྡུས་ཏེ་བསྟན་པ་དང་། །མཚན་གཞི་ཡང་དག་གསུམ་པོ་རྒྱས་པར་བརྗོད། །རྟགས་སུ་ངེས་བྱེད་རྒྱུ་མཚན་འབྲེལ་པ་བཤད། །དང་པོ། རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་དང་། དེ་ཡི་བསྒྲུབ་བྱའི་ཆས་ཁྱབ་པ་ངེས་པ་སྟེ་ཕྱོགས་ཆོས་གྲུབ་ཅིང་ཁྱབ་པ་ངེས་པ་ཡི། ཚུལ་གསུམ་ཚང་བ་ནི་གཏན་ཚིགས་ཡང་དག་ཡིན་ནོ་ཞེས་གཏན་ཚིགས་ཀྱི་མཚན་ཉིད་བསྟན་ནས། གཏན་ཚིགས་ཡང་དག་དེ་ལ་དུ་ཡོད་ཅེ་ན། དེ་ནི་འབྲས་རང་མི་དམིགས་པ་རྣམ་པ་གསུམ་ཉིད་དུ་འདུ་བ་ཡིན་ནོ་ཞེས་གསུང་ཞིང་། དེ་གཏན་ཚིགས་སུ་འགྱུར་བའི་འཐད་པ་ནི་བསྒྲུབ་བྱ་དེ་མེད་ན་རྟགས་དེ་མི་འབྱུང་བར་ཚད་མས་ངེས་པའི་ཕྱིར་རོ། །བཟློག་ཕྱོགས་གཏན་ཚིགས་ལྟར་སྣང་ནི་མེད་ན་མི་འབྱུང་གི་འབྲེལ་བ་དེ་ལས་བཟློག་པ་སྟེ་ཚུལ་གསུམ་མ་ཚང་བ་གཞན་ཡིན་ནོ། །ཞེས་སོ། །དེ་ལ་ཚུལ་གསུམ་གྱི་དང་པོ་ཕྱོགས་ཆོས་ཞེས་པ་ཅི་ཞེ་ན། སྤྱིར་བཏང་ཕྱོགས་ཀྱི་སྒྲ་ནི་ཆོས་ཅན་སྒྲ་དང་ཆོས་མི་རྟག་པའི་ཚོགས་དོན་ཏེ་མི་རྟག་པར་ཤེས་འདོད་ཞུགས་པའི་ཆོས་ཅན་ལྟ་བུ་ལ་དངོས་མིང་དུ་ཡོངས་སུ་གྲགས་པ་ཡིན་ལ། དེ་ཡི་ཕྱོགས་གཅིག་ཆོས་ཅན་རྐྱང་པ་དང་། བསྒྲུབ་ཆོས་རྐྱང་པ་ལའང་བཏགས་མིང་དུ་འཇུག་སྟེ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་ཕྱོགས་གཅིག་ལ་རིལ་པོའི་མིང་འཇུག་པ་བཞིན་ནོ། །དེར་མ་ཟད་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལའང་ཕྱོགས་ཀྱི་མིང་འཇུག་མོད་ཀྱི། འདིར་ཚུལ་གསུམ་པའི་ནང་ཚན་ཆོས་ཞེས་པའི་སྒྲ་དང་འབྲེལ་བའི་ཕྱོགས་ནི་


MR20_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་ཉིད་ལ་གོ་སྟེ་ལག་ལྡན་ཞེས་པ་གླང་པོ་ལ་ཡོངས་སུ་གྲགས་པ་བཞིན་ནོ། །དེས་ན་རྟགས་བྱས་པ་ལྟ་བུ་དེ་ཕྱོགས་སམ་ཆོས་ཅན་སྒྲ་ལྟ་བུའི་སྟེང་དུ་གྲུབ་པའམ། དེའི་ཆོས་སུ་གྲུབ་པ་ལ་གོ་བར་བྱ་བ་ཡིན་ནོ། །སྐབས་འདིར་ཕྱོགས་ཞེས་པ་ཚོགས་དོན་ལ་གོ་དགོས་ཀྱི་ཆོས་ཅན་རྐྱང་པ་ལ་གོ་ན་མི་འཐད་པའི་ཕྱོགས་འཛིན་པ་ཡོད་ཀྱང་། སྤྱིར་སྦྱོར་བ་སྐོར་གཅིག་གི་ཆོས་ཅན་དུ་བཟུང་བྱ་སྟེ། བསྒྲུབ་ཆོས་དེས་ཁྱད་པར་དུ་བྱས་ནས་ཤེས་འདོད་ཞུགས་པ་ཡིན་པས་ཚོགས་དོན་ལས་གཞན་མིན་ཀྱང་། ཚུལ་གསུམ་གྱི་སྐབས་ཀྱི་ཕྱོགས་ཆོས་འདི་ནི་རྟགས་དེ་ཆོས་ཅན་ཙམ་ལ་གྲུབ་མ་གྲུབ་དཔྱད་པ་ཡིན་ལ། དེ་གྲུབ་ནས་བསྒྲུབ་ཆོས་དང་རྟགས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དཔྱོད་པའི་ཕྱིར། ཕྱོགས་ཆོས་ཀྱི་སྐབས་ནས་ཀྱང་ཚོགས་དོན་གཟུང་མི་དགོས་སོ། །དེའི་མཐའ་དཔྱོད་པ་དང་། གཞན་ཡང་རྟགས་རིགས་དང་བློ་རིགས་ཀྱི་རྣམ་པར་གཞག་པ་ནི་ཟུར་དུ་བཤད་པར་བྱས་ན་བདེ་བས་དེ་ལྟར་བཤད་པར་བྱ་ལ། གཞུང་འཆད་པའི་སྐབས་འདིར་ནི་གཞུང་གི་གོ་བ་རྣལ་མ་ཉིད་བཤད་པས་བློ་སྐྱེད་ཐོན་སླ་བའི་ཕྱིར་དེ་ལྟར་འཆད་པར་འདོད་དོ། །དེ་ཆས་ཞེས་བྱ་བ་ནི་ཆོས་ཅན་དེའི་སྟེང་ན་དགག་པའམ་བསྒྲུབ་པར་བྱ་བའི་ཆ་ཤས་མང་དུ་ཡོད་པ་ལས་སྐབས་སུ་གང་བབ་པའི་བསྒྲུབ་ཆོས་མི་རྟག་པ་ལྟ་བུ་དེ་དང་། རྟགས་བྱས་པ་ལྟ་བུ་དེ་ཡི་ཆོས་རྟགས་ཡོད་ན་བསྒྲུབ་བྱ་ཡོད་པའི་རྗེས་འགྲོ་དང་། བསྒྲུབ་བྱ་ལོག་ན་རྟགས་ལྡོག་པར་ཚད་མས་ངེས་པའི་སྒོ་ནས་ཁྱབ་པ་ཡོད་པ་ལ་གོ་བར་བྱ་དགོས་སོ། །གཉིས་པ་མཚན་གཞི་རྟགས་ཡང་དག་གསུམ་པོ་རྒྱས་པར་བཤད་པ་ལ། གོ་བར་བྱེད་པ་རྟགས་གསུམ་ངོ་བོ་བསྟན། །དེར་མ་འདུས་པའི་མཐའ་གཞན་དགག་པའོ། །དང་པོ། འབྲས་བུ་གང་ཞིག་སྐྱེད་བྱེད་ཀྱི་རྒྱུ་ལ་དངོས་པོའི་རང་བཞིན་ཇི་སྙེད་ཅིག་ཚོགས་དགོས་པ་


MR20_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གང་ཡང་རུང་བ་གཅིག་མེད་ན་འབྲས་བུ་དེ་ཡང་མི་འབྱུང་བར་ངེས་པའི་ཕྱིར། འབྲས་བུ་དེ་ནི་རྒྱུ་དེ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ནོ། །དེ་ལ་རྒྱུ་དངོས་སུ་སྒྲུབ་པ་སོགས་ལྔར་ཡོད་དོ། །ཆོས་གང་གི་རང་བཞིན་ཡོད་པ་ཙམ་དང་། ངོ་བོ་ཉིད་ཀྱིས་འབྲེལ་བ་ཅན་གྱི་ངོ་བོ་ཡང་གཏན་ཚིགས་ཡང་དག་ཡིན་ཏེ། ཇི་ལྟར་ཆུ་གྲུབ་ཙམ་ནས་གཤེར་བར་གྲུབ་པ་ལྟར། སྒྲ་གྲུབ་ཙམ་ནས་མི་རྟག་པ་དང་བྱས་པར་གྲུབ་པས་དེ་གསུམ་དོན་ལ་བདག་གཅིག་གི་འབྲེལ་བ་ཡོད་པས་ན། འདྲ་བ་གཞན་འབྱུང་བའི་འཁྲུལ་རྒྱུས་བསླད་ནས་མི་རྟག་པར་ངེས་མ་ནུས་པའི་ངོར། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ། །འབྲས་རང་གཉིས་པོ་དེ་སྒྲུབ་རྟགས་ཡིན་ལ། དགག་རྟགས་ཀྱི་དབང་དུ་བྱས་ནས། མི་སྣང་བ་མ་དམིགས་པ་དང་། སྣང་རུང་མ་དམིགས་པ་གཉིས་གསུངས་པའི་དང་པོ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་ངེས་སུ་སྒྲུབ་པའི་མངོན་རྗེས་ཀྱི་ཚད་མ་རྣམས་ནི་མི་འཇུག་པ་ཡིན་ཞིང་། དེའི་ཕྱིར་ཡོད་ངེས་སུ་སྒྲུབ་པའི་ཚད་མ་མ་རྙེད་པའི་གང་ཟག་དེའི་ངོར་ཡུལ་དེ་མེད་པའམ་མི་སྣང་བ་ཙམ་ཡིན་ལ། དེས་ན་མི་སྣང་བ་མ་དམིགས་པའི་རྟགས་དེ་འདྲ་ནི་ཡུལ་དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པའི་འབྲས་བུ་ཙམ་ཞིག་སྟོན་པ་ཅན་ཡིན་གྱི། དེས་ཡུལ་མེད་ངེས་སུ་འགྲུབ་མི་ནུས་སོ། །འདི་བཤད་པའི་དགོས་པ་ནི་གཞི་གང་དུ་ཆོས་གང་ཞིག་མེད་ངེས་སུ་སྒྲུབ་པ་ལ་སྣང་དུ་རུང་བ་དང་མི་རུང་བའི་ཁྱད་པར་ཕྱེ་ནས་སྣང་རུང་རྣམས་མ་དམིགས་པས་ཁེགས་པར་སྟོན་ལ། སྣང་དུ་མི་


MR20_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ནི་མ་མཐོང་བ་ཙམ་གྱིས་མི་ཁེགས་པར་སྟོན་པའི་ཕྱིར་ཡིན་ཏེ། ཡོད་ཀྱང་སྣང་དུ་མི་རུང་བ་ཡོད་དམ་སྙམ་ན། ཡོད་དེ་ཡུལ་དུས་རང་བཞིན་གྱིས་བསྐལ་པ་གསུམ་ནི་སྣང་དུ་མི་རུང་བའོ། །དེ་ལ་ཡུལ་གྱིས་བསྐལ་པ་ནི་འཛམ་བུ་གླིང་པ་རྣམས་ལ་བྱང་སྒྲ་མི་སྙན་གྱི་དཔག་བསམ་གྱི་ཤིང་ལ་སོགས་པ་ལྟ་བུའོ། །དུས་ཀྱིས་བསྐལ་པ་ནི་སྔོན་བསྐལ་པ་ཆགས་པའི་ཚེ་སྤྲིན་གསེར་གྱི་སྙིང་པོ་ཅན་བྱུང་བ་དང་། མ་འོངས་པ་ན་བྱམས་པ་འབྱོན་པའི་ཞིང་དང་འཁོར་ལྟ་བུ་ད་ལྟའི་གང་ཟག་མངོན་ཤེས་མེད་པ་རྣམས་ལ་བསྐལ་དོན་དུ་སོང་བ་ཡིན་ནོ། །ངོ་བོའམ་རྣམ་པས་བསྐལ་པ་ནི་ཕལ་པ་རྣམས་ཀྱི་ངོར་ཤ་ཟ་དང་བར་སྲིད་ལྟ་བུ་ཡིན་ནོ། །དེའི་ཕྱིར་གང་ཟག་གི་ཚོད་བཟུང་བ་དང་། ཟབ་མོའི་ཆོས་རང་གི་བློར་མ་ཚུད་པ་ལའང་སྐུར་པ་གདབ་ཏུ་མི་རུང་བའང་རིགས་པ་འདིས་བསྟན་པ་ཡིན་ནོ། །ཡང་མ་དམིགས་པའམ་དགག་རྟགས་ཀྱི་གཏན་ཚིགས་ཀྱི་བྱེ་བྲག་གམ་ཁྱད་པར་ལ་ལྟོས་ནས། ཆོས་འགའ་ཞིག་གཞི་གང་དུ་མེད་ངེས་སུ་ཤེས་པ་དང་བརྗོད་པ་དང་འཇུག་པའི་ཐ་སྙད་ཀྱི་འབྲས་བུའམ་བྱེད་ལས་ཅན་ཡོད་དེ། གང་ཞེ་ན་གྲང་རེག་ལྟ་བུའི་རང་བཞིན་དང་འགལ་བ་མེ་ལྟ་བུ་དམིགས་པ་དང་། གྲང་རེག་དང་འགལ་བ་མེའི་འབྲས་བུ་དུ་བ་ལྟ་བུ་དག་གྲུབ་པར་དམིགས་པའི་སྒོ་ནས་གྲང་རེག་འགོག་པ་དང་། དགག་ཆོས་དེའི་རྒྱུ་བལྟར་རུང་བ་མ་དམིགས་པའི་སྒོ་ནས་འབྲས་བུ་དགག་པ་ཕྱོགས་འདི་ན་དུ་བ་མེད་དེ་མེ་མ་དམིགས་པའི་ཕྱིར་ལྟ་བུ་དང་། དགག་བྱ་དེ་རང་གི་ངོ་བོ་བལྟར་རུང་བའི་བདག་ཉིད་ཡིན་པ་ལ། དེ་དག་ནི་མ་གྲུབ་བའམ་མ་དམིགས་པའི་སྒོ་ནས་མེད་ངེས་སུ་སྒྲུབ་པ། ཕྱོགས་འདི་ན་ཆོས་ཅན། བུམ་པ་མེད་དེ། མ་དམིགས་པའི་ཕྱིར་ལྟ་བུ་སྟེ། དེ་ལྟར་དགག་བྱ་མེད་པའི་དོན་སྒྲུབ་པ་ཅན་མི་དམིགས་པའི་


MR20_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ཚིགས་རྣམ་པ་བཞི་ཡིན་ནོ་ཞེས་སོ། །དེ་ལ་ཡུལ་དུས་ངོ་བོས་མ་བསྐལ་བ་རྣམས་ནི་སྣང་རུང་ཡིན་ལ། སྣང་རུང་ཡིན་ཀྱང་མ་དམིགས་ན་དེས་དེ་དག་མེད་པར་ཤེས་ཤིང་། གང་མེད་པ་དེའི་འབྲས་བུའང་མེད་པར་ངེས་ནུས་སོ། །འགལ་ཟླ་དམིགས་པས་ཀྱང་དགག་བྱ་མེད་པར་ངེས་ནུས་ཏེ་ལྷན་ཅིག་ཚོགས་པ་མི་སྲིད་པའི་རིགས་པས་སོ། །དེ་ལ་དོགས་པ་སྤང་བ་ནི། འོ་ན་འགལ་བའི་རྒྱུ་དམིགས་པས་ཀྱང་ཁེགས་སམ་ཞེ་ན། དགག་བྱ་དེ་དང་འགལ་བ་ཡི་ནི་རྒྱུ་དམིགས་པའི་སྦྱོར་བ་འགོད་པ་གང་ཡིན་པ་དེ་ལ་འགལ་རྒྱུ་ཡིན་པ་ཙམ་གྱིས་མི་ཁེགས་ཏེ། འགལ་རྒྱུ་དེ་ཡོད་ན་དགག་བྱ་དེ་ཡོད་མི་ཤེས་པའི་རྒྱུ་མཚན་དག་ནི་འགལ་བ་ཉིད་དམ། འགལ་བ་ཉིད་ཀྱི་རྒྱུ་མཚན་དག་ནི་མེད་ན་རྟགས་དེ་དེ་སྒྲུབ་ལ་འཁྲུལ་པ་ཅན་ཡིན་ཏེ་བུད་ཤིང་དམིགས་པས་གྲང་རེག་འགོག་པ་བཞིན་ནོ། །རྒྱུ་མཚན་ཡོད་ན་ཁེགས་ནུས་ཏེ། གྲང་འབྲས་སྤུ་ལོང་སོགས་ཀྱི་ཁྱད་པར་མེད་དེ། མེའི་བྱེ་བྲག་ཉེ་བའི་ཕྱིར་ཞེས་པ་བཞིན་ནོ། །དེ་བཞིན་དུ་འགལ་འབྲས་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་ལ་ཡང་། ཡུལ་དང་ནི་དུས་དང་ལ་སོགས་པ་ཞེས་པའི་རང་བཞིན་གྱི་ཁྱད་པར་རྣམས་སྤུ་རིས་ཟིན་ནས་སྒྲུབ་ཚུལ་ཁྱད་པར་བ་ལ་ལྟོས་པར་འདོད་ཀྱི། གཞན་དུ་དགག་བྱ་དེ་དང་འགལ་བའི་ཆོས་ཀྱི་འབྲས་བུ་དམིགས་པ་ཙམ་གྱི་སྒོ་ནས་དགག་བྱ་དེ་མེད་པར་སྒྲུབ་ན་ནི་འཁྲུལ་པར་འགྱུར་ཏེ། དཔེར་ན་མི་གྲང་བའམ་གྲང་རེག་མེད་པར་སྒྲུབ་པ་ལ་ནི་མེའི་འབྲས་བུ་ཐལ་བ་རྟགས་སུ་བཀོད་པ་བཞིན་ནོ། །དེས་ན་འགལ་འབྲས་དུ་བ་རྟགས་སུ་བཀོད་ནས་གྲང་རེག་འགོག་པ་ལའང་། དུ་བས་ཁྱབ་པར་ནོན་པའི་ཡུལ་ཡིན་པ་དང་། འཕྱུར་བཞིན་པ་ཡིན་པས་མེ་ད་ལྟ་བ་མཚོན་པར་ནུས་པ་དང་། གྲང་


MR20_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རེག་འགོག་ནུས་ཀྱི་མེ་ཡོད་པར་མཚོན་པ་དྲག་ཏུ་ཕྱུར་བའི་རང་བཞིན་གསུམ་ཚོགས་པའི་ཁྱད་པར་ལས་གཞི་དེར་གྲང་རེག་འགོག་ནུས་པ་བཞིན་ནོ། །གཉིས་པ་རྟགས་གསུམ་པོ་དེར་མ་འདུས་པའི་རྟགས་གཞན་ཡོད་པར་འདོད་པ་དགག་པ་ལ། གཏན་ཚིགས་ཡིན་པ་གཞན་ནི་དེར་འདུ་ཚུལ། །གཞན་འདོད་འགའ་ཞིག་གཏན་ཚིགས་མིན་ཚུལ་ལོ། །དང་པོ་ལ། ཚོགས་པས་སྐྱེ་རུང་དཔོག་པ་རང་བཞིན་རྟགས། །རོ་ལས་གཟུགས་སོགས་དཔོག་པ་འབྲས་རྟགས་བསྟན། །དང་པོ། རྒྱུ་ཚོགས་པས་འབྲས་བུ་སྐྱེ་རུང་དུ་དཔོག་པ་འདི་རང་བཞིན་དང་འབྲས་རྟགས་ནི་མ་ཡིན་ལ། སྒྲུབ་རྟགས་ཡིན་པས་མ་དམིགས་པའང་མིན་པས་རྟགས་གསུམ་དུ་མ་འདུས་སོ་ཞེ་ན། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པ་འདི་ནི་ལེགས་པར་དཔྱད་ན་རྒྱུའི་ནུས་པ་དེ་དོན་གྱི་དངོས་པོ་གཞན་ལ་ནི་མི་ལྟོས་པར། རྒྱུའི་ཚོགས་པ་རང་ཉིད་གྲུབ་ཙམ་ནས་འབྲས་བུ་འབྱུང་རུང་གི་ངོ་བོར་གྲུབ་པའི་ཕྱིར། དཔེར་ན་མར་མེ་སྐྱེས་ཙམ་ནས་འོད་རང་ཆས་སུ་གྲུབ་པ་ལྟར་རྒྱུ་ཚོགས་པ་རང་གི་ཆོས་ཉིད་དམ་རང་བཞིན་ནི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པར་ཤེས་པ་ཡིན་པས་ན། དེ་ནི་རང་བཞིན་གྱི་རྟགས་ཡིན་པར་བརྗོད་དེ་དེའི་ནང་དུ་འདུས་སོ། །གལ་ཏེ་དེ་ལྟར་མ་ཡིན་པར་རྒྱུ་ལས་ཐ་དད་པའི་འབྲས་བུ་སྐྱེད་ངེས་སུ་དཔོག་པ་ཡིན་ན་ནི། ཚོགས་པའི་རྒྱུ་རྣམས་ཀྱིས་འབྲས་བུ་སྐྱེད་པའི་ནུས་པ་རྣམས་ནི་གནས་སྐབས་སོ་སོར་ཡོངས་སུ་འགྱུར་བ་དང་འབྲེལ་བའམ་ལྟོས་པ་ཡིན་ཏེ། རྒྱུ་ཉིད་མ་འགྱུར་བར་ནི་འབྲས་བུ་ཡོད་པར་མི་རིགས་པས། དཔེར་ན་ས་བོན་དང་ས་ཆུ་སོགས་འཛོམ་པ་ལས་ས་བོན་སྦང་རོ་བཞིན་དུ་རྣམ་པར་འགྱུར་ནས་རིམ་བཞིན་སྡོང་བུ་དང་སྦུབས་འཆའ་བ་སོགས་


MR20_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་མཐར་ཐུག་པའི་བར་དུ་འགྱུར་ནས་འབྲས་བུ་ཉིད་འབྱིན་པ་བཞིན་ནོ། །དེས་ན་རྒྱུ་ཚོགས་པ་ཙམ་ཞིག་མ་འོངས་པའི་འབྲས་བུ་འབྱིན་པ་ལ་རྟགས་སུ་འགོད་ན་ནི་མ་ངེས་པ་ནི་ཉིད་ཡིན་ཏེ། རྒྱུ་ལས་འབྲས་བུ་དངོས་མ་མཐོང་བའི་བར་དེར་རྒྱུ་ལ་གེགས་བྱེད་པ་དག་སྲིད་པའི་ཕྱིར་མཐའ་གཅིག་ཏུ་འབྲས་བུ་འབྱིན་པར་ངེས་པའི་གཏན་ཚིགས་སུ་མི་འགྱུར་རོ། །དེས་ན་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་རང་འབྲས་སྐྱེད་པར་ངེས་ཀྱང་། དེ་དེའི་རང་བཞིན་རྗེས་སུ་དཔོག་པར་མ་བཟུང་ན་དེ་འདིའི་རྒྱུ་ལས་འབྲས་བུ་གཞན་དཔོག་པའི་གཏན་ཚིགས་སྦྱོར་བར་སོང་བ་མིན་ཏེ། དུས་མཐའི་སྐད་ཅིག་མ་ལ་ཕྱོགས་ཁྱབ་ངེས་པ་སོགས་མི་ནུས་པས་གཏན་ཚིགས་སྦྱར་བ་དོན་མེད་དེ། གཏན་ཚིགས་ཀྱིས་འབྲས་བུ་ཡོད་པར་དཔོག་པ་ལས་སྔ་བར་འབྲས་བུ་ཉིད་མངོན་སུམ་དུ་འགྱུར་བ་ཡིན་པས་སོ། །བྱང་སེམས་ས་བརྒྱད་པ་འཚང་རྒྱ་ངེས་པ་ལྟ་བུའང་དོན་དུ་རྒྱུའི་ནུས་པ་ཁྱད་པར་ཉིད་རྗེས་སུ་དཔོག་པར་སོང་བ་ཡིན་ནོ། །གཉིས་པ་ནི། ཡང་ཁ་ནང་གི་བུ་རམ་གྱི་རོ་མྱང་བ་ལས་བུ་རམ་གྱི་གཟུགས་ཡོད་པར་རྟོགས་པ་སོགས་རྟགས་གསུམ་གང་དུའང་མ་འདུས་སོ་ཞེ་ན། ཕན་ཚུན་ཚོགས་པ་གཅིག་ལ་འདུས་ཤིང་མདུང་ཁྱིམ་བཞིན་དུ་གཅིག་ལ་གཅིག་རག་ལུས་པའི་བུ་རམ་ལྟ་བུའི་གཟུགས་དང་རེག་བྱ་ལ་སོགས་པ་དེ་ལས་གཞན་པའི་རོས་དེ་དག་ཡོད་པར་རྟོགས་པ་ནི། རང་གི་རྒྱུ་ཡི་ཆོས་རྗེས་སུ་དཔག་པ་ཡི་རྟགས་སུ་སོང་བ་ཡིན་པ་སྟེ། དཔེར་ན་རྟགས་དྲག་ཏུ་ཕྱུར་བའི་དུ་བས་བུད་ཤིང་གི་མདོག་འགྱུར་བ་རྗེས་སུ་དཔོག་པ་བཞིན་ཏེ། བུད་ཤིང་མ་ཚིག་པར་དུ་བ་མཐོང་བ་མེད་ལ། དེ་བཞིན་གཟུགས་སོགས་དང་བྲལ་བའི་རོ་མི་སྲིད་པས་སོ། །བུད་ཤིང་གི་འགྱུར་བ་ཐལ་བ་ལ་བཞེད་པའང་ཡོད་དོ། །དེ་བཞིན་ཨུད་པ་ལ་སོགས་ཀྱི་དྲི་ཚོར་བས་དེའི་


MR20_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་ཡོད་པར་རྟོགས་པ་དང་། བུ་རམ་སྨུག་པོའི་གཟུགས་སོགས་ལས་རོ་མངར་བར་རྟོགས་པ་སོགས་སྦྱར་རོ། །དེ་ཡང་རོ་ལ་སོགས་པ་སྔ་མའི་ནུས་པ་འཇུག་པ་མེད་པར་ནི་རོ་ད་ལྟ་བ་མེད་ལ། རོ་དེ་ཉིད་རང་དང་ཚོགས་པ་གཅིག་པའི་གཟུགས་ལ་སོགས་པ་གཞན་གྱི་ལྷན་ཅིག་བྱེད་པའི་རྒྱུ་དེ་མེད་ན་མི་འབྱུང་བ་ཡང་ཡིན་ཏེ་རོ་སྔ་མ་རོ་ཕྱི་མའི་ཉེར་ལེན་གྱི་རྒྱུ་དང་། གཟུགས་སོགས་ཕྱི་མའི་ལྷན་ཅིག་བྱེད་རྐྱེན་ཡིན་ལ། གཟུགས་སོགས་རང་རང་གི་ཕྱི་མའི་ཉེར་ལེན་གྱི་རྒྱུ་དང་། རོ་སོགས་གཞན་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པས་དེ་ལྟར་རོ་ད་ལྟ་བ་དེས་འདས་པ་སྔ་མའི་དུས་ཀྱི་རོ་དང་དེ་དང་ཚོགས་པ་གཅིག་པའི་གཟུགས་སོགས་ཡོད་པར་ཡང་རྟོགས་ལ། རང་དང་དུས་གཅིག་པའི་གཟུགས་སོགས་རྡུལ་རྫས་གཞན་རྣམས་ཀྱང་དུས་དེར་ཡོད་ངེས་སུ་རྟོགས་པ་ཡིན་གྱི་མ་འོངས་པ་མིན་ཏེ་རོ་རྒྱུན་ཆད་པ་སྲིད་པས་འཁྲུལ་སྲིད་དོ། །ཚུལ་དེ་ལྟ་བུ་ནི་དེ་བྱུང་གི་འབྲེལ་བ་ངེས་པའི་འབྲས་བུའི་རྟགས་ལས་སྐྱེས་པ་ཞེས་བྱ་སྟེ། རྒྱུ་མཚན་ཆོས་ཐ་དད་ཕན་ཚུན་ཕན་འདོགས་པའི་འབྲེལ་པ་རྒྱུ་མཚན་དུ་བྱས་ནས་བསྒྲུབ་བྱ་རྟོགས་པ་ཡིན་པས་སོ། །དེ་བྱུང་གི་འབྲེལ་བ་ལ་སྔ་ཕྱིར་བྱུང་བ་དགོས་པས་རང་དང་དུས་གཅིག་པའི་དངོས་པོ་གཞན་རྟོགས་པ་དེ་བྱུང་གི་འབྲེལ་བར་མི་འཐད་སྙམ་ན། དེ་དངོས་སུ་དེ་བྱུང་མིན་ཀྱང་ཕན་ཚུན་མེད་ན་མི་འབྱུང་གི་འབྲེལ་བ་ལས་རྟོགས་པ་ཡིན་པས་ན་འབྲས་བུའི་རྟགས་ལས་སྐྱེས་ཞེས་གསུངས་ཏེ། དེ་བྱུང་གི་འབྲེལ་བ་ལས་འདི་ངེས་པ་ཡིན་པས་སོ། །འོ་ན་འབྲས་རྟགས་མཚན་ཉིད་པ་མིན་ནམ་སྙམ་ན་སྐྱོན་མེད་དེ། ལེགས་པར་དཔྱད་ན་ད་ལྟའི་སྐབས་ཀྱི་འབྲལ་མི་རུང་བའི་ཚོགས་པ་དེ་དག་རྒྱུ་སྔ་མའི་ཚོགས་པ་འབྲལ་མི་རུང་བ་དེས་འཕངས་པའི་འབྲས་བུ་གཅིག་གི་ངོ་བོ་ཡིན་པས་ན། དོན་ལ་


MR20_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་ནུས་པས་འབྲས་བུའི་ཚོགས་པ་འབྲལ་མི་རུང་བར་སྐྱེས་པ་དེ་ཉིད་གོ་བྱེད་དུ་སོང་བས་ན། རྟགས་དེ་གཏན་ཚིགས་ཡང་དག་ཏུ་འགྲོ་བའི་རྒྱུ་མཚན་རྒྱུ་སྔ་མའི་ནུས་པས་ཚོགས་པ་གཅིག་ཏུ་འཕངས་པ་དེ་ལ་མཐའ་ཐུག་པ་ཡིན་པའི་གནད་ཀྱིས་སོ། །གཉིས་པ་གཞན་ཕྱི་རོལ་པས་འདོད་པའི་གཏན་ཚིགས་འགའ་ཞིག་ཡང་དག་མིན་པར་བསྟན་པ་ལ། མ་ཚང་རྒྱུ་ཡིས་འབྲས་བུ་དཔོག་པ་མིན། །མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པའོ། །དང་པོ། །རིགས་པ་ཅན་པས་རྒྱུ་ལས་འབྲས་བུ་དཔོག་པ་སྔ་མ་དང་ལྡན་པ་ཞེས་བརྗོད་པའི་རྟགས་དེ་ལྟ་བུ་འདིར་མ་འདུས་སོ་ཞེ་ན། རྒྱུ་ཚོགས་པས་འབྲས་བུ་སྐྱེད་རུང་དཔོག་པ་ནི་རང་བཞིན་གྱི་རྟགས་སུ་བཤད་ཟིན་ལ། རྒྱུ་མ་ཚོགས་པས་འབྲས་བུ་གང་ཞིག་ནི། ཡོད་ངེས་སུ་རྗེས་སུ་དཔོགས་པ་གང་ཡིན་པ་དེ། དེ་སྒྲུབ་ཀྱི་ལྷག་མ་དང་ལྡན་པ་ཞེས་བྱ་སྟེ་དེ་ཙམ་གྱིས་བསྒྲུབ་བྱ་དེ་འགྲུབ་པའི་ནུས་པ་མེད་པའི་ཕྱིར། དཔེར་ན་ལུས་ཡོད་པ་ལས་འདོད་ཆགས་ཡོད་པར་རྗེས་སུ་དཔོག་པ་བཞིན་ཏེ། དེ་བཞིན་དབང་པོ་ཡོད་པ་དང་བློ་ཡོད་པ་སོགས་ཀྱང་མཚོན་ནོ། །རྟགས་དེ་ཆགས་བྲལ་གྱི་བྱེ་བྲག་ས་རྡོ་སོགས་ལ་མ་མཐོང་ཡང་དེ་ཙམ་གྱིས་མི་འགྲུབ་ལ། ཆགས་བཅས་ཀྱི་ལུས་ཀྱིས་འདོད་ཆགས་ཀྱི་རྒྱུ་བྱེད་པ་ཡོད་ཀྱང་། བདག་འཛིན་སྤངས་པའམ་ཆགས་བྲལ་དག་ལ་ལུས་ཡོད་པ་ཙམ་གྱིས་ཆགས་པ་སྐྱེ་བར་མི་ངེས་ཏེ། ཚུལ་མིན་ཡིད་བྱེད་སོགས་དང་མ་ཚོགས་པའི་ལུས་ཡིན་པའི་ཕྱིར། རླན་དང་བྲལ་བའི་ས་བོན་བཞིན་ནོ། །དེ་བཞིན་དབང་པོ་སོགས་ལའང་སྦྱར་རོ། །གཉིས་པ། འབྲས་བུའི་སྤྱིས་རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་ཀྱང་མེད་དམ་ཞེ་ན། དེ་འདྲ་གཏན་ཚིགས་ཡང་དག་མིན་ཏེ། འདི་ལྟར་རྟགས་དེ་མི་མཐུན་ཕྱོགས་ལ་ལྡོག་པའི་


MR20_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་བྱེད་མེད་ཀྱང་། རང་གིས་མ་མཐོང་བ་ཙམ་གྱིས་གཏན་ཚིགས་སུ་ཤེས་པ་ནི་ཚད་མ་ལྟར་སྣང་བ་ཡིན་ལ། དེ་བཞིན་དུ་འབྲས་བུའི་སྤྱི༷་དུ་བ་ལྟ་བུ་མཐོང་བ་ལས། རྒྱུའི་བྱེ་བྲག་ཙནྡན་གྱི་མེ་དཔོག་པ་གཏན་ཚིགས་སུ་ཤེས་པ་ཡང་ཚད་མ་ལྟར་སྣང་བ་ཡིན་ཏེ། དེ་ནི་དཔེར་ན་སྤྱོད་པ་བ་གང་དག་གིས་ཚིག་སྨྲ་བ་ལས་སྨྲ་བ་པོ་ཆགས་ཅན་དང་སྡང་ཅན་ལ་སོགས་པར་དཔོག་པ་བཞིན་དུ་འཁྲུལ་ལོ་ཞེས་སོ། །དེ་ཡང་ཚིག་ཙམ་ནི་བརྗོད་འདོད་ཀྱི་འབྲས་བུ་ཡིན་ལ། དེ་ནི་ཆགས་སོགས་ཀྱི་རྒྱུ་ལས་བྱུང་བར་ཡང་སྲིད། ཆགས་པ་མེད་ཀྱང་སྙིང་རྗེ་སོགས་ཀྱི་ཀུན་སློང་གི་རྒྱུ་ལས་བྱུང་བར་ཡང་སྲིད་པས་ན། བརྗོད་འདོད་སྤྱིའི་འབྲས་བུ་ཚིག་ཙམ་ལས་མཐའ་གཅིག་ཏུ་ཆགས་ཅན་ཡིན་པར་མི་དཔོག་གོ། །གལ་ཏེ་ཆགས་བྲལ་ཡིན་ན་ཞེ་འདོད་གང་ཡང་མེད་པས་ཚིག་སྨྲ་བ་མི་སྲིད་སྙམ་ན། ཆགས་པའི་ཞེ་འདོད་མེད་ཀྱང་གཞན་ལ་ཆོས་སྟོན་པ་སོགས་མི་ཁེགས་ལ། དེ་འདྲའི་ཆགས་བྲལ་གྱིས་ཚིག་སྨྲ་བ་མ་མཐོང་ངོ་ཟེར་ན། ཆགས་བྲལ་གྱིས་ཚིག་སྨྲ་བ་ཡིན་པ་རང་ལ་མངོན་སུམ་མ་སྣང་བ་ཙམ་གྱིས་ཆགས་བྲལ་གྱིས་ཚིག་མི་སྨྲ་བར་ཁེགས་མི་ནུས་སོ། །དེའི་ཕྱིར་ན་མི་མཐུན་ཕྱོགས་ལ་རྟགས་དེ་ཡོད་ཀྱང་རང་གིས་མ་མཐོང་བ་སྲིད་པས་མ་མཐོང་བ་ཙམ་གྱིས་གཏན་ཚིགས་སུ་མི་འགྲོ་ལ། འབྲས་བུའི་སྤྱིས་རྒྱུའི་བྱེ་བྲག་ངེས་མི་ནུས་ཤིང་། གལ་ཏེ་མི་མཐུན་ཕྱོགས་ལ་མེད་པར་ཚད་མས་ངེས་ན་ལྡོག་ཁྱབ་གྲུབ་པ་ཡིན་ལ། ཙནྡན་གྱི་དུ་བར་ངེས་ན་ནི་འབྲས་བུའི་ཁྱད་པར་གྱི་སྤུ་རིས་ཟིན་པའི་ཕྱིར་རྒྱུའི་ཁྱད་པར་ཙནྡན་གྱི་མེ་ཡང་ངེས་ནུས་ཏེ། དེ་དག་ནི་སྔར་བཤད་པར་འདུས་སོ། །དེས་ན་རྟགས་དེ་མི་མཐུན་ཕྱོགས་ལ་ཡོད་པར་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་འཁྲུལ་བ་མེད་པ་མིན་ཏེ། རང་གིས་མ་མཐོང་


MR20_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྟགས་དེ་མི་མཐུན་ཕྱོགས་ལ་འཇུག་པར་སྲིད་པས་ན། རྟགས་དེ་འདྲ་འཁྲུལ་པར་སྲིད་པ་ཅན་ཉིད་ཀྱི་ཕྱིར་རོ། །དཔེར་ན་འབྲས་གཅིག་ཚོས་པ་ལ་རྗེས་སུ་དཔག་ནས། ཕྲུ་བའི་ནང་དུ་ཆུད་པའི་འབྲས་ལྷག་མ་རྣམས་ཀྱང་ནི་ཚོས་པ་ཡིན་ནོ་ཞེས་པ་བཞིན་ཏེ། དཔེར་ན་འབྲས་ལྷག་མ་རྣམས་ཆོས་ཅན། ཚོས་པ་ཡིན་ཏེ། ཕྲུ་བ་གཅིག་གི་ནང་དུ་བཙོས་པ་ཡིན་པའི་ཕྱིར། དཔེར་ན་ཚོས་པའི་འབྲས་འདི་དག་བཞིན་ནོ་ཞེས་སྒྲུབ་པ་ན། ཕྲུ་བ་གཅིག་གི་ནང་དུ་བཙོས་པའི་རྟགས་དེ་མི་མཐུན་ཕྱོགས་འབྲས་མ་ཚོས་པ་གཞན་ལ་མཐོང་མི་ཤེས་ཀྱང་། དེ་ཙམ་གྱིས་འབྲས་མཐའ་དག་ཚོས་པར་རྗེས་སུ་མི་དཔོག་པ་བཞིན་ནོ། །གཞན་གང་ཞིག་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས། ལྡོག་པའི་ཁྱབ་པ་རབ་ཏུ་གྲུབ་བོ་ཞེས་སྟོན་པར་བྱེད་པ་དེ་ནི་རྟགས་མི་མཐུན་ཕྱོགས་ལས་ལྡོག་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཙམ་ཡིན་པའི་ཕྱིར། དེ་འདྲའི་གཏན་ཚིགས་དེ་ལ་ལྷག་མ་དང་ལྡན་པ་ཞེས་སྐབས་འདིར་བརྗོད་པ་ཡིན་ཏེ། ཚད་མས་ངེས་པ་མེད་པས་ལྡོག་ཁྱབ་གྲུབ་པ་ལ་ཐེ་ཚོམ་གྱི་ལྷག་མ་ལུས་པའི་ཕྱིར་དེ་སྐད་བརྗོད་པ་ཡིན་གྱི། རིགས་པ་ཅན་པས་འབྲས་བུས་རྒྱུ་སྒྲུབ་པ་ལྷག་མ་དང་ལྡན་པའི་གཏན་ཚིགས་སོ་ཞེས་ཟེར་བ་ལྟ་བུའི་དོན་མིན་ནོ་ཞེས་སོ། །གསུམ་པ་ངེས་བྱེད་འབྲེལ་བ་བཤད་པ་ལ། རྟགས་ཀུན་འབྲེལ་བས་ངེས་པ་ཅན་དུ་སྒྲུབ། །ངེས་པ་ཅན་གྱི་རྟགས་གསུམ་འཁྲུལ་བ་མེད། །དང་པོ་ལ། འབྲེལ་བ་མི་དགོས་པ་ཡི་ལུགས་གཞན་དགག །འབྲེལ་བ་ཉིད་ལ་ལྟོས་པའི་རང་ལུགས་བཞག །དང་པོ་ལ། རང་སྡེ་ལུང་དང་ཐུན་མོང་རིགས་པ་དང་། །གཞན་སྡེ་ཁས་ལེན་གྱིས་ནི་དགག་པ་གསུམ། །


MR20_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། གསུམ་ཀར་འབྲེལ་བ་བཞེད་པ་ཡོངས་གཅོད་གྲུབ། །འབྲེལ་མེད་འདོད་པ་རྣམ་བཅད་ལ་དགག་པའོ། །དང་པོ། གཏན་ཚིགས་ཀྱི་ནི་ཚུལ་དང་པོ་གཉིས་སུ་མ་ཟད་གསུམ་ཆར་ལའང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དེ་ཡིས་ཀུན་བཏུས་ནས། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་བསྒྲུབ་པ་ཡིན་ནོ་ཞེས་སོགས་ཀྱིས་རྟགས་མ་གྲུབ་པའི་གཉེན་པོར་ཕྱོགས་ཆོས་ངེས་པ་བརྗོད་པར་མཛད་པ་དང་། རྟགས་བཟློག་དོན་ཅན་ཏེ་འགལ་བའི་གཉེན་པོར་རྗེས་འགྲོའི་ངེས་པ་དང་། མ་ངེས་པ་འཁྲུལ་པ་ཅན་གྱི་གཉེན་པོར་ནི་ལྡོག་ཁྱབ་ངེས་པ་བརྗོད་པར་མཛད་པ་ཡིན་ཏེ། ཁྱབ་པ་དེ་དག་གི་ངེས་པ་ཞེས་འབྲེལ་བ་ལ་ལྟོས་ནས་ཚད་མས་མཐའ་གཅིག་ཏུ་ངེས་པའོ། །གཉིས་པ་ལ་ནང་གསེས་དྲུག་ཡོད་དེ། དང་པོ། ཆོས་མི་མཐུན་སྦྱོར་གྱི་ངག་སྨོས་པ་དོན་མེད་དུ་ཐལ་བ་ནི། མ་ངེས་པ་འཁྲུལ་བ་ཅན་གྱི་གཉེན་པོར་ནི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་པ་གང་ཡིན་པ། དེ་ནི་གལ་ཏེ་ངེས་པ་མེད་པར་རྒོལ་བ་གཉིས་ཀས་མ་མཐོང་བ་དེ་ཙམ་ཞིག་སླར་ཡང་སྟོན་པའི་འབྲས་བུའམ་དགོས་པ་ཅན་དེ་འདྲ་ཡིན་ན་ངག་དེ་མ་སྨོས་ཀྱང་མི་མཐུན་ཕྱོགས་ལ་མེད་པ་དེ་རང་རང་གིས་རྟོགས་པར་འགྱུར་ཏེ་མ་མཐོང་བ་ཙམ་སྔ་ནས་གྲུབ་ཟིན་པས་སོ། །ངག་དེ་དོན་མེད་པར་འདོད་ན། རིགས་སྒོ་ལས། རེ་ཞིག་འགལ་བ་དང་། མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་དེ་ནི་རིགས་སོ་ཞེས་གསུངས་པ་དང་འགལ་ཏེ། སྒྲ་མི་རྟག་པར་བྱས་པས་སྒྲུབ་པ་ན། རྗེས་འགྲོ་སྒྲུབ་པའི་ཆེད་ཆོས་མཐུན་སྦྱོར་གྱི་ངག་གང་བྱས་པ་དེ་མི་རྟག་པ་སྟེ་བུམ་པ་བཞིན། ཞེས་པ་དང་། ལྡོག་ཁྱབ་སྒྲུབ་པའི་ཆེད་ཆོས་མི་མཐུན་སྦྱོར་གྱི་ངག །གང་རྟག་པ་དེ་བྱས་པ་མིན་ཏེ་ནམ་མཁའ་བཞིན། །


MR20_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འགོད་པར་གསུངས་པ་བཞིན་ནོ། །དེས་ན་མ་མཐོང་བ་ཙམ་ཞིག་ཆོས་མི་མཐུན་སྦྱོར་གྱི་ངག་དེས་སྟོན་ན། རྟགས་མི་མཐུན་ཕྱོགས་ལ་མེད་དོ་ཅེས་བྱ་བའི་ཚིག་གིས་ཀྱང་། རྟགས་དེ་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནའམ་མེད་ངེས་སུ་རྟོགས་ནུས་པ་མིན་ཏེ་བརྗོད་པ་ཙམ་དུ་ཟད་པས་སོ། །གལ་ཏེ་མེད་པར་བརྗོད་པ་ཙམ་མིན་པར་ཇི་ལྟར་མེད་པའི་རྒྱུ་མཚན་བསྒྲུབ་བྱ་དང་མེད་ན་མི་འབྱུང་གི་འབྲེལ་པ་ལས་དེའི་མི་མཐུན་ཕྱོགས་ལ་རྟགས་དེ་ཡོད་མི་ཤེས་པའི་རིགས་པ་དེ་བརྗོད་ན། དེ་ཚེ་ངག་དེས་རྟགས་དེ་འདྲ་མི་མཐུན་ཕྱོགས་ལ་མེད་པར་ངེས་སོ་ཅེས་བྱ་བར་རྟོགས་པར་འགྱུར་རོ། །ཞེས་སོ། །གཉིས་པ་ལྷག་ལྡན་ཀྱང་འཁྲུལ་བ་མེད་པར་ཐལ་བ་ནི། གལ་ཏེ་སློབ་དཔོན་གྱིས་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པར་བཞེད་ཅིང་མ་མཐོང་བས་ལྡོག་པ་གྲུབ་པར་འགྱུར་ན། རང་གིས་ཟོས་པའི་ཤིང་ཐོག་གཅིག་ལས་ཤིང་འབྲས་ལྷག་མའང་རོ་ནུས་སྨིན་པ་གསུམ་དེ་དང་འདྲ་བར་དཔོག་པ། ཅི་སྟེ་ལྷག་ལྡན་འདི་ཡང་འཁྲུལ་པ་ཅན་ཡིན་ཏེ། ཤིང་འབྲས་ལྷག་མ་རྣམས་ཆོས་ཅན། རོ་མངར་བ་ཡིན་ཏེ། མངར་བའི་འབྲས་བུ་འདི་དང་ཁ་དོག་འདྲ་བའི་ཕྱིར་ཞེས་སམ། ཟོས་པ་འདི་དང་ཤིང་སྡོང་གཅིག་ལས་སྐྱེས་པ་ཡིན་པའི་ཕྱིར་ལྟ་བུ་རྟགས་སུ་འགོད་པ་ན། རྟགས་དེ་ཤིང་འབྲས་མངར་བ་མིན་པ་ལ་སྐབས་དེར་དམ་བཅའ་བས་མ་མཐོང་བའི་ཕྱིར། འདོད་མི་ནུས་ཏེ་ཀུན་བཏུས་ལས་རིགས་པ་ཅན་པའི་ལྷག་ལྡན་འགོག་པའི་སྐབས་སུ། གཟུགས་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་མ་ཡིན་ཏེ་ཞེས་པ་དང་འགལ་བས་རྟགས་དེ་འདྲ་ལྷག་ལྡན་མ་ངེས་པ་ཡིན་པས་བསྒྲུབ་བྱ་འགྲུབ་མི་ནུས་སོ། །གསུམ་པ་སྲོག་ལྡན་གོ་བྱེད་


MR20_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐལ་བ་ནི། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་ན། རིགས་པ་ཅན་པ་སོགས་ཀྱི་ལྡོག་པ་རྐྱང་པ་ཅན་དུ་འདོད་པ་ཡང་གཏན་ཚིགས་ཡང་དག་ཏུ་འགྱུར་རིགས་ཏེ། འདི་ལྟར་གསོན་ལུས་བདག་བཅས་ཡིན་ཏེ་སྲོག་དང་ལྡན་པའི་ཕྱིར་ཞེས་འགོད་པ་ན། རྒོལ་བ་དེའི་ངོར་ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་བདག་མེད་ལ་སྲོག་ཡོད་པ་མ་མཐོང་བའི་ཕྱིར། འདོད་ན་ཀུན་བཏུས་ལས་ཕྱོགས་ཆོས་དགུ་བཤད་པའི་སྐབས་སུ་ལྷག་མ་ལྔ་པོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ་རེ་ཞིག་ཐེ་ཚོམ་གྱི་རྒྱུའོ་ཞེས་གསུངས་པ་དང་འགལ་ཏེ། དེས་ན་རྟགས་འདི་འདྲ་བ་ཐུན་མིན་གྱི་མ་ངེས་པ་ཡིན་ཏེ། གསོན་ལུས་ཐམས་ཅད་ནི་ཕྱོགས་ཤེས་འདོད་དུ་གྱུར་པས་མཐུན་དཔེ་མི་སྲིད་ལ། བདག་མེད་ཀྱང་སྲོག་ཡོད་པ་ལ་འགོག་བྱེད་མེད་པས་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ངེས་པ་སྐྱེ་མི་རུང་བས་སོ། །བཞི་པ་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའང་རྟགས་སུ་ཐལ་བ་ནི། སློབ་དཔོན་གྱིས་ཕྱོགས་ཆོས་མ་གྲུབ་པ་བཞི་དང་མཚུངས་པར་རྗེས་འགྲོ་ལྡོག་ཁྱབ་ཀྱང་དེ་ལྟར་དཔེ་དོན་སྦྱོར་བ་བརྗོད་པར་བྱ་བ་མིན་པར་ཐལ་ཏེ། ལྡོག་ཁྱབ་མ་མཐོང་བ་ཙམ་གྱིས་ཆོག་པས་ཐེ་ཚོམ་ཟ་ནའང་མ་མཐོང་བ་ཁོ་ནས་ལྡོག་ཁྱབ་གྲུབ་པར་བཞེད་པའི་ཕྱིར། ཇི་ལྟར་སྦྱར་ཏེ་གསུངས་ཤེ་ན། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །དེ་བཞིན་དུ་མཐུན་ཕྱོགས་ལ་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་གསུངས་ཏེ། ཕྱོགས་ཆོས་ལ་རྒོལ་བ་གཉིས་ཀར་མ་གྲུབ་པ། གང་རུང་རེར་མ་གྲུབ་པ། ཐེ་ཚོམ་ཟ་ནས་མ་གྲུབ་པ། ཆོས་ཅན་གཞི་མ་


MR20_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ནས་མ་གྲུབ་པ་བཞི་དང་། དེ་བཞིན་རྗེས་འགྲོ་ལ་བཞི། ལྡོག་པ་ལ་དང་པོ་གསུམ་སྦྱར་ཏེ་ཅི་རིགས་པར་སྐྱོན་བརྗོད་པར་གསུངས་སོ། །ལྔ་པ་མཉན་བྱས་ཕྱོགས་གཉིས་ཁེགས་པར་ཐལ་བ་ནི། སྒྲ་ཁོ་ནའི་ཁྱད་པར་གྱི་ཆོས་མཉན་བྱ་ལྟ་བུ་རྟག་མི་རྟག་གཉིས་ཀ་རྣམ་པར་གཅོད་པ་ཡི། ཡང་དག་པའི་གཏན་ཚིགས་སུ་འགྱུར་རིགས་ཏེ་རྟགས་དེ་སྒྲ་ལས་གཞན་པའི་རྟག་མི་རྟག་གཉིས་ཀ་ལ་མ་མཐོང་བའི་ཕྱིར། དཔེར་ན་སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་བཀོད་ན། མི་མཐུན་ཕྱོགས་ལ་མི་རྟག་པའི་གློག་སོགས་ལ་དེ་མ་མཐོང་བས་སྒྲ་རྟག་པར་རྟགས་དེས་གྲུབ་པར་ཐལ་ལ། ཡང་སྒྲ་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་བཀོད་ན། མི་མཐུན་ཕྱོགས་ནམ་མཁའ་སོགས་ལ་མ་མཐོང་བས་སྒྲ་མི་རྟག་པར་ཡང་གྲུབ་པར་ཐལ་ལོ། །དེ་ལྟར་གྲུབ་པ་མི་རུང་སྟེ། འདི་གཉིས་ཕན་ཚུན་སྤངས་ཏེ་འགལ་བས་ཅིག་ཤོས་བཅད་སྟོབས་ཀྱིས་ཅིག་ཤོས་སུ་གྲུབ་པས་ན། དངོས་འགལ་གཞི་གཅིག་ལ་འདུ་བར་ཐལ་བའི་ཚད་མ་གཞན་གྱིས་གནོད་པའི་ཕྱིར་དེ་ལྟར་ཁས་མི་ལེན་ནོ་ཞེ་ན། དེ་ལྟ་ན་ད་ནི་མི་མཐུན་ཕྱོགས་ལ་མི་མཐོང་བ་ཙམ་ལས་མེད་ངེས་སུ་འགྲུབ་པ་མིན་པར་གསལ་ལོ། །བཤད་མ་ཐག་པ་དེ་བཞིན་དུ་ནི་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་གཏན་ཚིགས་གཞན་ལ་ཡང་། རྟགས་དེས་བསྒྲུབ་བྱ་དེ་འགྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་སྲིད་པ་ཡིན་ནོ། །དེས་ན་སློབ་དཔོན་གྱིས། སྤྱི་དང་ཁྱད་པར་དག་ནི་ཅི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །དྲུག་པ་རེག་བྱ་འགོག་པ་རིགས་པར་ཐལ་བ་ནི། བྱེ་བྲག་བས་མ་མཐོང་བའི་ཕྱིར་ཞེས་པའི་རྟགས་


MR20_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རེག་བྱ་གྲང་མིན་དྲོ་མིན་མཐོང་བ་ས་ཆུ་མེ་གསུམ་ལ་མི་ལྡན་པར་སྒྲུབ་པ་དེ་ཡང་འཁྲུལ་པ་མེད་པ་ཅན་དུ་ཐལ་ཏེ་མ་མཐོང་བ་ཙམ་གྱིས་འགོག་པར་རིགས་པའི་ཕྱིར་རོ། །དེ་ཡང་མུ་སྟེགས་བྱེ་བྲག་པ་ན་རེ། ཤིང་དང་རྩ་མེད་པའི་མྱ་ངམ་གྱི་ཕྱོགས་ན་ཆོས་ཅན། རླུང་རྫས་ཡོད་དེ། རེག་བྱ་བཏང་སྙོམས་དམིགས་པའི་ཕྱིར་ཞེས་འགོད་ལ། དེ་ཡི་རྟགས་མི་མཐུན་ཕྱོགས་ས་སོགས་ལས་ཇི་ལྟར་ལྡོག་དྲིས་པ་ན། མཐོང་བའི་ས་ཆུ་མེ་གསུམ་ལ་དེ་འདྲའི་རེག་པ་མ་མཐོང་བས་འགོག་གོ་ཞེས་ཟེར་ཏེ། འདི་པས་ཞེ་འདོད་རེག་བྱ་བཏང་སྙོམས་འབྱུང་བའི་ཡོན་ཏན་ཡིན་དགོས་ལ། དེ་ས་ཆུ་མེ་གསུམ་ལ་མ་དམིགས་པས་ན་རླུང་གི་ཡིན་པ་ལས་འོས་མེད་དུ་བསམས་པའོ། །དེ་ཡང་རེག་བྱ་སྣང་རུང་ཡིན་པས་ན་མ་དམིགས་པས་ཁེགས་པར་འདོད་ཟེར་ན། དགག་གཞི་སྣང་རུང་གི་ས་སོགས་འདི་ཙམ་ལ་འགོག་གམ། ས་ཆུ་མེ་གསུམ་མཐའ་དག་ལ་འགོག །དང་པོ། མཐོང་བའི་ས་སོགས་ལ་འགོག་གི་མ་མཐོང་བ་ལ་མི་འགོག་ན་དེས་རླུང་ཁོ་ནའི་ཡོན་ཏན་དུ་མི་འགྲུབ་ལ། གཉིས་པ་ལྟར་ན་མི་ཁེགས་ཏེ་ས་སོགས་ཀུན་གྱི་རེག་བྱ་སྣང་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་མཐོང་བའི་ས་སོགས་ལ་ཁེགས་ན་དེས་མ་མཐོང་བ་ལ་ཁེགས་ཏེ། འདིར་སྔོན་པོ་ལ་སེར་པོ་ཁེགས་པའམ་མར་མེ་ལ་མུན་པ་ཁེགས་ན་གཞན་དུའང་ཁེགས་པ་བཞིན་ནོ་ཞེ་ན། མི་མཚུངས་ཏེ་འདིར་མཐོང་བའི་ས་སོགས་ལ་རེག་བྱ་འཇམ་རྩུབ་དུ་མ་མཐོང་བའི་ཕྱིར། དེས་ན་གང་གི་ཕྱོགས་སུ་མ་ལྷུང་བའི་རེག་བྱ་ནི་རླུང་ལའང་བརྟག་པར་དཀའ་ན། དེ་རླུང་ཁོ་ནའི་ཡོན་ཏན་དང་། ས་སོགས་ལ་མེད་པར་སྒྲུབ་པ་དོན་མེད་དོ། །དེས་ན་སློབ་དཔོན་གྱིས་རླུང་གི་རབ་བྱེད་ལས། གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་


MR20_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་གསུངས་སོ། །དེས་ན་མ་མཐོང་བ་ཙམ་ཞིག་གིས་ལྡོག་ཁྱབ་ངེས་མི་ནུས་ལ་འབྲེལ་བའི་སྒོ་ནས་ངེས་པར་བྱ་བ་ཡིན་ནོ། །གཉིས་པ་རང་སྡེ་དང་གཞན་སྡེ་ཐུན་མོང་དུ་མ་མཐོང་བ་ཙམ་ལྡོག་ཁྱབ་ཏུ་འདོད་པ་རིགས་པས་དགག་པ་ནི། ཡུལ་དང་དུས་དང་རྐྱེན་ལ་སོགས་པའི་ཁྱད་པར་ལས། སྐྱུ་རུ་ར་ལྟ་བུའི་རྫས་གཅིག་ལ་ཡང་རོ་དང་ནུས་པ་ཁ་དོག་སོགས་ཐ་དད་པར་སྣང་སྟེ། སྐྱེ་སའི་ཡུལ་དང་། སྔ་ཕྱིའི་དུས་དང་། རྨོས་ཐབས་སོགས་ཀྱི་རྐྱེན་ལས་མི་འདྲ་བར་འགྱུར་ཏེ། ས་བོན་འོ་མས་གཅུས་པ་ལས་སྐྱུ་རུ་ར་མངར་བར་འགྱུར་བ་ལ་སོགས་པ་བཞིན་ནོ། །དེས་ན་རྫས་དེ་ལ་རོ་ནུས་ཁ་དོག་སོགས་ཆོས་གཅིག་མཐོང་བ་དེ། གཞན་དེའི་རིགས་འདྲ་ཐམས་ཅད་ལ་ཆོས་དེ་ལྟ་བུར་ཡོད་པར་ངེས་པ་ཉིད་དུ་སྒྲུབ་པ་རིགས་པ་མ་ཡིན་ཏེ། དེ་ཡང་རང་གི་སྐྱུ་རུ་ར་མངར་པོ་མྱངས་ནས་གཞན་སྐྱུ་རུ་ར་ཐམས་ཅད་མངར་པོ་ཡིན་ཏེ། སྐྱུ་རུ་ར་མངར་པོ་མིན་པ་བདག་གིས་མ་མཐོང་བས་སོ་ཞེས་བརྗོད་པས་རྟགས་འཁྲུལ་མེད་དུ་མི་འགྱུར་བ་བཞིན་དུ། ངེས་པ་མེད་པར་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་ཅེས་སོ། །གསུམ་པ། གཞན་སྡེ་ཁས་ལེན་འགལ་བས་དགག་པ་ནི། བྱེ་བྲག་པས་གསོན་ལུས་བདག་བཅས་སུ་སྒྲུབ་པ་དང་། རྒྱང་འཕེན་པས་ས་ལ་ཤེས་པ་ཡོད་པ་དང་། སོགས་ཁོངས་ནས་གྲངས་ཅན་པས་འོ་མ་ལ་ཞོ་ཡོད་པར་འདོད་པ་སོགས་ནི་ཡོད་པར་སྒྲུབ་ཀྱི། དེ་དག་མེད་པར་རབ་ཏུ་སྒྲུབ་བར་བྱེད་པ་མིན་པའི་བདག་ཉིད་དུ་ཁས་ལེན་ཀྱང་། མ་མཐོང་བ་ཙམ་གྱིས་མེད་པར་འགྲུབ་ན་བདག་ལ་སོགས་པ་དེ་དག་ཀྱང་མ་དམིགས་པའི་ཕྱིར་དེ་དག་མ་


MR20_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གང་ཡིན་པ་དེ་ཙམ་ཁོ་ན། གཏན་ཚིགས་ཡང་དག་པ་བདག་སོགས་མེད་པར་སྒྲུབ་པ་ཉིད་དུ་ཁས་ལེན་པ་ཡིན་ནམ་ཅི་ཞེས་བརྒལ་བའོ། །གཉིས་པ་འབྲེལ་བ་ཉིད་ལ་ལྟོས་པའི་རང་ལུགས་བཞག་པ་ལ། སྒྲུབ་རྟགས་ཁྱབ་པ་གཉིས་པོ་འབྲེལ་བར་ལྟོས། །དེ་ཡི་ཤུགས་ཀྱིས་དགག་རྟགས་འབྲེལ་བ་ཤེས། །དང་པོ་ལ། སྒྲུབ་རྟགས་འབྲེལ་བས་བྱེད་པའི་འཐད་པ་དང་། །འབྲེལ་བས་ངེས་ཕྱིར་དཔེ་གཞན་མི་དགོས་ཚུལ། དང་པོ། མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པ་དེའི་ཕྱིར་ཆོས་དེ་གྲུབ་པ་ཙམ་དང་རང་ཆས་སུ་འབྲེལ་བའི་མི་རྟག་པ་ལྟ་བུའི་ངོ་བོ་ཉིད་ལོག་པ་ཉིད་ཀྱིས། བྱས་པ་ལྟ་བུའི་ངོ་བོ་ཉིད་ལྡོག་པར་འགྱུར་བའམ། གང་ཡོད་ན་ཅིག་ཤོས་ཡོད་པའི་རྗེས་འགྲོའང་གྲུབ་ལ། ཡང་མེ་ལྟ་བུའི་རྒྱུ་ལྡོག་པ་ཡིས་ནི་འབྲས་བུ་ལྡོག་པ་ལ་འཁྲུལ་བ་མེད་ཅིང་། དེའི་དབང་གིས་དུ་བ་མེ་ལ་མི་འཁྲུལ་བ་ཡིན་པའི་ཕྱིར། འབྲེལ་བའི་སྒོ་ནས་ཁྱབ་པ་གཉིས་པོ་འཁྲུལ་མེད་དུ་ངེས་པ་ཡིན་ལ། དེ་ལྟ་མིན་ན་འབྲེལ་མེད་ཀྱི་ཆོས་གཅིག་ལོག་པས་ཇི་ལྟར་གཞན་ནི་ལྡོག་པར་འགྱུར་ཏེ། དཔེར་ན་མི་ལ་རྟ་མི་བདོག་ཅེས་ཤེས་པར་བྱས་ཏེ། རྟ་མི་བདོག་ན་དེའི་རྒྱུ་མཚན་ལས་ཕྱུགས་ཀྱང་བདོག་པ་མིན་པར་འདོད་པ་ཡིན་ནམ་ཅི་སྟེ། འབྲེལ་མེད་གཞན་ལོག་པས་གཞན་ལྡོག་པ་ནི་དེ་དང་འདྲའོ། །ཞེས་སོ། །དེ་བཞིན་དུ་རྗེས་འགྲོ་ཡང་འབྲེལ་བས་གྲུབ་པ་ཡིན་གྱི་གཞན་དུ་བྱས་པ་དང་དུ་བ་ལྟ་བུའི་ཆོས་གཅིག་ཅིག་ཆོས་ཅན་གང་ལ་ཡོད་པའམ་ཉེ་བའི་ཕྱིར། མི་རྟག་དང་མེ་ལྟ་བུའི་ཆོས་གཞན་ནི་ཇི་ལྟར་དེ་ལ་རྗེས་སུ་འགྲོ་བའམ་ཉེ་བར་འགྱུར་ཏེ། དཔེར་ན་མི་ལ་ཕྱུགས་ནི་བདོག་ཅེས་ཏེ། དེ་བཞིན་རྟ་ཡང་བདོག་གམ་ཅི། གཉིས་པ་འབྲེལ་བའི་སྒོ་ནས་ལྡོག་ཁྱབ་ངེས་པའི་


MR20_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་དཔེ་གཞན་དོན་ལ་གྲུབ་མི་དགོས་པར་བསྟན་པ་ནི། ལྡོག་ཁྱབ་འབྲེལ་བའི་སྒོ་ནས་ངེས་ནུས་པ་དེ་ཕྱིར་ཆོས་མི་མཐུན་པའི་དཔེ་ལ། ངེས་པར་ཏེ་མཐའ་གཅིག་ཏུ་ལྡོག་ཁྱབ་འདི་ལ་གང་ལས་ལྡོག་པར་བྱ་བའི་གཞི་ཉིད་དུ་གྲུབ་པ་ཞིག་དགོས་པར་མི་འདོད་དེ། མེ་དང་མི་རྟག་ལྟ་བུ་དེ་དག་མེད་པ་ཙམ་ནའང་དུ་བ་དང་བྱས་པ་ལྟ་བུ་དེ་དག་མེད་པར་འགྱུར་ཅེས་བརྗོད་པ་ལས་ཀྱང་ལྡོག་ཁྱབ་དེ་རྟོགས་པར་འགྱུར་རིགས་པའི་ཕྱིར་རོ། །དེ་ཡང་དུ་ལྡན་གྱི་ལར་མེ་ཡོད་པ་དུ་བའི་རྟགས་ཀྱིས་སྒྲུབ་པ་ལྟ་བུའི་ཚེ་ན། མཐུན་ཕྱོགས་ཀྱི་དཔེ་ཚང་མང་དང་། མི་མཐུན་ཕྱོགས་ཀྱི་དཔེ་རྒྱ་མཚོ་ལྟ་བུ་གཉིས་ཀ་རྫས་སུ་གྲུབ་ཀྱང་། སྐྱེས་བུ་ལ་བདག་མེད་པར་སྒྲུབ་པའི་ཚེ་ན། མི་མཐུན་ཕྱོགས་བདག་ཡོད་ཅིག་གྲུབ་མི་དགོས་པ་བཞིན་དུ་ཤེས་པར་བྱའོ། །འོ་ན་ཕྱོགས་གཉིས་ཀྱི་དཔེ་བསྟན་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དཔེ་ལ་མཚོན་ནས་མི་རྟག་པ་དང་བྱས་པ་ལྟ་བུ་དེ་ཡི་ངོ་བོ་མཐུན་ཕྱོགས་མི་རྟག་པ་གཞན་ལ་ཡོད་ཚུལ་དང་། མི་མཐུན་ཕྱོགས་རྟག་པ་རྣམས་ལ་མེད་ཚུལ་སྟོན་པ་དང་། ཡང་མེ་ལྟ་བུ་དུ་བའི་རྒྱུ་ཡི་དངོས་པོ་ཡིན་པ་དེ་དག་མི་ཤེས་པའི་རྒོལ་བ་རྣམས་ལ་རྗེས་སུ་འགྲོ་ལྡོག་གི་ཚུལ་ཚང་མང་དང་རྒྱ་མཚོ་ལ་བརྟེན་ནས་སྟོན་པ་ཙམ་ཡིན་ཏེ་དཔེའི་སྟོབས་ཀྱིས་ཁྱབ་པ་བསྒྲུབ་པ་མིན་ལ། དེའི་ཕྱིར་རྒོལ་བ་མཁས་པ་རྣམས་ལ་ནི། དཔེའི་སྟེང་དུ་གཏན་ལ་འབེབས་མི་དགོས་པར་གཏན་ཚིགས་འབའ་ཞིག་ཙམ་བརྗོད་པར་ཟད་དོ། །མི་ཤེས་པ་ལ་དཔེས་སྟོན་དགོས་ནའང་མཁས་པ་ལ་མི་དགོས་པ་དེ་ཉིད་ཀྱི་ཕྱིར་ན། རྟགས་ཆོས་ཀྱི་འབྲེལ་བ་ཤེས་པར་ནུས་ན། རྗེས་འགྲོ་དང་ལྡོག་ཁྱབ་ཀྱི་ཚུལ་གཉིས་ལས་གང་ཡང་རུང་བ་དངོས་སུ་སྨྲས་པས། དོན་གྱིས་གོ་བས་ཅིག་


MR20_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་མ་སྨྲས་པ་ལའང་། དེར་ངེས་པའི་དྲན་པ་ཡང་དག་པར་སྐྱེ་བར་འགྱུར་རོ། །དེས་ན་གཏན་ཚིགས་ཡང་དག་རྣམས་ཀྱིས་གང་མ་ཤེས་པ་སྟོན་ཅིང་། ཤེས་ཟིན་ལ་དྲན་པ་གསོ་བར་བྱེད་པ་ཡིན་པས་མཁས་པ་ལ་ཕྱོགས་ཆོས་ཙམ་བརྗོད་པས་འཐུས་ཤིང་། ཕྱོགས་ཆོས་ངེས་ཟིན་ལ་ཁྱབ་པ་གཉིས་ཀ་དང་། སྤྱིར་འབྲེལ་བ་ངེས་ཟིན་ཀྱང་མ་དྲན་པ་ལ་ཁྱབ་པ་གང་རུང་དེ། བླུན་པོའམ་འཁྲུལ་བའི་རྒྱུ་མཚན་གྱིས་ནན་ཆེར་ཟིན་པ་ལ། ཚུལ་རེ་རེ་ནས་ནན་གྱིས་བསྒྲུབས་པས་མཐར་ཡང་དག་པའི་དོན་ཚད་མའི་ལམ་གྱིས་འགྲུབ་ནུས་སོ། །གཉིས་པ་དེ་ཡི་ཤུགས་ཀྱིས་དགག་རྟགས་ཀྱི་འབྲེལ་བའང་ཤེས་པའི་ཚུལ་ནི། རྟགས་ཆོས་འབྲེལ་བའི་དབང་གིས་མི་འཁྲུལ་བ་དེ་ཡི་ཕྱིར་རྒྱུ་མེ་ལྟ་བུ་དང་། ཁྱབ་བྱེད་དུ་གྱུར་པ་རང་བཞིན་ཤིང་ལྟ་བུ་དག་མེད་པས་དུ་བ་དང་ཤ་པ་ལྟ་བུ་འགའ་ཞིག་མེད་པར་བསྒྲུབ་པའམ་དགག་པའི་ཡང་གཏན་ཚིགས་སུ་འགྱུར་བ་ཡིན་ཏེ། འབྲེལ་པས་སྒྲུབ་ནུས་པར་མ་ཟད་འབྲེལ་ཡུལ་ཁེགས་པས་འབྲེལ་ཟླ་འགོག་པ་ཡང་ནུས་སོ། །དེ་བཞིན་དུ་ཡོད་ན་སྣང་དུ་རུང་བའམ། དམིགས་པར་ནི་རིགས་པ་དང་ལྡན་པ་དེ་མི་དམིགས་པ་ཡང་དགག་རྟགས་ཡང་དག་ཡིན་ལ་དེ་མེད་པའི་ཐ་སྙད་སྒྲུབ་ཀྱི་རྟགས་ཞེས་བྱའོ། །དེ་ལྟར་མི་དམིགས་པ་འདི་དོན་ལ་རྒྱུ་ཁྱབ་བྱེད་རང་བཞིན་མི་དམིགས་པ་རྣམ་པ་གསུམ་དུ་འདུ་བར་བཤད་དེ་དེ་དང་འགལ་དམིགས་ཐམས་ཅད་ཀྱང་དོན་ལ་དགག་བྱ་དེའི་རང་བཞིན་མ་དམིགས་པ་ཙམ་དུ་ཁྱད་མེད་པས་དེར་འདུའོ། །དེ་ལྟ་བུ་ཡིན་ཀྱང་རྒྱས་པར་ཕྱེ་ན་རྣམ་པ་དུ་མ་སྟེ། རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་དེ་དང་དེ་གསུམ་པོ་དང་འགལ་བ་གསུམ་དང་། ལ་སོགས་པ་ཞེས་པས་རང་བཞིན་དང་


MR20_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་ཏེ་བརྒྱད་ཡོད་ལ། དེ་དག་ནི་རང་གི་ངོ་བོའམ་འབྲེལ་ཟླ་མ་རྟོགས་པའམ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་མ་རྟོགས་པའི་རབ་དབྱེའི་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་བྱེ་བ་ཙམ་སྟེ་དོན་ལ་དགག་བྱ་ཉིད་མེད་པར་འགོག་པ་ལ་གནད་གཅིག་པ་ཡིན་ནོ། །དེ་ལ་རྒྱུ་མ་དམིགས་པ་ནི། ཕྱོགས་འདི་ན་དུ་བ་མེད་དེ། མེ་མེད་པའི་ཕྱིར་ལྟ་བུ་དང་། དེ་བཞིན་དུ་ཕྱོགས་འདི་ན་ཞེས་ཀུན་ལ་སྦྱར་ཏེ། ཁྱབ་བྱེད་མ་དམིགས་པ། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ལྟ་བུ་དང་། རང་བཞིན་མ་དམིགས་པ། དུ་བ་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར་ལྟ་བུ་དང་། རྒྱུ་དང་འགལ་བ་དམིགས་པ་ནི། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེ་དང་ཉེ་བའི་ཕྱིར་ལྟ་བུ། ཁྱབ་བྱེད་དང་འགལ་བ་དམིགས་པ་བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ། རང་བཞིན་དང་འགལ་བ་དམིགས་པ། གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ། གྲང་རེག་མེད་དེ། དུ་བ་དྲག་ཏུ་ཕྱུར་བ་ཡོད་པའི་ཕྱིར་ལྟ་བུ། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ། གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་ཏུ་ཕྱུར་བས་ནོན་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འགལ་ཟླ་སྤོས་ཀྱི་མེ་ལྟ་བུ་ལའང་དེའི་ཁྱབ་པའི་ཆ་ན་གྲང་རེག་གནས་མི་ཤེས་པའི་ཕྱིར། དེའི་ངོ་བོའམ་འབྲས་བུའི་སྤུ་རིས་ཟིན་ན་དེ་ལྟར་འཁྲུལ་བ་མེད་དོ། །དེ་ལྟར་སྔར་བཞིར་བཤད་པ་ལ་འདིར་སྦྱོར་བའི་དབྱེ་བ་ཙམ་གྱི་སྒོ་ནས་བརྒྱད་དུ་བཤད་ལ། རྣམ་ངེས་ལས་དེའི་སྟེང་དུ། དུ་བའི་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་མེད་པའི་ཕྱིར་ལྟ་བུ་འབྲས་བུ་མ་དམིགས་པ་དང་། གྲང་


MR20_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེ་ཡོད་པའི་ཕྱིར་ལྟ་བུ་འབྲས་བུ་དང་འགལ་བ་དམིགས་པ་གཉིས་བསྣན་ཏེ་བཅུར་གསུངས་ཏེ། དེ་ཡང་རང་བཞིན་མ་དམིགས་པ་ནི་རང་གི་ངོ་བོ་མི་དམིགས་པ་ཡིན་ལ། རྒྱུ་ཁྱབ་བྱེད་འབྲས་བུ་མ་དམིགས་པ་གསུམ་འབྲེལ་ཡུལ་མ་དམིགས་པ་དང་། ལྷག་མ་དྲུག་འགལ་ཟླ་དམིགས་པ་ཡིན་ནོ། །རིགས་ཐིག་ལས་དེའི་སྟེང་དུ། འགལ་བའི་ཁྱབ་པ་དམིགས་པ་བསྣན་ཏེ་བཅུ་གཅིག་ཏུ་གསུངས་ཏེ། དངོས་པོ་བྱུང་བ་འཇིག་ངེས་པར་གྱུར་པ་མེད་དེ། རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་འཇིག་པ་རྒྱུ་ལྡན་དུ་སྨྲ་བའི་ངོར་དམིགས་པའི་རྟགས་ལ་དཔེར་མཛད་དོ། །དོན་དུ་འདི་ནི་ཕན་ཚུན་སྤངས་ཏེ་འགལ་བའི་ཆོས་གང་ཡང་རུང་བའི་ཁྱབ་བྱ་དམིགས་ན། འགལ་ཟླ་དེ་མེད་པར་ཁེགས་ནུས་ཏེ། དེའི་ཁྱབ་བྱེད་ནི་ཅིག་ཤོས་དང་དངོས་སུ་འགལ་ལ། དེའི་ཕྱིར་རྟགས་དང་དགག་བྱ་གཉིས་པོ་བརྒྱུད་ནས་འགལ་བའི་ཕྱིར་ལྷན་ཅིག་ཏུ་མི་གནས་པ་ཡིན་ལ། ཕན་ཚུན་སྤངས་འགལ་དངོས་སུ་རྟགས་དང་བསྒྲུབ་བྱར་བྱས་པ་མི་སྲིད་དེ། སྒྲ་ཆོས་ཅན། རྟག་པ་མིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མི་རྟག་པར་དངོས་སུ་ངེས་ནས་རྟག་པ་མིན་པར་བསྒྲུབ་ཏུ་མེད་དེ། རྟགས་དང་བསྒྲུབ་བྱ་ཁྱད་མེད་པས་སོ། །དེས་ན་ཕན་ཚུན་སྤངས་འགལ་གྱི་ཁྱབ་བྱ་ཉིད་དམིགས་པས། རྟགས་དེའི་ཁྱབ་བྱེད་ཀྱི་འགལ་ཟླ་འགོག་པ་སྟེ། འདི་ལ་ཚད་མས་གནོད་འགལ་ཅེས་ཟེར་ཏེ། དོན་ལ་སྒྲ་རྟག་པ་མིན་པར་རྩོལ་བྱུང་གིས་སྒྲུབ་པ་ལྟ་བུའང་སྒྲ་ལ་རྟག་པ་མེད་པར་རྣམ་བཅད་དུ་དགག་པའི་ཆ་ནས་བསམས་ན་དེར་གནས་ཤིང་། མི་དམིགས་པ་རྣམས་ཀྱང་མི་དམིགས་པ་ཉིད་ཡོངས་གཅོད་དུ་སྒྲུབ་པའི་རྣམ་པས་བཟུང་ན་རང་བཞིན་གྱི་རྟགས་སུ་འདུ་བ་ལ་འགལ་


MR20_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པར་གསུངས་པ་བཞིན་ནོ། །དེ་ལྟར་ན་སྣང་རུང་མ་དམིགས་པ་ལ་རྒྱུ་ཁྱབ་བྱེད་རང་བཞིན་འབྲས་བུ་མ་དམིགས་པ་བཞི་དང་། འགལ་དམིགས་ལ་འགལ་བའི་རང་བཞིན་མེ་དམིགས་པའི་སྒོ་ནས། གྲང་རེག །གྲང་འབྲས་སྤུ་ལོང་། གྲང་བའི་དངོས་རྒྱུ། ཁྱབ་བྱ་ཁ་བའི་རེག་པ་བཞི་འགོག་པ་དང་། འགལ་འབྲས་དུ་བ་དྲག་ཏུ་ཕྱུར་བ་ལ་དགག་བྱ་དེ་བཞི་སྦྱར་བ་དང་། འགལ་བའི་ཁྱབ་བྱ་ཙནྡན་གྱི་མེ་དམིགས་པའི་སྒོ་ནས་དེ་བཞི་འགོག་པ་དང་བཅུ་གཉིས་ཏེ་ཁྱོན་བཅུ་དྲུག་ཏུའང་གསུངས། ཁ་ཅིག་གིས་ཁྱབ་བྱ་ཙནྡན་གྱི་མེ་ལྟ་བུ་ཟུར་དུ་བརྩི་ན། མེའི་བྱེ་བྲག་མཐའ་ཡས་པ་ལ་སྦྱར་དགོས་པས་མི་འཐད་ཅེས་གསུངས་ན་ཡང་། སྦྱོར་བའི་དབྱེ་བ་ཙམ་གྱི་སྐབས་ཁྱབ་བྱ་གཅིག་ལ་སྦྱར་བས་གཞན་ཀུན་དེ་དང་འདྲ་བས། སོ་སོ་ནས་སྦྱར་དགོས་པར་མི་འགྱུར་ལ། སྦྱོར་བ་དེ་ཡང་འགོད་ཚུལ་ཡང་དག་ཡིན་པ་དང་། ཁྱབ་བྱ་ཉིད་དགག་བྱར་སྦྱར་ཏེ་གཞུང་ལས་གསུངས་པས་ཁྱབ་བྱེད་ལའང་སྦྱར་ན་འགལ་བ་མེད་པའི་ཕྱིར་ཛེ་ཏཱ་རིའི་བཞེད་པ་འདི་ལའང་མི་འཐད་པ་གང་ཡང་མེད་དོ། །ཡང་གཙང་ནག་པ་སོགས་བོད་ཀྱི་མཁས་པས་མེ་ཡི་དངོས་རྒྱུ་དམིགས་པ་ལས་སྔ་མ་བཞི་དགག་པའི་སྦྱོར་བ་སྐོར་བཞི་གསུངས་ཀྱང་རྒྱུ་ཙམ་གྱིས་མི་ཁེགས་ལ། ནུས་པ་ཐོགས་མེད་སྐད་ཅིག་མ་རྟགས་སུ་ངེས་མི་ནུས་པའི་ཚུལ་ས་སྐྱ་པཎྜི་ཏ་སོགས་ཀྱིས་ལེགས་པར་བསྒྲུབས་ཟིན་ཏོ། །གཉིས་པ། ངེས་པའི་རྟགས་གསུམ་འཁྲུལ་བ་མེད་ཚུལ་ལ། །སྒྲུབ་པའི་རྟགས་དང་དགག་པའི་རྟགས་གཉིས་ལས། །དང་པོར་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ། །མེ་དུ་ལྟ་བུ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པར་ངེས་པའམ། བྱས་དང་


MR20_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་ལྟ་བུ་རང་བཞིན་གྱིས་འབྲེལ་བ་ངེས་པར་བྱེད་པ་ཡི་ཚད་མ་ལས་མེད་ན་མི་འབྱུང་བར་ངེས་པའི་རྗེས་སུ་འགྲོ་ལྡོག་འགྲུབ་པ་སྟེ། གཞན་དུ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལས་ལྡོག་ཁྱབ་འཁྲུལ་མེད་གྲུབ་པ་མིན་ལ། མཐུན་ཕྱོགས་ལ་ཡོད་པར་མཐོང་བ་ཙམ་ལས་རྗེས་འགྲོའི་ཁྱབ་པ་འཁྲུལ་མེད་གཏན་ལ་འབེབས་ནུས་པ་མིན་ནོ། །རྟགས་ཆོས་འབྲེལ་བ་གྲུབ་པ་ལས་ཤེས་བྱེད་གཞན་ཞིག་ཏུ་འདོད་ན་གཞན་དུ་བ་ལྟ་བུ་ནི། གཞན་མེ་ལྟ་བུ་དག་དང་ངེས་པར་ཏེ་མི་འབྲལ་བར་ཡོད་པའི་ངེས་པའམ་ཚད་མ་གང་ཡོད་དེ། དུ་བ་དེ་རེས་འགའ་མེ་དང་ལྷན་ཅིག་ཏུ་འདུག་པར་མཐོང་ཡང་རྒྱུ་འབྲས་སུ་མ་ངེས་ན། མེ་མིན་ལས་སྐྱེ་བ་མི་ཁེགས་པས་རྟགས་དེས་རྣམ་པ་ཀུན་ཏུ་བསྒྲུབ་བྱ་ཡོད་ངེས་སུ་མི་རྟོགས་སོ། །དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་ཀྱང་། བདག་གཅིག་འབྲེལ་དུ་མ་ངེས་ནས་བྱས་པ་དང་མི་རྟག་པ་ལྟ་བུ་དེ་དག་དོན་གཞན་ཐ་དད་པའི་རྒྱུ་མཚན་ཅན་གྱི་ཆོས་ཡིན་པར་གྱུར་པའམ། གང་བྱས་པ་ལ་འཇིག་པ་འབྱུང་བས་ན་འཇིག་པ་དེ་བྱས་པ་ལས་གཟོད་འཇིག་རྒྱུ་དོན་གཞན་ལ་ལྟོས་པའི་རྒྱུ་མཚན་ཅན་ཡིན་ན། གོས་སྔར་ཡོད་ལ་ཚོན་གྱིས་གཟོད་བསྒྱུར་བ་བཞིན་བྱས་ཙམ་ནས་འཇིག་པར་མ་ངེས་པར་འགྱུར་བ་ཡིན་ནོ། །དཔེ་འདི་སྔ་མ་དེ་བྱུང་གི་འབྲེལ་བ་མེད་པ་ལའང་དོན་གྱིས་བལྟ་བར་བྱ་སྟེ། རེས་འགའ་སྣམ་བུ་དང་དེའི་སེར་པོ་ཚོགས་པར་མཐོང་ཡང་། སེར་པོ་ཡོད་པས་སྣམ་བུ་ཡོད་པར་རྣམ་པ་ཀུན་ཏུ་མི་དཔོག་པ་བཞིན་ནོ། །སྒྲའི་སྟེང་གི་བྱས་མི་རྟག་སོགས་ཁྱད་པར་གྱི་ཆོས་དེ་དག་དོན་གཞན་གྱི་བདག་ཉིད་ཡིན་བཞིན་ཕན་ཚུན་གོ་བར་བྱེད་པའི་རྒྱུ་མཚན་ཅན་ཡིན་པར་གྱུར་ན། དེ་དག་རང་བཞིན་གཅིག་ཡིན་མི་ཤེས་པའི་གཞན་


MR20_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་འགྱུར་ལ། དེ་ལྟ་ན་བྱས་པས་མི་རྟག་པ་གོ་བའི་རྒྱུ་མཚན་ཕན་ཚུན་ཕན་འདོགས་པའི་ཚུལ་གྱིས་འབྲེལ་བ་ལས་འོས་མེད་དེ། ཆོས་ཐ་དད་ཕན་མི་འདོགས་པ་ནི་འབྲེལ་བ་གང་ཡང་མེད་པས་ན་དེ་སྒྲུབ་པའི་རྟགས་སུ་འགྱུར་པ་མི་སྲིད་དོ། །དེ་ལྟ་ནའང་བྱས་པ་ལས་མི་རྟག་པ་ཕྱིས་སུ་འབྱུང་བར་འདོད་པའི་ཕྱིར་ན། བྱས་པའི་རྒྱུ་ཉིད་ནི་མི་རྟག་པ་མིན་ལ་བྱས་པའི་འབྲས་བུ་མི་རྟག་པ་ཡིན་ན་ཡང་། བྱས་ཙམ་ནས་མི་རྟག་པར་ག་ལ་ངེས་ཏེ་རྒྱུ་ལ་འབྲས་བུས་མ་ཁྱབ་པའི་ཕྱིར་རོ། །དེས་ན་བྱས་མི་རྟག་ངོ་བོ་ཐ་དད་ཡིན་ལ་དེ་དག་ལ་རྒྱུ་འབྲས་ཀྱི་འབྲེལ་བའི་སྒོ་ནས་ཀྱང་མི་འཁྲུལ་བའི་རྒྱུ་མཚན་ཅི་ཡང་མེད་པས་ན། བྱས་པའི་རྟགས་ཀྱིས་མི་རྟག་པ་ནམ་ཡང་སྒྲུབ་མི་ནུས་སོ། །དེའི་ཕྱིར་སྒྲུབ་རྟགས་གཉིས་པོ་མི་འཁྲུལ་བའི་རྒྱུ་མཚན་འབྲེལ་བའི་དབང་གིས་ཡིན་པ་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད་ལ། དེ་བྱུང་འབྲེལ་ལས་འབྲས་བུའི་རྟགས་མི་འཁྲུལ། །རང་བཞིན་བདག་གཅིག་འབྲེལ་ལས་མི་འཁྲུལ་བའོ། །དང་པོ་ལ་ནི་དངོས་དང་རྩོད་སྤང་གཉིས། །དང་པོ། འདི་ལྟར་མེ་ཡི་འབྲས་བུ་ནི་དུ་བ་ཡིན་པས་དེ་མེ་ལ་ནམ་ཡང་མི་འཁྲུལ་བ་སྟེ། རྒྱུ་མཚན་དུ་བ་དེ་ནི་འབྲས་བུའི་ཆོས་ཀྱིའམ། རང་བཞིན་གྱི་རྗེས་སུ་འཇུག་པའི་ཕྱིར་ཏེ། དེ་མེ་ཡི་འབྲས་བུའི་ཆོས་ཡིན་པ་ཉིད་ཀྱི་རྗེས་སུ་འཇུག་པའམ་ངང་ཚུལ་ལས་འདའ་མི་ཤེས་ཏེ་ཆུ་གཤེར་བ་ལས་མི་འདའ་བ་བཞིན་ནོ། །གལ་ཏེ་ཕན་འདོགས་པའི་རྒྱུ་མེ་དེ་མེད་པར་ནི་འབྲས་བུ་དུ་བ་དེ་ཡོད་སྲིད་ན། རྒྱུ་དང་ལྡན་པ་ལས་འདས་ཏེ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །རྒྱུ་མེད་པར་འབྱུང་ན་ཅིར་འགྱུར་སྙམ་ན། རྒྱུ་མེད་པར་འབྱུང་ན་ནི་རང་ལ་ཕན་འདོགས་བྱེད་


MR20_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུ་གཞན་ལ་མི་ལྟོས་པའམ་ལྟོས་མི་དགོས་པའི་ཕྱིར། ཡུལ་ཐམས་ཅད་ན་དུས་རྟག་ཏུ་ཡོད་པའམ་ཡང་ན་ཡུལ་དུས་གང་ནའང་མེད་པར་འགྱུར་ཏེ། རྒྱུ་མཚན་དངོས་པོ་རྣམས་ནི་ཡུལ་དུས་རེས་འགའ་ཞིག་ན་འབྱུང་བའམ་ཡོད་པ་ནི། ཡུལ་དང་དུས་དེར་ཚོགས་པའི་རྒྱུ་ལ་ལྟོས་པ་ལས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱུ་ས་གཞི་གཤིན་པ་སོགས་ལ་མི་ལྟོས་པའི་ཕྱིར། བྲག་དང་རྒྱ་མཚོ་དང་བར་སྣང་ནའང་ལོ་ཏོག་སྐྱེ་བ་སོགས་དངོས་པོ་ཐམས་ཅད་མེད་པའི་ཕྱོགས་བཞག་ཏུ་མེད་པ་དང་། སྣང་བའི་དངོས་པོ་རྣམས་མེད་པའི་དུས་ཀྱང་མེད་པར་ཐལ་ཏེ། དུས་གང་ན་རྒྱུ་ཚོགས་མ་ཚོགས་ཀྱི་ཁྱད་པར་བཞག་པའང་མེད་པས་སོ། །གལ་ཏེ་རྒྱུ་མི་དགོས་ཀྱང་ཡུལ་དུས་འགའ་ཞིག་ན་མེད་པར་གྱུར་ན་ནི་དེ་ན་མེད་པ་ཇི་ལྟ་བར་གཞན་ནའང་མེད་པར་འགྱུར་ཏེ། ཡུལ་དུས་དེ་དང་གཞན་གཉིས་ཀར་དེའི་རྒྱུ་མེད་པར་ཁྱད་པར་རྡུལ་ཙམ་མེད་བཞིན་དུ་གཞན་ན་ཡོད་ཀྱི་འདི་ན་མེད་པ་མི་འཐད་དེ་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་འགྱུར་རོ། །དེས་ན་གང་དངོས་པོར་སྣང་བ་འདི་དག་ལ་རེས་འགའ་བ་མ་ཡིན་པ་མེད་ལ། དེ་དག་རྒྱུ་ཚོགས་པ་གང་དུ་ཚང་བ་དེར་ཡོད་ཀྱི་གཞན་དུ་འབྱུང་མི་ཤེས་པའི་རྟེན་འབྲེལ་གྱི་ངང་ཚུལ་ཅན་ལས་ནམ་ཡང་མི་འདའ་བར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་རྩོད་སྤང་ནི། བརྡ་སྤྲོད་པ་དག་ན་རེ། མེ་མེད་པར་དུ་བ་སྐྱེ་བ་མེད་པར་མ་ངེས་ཏེ། དུ་བ་དེ་བརྒྱ་བྱིན་གྱི་སྤྱི་བོར་གྲགས་པ་གྲོག་མཁར་ལས་ཀྱང་འབྱུང་བར་མཐོང་བས་སོ་ཞེ་ན། གལ་ཏེ་བརྒྱ་བྱིན་སྤྱི༷་བོ་སྟེ་གྲོག་མཁར་དེ་དངོས་སུ་དུ་བ་སྐྱེད་ནུས་ཀྱི་མེའི་རང་བཞིན་ཡིན་ན་ནི། དེ་ཉིད་མེ་དངོས་ཡིན་པས་རྒྱུ་མེ་དངོས་དང་དེ་ལས་བྱུང་བའང་འབྲས་བུ་དུ་བ་དངོས་སུ་ཟད་ལ། །


MR20_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་དེ་མེའི་རང་བཞིན་མིན་ན་ནི་ཇི་ལྟར་ན་དེ་ལས་མེ་ཡི་འབྲས་བུར་གྱུར་པའི་དུ་བ་འབྱུང་རིགས་ཏེ་མེ་ལོག་པ་ཁོ་ནས་མེ་འབྲས་དུ་བ་མ་ཡིན་པར་གྲུབ་ཀྱི་དཔྱད་པ་གཞན་མི་དགོས་སོ། །དེ་ཡང་དུ་བའི་རྒྱུ་ཡི་རང་བཞིན་ནམ་རིགས་སུ་གནས་པའི་མེ་ནི་དུ་བ་དེ་སྐྱེད་པ་ཡི་ནུས་པའི་བྱེ་བྲག་གམ་ཁྱད་པར་དང་ལྡན་པ་ཡིན་ལ། དེ་འདྲའི་དུ་བ་སྐྱེད་ནུས་ཀྱི་མེ་མེད་བཞིན་འབྲས་བུ་དུ་བ་དེ་དུ་བའི་རང་གི་རྒྱུ་མིན་པ་བརྒྱ་བྱིན་སྤྱི་བོ་སོགས་ལས་འབྱུང་ན་དུ་བ་དེ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ལ་དེ་ལྟ་ན་རེས་འགའ་བ་མིན་པར་འགྱུར་བ་བཤད་མ་ཐག་པ་བཞིན་ནོ། །དེས་ན་ཆོས་འདི་དག་ལས་རྒྱུ་གང་ཡོད་ན་འབྲས་བུ་སྐྱེ་བ་ཡོད་པའི་རྗེས་སུ་འགྲོ་བ་དང་། རྒྱུ་ལོག་ན་འབྲས་བུ་ཡང་ལྡོག་པ་ཡིན་པ་ལས། འབྲས་བུ་གང་ཞིག་རྒྱུ་གང་གི་རྗེས་སུ་འགྲོ་བར་མཐོང་བ་དེ་ནི། འབྲས་བུ་དེ་ཡི་རང་བཞིན་ནི་རང་གི་སྐྱེད་བྱེད་དེ་ལ་ངེས་པར་ལྟོས་པའི་རྒྱུ་ཅན་ཡིན་པ་དེ་ཕྱིར་རྒྱུ་མིན་པའམ་རིགས་མི་མཐུན་པའི་རྒྱུ་གཞན་ལས་ནམ་ཡང་མི་འབྱུང་སྟེ་འབྱུང་མི་སྲིད་པ་ཡིན་ནོ། །ཚིགས་བཅད་འདི་བར་སྐབས་བསྡུ་བའི་ཚིགས་བཅད་དོ། །དེ་ལ་གང་ཞིག་གང་གིས་རྗེས་སུ་འགྲོ་བར་ཇི་ལྟར་མཐོང་སྙམ་ན། མ་དམིགས་པ་སྔོན་དུ་འགྲོ་བའི་དབང་དུ་བྱས་ན། དང་པོ་མེ་དུ་གཉིས་སྣང་རུང་གི་གཞིར་མ་དམིགས། དེ་རྗེས་མེ་དམིགས། དེ་རྗེས་དེ་ལས་དུ་བ་བྱུང་བར་དམིགས་པ་ཕྲུགས་གསུམ་པོས་རྒྱུ་འབྲས་སུ་ངེས་ནུས་ཏེ། དང་པོ་མ་དམིགས་པས་དུ་བ་མེའི་སྔ་ན་ཡོད་པ་དང་། གཞན་ནས་འོང་བ་དང་། རྒྱུ་གཞན་ལས་སྐྱེ་བ་གསུམ་ཁེགས་ཏེ། དེ་གསུམ་གང་རུང་ཡིན་ན་མེ་མ་དམིགས་ཀྱང་སྣང་ཤེས་པས་སོ། །དེ་ནས་རྒྱུ་འབྲས་སུ་དམིགས་


MR20_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པས་མངོན་སུམ་གཉིས་ཀྱིས་ནི། དུ་བ་གཏན་མ་སྐྱེས་པ་དང་། མེ་ལས་མ་སྐྱེས་པའི་དོགས་པ་ཆོད་ནས་མེད་ན་མི་འབྱུང་གི་འབྲས་བུ་ཡིན་པར་སྒྲོ་འདོགས་ཆོད་པ་ཡིན་ནོ། །དེ་ལྟ་ན་རྟ་བོང་གིས་དབེན་པའི་གཞིར། དང་པོ་རྟ་དམིགས་དེ་ནས་བོང་བུ་དམིགས་ན་དེའང་རྒྱུ་འབྲས་སུ་འགྱུར་རོ་ཞེ་ན། དེ་དག་ལ་ཡུལ་གཞན་ནས་འོང་བ་ལ་སོགས་པའི་དོགས་པ་ལྔ་ཆོད་པའི་རྒྱུ་མཚན་མེད་དེ། རྟ་བོང་ལ་རྗེས་སུ་འགྲོ་ལྡོག་མེ་དུ་ལ་བཤད་པ་ལྟ་བུ་གལ་ཏེ་མཐོང་ན་རྒྱུ་འབྲས་སུ་འགྱུར་ནའང་དེ་མི་སྲིད་དོ། །ཡང་ན་དང་པོ་མེ་དུ་རྒྱུ་འབྲས་སུ་དམིགས་པ་སྔོན་དུ་སོང་ནས། རྒྱུ་ལོག་པ་ན་འབྲས་བུའང་མ་དམིགས་པའི་སྒོ་ནས་ངེས་པར་འགྱུར་ཏེ། གང་ལྟར་ཀྱང་རྒྱུ་འབྲས་སུ་ངེས་པ་ཐམས་ཅད་དོན་ལ་རྗེས་སུ་འགྲོ་ལྡོག་མ་འཁྲུལ་བར་མཐོང་བ་ལས་ངེས་པར་བྱེད་དོ། །འགའ་ཞིག་དུ་བ་མེ་ལས་སྐྱེས་པར་ལན་ཅིག་ཙམ་མཐོང་བས་དེའི་རིགས་ཐམས་ཅད་རྒྱུ་འབྲས་སུ་ཇི་ལྟར་གྲུབ་ཅེ་ན། འགྲུབ་སྟེ་དུ་བ་རང་གི་རྒྱུ་མིན་ལས་ལན་ཅིག་ཙམ་སྐྱེ་བའང་མི་སྲིད་དེ། དུ་བ་ཆུ་ལས་ལན་ཅིག་ཙམ་སྐྱེ་བ་མཐོང་དུ་མེད་པ་བཞིན་ནོ། །དེས་ན་རྒྱུ་ཚོགས་པ་གང་ལ་ལྟོས་པའི་དངོས་པོ་དེ་དག་རྒྱུ་ཚོགས་ན་མི་སྐྱེ་བའི་དབང་མེད་ཅིང་། མ་ཚོགས་ན་སྐྱེ་མི་སྲིད་པ་ནི་དངོས་པོ་ཀུན་གྱི་ཆོས་ཉིད་ཡིན་པས། དེ་ལས་ནམ་ཡང་འདའ་མི་ཤེས་ཏེ་མེའི་ཚ་བ་བཞིན་ནོ། །དེས་ན་ལུག་གི་རྭ་ལས་སྨྱུག་མ་སྐྱེ་བ་ལ་སོགས་པ་དེའི་རིགས་འདྲ་ཇི་སྙེད་པ་ཐམས་ཅད་ཀྱང་རྒྱུ་མིན་པ་གཞན་ལས་གཞན་སྐྱེས་པ་ཞེས་མི་བྱ་སྟེ། རྒྱུ་མིན་པ་ལས་དེ་དག་སྐྱེ་བ་མི་སྲིད་པས་སོ། །འོ་ན་གང་ཞེ་ན། དེ་དག་གི་རང་རྒྱུ་དེ་ལ་བརྟེན་ནས་རང་འབྲས་དེ་འདྲ་བ་སྐྱེད་པ་རྟེན་འབྲེལ་གྱི་ནུས་པ་ཙམ་དུ་ཟད་ཀྱི། རྒྱུ་གཞན་གྱི་འབྲས་བུ་


MR20_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཐོབ་པ་ཞེས་འཁྲུལ་བར་མི་བྱ་སྟེ། དེ་དག་གི་རྒྱུ་ཡང་ཐ་དད་ལ། རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་འབྲས་བུ་ཡང་ཐ་དད་ཡིན་མོད། འོན་ཀྱང་རྣམ་པ་སོགས་ཆ་འདྲ་བས་ཕན་ཚུན་འཁྲུལ་ནས་རྒྱུ་མིན་ལས་ཀྱང་སྐྱེས་སོ་སྙམ་དུ་མི་མཁས་པས་བརྟགས་པ་སྟེ། གཟུགས་འདྲ་བའི་མི་གཉིས་མཐོང་ནས་མ་ཅིག་ཤོས་ཀྱི་བུ་མ་མིན་པ་ཅིག་ཤོས་ལས་ཀྱང་སྐྱེས་སོ་ཞེས་སེམས་པ་བཞིན་ནོ། །གཉིས་པ་བདག་གཅིག་འབྲེལ་ལས་རང་བཞིན་གྱི་རྟགས་མི་འཁྲུལ་བར་བསྟན་པ་ལ། ཐ་དད་མེད་པའི་རྟགས་ཀྱི་འབྲེལ་བ་སྒྲུབ། །ཐ་དད་མེད་ཀྱང་རྟགས་སུ་འཐད་པའི་ཚུལ། །སྦྱོར་བའི་དབྱེ་བ་དཔེ་ཡིས་བསྟན་པའོ། །དང་པོ། འབྲས་རྟགས་སུ་མ་ཟད་རང་བཞིན་གྱི་རྟགས་ལ་ཡང་མེད་ན་མི་འབྱུང་གི་འབྲེལ་བ་ཡོད་པ་ལས་རྟགས་ཡང་དག་ཏུ་གྱུར་པ་ཡིན་ཏེ་ཇི་ལྟར་འབྲེལ་ཅེ་ན། རྟགས་དང་ཆོས་དེ་དག་ཅིག་ཤོས་ཡོད་པ་ཙམ་ནས་དེ་དང་རང་ཆས་སུ་དོན་གྱིས་ཐ་དད་དུ་མེད་པར་བདག་གཅིག་གིས་འབྲེལ་པ་ཡིན་པས་ན། བསྒྲུབ་བྱ་མི་རྟག་པ་ལྟ་བུ་དེ་མེད་ན་ནི་རྟགས་བྱས་པ་ལྟ་བུ་ཡོད་པའི་བདག་ཉིད་ཀྱང་མེད་པར་འགྱུར་ཏེ། དེ་གཉིས་དོན་གྱི་སྟེང་ན་ཐ་དད་མེད་པར་ངོ་བོ་གཅིག་ཏུ་འབྲེལ་བའི་ཕྱིར་རོ། །གཉིས་པ་ལ། སེལ་བའི་དབང་གིས་རྟགས་ཀྱི་འཇུག་ཚུལ་བཤད། །དེ་ཡི་བྱེ་བྲག་རྒྱས་པར་བསྟན་པའོ། །དང་པོ། གང་ཕྱིར་དངོས་ཀུན་སོགས་ཚིགས་བཅད་གསུམ་གྱིས་བསྟན་ཏེ། བཤད་མ་ཐག་པ་ལྟར་བྱས་མི་རྟག་དོན་གྱི་སྟེང་ན་ངོ་བོ་ཐ་དད་མེད་པ་ཡིན་ན། རྟགས་ཆོས་ཐ་མི་དད་དུ་འགྱུར་ཏེ་བྱས་མི་རྟག་ངོ་བོ་གཅིག་པའི་ཕྱིར་རོ་སྙམ་ན། དེ་ལྟར་མི་འགྱུར་ཏེ་ལྡོག་པ་ཐ་དད་པའི་ཕྱིར་རོ། །དེ་གང་ཞེ་ན། འདི་ལྟར་གང་


MR20_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱིར་ཇི་སྙེད་པའི་དངོས་པོ་འདི་ཀུན་རང་གྲུབ་ཙམ་ནས་ཐ་སྙད་ཀྱི་ཆོས་ཉིད་དམ་རང་བཞིན་གྱིས་རང་རང་སོ་སོའི་ཐུན་མིན་མ་འདྲེས་པའི་ངོ་བོ་ལ་གནས་པའི་ཕྱིར། རང་དང་རིགས་མཐུན་པའི་དངོས་པོ་ཕལ་དང་རིགས་མི་མཐུན་པ་གཞན་གྱི་དངོས་པོ་མཐའ་དག་ལས་ལྡོག་པ་ལ་ནི་བརྟེན་པ་ཅན་ཏེ་གཞན་གང་དང་ཡང་མ་འདྲེས་པ་དེ་ལྟ་བུའི་ངང་ཚུལ་དང་ལྡན་པ་ཡིན་ཏེ། མདུན་དུ་བཞག་པ་ཨུཏྤལའི་དངོས་པོ་ལྟ་བུ་དེ་རིགས་མཐུན་པ་ཨུཏྤལ་གཞན་དང་། རིགས་མི་མཐུན་པ་ཨུཏྤལ་མིན་པའི་དངོས་པོ་མེ་ལ་སོགས་པ་གཞན་ཇི་སྙེད་པ་ལས་ལོག་པའི་རང་མཚན་ཐུན་མོང་མིན་པར་གནས་སོ་ཞེས་དོན་རང་མཚན་གྱི་ངོས་ནས་གཞན་སེལ་ཚུལ་བསྟན་པ་ཡིན་ནོ། །རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པ་དེ་ཡི་ཕྱིར་ན། མ་བྱས་པ་དང་རྟག་པ་ལ་སོགས་པ་གཞན་གང་དང་གང་ལས་དོན་སྒྲ་ལྟ་བུ་འདི་ལྡོག་པ་ཡིན་པ་དེ་ཡི་རྒྱུ་མཚན་ཡོད་པ་ཅན་གྱི་བྱས་པ་དང་མི་རྟག་སོགས་ཀྱི་རིགས་ཐ་དད་པའི་ཚུལ་དུ་སྒྲ་དང་བློའི་སྒོ་ནས་དབྱེ་བ་བྱ་རུང་ལ། རིགས་དེ་ཡི་ནང་ཚན་བྱས་པ་ལྟ་བུའི་ཁྱད་པར་གྱིས་དེ་དང་དོན་གྱི་ངོ་བོ་གཅིག་པ་མི་རྟག་པ་ལྟ་བུ་རྟོགས་པར་འགྱུར་བ་ཡི་གཏན་ཚིགས་དག་ཐ་སྙད་ལ་མཁས་པ་རྣམས་ཀྱིས་རབ་ཏུ་བྱེད་པ་ཡིན་ནོ། །ལྡོག་པ་ཐ་དད་པ་དེ་ཡི་ཕྱིར་ལྡོག་པའི་ཁྱད་པར་རམ་བྱེ་བྲག་མི་རྟག་པ་ལྟ་བུ་གང་ཞིག། ལྡོག་པ་དེ་ཉིད་ཀྱི་ཁྱད་པར་གོ་བར་བྱེད་པའི་ཆོས་སུ་གྱུར་པ་རང་གི་མིང་མི་རྟག་པ་ཞེས་བརྗོད་པ་ལྟ་བུ་གང་གིས་གོ་བར་འགྱུར་བ་དེ་ནི། མིང་དེ་ལས་གཞན་དུ་གྱུར་པ་སྒྲ་དང་བྱས་པ་སོགས་ཀུན་གྱིས་གོ་བར་ནུས་པ་མ་ཡིན་པ་དེས་ན། བྱས་མི་རྟག་ལྟ་བུའི་རང་ལྡོག་ནི་ཐུན་མིན་ཐ་དད་པའི་ཚུལ་དུ་རྣམ་པར་གནས་པ་ཡིན་


MR20_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱའོ། །གཉིས་པ་གཞན་སེལ་དེའི་བྱེ་བྲག་རྒྱས་པར་བཤད་པ་ལ། དངོས་པོའི་སྒྲ་རྟོག་སེལ་བས་འཇུག་ཚུལ་དང་། །དངོས་མེད་སྒྲ་རྟོག་སེལ་བས་འཇུག་ཚུལ་བསྟན། །དང་པོ་ལ། དངོས་པོའི་ཡུལ་ཅན་རྟོག་པ་སེལ་བར་འཐད། །དངོས་པོའི་ཡུལ་ཅན་རྗོད་བྱེད་སེལ་བར་འཐད། །དང་པོ་ལ། དངོས་དང་དེ་ལ་རྩོད་པ་སྤང་བ་གཉིས། །དང་པོ་ལ། དགག་སྒྲུབ་ཅིག་ཅར་རྟོགས་པར་ཐལ་བ་དང་། །སྒྲ་བློ་རྣམ་གྲངས་ཐལ་ཕྱིར་སེལ་བར་སྒྲུབ། །དང་པོ་ལ། སྤྱི་ཡི་ཚུལ་དང་བྱེ་བྲག་རྣམ་པ་གཉིས། །དང་པོ། འདི་ལྟར་སྒྲ་ལྟ་བུའི་དོན་གྱི་རང་གི་ངོ་བོ་གཅིག་པུའི་བདག་ཉིད་དམ་ངོ་བོ་དེ། ཡུལ་ཅན་རང་འཛིན་ཤེས་པས་མངོན་སུམ་དུ་བྱས་པ་ཡིན་པ་དེའི་ཚེ་ན། ཡུལ་དེ་ལ་སྒྲ་རྟོག་ནས་བྱས་མི་རྟག་ལྟ་བུ་སོགས་ཚད་མ་ཕྱི་མ་རྣམས་ཀྱིས་གཟོད་བརྟག་པར་བྱ་བ་གང་ཞིག །སྔར་མ་མཐོང་བའི་ཆ་ཤས་གཞན་ཅི་ཞིག་ཡོད་དེ་མེད་པར་ཐལ། མངོན་སུམ་གྱི་ཡུལ་དུ་ཇི་ཙམ་གྱུར་པའི་སྐྱེ་མཆེད་ཀྱི་རྫས་དེ་ལ་རང་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་ཆོས་རྣམས་དོན་རང་གི་སྟེང་ན་གཅིག་པུ་ཆ་ཤས་མེད་པར་གནས་པའི་ཕྱིར། དེ་ལ་མཐོང་མ་མཐོང་ཆ་གཉིས་མི་སྲིད་པའི་རིགས་པས་སོ། །གལ་ཏེ་ཁ་ཅིག་ནི་མཐོང་ལ་ཁ་ཅིག་མ་མཐོང་བའི་ཆ་ཡོད་ན་དེ་དང་ཐ་དད་པར་འགྱུར་རོ། །འོ་ན་བུམ་པ་མཐོང་བས་དེའི་བྱས་མི་རྟག་ཀྱང་སྣང་བས་མཐོང་ན། བུམ་པ་མི་རྟག་པར་སྒྲུབ་པའི་རྗེས་དཔག་དགོས་པ་མེད་པར་འགྱུར་རོ་ཞེ་ན། འདི་ལྟར་བུམ་པ་མཐོང་བ་ན་དེའི་སྟེང་གི་བྱས་མི་རྟག་སོགས་དེ་དང་ངོ་བོ་གཅིག་པ་ཀུན་མཐོང་བ་ཡིན་ཀྱང་། གཟུགས་དཀར་བ་ལ་སོགས་པ་ཆོས་མཐུན་པ་མཐོང་བ་ཡི་རྒྱུ་མཚན་ལས། ཉ་ཕྱིས་ལ་དངུལ་ཡིན་པའི་རྣམ་པ་


MR20_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལྟར། གལ་ཏེ་གཟུགས་མཐོང་བ་ན་འདྲ་བ་གཞན་འབྱུང་བ་སོགས་འཁྲུལ་པའི་རྒྱུ་མཚན་གྱིས་མི་རྟག་པར་མ་ངེས་ཤིང་། དངོས་པོ་དེ་ལ་མེད་པའི་ཡོན་ཏན་གཞན་རྟག་པ་སོགས་སུ་སྦྱོར་བའམ་སྒྲོ་འདོགས་པར་མི་བྱེད་པ་ཞིག་ན་ཁྱེད་བདེན་ཀྱང་། འཁྲུལ་རྒྱུས་བསླད་ནས་ཕྱིན་ཅི་ལོག་རྟག་འཛིན་སོགས་སྤང་བའི་ཕྱིར་རྟགས་ཀྱིས་བསྒྲུབ་པ་མི་དགོས་པར་མི་འགྱུར་རོ། །དེ་ཡང་ཉ་ཕྱིས་དང་དངུལ་ཕན་ཚུན་མ་འདྲེས་པར་གནས་པའི་ཕྱིར། ཉ་ཕྱིས་མཐོང་ཚེ་ཉ་ཕྱིས་ལ་དངུལ་དངོས་སུ་མཐོང་བ་ནི་ཅུང་ཟད་མེད་ཀྱང་འདྲ་བ་ལས་རང་བློ་འཁྲུལ་བའོ། །དེ་བཞིན་སྐད་ཅིག་སྔ་ཕྱི་དོན་ལ་མ་འདྲེས་ཤིང་དབང་མངོན་གྱིས་ཀྱང་འདྲེས་པར་མཐོང་མི་ཤེས་ནའང་། ཕྱི་རོལ་གྱི་དོན་འདྲ་བ་བར་མ་ཆད་དུ་བྱུང་བ་དང་། ནང་གི་བློ་མི་གསལ་ཞིང་གྲུབ་མཐའ་ངན་པས་བསླད་པ་སོགས་ཕྱི་ནང་གི་འཁྲུལ་རྒྱུས་གེགས་བྱས་ཏེ་ལོག་པར་འཛིན་པ་ཡིན་ནོ། །དེ་ལྟར་ཆ་གཅིག་ལ་སྣང་མི་སྣང་གཉིས་མེད་པ་དེ་ཡི་ཕྱིར་དངོས་པོ་སྒྲ་ལྟ་བུ་གང་ཞིག་མཐོང་བ་ཡིས། དེ་དང་ངོ་བོ་གཅིག་པའི་བྱས་མི་རྟག་སོགས་ཡོན་ཏན་མཐའ་དག་མཐོང་བ་ཉིད་ཡིན་ཀྱང་། འཁྲུལ་པས་གེགས་བྱས་ཏེ་བཟློག་ཕྱོགས་སུ་སྒྲོ་བཏགས་ནས་མཐོང་བ་ལྟར་སྒྲ་མི་རྟག་སོགས་སུ་ངེས་པར་མི་བྱེད་པས་ན། སྒྲ་མི་རྟག་པར་བྱས་པའི་རྟགས་ཀྱིས་སྒྲུབ་པ་ལྟ་བུ་ཡང་རབ་ཏུ་འཇུག་པ་འཐད་པ་ཡིན་ནོ། །བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ལ། རྟགས་འཇུག་པ་ནི་སེལ་བ་ཡིན་པར་འཐད། །རྟགས་མི་འཇུག་ཀྱང་སེལ་བ་ཡིན་པར་བསྟན། །དང་པོ། དེ་ལྟར་སྒྲུབ་པས་འཇུག་པ་ལ་མཐོང་མ་མཐོང་གི་ཆ་མེད་ལ་རྟོག་པ་སེལ་འཇུག་ལ་ཡོད་ཚུལ་སྤྱིར་བསྟན་པ་དེར་མ་ཟད། རྗེས་སུ་དཔག་པ་ལས་ཀྱང་དངོས་པོའི་རང་མཚན་སྒྲུབ་པའི་


MR20_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་འཛིན་ན་བསྒྲུབ་བྱའི་ཆོས་གཅིག་ངེས་པར་གྱུར་པས་བསྒྲུབ་བྱ་དེ་དང་ངོ་བོ་གཅིག་པའི་ཆོས་ཀུན་འཛིན་པར་ཐལ་ཏེ་རིགས་པ་སྔར་བཞིན། འདོད་ན་རྗེས་དཔག་གཞན་དོན་མེད་དུ་ཐལ་ལོ། །འོ་ན་ཁྱོད་ལའང་མཚུངས་སོ་ཟེར་ན། མི་མཚུངས་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེས་སྒྲ་རྟག་པ་ལས་ལོག་ཙམ་གྱི་སེལ་བ་སྒྲུབ་པ་ཡིན་གྱི། རྗེས་དཔག་དེས་རང་ཡུལ་སྣང་བའི་སྒོ་ནས་སྒྲུབ་པ་ཅན་མིན་པས་ན་རྗེས་དཔག་གི་ཡུལ་གཞན་སེལ་བའམ་དགག་པར་སྨྲ་བ་ལ་ཉེས་པ་འདི་ནི་ཐལ་བ་ཉིད་དུ་མི་འགྱུར་ཏེ་སྒྲོ་བཏགས་ཀྱི་ཡུལ་སེལ་བ་ཐ་དད་དུ་རུང་བས་སོ། །རྗེས་དཔག་སེལ་བས་འཇུག་པ་དེ་ཕྱིར་ཇི་སྐད་བསྟན་པ་དེ་ལྟར་རྟགས་ཐམས་ཅད་ནི་དེ་མིན་གཅོད་པའམ་སྒྲོ་འདོགས་སེལ་བའི་ཡུལ་ཅན་ཡིན་པར་རབ་ཏུ་བསྒྲགས་སོ། །གློ་བུར་བའི་རྗེས་དཔག་གིས་མ་ངེས་ཏེ་དེ་ལ་སྔར་སྒྲོ་འདོགས་མེད་པའི་ཕྱིར་སྙམ་ན། གློ་བུར་དུ་བ་མཐོང་ཡང་དེས་ཕྱོགས་མེ་མེད་དུ་འཛིན་པ་སེལ་བའི་ཕྱིར་བསལ་བྱ་མེད་པ་མ་ཡིན་ནོ། །རྟགས་སེལ་བའི་ཡུལ་ཅན་ལས་གཞན་དུ་ངེད་ཀྱིས་ཀྱང་རྗེས་དཔག་དེས་རང་མཚན་གྱི་དངོས་པོ་སྒྲུབ་པའི་ཚུལ་གྱིས་འཛིན་པར་འདོད་ན་ཆོས་ཅན་སྒྲ་ལྟ་བུ་གྲུབ་པར་གྱུར་ན། དེ་ལས་མ་གྲུབ་པ་གཞན་མི་རྟག་སོགས་རྟགས་གཞན་གྱིས་བསྒྲུབ་དགོས་པ་ཅི་ཞིག་ཡོད་དེ་རིགས་པ་སྔར་བཞིན། དེས་ན་དེ་ལྟར་ཁས་མི་ལེན་ཏོ། །གཉིས་པ་རྟགས་མི་འཇུག་ཀྱང་རྟོག་པ་ཡིན་ཕན་ཆད་སེལ་འཇུག་ཡིན་པར་བསྟན་པ་ནི། ཁ་ཅིག་འདི་སྙམ་དུ། མངོན་སུམ་གྱིས་དྲངས་བའི་ངེས་ཤེས་ལ་སེལ་བ་མེད་དེ། དེའི་སྒྲོ་འདོགས་ནི་སྔར་མངོན་སུམ་ཉིད་ཀྱིས་བསལ་ཟིན་


MR20_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྙམ་ན། མངོན་སུམ་གྱིས་མཐོང་བ་སྔོན་པོ་ལྟ་བུ་འགའ་ཞིག་ལའང་རྗེས་སུ་དེ་ལྟར་ཤེས་པ་གང་ཡིན་པ་དེ་ནི་སྤྱི་ཡི་དོན་ཅན་གྱི་རྣམ་པར་རྟོ༷ག་པའམ་དོན་སྤྱི་འཛིན་པའི་རྟོག་པ་ཡིན་གྱི་རང་མཚན་འཛིན་པའི་རྟོག་མེད་མ་ཡིན་ལ། དེ་ནི་ཡུལ་དེ་སྔོ་མིན་སོགས་གཞན་གྱི་ཆ་ཉིད་དུ་སྒྲོ༷་མ་བཏགས་པ་ཡིན་པ་དེ་ཙམ་གྱིས་སྔོ་མིན་སོགས་སྒྲོ་འདོགས་སེལ་བའི་སྤྱོད་ཡུལ་ཅན་དུ་སོང་བ་ཡིན་ཏེ། སྔོན་པོ་ཉིད་དུ་ངེས་པ་དང་ནི་སྔོ་མིན་དུ་སྒྲོ་འདོགས་པའི་ཡིད་གཉིས་ནི་ཕན་ཚུན་གནོད་བྱ་གནོད་བྱེད་ཀྱི་ངོ་བོའི་རང་བཞིན་དུ་གྱུར་པའི་ཕྱིར། དེ་གཉིས་རྒྱུད་གཅིག་ལ་ལྷན་ཅིག་གནས་མི་སྲིད་པས་ན། ངེས་ཤེས་འདི་ནི་བཟློག་ཕྱོགས་སྒྲོ༷་འདོགས་པ་དེས་དབེན་པའམ་སེལ་བ་དེ་ལ་འཇུག་པ་ཉིད་དོ་ཅེས་བྱ་བར་མཁས་པ་རྣམས་ཀྱིས་ཤེས་པ་ཡིན་ནོ། །གཉིས་པ་སྒྲ་བློ་རྣམ་གྲངས་པར་ཐལ་བ་ལ། དངོས་དང་དེ་ཡི་ཉེས་སྤོང་ལན་དགག་པ། དང་པོ། སྒྲ་ལ་རྟག་པ་མ་བྱས་སོགས་ཀྱི་ཆ་ཤས་སུ་སྒྲོ༷་འདོགས་པ་ཇི་སྙེད་ཡོད་པ་དེ་བསལ་བའི་ཕྱིར་ན་དེ་ལྟར་ངེས་པ་ཡི་རྟོག་པ་དང་། དེ་བརྗོད་པའི་སྒྲ་ཡང་དེ་སྙེད་ཁོ་ནའམ་དེ་སྙེད་དུ་ངེས་པ་ཡིན་ལ། ངེས་ན་སྒྲ་བློ་དེ་དག་སྤྱོད་ཡུལ་ཐ་དད་པ་ཅན་དུ་འཐད་ཀྱི། གཞན་དུ་སེལ་བྱ་ཐ་དད་མིན་ན་བྱས་མི་རྟག་སོགས་ཀྱི་དངོས་པོ་གཅིག་པུ་པ་སྟེ་སྒྲ་རང་མཚན་གྱི་སྟེང་ན་ཆ་ཤས་མེད་པ་གཅིག་པུ་དེ་ཉིད་དེ་བརྗོད་ཀྱི་སྒྲའམ་དེ་ཤེས་ཀྱི་བློ་གཅིག་གིས་སྒྲུབ་པས་འཇུག་པའི་ཚུལ་གྱིས་ཁྱབ་པར་གཅོད་ན། སྒྲ་བློ་དེ་དག་གཞན་དང་གཞན་གྱི་ཡུལ་ཅན་ནམ་ཡུལ་ཐ་དད་ལ་འཇུག་པ་མ་ཡིན་པ་དེ་ཡི་ཕྱིར། བྱས་མི་རྟག་སོགས་ཀྱི་སྒྲ་བློ་ལ་གོ་བྱ་ཐ་དད་མེད་པར་རྣམ་གྲངས་པ་ནི་ཉིད་དུ་འགྱུར་ཏེ། གང་བརྗོད་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་གོ་བ་ལ་ཁྱད་མེད་པའི་ཕྱིར་རོ། །


MR20_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཕ་རོལ་གྱིས་ཉེས་པ་དེ་མི་འཇུག་པའི་ལན་བསྟན་པ་འགོག་པ་ནི། མུ་སྟེགས་བྱེ་བྲག་པ་གང་གི་ལྟར་ན་མར་གྱི་གོང་བུ་ལ་ཏིལ་འབྱར་བ་བཞིན་དུ་ཆོས་ཅན་གཅིག་ལ་ཆོས་སྣ་ཚོགས་ནང་མ་འདྲེས་པར་ཡོད་པ་དེ་དག་བློས་འཛིན་པའི་ཚེ་བྱས་པ་ལ་སོགས་པའི་ཁྱད་པར་སྣ་ཚོགས་པ་ཅན་གྱི་དོན་སྒྲ་ལྟ་བུ་དེ། ཁྱད་ཆོས་ཐ་དད་པ་ལ་ཕན་འདོགས་པའི་ནུས་པའི་སྒོ་ནས་འཛིན་པའི་ཕྱིར་སྒྲ་བློ་རྣམ་གྲངས་བར་མི་འགྱུར་རོ་ཞེ་ན། དེ་ལ་ཁྱད་པར་ཅན་དང་མ་འབྲེལ་བའི་ཁྱད་པར་རྐྱང་པ་ནི་མེད་དེ། ཁྱད་པར་ཡིན་པར་འཇོག་པའི་རྒྱུ་མེད་པས་སོ། །ཁྱད་པར་ཅན་དང་འབྲེལ་ན་ཁྱད་པར་ཅན་དེས་རང་གི་ཁྱད་པར་རྣམས་ལ་ཕན་འདོགས་སམ་མི་འདོགས། མི་འདོགས་ན་ནི་ཁྱད་པར་ཅན་དང་ཁྱད་ཆོས་འབྲེལ་མེད་དུ་འགྱུར་ལ། ཕན་འདོགས་ན་དེ་ལྟར་ཕན་པའི་ནུས་པ་དེ་ཁྱད་པར་ཅན་དང་རྫས་གཅིག་གམ་ཐ་དད་ཡིན། དང་པོ། རང་གི་ཁྱད་པར་གྱི་ཆོས་སྣ་ཚོགས་ལ་ཕན་པའི་ཡན་ལག་གམ་རྒྱུར་གྱུར་པའི་ནུས་པ་རྣམས་ལས་ཁྱད་པར་ཅན་སྒྲ་ལྟ་བུ་ནི་དེ་རྣམས་དང་ངོ་བོ་དབྱེར་མེད་པའི་བདག་ཉིད་ཡིན་ནོ་ཞེ་ན། དེ་འདྲའི་ནུས་པ་རྣམས་དང་ཆ་ཐ་དད་དུ་མེད་པའི་བདག་ཉིད་གཅིག་པུ་སྒྲ་ལྟ་བུ་དེ་རིལ་པོའམ་ཀུན་ནས་བཟུང་ན། ཕན་བྱའི་བྱེ་བྲག་མི་རྟག་པ་སོགས་ལ་ཕན་པའི་ནུས་པ་གང་མ་ངེས་ཏེ། དེ་དང་དབྱེར་མེད་པའི་ཕན་བྱེད་ཀྱི་ནུས་པ་མཐའ་དག་ངེས་པར་ཐལ། རྒྱུ་མཚན་ནུས་པ་དེ་མཐའ་དག་ཁྱད་པར་ཅན་དེའི་བདག་ཉིད་ལ་ངོ་བོ་ཉིད་ཀྱིས་དབྱེར་མེད་དུ་འབྲེལ་བའི་ཕྱིར། བྱས་པ་ལ་ཕན་འདོགས་པ་ལྟ་བུ་གང་རུང་གཅིག་ཤེས་ན་ནི་མི་རྟག་པ་ལ་ཕན་འདོགས་པ་ལྟ་བུ་དེ་གཉིས་ཀ་ཡང་ཅིག་ཅར་བཟུང་བར་ཐལ་ལོ། །དེ་ལྟར་ན་ནུས་པ་


MR20_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པའི་སྒོ་ནས་འཛིན་ཟེར་ན་ཡང་ནུས་པ་ཐམས་ཅད་ཅིག་ཅར་ངེས་པར་ཐལ་བ་ལ་སྐྱོན་སྤོང་མི་ནུས་སོ། །གཉིས་པ་ཁྱད་པར་ཅན་དང་ཁྱད་པར་གྱི་ཆོས་ལ་ཕན་པའི་ནུས་པ་རྣམས་ཐ་དད་དོ་ཞེ་ན། ནུས་པ་དེ་དག་ནི་ནུས་ཅན་ནམ་ཁྱད་པར་ཅན་དེའི་ཅི་ཞིག་ཡིན་ཏེ་མིན་པར་ཐལ། གལ་ཏེ་དེ་ལྟར་འདོད་ན་ཁྱད་པར་ཅན་དེ་ཡིས་ཁྱད་པར་གྱི་ཆོས་དེ་དག་ལ་ཕན་པའི་ནུས་པ་དང་བྲལ་བས་ཀ་བུམ་བཞིན་འབྲེལ་མེད་དུ་འགྱུར་རོ། །ཁྱད་པར་ཅན་རང་ལ་ཕན་ནུས་མེད་པ་དེ་ལྟ་བུ་ཡིན་ན་ཁྱད་པར་དང་ཁྱད་པར་ཅན་གྱི་བར་དུ་ཕན་འདོགས་བྱེད་ནུས་པ་གཞན་དགོས་ལ། དེ་ལྟ་ན་ནུས་པ་ཉིད་ལའང་ནུས་པ་གཞན་མེད་པར་ཕན་འདོགས་མི་ནུས་པས། ནུས་ཅན་ནུས་པ་ཐ་དད་དུ་འགྱུར་བ་སོགས་མཐར་ནུས་པ་ཐུག་པ་མེད་པར་འགྱུར་གྱི་ཕན་འདོགས་པ་མི་སྲིད་དོ། །ནུས་པ་ལ་ནུས་པ་མི་དགོས་ཏེ་ནུས་པ་ཉིད་ཀྱིས་ཕན་འདོགས་སོ་སྙམ་ན་སྒྲ་ལས་ཐ་དད་པའི་ནུས་པ་མེད་ཀྱང་སྒྲ་ཉིད་ཀྱིས་ཕན་འདོགས་པ་ཡང་གྲུབ་བོ། །གལ་ཏེ་དོན་གྱི་སྟེང་ན་ཕན་ནུས་ཀུན་ཅིག་ཅར་ཡོད་ཀྱང་བློས་འཛིན་དུས་སྒྲ་ལྟ་བུ་དེ་རང་གི་ཁྱད་ཆོས་བྱས་པ་ལྟ་བུ་གཅིག་ལ་ཕན་བྱེད་དུ་བཟུང་བས་ན་ཐམས་ཅད་འཛིན་པར་ཐལ་བ་མེད་ཅེས་འདོད་ན་ནི། རྟོག་བློས་འཛིན་པ་སྒྲུབ་འཇུག་ཏུ་འདོད་པ་ཁྱེད་ལ་དེ་མི་རུང་སྟེ། སྒྲ་དེ་བྱས་པ་ལྟ་བུ་དེ་ལ་ཕན་བྱེད་དུ་མཐོང་ན་དེའི་སྐབས་སུ་མ་མཐོང་བ་ཉིད་དུ་འདོད་པ་མི་རྟག་པ་ལ་ཕན་པའང་སྒྲ་དང་རྫས་གཅིག་པས་ན་གཞན་མིན་པ་དེ་ཡི་ཕྱིར་གང་ཡང་རུང་བ་ལ་ཕན་བྱེད་ཡིན་པ་དེ་བཟུང་ན་ནི་ཐམས་ཅད་བཟུང་བར་ཐལ་ལོ། །གལ་ཏེ་སྔར་མཐོང་བས་ཐམས་ཅད་ངེས་ཀྱང་རྗེས་སུ་ཕྱིན་ཅི་ལོག་ཏུ་འཛིན་པའི་འཁྲུལ་པ་བྱུང་ན་དེ་བཟློག་པའི་ཕྱིར། སྔར་ངེས་པར་བཟུང་བ་ལ་ཡང་ཕྱིས་རྗེས་དཔག་


MR20_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འཇུག་པར་འདོད་དོ་ཞེ་ན། རྗེས་དཔག་ཚད་མས་ངེས་པ་དེ་ནི་བཟློག་ཕྱོགས་སུ་སྒྲོ་འདོགས་སེལ་བས་ན་རྣམ་གཅོད་ཀྱི་ཡུལ་ཅན་དུ་གྲུབ་པ་ཡིན་གྱི་སྒྲུབ་འཇུག་མ་ཡིན་ཏེ། སྔར་ངེས་པ་ལ་ཡང་ཡང་བཟུང་བ་ཙམ་ཡིན་ན་རྗེས་དཔག་མི་དགོས་ཏེ་སྒྲོ་འདོགས་མ་སྐྱེས་པའི་ཕྱིར་རོ། །འོ་ན་སྔར་ངེས་ཟིན་སྒྲོ་འདོགས་གསར་དུ་མ་སྐྱེས་པ་ཡིན་ན་དེ་ལྟར་ངེས་པའི་བློ་དེ་སྒྲུབ་འཇུག་ཡིན་ནམ་སྙམ་ན་མིན་ཏེ། རྗེས་དཔག་གིས་སྒྲོ་འདོགས་བསལ་བ་དེ་ལས་གཞན་པ་མཐོང་ཟིན་ངེས་པའི་རྟོག་པའང་རྗེས་དཔག་དེ་དང་འདྲ་བར་སེལ་བའི་ཡུལ་ཅན་ཁོ་ན་ཡིན་ཏེ། དེའི་རྒྱུ་མཚན་བཟློག་ཕྱོགས་སྒྲོ་འདོགས་བསལ་བའམ་མེད་པའི་ཡུལ་ཉིད་ལ་ནི་ངེས་གཟུང་གི་སྒོ་ནས་འཇུག་པའི་རྣམ་རྟོག་ཡིན་པའི་ཕྱིར། སྐྱོན་གཞན་ཡང་སྔར་ངེས་པར་བཟུང་བ་ལ་སླར་ཡང་རྗེས་དཔག་གིས་ངེས་པར་འཛིན་ཞེས་པ་མི་འཐད་དེ། གསར་དུ་རྗེས་དཔག་གིས་ངེས་པར་བྱ་བ་མི་རྟག་པ་ལྟ་བུའི་ངོ་བོ་གང་ཞིག་སྒྲ་ཉིད་དུ་ངེས་པ་དང་བྱས་པར་ངེས་པ་ལ་སོགས་པ་སྔར་གྱི་ངེས་པ་གཞན་རྣམས་ཀྱིས་མ་ངེས་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་སྔར་གྱི་ངེས་པ་དེ་དག་གི་ཡུལ་ཇི་ལྟར་ཡིན་ཏེ། དེ་དག་གིས་ངེས་མ་ནུས་པ་ཡིན་པའི་ཕྱིར་གསར་དུ་རྗེས་དཔག་འཇུག་པ་ཡིན་པས་སོ། །འོ་ན་ཁྱོད་རང་ལའང་མཚུངས་ཏེ་མངོན་སུམ་གྱི་དུས་ན་ཐམས་ཅད་བཟུང་ཡང་ཕྱིས་རྗེས་དཔག་འཇུག་པར་འདོད་པའི་ཕྱིར་ཞེ་ན་མི་མཚུངས་ཏེ། དོན་སྒྲའི་སྟེང་ན་བྱས་མི་རྟགས་སོགས་ཁྱད་པར་གྱི་ཆོས་ཐ་དད་དུ་ཡོད་པའི་ཆ་ཤས་རྣམ་པར་སྤངས་པ་ཡི་རང་མཚན་དེ་ཉིད་མངོན་སུམ་གྱིས་ནི་བཟུང་བ་ལའང་། བཟུང་བ་ལྟར་ངེས་པས་མ་ཁྱབ་སྟེ་ཁྱད་པར་གྱི་ཆོས་གང་ལ་དེ་བཞིན་དུ་རྟོགས་པའམ་ངེས་པ་འདྲེན་པ་


MR20_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྐྱེན་ཡོད་པ་གང་ཡིན་པ་དེ་ནི་རྟོགས་པར་འགྱུར་བ་དེའི་ཕྱིར། མངོན་སུམ་ལ་ཡུལ་མ་ནོར་བར་སྣང་དུ་ཟིན་ཀྱང་། དེའི་རྗེས་ཀྱི་རྟོག་བཅས་ཀྱི་ཡིད་ལ་ངེས་མ་ངེས་ཞེས་བྱ་བ་ཁོ་ན་ཡིན་ཏེ་མངོན་སུམ་ཉིད་ལ་ངེས་པ་ཡོད་ན་སུ་ཡང་འཁྲུལ་མི་སྲིད་དོ། །དེས་ན་ངེས་པའི་རྒྱུ་མངོན་སུམ་ཉམས་སུ་མྱོང་བ་དེ་ལའང་རྐྱེན་ཡོད་ན་དེས་ངེས་པ་འདྲེན་ནུས་ལ། མཐུན་རྐྱེན་མེད་པའམ་འགལ་རྐྱེན་འཁྲུལ་རྒྱུ་ཡོད་ན་མཐོང་བ་ཙམ་གྱིས་ངེས་པ་འདྲེན་མི་ནུས་ཏེ། སྒྲ་རྟག་པར་རྟོག་པ་བཞིན་ནོ། །མཐུན་རྐྱེན་གང་ཞེ་ན། ནང་གི་བློ་གསལ་བ་དང་། གོམས་པ་དང་། སྐབས་སུ་བབ་པ་དང་། དོན་དུ་གཉེར་བ་དང་། དོན་གྱི་ཤུགས་ལ་སོགས་པ་ངེས་པ་འདྲེན་པའི་རྒྱུ་ཚང་བའོ། །དེ་ལ་བློ་གསལ་བ་ནི། རྣལ་འབྱོར་པ་རྣམས་ཀྱི་བློ་གསལ་བས་མཐོང་བ་ཙམ་གྱིས་སྐད་ཅིག་མ་ལ་སོགས་པར་ངེས་པ་ལྟ་བུའོ། །ངེས་པར་བྱ་བའི་དོན་ལ་གོམས་པར་གྱུར་པས་དོན་གང་མཐོང་བ་ལ་བློ་གཏད་པ་ཙམ་གྱིས་བདེ་བླག་ཏུ་ངེས་པ་འདྲེན་ནུས་པ་སྟེ། དཔེར་ན་ནང་གི་གོམས་པ་ནི། བུད་མེད་ཀྱི་རོ་གཅིག་ལའང་ཕལ་པས་མྱགས་པ་དང་། ཆགས་ལྡན་གྱིས་ཉལ་པོ་བྱ་བ་དང་། ཁྱི་རྣམས་ཀྱིས་བཟའ་བའི་བློ་སྐྱེ་བ་བཞིན་དུ་གོམས་པ་ཤས་ཆེ་བའི་འཇུག་པ་གང་ལ་ཡོད་པ་དེས་དོན་རྣམས་དེ་དང་དེ་ལྟར་འཛིན་པར་བྱེད་པས་ན། དོན་གྱི་རྣམ་པ་དང་མཐུན་པར་ཡིད་ལ་བྱེད་པའི་གོམས་པའམ་དེའི་བག་ཆགས་ཡོད་པ་ཡང་རྐྱེན་ནོ། །སྐབས་སུ་བབ་པ་ནི་དཔེར་ན་སྨན་ལ་སོགས་པའི་གཏམ་གྱི་སྐབས་སུ་བབ་པ་ན། སྨན་པ་དེ་མཐོང་བ་ན་སྐྱེས་བུ་དེ་ལ་ཆོས་གཞན་དུ་མ་ཡོད་དུ་ཟིན་ཀྱང་སྨན་པ་ཉིད་དུ་ངེས་པ་ལྟ་བུའོ། །དེ་བཞིན་དུ་དོན་གང་ཆེད་དུ་གཉེར་ནས་གཏད་པ་དེ་ལ་ངེས་པ་འདྲེན་པ་ནི། མི་མང་པོའི་ཁྲོད་ནས་གཅིག་ཡོད་མེད་ལ་ཆེད་དུ་ཡིད་


MR20_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ན་དེ་མཐོང་བ་ཙམ་གྱིས་ཡོད་པར་ངེས་ལ། གཞན་དབང་མངོན་ལ་སྣང་དུ་ཟིན་ཀྱང་རྗེས་སུ་ཡོད་མེད་མ་ངེས་པ་ལྟ་བུའོ། །དོན་གྱི་ཤུགས་ནི་ལྟད་མོ་སྣ་ཚོགས་པའི་ནང་ནས་ཡ་མཚན་པ་དང་ཉེ་ཞིང་གསལ་པོར་མཐོང་བ་དག་བྱེ་བྲག་ཏུ་ངེས་པ་ལ་སོགས་པ་བཞིན་ནོ། །ངེས་པ་མང་པོ་ལ་ཇི་སྐད་བཤད་པའི་རྒྱུ་དེ་དག་ཡོད་ན་གོ་རིམ་ཇི་ལྟར་སྐྱེ་སྙམ་ན། ངེས་པའི་རྒྱུ་ཆེས་ཤིན་ཏུ་ཉེ་བ་དེ་དང་པོར་སྐྱེ་ལ། དེ་བཞིན་དུ་སྐབས་དེའི་རྒྱུ་སྟོབས་ཆེ་བ་དག་གི་འབྲས་བུ་སྔར་སྐྱེ་སྟེ། དཔེར་ན་ཕ་ཡང་ཡིན་ལ་མཁན་པོའང་ཡིན་པའི་སྐྱེས་བུ་གཅིག་འོང་བ་ན། སྐྱེས་བུ་གཅིག་པོ་དེ་སྐྱེད་པར་བྱེད་པ་དང་ཀློག་སློབ་པ་གཉིས་ཀ་ཡིན་པ་ལ་ཁྱད་མེད་ཀྱང་། དེ་འོང་བ་ན་ཐོག་མར་བདག་གི་ཕ་འོང་ངོ་སྙམ་དུ་སེམས་ཀྱི་མཁན་པོ་འོང་ངོ་སྙམ་དུ་མི་སེམས་པ་ལྟ་བུ་སྟེ། ཕ་ཉིད་དུ་ངེས་པའི་རྒྱུ་ཆེས་ཤིན་ཏུ་ཉེ་བའི་དབང་གིས་ཡིན་པ་ལྟ་བུའོ། །དེས་ན་སྐད་ཅིག་མ་ཉིད་དུ་མངོན་སུམ་གྱིས་མཐོང་བས་རྒྱུ་ཡོད་ལ་བདག་མེད་པ་གོམས་པ་སོགས་ལྷན་ཅིག་བྱེད་རྐྱེན་ཡོད་དུ་ཟིན་ཀྱང་། དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ་མངོན་སུམ་ཁོ་ནས་སྐད་ཅིག་མར་ངེས་པ་འདྲེན་མི་ནུས་པ་ནི་འཁྲུལ་བ་གོམས་པས་བསླད་ནས་གེགས་བྱས་པ་ལས་ཡིན་ནོ། །གཉིས་པ་དངོས་པོའི་རྟོག་པ་སེལ་འཇུག་ཏུ་བསྟན་པར་རྩོད་པ་ལ། གཞན་གྱི་རྩོད་པ་རྣམ་པར་འགོག་པ་དང་། །དེ་ཡི་གྲུབ་དོན་རང་ལུགས་བཞག་པ་གཉིས། །དང་པོ་ལ། གཅིག་ལ་ཐ་དད་སྒྲ་བློ་མི་འཐད་དང་། །དུ་མར་གཅིག་སྒྲ་བློ་མི་འཐད་རྩོད་སྤང་། །དང་པོ་ལ། སེལ་བ་གཅིག་ལ་དུ་མའི་སྒྲ་འཇུག་འཐད། །དངོས་པོར་འདོད་ལ་དེ་མི་འཐད་པའོ། །དང་པོ། མུ་སྟེགས་བྱེ་བྲག་པ་ན་རེ། ཁྱོད་སྒྲ་རྟོག་སེལ་འཇུག་ཏུ་འདོད་པ་


MR20_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་སྐྱོན་ཡོད་དེ། ལོག་ལྡོག་རྫས་གཅིག་གམ་ཐ་དད། གཅིག་ན་ཆོས་ཆོས་ཅན་གྱི་སྒྲ་དེ་སོ་སོར་བརྗོད་པ་མི་རུང་ལ། བརྗོད་བྱ་སྒྲ་བློ་རྣམ་གྲངས་པར་འགྱུར་བ་ཁྱོད་རང་ལའང་མཚུངས་ཤིང་། ཐ་དད་ཡིན་ན་སྤྱི་གསལ་རྫས་གཞན་དུ་འདོད་པ་ལ་བརྗོད་པའི་ཉེས་པ་རང་ལའང་མཚུངས་པར་འགྱུར་རོ་ཞེ་ན། སྒྲ་རྟོག་སེལ་བའི་ཡུལ་ཅན་ཡིན་པ་དེ་ལའང་། གཞན་རྟ་ལ་སོགས་པ་ལས་ལྡོག་པ་ལ་བ་ལང་ཉིད་ཅེས་ཆོས་བརྗོད་པའི་སྒྲ་དང་། གཞན་ལས་ལོག་པ་བ་ལང་ཞེས་ཆོས་ཅན་བརྗོད་པ་ཞེས་བྱ་བའི་སྒྲ་དེ་དང་དེ་ལྟར་ངེས་པ་ཡི་རྟོག་པ་ཉིད་དག་ནི། ལོག་ལྡོག་རྫས་ཐ་དད་དུ་ཡོད་ནས་བརྡ་དེ་ལྟར་སྦྱར་བ་མིན་ཏེ། སྨྲ་བ་པོས་ནང་གི་བརྗོད་འདོད་ཀྱི་དབང་གིས་བརྡ་དེ་ལྟ་བུ་སྦྱར་བ་ཙམ་དུ་ཟད་ལ། ཆོས་དང་ཆོས་ཅན་གཉིས་སུ་སྣང་བ་ལྟ་བུ་ནི་བརྡ་དེ་ཡི་རྗེས་སུ་བྱེད་པ་ཙམ་གྱི་དབང་གིས་ཡིན་ནོ། །དེ་ལྟར་ན་བ་ལང་ཞེས་པ་དང་བ་ལང་ཉིད་ཅེས་པའི་སྒྲ་གཉིས་ཀས་ཀྱང་བརྗོད་བྱ་ནོག་དང་ལྐོག་ཤལ་དང་ལྡན་པའི་དངོས་པོ་གཅིག་པུ་བ་ལང་དེ་ཙམ་ཅིག་བརྗོད་པ་ལ་ཁྱད་པར་མེད་མོད་ཀྱི། བརྗོད་འདོད་ཀྱི་དབང་གིས་བ་ལང་གི་བ་ལང་ཉིད་ལྟ་བུ་བརྗོད་པའི་ཚེ་ན་བརྗོད་པ་དེས་འཕངས་པའི་བརྗོད་བྱའི་གཞན་སེལ་ལམ་ལྡོག་པ་ཙམ་གྱི་ཤན་གྱི་ཁྱད་པར་གྱིས། ཆོས་དང་ཆོས་ཅན་དུ་རྣམ་པར་དབྱེ་བ་དང་འབྲེལ་བ་གྲུབ་པའི་སླད་དུ་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་ཡང་སྦྱར་ནས་རྣམ་པར་དབྱེ་བ་ཐ་དད་པར་འབྱེད་པ་ཡི་ཚུལ་དེ་ཡིས། སེལ་བའི་བློ་ངོར་ཐ་དད་པ་ལྟ་བུའི་དོན་ཡོད་པ་བཞིན་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དགག་ཚིག་ཅན་ལའང་། རྟ་མ་ཡིན་པ་ཞེས་དང་། རྟ་མ་ཡིན་པ་ཉིད་ཅེས་པའང་ཆོས་ཅན་དང་


MR20_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྗོད་པའི་སྒྲར་འགྱུར་རོ། །ཆོས་ཆོས་ཅན་བརྗོད་པ་དེ་གཉིས་དོན་ལ་ཁྱད་མེད་ན་སྒྲ་བློ་རྣམ་གྲངས་པར་འགྱུར་ཞེ་ན་མི་འགྱུར་ཏེ། འདི་ལྟར་ཁྱད་པར་གཞན་ནི་སྤོང་བ་དང་མི་སྤོང་བ་དག་ནི་རིམ་པ་ལྟར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དེ་གཉིས་ཀྱི་བརྡ་ཡི་བྱེ་བྲག་གམ་ཁྱད་པར་ཡིན་ལ། དེ་ལས་གང་བརྗོད་པར་བྱེད་པ་ནི་བརྗོད་བྱ་བ་ལང་ལྟ་བུ་ལ་རྟོགས་པ་པོ་ཉན་པ་པོ་དང་སྨྲ་བར་བྱེད་པ་གཉིས་པོའི་ཤེས་ཤིང་བརྗོད་པར་འདོད་པའི་བློ་ཙམ་གྱི་རྗེས་སུ་བྱེད་པའི་གཞི་ཅན་ནམ་རྟེན་ཅན་ཡིན་ཏེ་ནང་གི་བརྗོད་འདོད་དེ་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །དེ་ཇི་ལྟར་ན། ནོག་དང་ལྐོག་ཤལ་ལྡན་པ་དེ་རྟ་ལ་སོགས་པ་གཞན་གྱི་ཁྱད་པར་རྣམ་པར་བཅད་པའི་དམིགས་བསལ་ཏེ་བརྗོད་པར་འདོད་པ་ཞིག་ན། འདི་རྟ་ལ་སོགས་པ་མ་ཡིན་ཏེ་བ་ལང་ཉིད་དོ་ཞེས་ལྡོག་པ་བརྗོད་ལ། དེས་ཁྱད་པར་གཞན་སྤང་བའི་སྒོ་ནས་བ་ལང་བརྗོད་པ་ཡིན་ལ། ཡང་ཁྱད་པར་གཞན་གཅོད་འདོད་ཀྱི་བློ་གཙོ་བོར་མ་བྱས་པར་ནོག་ལྐོག་ཤལ་ལྡན་པ་ལ་བ་ལང་ཉིད་དུ་སེམས་པ་ཙམ་ཞིག་ན། འདི་བ་ལང་ངོ་ཞེས་ཆོས་ཅན་གྱི་ངོ་བོ་ཙམ་བརྗོད་པར་ཟད་ལ་དེ་གཉིས་ཀ་ལའང་བརྗོད་བྱ་བ་ལང་ལས་གཞན་མེད་ཀྱང་བརྗོད་འདོད་བཞིན་དུ་གོ་བའི་ནུས་པ་སྒྲ་ལ་ཡོད་པས་ན་ཉིད་ཅེས་སྨྲོས་པའང་དོན་མེད་པར་མི་འགྱུར་རོ། །དེར་མ་ཟད། སྤྱི་དང་སྤྱི་ལྡན། བྱ་བ་དང་བྱ་བ་ཅན། ཡོན་ཏན་དང་ཡོན་ཏན་ཅན་སོགས་གཞན་ཀུན་ལའང་རྫས་ཏེ་ཆོས་ཅན་བརྗོད་པ་དང་། དངོས་པོ་སྟེ་ཆོས་བརྗོད་པའི་སྒྲ་ཡི་ཁྱད་པར་ནི་ཁྱད་པར་གཞན་སྤོང་མི་སྤོང་གི་དབྱེ་བ་འདི་ཙམ་ཉིད་དུ་ཟད་དོ། །དེ་ཕྱིར་ཆོས་ཆོས་ཅན་དེ་དག་བརྗོད་བྱ་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ་གཉིས་ཀས་ཀྱང་གཅིག་


MR20_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་ཕྱིར་རོ། །ཚུལ་དེ་དག་བརྗོད་པར་བྱེད་པའི་སྒྲ་ཡི་རྣམ་པ་ཐ་དད་པ་ཡོད་དེ། ཁྱད་པར་སྤོང་མི་སྤོང་གི་དོན་དེ་ལྟ་བུ་ཤེས་པར་བྱེད་འདོད་པས་སྒྲ་དེ་ལ་ཕན་པའི་དེ་ཕན་གྱི་རྐྱེན་སྦྱར་ནས་བསྟན་ན་བ་ལང་ཉིད་དང་བ་ལང་ཙམ་ལ་སོགས་པ་ལྟ་བུ་ཆོས་བརྗོད་པའམ། ཏི་སོགས་བྱེད་པ་ལྡན་པའི་རྐྱེན་གྱིས་བསྒྲུབས་ན་སྤྱིར་འཚེད་པ་ཙམ་ཆོས་ཅན་དང་འཚེད་པའི་བྱ་བ་ཉིད་སྟོན་པ་ལྟ་བུ་ཆོས་བརྗོད་པ་ཅན་ནམ། གལ་ཏེ་དེ་གཉིས་ལས་གཞན་པ་བྱེ་བྲག་ཏུ་བཤད་དུ་མེད་པ་ཡིན་བྱེད་ཀྱི་མཐའ་ཅན་དུ་བྱས་ན། ལྷས་བྱིན་གྱིས་ཉལ་ལྟ་བུ་དང་། རས་ཡུག་གི་དཀར་པོ་ཞེས་པ་ལྟ་བུ་ལྷས་བྱིན་དང་། རས་ཡུག་གིས་ཁྱད་པར་དུ་བྱས་པའི་ཉལ་བ་དང་དཀར་པོས་ནི། དེ་གཉིས་མ་ཡིན་པའི་ཉལ་བ་དང་དཀར་པོ་གཞན་སྤངས་པས་ཁྱད་པར་གཞན་སྤོང་བའི་སྒྲར་འགྱུར་ཏེ་ཆོས་བརྗོད་པར་འགྱུར་ལ། རང་བཞིན་དུ་ལྷས་བྱིན་ཉལ་བ་དང་རས་ཡུག་དཀར་པོ་ཙམ་བརྗོད་ན་ཁྱད་པར་གཞན་མི་སྤོང་བར་སྤྱི་ཙམ་དུ་གནས་པས་ཆོས་ཅན་བརྗོད་པར་འགྱུར་རོ། །དེ་ལ་སོགས་པ་ཚུལ་གཞན་གྱིས་བརྗོད་ཀྱང་རུང་ཁྱད་པར་སྤང་མི་སྤང་དེ་ལས་ཁྱད་པར་གཞན་གང་ཡང་མེད་དོ། །ཞེས་མདོར་ན་རྐྱེན་ཐམས་ཅད་སུ་བྲ་དང་ཏི་སོགས་བྱེད་ལྡན་གྱི་རྐྱེན་དང་། དེ་ཕན་གྱི་རྐྱེན་དང་། དེ་ལས་གཞན་མིང་མ་ཚང་བ་ཁ་སྐོང་བ་དང་རྣམ་དབྱེ་སོགས་ཡིན་བྱེད་ཀྱི་མཐའ་ཅན་ཞེས་བྱ་སྟེ་རྐྱེན་གྱི་མཐའ་དེ་གསུམ་དུ་འདུ་ལ། རྐྱེན་གང་གིས་བརྗོད་ཀྱང་དོན་ཁྱད་པར་སྤོང་མི་སྤོང་ཙམ་དུ་འདྲའོ། །ཞེས་སོ། །དེས་ན་བུམ་པ་མི་རྟག་ལྟ་བུ་བུམ་པ་རང་ཉིད་མི་རྟག་པར་བསྟན་པ་ཆོས་ཅན་ཙམ་བརྗོད་པ་དང་། བུམ་པའི་མི་རྟག་པ་ལྟ་བུ་བུམ་པའི་སྟེང་གི་མི་རྟག་པ་དམིགས་བསལ་བས་ཆོས་བརྗོད་པར་འགྲོ་ཡང་དོན་གཉིས་ཀས་བུམ་པ་


MR20_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་པར་སྟོན་ལ། སྔ་མས་ཁྱད་པར་གཞན་མ་སྤངས་པའི་ཕྱིར་བུམ་པའང་ཡིན་ལ་མི་རྟག་པའང་ཡིན་པ་ལྟ་བུར་སྟོན་ལ། ཕྱི་མས་ཁྱད་པར་གཞན་སྤངས་པའི་ཕྱིར་བུམ་པའི་སྟེང་གི་མི་རྟག་པ་དེ་ཙམ་སྟོན་གྱི་བུམ་པ་དང་གཞི་མཐུན་པ་ལྟར་མི་སྟོན་གྱི་བུམ་པ་ཁྱད་པར་བྱེད་ཆོས་ལྟ་བུར་སྟོན། དེ་བཞིན་དུ་སྤྱི་དང་སྤྱི་ལྡན་ལ་སྦྱར་ན། ཤིང་དང་ཤིང་ཉིད། ཤིང་ཤ་པ། ཤིང་གི་ཤ་པ། ཤ་པའི་ཤིང་ལ་སོགས་པ་ལྟ་བུ་དང་། བྱ་བ་དང་བྱ་བ་ཅན་ལ་སྦྱར་ན། འཚེད་པ། འཚེད་པ་ཉིད། འཚེད་པོ་ལྷས་བྱིན། ལྷས་བྱིན་གྱིས་འཚེད། ལྷས་བྱིན་གྱི་འཚེད་པ། འཚེད་པའི་བྱ་བ་སོགས་དང་། ཡོན་ཏན་དང་ཡོན་ཏན་ཅན་ལ་སྦྱར་ན། དཀར་པོ། དཀར་པོ་ཉིད། དཀར་པོ་ཁོ་ན། དཀར་པོ་ཙམ། ཁ་དོག་དཀར་པོ། དཀར་པོའི་ཁ་དོག །རས་ཡུག་དཀར་པོ། ཁ་དོག་གི་དཀར་པོ། རས་ཡུག་གི་དཀར་པོ་ལ་སོགས་པ་ཆོས་ཅན་དང་ཆོས་ཇི་སྙེད་པ་ཀུན་ལ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་བརྗོད་འདོད་ཀྱིས་ཁྱད་པར་གཞན་སྤོང་མི་སྤོང་གི་ཆེད་དུ་བརྡ་དེ་ལྟར་སྦྱར་བ་ཡིན་པས་ན། བུམ་པའི་སྟེང་གི་ཆོས་མི་རྟག་པ་ལྟ་བུ་བརྗོད་ན་ལོག་པ་བུམ་པའི་སྟེང་གི་ལྡོག་ཆོས་མི་རྟག་པར་བརྗོད་པས་དེས་བུམ་པ་རང་གི་སྟེང་ན་ཡོད་པའི་ཁྱད་པར་གཞན་བྱས་པ་སོགས་ཀྱང་གཅོད་ལ། བུམ་པ་མི་རྟག་ཅེས་ཆོས་ཅན་ཙམ་དུ་བརྗོད་ན་བུམ་པའི་སྟེང་གི་བྱས་པ་སོགས་ཆེད་དུ་མི་གཅོད་དེ་བུམ་པ་མི་རྟག་པ་ཙམ་བརྗོད་བྱར་སྟོན་ནོ། །འོ་ན་སྒྲ་ཐམས་ཅད་རྣམ་གཅོད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་བ་ལང་ཞེས་ཆོས་ཅན་བརྗོད་པ་ལའང་ཁྱད་པར་གཞན་རྟ་ལ་སོགས་པ་གཅོད་པ་ཅི་སྟེ་མེད། དེས་ན་


MR20_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གཞན་སྤོང་བ་ཞེས་པ་མི་འཐད་སྙམ་ན། བ་ལང་ཞེས་ཆོས་ཅན་བརྗོད་པའི་སྒྲ་ལའང་ཁྱད་པར་གཞན་གཅོད་པ་ངེས་པར་ཡོད་ཀྱང་བརྗོད་འདོད་ཀྱི་དབང་གིས་བ་ལང་ཙམ་དུ་ཤེས་པར་བྱ་བ་དང་། དེ་ལ་རྟ་ཡོད་པ་སོགས་གཅོད་པར་ཤེས་པའི་དོན་དུ་ཉིད་སྒྲས་ལྡོག་པ་བརྗོད་ཀྱི་དོན་ལ་རང་ལས་གཞན་པ་ཀུན་བསལ་བའི་བ་ལང་བརྗོད་པར་ཁྱད་མེད་ཅེས་པ་རྒྱུ་མཚན་དེའི་ཕྱིར་ཡིན་ནོ། །དེས་ན་རྣམ་དབྱེ་དང་རྐྱེན་དང་ཚིག་གི་བརྗོད་པ་དག་ལས་དོན་ཐ་དད་མིན་ཡང་ལྷས་བྱིན་གྱི་རིལ་བ་ལྟར་ཐ་དད་པའི་ཚུལ་དུ་ཚིག་གི་ཤན་སྟོབས་ཀྱིས་བློ་ཡུལ་དུ་འཕངས་པ་ཙམ་སྟེ་བརྗོད་འདོད་ཀྱི་དབང་གིས་འཇུག་པ་ཙམ་དུ་ཤེས་པར་བྱའོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་སྒྲ་ཐམས་ཅད་གཞན་སེལ་བ་ཙམ་གྱི་ཡུལ་ལ་འཇུག་པར་ཁས་ལེན་པ་ལ་ནི་སྒྲས་བརྗོད་བྱ་རྟག་པའི་སྤྱི་དེ་དང་ལྡན་པར་འདོད་པའི་ཕྱོགས་ལ་བརྗོད་པ་ཡི་སྐྱོན་རྣམས་བསལ་བ་ཡིན་ལ། གཞན་སྒྲས་བརྗོད་བྱ་སྤྱིའམ་རིགས་གང་ཡིན་པ་དེ་དང་། རིགས་དེ་དང་ལྡན་པ་གསལ་བ་དག་ཐ་དད་པ་ཉིད་ན་ཉེས་པར་འགྱུར་ཏེ། ཀུན་བཏུས་ལས། རང་དབང་མེད་ཕྱིར་དེ་ལྡན་མིན། །བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །འབངས་ལ་རྒྱལ་པོར་བཏགས་པ་བཞིན། །ཞེས་གསུངས་པ་ལྟར། བ་ལང་གི་སྒྲས་དངོས་ཀྱི་བརྗོད་བྱ་བ་ལང་གི་སྤྱི་རྟག་དངོས་ཡིན་ན། དེ་ལྡན་གསལ་བ་རྫས་ཐ་དད་ལ་སྒྲ་དེ་རང་དབང་གིས་མི་འཇུག་སྟེ། ཀ་བའི་མིང་བུམ་པ་ལ་མི་འཇུག་པ་བཞིན། དེས་ན་སྤྱི་བརྗོད་པའི་སྒྲས་དེ་ལྡན་གོ་བ་མིན་ལ། གཞན་ཡང་བ་ལང་གི་མིང་བ་ལང་གི་གསལ་བ་རྣམས་ལ་བཏགས་པ་ཁོ་ནས་འཇུག་པར་ཐལ་བའི་ཕྱིར་དང་། དེ་ལྟ་ནའང་བཏགས་པ་དེ་དོན་མི་མཐུན་ཏེ། བརྗོད་བྱ་སྤྱི་རྟག་པ་དེ་དང་


MR20_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་གི་གསལ་བ་མི་རྟག་པ་གཉིས་གཞི་མཐུན་མི་སྲིད་པས་འབངས་ལ་རྒྱལ་པོར་བཏགས་པ་བཞིན་དོན་མེད་དོ། །ཞེས་སོ། །གཉིས་པ་སྒྲ་ཡུལ་དངོས་པོར་འདོད་པ་ལ་གཅིག་ལ་དུ་མའི་སྒྲ་འཇུག་པ་སོགས་མི་འཐད་པའི་ཚུལ་ནི། བརྡ་སྤྲོད་པ་དང་བྱེ་བྲག་པ་གང་དག་གི་ལུགས་ལྟར་ན་ཚིག་རྣམས་བརྗོད་བྱ་རང་མཚན་གྱི་དངོས་པོའི་དབང་གིས་འཇུག་པ་ལྷུར་ཏེ་གཙོ་བོར་བརྗོད་པ་ཅན་དུ་འདོད་ཀྱི། ནང་གི་བརྗོད་འདོད་ཙམ་ལ་མི་བརྟེན་པ་ཉིད་དུ་ཁས་ལེན་པ་དེ་དག་ལ་ནི། ངོ་བོ་ཐ་དད་མེད་པ་ལ་རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་སྦྱར་བ་དང་། གཅིག་ལ་མང་ཚིག་སྦྱར་བ་དང་། མང་པོ་ལ་གཅིག་ཚིག་སྦྱར་བ་སོགས་ཀྱི་དབྱེ་བ་དང་། ལ་སོགས་པའི་སྒྲས་བ་ལང་གི་དངོས་པོ་ནི་བ་ལང་ཉིད་དོ་ལྟ་བུ་དང་། ཉལ་བཞིན་ཁ་གདངས་པ་ལ་ཁ་གདངས་ནས་ཉལ་ལོ་ཞེས་སྔ་ཕྱི་རིམ་ཅན་ལྟ་བུར་བསྟན་པ་ལ་སོགས་མི་འཐད་པའི་ཀླན་ཀ་བྱ་བར་རིགས་སོ། །དེས་མཚོན་ནས། དངོས་པོ་མེད་པ་ནི་ཡོད་པ་ཁོ་ནའོ། །ཤི་བའི་གང་ཟག་ནི་མེད་དོ། །གང་ཟག་ཤི་བ་ནི་ཡོད་དོ། །བུམ་པ་ཁོ་ན་ནི་མེད་དོ། །བུམ་པ་དེ་བུམ་པ་ཁོ་ན་ཡིན་ནོ། །ཞེས་པ་ལ་སོགས་པ་འདི་འདྲའི་རིགས་ཐམས་ཅད་བརྗོད་འདོད་ཀྱིས་རང་གི་ཞེ་འདོད་གསལ་བར་བྱེད་པ་ཙམ་ཡིན་པས་ཚིག་ལ་མཐའ་གཅིག་ཏུ་ཞེན་ན་རང་གི་དམ་བཅས་པའི་ཚིག་དེ་ལའང་རྣམ་པ་གཞན་དང་གཞན་གྱི་གནོད་པ་འབབ་པས་དོན་ལ་འགལ་བའི་ཚིག་མིན་ཕན་ཆད་བརྗོད་འདོད་ལ་མཐའ་གཅིག་ཏུ་ངེས་པ་མེད་པར་ཤེས་པར་བྱའོ། །དེས་ན་ཚིག་དངོས་དབང་གིས་འཇུག་པར་འདོད་པའི་ལུགས་ལ། བ་ལང་གི་བ་ལང་ཉིད་ཅེས་དྲུག་པ་དང་། བ་ལང་ལ་བ་ལང་ཉིད་ཡོད་ཅེས་བདུན་པ་དང་། བ་ལང་ཉིད་


MR20_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུ་མཚན་གྱིས་བ་ལང་ལ་སྒྲ་འཇུག་ཅེས་གསུམ་པ་དང་། རྫས་སོགས་ཆོས་མང་བས་ན་བ་ལང་ཉིད་ལ་སོགས་པ་རྣམས་ཞེས་མང་ཚིག་སྦྱར་བ་ལ་སོགས་པ་མི་རུང་བར་འགྱུར་རོ། །སྒྲ་འཇུག་པའི་རྒྱུ་མཚན་ཕྱི་རོལ་བརྗོད་བྱའི་དོན་གྲུབ་པ་ལ་མི་ལྟོས་པའི་ཚིག་གང་ཞིག་སྨྲ་བ་པོས་ཆོས་ཐ་དད་གཅིག་ཏུ་བསྡུ་བ་དང་། གཅིག་ལ་ཐ་དད་དུ་འབྱེད་པ་དང་། མང་ཚིག་ཉུང་ཚིག་དང་ཁྱད་གཞི་ཁྱད་ཆོས་སུ་སྦྱར་ནས་སྟོན་ཚུལ་མི་འདྲ་བ་སོགས་ཇི་ལྟ་བུར་ཞེ་འདོད་ཀྱིས་བཅད་པ་ལྟར་བརྡ་སྦྱར་ནས་ཚིག་བརྗོད་པ་ན། ཞེ་འདོད་ཀྱི་དོན་དེ་གསལ་བའི་རྗོད་བྱེད་ཉིད་དུ་ངེས་པར་བྱེད་པ་དེ་དག་དེ་ཁོ་ན་བཞིན་དུ་བློ་ལ་དེའི་རྣམ་པ་སྐྱེད་པའི་རྗོད་བྱེད་དུ་འགྱུར་བ་ཡིན་གྱི་དོན་གྲུབ་མ་གྲུབ་ལ་མི་ལྟོས་ཏེ། དོན་མེད་ཀྱང་སྒྲའི་རྣམ་གཅོད་ཀྱི་སྟོབས་ལས་གཙོ་བོ་དང་། ཡན་ལག་ཅན་གྱི་ལ་དང་། རི་བོང་གི་རྭ་སོགས་ཀྱང་བརྗོད་པ་བཞིན་ནོ། །ཇི་ལྟར་བརྗོད་པས་འཕངས་པའི་མིང་དོན་གྱི་རྣམ་པར་སྣང་བ་དེ་དང་བརྟག་བྱ་ཕྱི་རོལ་གྱི་དོན་སྣང་བརྟག་གཅིག་ཏུ་བསྲེས་ནས་ཡུལ་དེ་ཡོད་མེད་དང་ཡིན་མིན་དུ་སེམས་ཤིང་འཇལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བུ་མིན་ན་བཙུན་མོ་གཅིག་ལ་བུད་མེད་མང་པོའི་ཡོན་ཏན་ལྡན་པའི་ཕྱིར་བཙུན་མོ་རྣམས་ཞེས་མང་ཚིག་སྦྱར་བ་དང་ཕོའི་རྟགས་མཐའ་ཅན་དུ་བརྡ་སྤྲོད་ཀྱི་གཞུང་ལས་བཤད་པ་དང་། གྲོང་དྲུག་ལྡན་གྱི་གྲོང་ཁྱེར་གཅིག་ཅེས་དུ་མ་ལ་གཅིག་ཚིག་དང་། ལ་སོགས་པའི་སྒྲས་བྱེ་མ་གཅིག་ལའང་བྱེ་མ་རྣམས་ཞེས་དང་། གང་ཟག་གཅིག་ལའང་ཁྱོད་ཅེས་གཅིག་ཚིག་དང་། ཞེས་སྦྱར་ན་ཁྱེད་ཅེས་མང་ཚིག་དང་། མེ་ཏོག་དུ་མ་ལའང་མེ་ཏོག་གི་ཕྲེང་བ་གཅིག་ཅེས་དང་། ཆོས་དང་ཆོས་ཅན་བྱས་དང་མི་རྟག་སོགས་


MR20_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ཐ་དད་མིན་ཀྱང་སེལ་བའི་སྒོ་ནས་ཐ་དད་པའི་དངོས་པོ་ལྟ་བུར་བསྟན་ཅིང་དྲུག་སྒྲ་དང་མིང་ཚིག་འཇུག་པ་དང་། ཐ་དད་ཀྱང་ཤིང་དང་མེ་ལ་སོགས་པ་ལ་བེམ་པོ་ཞེས་ཐ་དད་པའི་དངོས་པོ་མིན་པ་གཅིག་པ་ལྟ་བུར་བཞག་པའམ། ནམ་མཁའི་རང་བཞིན་ནི་ནམ་མཁའ་ཉིད་དོ་ཅེས་བྱ་བ་འདི་ལ་རྗོད་བྱེད་དེ་ལྟར་འཇུག་པའི་རྒྱུ་མཚན་བརྗོད་བྱ་ལ་དེ་ལྟར་གྲུབ་པ་ཅི་ཞིག་ཡོད་དེ་ཡོད་མི་ཤེས་སོ། །ནམ་མཁའ་ཞེས་ཆོས་ཅན་དང་། དེའི་རང་བཞིན་ནི་ནམ་མཁའ་ཉིད་དོ་ཞེས་ནམ་མཁའ་དང་དེའི་རང་བཞིན་དུ་གྱུར་པའི་ནམ་མཁའ་ཉིད་ལ་ཁྱད་པར་ཐ་དད་ཅི་ཡོད་དེ་ནམ་མཁའ་གཉིས་སུ་གྲུབ་པ་མེད་པས་སོ། །དེ་ལ་དངོས་པོའི་རྐྱེན་ཉིད་སྒྲ་སྦྱར་བའང་མི་འཐད་དེ་ངོ་བོ་མེད་པས་སོ། །གལ་ཏེ་ནམ་མཁའི་སྤྱི་ཡོད་པས་ཉིད་སྒྲ་སྦྱོར་བ་ཡིན་སྙམ་ན་ནམ་མཁའ་ནི་གཞན་གང་དང་ཡང་མི་འདྲ་ལ་ཐུན་མོང་མིན་པའི་ཕྱིར་དེ་དང་མཚུངས་པ་གཞན་མེད་པས་གཞན་དང་ཐུན་མོང་དུ་གྱུར་པའི་སྤྱི་མེད་དོ། །ཡོད་པ་དང་རྫས་ལ་སོགས་པ་དེའི་སྤྱི་ཡིན་ནོ་སྙམ་ན་ཡང་། དེ་ནི་བུམ་པ་དང་རས་ཡུག་སོགས་ལའང་ཐུན་མོང་ཡིན་པའི་ཕྱིར་ནམ་མཁའི་རང་བཞིན་ཁོ་ན་མ་ཡིན་ནོ། །ཡོད་པ་དང་རྫས་ཙམ་ནམ་མཁའ་ཉིད་ཅེས་པའི་སྒྲ་འཇུག་པའི་རྒྱུ་ཡང་མིན་ཏེ། ཡོད་པ་དང་རྫས་ཙམ་ནམ་མཁའ་ཞེས་ཤེས་བརྗོད་ཀྱི་རྒྱུ་མ་ཡིན་ནོ། །ནམ་མཁའི་སྟེང་གི་རྫས་དང་ཡོད་པ་ཁོ་ནར་བཟུང་ན་ནི་སྤྱི་མིན་ཏེ་གཞན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །ནམ་མཁའ་ལས་གཞན་པའི་ནམ་མཁའི་ཡོད་པ་དང་རྫས་དམིགས་སུ་མེད་དོ། །ཁྱབ་པ་ལ་སོགས་པའི་ཡོན་ཏན་ནམ་མཁའི་རང་བཞིན་ཉིད་ཡིན་ནོ་སྙམ་ན། ཁྱབ་པ་


MR20_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་སོགས་པ་ནམ་མཁའི་རང་བཞིན་ཡིན་ན་ཡོན་ཏན་དེ་དག་ནམ་མཁའ་ཁོ་ནར་འགྱུར་ཏེ་ནམ་མཁའ་ཉིད་ཡིན་པས་སོ། །དེ་ལྟ་ན་ཁྱབ་པ་ལ་སོགས་པ་ནམ་མཁའ་བཞིན་དུ་ངོ་བོ་མེད་པ་ཁོ་ནར་འགྱུར་རོ། །གཞན་ཡང་ཁྱབ་པ་ཉིད་ལ་སོགས་པ་ནམ་མཁའ་ལས་ཐ་དད་པར་དྲུག་སྒྲས་བསྟན་པ་ལྟར་གཞན་དུ་ཡོད་ན་ནམ་མཁའ་ལ་ཁྱབ་པའང་མེད་ལ། ཐ་མི་དད་ན་ཁྱབ་པའང་ནམ་མཁའ་ལས་གཞན་དུ་མེད་པས་དེ་ལྟར་དྲུག་པའི་སྒྲ་སྦྱར་བའང་དོན་མེད་པར་འགྱུར་རོ། །གཉིས་པ་ཆོས་དུ་མ་ལ་གཅིག་གི་སྒྲ་བློ་མི་འཐད་པར་རྩོད་པ་ལ། གཅིག་སྒྲ་འཇུག་རྒྱུ་སྤྱི་ནི་སེལ་བར་བསྟན། །དེ་ཡི་དོགས་པ་སྤངས་ནས་འཐད་པར་བསྒྲུབ། །རྩོད་པ་གཉིས་པོ་སྤོང་བའི་མཇུག་སྡུད་གསུམ། །དང་པོ། གསལ་བའི་དངོས་པོ་རྣམས་གཞན་དང་མ་འདྲེས་པར་གནས་པ་ལ་ཕན་ཚུན་རྗེས་སུ་འགྲོ་བ་མེད་ལ་དེ་ལས་གཞན་པའི་སྤྱི་མེད་པས་ན། ཤིང་དུ་མ་ལ་ཤིང་ཞེས་གཅིག་གི་སྒྲ་བློ་འཇུག་པ་མི་འཐད་པས་སྤྱིའི་ཐ་སྙད་མེད་པར་འགྱུར་རོ་ཟེར་ན། རྣམ་པར་དཔྱད་ན་སྤྱི་མེད་ཀྱང་རྟོག་པས་རྣམ་པར་བཏགས་ནས་བཞག་པ་སྟེ། ཕན་ཚུན་ཐ་དད་པའི་དངོས་པོ་ཤིང་གི་གསལ་བ་རྣམས་ལ་བརྟེན་ནས། ཤིང་ཙམ་གྱི་དོན་གཅིག་ཏུ་ནི་རིལ་པོར་སྣང་བའི་བློ་རྣམ་པར་རྟོག་པ་གང་གི་རང་གི་ངོ་བོ་དེ་ཡིས་གཞན་ཤིང་གསལ་རྣམས་མ་འདྲེས་པར་ཡོད་པ་ཅན་གྱི་ངོ་བོ་སྒྲིབ་པར་བྱེད་པ་ཡིན་ལ། དེ་ཡང་སྒྲིབ་བྱེད་རྟོག་པ་ལ་ཤིང་རང་མཚན་དུ་ཞེན་པ་དེས་བསྒྲིབ་བྱ་ཤིང་གསལ་རྣམས་ཀྱི་བདག་ཉིད་དམ་ངོ་བོ་ཐ་དད་ཀྱང་། ཐ་དད་པ་ཉིད་བསྒྲིབས་པ་ཡིས་བསྲེས་པ་ལྟར་བྱས་ནས། ཚུལ་ཇི་ལྟར་ན་ཤིང་གསལ་གྱི་དངོས་པོ་རྣམས་ཤིང་མིན་ལས་ལོག་པར་རིགས་མཚུངས་པའི་


MR20_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བའི་ངོ་བོ་འགའ་ཞིག་གིས་ཐ་དད་མིན་པ་གཅིག་ལྟ་བུར་སྣང་བ་ཡིན་ནོ། །ཕྱི་རོལ་ན་སྤྱི་མེད་ཀྱང་རང་གི་རྟོག་པ་ལ་དེ་ལྟར་སྣང་བ་དེ་ལ་ནང་གི་བསམ་པའི་དབང་གིས་ན། ཕྱི་རོལ་གྱི་དོན་ལ་སྤྱི༷་ཞེས་བྱ་བ་ཞིག་ཡོད་པར་ནི་རབ་ཏུ་བསྒྲགས་སོ། །དེ་ལྟར་སྤྱི་འཛིན་གྱི་རྣམ་པར་རྟོག་པ་དེ་ཡིས་ཇི་ལྟར་ཀུན་ཏུ་བཏགས་པ་ཡི་སྤྱི་དེ་ནི་དམ་པའི་དོན་དུ་མེད་དེ། འདི་ལྟར་གསལ་བ་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་མི་འགྲོ་བས་ན་དེ་སྤྱི་དང་གཅིག་མ་ཡིན་ལ། གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དོན་གཞན་པའམ་ཐ་དད་པ་ནི་མ་འཁྲུལ་བའི་བློ་ལ་སྣང་བ་མེད་པས་ན་དེ་ནི་དེ་ལྟར་སྒྲོ་བཏགས་པ་ཙམ་དུ་ཟད་པ་ཡིན་ནོ། །ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བ་དེ་སྤྱི་ཡིན་ལ་དེ་ཡང་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་ཡོད་པ་ཁོ་ནའོ་སྙམ་ན། སྤྱི་འཛིན་ཤེས་པ་ལས་ཐ་དད་མ་ཡིན་པའི་རྣམ་པ་དེ་ནི་ཇི་ལྟར་དོན་གཞན་ཕྱི་རོལ་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ་ནང་གི་ཤེས་པ་དང་རྫས་གཅིག་ཡིན་པའི་ཕྱིར་རོ། །དེས་ན་དོན་གསལ་བ་རྣམས་ལ་བདག་གམ་ངོ་བོ་གཅིག་ཏུ་འཛིན་པའི་སྤྱི་འཛིན་གྱི་རྣམ་རྟོག་འདི་རང་གི་སྣང་ཡུལ་ལ་དོན་རང་མཚན་དུ་འཁྲུལ་བའམ་ལོག་པ་ཡིན་ནོ། །འོ་ན་སྤྱི་ཕྱི་རོལ་ན་མེད་ན་དེ་འཛིན་གྱི་སྒྲ་བློ་རྒྱུ་མེད་དུ་འགྱུར་རོ་ཞེ་ན། ཤིང་ཞེས་པའི་མིང་དང་ཤིང་མིན་ལས་ལོག་ཙམ་གྱི་དོན་གང་དང་ལྡན་པ། ཤིང་གི་གསལ་བ་ཕན་ཚུན་དུ་གཅིག་ལ་གཅིག་མེད་པའི་ཐ་དད་པ་རྣམས་ནི་སྤྱི་འཛིན་གྱི་རྣམ་རྟོག་འདི་ཡི་ས་བོན་ཡིན་ནོ། །གཉིས་པ་དེ་ལ་དོགས་པ་སྤངས་ནས་འཐད་པར་བསྒྲུབ་པ་ལ། ཐ་དད་གཅིག་གི་བློ་རྒྱུར་འཐད་པ་དང་། དོན་མེད་ཀྱང་ནི་དོན་དང་འདྲ་བར་འཐད། །དང་པོ། གསལ་བ་ཐ་དད་པས་སྤྱི་འཛིན་གྱི་བློ་ཡི་རྣམ་པ་གཅིག་སྐྱེད་པར་


MR20_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་ཅེ་ན། གསལ་བ་རྣམས་ལ་རིགས་གཅིག་ཏུ་རྟོ༷གས་པ་སྤྱི་འཛིན་ཤེས་པ་དང་། དོན་སྔོན་པོ་སོགས་ཤེས་པའི་མངོན་སུམ་དང་། ལ་སོགས་པ་ཞེས་པས་མེ་དང་ཁང་པ་ལ་སོགས་པ་དོན་གཅིག་སྒྲུབ་པ་ལ་ཤིང་གསལ་ལྟ་བུ་སོགས་རྒྱུ་འགའ་ཞིག་ནི་རང་གི་ངོ་བོ་ཐ་དད་ཡིན་ཡང་དངོས་པོའི་ཆོས་ཉིད་དམ་རང་བཞིན་གྱིས་དེ་ལྟར་སྐྱེད་པར་ངེས་ཏེ། དཔེར་ན་དབང་པོ་དང་ལ་སོགས་པ་ཞེས་པས་ཡུལ་དང་ཡིད་བྱེད་དག་ངོ་བོ་ཐ་དད་ལ་སྤྱི་ཐུན་མོང་པ་འབྲས་བུ་སྐྱེད་ནུས་གཞན་དེ་ལ་མེད་ཀྱང་དབང་ཤེས་གཅིག་སྐྱེ་བ་བཞིན་ཏེ། དཔེར་ན་སླེ་ཏྲེས་དང་པཪྤ་ཏ་སོགས་སྨན་ཁ་ཅིག་ངོ་བོ་ཐ་དད་པ་ཡིན་ཀྱང་། དེ་དག་ལྷན་ཅིག་ཏུ་སྦྱར་བར་གྱུར་པའམ། ཡུལ་དུས་ཐ་དད་པའི་པཪྤ་ཏ་ཡི་བྱེ་བྲག་སོ་སོ་བ་དེ་ཡིས་ཀྱང་། ཐུན་མོང་གི་ནུས་པས་འབྲས་བུ་རིམས་ལ་སོགས་པ་ཞི་བའི་བྱ་བ་གཅིག་བྱེད་པར་མཐོང་གི་ཞོ་དང་ག་གོན་སོགས་གཞན་གྱིས་ནི་རིམས་དེ་ཞི་བ་མ་ཡིན་པ་བཞིན་ནོ། །འབྲས་བུ་གཅིག་བྱེད་པའི་རྒྱུ་དེ་རྣམས་ལ་འབྲས་བུ་དོན་གཅིག་པོ་དེ་བྱེད་པའི་སྤྱི་ཐུན་མོང་བ་ཡོད་པས་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྤྱི་ནི་རྟག་པ་གཅིག་པུ་ཁྱབ་པ་ཆ་ཤས་མེད་པ་ཡིན་ན། སྨན་སོགས་ཀྱི་སྤྱི་ལ་ཁྱད་པར་མེད་པའི་ཕྱིར་སྤྱིས་ནད་ཞི་བ་མ་ཡིན་ལ། སྨན་དེ་དག་སྐྱེ་བའི་ཞིང་དང་དུས་དང་སོ་ནམ་སོགས་རྒྱུ་ཐ་དད་ཀྱང་ནད་ཞི་བ་ལ་མྱུར་བུལ་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། གཞན་ཡང་རང་གི་ངོ་བོ་མི་འགྱུར་བའི་རྟག་པའམ་བརྟན་པས་ནི་འབྲས་བུ་ལ་ཕན་འདོགས་པ་མེད་པའི་ཕྱིར་ཡང་སྤྱིས་བསྐྱེད་པ་མིན་ནོ། །གཉིས་པ་སྤྱི་སྣང་ལ་དོན་དངོས་སུ་མེད་ཀྱང་དོན་ཡོད་པ་ལྟ་བུར་སྣང་བར་བསྟན་པ་ནི། དེ་ལྟར་སྤྱི་ལ་དོན་དུ་གྲུབ་པ་གང་ཡང་


MR20_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་དེ་ལ་དགག་སྒྲུབ་བྱས་པས་དོན་རང་མཚན་ལ་གོ་བ་དང་། སྤྱི་ཁེགས་པས་བྱེ་བྲག་ཁེགས་པ་དང་། བྱེ་བྲག་གྲུབ་པས་སྤྱི་གྲུབ་པ་སོགས་མི་འཐད་དོ་ཞེ་ན། ཤིང་གསལ་གྱི་རང་བཞིན་དེ་དངོས་སུ་འཛིན་པར་རློམ་པ་སྣང་བརྟག་གཅིག་ཏུ་བསྲེས་ནས་བཟུང་བའི་སྤྱི་འཛིན་གྱི་རྣམ་རྟོག་གི་བློ་ལ་དཔྱད་ན་ཤིང་རང་མཚན་གྱི་དོན་བཟུང་བ་མེད་ཀྱང་། མ་བརྟགས་པར་ཞེན་པའི་ངོར་རང་མཚན་དེ་ཡི་དོན་དངོས་སུ་ཡོད་པ་ཅན་འདྲ་སྟེ། ཤིང་རང་མཚན་མྱོང་བའི་བག་ཆགས་ལས་སྐྱེས་ཤིང་། རང་གི་སྣང་ཡུལ་དེ་ལ་ཕྱི་རོལ་གྱི་ཤིང་རང་མཚན་དུ་ཞེན་པའི་ཕྱིར། དེ་ཡང་ཤིང་དེ་ཡི་འབྲས་བུ་མེ་འབུད་པ་ལ་སོགས་པ་ཅན་མིན་པའི་དོན་གཞན་རིགས་མི་མཐུན་པ་ལས་ཐ་དད་པའམ་ལོག་པའི་མཐར་ཐུག་པ་ཤིང་རང་མཚན་ལས་བརྒྱུད་ནས་སྐྱེ་བ་སྤྱི་བློ་གང་ཡིན་པ་དེ་ལ་སྣང་བའི་རང་ཡུལ་གྱི་ངོ་བོ་དེ་ནི་ཕྱི་རོལ་གྱི་དོན་ཡིན་པ་ལྟ་བུ་དང་། རང་མིན་ལས་ལྡོག་པའི་ཡོངས་གཅོད་གཅིག་གི་རྣམ་པ་ལྟ་བུ་དང་། རིགས་མི་མཐུན་པ་གཞན་ལས་ལོག་པའི་རང་མཚན་དངོས་ཡིན་པ་ལྟ་བུར་སྣང་བ་གང་ཡིན་པ་དེ་ལ་བརྡ་འདོགས་པར་བྱེད་པ་པོ་རྣམས་ཀྱིས་དེ་ལྟར་ལྷག་པར་ཞེན་ནས་ཐ་སྙད་ལ་འཇུག་པར་འགྱུར་རོ། །དེ་ལྟ་ནའང་དོན་སྤྱི་འཛིན་གྱི་སྣང་ཡུལ་མེ་ལྟ་བུ་དེ་ལ་འབྲས་བུ་དོན་གཉེར་གྱི་སྐྱེས་བུས་བཙོ་སྲེག་གི་དོན་བྱེད་ནུས་སོགས་སུ་བརྟག་པ་ཡི་ཡན་ལག་ཅུང་ཟད་ཀྱང་མེད་པའི་ཕྱིར་སྣང་བ་དེ་རང་མཚན་དེ་ཉིད་མིན་ནོ། །གལ་ཏེ་ཡིན་ན་མེ་སྣང་དེས་ཀྱང་གྲང་རེག་འགོག་པ་དང་། ལྷ་ཡུལ་གྱི་དོན་སྤྱི་སྣང་བས་ཀྱང་ལྷ་ཡུལ་མངོན་སུམ་མཐོང་བར་ཐལ་ལོ། །དེས་ན་སྤྱི་འཛིན་གྱི་ཤེས་ངོ་ལ་ཡོད་པའི་སྣང་ཡུལ་གྱི་དོན་དེ་རྣམས། འདི་ལྟར་ཤིང་མིན་སོགས་ལས་


MR20_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའི་ངོ་བོ་ཅན་དུ་སྣང་བ་དེས་ན་ཐ་དད་མིན་པ་གཅིག་ལྟ་བུར་ཡང་སྣང་ལ། སྣང་ཡུལ་གསེར་བུམ་ལྟ་བུ་དེ་ཉིད་གཞན་རིགས་མཐུན་པ་ལས་ཀྱང་ལོག་པར་གྱུར་པ་རང་མཚན་ཡིན་པར་ཡང་སྣང་སྟེ། དེས་ན་སེལ་ངོའི་སྣང་བ་དེ་ལ་གཅིག་ཏུ་སྣང་བའི་ཆ་ནས་སྤྱི་ཞེས་སུ་འཇོག་པ་དང་ནི། ལོག་པ་རང་མཚན་ལྟར་སྣང་བའི་ཆ་ནས་འདི་ཨུཏྤལ་ཀྱང་ཡིན་ལ་སྔོན་པོའང་ཡིན་ལྟ་བུའི་གཞི་མཐུན་པ་ཞེས་སུ་འཇོག་སྟེ། དེ་ལྟར་ལྡོག་པ་དང་གཞི་མཐུན་ཞེས་པའི་སྤྱོད་ཡུལ་ཅན་དག་གི་སྟེ་དེ་ལྟར་བློས་ཤེས་པ་དང་ནི་ངག་གིས་བརྗོད་པ་ཡི་ཐ་སྙད་གང་ཞིག །དཔྱད་ན་དབྱེ་བསྡུའི་རྟོག་པས་བཅོས་མ་ནོར་བའི་དོན་ཅན་རྣམས་འཇུག་ཅིང་རྒྱས་པར་བྱེད་དོ། །གལ་ཏེ་ཐ་སྙད་རྣམས་ནོར་བའི་དོན་ཅན་ཡིན་ན་ཐ་སྙད་དེས་འཇུག་ཡུལ་མི་འཐོབ་པར་འགྱུར་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང་། སྒྲ་རྟག་འཛིན་རྟོགས་པ་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་མི་འཐད་པར་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་ཤེས་བརྗོད་ཀྱི་ཐ་སྙད་དེ་ཀུན་ཀྱང་ཕན་ཚུན་གཅིག་ལ་གཅིག་འདྲེ་བ་མེད་པའི་རང་མཚན་ལ་བརྟེན་པ་སྟེ་དེ་ལ་མཐར་ཐུག་པའོ། །དེས་ན་རང་གི་ངོ་བོ་ནི་དངོས་པོ་དེ་ལ་སྒྲོ་འདོགས་པ་གཞན་སེལ་བའི་ཡུལ་ཅན་ཡིན་པ་དང་། ཐ་སྙད་ཀྱི་རྟོག་པ་གང་ལ་ཞེན་པས་ཞུགས་ན་དེས་བཟུང་བ་ལྟར་དངོས་པོ་ལ་གྲུབ་པ་ཡིན་ན་ནི། རྟོག་པ་དེ་དངོས་པོ་དང་ཡུལ་ཡུལ་ཅན་དུ་དོན་གྱི་འབྲེལ་པ་ཡོད་པ་དེ་ནི་ཐ་སྙད་ཀྱིས་ཇི་ལྟར་བཅད་པ་ལྟར། རང་མཚན་གྱི་དངོས་པོ་རྙེད་པའམ་ཐོབ་པའི་རྟེན་དུ་རུང་བ་ཡིན་ཏེ། དཔེར་ན་རྗེས་དཔག་གི་སྣང་ཡུལ་དོན་སྤྱི་ཡིན་ཀྱང་། དེས་བཅད་པ་ལྟར་རང་མཚན་ལ་མི་བསླུ་བར་ཇི་སྐད་བཤད་པ་ཇི་ལྟ་བ་བཞིན་ནོ། །དེས་ན་ཐ་སྙད་དོན་མཐུན་


MR20_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་མི་མཐུན་གྱི་རྟོག་པ་ཐམས་ཅད་དོན་སྤྱི་ལ་ཡུལ་དུ་ཞེན་པས་འཁྲུལ་བར་འདྲ་ཡང་སྒྲ་རྟག་པ་ལ་སོགས་པའི་ཐ་སྙད་ཕྱིན་ཅི་ལོག་གཞན་ལས་དོན་ཀྱང་དེ་བཞིན་ཐོབ་པ་མིན་ཏེ། མར་མེའི་འོད་ལ་ནོར་བུར་འཁྲུལ་བ་ལས་ནོར་བུའི་ཕྱིར་རྒྱུག་ཀྱང་ནོར་བུ་མི་ཐོབ་པ་བཞིན་ནོ། །སྒྲ་མི་རྟག་པའི་ཐ་སྙད་ནི་དེ་ལ་ཞུགས་པ་ལྟར་དོན་ཀྱང་དེ་བཞིན་ཐོབ་སྟེ་ནོར་བུའི་འོད་ལ་ནོར་བུར་འཁྲུལ་ཀྱང་དེར་རྒྱུག་པས་ནོར་བུ་ཐོབ་པ་བཞིན་ནོ། །དེས་ན་སེལ་བའི་ཡུལ་ཅན་རྟོག་པའི་ཐ་སྙད་ལ་དོན་མཐུན་མི་མཐུན་གཉིས་ལས་ཇི་ལྟར་བཅད་པ་ལྟར་དོན་ཐོབ་པ་དང་མི་ཐོབ་པར་ཤེས་པར་བྱའོ། །གསུམ་པ་མཇུག་བསྡུ་ནི། ཐ་སྙད་ཀྱི་ཡུལ་དེ་ལ་བུམ་པའི་བྱེ་བྲག་དུ་མའང་ཆུ་སྐྱོར་བ་སོགས་ཀྱི་འབྲས་བུ་ཙམ་དུ་དོན་གཅིག་པ་ཅན་ཡིན་ཞིང་། དེ་ཡི་འབྲས་བུ་ཅན་མིན་པ་ཆུ་མི་སྐྱོར་བ་སོགས་ལས་གཞན་དུ་གྱུར་པའམ་ལྡོག་པ་ཡིན་ལ། དེ་འདྲའི་རང་མཚན་ལ་རྟེན་པ་ཅན་གྱི་བརྗོད་དང་ཤེས་པས་ཆོས་དུ་མ་ལའང་གཅིག་ཉིད་དུ་སྒྲོ་བཏགས་ནས་སྤྱི་ཡི་ཐ་སྙད་རབ་ཏུ་འཇུག་པར་བྱེད་དོ། །དུ་མ་གཅིག་ཏུ་འཛིན་པ་སྤྱི་བློའི་ས་བོན་ཡིན་ཞིང་དེས་དུ་མ་ལ་གཅིག་གི་སྒྲ་འཇུག་པ་དེ་བཞིན་དུ་གསལ་བའི་དངོས་པོ་བུམ་པ་ལྟ་བུ་གཅིག་གིས་ཀྱང་མིག་ཤེས་སྐྱེད་པ་ཆུ་སྐྱོར་བ་སོགས་རང་འབྲས་དུ་མ་བྱེད་པ་དེ་ལྟ་བུའི་དངོས་པོ་དེ་ཡོངས་སུ་བསྟན་པའི་ཕྱིར། བུམ་པ་དེ་ཡི་འབྲས་བུ་ཅན་མིན་པ་མིག་ཤེས་ཀྱིས་གཟུང་བྱ་མིན་པ་ཆུ་མི་སྐྱོར་བ་སོགས་ཀྱི་དོན་གཞན་ལས་ནི་ཐ་དད་པའམ་ལྡོག་པས་བུམ་པ་གཅིག་པུ་དེ་ལ་ཆོས་སྣ་ཚོགས་ཡོད་པར་ཤེས་ཤིང་བརྗོད་པ་ཡིན་ཏེ། བུམ་པ་གཅིག་ལའང་མིག་གིས་གཟུང་བྱ་ཡིན་པ་དང་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བ་སོགས་ལྡོག་ཆོས་དུ་མར་ཕྱེ་བ་


MR20_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཞི་མཐུན་གྱི་རྣམ་རྟོག་སྐྱེ་བའི་ས་བོན་ཡིན་ཏེ། དེ་མེད་པ་ལ་རྣམ་རྟོག་དེ་སྐྱེ་བ་མི་སྲིད་དོ། །དམ་པའི་དོན་དུ་གཞི་མཐུན་པ་ཞེས་སུ་མ་གྲུབ་སྟེ། མཐུན་རྒྱུ་གཉིས་དང་དེ་གཉིས་ཀ་ཡིན་པར་གྱུར་པའི་གཞི་གཅིག་དང་གསུམ་དུ་མ་ཕྱེས་ན་གཞི་མཐུན་དུ་བཞག་མི་ཤེས་ལ་དོན་གྱི་སྟེང་ན་ཆོས་གཉིས་སུ་ཡོད་ན་ཕན་ཚུན་ཡིན་པ་མི་སྲིད་ལ། མེད་ན་མཐུན་རྒྱུ་ཡང་མེད་པས་ན་བློ་ངོར་ལྡོག་པ་ཐ་དད་ཀྱི་རྣམ་པར་སྣང་བ་དེ་དག་དོན་གྱི་ངོ་བོར་སྣང་བའི་ལྡོག་པ་ལ་དབྱེར་མེད་པར་སྣང་བའི་སེལ་འཇུག་གི་དབང་གིས་དེ་ལྟ་བུའི་ཐ་སྙད་སྦྱར་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དེ་ཡི་གྲུབ་དོན་རང་ལུགས་བཞག་པ་ནི། སྒྲ་དོན་ཙམ་གྱི་སྤྱི་འདི་དང་ལྡོག་པ་དུ་མའི་གཞི་མཐུན་ཉིད་དམ་པའི་དོན་དུ་ཡོད་པ་མིན་ཡང་། རྣམ་པར་རྟོག་པའི་དབང་ལས་ཇི་ལྟ་བུར་གྲགས་པ་བཞིན་དུ་བརྗོད་ཅིང་བཞག་པ་སྟེ། དངོས་པོ་རང་གི་དོན་ལ་སྤྱི་དང་གཞི་མཐུན་འདི་ནི་མི་སྲིད་དོ། །དངོས་ལ་མི་སྲིད་ན་དེ་ལྟ་བུར་རྣམ་པར་བཞག་པའང་དོན་ལ་མི་འཇུག་ཅིང་དགོས་པ་མེད་པར་འགྱུར་རོ་ཞེ་ན། མི་རྟག་པ་དང་སྒྲ་ལྟ་བུ་ཆོས་དང་ཆོས་ཅན་རྣམ་པར་གཞག་པ་དང་། ཆོས་གཅིག་ལའང་ལྡོག་པའི་སྒོ་ནས་ཆོས་ཐ་དད་པར་བཞག་པ་དང་། ཆོས་དུ་མ་རིགས་གཅིག་པའི་སྒོ་ནས་ཐ་དད་མིན་པ་ཅི་འདྲ་བར་བཞག་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ནི་ཚུལ་བཞིན་མ་བརྟགས་མ་དཔྱད་པར་རྣམ་པར་རྟོག་པ་ཞེན་པའི་དབང་གིས་འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་ལ་དེ་བཞིན་ཁོ་ནར་ཏེ་གཞན་དུ་མ་བྱས་པར་བརྟེན་པར་བྱས་ནས་ནི། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཀུན་རྣམ་པར་བཞག་པ་ནི་མི་རྟག་བདག་མེད་སོགས་རང་མཚན་ལ་ཇི་ལྟར་ཡོད་པ་དམ་པའི་དོན་ལ་འཇུག་པར་བྱ་བའི་ཕྱིར་


MR20_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་བྱེད་པའི་མཁས་པ་རྣམས་ཀྱིས་བྱས་པ་ཡིན་ཏེ། སྒྲ་མི་རྟག་པར་བྱས་པས་བསྒྲུབ་པ་ལྟ་བུ་ལ་དོན་གྱི་སྟེང་ན་རྟགས་ཆོས་དོན་གསུམ་ཐ་དད་དུ་མེད་ལ། དེ་བཞིན་ཐ་སྙད་ཐམས་ཅད་དོན་རང་མཚན་པ་མེད་ཀྱང་། ཐ་སྙད་དོན་མཐུན་གྱི་བརྟག་པ་རང་མཚན་ལ་འཇུག་པ་མི་བསླུ་བས་མཁས་པ་རྣམས་ཀྱིས་འཇིག་རྟེན་ལ་གྲགས་པ་དེ་ལ་བརྟེན་ནས་སྣང་བརྟག་གཅིག་ཏུ་བསྲེས་པ་དེ་ཡི་དབང་དུ་བྱས་ནས་བསྒྲུབ་བྱ་སྒྲུབ་བྱེད་སོགས་ཐ་སྙད་ཀུན་བཞག་སྟེ། དེ་ལས་གཞན་དུ་ཐ་སྙད་འགྲུབ་པའི་ཐབས་མེད་དོ། །དེས་ན་རྣམ་པར་ཕྱེ་ཞིང་དཔྱད་ན། སྒྲའི་དངོས་ཀྱི་བརྗོད་བྱ་སྤྱི་མཚན་དང་ཞེན་པས་བརྗོད་བྱ་རང་མཚན། དངོས་ཀྱི་རྗོད་བྱེད་སྒྲར་སྣང་བ་སྒྲ་སྤྱི་དང་། ཞེན་པས་རྗོད་བྱེད་སྒྲར་གྲགས་པ་སྒྲ་རང་མཚན་ནོ། །བརྡ་ལ་འཇུག་པའི་དུས་སུ་ནི་སྣང་བརྟག་མི་ཕྱེ་བར་གཅིག་ཏུ་འཁྲུལ་ནས་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་བ་འགྲུབ་པ་ཡིན་ནོ། །དམ་པའི་དོན་རང་མཚན་གྱི་ངོ་བོའམ་དོན་རྣམས་ནི་ཐ་དད་པ་དག་རང་གིས་ཏེ་ངོ་བོ་ཉིད་ཀྱིས་འདྲེ་བ་མེད་པ་དང་། སྒྲ་དང་མི་རྟག་ལྟ་བུ་ངོ་བོ་གཅིག་པ་དེ་དོན་གྱི་སྟེང་ན་ཐ་དད་པ་མེད་པའི་ཕྱིར། རང་མཚན་དེ་ལ་དུ་མ་ངོ་བོ་གཅིག་པ་ཉིད་དུ་སེམས་པ་དང་། རང་མཚན་གཅིག་ལ་ཆོས་དུ་མ་སོ་སོར་ཡོད་པར་འཛིན་པ་ནི་བློ་རྣམ་པར་རྟོག་པ་ཡིས་བསླད་པ་ཡིན་ནོ། །དེས་ན་དེ་ནི་སྤྱིའོ་ཞེས་དང་འདི་ནི་ཁྱད་པར་རོ་ཞེས་བྱ་བའི་བྱེ་བྲག་གམ་ཁྱད་པར་གྱི་ཐ་སྙད་འདི་ནི་རང་མཚན་མཐོང་བ་ལས་བརྒྱུད་དེ་འོང་བའི་བློ་རྣམ་པར་རྟོག་པའི་དོན་ནམ་ཡུལ་ཉིད་ལ་འཇུག་གི་རང་མཚན་ལ་དངོས་སུ་འཇུག་པ་ནི་མ་ཡིན་ནོ། །རྟོག་ཡུལ་རྫུན་པ་ལ་ཆོས་ཐ་དད་བཞག་ཏུ་ཇི་ལྟར་ཡོད་སྙམ་ན། རྟོག་ཡུལ་དེ་ཉིད་ལ་རང་མཚན་དུ་ལྷག་པར་ཞེན་


MR20_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་མཚན་གཞན་ཀུན་ལས་ལོག་པ་ལྟར་འདིར་ཡང་མ་བྱས་པ་དང་རྟག་པ་སོགས་གཞན་ལས་ལྡོག་པར་བཏགས་པས་ལྡོག་ལྡན་ལྟ་བུར་སྣང་བ་དེ་ལ་བྱས་མི་རྟག་སོགས་ཆོས་ཀྱི་བྱེ་བྲག་དུ་མར་དབྱེ་ཞིང་རབ་ཏུ་བརྟགས་པ་ཡིན་ནོ། །དེས་ན་བསྒྲུབ་བྱ་སྒྲ་མི་རྟག་པའོ་སྙམ་པའི་རྟོག་པ་དེ་དང་དེ་བྱས་པས་སྒྲུབ་པར་བྱེད་དོ་སྙམ་པའི་རྗེས་དཔག་གི་རྣམ་པར་རྟོག་པ་ལ་དངོས་པོ་རང་མཚན་མཐོང་བ་ཉམས་པ་སྟེ་མེད་པའི་ཕྱིར་མི་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་རང་མཚན་མི་འཛིན་པར་ཤེས་པར་བྱའོ། །འོ་ན་སློབ་དཔོན་ཕྱོགས་གླང་གིས་རྗེས་སུ་དཔག་པས་ནི་གཞན་སེལ་བས་ཁྱད་པར་དུ་བྱས་པའི་ཁྱད་པར་དག་འཛིན་ཞེས་གསུངས་པ་ཅི་ཞེ་ན། དེ་ནི་ཁྱད་པར་མེ་ལྟ་བུ་དེ་རྟོག་ངོར་སྣང་བའི་སྤྱི༷་དང་འདྲེས་པའམ་བསྲེས་ནས་འཛིན་པ་འདིར་ཞེན་པ་དེའི་ངོར་ཁྱད་པར་ཞེས་གསུངས་པ་ཡིན་གྱི་ཁྱད་པར་ཞེས་པ་རང་གི་མཚན་ཉིད་དངོས་རྗེས་དཔག་གིས་གཟུང་ངོ་ཞེས་བྱ་བའི་དོན་མིན་ནོ། །རང་མཚན་དེ་ནི་དུ་མ་འདྲེས་པའི་སྤྱི་དང་གཅིག་ལ་དུ་མ་ཡོད་པའི་ཁྱད་པར་གྱི་རྣམ་པ་དང་ཆོས་དང་ཆོས་ཅན་སོགས་ཀྱི་རྣམ་པ་ཅིར་ཡང་གཟུང་བྱ་མིན་ཏེ། ཐ་སྙད་ཀྱི་བྱེ་བྲག་གི་ཁྱད་པར་མང་པོ་དག་ཏུ་དབྱེ་བ་རྣམས་རང་མཚན་གྱི་དངོས་པོ་ཆ་ཐ་དད་དུ་མེད་པ་དེ་གཅིག་པུའི་རང་བཞིན་ལ་ནི་དེ་ལྟར་དབྱེ་བ་སྣ་ཚོགས་མི་རུང་བའི་ཕྱིར་རོ། །དེ་ཡང་རང་མཚན་དེ་ཡི་ངོ་བོ་ནི་རང་མ་ཡིན་པ་ཀུན་ལས་ལོག་ནས་ཐུན་མོང་མིན་པར་གནས་པས་ན། དེས་རང་མིན་པ་ཀུན་བསལ་བའི་ཆ་ནས་བརྗོད་ན་དེ་ལས་གཞན་པའི་ཤེས་བྱ་ཀུན་གྱི་གྲངས་སྙེད་དུ་བརྗོད་དུ་རུང་ལ། རང་མིན་མཐའ་དག་ཅིག་ཅར་ཆོད་པའི་རང་མཚན་དེ་ཇི་ལྟར་གནས་པ་དེ་ཁོ་ན་བཞིན་དུ་དངོས་ཀྱི་བརྗོད་བྱར་བྱས་ནས་


MR20_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པར་བྱེད་པའི་སྒྲ་ཡོད་པ་མ་ཡིན་ལ་དེ་ལྟར་འཛིན་ནུས་པའི་རྟོག་པ་ཡང་མེད་དེ། སྒྲ་དང་རྟོག་པ་ནི་གཞན་རྣམ་པར་བཅད་པའི་སྤྱི༷་ཉིད་ཀྱི་དོན་དུ་ནི་འཇུག་པར་ངེས་པའི་ཕྱིར་རོ། །དེས་ན་བུམ་པའི་སྒྲ་རྟོག་གིས་ཆུ་མི་སྐྱོར་བ་སོགས་རིགས་མི་མཐུན་བཅད་ཀྱང་སྒྲ་རྟོག་གི་ཡུལ་དེ་གཞན་སེལ་བ་སྤྱི་ཙམ་དུ་གནས་ཀྱི་བུམ་པའི་རང་མཚན་དངོས་མིན་ཏེ་སྒྲ་རྟོག་སྒྲུབ་འཇུག་སྔར་བཀག་པ་ལ་སོགས་པ་བཞིན་ནོ། །གཉིས་པ་རྗོད་བྱེད་སྒྲ་ཡི་ཡུལ་སེལ་བར་བསྒྲུབ་པ་ལ། བརྡ་ཡུལ་སྒྲུབ་པར་འདོད་པ་གཞན་ལུགས་དགག །སྒྲ་རྣམས་སེལ་འཇུག་རང་ལུགས་འཐད་པར་བསྟན། །དེ་ལ་གཞན་གྱི་རྩོད་པ་སྤང་བ་གསུམ། །དང་པོ་ལ། རང་མཚན་རྐྱང་པ་བརྗོད་བྱར་མི་རུང་བ། །སྤྱི་དངོས་རྐྱང་པ་བརྗོད་བྱ་མིན་པ་དང་། །སྤྱི་ལྡན་རང་མཚན་བརྗོད་བྱ་མིན་པའོ། །དང་པོ་མུ་སྟེགས་བརྡ་སྤྲོད་པ་ན་རེ། མེ་བྱིན་ཅིག་ཅེས་ཟེར་ན་ཚ་ཞིང་སྲེག་པ་དེ་ལེན་པས་བརྡ་ནི་རང་མཚན་ཁོ་ན་ལ་སྦྱར་རོ་ཞེས་ཟེར། དེ་མ་ཡིན་ཏེ་འདི་ལྟར་མེ་ལ་སོགས་པའི་སྒྲ་རྣམས་ཀྱིས་ནི་དོན་ཚ་སྲེག་སོགས་ལ་གོ་བྱེད་ཀྱི་བརྡར་བཏགས་ནས་བརྗོད་བྱ་དེ་སྟོན་པའམ་གོ་བར་བྱེད་པ་ཡིན་ལ། བརྡ་དེ་ལྟ་བུ་དགོས་པ་ཅིའི་ཕྱིར་གདགས་ཤེ་ན། བརྡ་དེ་ནི་དོན་དེ་ལ་ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་བྱ་བའི་ཆེད་དུ་བཏགས་པར་བྱས་པ་སྟེ་དེ་ལས་གཞན་གྱི་དགོས་པ་གང་ཡང་མེད་དོ། །དེ་ལྟར་ཡིན་ཀྱང་རང་མཚན་ཁོ་ན་ལ་བརྡ་གདགས་པ་ཡིན་ན། ཕྱིས་ཐ་སྙད་བྱེད་པ་དེ་ཚེ་སྔར་བརྡ་གདགས་པའི་དུས་ཀྱི་རང་གི་མཚན་ཉིད་ནི་འགགས་ནས་མེད་པ་དེས་ན་རང་མཚན་དེ་ལ་བརྡར་བྱས་པ་མ་ཡིན་ཏེ། རང་མཚན་ནི་ཡུལ་དུས་རྣམ་པ་མ་འདྲེས་པའི་


MR20_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡིན་ལ། བརྡ་ནི་དེ་འདྲའི་ངེས་པ་མེད་པར་རང་གི་བརྗོད་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་རོ། །གཉིས་པ་མུ་སྟེགས་བྱེ་བྲག་པ་དང་གྲངས་ཅན་པ་ན་རེ། རང་མཚན་ལ་བརྡ་འདོགས་པ་བཤད་མ་ཐག་པ་ལྟར་མི་འཐད་པས་སྤྱིལ་བརྡ་སྦྱོར་བ་ཡིན་ནོ་ཞེས་འདོད་ཅིང་། དེ་ལ་བྱེ་བྲག་པས་སྤྱི་གསལ་ཐ་དད་དུ་འདོད་ལ་གྲངས་ཅན་པས་གཅིག་ཏུ་འདོད་དོ། །དེ་ཡང་མི་འཐད་དེ། ཅི་ནས་ཏེ་ངེས་པར་སྐྱེས་བུ་རྣམས་ཀྱིས་དངོས་པོ་གང་ཞིག་བཞོ་བཀལ་ལ་སོགས་པའི་དོན་བྱེད་པར་ནུས་པ་ཤེས་ནས་དོན་དུ་གཉེར་བྱ་དེ་འདྲ་བ་བསྒྲུབ་པའི་ཕྱིར། མིང་འདི་ལ་བརྟེན་ནས་དོན་རང་མཚན་ལ་འཇུག་པའི་སྒོ་ནས་དེ་ཤེས་པར་འགྱུར་རོ་ཞེས་སྙམ་དུ་ནོག་ལྐོག་ཤལ་དང་ལྡན་པ་ལ་སོགས་པའི་དོ༷༷ན་གྱི་དངོས་པོ་རྣམས་ལ་རྗོད་པར་བྱེད་པ་བ་ལང་ལ་སོགས་པའི་བརྡ་རྣམས་སྦྱོར་བར་བྱེད་དེ་བརྡ་སྦྱོར་བ་ནི་དགོས་པ་སྒྲུབ་པའི་དོན་ཅན་ཡིན་པས་སོ། །མིང་བཏགས་པའི་དགོས་དོན་དེ་ལྟ་བུ་ཡིན་པ་ལ་རིགས་རྟག་པ་ནི་བཞོ་བཀལ་ལ་སོགས་པའི་དོན་བྱེད་པར་རུང་བ་མིན་ན་དེ་ལ་བརྡ་སྦྱར་བ་ན་བ་ལང་ལ་སོགས་པའི་བརྡ་ལ་དགོས་ནུས་གང་ཡང་མེད་པར་འགྱུར་རོ། །སྤྱི་ལ་བརྡ་སྦྱར་ཀྱང་རང་མཚན་ལ་གོ་བར་འགྱུར་རོ་ཞེ་ནའང་མིན་ཏེ་སྔར་རང་དབང་མེད་ཕྱིར་སོགས་བཀག་པ་བཞིན་དང་། འབྲེལ་བའི་ཕྱིར་གོ་བར་ཡང་མི་འཐད་དེ། ཕན་ཚུན་ཕན་འདོགས་པ་མེད་པས་འབྲེལ་བ་མེད་ལ་འབྲེལ་བ་ཡོད་དུ་ཆུག་ཀྱང་མཁར་བ་ཆོད་ཅེས་སྨྲས་པས་མཁར་བ་ཐོགས་པ་ཆོད་ཅེས་པར་མི་གོ་བ་བཞིན་གསལ་བས་ཁྱད་པར་དུ་བྱས་པ་མ་བརྗོད་པས་རང་མཚན་ལ་མི་གོ་སྟེ། མི་ནུས་པ་བརྗོད་པས་ནུས་པ་ལ་གོ་བ་མི་སྲིད་པ་ནི་དཔེར་ན་བ་འཇོ་བ་ལ་གླང་ཞོས་


MR20_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་བརྗོད་པ་བཞིན་ནོ། །སྤྱི་རྟག་གཅིག་ཆ་མེད་ལ་རང་མཚན་མི་རྟག་པ་དང་དུ་མ་དང་ཆ་བཅས་ཤིན་ཏུ་མི་འདྲ་བའི་ཕྱིར་ཕན་ཚུན་འཁྲུལ་ནས་འཇུག་པའང་མི་སྲིད་དོ། །གསུམ་པ་ལ། རིགས་ལྡན་གསལ་བ་རྣམས་དང་མཚུངས་པར་བསྟན། སྤྱི་གཞན་བཏགས་ལ་དགོས་པ་མེད་པའོ། །དང་པོ། གཅེར་བུ་པ་རྣམས་ན་རེ། སྤྱི་རྐྱང་པ་དང་རང་མཚན་རྐྱང་པ་བརྡ་ཡུལ་དུ་མི་འཐད་པས་སྤྱི་དང་ལྡན་པའི་གསལ་བ་ལ་བརྡ་བྱེད་དོ་ཞེས་འདོད་དོ། །དེ་ལྟར་རིགས་དེ་དང་ལྡན་པ་ཡི་དོན་བྱེད་ནུས་པ་རྫས་རང་མཚན་ལ་བརྡ་སྦྱོར་བ་ཡིན་ནོ་ཞེ་ནའང་། བརྡ་དེ་ཡང་ནི་ཅིའི་ཕྱིར་གསལ་བ་ཉིད་ལ་དངོས་སུ་སྦྱོར་བར་མི་བྱེད་པར་བར་ན་དགོས་ནུས་མེད་པའི་རིགས་བརྒྱུད་པས་ཅི་བྱ་ཞེས་དྲིས་པ་ན། གལ་ཏེ་དེ་དག་ན་རེ་གསལ་བ་ནི་ཡུལ་དུས་རང་བཞིན་མཐའ་ཡས་པའི་ཕྱིར་བརྡ་སྦྱར་མི་ནུས་ལ། རིགས་གཅིག་ཡིན་པའི་ཕྱིར་དེ་དང་ལྡན་པར་བརྡ་བྱས་ན་བརྡ་དོན་འགྲུབ་བོ་ཟེར་ན། མཐའ་ཡས་པ་འདི་སྤྱི་ལྡན་ལའང་མཚུངས་ཏེ་མཐའ་ཡས་པའི་གསལ་བ་རེ་རེ་བཞིན་སྤྱི་ལྡན་ཡིན་པས་སྤྱི་ལྡན་གསལ་བ་བརྡ་ཡུལ་དེ་མཐའ་ཡས་པ་སོ་ན་གནས་ཏེ་རིགས་ཀྱིས་གསལ་བ་ཉུང་ངུ་བཏང་བ་ནི་གང་ཡང་མེད་དོ། །གཉིས་པ་གཞན་སྤྱི་ནི་བརྡ་འདོགས་པའི་ཡུལ་ཡིན་ཞེས་བརྟག་པ་ལ། སྤྱི་གཞན་དགོས་པ་མེད་ཚུལ་དངོས་དང་ནི། །དགོས་མེད་མི་འཐད་སྟོན་པ་དགག་པའོ། །དང་པོ། རྟོག་ངོར་ཆུ་སྐྱོར་བ་སོགས་ཀྱི་དོན་དེ་བྱེད་པ་དང་དེ་བྱེད་པ་མ་ཡིན་པ་ལས་ལོག་པར་མཚུངས་པ་ཙམ་གྱི་བུམ་པའི་གཞན་སེལ་ལ་བུམ་པ་ཞེས་བརྡ་ཅིས་མ་བྱས། གང་གིས་ན་བརྡ་ཡུལ་གྱི་སྤྱི་གཞན་ཁས་ལེན་པ་ཡིན་ཞེས་དྲིས་པ་ན། སྤྱི་དེ་


MR20_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ལ་ཇི་སྐད་བརྗོད་པའི་ཉེས་པ་ལྡོག་ལྡན་ལའང་མཚུངས་པའི་ཕྱིར་ཁས་མི་ལེན་ཞེ་ན། ཉེས་པ་དེར་རྣམ་པ་ཀུན་ཏུ་མི་འགྱུར་མོད་གལ་ཏེ་འགྱུར་བ་ཞིག་ཡིན་དུ་ཆུག་ཀྱང་བླ་སྟེ་ཚེགས་ཆེན་པོས་བསྒྲུབ་པའི་རིགས་གཞན་མི་དགོས་པར་སེལ་བ་ཁོ་ནས་བརྡ་དོན་གྲུབ་པར་མཐོང་བས་སོ། །དེ་ལ་ཉེས་པ་མཚུངས་ན་རིགས་ཁས་མི་ལེན་ལ། སེལ་བ་ཁས་ལེན་པ་ཅི་ཞེ་ན། བརྡ་ཡུལ་རིགས་ཡིན་པར་ཁས་བླངས་ཀྱང་སེལ་བ་མེད་ན་གཞན་མི་གཅོད་པས་སེལ་བ་ཁས་ལེན་དགོས་ལ། སེལ་བ་སྨྲ་བ་ལ་སྤྱི་དངོས་མེད་ཀྱང་དེ་ཙམ་གྱིས་དོན་གྲུབ་ཅིང་། སེལ་བ་དེ་ནི་དངོས་མེད་སྒྲོ་བཏགས་ཡིན་པས་རིགས་ལ་བརྗོད་པའི་ཉེས་པ་བསལ་སླ་བའི་ཕྱིར་རོ། །གལ་ཏེ་སེལ་བ་ཙམ་ལ་བརྡ་སྦྱར་ཀྱང་དེས་བརྡ་བྱེད་པའི་དགོས་དོན་ཡོངས་སུ་གྲུབ་པར་མི་འགྱུར་རོ་སྙམ་ན། འདི་ལྟར་ཤིང་ཞེས་པའི་སྒྲ་འདིས་ནི་ཤིང་གི་རིགས་དེ་ལས་གཞན་པ་ཐམས་ཅད་ཡོངས་སུ་སྤངས་བའམ་རྣམ་པར་བཅད་ནས། ཤིང་གི་དངོས་པོ་འདི་ཉིད་ལ་འཇུག་པར་འགྱུར་རོ་ཞེས་བསམས་ནས་ཀྱང་གཞན་ལས་ཁྱད་པར་དུ་བྱེད་པའི་དོན་དུ་ཡལ་ག་ལོ་འདབ་ལྡན་པའི་དངོས་པོ་དེ་ལ་ཤིང་གི་སྒྲ་བརྗོད་པ་ཙམ་དུ་ཟད་དེ། ཀྱང་གི་སྒྲས་དངོས་པོ་ལ་དོན་གཉེར་གྱིས་འཇུག་པའི་སླད་དུ་བརྡ་སྦྱར་བར་མ་ཟད་སྒྲ་སྦྱར་ན་གཞན་ལས་ཁྱད་པར་དུ་ཕྱེས་ནས་དེ་ཉིད་གོ་ནུས་པར་ཡང་ཤེས་ནས་ཞེས་པ་སྡུད་པའི་ཆེད་དོ། །དེ་ལྟར་སྒྲ་བརྗོད་པ་དེ་ཡིས་རང་ལས་གཞན་པ་དེ་དག་རྣམས་ལས་འདི་གཞན་པའམ་ལོགས་སུ་ཕྱེས་ནས་ཁྱད་པར་དུ་མི་གཅོད་ན་ནི་སྒྲ་དེ་ཡང་ཇི་ལྟར་སྦྱོར་བར་རིགས་ཏེ་དགོས་ནུས་མེད་པར་མཐོང་ན་སུ་ཡང་དེ་ལ་འཇུག་པ་མི་སྲིད་པས་སོ། །གལ་ཏེ་དགོས་པ་བཤད་མ་ཐག་པ་


MR20_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་སླད་དུ་སྒྲ་སྦྱར་བ་འདི་ལ་ཆེད་དུ་བརྡ་གདགས་པའི་ཡུལ་གྱི་བརྗོད་བྱ་དེ་མིན་པ་གཞན་རྣམ་པར་གཅོད་པ་ཡོད་ན་སྒྲ་ཡིན་ནོ་ཅོག་རྣམས་ཀྱི་དགོས་པ་ནི་མི་འདོད་པ་བཅད་ནས་འདོད་པ་ལ་འཇུག་པ་དེ་ཙམ་དུ་ཟད་པ་མིན་ནམ་དེ་ལྟར་ཡིན་བཞིན་དུ་ཁྱེད་ལ་སྒྲའི་ཡུལ་དེར་སྤྱི༷་གཞན་གྱིས་ནི་ཅི་ཞིག་བྱ་སྟེ་དགོས་པ་དང་ནུས་པ་གཉིས་ཀ་མེད་པར་འགྱུར་རོ། །གཉིས་པ་སྤྱི་དགོས་པ་མེད་པར་བསྟན་པ་མི་འཐད་པའི་ལན་དགག་པ་ལ། སྤྱི་གཞན་མེད་ཀྱང་ངོ་ཤེས་འཐད་པའི་ཚུལ། །ངོ་ཤེས་སྤྱི་ལས་སྐྱེ་བ་དགག་པའོ། །དང་པོ། སྤྱི་དངོས་པོར་འདོད་པ་རྣམས་ན་རེ། ཕན་ཚུན་རྗེས་སུ་འགྲོ་བའི་སྤྱི་འགའ་ཡང་མེད་ན་རང་མཚན་ཐ་དད་པའི་དོན་རྣམས་ལ་སྨན་ཨ་རུ་ར་ལྟ་བུ་སྔར་ལན་ཅིག་མཐོང་ཟིན་ནས་ཕྱིས་མཐོང་བ་ན་གཞན་གྱིས་བརྡ་སྦྱར་བ་མེད་པར་ཡང་དེ་ཉིད་ངོ་ཤེས་པར་ཇི་ལྟར་འགྱུར་ཞེ་ན། དེ་ནི་རང་མཚན་ལ་སྤྱི་དངོས་པོ་བ་ཡོད་པས་མ་ཡིན་ཏེ། བུམ་སོགས་གསལ་བ་རྣམས་ནི་སྤྱི་མེད་པའི་ཐ་དད་ཡིན་ཀྱང་། རང་འཛིན་ཤེས་པ་སྐྱེད་པ་དང་ཆུ་སྐྱོར་བ་ལ་སོགས་པའི་བྱ་བ་དེ་དང་དེ་བྱེད་པའི་བུམ་གསལ་གྱི་དོན་རྣམས་སྔར་ལན་ཅིག་མཐོང་ནས་ཕྱིས་སྔ་མ་དང་ངོ་བོ་དང་འབྲས་བུ་སོགས་མཚུངས་པ་གཞན་མཐོང་ཡང་། མཐོང་ཡུལ་སྔ་ཕྱི་གཉིས་ཀ་ཆུ་སྐྱོར་སོགས་ཀྱི་དོན་བྱེད་པ་དེ་ལས་གཞན་དོན་མི་བྱེད་པ་དང་བྲལ་བའམ་གཞན་སེལ་བ་ཡི་ཡུལ་ཅན་གྱི་ནི་སྒྲ་སྟེ་ནང་གི་བརྗོད་པའམ་རྟོག་པ་རྣམས་ཀྱིས་སྔ་ཕྱི་ལྷན་ཅིག་སྦྱར་ནས་སམ་བསྲེས་ནས་སྔར་གྱི་དེ་ཉིད་འདིའོ་ཞེས་སམ་འདི་སྔར་གྱི་དེའོ་ཞེས་རིགས་གཅིག་ཏུ་སྒྲོ་བཏགས་ནས་ངོ་ཤེས་པར་བྱེད་པ་ཙམ་སྟེ། འདྲ་བ་ལ་གཅིག་ཏུ་བཟུང་བའི་རྣམ་པར་རྟོག་པས་ངོ་ཤེས་པར་


MR20_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཡིན་གྱི་ཡུལ་ལ་སྤྱི་ཡོད་པ་དེ་སྔར་ཤེས་ཟིན་པ་སླར་ཡང་དེར་མཐོང་ནས་ངོ་ཤེས་པ་ནི་མ་ཡིན་ནོ། །སྔར་སྤྱི་ཤེས་པས་ད་ལྟ་དེ་ངོ་ཤེས་པ་ཡིན་ན། སྔར་ཤེས་རྒྱུའི་སྤྱི་དེ་ད་ལྟ་མཐོང་བ་འདི་ལའང་ཡོད་པར་འདུག་གོ་སྙམ་དུ་ཤེས་པར་འགྱུར་གྱི་འདི་སྔར་གྱི་དེའོ་སྙམ་དུ་འཁྲུལ་བར་མི་འགྱུར་རོ། །གཉིས་པ་ལ། གནོད་པ་བརྗོད་དང་དེ་ཡི་ལན་དགག་པའོ། །དང་པོ། གཞན་སྤྱི་ཡོད་པ་ལས་ངོ་ཤེས་པ་ཡིན་པར་འདོད་པ་ཅན་གྱི་ལུགས་ལྟར་ནའང་ངོ་ཤེས་ཀྱི་བློ་དེ་ནི་སྤྱི་ནི་འབའ་ཞིག་སྟེ། གསལ་བ་མེད་པ་ཉིད་ལས་ནི་སྐྱེ་བར་རིགས་པ་མིན་ཏེ་དེའི་རྒྱུ་མཚན་དངོས་པོ་གང་དང་གང་མཐོང་བའི་དུས་རྟག་ཏུ་གསལ་བ་དང་མ་འདྲེས་པའི་དེ་ཡི་སྤྱི་རྐྱང་པ་དེ་ཙམ་ཞིག་རྣམ་པར་ཤེས་པ་ཡིན་ན། ནམ་ཡང་སྤྱི་ཁོ་ན་མཐོང་བ་ལས་གསལ་བ་གཏན་ནས་མཐོང་མ་མྱོང་བས་མི་ཤེས་པར་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟར་གསལ་བ་མི་ཤེས་པ་དེ་ཡི་ཚེ་ན་དུས་ནམ་ཡང་ནི་སྤྱི་དེ་དང་གསལ་བ་ལྡན་པར་གྱུར་པའི་འབྲེལ་བ་མ་བཟུང་བའི་ཕྱིར་ཏེ། མཐོང་མ་མྱོང་བ་ལ་གཞན་དང་ལྡན་པར་བཞག་ཏུ་མེད་དེ་བུམ་པ་མཐོང་ལ་ཤ་ཟ་མ་མཐོང་བའི་གང་ཟག་གིས་བུམ་པ་དང་ཤ་ཟ་ལྡན་པར་མི་མཐོང་བ་བཞིན་ནོ། །དེས་ན་སྤྱི་དེ་དང་གསལ་བ་ནི་ལྡན་ནོ་ཞེས་ནམ་ཡང་ངེས་པར་མི་འགྱུར་བས། དེ་ལ་འདི་ནི་འདིའི་སྤྱིའོ་འདི་ནི་སྤྱི་དེ་དང་ལྡན་པའི་བྱེ་བྲག་གི་སྤྱི་དང་ལྡན་པའི་ཕྱིར་གསལ་བ་འདི་ངོ་ཤེས་སོ་ཞེས་ཇི་ལྟར་ཐ་སྙད་འདོགས་རིགས་ཏེ་ཐ་སྙད་འདོགས་བྱེད་ཀྱི་རྒྱུ་མཚན་མེད་པས་སོ། །གཉིས་པ་ཉེས་པ་དེ་སྤོང་བའི་ལན་བཀག་པ་ནི། གལ་ཏེ་སྤྱི་ཡི་དངོས་པོ་གཅིག་གིས་གྲོགས་བྱེད་པའི་གསལ་བ་རྣམས་ཀྱང་ངོ་ཤེས་པའི་རྒྱུ་ཡིན་གྱི་སྤྱི་རྐྱང་པ་ཙམ་མིན་ནོ་


MR20_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། སྤྱི་དེས་གསལ་བ་རྣམས་ལ་ངོ་ཤེས་པར་བྱེད་པའི་ཕན་ཅི་ཞིག་བཏགས་ཏེ་ངོ་ཤེས་པར་ནི་སྔར་གྱི་དེ་འདིའོ་ཞེས་གཅིག་ཏུ་བསྲེས་ནས་འཛིན་པ་ཡིན་ན། སྤྱི་དངོས་པོ་བ་གཅིག་པུ་དེས་གསལ་བ་དེ་རྣམས་ཀྱི་ཐ་དད་པ་ཡི་ཆ་ཉིད་སེལ་བར་གྱུར་ཏམ་འོན་ཏེ་མིན། ཐ་དད་པ་མེད་པར་བྱས་པ་ནི་མ་ཡིན་ཏེ་མངོན་སུམ་དང་འགལ་བའི་ཕྱིར་མི་སྲིད་ལ། ཐ་དད་པ་མེད་ན་དུ་མ་ལ་རྗེས་སུ་འགྲོ་བ་ཞེས་པ་གང་ཞིག་ཡིན། གལ་ཏེ་ཐ་དད་པ་མ་བསལ་བཞིན་དུ་སྤྱི་དང་ལྡན་པའི་དབང་གིས་ཐ་དད་པ་ལ་ངོ་ཤེས་པའི་བློ་སྐྱེའོ་ཞེ་ན། དེ་ལྟ་ན་ཅི་སྟེ་ཁྱོད་ཀྱིས་གསལ་བ་རྣམས་ཐ་དད་པའི་ཕྱིར་ཡང་གསལ་བ་དེ་རྣམས་ལ་སྤྱི་གཅིག་གི་རྣམ་ཤེས་ཀྱི་རྒྱུར་མི་འདོད་པ་ཡིན། འདི་ལྟར་ཁྱོད་ཀྱི་འདོད་པ་ནི་ཐུན་མོང་གི་སྤྱི་གཅིག་དོན་ལ་མེད་ན་ཐུན་མོང་དུ་གྱུར་པའི་སྒྲ་བློ་གཅིག་མི་སྲིད་དེ་གསལ་བ་རྣམས་ནི་ཐ་དད་པའི་ཕྱིར་དེས་ཐུན་མོང་བའི་སྒྲ་བློ་སྐྱེད་པར་མི་རིགས་སོ་ཞེས་དམ་བཅའ་བ་མིན་ནམ་ཞེས་སོ། །དེ་ལྟར་ཐ་དད་པའི་ཆོས་ཁོ་ནས་གཅིག་གི་སྒྲ་བློ་མི་བསྐྱེད་པར་བསྒྲུབས་ནས། སྐབས་འདིར་སྤྱི་དང་ལྡན་པར་གྱུར་ན་ཐ་དད་པའི་ཆོས་ཀྱིས་ཀྱང་འབྲས་བུ་ངོ་ཤེས་ཀྱི་བློ་གཅིག་སྐྱེད་པ་ཁས་ལེན་པ་འགལ་བར་སྟོན་པའི་ཕྱིར་ཡང་གི་སྒྲ་ནི་འགལ་བ་སྡུད་པའི་དོན་དུ་བསྟན་པ་ཡིན་ནོ། །དེ་ལྟར་སྐྱོན་བསྟན་པ་ན་དེ་དག་ན་རེ། ཐ་དད་པའི་ཆོས་ཁོ་ནས་གཅིག་ཏུ་འཛིན་པའི་བློ་མི་བསྐྱེད་ཀྱང་གལ་ཏེ་གསལ་བ་དུ་མ་ཡིན་ནའང་དེའི་སྟེང་གི་ཐུན་མོང་བ་གཅིག་ཡོད་པ་དེ་ལ་ལྟོས་ནས་ཐ་དད་མིན་པ་གཅིག་གི་བློ་སྐྱེད་དེ་ཅེ་ན། སྤྱི་ལྡན་གསལ་བ་ཐམས་ཅད་སྣང་ནས་དེ་ཀུན་གཅིག་ཏུ་འཛིན་པའི་བློ་སྐྱེད་པ་ཡིན་ནམ། གང་རུང་རེ་སྣང་བས་སྐྱེད་པ་ཡིན། དང་པོ་ལྟར་ན་ངོ་ཤེས་ཀྱི་བློ་མི་སྲིད་དེ་གསལ་བ་ཐམས་ཅད་ཅིག་ཅར་དུ་མ་སྣང་ན་


MR20_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མི་འབྱུང་བས་ན་དེ་ལྟར་ཁས་ཀྱང་མི་ལེན་ལ། གང་རུང་རེ་སྣང་བས་གཅིག་ཏུ་འཛིན་པའི་བློ་སྐྱེད་དོ་ཞེ་ན། གསལ་བ་དེ་དག་སོ་སོ་རེ་རེ་ནས་ཚོགས་པར་གྱུར་པ་མེད་པར་ཡང་། གསལ་བ་དེ་ལས་གང་རུང་གཅིག་གིས་ཀྱང་བསྐྱེད་པར་བྱ་བའི་བློ་ལ་ནི་གསལ་བ་ལྷག་མ་དེ་རྣམས་ནུས་པ་མེད་པར་འགྱུར་བའི་ཕྱིར། དེ་འདྲའི་སྤྱི་འཛིན་གྱི་བློ་ཡིས་ཀྱང་ལྷག་མ་དེ་རྣམས་འཛིན་པ་མེད་པ་ཡིན་པར་འགྱུར་རོ། །དེའི་རྒྱུ་མཚན་གང་ཞིག་མེད་ཀྱང་གང་འབྱུང་བ་ཡོད་ན་དེ་ནི་དེའི་རྒྱུ་ཅན་མ་ཡིན་ཏེ་དཔེར་ན་སཱ་ལུའི་ས་བོན་མེད་ཀྱང་ནས་ཀྱི་མྱུ་གུ་ཡོད་པ་བཞིན་ནོ། །སྤྱི་བློ་ཡང་གསལ་བ་ལྷག་མ་མེད་ཀྱང་འབྱུང་བས་ན་ལྷག་མའི་རྒྱུ་ཅན་མིན་ལ། དེ་ལྟ་ན་ཟངས་བུམ་མཐོང་བ་ལས་སྐྱེས་པའི་སྤྱི་བློ་དེས་བུམ་པ་ལྷག་མ་ལ་བུམ་པའི་རིགས་གཅིག་ཏུ་འཛིན་པར་མི་འགྱུར་ཏེ། གཟུང་ཡུལ་དེ་ལས་མ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་དཔེར་ན་བུམ་འཛིན་གྱིས་ཀ་བ་མི་འཛིན་པ་བཞིན་ནོ། །གལ་ཏེ་གསལ་བ་ལྷག་མ་མ་བཟུང་ན་ཆོས་གཅིག་ལ་སྤྱི་ཞེས་པའི་བློར་ཡང་མི་འགྱུར་ཏེ་དུ་མ་ལ་རྗེས་སུ་འགྲོ་བ་མེད་པས་སོ། །ཁོ་ན་རེ་ཉེས་པ་འདི་མེད་དེ་འདབ་མ་ལྔ་ཚོགས་པའི་མེ་ཏོག་སྔོན་པོས་ཀྱང་སྔོ་འཛིན་མིག་ཤེས་བསྐྱེད་ལ། འདབ་མ་རེ་རེ་ནས་བསལ་བའི་མཐར་འདབ་མ་གཅིག་གིས་ཀྱང་སྔོ་འཛིན་མིག་ཤེས་བསྐྱེད་པ་ན་རེ་རེས་བསྐྱེད་པས་གཞན་ནུས་མེད་དུ་མི་འགྱུར་བ་བཞིན། གསལ་བ་རེ་རེ་ནས་བསལ་ཀྱང་གསལ་བ་གཅིག་གིས་སྤྱི་བློ་སྐྱེད་ནུས་མོད་དེས་གསལ་བ་ལྷག་མ་རྣམས་ཡུལ་དུས་ཐམས་ཅད་དུ་ནུས་མེད་དུ་མི་འགྱུར་རོ་ཞེ་ན། དེ་མི་མཚུངས་ཏེ་འདི་ལྟར་སྔོ་སེར་སོགས་ནི་རང་འཛིན་མིག་གི་རྣམ་ཤེས་ལ། དེ་སྐྱེད་ཀྱི་ནུས་པ་སོ་སོར་ཡང་མཐོང་བའི་ཕྱིར། དེར་ཚོགས་པའི་ཚོགས་པ་ལའང་མིག་ཤེས་སྐྱེད་པའི་ནུས་པ་གྲུབ་ཀྱང་གསལ་བ་ལ་ནི་རེ་རེའམ་ཚོགས་པ་ཇི་ལྟར་ཡང་ནི་རང་


MR20_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་སྒོ་ནས་སྤྱི་བློ་སྐྱེད་པའི་ནུས་པ་ཡོད་པ་སྔོན་པོ་དེ་ལྟར་དུ་གྲུབ་པ་མིན་ཏེ། ཐམས་ཅད་སྣང་མི་ཤེས་ལ་གཅིག་སྣང་བས་མི་བསྐྱེད་པ་གོང་དུ་བཤད་པ་བཞིན། དེའི་གནད་ནི་སྔོ་སོགས་དངོས་པོར་ཡོད་པས་དེས་སྔོ་སྣང་དབང་ཤེས་སྐྱེད་ཀྱང་སྤྱི་རང་ཉིད་དངོས་པོར་མ་གྲུབ་པས་དེས་རང་འཛིན་ཤེས་པ་བསྐྱེད་པ་ལ་གྲོགས་གཞན་ཇི་ལྟར་བཀུག་ཀྱང་མི་ཕན་པར་སོང་བ་ཡིན་ཏེ། དེས་ན་གལ་ཏེ་སྤྱི་ཁོ་རང་དངོས་པོར་ཡོད་པ་ཞིག་ན་གསལ་བ་ཀུན་མེད་ཀྱང་དེ་འཛིན་འབྱུང་ལ། ཁོ་རང་མ་གྲུབ་ན་གསལ་བ་མཐའ་དག་ཚོགས་ཀྱང་མི་འབྱུང་ན་རེ་རེ་ལས་ལྟ་ཅི་སྨྲོས། དེས་ན་སྤྱི་འཛིན་ནི་སྤྱི་དངོས་པོ་ལས་མ་བྱུང་བར་གསལ་བ་རྣམས་ལ་རིགས་གཅིག་ཏུ་སྒྲོ་བཏགས་པའི་རྣམ་པར་རྟོག་པའི་དབང་གིས་བཞག་པ་ཙམ་དུ་ཤེས་པར་བྱ་བ་ཡིན་ནོ། །གལ་ཏེ་སྤྱི་དེ་ཐམས་ཅད་ལ་ཁྱབ་པར་ཡོད་ཀྱང་དེའི་བློ་སྐྱེ་བ་ནི་གསལ་བ་དེ་དག་གང་རུང་ལ་ལྟོས་ནས་སྤྱི་དེས་རང་འཛིན་གྱི་བློ་སྐྱེད་པར་ནུས་ཀྱི་གསལ་བ་མེད་པར་སྤྱི་དངོས་པོ་བ་འབའ་ཞིག་ལས་སྐྱེ་བ་མིན་ཏེ་དཔེར་ན་ཐག་གཟོང་མེད་པར་རས་ཡུག་མི་འཐག་ཀྱང་། ཐག་གཟོང་དུ་མ་ཡོད་ན་དེའི་འགའ་ཞིག་མེད་ཀྱང་རྒྱུ་ཐག་གཟོང་གཅིག་གིས་རས་ཡུག་འཐག་པ་བཞིན་ནོ། །དེ་གང་རུང་ལ་བརྟེན་ནས་དེ་ཤེས་པར་བྱས་ཀྱང་དེའི་ངོ་བོ་ཆ་མེད་གཅིག་པ་རང་གི་བྱེ་བྲག་ཐམས་ཅད་ལ་ཁྱབ་པར་གནས་སོ་ཞེ་ན། གསལ་བ་དུ་མ་དེ་དག་འབྲས་བུ་སྤྱི་དེ་གཅིག་པོ་ལ་ཕན་གདགས་པ་ཡིན་ན་ཇི་ལྟར་གསལ་བ་དུ་མས་སྤྱི་མེད་ཀྱང་སྤྱི་བློ་གཅིག་ཉིད་ལ་ཕན་པ་མིན་ཏེ་དེ་གཉིས་མཚུངས་སོ། །དེས་ན་དེ་འདྲར་ཁས་མི་ལེན་པར་སྤྱི་བློའི་རྒྱུར་དགོས་མེད་ཀྱི་སྤྱི་ཤ་ལྷག་ལྟ་བུ་འདི་བསྒྲུབས་


MR20_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅི་ཞིག་བྱ། གསལ་བས་སྤྱི་ལ་ཕན་མ་བཏགས་ཀྱང་སྤྱི་བློ་སྐྱེ་བ་ལ་ཕན་གདགས་སོ་སྙམ་ན་སྤྱི་མེད་ཀྱང་གསལ་བ་དུ་མས་སྤྱི་བློ་སྐྱེད་མི་རུང་བ་ཅི་ཞིག་གིས་ཡིན། སྤྱི་མེད་ན་དེའི་བློ་རྒྱུ་མེད་དུ་འགྱུར་རོ་སྙམ་ན་སྤྱི་ཡོད་ན་དེ་ཁོ་ནས་མི་བསྐྱེད་པར་གཞན་ལ་ལྟོས་པ་གང་གིས་ཡིན། དེས་ན་སྔར་རང་འཛིན་ཤེས་པ་མི་སྐྱེད་པ་ལ་ཕྱིས་གསལ་བ་ལ་ལྟོས་ནས་བོགས་དབྱུང་དུ་ཡོད་པའི་ཕྱིར་སྤྱི་ལ་ཕན་མ་བཏགས་པར་དེ་འཛིན་གྱི་བློ་ལ་ཕན་ཐོགས་མི་ཤེས་ཏེ། སྤྱི་འཛིན་གྱི་བློ་ནི་གསལ་བ་ཁོ་ནས་མ་བསྐྱེད་པར་སྤྱིས་བསྐྱེད་པར་འདོད་པའི་ཕྱིར་རོ། །དེས་ན་སྤྱི་འདི་གསལ་བ་དེ་རྣམས་ཀྱི་འབྲས་བུར་ཡང་འགྱུར་ཏེ། རྒྱུ་མཚན་ཕན་འདོགས་བྱེད་གང་ཡིན་པ་དེ་ནི་དེའི་སྐྱེད་པར་བྱེད་པ་ཡིན་པས་སོ། །དེས་ན་རྒྱུ་ལས་བྱུང་བའི་ཡུལ་དུས་རེས་འགའ་བར་འགྱུར་རོ། །ཡང་ཕ་རོལ་པོ་དེ་དག་འདི་སྐད་དུ་གལ་ཏེ་དུ་མས་འབྲས་བུ་གཅིག་མི་སྐྱེད་པའི་རྒྱུ་མཚན་གྱིས་གསལ་བ་རྣམས་ཀྱིས་སྤྱི་བློ་གཅིག་མི་སྐྱེད་དོ་ཞེས་མི་སྨྲའོ། །འོ་ན་ཅི་ཞེ་ན། ཐ་དད་མིན་པ་གཅིག་ཏུ་སྣང་བའི་སྤྱི་བློ་དེ་ནི་གསལ་བ་ཐ་དད་པ་རྣམས་ལས་སྐྱེ་བར་མི་འདོད་དེ། ཡུལ་ཐ་དད་ལ་དེ་བཞིན་དུ་འཛིན་རིགས་ཀྱི་ཐ་མི་དད་པའི་སྤྱི་མེད་བཞིན་དུ་དེ་ལྟར་འཛིན་པ་མི་འཐད་དེ་ཡུལ་སྔོན་པོ་ལ་སེར་པོར་ཤེས་སུ་མེད་པ་བཞིན་ནོ་ཞེ་ན། གསལ་བས་རང་གི་རྣམ་པ་བཞག་པའི་སྒོ་ནས་སྤྱི་བློ་སྐྱེད་པར་འདོད་ན་ཀླན་ཀ་དེར་འགྱུར་ཀྱང་དེ་མིན་ཏེ་གསལ་བ་མཐོང་བའི་སྒོ་ནས་འདྲ་བ་ལ་གཅིག་ཏུ་བསྲེ་བའི་རྟོག་པ་བསླད་པ་ཅན་བྱུང་བ་ཡིན་པས་ཀླན་ཀ་དེ་མི་སྲིད་དེ་སྤྱི་འཛིན་ལ་རང་མཚན་མི་སྣང་བའི་ཕྱིར། གལ་ཏེ་སྣང་ན་དབང་ཤེས་ལ་སྣང་བ་ལྟར་སྤྱི་བློར་སྣང་ངམ། །


MR20_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྣང་ལྟར་རང་མཚན་ལ་གྲུབ་བམ། ཆ་གཅིག་སྤྱི་འཛིན་ལ་སྣང་ཆ་གཅིག་དབང་ཤེས་ལ་སྣང་བ་ཡིན་ཞེས་བརྟགས་ན། དང་པོ་ལྟར་མིན་ཏེ་རང་མཚན་མེད་ཀྱང་སྤྱི་བློ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་མིན་ཏེ་དབང་ཤེས་ལ་ཡུལ་དུས་རྣམ་པ་མ་འདྲེས་པར་སྣང་ཞིང་། སྤྱི་བློ་ལ་དོན་སྤྱི་ཙམ་ཐ་སྙད་སྣ་ཚོགས་པའི་སྒོ་ནས་སྣང་བ་དེ་ལྟར་དོན་ལ་མི་གྲུབ་བོ། །གསུམ་པ་ལྟར་མིན་ཏེ་དངོས་པོ་གཅིག་ལ་སྣང་མི་སྣང་གི་ཆ་གཉིས་མེད་པས་སོ། །མངོན་སུམ་སྣང་བའི་གཅིག་ལ་མ་མཐོང་བའི་ཆ་དུ་མ་ཡོད་པར་རྟོགས་ན་ཆོས་གང་ལའང་གཅིག་ཏུ་བཞག་པ་མི་རུང་བས་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་རང་མཚན་ཐ་དད་པའི་དོན་ལ་གཅིག་ཏུ་བསྲེ་བའི་སྤྱི་བློ་འདི་ནི་རང་མཚན་གྱིས་བདག་པོའི་རྐྱེན་བྱས་པའམ་དེའི་དབང་གིས་བྱུང་བ་ཡིན་ནའང་བསླད་པའི་བློ་ཡིན་པའི་ཕྱིར་དོན་བཞིན་དུ་འཛིན་མི་དགོས་སོ། །དེ་ལྟར་འཁྲུལ་བ་ཡིན་ཀྱང་སྣང་བརྟག་བསྲེས་ནས་ལྷག་པར་ཞེན་པའི་དབང་གིས་ཐ་སྙད་ལ་འཇུག་པའི་ཚུལ་སྔར་བཤད་ཟིན་ཏོ། །གཞན་ཡང་དེ་ལ་སྤྱི་དངོས་པོར་སྨྲ་བ་ལྟར་ནའང་གསལ་བ་ཐ་དད་ལ་གཅིག་གི་བློ་མི་རིགས་པའི་ཀླན་ཀ་ཇི་ལྟར་སྤང་། གལ་ཏེ་ཐ་མི་དད་ཀྱི་སྤྱི་ཡོད་པས་མི་སྐྱོན་སྙམ་ན། སྤྱི་ཡོད་དུ་ཟིན་ཀྱང་གསལ་བ་ཐ་དད་པའི་སྣང་བ་ནི་མི་ཁེགས་ལ། སྤྱི་དབྱིབས་ཁ་དོག་སོགས་སུ་སྣང་བ་མེད་པ་དང་གསལ་བ་ལ་དབྱིབས་སོགས་ཡོད་པར་མཐོང་བས་གཅིག་ཏུ་སྣང་བ་ལ་གང་ཡང་མི་ཕན་པས་སྒྲོ་འདོགས་པ་མེད་པར་ནི་སྤྱི་ཙམ་གྱིས་ཐ་དད་མིན་པར་སྣང་བར་བྱེད་མི་ནུས་སོ། །གལ་ཏེ་གསལ་བ་དང་སྤྱི་ཐ་དད་མེད་པར་འདོད་


MR20_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟར་ན་ཡང་གསལ་བ་གཅིག་གི་དབྱིབས་སོགས་གཞན་ལ་རྗེས་སུ་མི་འགྲོ་བས་སྤྱིས་ཕན་གདགས་པར་མི་ནུས་སོ། །དེ་ནི་རྟོག་བློས་གསལ་བ་རྣམས་ཐ་དད་ལ་གཅིག་ཏུ་བཟུང་ཡང་རིགས་པས་གནོད་པ་མེད་པར་བསྟན་པའི་ལན་ཡིན་ལ། གཞན་ཡང་སྤྱི་འཛིན་རྟོག་པའི་བློ་ཡི་ངོར་སྣང་བའང་ཤིན་ཏུ་ཐ་དད་མེད་པ་ཁོ་ན་མ་ཡིན་པར་ཐ་དད་དུ་སྣང་བ་ཡོད་དེ། དེའི་རྒྱུ་མཚན་ཤིང་གི་གསལ་བ་དེ་དག་ཕན་ཚུན་ཤིང་ཙམ་དུ་མཚུངས་སོ་ཞེས་འཛིན་པའི་ཕྱིར་རོ། །མཚུངས་པར་བཟུང་ན་ཐ་དད་དུ་བཟུང་དགོས་ཏེ་གཅིག་པུའི་རྣམ་པ་ལས་མ་ཤར་བ་ལ་ཇི་ལྟར་མཚུངས་པར་འཛིན། དེས་ན་གསལ་བ་ཐ་དད་པས་ཐ་མི་དད་ཀྱི་བློ་སྐྱེད་པ་མི་འཐད་ཅེས་པའང་དོན་མེད་དོ། །ཁོ་ན་རེ་གལ་ཏེ་གསལ་བ་དེ་དག་མཚུངས་པ་སྟེ་ཁྱད་མེད་པར་འདི་ནི་སྔར་གྱི་དེའོ་སྔར་གྱི་དེ་ནི་འདིའོ་སྙམ་དུ་གཅིག་ཏུ་རྟོག་ན་ནི་ཇི་ལྟར་ན་ཐ་དད་པར་བློས་གཟུང་བར་བྱ། དེས་ན་མཚུངས་པ་ཞེས་པ་དེ་ཐ་མི་དད་ཀྱི་སྤྱི་དངོས་པོ་བ་གཉིས་ཀ་ལ་ཡོད་པ་དེའི་དབང་གིས་གསལ་བ་ཐ་དད་ལ་ཤ་པ་ཡང་ཤིང་ཤུག་པ་ཡང་ཤིང་ངོ་སྙམ་དུ་རྟོག་པ་ཡིན་གྱི་ཤིན་ཏུ་ཐ་དད་དང་ཐ་མི་དད་ལ་མཚུངས་ཞེས་འཛིན་པར་མི་རིགས་སོ་ཞེ་ན། ཐ་དད་པའི་གསལ་བ་གཉིས་ལ་མཚུངས་ཞེས་ཁྱད་མེད་པ་ལ་སྒྲ་བློ་འཇུག་པའི་རྒྱུ་ཐ་མི་དད་པའི་སྤྱི་རྫས་སུ་ཡོད་པས་མ་ཡིན་ཏེ། མེ་བུད་པ་སོགས་ཀྱིས་འབྲས་བུ་གཅིག་བྱེད་པར་འདྲ་བ་ལ་རྟེན་བྱས་ནས་རྣམ་པར་རྟོག་པས་མཚུངས་པའི་དངོས་པོར་སྲེ་བར་བྱེད་པ་ཙམ་ཡིན་གྱི་དོན་ལ་འདྲེས་པ་མེད་ཅིང་ཤིན་ཏུ་ཐ་དད་དང་ཐ་མི་དད་ལ་འདྲ་བའང་མེད་པས་ན་འདྲ་བ་ལ་རིགས་གཅིག་


MR20_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྒྲོ་བཏགས་པ་ལས་དེའི་ཐ་སྙད་གྲུབ་པ་ཡིན་ནོ། །གལ་ཏེ་ཐ་དད་པའི་གསལ་བ་དེ་དག་གི་འབྲས་བུ་རང་འཛིན་གྱི་བློ་དེ་ཡང་ཐ་དད་དོ་ཞེ་ན། རྫས་ཐ་དད་པར་ཤིན་ཏུ་ཡང་འདོད་དེ། གསེར་བུམ་དང་ཟངས་བུམ་ལ་སོགས་པའི་ཆུ་སྐྱོར་བའི་བྱེད་པའང་རྫས་དེའི་སྒོ་ནས་ཐ་དད་པ་ཡིན་ལ། གསལ་བ་སོ་སོ་ལས་སྐྱེས་པའི་རང་འཛིན་གྱི་བློ་ཡང་ཐ་དད་པ་ཡིན་གྱི་གཅིག་མ་ཡིན་ནོ། །འོ་ན་གསལ་བ་དུ་མས་འབྲས་བུ་སྤྱི་འཛིན་གྱི་བློ་གཅིག་སྐྱེད་དོ་ཞེས་ཁས་བླང་བ་མི་འཐད་དོ་སྙམ་ན་སྐྱོན་མེད་དེ། ཐ་དད་མིན་པའམ་གཅིག་ཏུ་བཞག་པ་ནི་རྫས་སམ་དངོས་པོའི་སྒོ་ནས་འཇོག་ན་ཀླན་ཀ་དེར་འགྱུར་ན་ཡང་། འདིར་ནི་རྟོག་བློས་སྒྲོ་བཏགས་པའི་བཏགས་པ་འབའ་ཞིག་ཏུ་འདོད་པས་ན་སྐྱོན་གང་ཡང་མེད་དེ་འདྲ་བ་ལ་རིགས་གཅིག་ཅེས་འཇོག་པའི་ཕྱིར་རོ། །དེ་ཇི་ལྟར་ན་བུམ་འཛིན་ཤེས་པའོ་ཞེས་གཅིག་ཏུ་རྟོ༷གས་པའི་སྤྱི་བློ་དེའི་རྒྱུའི་རང་བཞིན་དུ་གྱུར་པ་ལ་ཁྱད་པར་མེད་པའི་ཕྱིར། བུམ་འཛིན་གྱི་བློ་རྟོག་མེད་རྣམས་ཀྱང་རྫས་ཐ་དད་ཀྱང་བུམ་འཛིན་དབང་ཤེས་ཙམ་དུ་འདྲ་བའི་ཕྱིར་རིགས་ནི་ཐ་དད་མེད་པ་ཡིན་ལ། བུམ་པ་ཞེས་པའི་སྤྱི་འཛིན་གྱི་བློ་གཅིག་གི་རྒྱུ་ཡི་དངོས་པོ་ཡིན་པ་ཙམ་ལ་ཁྱད་མེད་པར་མཚུངས་པ་ཡིས་བུམ་པའི་གསལ་བ་རྣམས་རྫས་ཐ་དད་ཀྱང་རིགས་ཐ་མི་དད་པ་ཉིད་དུ་རྟོག་པས་འཇོག་པ་ལ་སྐྱོན་གང་ཡང་མེད་དོ། །དེས་ན་དོན་ཉམས་སུ་མྱོང་བའི་ཤེས་ངོར་སྣང་བ་ལ་དོན་དེ་བྱེད་པ་དང་མི་བྱེད་པ་གཉིས་སུ་མཐོང་ལ། དེའི་དབང་གིས་རྣམ་པར་རྟོག་པས་འདྲ་བ་ལ་ཐ་མི་དད་པར་རིགས་གཅིག་ཏུ་བསྲེ་བ་དང་། མི་འདྲ་བ་ལ་ཐ་དད་པར་རྣམ་པར་བཞག་པས་ན་རིགས་གཅིག་


MR20_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་འདི་ནི་དབང་ཤེས་ལ་སྣང་བ་ལས་བརྒྱུད་དེ་འོང་བ་དེའི་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་ནོ། །གལ་ཏེ་འབྲས་བུ་གཅིག་པ་དེ་ཉིད་སྤྱི་དངོས་པོ་བ་ཡིན་ནོ་ཞེ་ན། འབྲས་བུ་གཅིག་པ་ཅན་དེ་ཡང་དེ་ཡི་འབྲས་བུ་ཅན་མིན་པ་དང་བྲལ་བ་གཞན་སེལ་དངོས་མེད་ཡིན་གྱི་ལྡོག་པ་དེ་ཙམ་ལས་གཞན་པ་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་དངོས་པོར་གྱུར་པ་ནི་སྣང་རུང་མ་མཐོང་བའི་ཕྱིར་དང་སྔར་རྗེས་དཔག་གི་རིགས་པས་བཀག་པའི་ཕྱིར་ཡང་མེད་དོ། །དེས་ན་ཤིང་ལ་སོགས་པའི་བརྡ་རྣམས་ནི་རིགས་མི་མཐུན་སྤངས་པའི་གཞན་སེལ་དེ་རིག་པར་བྱེད་པའམ་ཤེས་པའི་དོན་ཅན་ཁོ་ན་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། ཁ་ཅིག་འདི་སྙམ་དུ་གཞན་སེལ་དངོས་མེད་བརྡས་བརྗོད་བྱ་ཡིན་ན་སྒྲ་དེས་དེ་མིན་གཅོད་པ་བློ་ཡུལ་དུ་འཕེན་ལ། དེ་མིན་པ་ཆོད་ཙམ་གྱི་བློ་དེས་དེ་ཡིན་པ་ཡོངས་གཅོད་ལྟ་བུར་བློ་ཡུལ་དུ་འཕེན་དུ་ཆུག་ནའང་སྒྲས་དངོས་ཀྱི་བརྗོད་བྱ་རྟོག་སྣང་དོན་བྱེད་མི་ནུས་པ་ཙམ་ཡིན་གྱི་དོན་བྱེད་པ་རང་མཚན་ཐོབ་པའམ་དེ་ལ་འཇུག་པར་མི་འགྱུར་རོ་སྙམ་ན། གཞན་རྣམ་པར་བསལ་བའི་རྟོག་བློ་དེས་དོན་ལ་འཇུག་པར་འཐད་པའི་ཚུལ་རང་ལུགས་བཤད་པ་ནི། བུམ་པའི་སྤྱི་འཛིན་གྱི་རྟོག་བློ་ཁྱད་པར་གསུམ་ལྡན་སྐྱེད་པར་བྱེད་པ། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པ་རང་མཚན་དངོས་ཀྱི་བརྗོད་བྱར་མེད་ཀྱང་བུམ་པའི་རང་མཚན་ལ་མི་བསླུ་བ་ཡོད་དེ། བརྡ་དང་ཐ་སྙད་ཀྱི་དུས་སུ་མི་འཁྲུལ་བའི་རྒྱུ་མཚན་རྣམ་པ་གཉིས་ཡོད་པའི་ཕྱིར་རོ། །དེ་ནི་འདི་ལྟར་རྟོག་ངོར་སྣང་བ་བུམ་པའི་དོན་སྤྱི་དེ་ནི་ཆུ་སྐྱོར་བ་སོགས་དེ་བྱེད་པ་མིན་ན་ཡང་དེ་ལ་


MR20_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྐྱོར་བ་སོགས་དེ་བྱེད་པ་དང་འདྲ་བའི་ངོ་བོར་སྣང་བ་ཅན་ཏེ་སྣང་བརྟག་གཅིག་ཏུ་བསྲེས་ནས་ལྷག་པར་ཞེན་པ་ནི་ཁྱད་པར་དང་པོའོ། །དེ་ལ་འདྲ་བ་ཞེས་པ་རྟོག་པ་དེས་རྟོག་སྣང་དང་རང་མཚན་འདྲ་བར་འཛིན་པ་ཞེས་པའི་དོན་མ་ཡིན་ཏེ་དེའི་ངོར་ཆ་གཉིས་སུ་མི་སྣང་བའི་ཕྱིར་རོ། །སྣང་བར་གྱུར་ནས་བཞིན་དང་གཟུགས་བརྙན་འདྲ་བ་ལྟ་བུར་འཛིན་པ་ཞིག་ན་མེ་ཡོད་དོ་ཞེས་བརྗོད་པ་ན། མེ་སྣང་ངམ་མེ་རང་མཚན་གང་ཡིན་ཞེས་ཐེ་ཚོམ་ཟ་བ་སོགས་བརྗོད་པ་མཐའ་དག་ལ་དེ་འདྲའི་དོགས་པ་སྐྱེ་སྲིད་ནའང་། བརྡ་ལ་འཇུག་པའི་དུས་སུ་སྣང་བ་ལ་རང་མཚན་དུ་ཞེན་པའི་དབང་གིས་མེ་བྱིན་ཅིག་ཅེས་ཟེར་ན་རྣམ་པ་ཀུན་ཏུ་ཚ་ཞིང་སྲེག་པ་ལ་གོ་བ་བཞིན་ནོ། །དེས་ན་རྣམ་པར་ཕྱེ་ཞིང་དཔྱད་ན་རྟོག་སྣང་ལ་བརྟག་བྱ་ཕྱི་དོན་དུ་ཞེན་པ་ཡིན་པས་སྣང་བརྟག་གཅིག་ཏུ་བསྲེས་པའི་བློ་ཞེས་བརྗོད་ཀྱི་བརྡ་ལ་འཇུག་པ་ཉིད་ཀྱི་དུས་ན་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་ཏེ་རྟོག་སྣང་ལ་ཡུལ་རང་མཚན་ཡིན་པར་ཞེན་པའམ་འཛིན་པ་ཡོད་པས་ན། རྟོག་བློ་དེའི་ངོར་སྣང་བརྟག་ཕྱེ་བའང་མེད་དེ། དོན་རང་མཚན་དང་ཁྱད་མེད་པ་ལྟ་བུར་སྣང་བ་ལ་དོན་བྱེད་པ་དང་འདྲ་བ་ཞེས་བརྗོད་པ་ཡིན་ཏེ་རྣམ་པར་དཔྱད་པའི་དབང་དུ་བྱས་པའོ། །དཔེར་ན་བུམ་པ་ཞེས་བརྗོད་ན་བློ་ངོར་ཆུ་སྐྱོར་བའི་དོན་བྱེད་པ་དེ་ཙམ་ཞིག་སྣང་ཞིང་། བུམ་པ་ཆུང་ངུ་ཞེས་བརྗོད་ན་ཆུ་སྐྱོར་བའི་དངོས་པོ་དབྱིབས་ཆུང་ངུ་ལྟ་བུར་འཆར་བ་སོགས་སྒྲས་ཁྱད་པར་གང་དང་གང་སྦྱར་བ་དེ་དང་དེ་ཡི་ཚུལ་གྱི་དོན་དེ་བློ་ཡུལ་དུ་སྣང་བ་ལ་རང་མཚན་དུ་ཞེན་པར་བྱེད་པ་ཡིན་ནོ། །དེ་ལྟར་དོན་སྤྱི་ལ་རང་མཚན་དུ་འཁྲུལ་པ་དེ་རྗེས་ཀྱི་ཤེས་པས་


MR20_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡོད་པར་སྒྲོ་འདོགས་པའི་རྒྱུ་ཡིན་ཀྱང་། དེས་རང་མཚན་རྣམས་ལ་སྤྱི་ཉིད་དུ་སྒྲོ་འདོགས་པའི་རྒྱུ་མི་བྱེད་དེ། དཔེར་ན་འདྲ་བ་གཞན་འབྱུང་བའི་འཁྲུལ་རྒྱུ་དེས་བུམ་པ་རྟག་པར་སྒྲོ་འདོགས་པའི་རྒྱུ་བྱེད་ཀྱང་། །རྟག་པ་ཉིད་བུམ་པར་སྒྲོ་འདོགས་པའི་རྒྱུ་མི་བྱེད་པ་བཞིན་ནོ། །ཁྱད་པར་གཉིས་པ་ནི། རིགས་མཐུན་མི་མཐུན་གྱི་དངོས་པོ་ཀུན་ལས་ཐ་དད་པ་དོན་རང་མཚན་གྱི་དངོས་པོ་ཉིད་ཀྱི་གཞན་སེལ་བ་ཙམ་གྱི་ས་བོན་ཅན་ཏེ། རང་མཚན་མཐོང་གོམས་ཀྱི་བག་ཆགས་ལས་བྱུང་བ་ཡིན་པའོ། །གལ་ཏེ་སྔར་དངོས་སུ་མཐོང་བ་མེད་པའི་ལྷ་ཡུལ་ལྟ་བུའི་དོན་སྤྱི་ཡང་ཡུལ་དེ་ཉིད་ཡོད་པ་དང་མཐུན་པར་ཞུགས་པའི་བློ་ཡིན་པས་བརྒྱུད་ནས་དེ་ལ་མཐར་ཐུག་པར་རུང་སྟེ། དེ་འདྲའི་རྣམ་པ་སྐྱེ་བ་ནི་དཔེར་ན་ཁང་བཟང་དང་མེ་ཏོག་གི་ཚལ་བདུད་རྩིའི་ཟས་ལ་སོགས་པ་རང་གིས་དངོས་སུ་མ་མཐོང་ཡང་དེ་ལྟར་བཤད་པའི་སྒྲ་ལ་བརྟེན་ནས་དབྱིབས་དང་ཁ་དོག་ལ་སོགས་པ་ཇི་ལྟར་རིག་པའི་རྣམ་པ་འཆར་བ་ནི་དབྱིབས་སོགས་གཞན་སྔར་མྱོང་བ་ལས་ཆ་འདྲ་བར་དཔག་ནས་བློ་ལ་འཆར་དུ་རུང་བ་ཡིན་ལ་དེ་ལྟར་ཐོབ་པའང་ཡོད་དོ། །གཞན་ཡང་གཙོ་བོ་ལ་སོགས་པའི་སྒྲ་དོན་ཀྱང་བདེ་བ་ལ་སོགས་པའི་ཆ་གཞན་མྱོང་བ་ལས་དཔག་ཏེ་དེ་ཡི་མཚན་ཉིད་སྒྲས་བཤད་པ་ལྟར་སེམས་པར་བྱེད་པ་ཡིན་མོད་ཀྱི་དངོས་པོ་གཞན་ཉམས་སུ་མྱོང་བའི་རྣམ་པ་ལས་གཞི་མེད་ལ་སྒྲོ་བཏགས་པ་ཡིན་པས་ན་དེ་ལྟར་བཟུང་བ་ལྟར་དོན་ཐོབ་པ་མེད་པར་ནི་སྔར་བཤད་པ་བཞིན་ནོ། །ཁྱད་པར་གསུམ་པ་ནི། རང་མཚན་ལྟར་ཞེན་ནའང་དོན་རང་


MR20_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་དངོས་པོར་གྱུར་པ་ཅུང་ཟད་ཀྱང་མེད་པའི་རྟོག་སྣང་ཙམ་སྟེ་དེ་ལྟར་སྤྱི་བློ་ཁྱད་པར་གསུམ་ལྡན་ནོ། །འདི་ལྟར་ཕྱོགས་གང་ན་ཡོད་པའི་བུམ་པ་རྣམ་ཉམས་སུ་མྱོང་བ་དེ་དུས་ཀྱི་བུམ་པའི་རྣམ་པ་ནི་འདི་ལྟར་ཡིན་ནོ་སྙམ་དུ་དྲན་ཀྱང་བློ་དེར་སྣང་བ་ཙམ་དུ་ཟད་ཀྱི་ཡུལ་དུས་མ་འདྲེས་པའི་རང་མཚན་དངོས་ཡུལ་དུ་བྱེད་མི་ནུས་ཏེ། དེ་འགགས་ནས་མེད་པའི་ཕྱིར་དེས་ན་རང་མཚན་ནི་རྟོག་པས་ནམ་ཡང་འཛིན་མི་ཤེས་ཏེ་གལ་ཏེ་འཛིན་ན་འཁྲུལ་བར་འཇོག་པར་ཡང་མི་རིགས་སོ། །དབང་ཤེས་ཀྱིས་མཐོང་བཞིན་དུ་དེར་རྟོག་པ་ལའང་རྟོག་པའི་ཡུལ་ནི་དོན་སྤྱི་ཙམ་དུ་འགྱུར་གྱི་རང་མཚན་དུ་མི་འགྱུར་བའི་ཚུལ་འོག་ནས་འཆད་པར་འགྱུར་རོ། །དེ་ལྟ་བུའི་སྤྱི་བློ་དེ་སྐྱེད་པར་བྱེད་པའི་སྒྲའང་དོན་རང་མཚན་གོ་བ་ལ་མི་བསླུ་ཞེས་པ་སྟེའང་སྒྲས་རྟོག་སྣང་ལ་བརྟེན་ནས་དོན་ལ་འཇུག་པའང་སྡུད་དོ། །སྒྲ་དེ་དོན་ལ་ཇི་ལྟར་མི་བསླུ་ན། ཐ་སྙད་ཀྱི་དུས་སུ་ཆུ་སྐྱོར་བ་སོགས་བུམ་པའི་འབྲས་བུ་དེ་མི་བྱེད་པ་གཞན་རང་གི་བརྗོད་བྱར་ཡོངས་སུ་སྤངས་པའི་ཡན་ལག་གམ་རྒྱུ་མཚན་ཅན་གྱི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་དང་། བརྡ་དུས་སུ་ཆུ་སྐྱོར་བ་སོགས་ཀྱི་དོན་དེ་བྱེད་པ་བུམ་པ་རང་གི་དངོས་པོ་རང་མིན་གཞན་ལས་ཐ་དད་པ་དོན་གྱི་གཞན་སེལ་ལ་བརྡ་བྱས་པས་དོན་གྱི་རང་མཚན་ཞེན་པས་བརྗོད་བྱར་སོང་བའི་ཚུལ་གྱིས་དེ་ལ་རྟེན་པ་ཡི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་ཏེ། མདོར་ན་བུམ་སྒྲས་བུམ་མིན་རྣམ་པར་བཅད་པས་བུམ་པ་ཡོངས་གཅོད་དུ་བློ་ཡུལ་ལ་གྲུབ་པར་བྱས་པ་ལྟ་བུའི་རྒྱུ་མཚན་དེ་གཉིས་ཀྱིས་ནི། དོན་རང་མཚན་ལ་མི་བསླུ་བ་དེས་དེ་མི་འཁྲུལ་བར་གོ་ནུས་པ་ཡོད་པར་


MR20_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །དེ་ལྟར་ཡིན་པ་དེ་ཕྱིར་སྒྲ་རྣམས་ནི་བརྗོད་བྱ་མིན་པ་གཞན་སེལ་བའམ་རྣམ་པར་གཅོད་པའི་ཡུལ་ཅན་ཏེ། དེའི་སྟོབས་ཀྱིས་ཆུ་སྐྱོར་བ་སོགས་ཀྱི་དོན་དེ་བྱེད་པ་བུམ་པ་སོགས་བློ་ཡུལ་དུ་གྲུབ་ཅིང་དེ་ལ་སྣང་བརྟག་གཅིག་ཏུ་ཞེན་པའི་ཕྱིར། རང་མཚན་ལ་བརྟེན་པའི་ངོ་བོའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །བརྟེན་པ་ཞེས་པ་འབྲེལ་བའི་དོན་དེ་འདི་ལྟར་རྟོག་པས་མཚམས་སྦྱར་ནས་སྒྲས་དོན་རང་མཚན་གོ་བར་བྱེད་པས་མིང་དོན་གྱི་འབྲེལ་བ་དོན་ལ་མ་གྲུབ་ཀྱང་། རྟོག་ངོར་ཡོད་པ་དེས་རྟོག་པས་བརྗོད་འདོད་ཀྱི་དོན་གོ་བ་ལ་མི་བསླུ་སྟེ་སྒོ་བྱང་གདགས་པ་བཞིན་ནོ། །གསུམ་པ་སྒྲ་སེལ་འཇུག་ཏུ་འདོད་པ་དེར་རྩོད་པ་སྤང་བ་ལ། སེལ་བ་ཁས་ལེན་པ་ལ་སྐྱོན་མི་འཇུག །སེལ་ལས་གཞན་འདོད་པ་ལ་སྒྲུབ་བྱེད་མེད། །དང་པོ་ལ། རྟོག་པ་ཕན་ཚུན་རྟེན་པར་ཐལ་བ་དང་། །སྒྲ་ལ་སེལ་བས་འཇུག་པས་མ་ཁྱབ་པ། །བརྟགས་ན་སྤྱི་དང་སེལ་བ་མཚུངས་པའི་སྐྱོན། །སྒྲ་རྟོག་ཕྱི་མ་དོན་མེད་ཐལ་བ་དང་། །གཞི་མཐུན་མི་སྲིད་པར་ནི་རྩོད་པ་ལྔ། །དང་པོ། སྐྱོན་དེ་ཕ་རོལ་རང་ལ་འཇུག་པར་བསྟན། །སེལ་བར་སྨྲ་ལ་ཉེས་པ་མེད་ཚུལ་ལོ། །དང་པོ། ཁྱོད་སེལ་བར་སྨྲ་བ་ལྟར་ན། ཤིང་ཞེས་པའི་སྒྲས་ཤིང་མ་ཡིན་པ་ལས་ལྡོག་པ་ཡིས་ཤིང་གི་དོན་འཛིན་ནོ་ཞེ་ན། ཤིང་དང་ཤིང་མིན་གཉིས་པོ་དག་ཕན་ཚུན་བརྟེན་པས་ན་གཅིག་འཛིན་པ་མེད་ན་ཅིག་ཤོས་རྐྱང་པར་འཛིན་མི་ཤེས་ཏེ། ཤིང་འཛིན་པ་ན་ཤིང་མིན་པ་བཟུང་ནས་དེ་བཅད་དགོས་ལ། ཤིང་མིན་པ་འཛིན་ན་དེའི་སྔོན་དུ་ཤིང་མ་བཟུང་བར་དེ་མིན་པར་ཡང་བཞག་ཏུ་མེད་དོ། །དེས་ན་གཅིག་འཛིན་ཚེ་གཅིག་མེད་ལ་དེ་གཉིས་རྟོག་པ་


MR20_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ཅིག་ཅར་འཛིན་པ་མི་སྲིད་པས་མཐར་གཉིས་ཀ་མི་འཛིན་པར་འགྱུར་པ་དེ་ཡི་ཕྱིར་ན་ཤིང་མིན་བཅད་ནས་ཤིང་ལ་བརྡར་བཏགས་པ་ཞེས་པ་འདི་མི་སྲིད་དོ་ཞེས་སྤྱོད་པ་པའི་སྟོན་པ་གཞོན་ནུ་མ་ལེན་ལ་སོགས་པ་ཁ་ཅིག་སྨྲའོ། །དེ་སྐད་སྨྲ་བ་དེ་དག་གིས་ནི་ཤིང་ཞེས་བརྡར་འདོགས་པ་དེ་ལ་བརྡ་དེས་ཤིང་མིན་པ་རྣམ་པར་གཅོད་དམ་འོན་ཏེ་གཅོད་པ་མིན་པར་འདོད། གལ་ཏེ་རྣམ་པར་གཅོད་ན་དེའི་སྔོན་དུ་ཤིང་གི་དོན་འཛིན་པ་མེད་ན་ཤིང་མིན་དུ་ཇི་ལྟར་ཤེས་ཏེ་དེ་ལྟར་མི་ཤེས་པར་ཁྱོད་རང་གིས་ཁས་བླངས་པས་སོ། །བརྡ་ལས་ཤིང་མིན་དེ་དག་མི་སེལ་བ་ཞིག་ན་ཤིང་གི་ཐ་སྙད་འདོགས་པར་བྱེད་པ་ཡི་སྐྱེས་བུ་རྣམས་ཤིང་མིན་དེ་ཡོངས་སུ་སྤངས་ནས་ཤིང་ལ་འཇུག་པར་ནི་མི་འགྱུར་ཏེ། དཔེར་ན་ཤིང་གི་ཁྱད་པར་ཤུག་པ་ལ་སོགས་པ་བརྗོད་པའི་སྒྲས་ཤིང་མི་གཅོད་པས་ན་ཤིང་གཅོད་པར་འདོད་པས་ཤུག་པ་ལ་སོགས་པའི་སྒྲ་སྦྱར་བ་དོན་མེད་པ་བཞིན། ཤིང་ཞེས་པའི་སྒྲས་ཀྱང་ཆུ་ལ་སོགས་པ་གཞན་མི་གཅོད་ན་ཤིང་འོན་ཅིག་ཅེས་པས་ཆུ་ལེན་པར་ཡང་བྱེད་པར་འགྱུར་རོ། །གལ་ཏེ་སྤྱི་སྨྲ་བའི་ལྟར་ན་གཞན་བཀག་པ་ལ་ལྟོས་ནས་ཤིང་གི་བརྡ་མི་སྒྲུབ་པ་སྟེ་བསྒྲུབ་མི་དགོས་པར། མདུན་ན་གནས་པ་སྤྱི་དང་ལྡན་པའི་ཤིང་གསལ་གྱི་དངོས་པོ་གཅིག་ཅིག་རབ་ཏུ་བསྟན་ནས། འདི་ནི་ཤིང་ཡིན་ནོ་ཞེས་མིང་དེ་དོན་ལ་སྒྲུབ་པ་ཁོ་ནས་བརྡ་བྱེད་ལ། ཕྱིས་ཐ་སྙད་འདོགས་པའི་ཚེ་ན་ཡང་སྤྱི་ལྡན་གསལ་བ་དེ་རྟོགས་པར་འགྱུར་ལ་དེ་ཡི་ཕྱིར་ཐལ་བ་མཚུངས་པའི་ཉེས་པ་འདི་ནི་མེད་དོ་སྙམ་ན། བརྡ་དུས་སུ་མདུན་གནས་དེ་ལ་འདི་ཡང་ཤིང་ཡིན་ཞེས་མི་ལྡན་རྣམ་གཅོད་དུ་སྦྱོར་རམ། འདི་ཁོ་ན་ཤིང་ཡིན་ཞེས་བྱའི་གཞན་


MR20_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམ་གཅོད་དུ་སྦྱོར། དང་པོ་ལྟར་ན་གཞན་ཡང་ཤིང་ཡིན་པ་མ་བསལ་བས། བརྡ་ལས་དེ་དག་མི་སེལ་ན། སོགས་ཀྱི་ཐལ་བ་སོ་ན་གནས་ལ། གཞན་ལྡན་རྣམ་གཅོད་བྱེད་ན། གལ་ཏེ་རྣམ་གཅོད་ཤིང་གི་དོན། །འཛིན་པ་མེད་ན་ཇི་ལྟར་ཤེས། །ཞེས་པའི་ཐལ་བ་སྤོང་མི་ནུས་པས། དེ་གཉིས་གང་ལྟར་ཀྱང་སྔར་གྱི་ཐལ་བ་ལྡོག་པ་མེད་པར་སོ་ན་གནས་པར་འགྱུར་རོ། །གཞན་ཡང་འདི་ཁོ་ན་ཞེས་པས་རང་མཚན་དེ་ཙམ་ཞིག་ལ་བརྡ་སྦྱར་བ་ཡིན་ན་དེ་ཡུལ་དུས་གཞན་ལ་རྗེས་འགྲོ་མེད་པས་གཞན་ལ་ཤིང་དུ་ཤེས་པར་མི་འགྱུར་རོ། །རིགས་དངོས་པོ་བ་དང་ལྡན་པའི་ཕྱིར་དེ་ལྟར་མི་འགྱུར་སྙམ་ན་གོང་དུ་བཀག་ཟིན་ལ། གཅིག་ལ་མིང་བཏགས་པས་རིགས་འདྲ་བ་མཐའ་དག་ལ་གོའོ་སྙམ་ན། རིགས་འདྲ་བ་དང་མི་འདྲ་བ་སོ་སོར་ཕྱེས་ནས་མི་འདྲ་བ་བསལ་བའི་རྣམ་གཅོད་ཅན་དུ་སྒྲ་དེ་སོང་བ་ཡིན་ནོ། །གཉིས་པ་སེལ་བར་སྨྲ་བ་ལ་ཉེས་བ་དེ་ལྟ་བུ་མེད་ཚུལ་ནི། ཤ་པ་དང་ཤུག་པ་སོགས་ཤིང་རྣམས་རིགས་གཅིག་ཏུ་རྟོགས་པ་ཞེས་བྱ་བའི་ཤེས་པ་ཤིང་འཛིན་ཙམ་ནི། རིགས་གཅིག་པོ་དེ་འདྲའི་གནས་སྐབས་ལ་སེམས་ཀྱི་རྒྱུད་གནས་པའམ་གཏོད་པའི་བརྡ་སྦྱོར་བའི་རྟོགས་པ་པོས། ཡལ་འདབ་དང་ལྡན་པར་འཛིན་པ་ཤིང་རྟོག་དེ་དང་དེ་མིན་པ་དེ་ལས་བཟློག་པ་ཤིང་མིན་དུ་རྟོག་པའི་རྒྱུ་རུ་གྱུར་པའི་དོན་གསལ་བ་རྣམས་བརྡའི་སྔོན་དུ་སྒྲའི་བྱེད་པ་ལ་མ་ལྟོས་པར་བདག་ཉིད་ཀྱིས་སོ་སོར་རྣམ་པར་འབྱེད་ཅིང་རྟོག་པར་བྱེད་དེ། འདི་ལྟར་ཡལ་འདབ་སོགས་དང་ལྡན་པ་དང་། གཞན་དེ་དང་མི་ལྡན་པར་མཐོང་བ་ལ་རྟོག་པས་དེ་དང་དེ་མིན་དུ་འབྱེད་པར་བྱེད་དོ། །དེ་ཡང་མངོན་སུམ་དུ་མཐོང་བའམ།


MR20_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་མ་མཐོང་ཡང་རྟོག་ཡུལ་ན་སྣང་བ་སྒྲ་དང་འདྲེས་སུ་རུང་བ་དེ་དང་གཞན་མི་མཐུན་པར་མ་འབྱེད་ན་དེ་ལ་ངེས་གཟུང་གི་དོན་ཅན་གྱི་བརྡ་སྦྱར་བ་མི་རིགས་ཏེ། རྟོག་ཡུལ་ན་སྣང་བ་ཙམ་གྱིས་གཞན་བསལ་བར་སོང་བས་དེ་ལ་བརྡ་འདོགས་པའི་བློ་སྐྱེ་བ་ཡིན་ནོ། །དེ་ཡང་ཤིང་སྤྱི་འཛིན་པའི་བློ་དེ་ལ་ནི་སྣང་བའམ་ཡོད་པའི་དངོས་པོ་དེ་ཉིད་ལ། ཤིང་དེ་འཛིན་གྱི་བློ་དེའི་རྒྱུ་ཉིད་དུ་སྣང་བ་དང་། བློ་དེའི་རྒྱུ་མིན་པ་ཤིང་མིན་གྱི་ངོ་བོ་དང་བྲལ་བ་དང་། དེ་ཡང་སྣང་བརྟག་ངོ་བོ་གཅིག་འདྲར་ཞེན་ནས་གནས་པ་སྟེ་རང་བཞིན་གསུམ་དང་ལྡན་པའི་ཚུལ་གྱིས་བརྡ་འདོགས་པ་པོ་བདག་ཉིད་ཀྱིས་རྟོག་ཡུལ་ན་ཡོད་པའི་དོན་དེ་དེ་མ་ཡིན་པ་གཞན་ལས་ཐ་དད་པར་ནི་ཤེས་པར་འགྱུར་བར་བྱ་བའི་སླད་དུ། ཡལ་འདབ་སོགས་དང་མི་ལྡན་པ་ལས་ཐ་དད་པ་རྟོག་ཡུལ་ན་ཡོད་པ་སྣང་བརྟག་གཅིག་ཏུ་ཞེན་པ་དེ་ལ་ཤིང་ཞེས་པའི་སྒྲའམ་སྐད་དམ་བརྡ་སྦྱོར་བར་བྱེད་པ་ཡིན་ཏེ། དགོས་པ་ནི་བརྡ་དེ་བཏགས་ཟིན་ནས་ཕྱིས་ཐ་སྙད་དམ་བྱེད་པའི་ཚེ་ནའང་སྒྲ་དེ་ལས་གཞན་ལས་ཐ་དད་པའི་དོན་དེ་ལྟ་བུ་རྟོགས་པར་འགྱུར་བའི་བློ་སྐྱེ་བའི་སླད་དུའོ། །ཚུལ་ཇི་ལྟར་ན་སྒྲ་དེ་ལས་རྟོག་པའི་སྣང་ཡུལ་དེ་སྐྱེད་པ་ལ་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པས་སྣང་བརྟག་དངོས་པོ་གཅིག་ལྟར་དུ་རྟོགས་པའི་ཚུལ་གྱིས་བརྡ་དོན་ལ་འབྱོར་པ་ཡིན་པས་ན་རྟོག་ཡུལ་གྱི་དོན་གཞན་ལས་ཐ་དད་པར་སྣང་བ་དེ་ཉིད་ཐ་དད་དུ་བྱེད་པའི་བརྡར་མིང་བཏགས་པས་དེ་ཉིད་གཞན་ལས་ཐ་དད་དུ་གོ་ནུས་ཏེ་ཉི་མ་ཞེས་པ་བཞིན་ནོ། །དེས་ན་ཤིང་ཞེས་པ་ཡུལ་དུས་རྣམ་པ་ཕྱེས་པའི་ཆ་གཅིག་ཁོ་ན་གོ་འདོད་ཀྱི་ཆེད་དུ་མ་ཡིན་པར་ཡལ་འདབ་སོགས་དང་མི་ལྡན་པ་གཞན་བཅད་ནས་ཡལ་འདབ་སོགས་


MR20_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་དངོས་པོ་དེ་ཙམ་གོ་བ་ལ་བཏགས་པའི་མིང་ཡིན་པས་གཅིག་ལ་མིང་བཏགས་པས་དེའི་རིགས་འདྲ་ཐམས་ཅད་གོ་ནུས་སོ། །དེ་བཞིན་དུ་རིགས་བརྗོད་པ་མི་དང་མཐོ་རིས་ལ་སོགས་པ་ཐམས་ཅད་ཀྱང་ཤེས་པར་བྱའོ། །གལ་ཏེ་སྐྱེས་བུ་གཅིག་ཁོ་ནའི་མིང་དུ་བཏགས་པ་ནི་སྐྱེས་བུ་གཞན་གང་དང་ཡང་མི་འདྲེ་བར་བྱ་བའི་སླད་དུ་བཏགས་པའི་ཞེ་འདོད་དེའི་དབང་གིས་དེའི་མིང་ཤེས་པས་གཞན་ལ་རིགས་བསྒྲེ་ནས་སྦྱར་དུ་མེད་པར་མཐོང་ནས་དེ་ལྟར་མི་སྦྱར་བ་ནི་གྲགས་པ་ཁོ་ནས་ཡིན་གྱི་རྒྱུ་གཞན་མེད་དེ། ཞེ་འདོད་ཀྱིས་སྦྱར་བ་དེ་ལྟར་འཛིན་པ་ནི་འདོད་རྒྱལ་ལམ་ཆོས་གཞན་གང་གི་མིང་དེ་ལ་བཏགས་ཀྱང་མི་དེ་ཁོ་ནའི་མིང་དུ་ཞེན་པར་བྱེད་པ་སྟེ། གླང་པོ་ལ་ལག་ལྡན་དང་། བ་ལང་ལ་འགྲོ་ལྡན་ཞེས་པ་བཞིན་དེ་ཁོ་ནའི་མིང་ཡིན་པའི་རྒྱུ་མཚན་བཤད་དུ་མེད་དོ། །དེས་ན་བརྡ་ནི་ཞེ་འདོད་ཀྱིས་སྦྱར་ལ་བརྡ་དེས་ཞེ་འདོད་ཀྱི་དོན་དེ་གོ་བར་བྱེད་པ་ནི་གཞན་སེལ་བའི་རྩ་བ་ཅན་རྟོག་པའི་དབང་གིས་ཡིན་པར་ཤེས་པར་བྱའོ། །རྩོད་པ་གཉིས་པ་སྤང་བ་ནི། སྒྲ་ཐམས་ཅད་སེལ་བའི་ཡུལ་ཅན་ཡིན་པས་མ་ཁྱབ་སྟེ་བུམ་པ་སོགས་ཀྱི་སྒྲ་ལ་བུམ་པ་མིན་པ་གཞན་བཅད་དུ་ཡོད་ཀྱང་ཤེས་བྱ་ལ་སོགས་པའི་སྒྲ་ལ་དེ་མིན་གཞན་བཅད་དུ་མེད་དེ། ཤེས་བྱ་མིན་པར་གཞལ་ཀྱང་དེ་ཡང་ཤེས་བྱ་ཉིད་དུ་གྱུར་པས་ན། གཞན་མ་གྲུབ་པས་དེ་སེལ་བའང་མི་སྲིད་པས་ན་སྒྲ་ཐམས་ཅད་རྣམ་གཅོད་ཀྱི་ཡུལ་ཅན་དུ་མ་གྲུབ་བོ་ཞེ་ན། ཉན་པ་པོའི་བློ་བརྗོད་བྱའི་དོན་མིན་པ་འགའ་ལས་རྣམ་པར་བཟློག་ནས་འཇུག་ཡུལ་གྱི་དོན་འགའ་ཞིག་ལ་འཇུག་བྱའི་ཕྱིར་སྒྲ་ནི་རབ་ཏུ་སྦྱོར་བར་བྱེད་དེ་སྒྲ་འཇུག་ཡུལ་དེ་ཡི་དོན་ཉིད་གཞན་ལྡན་གཅོད་པའི་ཚུལ་གྱིས་ངེས་པར་བཟུང་བ་ཡིན་པའི་ཕྱིར་རོ། །གཞན་


MR20_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག་ལྡོག་གི་ཚུལ་གྱིས་ངེས་བཟུང་དེ་མེད་པ་ཞིག་ན་སྒྲ་སྦྱོར་བ་དོན་མེད་པར་འགྱུར་ཏེ། དཔེར་ན་བུམ་པར་ཆུ་འོན་ཅིག་ཅེས་པ་ལྟ་བུ་ལ་བྱིན་ཅིག་ཅེས་པའི་བྱ་ཚིག་དེས་གཞན་ལེན་པ་སོགས་མི་སེལ་ན་དེ་སྨོས་མི་རིགས་ལ། དེ་ཡང་ཆུ་ཞེས་པའི་ཁྱད་པར་དུ་བྱས་པས་ནི་གཞན་འོ་མ་སོགས་གཅོད་ཅིང་ཆུ་དེ་གང་གིས་ལེན་ན་ཁྱོར་བ་སོགས་ཀྱིས་ལེན་པ་གཅོད་པའི་དོན་དུ་བུམ་པར་ཞེས་སྨྲོས་པ་ཡིན་གྱི་དེ་འདྲའི་ངེས་བཟུང་སོ་སོ་ནས་མེད་ན་དེ་གསུམ་སྨྲོས་མི་རིགས་སོ། །དེ་བཞིན་དུ་ངག་ཐམས་ཅད་ལའང་རང་རང་གི་ལྡོག་ཕྱོགས་གཅོད་པའི་ནུས་པ་ཡོད་པ་ཡིན་ནོ། །རྒྱུ་མཚན་དེས་ན་ཤེས་བྱ་དང་ལ་སོགས་པའི་སྒྲས་གཞལ་བྱ་དང་བརྗོད་བྱ་དང་ཐམས་ཅད་ཅེས་པ་ལ་སོགས་པའི་ཚིག་དགག་སྒྲུབ་ཀྱི་ཐ་སྙད་དུ་ནི་འཇོག་པ་རྣམས་ལ་ཤེས་བྱ་མིན་པར་དོགས་པ་ལ་སོགས་པ་རྣམ་པར་གཅོད་པ་འགའ་ཞིག་ཡོད་དེ། དེ་མེད་ན་སྒྲ་སྦྱོར་བ་དོན་མེད་དོ། །དཔེར་ན་དངོས་པོ་མེད་པ་ནི་མེད་པའི་ཕྱིར་དེ་ལ་ཤེས་པ་འཇུག་པ་མེད་དོ་སྙམ་དུ་ཐེ་ཚོམ་ཟ་བ་ལ། དངོས་པོ་མེད་པ་ཤེས་བྱ་ཡིན་ནོ་ཞེས་སྨྲས་པས་ཤེས་བྱ་མ་ཡིན་པ་རྣམ་པར་གཅོད་པ་དང་། སྐབས་ཀྱི་དགོས་དོན་ཚང་བ་ལ་ཐམས་ཅད་ཚོགས་སོ་ཞེས་པ་དང་། ཤེས་བྱ་ཐམས་ཅད་ནི་རྣམ་མཁྱེན་གྱིས་གཟིགས་སོ་ལྟ་བུ་སོགས་བཟློག་ཕྱོགས་སུ་སྒྲོ་བཏགས་པའི་རྣམ་པ་དེ་དག་སྒྲ་དེ་དག་གིས་གཅོད་པ་ཡིན་གྱི་བརྗོད་བྱ་དང་དེ་མིན་པ་ཚོམ་གཉིས་སུ་དང་པོར་གྲུབ་པར་བྱས་ནས་ཅིག་ཤོས་བསལ་དགོས་པ་མིན་ཏེ་བཟློག་ཕྱོགས་སུ་སྒྲོ་འདོགས་པ་དེ་བསལ་བས་གཞན་སེལ་དུ་སོང་བ་ཡིན་ནོ། །རྩོད་པ་གསུམ་པ་ལ། ལྡོག་པར་སྣང་བརྟག་གཅིག་འདྲེས་བརྗོད་བྱར་བསྟན།


MR20_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཕྱོགས་གླང་དགོངས་པར་བཤད་པའོ། །དང་པོ། གསལ་བྱེད་པ་སོགས་ན་རེ། སེལ་བ་འདི་དང་སྤྱི་མཚུངས་ཏེ་རྗོད་བྱེད་ཀྱི་སྒྲས་སེལ་བ་དེ་སྒྲུབ་པས་བརྗོད་དམ་སེལ་བས་བརྗོད། དང་པོ་ལྟར་ན་སེལ་འཇུག་ཉམས་ལ། གཉིས་པ་ལྟར་ན་སེལ་བ་ལའང་སེལ་བས་འཇུག་དགོས་པས་ཐུག་མེད་དུ་འགྱུར་རོ་ཞེ་ན། བུམ་སྒྲས་བུམ་མིན་ཆོད་པ་དེ་ཙམ་སེལ་བ་ཡིན་པས་ཐུག་མེད་ག་ལ་དགོས། སེལ་བ་རང་གི་ལྡོག་ཆ་ནས་བརྗོད་ན་སེལ་བ་མིན་པའང་གཅོད་དེ་བུམ་པའི་ལྡོག་པ་དང་བུམ་པའི་གཞན་སེལ་ཞེས་པ་བཞིན་སྒྲ་སེལ་འཇུག་ཏུ་འདོད་པས་སྒྲུབ་འཇུག་དོན་གྱིས་བཅད་པ་ཡིན་གྱིས་གཞན་མི་དགོས་སོ། །དེ་ལྟར་ཐུག་མེད་དུ་མི་འགྱུར་དུ་ཆུག་ན་ཡང་ལྡོག་པ་དེ་དངོས་པོ་ཡིན་ན་སྤྱི་དངོས་པོ་ལ་བརྗོད་པའི་སྐྱོན་ཡོད་ལ། དངོས་པོ་མེད་ན་ནི་དེ་བརྗོད་པ་ལ་དགོས་ནུས་མེད་དེ་དེས་དངོས་པོ་བུམ་པ་སོགས་གོ་བར་མི་སྲིད་པའི་ཕྱིར་ཞེ་ན། རྟོག་ངོར་སྣང་བའི་ཤིང་ལྟ་བུ་གཞིར་བཞག་གི་སྟེང་དུ་དེ་མིན་གཅོད་པའི་ཆེད་དུ་བརྡ་འགོད་ཀྱི། ཤིང་སྤངས་པའི་སེལ་བ་རྐྱང་པ་ལ་ཤིང་ཞེས་པའི་བརྡ་མི་འགོད་དེ་ཤིང་ཞེས་པ་ཤིང་མིན་གཅོད་པའི་བརྡ་ཡིན་གྱི་སེལ་མིན་གཅོད་པའི་བརྡ་མིན་པས་ན་སེལ་བ་ཉིད་ལ་བརྡ་སྦྱོར་བ་ཞིག་ན་སེལ་མིན་གཅོད་པའི་བརྡ་སེལ་བ་དང་ལྡོག་པ་དང་རྣམ་གཅོད་ལྟ་བུ་འགོད་རིགས་སོ། །དེས་ན་བརྗོད་འདོད་ཀྱིས་གང་དང་གང་གོ་ནུས་པ་དེ་དག་དེ་མིན་བཅད་པའི་གཞན་སེལ་ལས་བརྡ་དོན་འགྲུབ་པའི་རྩ་བ་ཅན་ཁོ་ན་ཡིན་ནོ། །དེ་ལྟར་མིང་འདོགས་པ་ལ་བཏགས་ཡུལ་གྱི་རྣམ་པ་བློ་ལ་ཤར་བའི་སྒོ་ནས་འདོགས་པས་ཁྱབ་ལ། དེར་དེ་མིན་གཅོད་པའི་དོན་དུ་བརྡ་འདོགས་པ་ཡིན་པས་ན། ཤིང་ལྟ་བུའི་སྒྲ་གང་ཞིག་ཤིང་གང་ལས་


MR20_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པ་ཤིང་མིན་དེ་རྣམ་པར་བཟློག་ནས་ཤིང་མིན་དེ་དག་ལས་རང་གི་ངོ་བོ་ཉིད་ཀྱིས་ཐ་དད་པ་ཤིང་གི་ཁྱད་པར་ཏེ་རང་མཚན་རྣམས་ཤིང་དུ་རིགས་མཚུངས་པའི་དབང་ལས་སྐྱེས་པའམ་དེ་ཡི་རྒྱུ་ཅན་གྱི་རྣམ་པ་གང་ཞིག་རྟོག་བཅས་བློ་ཡི་ཡུལ་དུ་སྣང་བ་ཅན་ལ་བརྡ་འགོད་པ་ཡིན་པས་ན་གཞན་སེལ་བ་ལ་བརྡ་སྦྱར་བའམ་སེལ་བ་ཉིད་ཀྱིས་བརྡ་དོན་གྲུབ་པ་ཡིན་པས་ན་བརྟག་ཅིང་དཔྱད་ན་སྒྲས་བརྗོད་བྱ་དངོས་པོར་གྱུར་པ་གཞན་གང་ཡང་མེད་དོ། །བུམ་མིན་བཅད་ཀྱང་རུང་བུམ་པ་ཉིད་ལ་སྒྲུབ་པས་མ་ཞུགས་ན་དོན་མི་སྟོན་པས་སྒྲུབ་འཇུག་ཏུ་བྱས་ཀྱང་ཅི་འགལ་སྙམ་ན། སྒྲ་རྣམས་ཀྱིས་དངོས་པོ་སྒྲུབ་པའི་ཚུལ་གྱིས་སྟོན་ནུས་ན་འགལ་བ་ཅི་ཡང་མེད་ཀྱང་། དེ་མི་ནུས་ལ་གཞན་ལས་ཐ་དད་པ་ཙམ་སྟོན་ནུས་སོ། །དེས་ན་སེལ་བ་ལ་མ་བརྟེན་པར་སྒྲུབ་པས་འཇུག་པ་མི་སྲིད་པར་བསྒྲུབས་ཟིན་ལ། སྒྲུབ་འཇུག་མེད་ཀྱང་སེལ་བའི་དབང་གིས་བརྡ་དོན་གྲུབ་པ་ན་སྒྲུབ་པས་ཞུགས་པ་ལྟར་རློམ་པ་ནི་འཁྲུལ་བ་སྟེ། བཞོན་པས་འགྲོ་བ་ལ་རང་ཉིད་སོང་བར་རློམ་པ་བཞིན་ནོ། །དེས་ན་བརྡ་ལས་དོན་གོ་བ་འདི་ཇི་ལྟར་ཡིན་དཔྱད་པ་ན་གཞན་སེལ་གྱི་རྩ་བ་ཅན་ཡིན་པར་དངོས་སྟོབས་ཀྱིས་གྲུབ་པར་ཁས་ལེན་པ་ཡིན་གྱི་སེལ་བ་ལ་དངོས་པོ་མེད་པའི་ཕྱིར་བརྗོད་བྱ་རྟོག་པའི་སྣང་ཡུལ་དེ་ལའང་དབྱིབས་སོགས་ཡོད་པར་སྣང་དུ་མི་རིགས་སྙམ་པ་ནི་གྱི་ན་སྟེ། དེ་མིན་བསལ་བའི་གཞི་ཞིག་མ་སྣང་ན་དགག་གཞི་མེད་པའི་ཕྱིར་དེ་ལ་གཞན་སེལ་བའི་ཐ་སྙད་ཀྱང་ཇི་ལྟར་ཐོབ་སྟེ་མི་ཐོབ་བོ། །འོ་ན་སྣང་བ་དེ་ཉིད་བརྗོད་བྱར་བྱས་པས་ཆོག་མོད་གཞན་སེལ་གྱིས་ཅི་བྱ་སྙམ་ན། གཞན་མ་བསལ་བ་ཞིག་ན་


MR20_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངོ་བོ་ཐུན་མིན་ཉིད་ཇི་ལྟར་སྒྲ་བློས་ངེས་པར་བཟུང་བ་ཡིན་ཏེ་མིན་ནོ། །འོ་ན་གཞན་མ་བསལ་ན་ཡང་དེ་དག་གི་སྒྲ་བློ་འཇུག་པ་མི་སྲིད་མོད། །རང་གི་ངོ་བོ་ཉིད་མ་སྣང་ན་གཞན་སེལ་བ་ཁོ་ནས་ཀྱང་མི་འགྲུབ་པས་དེ་གཉིས་མཚུངས་སོ་སྙམ་ན་མི་མཚུངས་ཏེ། སྒྲ་སྦྱོར་བ་ན་སེལ་བའི་སྟོབས་ཀྱིས་སྤྱི་བློ་སྒྲུབ་པ་ལྟར་བྱེད་ཀྱི་སྣང་བ་ཉིད་སྒྲུབ་པའི་སྒོ་ནས་སེལ་བ་འཕེན་པ་མིན་ཏེ། ཡིན་ན་སྒྲ་རྟོག་ཐམས་ཅད་རྟོག་མེད་ཀྱི་སྣང་ཡུལ་ལྟར་འགྱུར་བ་སོགས་སྒྲུབ་འཇུག་ལ་ཇི་སྐད་བརྗོད་པའི་ཉེས་པ་ཐམས་ཅད་ཡོད་པའི་ཕྱིར་རོ། །དེས་ན་འཁྲུལ་བ་ཅན་གྱི་ཞེན་པའི་ངོར་སྒྲུབ་པས་འཇུག་པ་ལྟར་ཡོད་ཀྱང་དཔྱད་ན་སེལ་བས་འཇུག་པར་གནས་པའི་ཕྱིར་སེལ་བས་འཇུག་པར་ཁས་ལེན་པ་ཡིན་ནོ། །གཉིས་པ་དེ་ཉིད་ཕྱོགས་ཀྱི་གླང་པོའི་དགོངས་པར་བཤད་པ་ནི། ལུང་དང་པོ། སྨྲས་པ་གཞན་ལས་ལྡོག་པ་ཡིས། །དངོས་པོ་དེ་ཡི་ཆ་འགའ་ཞིག །རྟོགས་འགྱུར། ཞེས་པ་སྟེ། བཤད་མ་ཐག་པའི་དོན་དེ་ཉིད་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཤིང་ཞེས་པའི་སྒྲས་གཞན་ལས་ལྡོག་པ་ཡིས་ཕྱི་རོལ་དོན་གྱི་དངོས་པོ་དེ་ཡི་ཆ་འགའ་ཞིག་སྟེ་རང་མཚན་རྣམས་ལས་ཐ་དད་པའི་ལྡོག་ཆ་ལས་རིགས་གཅིག་ཏུ་རྟོགས་པ་སྤྱི་བློ་ལ་བརྟེན་ནས་སྣང་བརྟག་གཅིག་ཏུ་ཞེན་ཅིང་དོན་རྣམས་ཀྱི་ལྡོག་པ་དེ་དག་གོ་བའམ་རྟོགས་པར་འགྱུར་རོ་ཞེས་པས་གཞན་སེལ་དེ་སྒྲའི་དངོས་ཡུལ་དུ་རབ་ཏུ་བཤད་པ་ཡིན་ནོ་ཞེས་ལྡོག་པའི་སྒོ་ནས་དངོས་པོའི་བྱེ་བྲག་གམ་ཁྱད་པར་གྱི་ཆོས་སྒྲས་གོ་བར་བྱེད་ཅེས་པའི་དོན་ཡིན་གྱི། ལྡོག་པ་ལ་བརྟེན་ནས་ལྡོག་ལྡན་དངོས་པོའི་རང་མཚན་འཛིན་ཞེས་པའི་ལུང་དོན་ལ་དོགས་པའང་བསལ་ལོ། །ཡང་ལུང་གཉིས་པ། སྒྲས་ནི་དོན་གཞན་ལས་


MR20_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དག་བརྗོད་དོ་ཞེས་གསུངས་པ་སྟེ། དེ་ཡང་སེལ་བ་འདི་ལའང་རང་གི་ངོ་བོ་ལྡོག་ལྡན་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་མོད་བུམ་པ་ལ་སོགས་པའི་སྒྲ་རྣམས་ལས་རྟོག་ངོར་བུམ་པ་སྣང་བརྟག་འདྲེས་པའི་ཚུལ་གྱིས་དེ་རྟོ༷གས་པའམ་སྣང་བ་ཉིད་ཀྱིས། གཞན་བུམ་མིན་ལས་བཟློག་པའང་དོན་གྱིས་རྟོགས་པར་འགྱུར་བ་དེ་ལ་སེལ་བ་ཞེས་བྱ་ཞིང་ཚུལ་དེ་ལ་ནི་དངོས་པོ་ལས་དོན་གཞན་པའི་སྤྱི་ལྟ་བུ་ལྡོག་ལྡན་ལས་ཐ་དད་པའི་སེལ་བ་འགའ་ཡིས་ཁྱད་པར་དུ་བྱས་པ་རྟོགས་པར་འགྱུར་བ་གཞན་འགའ་ཡང་སྟེ་ཅུང་ཟད་ཀྱང་མེད་ཀྱི་དེ་མིན་བཅད་པའི་དངོས་མེད་ལ་སེལ་བ་ཞེས་བཏགས་པ་ཙམ་ཡིན་པས་སོ། །དེས་ན་ལྡོག་པས་ཁྱད་པར་དུ་བྱས་པ་ཞེས་པའི་དོན་ཡང་ལྡོག་པ་དང་ལྡོག་ལྡན་ཐ་དད་པ་སྐྱེས་བུ་དང་དབྱུག་པ་བཞིན་དུ་དོན་ལ་གྲུབ་པ་མིན་ཏེ། ཕན་ཚུན་གཅིག་ལ་གཅིག་མེད་པའི་ཆ་ནས་བརྗོད་པས་ན་གཅིག་གོ་བས་ཅིག་ཤོས་དོན་གྱིས་གོ་བ་དེ་ཙམ་ལ་ཁྱད་པར་དུ་བྱས་པ་ཞེས་བརྡ་སྦྱར་བ་ཡིན་གྱི་ཁྱད་གཞི་དང་ཁྱད་ཆོས་ཀྱི་ཚུལ་དུ་དོན་ལ་ཐ་དད་དུ་མེད་དོ། །ལུང་གསུམ་པ་ནི། སྒྲས་ནི་དོན་གཞན་སེལ་བར་བྱེད་ཅིང་རང་གི་དོན་རྗོད་པར་བྱེད་དོ་ཞེས་གསུངས་བ་སྟེ། འདི་ལྟར་ཤིང་ཞེས་པའི་སྒྲས་ཤིང་མིན་གཅོད་པ་དང་ཤིང་སྒྲུབ་པའི་སྒྲས་དེ་ཡུལ་གཉིས་ཐ་དད་དུ་སྟོན་པར་བྱེད་པའང་མ་ཡིན་ཏེ། ཤིང་དང་ཤིང་མིན་ཕན་ཚུན་གཅིག་ལ་གཅིག་ཡོད་པ་མིན་པས་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་ཐ་དད་དུ་བརྗོད་པ་མེད་དེ་ཤིང་སྒྲས་ཤིང་མིན་བཅད་པ་དེ་ཙམ་གྱིས་ཤིང་ཉིད་དུ་གྲུབ་པ་ལས་ཐ་དད་དུ་མེད་དོ། །དེས་ན་ལྡོག་པ་འདི་ལ་རང་གི་ངོ་བོའམ་དངོས་པོ་ཅུང་ཟད་ཀྱང་མེད་དེ་


MR20_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡིན་པ་རྣམ་པར་བསལ་བ་ཙམ་གྱི་དགག་པའི་ཆའོ། །དེ་ལྟར་ཡིན་ནའང་སྒྲ་ཡི་སྟོབས་ལས་རང་གི་ངོ་བོ་ཡོངས་གཅོད་དུ་གྲུབ་པ་ལྟར་འཕངས་པའི་ཤན་གྱིས་དངོས་པོ་དང་ལྡན་པ་ལྟ་བུ་ཉིད་དུ་མཐོང་བ་ནི་འཁྲུལ་བའི་བློ་ཡིས་བསླད་པ་ཁོ་ན་ཡིན་གྱི་དོན་ལ་མ་གྲུབ་བོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ལྡོག་པ་འདི་དོན་དམ་པར་ཏེ་དངོས་པོར་ཡོད་པ་མིན་ནོ། །དེས་ན་སློབ་དཔོན་གྱི་ལུང་གསུམ་པོ་དེས་སྒྲས་དངོས་ཀྱི་བརྗོད་བྱ་གཞན་སེལ་དུ་བསྟན་པ་ཡིན་ཞིང་གཞན་སེལ་ཞེས་བྱ་བའང་ལྡོག་ལྡན་ལས་ཐ་དད་པའི་ལྡོག་པ་དངོས་པོར་སྟོན་པ་དང་། དེས་ཁྱད་པར་དུ་བྱས་པའི་སྒྲ་ཡུལ་དངོས་པོར་བཞེད་པ་མིན་ནོ། །དེ་ལས་གཞན་དུ་ལྡོག་པ་ཉིད་དངོས་པོར་འདོད་ན་མི་འཐད་དེ་རིགས་པས་གནོད་པའི་ཕྱིར་རོ། །ཇི་ལྟར་ན་ཨ་ག་རུའི་དངོས་པོ་ལས་དེའི་ལྡོག་པ་ནི་དངོས་པོར་མི་འགྱུར་ཏེ་དངོས་པོ་རང་མཚན་དོན་ལ་ཡོད་པ་ཡིན་ལ། དེའི་སྟེང་གི་ལྡོག་པ་ཐ་དད་པ་ནི་སྒྲོ་བཏགས་པའི་ཡོད་པ་ཙམ་ལས་དངོས་པོར་ཡོད་པ་མིན་ཏེ་དགག་པའི་ཆ་ཡིན་པས་སོ། །དེའི་རྒྱུ་མཚན་ཨ་ག་རུ་འདི་དེ་མ་ཡིན་པ་གཞན་ལྕགས་ལ་སོགས་པ་འདི་ལས་ཐ་དད་པའམ་གཞན་ཡིན་ནོ་ཅེས་ནི་བརྗོད་པའི་ཕྱིར་རོ། །དེ་ཡང་ཨ་གར་དེ་ཉིད་དེ་མ་ཡིན་པ་ལས་ཐ་དད་པར་མི་བརྗོད་པ་ཞིག་ན་ཨ་གར་ཉིད་ཀྱང་མ་ཡིན་པར་འགྱུར་ཏེ་ལྕགས་ལ་སོགས་པ་བཞིན་ནོ། །དེས་ན་ཤིང་འདི་ལ་ཤིང་མིན་ལས་ཐ་དད་ཅེས་མི་བརྗོད་མི་སེམས་པ་ཞིག་ན་ཤིང་དེ་ཤིང་མ་ཡིན་པར་འགྱུར་ཏེ་ཤིང་མིན་ལས་མ་ལོག་པའི་ཕྱིར་རོ། །གལ་ཏེ་ཤིང་དེ་ཤིང་མིན་ལས་ཐ་དད་པར་བརྗོད་ཀྱང་དེའི་ཐ་དད་པའི་ཆ་དེ་དངོས་པོ་ཉིད་ཡིན་པར་གྱུར་ན། ཤུག་པའི་སྟེང་


MR20_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཤིང་མིན་པ་ལས་ཐ་དད་པ་དེ་ཤུག་པའི་དངོས་པོ་དེ་ཉིད་ཡིན་ནམ། ཤུག་པ་ལས་གཞན་པར་གྱུར་པའི་དངོས་པོ་ཞིག་ཡིན། དང་པོ་ལྟར་ན་ཤིང་མིན་ལས་ལོག་པ་ནི་ཤུག་པའི་དངོས་པོ་ཡིན་པའི་ཕྱིར། གཞན་ཙནྡན་ལ་སོགས་པ་ཤིང་མིན་པར་ཐལ་ཏེ་ཤུག་པའི་དངོས་པོ་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཤུག་པའི་སྟེང་ན་ཤིང་མིན་ལས་ཐ་དད་པ་དེ་དངོས་པོར་ཡོད་དུ་ཆུག་ཀྱང་ཤུག་པའི་དངོས་པོ་ནི་ཤིང་མིན་ལས་མ་ལོག་པའམ་ཤིང་མིན་ལས་ཐ་དད་པ་མིན་པའི་ཕྱིར་ཤུག་པ་ཤིང་མིན་པར་འགྱུར་རོ། །དེས་ན་ཤུག་པའི་དངོས་པོ་ནི་ཤིང་མིན་ལས་ཐ་དད་དོ་ཞེས་བརྗོད་པར་ཡང་མི་རིགས་སོ། །གལ་ཏེ་དོན་གྱི་སྟེང་ན་དེའི་རང་མིན་བསལ་བའི་ཆ་དངོས་པོར་གྱུར་པ་མཁར་གཞོང་ལ་རྒྱ་ཤུག་བརྟེན་པའི་ཚུལ་དུ་ཡོད་ན་རེ་རེ་བཞིན་ལྡོག་པ་ཐུག་མེད་དུ་ཡོད་ཅིང་། ཡོད་པ་དེས་ལྡོག་ལྡན་ལ་རང་མིན་པ་སྤོང་བའི་བྱ་བ་གང་ཡང་མ་བྱས་པས་ལན་ཆགས་ཀྱི་བུ་ཚ་བཞིན་དུ་ཕན་པ་མེད་པར་ཟད་དོ། །ཚིག་རྐང་འདི་གཉིས་འགྲེལ་པ་རྣམས་ཀྱིས་བཤད་ཚུལ་མི་འདྲ་བ་མང་ལ་དོན་དུ་མི་འགལ་ཀྱང་རང་འགྲེལ་གྱི་བབས་དང་བསྟུན་ནས་འདི་ལྟར་བཤད་དོ། །དེས་ན་ལྡོག་པ་ལ་དངོས་པོ་གང་ཡང་མེད་པས་དོན་གྱི་སྟེང་ན་ཐ་དད་དུ་ཅུང་ཟད་ཀྱང་མེད་དོ། །སྒྲ་བློའི་ཐ་སྙད་ཀྱི་ནི་ཆོས་གཅིག་ལའང་དུ་མར་འབྱེད་རུང་བས་ཆོས་ཅན་བུམ་པའི་སྟེང་ན་བུམ་མིན་ལས་ལྡོག་པ་ཡོད་པ་སྐད་དུ་བསྟན་ཀྱང་རང་མིན་མ་བསལ་བར་སེམས་པ་བཟློག་པའི་རྣམ་གཅོད་ཀྱི་ཡུལ་ཅན་ཙམ་དུ་དེ་སྐད་བསྟན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་མོད། སྒྲའི་ཤན་ཞུགས་པ་ལྟར་དོན་ལ་ཐ་དད་དུ་


MR20_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་སེམས་པ་ནི་འཁྲུལ་བ་འབའ་ཞིག་གོ། །དེས་ན་དོན་རང་མཚན་གྱི་སྟེང་ན་སྔོན་པོ་ཉིད་རྫས་སུ་ཡོད་ཀྱི་ལྡོག་པ་རྫས་སུ་མེད་པར་བཏགས་པའི་ཆ་ཙམ་ཡིན་པས་དོན་གྱི་གཞན་སེལ་མེད་པར་བཞེད་པའང་ཐ་དད་པའི་རྫས་སུ་མེད་པར་གཞལ་བའི་ཐུགས་བཞེད་ལ་འགལ་བ་མེད་མོད་ཀྱི། སྔོན་པོ་ཡིན་པ་ཙམ་གྱིས་སྔོ་མིན་བསལ་བ་ནི་དོན་ལ་ཐ་དད་མེད་པར་གནས་པའི་འབྲལ་མི་ཤེས་ཡིན་པས་ན་དོན་རང་མཚན་གྱི་གཞན་སེལ་ཡོད་པར་སྨྲ་བའི་ཕྱོགས་འདི་སེལ་འཇུག་གི་ཐ་སྙད་སྨྲ་བའི་སྐབས་སུ་ཁས་མི་ལེན་པར་འོས་མེད་ཀྱིས་གྲུབ་པའི་ཕྱིར་དེའི་ཕྱོགས་འཛིན་པར་བྱའོ། །གལ་ཏེ་སེལ་བ་དངོས་མེད་དང་སྔོན་པོ་དངོས་པོ་ཡིན་པས་སྔོན་པོ་ཉིད་སྣང་ཡུལ་དུ་ཡོད་མོད། སེལ་བ་ཉིད་ཇི་ལྟར་ཡོད་དེ་དེ་གཉིས་དོན་ལ་གཅིག་ཅེས་པའང་བཏགས་པ་ཙམ་སྟེ་དེའི་གཞི་མཐུན་མི་སྲིད་དོ་སྙམ་ན། དགག་སྒྲུབ་ཀྱི་ཐ་སྙད་འདི་ལ་ཆིག་རྐྱང་རེ་ཁོ་ནས་ཡོངས་སུ་རྫོགས་པར་མི་སྣང་སྟེ། སྒྲུབ་པས་ཀྱང་དགག་པ་ཤུགས་ལ་སྟོན་པ་དང་། དགག་པས་ཀྱང་ཡོངས་གཅོད་གྲུབ་པ་ལྟ་བུར་མི་སྟོན་པ་མེད་པས་སྔོན་པོར་སྣང་བས་སྔོ་མིན་མ་བསལ་ཞེས་བཞག་པར་དཀའ་བས་ན་སྣང་ཡུལ་སྒྲུབ་པ་གཙོ་ཆེ་བས་རྣམ་བཅད་ཤུགས་ལ་གྲུབ་པ་དང་། གཞན་སེལ་དགག་པ་གཙོ་ཆེ་བས་ཡོངས་གཅོད་ཤུགས་ལ་གྲུབ་པ་ལྟར་གོ་ཞིང་སོ་སོའི་ལྡོག་པ་ནས་ཕྱེ་ན་མ་འདྲེས་པར་འཆད་དུ་ཡོད་མོད། དོན་བུམ་པའི་ངོ་བོ་ལ་མི་རྟག་པ་གྲུབ་ཀྱང་ཐ་དད་པར་མེད་ཅེས་གསུངས་སོ། །དེས་ན་དོན་རང་གི་ངོ་བོ་ལ་ནི་སྒྲ་རྟོག་གི་ཐ་སྙད་གང་ཡང་མི་འཇུག་ཀྱང་ཐ་སྙད་དོན་མཐུན་རྣམས་དོན་ལ་མི་བསླུ་བར་ཡང་འདོད་དགོས་པས་ན་ཐ་སྙད་དེ་ལྟར་


MR20_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་པའི་ལུགས་ལྟར་བདེ་བར་སེམས་སོ། །རྩོད་པ་བཞི་པ་སྒྲ་རྟོག་ཕྱི་མ་དོན་མེད་དུ་ཐལ་བ་སྤང་བ་ནི། གལ་ཏེ་ཤིང་དང་ཤིང་མིན་ལས་ལོག་པ་ཐ་དད་དུ་མེད་པ་དེ་ལྟར་ན། དེ་ལས་གཞན་པའི་སྤྱི་ཡང་མི་འདོད་པའི་ཕྱིར། ལྡོག་པ་མི་རྟག་པ་དང་ཐ་དད་དུ་མེད་པའི་སྒྲ་དེ་ཉིད་བློས་བཟུང་བ་ན་དེ་དང་ཐ་མི་དད་ཀྱི་ཆོས་ཀུན་ཀྱང་བཟུང་བར་འགྱུར་ལ། དེ་ལྟ་ན་སྒྲ་དང་ཚད་མ་ཕྱི་མ་འཇུག་པ་དོན་མེད་པར་འགྱུར་རོ་ཞེ་ན། རང་མཚན་ལ་ལྡོག་པ་ཐ་དད་དུ་མ་གྲུབ་པས་ནི་ཉེས་པ་འདིར་མི་འགྱུར་ཏེ། རྟོག་ཡུལ་ན་རང་མཚན་མི་སྣང་བའི་ཕྱིར། རྟོག་པ་ལ་སྒྲོ་འདོགས་ཐ་དད་པ་བཅད་དུ་ཡོད་པས་ནི་ལྡོག་པ་ཐ་དད་པའི་རྫས་ཡོད་པར་མི་འགྱུར་ཏེ། སྒྲོ་འདོགས་པ་ཙམ་བསལ་བའི་དགག་པ་དངོས་མེད་ཡིན་པའི་ཕྱིར། རྟོག་པ་ལ་སྒྲོ་འདོགས་བསལ་དུ་མེད་པར་ནི་མི་འགྱུར་ཏེ་ཕྱི་ནང་གི་འཁྲུལ་རྒྱུས་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་སྲིད་པའི་ཕྱིར། དེས་ན་རྩོད་པ་འདི་ལྟ་བུ་ནི་གྱི་ན་སྟེ་འདི་ལྟར་སྣང་བརྟག་བསྲེས་ནས་འཛིན་པ་རྟོག་པའི་བློ་ངོར་ཞེན་པའི་དབང་གིས། རྟག་པ་ལ་སོགས་པ་དང་འདྲེས་པའི་དོན་སྒྲ་ལྟ་བུ་གཅིག་ལ་མི་རྟག་པ་ལ་སོགས་པར་བཟུང་ནས་འཁྲུལ་བ་དེ་དག་རྣམ་པར་གཅོད་པ་ན་མི་རྟག་པ་ཞེས་པའི་སྒྲ་ལས་དེ་སྒྲུབ་ཀྱི་བྱས་པ་སོགས་རྟགས་ནི་གཅིག་པུ་དེ་ཡིས་སྒྲའི་སྟེང་དུ་རྟག་པ་གཅོད་པའི་བྱ་བ་བྱེད་ཀྱི་སྒྲོ་འདོགས་གཞན་སྒྲ་དང་རྟགས་དེས་མི་གཅོད་ལ། དེ་འདྲའི་སྒྲའི་ཡུལ་དེ་ལ་གཞན་རྣམ་པར་བཅད་པ་དག་གིས་ཁྱད་པར་དུ་བྱས་པ་ཡི་རང་མཚན་དུ་གྱུར་པ་དངོས་པོའི་བརྗོད་བྱ་ཅི་ཡང་མེད་དེ། རྟོག་བློའི་སྣང་ཡུལ་སྒྲོ་བཏགས་ལ་གཞན་བསལ་བའི་ཆ་ཙམ་སྟོན་པ་ཡིན་ནོ། །


MR20_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་གང་གིས་བརྗོད་བྱ་རང་མཚན་གྱི་དངོས་པོ་སྒྲུབ་པའི་ཚུལ་གྱིས་རྗོད་པར་བྱེད་པ་ཡིན་ན་དེ་ལས་རང་མཚན་དེའི་ཆོས་མ་ལུས་པར་ནི་རྟོགས་པར་འགྱུར་དུ་འོང་བ་ནི། རང་དང་རང་བཞིན་དབྱེར་མེད་པའི་ཆོས་རྣམས་དང་ཐ་མི་དད་པའི་ཡུལ་དངོས་པོ་གཅིག་པོའི་ནུས་པ་ལས་ཡིན་གྱི་བློའི་ནུས་པ་ལས་ནི་མ་ཡིན་ནོ། །དེས་ན་སེལ་བའི་ཡུལ་ཅན་རྟོག་པ་འདིའི་ཡུལ་དུ་ནི་རང་མཚན་དེ་མེད་པས་ན་ཉེས་པ་དེ་མེད་དོ། །དངོས་པོའི་སྟེང་ན་ལྡོག་པ་ཐ་དད་དུ་མེད་ཀྱང་སྒྲ་རྟོག་གིས་རང་ཡུལ་གྱི་ལྡོག་པ་ལ་རིམ་བཞིན་ཐ་དད་པར་འཇུག་པ་དེས་ན་རྟག་པ་དང་མ་བྱས་པ་སོགས་སྒྲོ་འདོགས་སོ་སོ་ནས་གཅོད་པའི་འབྲས་བུ་ཅན་མི་རྟག་པ་དང་བྱས་པ་སོགས་ཀྱི་སྒྲ་དང་། རྟགས་དུ་མ་རྟེན་སྒྲ་ལྟ་བུ་གཅིག་ལ་ཡང་ཡང་འཇུག་པར་འགྱུར་བ་འཐད་དོ། །རྩོད་པ་ལྔ་པ་ནི། ཁྱོད་གཞན་སེལ་སྨྲ་བ་ལྟར་ན་སྤྱི་དངོས་པོ་བ་གཅིག་མི་འདོད་པས་ཨུཏྤལ་འང་ཡིན་ལ་སྔོན་པོ་ཡང་ཡིན་པའི་གཞི་མཐུན་མི་སྲིད་པར་འགྱུར་ཏེ་ཐུན་མོང་དུ་གྱུར་པའི་དངོས་པོ་གང་ཡང་མེད་པས་སོ་ཞེ་ན། ཉེས་པ་དེ་སྤྱི་དངོས་སྨྲ་བ་རང་ལ་འཇུག་གི་སེལ་བར་སྨྲ་བ་ལ་རྣམ་པ་ཀུན་ཏུ་མི་འཇུག་སྟེ། འདི་ལྟར་སྔོ་མིན་རྣམ་པར་གཅོད་པའི་སྒྲ་སྔོན་པོ་ལྟ་བུ་གཅིག་ཅིག་སྦྱར་ནས་ལྡོག་ཆ་དེ་སྟོན་པ་ན་དེ་འདྲའི་སྒྲ་སྦྱོར་བ་གང་གི་ཚེ་ན་ཡང་། གཞན་ཨུཏྤལ་ལྟ་བུ་མི་སྤོང་བའམ་མི་འགོག་པར་གནས་ལ། སྒྲུབ་ཀྱང་མི་སྒྲུབ་མོད་འོན་ཀྱང་སྔོན་པོ་ལྟ་བུ་དེས་ནི་ཅིག་ཤོས་ཨུཏྤལ་ལྟ་བུ་དེ་ལ་ཁྱབ་ཅིང་ཟིན་པར་ཡང་སྣང་བས་ན་ཨུཏྤལ་ཀྱང་ཡིན་ལ་སྔོན་པོ་ཡང་ཡིན་པའི་ལྡོག་པ་གཉིས་ལྡན་གྱི་ཆོས་ཅན་མེ་ཏོག་གཅིག་པུ་ཉིད་ལྟ་བུ་དག་ཏུའང་སྣང་བར་བྱེད་དོ། །དེ་ཚེ་དེ་ལྟར་འཛིན་པའི་བློ་ཡི་ངོར་བྱས་ནས་གཅིག་སྣང་དེ་ཨུཏྤལ་


MR20_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིན་ལ་སྔོན་པོ་ཡང་ཡིན་པའི་གཞི་མཐུན་པ་ནི་ཉིད་དུ་འགྱུར་རོ། །དེ་རྣམ་གཅོད་ཙམ་གྱི་དོན་གྲུབ་པ་ཡིན་ན་དོན་གྱི་སྟེང་ན་ཨུཏྤལ་དང་སྔོན་པོའི་ཡིན་པ་མེད་པར་འགྱུར་རོ་སྙམ་ན། སྔོན་པོ་ལ་སོགས་པའི་སྒྲ་ནི་སྔོ་མིན་སོགས་རང་གི་འགལ་ཟླ་རྣམ་པར་གཅོད་པར་བྱེད་པ་ཡིན་ན། སྒྲ་དོན་མཐུན་དེས་ཇི་ལྟར་བཅད་པ་ལྟར་མཐར་ཐུག་དངོས་པོའི་ཆོས་ལ་རེག་པ་སྟེ་དེ་བཞིན་དུ་དོན་ཀྱང་ཐོབ་པར་འགྱུར་བ་ཡིན་པས་ན། སྔོན་པོ་དང་ཨུཏྤལ་ཀྱི་དངོས་པོ་དེ་ནི་བརྗོད་བྱ་དེ་ལ་ཡོད་ཅེས་བྱ་བ་ཁོ་ནའོ། །དེ་ལྟ་ནའང་གཞི་མཐུན་པ་ལ་སོགས་པར་འབྱེད་པ་ནི་བློས་ཐ་སྙད་དུ་བཞག་པ་ཡིན་པར་སྔར་བཤད་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་སྤྱི་ཡོད་པ་ལས་གཞི་མཐུན་དུ་འདོད་པ་ན་མི་འཐད་དེ། ཨུཏྤལ་གྱི་སྟེང་ན་སྔོན་པོ་དང་ཨུཏྤལ་ཙམ་ལས་མ་གཏོགས་པའི་དེ་གཉིས་ཀའི་གཞི་མཐུན་དུ་གྱུར་བ་ཕུང་གསུམ་པའི་དངོས་པོ་གཅིག་ནི་གཞི་མཐུན་གྱི་སྒྲས་རྗོད་པར་བྱེད་པ་མིན་ཏེ། དེ་འཇལ་བྱེད་ཀྱི་བློ་ལ་སྣང་བ་མིན་པས་སོ། །མ་སྣང་བ་ཙམ་གྱིས་ཅི་ལ་ཁེགས་སྙམ་ན་སྣང་དུ་རུང་བ་ཡིན་པ་ལ་རྟགས་དེ་ཞུགས་ན་དངོས་པོ་མེད་པས་ཁྱབ་པས་ན་དེ་ལྟར་ངེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཨུཏྤལ་དང་སྔོན་པོ་མཐོང་བའི་སྐབས་སུ་ཡུལ་དུས་ཀྱིས་ནི་མ་བསྐལ་ལ་སྔོན་པོ་དང་ཨུཏྤལ་རང་བཞིན་གྱིས་བསྐལ་བའང་མིན་པས་ན་སྔོན་པོ་དང་ཨུཏྤལ་ཡིན་པའི་གཞི་མཐུན་པ་ཞིག་ཡོད་ན་ཅིའི་ཕྱིར་སྣང་དུ་མི་རུང་སྟེ། དེས་ན་དེ་མ་དམིགས་པའི་ཕྱིར་བུམ་པའི་དགག་གཞིར་བུམ་པ་མ་མཐོང་བ་བཞིན་དུ་མེད་པ་ཁོ་ན་ཡིན་ནོ། །སྒྲའི་དོན་དངོས་པོ་མིན་པ་དེ་ཕྱིར་གཞན་སེལ་བའི་ཡུལ་ཅན་གྱི་སྒྲ་རྣམས་དང་ནི་བློ་ཉིད་


MR20_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྤྱི༷་ཡི་ཡུལ་ཅན་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་བསྟན་ཏེ། ཇི་སྐད་དུ། སྒྲ་རྣམས་དང་ནི་རྟགས་དག་གིས། །གཞན་སེལ་བ་ནི་རབ་ཏུ་སྟོན། །ཞེས་སོ། །དེས་ན་དངོས་པོའི་རང་མཚན་ལ་ནི་དུ་མ་ལ་གཅིག་དང་གཅིག་ལ་དུ་མ་མི་སྲིད་པས་ན་གཞི་མཐུན་ལ་སོགས་པའི་ཐ་སྙད་དེ་དག་མི་སྲིད་པའི་ཕྱིར་རོ། །སེལ་བར་སྨྲ་བའི་ལུགས་ལ་གཞི་མཐུན་གྱི་ཐ་སྙད་ཤིན་ཏུ་འཐད་པའི་ཚུལ་བསྟན་ནས། ད་ནི་སྤྱི་སྨྲ་བའི་ལུགས་ལ་མི་འཐད་པར་སྟོན་པ་ལ། དང་པོ་གྲངས་ཅན་པས་སྤྱི་གསལ་གཅིག་ཏུ་འདོད་པ་ལ་བརྗོད་པ། སྤྱི་གསལ་དབྱེར་མེད་པར་དངོས་པོའི་ངོ་བོ་གཅིག་པུ་ཆ་མེད་པ་ཉིད་ཀྱི་ཕྱིར། ཨུཏྤལ་དང་སྔོན་པོ་ལ་སོགས་པའི་ངོ་བོ་ཐ་དད་པའི་བློ་དེ་ནི་ཡུལ་གང་ལས་ཡིན་ཏེ། དེ་ནི་རྒྱུ་མེད་པར་ཐལ། གོང་གི་རྟགས་དེའི་ཕྱིར། རྟགས་མ་གྲུབ་ན་སྤྱི་ཆ་མེད་གཅིག་པ་ཉམས་སོ། །གཞན་ཡང་ཆ་མེད་ཀྱི་སྤྱི་གཅིག་པོ་དེ་ནི་ཆོས་གཅིག་ལ་ལྟོས་ནས་དེ་ལ་རྗེས་སུ་འགྲོ་བའང་ཡིན་ལ་ལྡོག་པའང་ཡིན་པ་དག་གི་དོན་དུ་གཅིག་པ་སྟེ་གཞི་མཐུན་པའི་སྤྱོད་ཡུལ་ལམ་ངོ་བོ་ཅན་ནི་མ་ཡིན་པའམ་ཡིན་མི་ཤེས་ཏེ་འགལ་བ་གཞི་གཅིག་ལ་འདུ་བར་མི་སྲིད་པའི་ཚད་མས་གནོད་པའི་ཕྱིར་རོ། །དེ་ལྟ་ནའང་བ་ལང་དཀར་ཟལ་དང་རྫས་གཅིག་ཏུ་གྱུར་པའི་རིགས་དེ་བ་ནག་མོ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ཀ་ཡིན་པར་ཐལ། བ་དཀར་ཟལ་གྱི་རྫས་ཀྱང་ཡིན་ལ་བ་ལང་གི་རིགས་སྤྱིའང་ཡིན་པའི་ཕྱིར་རོ། །བྱེ་བྲག་པ་གང་དག་སྤྱི་གསལ་ཐ་དད་དུ་འདོད་པ་དེའི་ལུགས་ལའང་གཞི་མཐུན་མི་སྲིད་དེ། སྤྱི་གསལ་ཐ་དད་པར་གྱུར་ན་ཡོན་ཏན་སྔོན་པོ་དང་ཨུཏྤལ་གྱི་སྤྱི་ཐ་དད་པ་ཤིང་ལ་བྱ་གནས་པ་ལྟ་བུར་འགྱུར་བས་


MR20_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཨུཏྤལ་ཀྱང་ཡིན་ལ་སྔོན་པོ་ཡང་ཡིན་པ་གཉིས་ཀ་དབྱེར་མེད་པའི་ཐ་སྙད་དག་ཀྱང་འཇུག་པའི་རྟེན་ནམ་རྒྱུ་མེད་པར་འགྱུར་ཏེ་ཀ་བུམ་གྱི་གཞི་མཐུན་མི་སྲིད་པ་བཞིན་ནོ། །སེལ་བ་སྨྲ་བ་རང་གི་ལུགས་ལ་ནི་དེ་མིན་བསལ་བའི་ལྡོག་པ་ཙམ་དེའི་རིགས་ཅན་ཐམས་ཅད་ཀུན་ལ་ཡོད་པའི་ཕྱིར། རིགས་དང་རིགས་ལྡན་ནམ་ལྡོག་པ་དང་ལྡོག་ལྡན་གཅིག་ཐ་དད་གང་ལའང་གཞི་མཐུན་མི་རུང་བར་ཐལ་བར་འགྱུར་བའི་ཉེས་པ་དེ་དག་རྣམ་པ་ཀུན་དུ་མེད་དེ་གཞན་སེལ་དངོས་མེད་ལ་གཅིག་ཐ་དད་ཀྱི་བརྟག་པ་མི་འཇུག་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་སེལ་བར་སྨྲ་བ་ལ་སྐྱོན་མི་འཇུག་ཚུལ་བཤད་ནས། ད་ནི་གཉིས་པ་སྒྲ་ཡུལ་སེལ་བ་ལས་གཞན་དུ་འདོད་པ་ལ་སྒྲུབ་བྱེད་མེད་པ་ལ། སེལ་བ་ཉིད་ཀྱིས་དགོས་པ་གྲུབ་པར་བསྟན། །གསལ་རྐྱང་སྤྱི་རྐྱང་སྤྱི་ལྡན་དགོས་མེད་པའོ། །དང་པོ། མུ་སྟེགས་བྱེ་བྲག་པ་སོགས་ན་རེ། ལྡོག་པ་ཀུན་ལ་ཡོད་ཀྱང་རང་རྐྱ་ཐུབ་པའི་དངོས་པོར་མེད་ལ། སྤྱི་དོན་གཞན་ཡང་ཁས་མི་ལེན་ན་དུ་མ་ལ་སྒྲ་གཅིག་འཇུག་པའི་རྒྱུ་མི་འཐད་ལ། དེ་ལྟ་ན་གསལ་བ་མི་འདྲ་བ་རེ་རེ་ལ་བརྡ་མི་འདྲ་བ་རེ་རེ་སྦྱར་དགོས་པས་ཧ་ཅང་ཐལ་ཞེ་ན། སེལ་བ་ལ་བརྡ་བྱས་ན་དགོས་མེད་དང་རྒྱུ་མེད་མིན་ཏེ། བ་ལང་གི་གསལ་བ་དེ་ཡི་འབྲས་བུ་ཐུན་མོང་བ་བཞོ་བཀལ་སོགས་ཚིག་གིས་མཚོན་པའམ་ཡོངས་སུ་བསྟན་པར་བྱ་བའི་ཕྱིར་དཀར་ཟལ་དང་ནག་རྒུར་ལྟ་བུ་ཐ་དད་པ་ན་ཡང་བཞོ་བཀལ་སོགས་འབྲས་བུ་གཅིག་བྱེད་པ་དག་ལ། བརྡ་ཤེས་པ་འཇིག་རྟེན་རྒན་པོས་བ་ལང་ཞེས་སྒྲ་གཅིག་དེ་མཚོན་པའི་བརྡར་བྱས་པ་དེ་ནི་བ་ལང་དེ་ཡི་འབྲས་བུ་བཞོ་བཀལ་སོགས་མེད་པ་ཅན་ལྡོག་


MR20_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་གཞན་སེལ་བ་ཡི་ནི་རྒྱུ་ཅན་ཡིན་ལ། དེ་ཁོ་ནས་བརྡ་དོན་གྲུབ་པའི་ཕྱིར་བརྡ་ཡུལ་གཞན་གྱིས་དགོས་པ་མེད་དོ། །གཉིས་པ་ལ། ཐ་དད་གསལ་བ་བརྡ་ཡུལ་མི་དགོས་དང་། །གཅིག་པུའི་སྤྱི་དངོས་དགོས་པ་མེད་པ་དང་། །སྤྱི་དང་ལྡན་པ་སྒྲ་ཡུལ་མི་དགོས་པའོ། །དང་པོ། གསལ་བ་སོ་སོ་ཐ་དད་པ་དག་སྒྲས་བསྟན་པ་ནི་དཀའ་སྟེ་གསལ་བ་ཡུལ་དུས་མཐའ་ཡས་པའི་ཕྱིར་དང་། བརྡ་གདགས་མི་ནུས་ཏེ། རང་མཚན་གྱི་ངོ་བོ་བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བའི་ཕྱིར་དང་། གསལ་བ་རེ་རེ་ནས་བརྡ་སྦྱར་བ་ལ་ཐ་སྙད་ཀྱི་ཚེ་དེ་གོ་ཞིང་འཇུག་པའི་འབྲས་བུ་མེད་པའི་ཕྱིར། དངོས་པོ་ཡི་རང་མཚན་ལ་བརྡ་བྱེད་པ་མིན་ཏེ། གལ་ཏེ་ཡིན་ན་དངོས་པོ་ཀུན་ནི་གཞན་དང་མ་འདྲེས་པར་རང་རང་གི་ངོ་བོ་ཐུན་མིན་ལ་གནས་པའི་ཕྱིར་བ་ལང་ཁྲ་བོ་ཡི་ནི་ངོ་བོ་གང་ཡིན་པ་དེ་ནི་སེར་སྐྱ་ལ་ཡོད་པ་མིན་པས་ན་བ་ལང་ཞེས་པའི་སྒྲ་གཅིག་གིས་དེ་གཉིས་ཀ་གོ་བར་མི་རུང་བས་བཞོ་བཀལ་སོགས་ཀྱི་དོན་བྱེད་པའི་དངོས་པོ་ལ་འཇུག་པའི་ཕྱིར་བ་ལང་ཞེས་པའི་བརྡ་སྦྱར་བ་དགོས་པ་མེད་པར་འགྱུར་རོ། །དེས་ན་གསལ་བ་ལ་བརྡ་སྦྱར་བ་མིན་ཏེ་བཞོ་བཀལ་སོགས་དེ་ཡི་འབྲས་བུ་ཅན་མིན་པ་ལས་བཟློག་པ་ནི་བ་ཁྲ་མོ་དང་སེར་སྐྱ་གཉིས་ཀ་ལ་ཡང་ཡོད་པ་ཡིན་ལ། དེས་མཚོན་པས་བ་ལང་ཐམས་ཅད་ལ་ཡོད་པས་ན་དེ་ལ་བརྡ་སྦྱར་བས་བ་ལང་ཞེས་པའི་སྒྲ་གཅིག་གིས་རིགས་འདྲ་བ་ཐམས་ཅད་མཚོན་ནུས་སོ། །དེའི་ཕྱིར་བ་ལང་ཞེས་པའི་སྒྲས་བརྗོད་བྱ་སྐབས་ཀྱི་མངོན་པར་འདོད་པའི་དོན་དེ་ལ་བཞོ་བཀལ་ལ་སོགས་པའི་དགོས་པ་དང་ལྡན་པའི་དོན་ལ་ཁྱད་པར་ཐ་དད་པ་མེད་པར་གནས་བཞིན་དུ་ཡང་། སྒྲ་ཡི་


MR20_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཐ་དད་པ་རེ་རེ་ནས་སྦྱར་བ་དགོས་པ་གང་ཡང་མེད་པས་དེ་ལྟར་སྦྱར་བ་མི་རིགས་སོ། །ཚུལ་དེ་ལྟ་བུའི་ཕྱིར་བ་ལང་དེ་ཡི་འབྲས་བུའམ་དགོས་པ་བཞོ་བཀལ་སོགས་ཀྱི་དོན་བྱེད་པ་ཅན་དེ་བརྗོད་པར་འདོད་ན་ཡང་། དེ་ཡི་འབྲས་བུ་མེད་པ་གཞན་ལས་ཐ་དད་པའི་གཞན་སེལ་བས་ཁྱད་པར་དུ་བྱས་ནས་བརྡ་སྦྱར་བ་ཉིད་ཀྱི་ཕྱིར་དེའི་རིགས་ཅན་ཐམས་ཅད་ལ་སྒྲ་གཅིག་གིས་ཁྱབ་པར་གོ་བར་འགྱུར་རོ། །སྤྱི་ཐུན་མོང་པ་མེད་ཀྱང་ཆོས་གང་གི་སྒོ་ནས་གཞན་ལས་ཐ་དད་པ་དེ་ཙམ་བརྡས་སྟོན་པ་ནི། དཔེར་ན་མིག་དང་ལ་སོགས་པ་ཞེས་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ནི་གཟུགས་འཛིན་པའི་རྣམ་ཤེས་གཅིག་གི་འབྲས་བུ་སྐྱེད་པ་ཅན་ཏེ་དེའི་རྒྱུ་ཡིན་པ་གང་གི་ཕྱིར། རྒྱུ་དེ་དག་འབྲས་བུ་མིག་ཤེས་གཅིག་པོ་དེ་སྐྱེད་པའི་རྒྱུ་ཙམ་དུ་ཁྱད་པར་མེད་པའི་དོན་ནམ་འབྲས་བུ་དེ། མིག་ཤེས་ཀྱི་རྒྱུ་ཞེས་པའི་སྒྲ་གཅིག་གིས་མཚོན་ཞིང་སྟོན་པ་དག་ནི་སྲིད་པར་འགྱུར་གྱི་མི་སྲིད་པ་མ་ཡིན་ནོ། །དེའི་དགོས་པ་ནི་རྒྱུ་འགའ་ཞིག་སྟེ་དུ་མ་ཡོད་དུ་ཟིན་ཀྱང་དེ་རེ་རེ་ནས་མ་བརྗོད་པར་ཅིག་ཅར་སྟོན་པའི་སྒྲ་དེས་ཚེགས་ཆུང་ངུའི་སྒོ་ནས་རྒྱུའི་ཚོགས་པ་ཀུན་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །མིག་ལ་སོགས་པ་དེ་ཡི་ངོ་བོ་ལས་ཐ་དད་པའི་སྤྱི་ཐུན་མོང་བ་ཞིག་ནི་མེད་དུ་ཟིན་ན་ཡང་། མིག་ཤེས་སམ་གཟུགས་འཛིན་ཤེས་པའི་རྒྱུ་ཞེས་སྒྲ་གཅིག་གིས་ཐུན་མོང་དུ་བསྙད་དུ་རུང་བ་དེས་ན་འཇིག་རྟེན་ན་གྲགས་པའི་བརྡ་ལས་དེ་ལྟར་སྲིད་པའམ་བྱུང་བ་ནི་དེ་ལྟར་བསྙད་པར་བྱ་བའང་ཡིན་ཏེ་སྒྲའི་དགོས་པ་ནི་དོན་གོ་བྱེད་ཙམ་དུ་ཟད་ལ། རྒྱུ་རེ་རེ་ནས་མ་བརྗོད་ཀྱང་ཐ་སྙད་ཟོར་ཡང་བར་བྱས་པའི་བརྡ་དེ་དག་གིས་ཀྱང་དེ་ལྟར་གོ་བར་ནུས་པའི་ཕྱིར་སྤྱི་དངོས་པོ་མེད་ན་དེ་ལྟར་བསྙད་མི་རུང་


MR20_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བ་མིན་ནོ། །ཡང་ན་བརྡ་ལས་བྱུང་བ་ཞེས་པ་བརྡ་མི་འདྲ་བ་སྦྱོར་ཚུལ་ལས་དོན་གོ་བའི་ཐ་སྙད་དེ་ལྟར་བྱུང་བ་ཞེས་སོ། །རང་འགྲེལ་གྱི་འགྱུར་ན། དེ་ཡི་ངོ་བོ་ཡི་ནི་སྤྱི། །ཐ་དད་མེད་དུ་ཟིན་ན་ཡང་། །ཞེས་བསྒྱུར་བ་ཡང་བཤད་མ་ཐག་པ་དང་དོན་གཅིག་ཡིན་ནོ། །དེ་ཡི་ངོ་བོ་སྤྱི་ལས་ནི། །ཐ་དད་མེད་དུ་ཡིན་ན་ཡང་། །ཞེས་འདོན་པ་ལྟར་ན་མིག་སོགས་རྒྱུ་དེ་ཡི་ངོ་བོ་འབྲས་བུ་གཅིག་སྐྱེད་པའི་བྱ་བ་ཐུན་མོང་པ་འབྲས་བུ་དེ་མི་སྐྱེད་པ་ལས་ལོག་ཙམ་གྱི་གཞན་སེལ་གྱི་སྤྱི་ལས་ཐ་དད་དུ་མེད་ན་ཡང་ཞེས་སོགས་སུ་འགྲེལ་ཀྱང་། ཡང་སྒྲ་དང་ཚིག་ཕྱི་མའི་ནུས་པ་དང་འབྲེལ་དཀའ་བས་འགྱུར་མི་བདེའོ། །དེ་ལ་མིག་དང་གཟུགས་དང་སྣང་བ་དང་ཡིད་བྱེད་རྣམས་ཐ་དད་ཀྱང་གཅིག་ཏུ་ཚོགས་པའི་མཐུས་མིག་ཤེས་སྐྱེད་པ་ན། རྒྱུ་དེ་དག་ལ་འབྲས་བུ་གཅིག་སྐྱེད་པ་མ་ཡིན་པ་ལས་ལོག་པ་ནི་སོ་སོ་ལ་ཡོད་ཀྱང་། འབྲས་བུ་གཅིག་སྐྱེད་པའི་སྤྱི་ཞེས་བྱ་བ་རྒྱུའི་ཁྱད་པར་རྣམས་ལས་ཐ་དད་པ་གང་ཡང་མེད་དེ་གལ་ཏེ་ཡོད་ན་རྒྱུ་རེ་རེ་ལ་ཡང་དེ་ཡོད་པས་རེ་རེས་ཀྱང་བསྐྱེད་པར་འགྱུར་རོ། །དེས་ན་གཟུགས་ཁོ་ན་ལའང་མིག་ཤེས་ཀྱི་རྒྱུ་ཞེས་པའི་སྒྲ་འཇུག་ན་དེ་ཁོ་ན་ལའང་ཐུན་མོང་གི་འབྲས་བུ་སྐྱེད་པ་དེ་ཡོད་པར་འགྱུར་རོ། །ཐུན་མོང་གིས་འབྲས་བུ་སྐྱེད་པ་དེ་ཐུན་མིན་རེ་རེ་ལ་མེད་ཀྱང་ཡོད་པ་སོགས་ཀྱི་སྤྱི་གཞན་ཐུན་མོང་པ་ཡོད་པས་སྒྲ་གཅིག་འཇུག་སྙམ་ན། དེ་ཡོད་དུ་ཆུག་ཀྱང་མིག་ཤེས་སྐྱེད་པའི་རྒྱུ་ཡིན་མིན་ལ་ཤེས་འདོད་ཞུགས་ནས་དེའི་རྒྱུ་སྟོན་པའི་སྐབས་འདིའི་བརྗོད་བྱ་དེ་མ་ཡིན་པས་ཧ་ཅང་ཐལ་ཏེ། དེ་ལྟ་ན་དངོས་པོ་ཐམས་ཅད་ལ་ཡང་མིག་ཤེས་ཀྱི་རྒྱུའི་སྒྲ་འཇུག་པར་འགྱུར་རོ། །དེས་ན་མིག་ལ་སོགས་པ་

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


MR20_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མིག་ཤེས་ཀྱི་རྒྱུ་མ་ཡིན་པ་རྣམ་པར་བཅད་པའི་ཚིག་གིས་ཅིག་ཅར་བསྟན་པ་ཙམ་ཡིན་ནོ། །དེ་ཡང་མིག་དང་གཟུགས་ལ་སོགས་པ་ཀུན་ཅིག་ཅར་བསྟན་པའི་ཕྱིར་སྒྲ་དེས་མཚོན་པར་བྱས་པ་སྟེ། དཔེར་ན་ཐ་སྙད་ཟོར་ཡང་བའི་ཕྱིར་ཨ་ནས་ཀྵའི་བར་འདི་དག་ནི་ཡི་གེའི་ཕྱི་མོའོ་ཞེས་བརྗོད་ན་དོན་གོ་ཡང་ཨ་ནས་ཀྵའི་བར་ཞེས་པའི་སྤྱི་ཡི་གེ་རེ་རེ་ལ་ཇི་ལྟར་ཡོད་དེ་མེད་ཀྱང་བརྗོད་འདོད་ཀྱིས་དེ་ལྟར་བརྗོད་པ་ལས་དོན་གོ་བ་བཞིན་ནོ། །དེས་ན་ཐ་སྙད་གདགས་པ་འདི་དག་ནི་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་པའི་ཆ་ནས་འབྲས་བུ་དེ་སྒྲུབ་པའི་མིང་གིས་རྒྱུ་དུ་མ་གོ་བ་ཡོད་ལ་དེ་ཡང་ཚོགས་པ་དང་རྒྱུན་དང་གནས་སྐབས་སམ་ངོ་བོ་ཐ་དད་པ་གསུམ་གྱི་འབྲས་བུ་ལས་བཏགས་པ་ཡིན་ནོ། །དེ་ལ་ཚོགས་པ་ཐ་དད་པ་འབྲས་བུ་གཅིག་བྱེད་པ་ལ་འབྲས་བུ་དེ་བྱེད་པའི་ཆ་ནས་མིང་གཅིག་བཏགས་པ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ལ་བུམ་པ་ཞེས་བཏགས་པ་ལྟ་བུ་དེ་རྡུལ་བརྒྱད་པོ་ཀུན་གྱིས་ཀྱང་ཆུ་སྐྱོར་བའི་འབྲས་བུ་གཅིག་བྱེད་པའི་ཆ་ནས་དེ་ལྟར་བཏགས་པའི་ཕྱིར། འབྲས་བུ་དེ་དང་ལྡན་པའི་བྱེ་བྲག་ཐམས་ཅད་ལའང་སྒྲ་དེ་འཇུག་པ་ཡིན་ནོ། །དེ་བཞིན་དུ་འབྲུ་ལ་སོགས་པ་ཇི་སྙེད་པའང་ཡིན་ནོ། །གལ་ཏེ་བུམ་པའི་མིང་དེ་ཆུ་སྐྱོར་བའི་འབྲས་བུ་བྱེད་པ་ལས་བཏགས་པ་མིན་པར་རྡུལ་བརྒྱད་འདུས་ཀྱི་གོང་བུ་ཙམ་ལ་བཏགས་པ་ཡིན་ན་མིང་དེ་ཀ་བ་སོགས་ལའང་འཇུག་པར་འགྱུར་རོ། །བུམ་པའི་གཟུགས་ཞེས་བརྗོད་ན་ཆུ་སྐྱོར་བ་དེས་ཁྱད་པར་དུ་བྱས་པའི་གཟུགས་ཁོ་ན་འཛིན་གྱི་ཀ་བ་ལ་སོགས་པའི་གཟུགས་ནི་མ་ཡིན་ཏེ་ཆུ་མི་སྐྱོར་བའི་ཕྱིར་རོ། །རྒྱུན་དུ་མ་ལ་འབྲས་བུ་གཅིག་བྱེད་པའི་སྒོ་ནས་མིང་


MR20_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བྱས་པ་ནི། འབྲུ་ཡི་རྒྱུ་ཞེས་པ་ལྟ་བུ་སྟེ། དེ་ཡི་རྒྱུར་གྱུར་པ་ས་བོན་དང་སྡོང་བུ་སྙེ་མ་ལ་སོགས་པ་དུ་མ་ཡོད་ཀྱང་འབྲས་བུ་དེའི་དངོས་སམ་བརྒྱུད་པའི་རྒྱུར་གྱུར་པ་ཀུན་ལ་མིང་དེ་གཅིག་པུ་འཇུག་གོ། །གནས་སྐབས་ཐ་དད་ལ་འབྲས་བུ་གཅིག་གི་སྒོ་ནས་མིང་བཏགས་པ་བསྟན་ཡོད་དང་། ཐོགས་བཅས་ལ་སོགས་པ་ལྟ་བུ་སྟེ། རང་འཛིན་དབང་ཤེས་ལ་བསྟན་དུ་ཡོད་པའམ་སྣང་བའི་འབྲས་བུ་བྱེད་པ་ཡིན་པའི་ཆ་ནས་སྔོ་སེར་དང་གྲུ་བཞི་ཟླ་གམ་སོགས་ཐ་དད་དུ་མ་ལ་དེའི་མིང་འཇུག་ཅིང་། མིག་ཤེས་ཀྱི་རྒྱུ་ལ་སོགས་པ་དང་མིག་གིས་གཟུང་བྱ་ལ་སོགས་པ་ཇི་སྙེད་པའང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་འབྲས་བུ་དུ་མའང་རྒྱུ་གཅིག་མ་ཡིན་པ་ལས་ལོག་པའི་ཆ་ནས་འདྲ་བས་ན། རྒྱུ་གཅིག་སྒྲུབ་པའི་མིང་གིས་ཅིག་ཅར་བསྟན་པ་འཕྲོག་མའི་བུ་ཞེས་པ་བཞིན་ཏེ་བུ་ལྔ་བརྒྱ་པོ་མིང་གཅིག་གིས་གོ་བ་དང་དེ་བཞིན་བ་ཁྲ་མོའི་བུ་ཞེས་པ་ལ་སོགས་པ་དང་སྐྱེས་བུའི་བྱས་པའི་འབྲས་བུ་མི་འདྲ་བ་ཐམས་ཅད་ལ་བརྩལ་མ་ཐག་བྱུང་ཞེས་དང་། ས་བོན་ལས་སྐྱེས་པ་ལ་སོགས་པ་དེའི་རིགས་འདྲ་ཀུན་ཀྱང་རྒྱུ་ལས་འབྲས་བུ་མཚོན་པར་བྱས་པའོ། །ཡང་རྒྱུ་དགག་པའི་སྒོ་ནས་རྒྱུ་དེ་དང་མི་ལྡན་པ་གཞན་མཚོན་པར་བྱས་ན། རྩོལ་བྱུང་མིན་པ་ཞེས་པས་སྐྱེས་བུའི་རྩོལ་བའི་རྒྱུ་མེད་པ་གློག་སོགས་གཞན་ཀུན་བརྗོད་ཅིང་། དེ་བཞིན་དུ་ཆུ་ལས་མ་སྐྱེས་པ། བདག་པོ་མེད་པ། མགོན་མེད་པ། མི་སྟོན་པ་རྣམས་ཀྱང་ཕན་འདོགས་པའི་རྒྱུ་དེ་དག་མེད་པ་ཅན་མཚོན་པ་ཡིན་ལ། མ་སྐྱེས་པ་དང་སྟོང་པ་ཉིད་ཀྱང་རྒྱུ་དགག་པར་གསུངས་སོ། །རང་བྱུང་ཞེས་པའང་དངོས་སུ་དགག་ཚིག་མེད་ཀྱང་རྒྱུ་དགག་པའི་སྒོ་ནས་བསྟན་


MR20_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འབྲས་བུ་དགག་པའི་སྒོ་ནས་འབྲས་བུ་དེ་མེད་པ་ཅན་མཚོན་པ་ནི། མིག་གིས་གཟུང་བྱ་མིན་པ་ཞེས་པས་སྒྲ་སོགས་ཀྱི་འབྲས་བུ་མིག་ཤེས་མི་སྐྱེད་པས་ན་འབྲས་བུ་དེ་བཀག་པའི་ཆ་ནས་གཟུགས་མ་ཡིན་པའི་ཆོས་གཞན་མཚོན་པའོ། །དེ་བཞིན་དུ་མིག་ཤེས་ཀྱི་རྒྱུ་མིན་པ་སོགས་གོང་གི་འབྲས་བུ་སྒྲུབ་པ་ལ་དགག་ཚིག་སྦྱར་བ་ཀུན་དང་། མི་རྟག་པ་ཞེས་པའང་རྟག་པ་དགག་པའི་མིང་སྟེ་དེ་ཡང་རྟག་པར་སྒྲོ་འདོགས་པ་རྣམས་ཀྱིས་རྟག་པ་རྒྱུས་མ་བསྐྱེད་ཀྱང་རྟག་པས་དོན་བྱེད་པར་ཁས་བླངས་པས་ན་རྟག་པ་ཞེས་པ་འབྲས་བུའམ་དགོས་པའི་ཆ་ནས་བཏགས་པའི་མིང་དུ་སོང་ལ། དེས་ན་དེ་འདྲའི་སྒྲོ་འདོགས་བཅད་པའི་མིང་དེ་ཡང་འབྲས་བུ་དགག་པར་རང་འགྲེལ་ལས་གསུངས་སོ། །དེ་བཞིན་དུ་བདག་མེད་པའང་ཡིན་ལ། ཤཱཀྱ་བློའི་འགྲེལ་པར་སྡུག་བསྔལ་ཡང་བདེ་བའི་འབྲས་བུའི་བཟློག་ཕྱོགས་སུ་གྱུར་བས་འབྲས་བུ་དགག་པའོ་ཞེས་གསུངས་པ་ནི་མི་བདེ་བ་ཞེས་པར་བསྒྱུར་ན་ལེགས་ཏེ་སྡུག་བསྔལ་ནི་འབྲས་བུ་སྒྲུབ་པའི་མིང་ཡིན་པས་སོ། །དེས་ན་མི་གཙང་བ་ལ་སོགས་པ་གོང་གི་རྒྱུ་འབྲས་སྒྲུབ་པའི་མིང་ལས་དཔག་སྟེ་དེ་ལ་དགག་ཚིག་སྦྱར་བས་དེ་དག་དགག་པའི་མིང་དུ་འགྱུར་རོ། །དེ་ལྟར་རྒྱུ་འབྲས་སྒྲུབ་པ་དང་དགག་པའི་སྒོ་ནས་སྒྲ་ཡི་འཇུག་པ་ཡན་ལག་བཞི་ལྡན་ཞེས་བྱ་བར་འགྱུར་རོ། །གཉིས་པ་སྤྱི་གཅིག་པུ་པ་སྒྲ་ཡུལ་དུ་མི་དགོས་པར་བསྟན་པ་ལ། སྤྱི་དངོས་སྒྲ་ཡིས་བརྗོད་བྱ་ཡིན་པ་བཀག །དེ་ལྟར་བཀག་ལ་རྩོད་པ་སྤང་བ་གཉིས། །དང་པོ་ལ་ནི་མདོར་བསྟན་རྒྱས་བཤད་གཉིས། །དང་པོ་བྱེ་བྲག་པ་ལ་སོགས་པ་ན་རེ། གལ་ཏེ་སྤྱི་དངོས་པོ་བ་གཅིག་


MR20_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དེ་དག་ལ་གནས་པ་ཡི་ཕྱིར་ན་གསལ་བ་ཐ་དད་པ་མང་པོ་དག་ལའང་མཉན་པ་སྟེ་སྒྲ་གཅིག་འཇུག་པ་ཡིན་ནོ་ཞེ་ན། གསལ་བ་དུ་མ་ལ་སྤྱི་གནས་པ་ཞེས་བྱ་བ་དེ་ཅི་ཞིག་སྟེ། མཁར་གཞོང་ལ་རྒྱ་ཤུག་ལྟར་གསལ་བ་རྣམས་ལ་སྤྱི་རྟེན་པ་ཡིན་ནམ། མར་མེས་བུམ་པ་ལྟར་གསལ་བས་སྤྱི་གསལ་བ་ལ་བརྗོད་པ་ཡིན། དེ་གཉིས་པོ་གང་ལྟར་ཡང་སྤྱི་དེ་ལ་མི་རིགས་སོ། །གཉིས་པ་དེ་རྒྱས་བཤད་ལ། རྟེན་པ་བཀག་དང་གསལ་བ་བཀག་པ་གཉིས། །དང་པོ། སྤྱི་གསལ་བ་ལ་རྟེན་པར་མི་རུང་བ་ཅིའི་ཕྱིར་སྙམ་ན། སྤྱི་རྟག་པ་ཡིན་པར་འདོད་པས་ན་དེ་ལ་ཆོས་གཞན་གྱིས་ཕན་འདོགས་པ་མེད་པའི་ཕྱིར་རྟེན་པ་མིན་ནོ། །ཕན་འདོགས་པ་མེད་ཀྱང་རྟེན་པར་མི་འགལ་ཏེ་མཁར་གཞོང་ལས་རྒྱ་ཤུག་མ་བྱུང་ཡང་དེ་ལ་བརྟེན་པ་བཞིན་ནོ་སྙམ་ན། རྒྱ་ཤུག་མཁར་གཞོང་ལ་རྟེན་པའི་ཕྱིར་ཕན་མ་བཏགས་པ་མ་ཡིན་ཏེ། ཇི་ལྟར་ན་སྣོད་དེས་མ་བཟུང་ན་ཐུར་དུ་ལྷུང་བའི་ངང་ཚུལ་ཅན་གྱི་རྒྱ་ཤུག་དང་ཆུ་ལ་སོགས་པ་ལའང་མི་ལྷུང་བ་དེ་ཡི་ཡུལ་སྐྱེད་པར་བྱེད་པ་ནི་མཁར་གཞོང་ལ་སོགས་པ་རྟེན་གང་ཡིན་པས་ནུས་ཏེ། སྣོད་དེས་མ་བཟུང་ན་རྒྱ་ཤུག་ལ་སོགས་པ་ལྟུང་ཞིང་གཞན་དུ་འཕྱན་པ་ཞིག་ན་བརྟེན་པ་དེ་ཡི་ཡུལ་ཐུན་མོང་མིན་པར་གནས་པའི་ཆ་དེ་རྟེན་དེས་བསྐྱེད་པ་ཡིན་ཏེ་རྒྱ་ཤུག་ལ་སོགས་པ་རང་གི་ཉེར་ལེན་སྔ་མ་གནས་པའི་ཡུལ་དེ་ཉིད་དུ་རྟེན་དེས་གནས་པར་བྱས་པའི་ཕྱིར་ཡུལ་གཞན་ན་གནས་པའི་རྒྱ་ཤུག་དང་མི་འདྲ་བར་ཡུལ་དེར་སྡོད་པའི་ཆོས་ཀྱི་ཁྱད་པར་ནི་རྟེན་དེས་དེ་ལ་བསྐྱེད་པ་ཡིན་ནོ། །དེ་མ་བསྐྱེད་ན་འདི་འདི་ལ་བརྟེན་ཏོ་ཞེས་བྱ་བར་ཡང་མི་འགྱུར་རོ། །ཡུལ་གྱི་གོ་ས་དེ་ཉིད་དུ་བཟུང་བ་


MR20_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟེན་དེས་བརྟེན་པ་ལ་སྔར་མེད་པའི་ཁྱད་པར་བྱས་པ་ཡིན་ནོ། །སྔར་མེད་པའི་ཁྱད་པར་གང་ཡང་དེ་ལ་བྱས་པ་མེད་ན་མ་བརྟེན་ཀྱང་དེར་གནས་པའམ། བརྟེན་ཀྱང་མི་ཕན་པར་གཞན་དུ་འཕྱན་པར་འགྱུར་རོ། །དེས་ན་སྣོད་ཀྱིས་ཆུ་སོགས་ལ་ཕན་འདོགས་པའམ་ཁྱད་པར་གཞན་སྐྱེད་པ་ཡིན་གྱི་ཅི་ཡང་མ་བསྐྱེད་པ་མིན་ནོ། །དེ་ལྟར་རྟེན་གྱིས་བརྟེན་པ་ལ་ཕན་པའི་ནུས་པ་དེ་ཡང་སྤྱི་རྟག་པ་དེ་ལ་མི་སྲིད་དེ་རྟག་པ་ལ་སྔར་མེད་པའི་ཁྱད་པར་གང་ཡང་སྐྱེད་མི་རུང་སྟེ་གསལ་བ་དེས་མ་བརྟེན་ན་ཡུལ་གཞན་དུ་འཕྱན་ལ་དེས་མི་འཕྱན་པར་བྱེད་པ་སོགས་ཀྱི་ནུས་པ་གང་ཡང་སྤྱི་དེ་ལ་འཇུག་པ་མི་སྲིད་དོ། །ཁྱད་པར་གང་ཡང་གསར་དུ་མ་བསྐྱེད་ཀྱང་རང་གྲུབ་ཟིན་གྱི་སྤྱི་དེ་གསལ་བས་ཡུལ་དེར་འཇོག་པའམ་གནས་པར་བྱེད་དོ་ཟེར་ན། གསལ་བ་དེ་མེད་ན་ཡང་སྤྱི་དེ་གྲུབ་ཟིན་པ་དེ་ལྟར་རྟག་ཏུ་གནས་པའི་ཕྱིར་གསལ་བ་ལ་བརྟེན་ནས་ཡུལ་དེར་འཇོག་པའམ་གནས་པ་ཉིད་དུ་བྱས་པ་ཅུང་ཟད་ཀྱང་མིན་ཏེ་སྤྱི་རྟག་པ་ལ་ཡུལ་ཐ་དད་དུ་འཕོ་བ་དང་གཞན་གྱིས་དེར་གནས་པར་བྱ་མི་ནུས་པས་སོ། །དེ་ལྟར་གསལ་བ་ལ་བརྟེན་ནས་མི་གནས་པ་ཙམ་དུ་མ་ཟད་སྤྱི་གནས་སོ་ཞེས་བྱ་བ་དེ་ཡང་མི་རིགས་ཏེ། རྒྱུ་མཚན་སྤྱི་དང་གནས་པ་ཐ་དད་ཡིན་པའམ། ཐ་དད་མིན་པ་ཡི་ཚུལ་ལ་རྣམ་པར་དཔྱོ༷ད་པས་སྤྱི་གནས་ཞེས་པ་དེ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ན་སྤྱི་དང་གནས་པ་ཐ་དད་ན་སྤྱི་གནས་པ་ནམ་ཡང་མེད་ལ་གསལ་བས་གནས་པ་བྱས་ཀྱང་སྤྱི་གནས་པར་མི་འགྱུར་རོ། །སྤྱི་དང་གནས་པ་གཅིག་ན་རང་ཉིད་གནས་པས་གསལ་བ་ལ་མི་ལྟོས་པར་འགྱུར་རོ། །གཉིས་པ་གསལ་བྱེད་ཀྱི་རྟེན་དུ་འདོད་པ་དགག་པ་ལ། རྟག་ལ་


MR20_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་ནམ་ཡང་མི་འཐད་དང་། །གསལ་བྱ་རིགས་སུ་འདོད་ན་ཧ་ཅང་ཐལ། །སྔོན་མེད་གསལ་བར་རིགས་ཀྱིས་མ་ཁྱབ་པའོ། །དང་པོ། སྤྱི་ལྡན་སྤྱི་ཡི་གསལ་བྱེད་དུ་སྨྲ་བ་རྣམས་ན་རེ། མུན་ཁང་གི་བུམ་པ་མར་མེས་གསལ་བར་བྱས་ཀྱང་མར་མེས་བུམ་པ་ལ་ཕན་མ་བཏགས་པ་ལྟར་བ་ལང་ལ་བརྟེན་ནས་བ་ལང་གི་སྤྱི་གསལ་ཀྱང་སྤྱི་ལ་ཕན་འདོགས་མི་དགོས་སོ་ཟེར་ན། མུན་ཁང་གི་བུམ་གཟུགས་བདག་ཉིད་ལ་དམིགས་པའི་རྣམ་ཤེས་སྔར་སྐྱེད་མ་ནུས་པ་སླར་སྐྱེད་རུང་བ་སྟེ་ནུས་པར་བྱ་བའི་དོན་དུ་སྒྲོན་མེ་སོགས་གསལ་བྱེད་གཞན་གྱི་ངོར་བྱེད་པ་སྟེ་དེ་དང་མ་ཚོགས་བར་དུ་རང་འབྲས་མིག་ཤེས་སྐྱེད་མ་ནུས་པར་དེ་བསྒུགས་ནས་སྡོད་པ་ལྟར་དེ་ལ་ལྟོས་པ་དང་དེའི་གཞན་དབང་ཅན་གང་ཡིན་པ་དེ་ནི་གསལ་བྱ་ཞེས་བྱ་བ་ཡིན་ལ། སྒྲོན་འོད་སོགས་དང་ལྡན་པ་དེས་རང་འཛིན་ཤེས་པ་སྐྱེད་རུང་བར་བྱས་པ་ཉིད་ཀྱི་ཕྱིར་ན། གསལ་བར་བྱེད་པ་པོ་ཡང་གསལ་བྱ་ཁྱད་པར་ཅན་དེའི་རྒྱུ་རུ་འདོད་པ་ཡིན་གྱི་གཞན་དུ་མི་འཐད་དེ། གཞན་དུ་གསལ་བྱ་འདི་ནི་གསལ་བྱེད་དང་མ་ཚོགས་པའི་སྔ་ནས་ཀྱང་རང་ཤེས་སྐྱེད་རུང་གི་ངོ་བོར་གནས་པ་ཉིད་ན་གསལ་བྱེད་དེ་ལ་ལྟོས་པ་ནི་རྣམ་པ་ཀུན་དུ་མི་རུང་སྟེ་རྒྱུ་ཚོགས་པས་སོ། །དེ་ལྟར་གསལ་བྱེད་ཀྱིས་གསལ་བྱ་གསལ་བ་ནི་ཕན་བཏགས་པའི་སྒོ་ནས་ཡིན་ན། སྔ་ཕྱིའི་དུས་ན་ཁྱད་པར་གཞན་དང་གཞན་དུ་འགྱུར་བ་མེད་པའི་ཕྱིར་གསལ་བྱ་སྤྱི་དེ་ནི་སྤྱི་དང་ལྡན་པ་བ་ལང་ལ་སོགས་པ་མཐོང་བ་ལས་གསལ་བར་འགྱུར་བ་རྒྱུ་མཚན་གང་ལས་ཡིན་ཏེ་མི་འཐད་དོ། །དེ་ལྟར་ཆོས་ཐ་དད་ལ་འབྲེལ་བ་ཡོད་ཕན་ཆོད་སྔ་ན་མེད་པའི་ཁྱད་པར་གཞན་སྐྱེད་པ་ཞིག་གིས་ཁྱད་པར་དུ་


MR20_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དགོས་ཀྱི། གང་ཡང་རག་མ་ལས་པ་ལ་འབྲེལ་བ་ཡོད་པར་མི་འགྱུར་ཞིང་། རག་ལུས་པ་ལ་ནི་ཅིག་ཤོས་ཀྱིས་ཅིག་ཤོས་ལ་ཁྱད་པར་གཞན་སྐྱེད་པ་དེའི་ཆ་ནས་དེ་བྱུང་གི་འབྲེལ་བའི་རྩ་བ་ཅན་ཡིན་ཏེ། དངོས་པོའི་རྫས་རྒྱུན་མི་རྟག་པས་ན་སྐད་ཅིག་གཞན་དང་གཞན་གྱི་ཁྱད་པར་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་ཅིག་ཤོས་འགྲོ་བ་ཡིན་ནོ། །དེས་ན་ཆོས་ཐ་དད་པ་གནས་སྐབས་སུ་ཕན་ཚུན་ལྡན་པའི་འབྲེལ་བ་དང་། ཚོགས་པ་གཅིག་ཏུ་འཕྲོད་པ་འདུ་བའི་འབྲེལ་བ་སོགས་ཕྱི་རོལ་པས་བྱས་པའི་རྣམ་གཞག་རྣམས་ནི་སྐད་ཅིག་གི་ཁྱད་པར་གཞན་དང་གཞན་སྐྱེ་བ་ལ་རྨོངས་ནས་དེ་བྱུང་གི་འབྲེལ་པའི་རྩ་བ་ཅན་དུ་མ་གོ་ནས་ལུགས་གཏིང་མི་ཚུགས་པ་འགལ་འདུའི་རྒྱུར་སོང་བ་ཡིན་ནོ། །དེ་ལ་ཁོ་ན་རེ། གསལ་བས་སྤྱི་གསལ་ཀྱང་སྤྱི་ལ་ཕན་བཏགས་པ་མ་ཡིན་གྱི། སྤྱི་འཛིན་དབང་པོ་ལ་ཕན་བཏགས་པས་དེ་གསལ་བ་སྟེ་མར་མེས་མིག་ལ་ཕན་བཏགས་པ་བཞིན་ནོ་ཟེར་ན། དེ་མ་ཡིན་ཏེ་འདི་ལྟར་མིག་སྨན་དང་ཐུར་མ་དང་ལེགས་པར་བྱ་བ་སོགས་ཀྱིས་དབང་པོ་ལ་ཕན་བཏགས་པ་བཞིན་བུམ་པ་སོགས་གསལ་བ་ལས་དབང་པོའང་སྤྱི་འཛིན་པ་ལ་འདུ་བྱེད་པར་བྱས་པ་མ་ཡིན་ཏེ། གསལ་བ་དེ་ནི་ཡོད་པ་དང་མེད་པའི་དུས་དག་ལ་དབང་པོའི་རྟོགས་པའམ་ཤེས་པ་ལ་ནི་གསལ་མི་གསལ་གྱི་ཁྱད་པར་ཐ་དད་པ་གང་ཡང་མེད་པའི་ཕྱིར་རོ། །དབང་པོ་གསལ་བར་བྱས་ནས་ཕལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བ་ཡིན་ན་མིག་སྨན་བྱུགས་པས་ས་འོག་གི་བུམ་པ་མཐོང་བ་ལ་སོགས་པ་བཞིན་དུ་སྔར་ལས་ཁྱད་པར་དུ་གྱུར་པ་དམིགས་དགོས་པའི་ཕྱིར་རོ། །གཉིས་པ་


MR20_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་ཐལ་བ་ནི། རིགས་སམ་སྤྱི་རྣམས་ཀྱི་ནི་གསལ་བྱེད་ཡིན་པ་ཙམ་གྱིས་ཀྱང་གལ་ཏེ་རིགས་དེ་དང་གསལ་བ་དེ་དག་ལྡན་པར་འདོད་ན། བ་ལང་གི་གཟུགས་གསལ་བྱེད་སྒྲོན་མེ་དང་ཉི་ཟླ་སོགས་དང་། དབང་པོ་དང་ཡིད་བྱེད་ལ་སོགས་པ་གསལ་བྱེད་དུ་གྱུར་པ་རྣམས་ཀྱང་ནི་བ་ལང་ཉིད་དང་བུམ་པ་ཉིད་ལ་སོགས་པ་སྤྱི་དེ་དང་ལྡན་པར་དོན་གྱིས་འཐོབ་པར་འགྱུར་ཏེ། སྤྱི་བ་ལང་ལ་མ་བརྟེན་པར་གསལ་མི་ནུས་པ་བཞིན་དབང་པོ་སོགས་ལ་མ་བརྟེན་པར་ཡང་གསལ་མི་ནུས་ལ། སྒྲོན་མེ་སོགས་སྣང་བ་མེད་ནའང་བ་ལང་སོགས་མི་གསལ་བའི་ཕྱིར་རོ། །གསུམ་པ་སྔོན་མེད་པའི་གསལ་བ་ལ་རིགས་ཀྱིས་མ་ཁྱབ་པར་འགྱུར་བའི་ཚུལ་ལ། སྔོན་མེད་གསལ་བར་རིགས་མེད་སྤྱིར་བསྟན་པ། །རིགས་ལ་འདོད་ཚུལ་གཉིས་པོ་བྱེ་བྲག་དགག །དང་པོ། ཕྱི་རོལ་པ་གང་དག་རིགས་ནི་གསལ་བ་ལས་གཞན་ཡིན་པར་འདོད་པ་ཅན་ནམ། གཞན་མིན་པ་ཅན་དུ་ཡོད་པ་ཉིད་དུ་འདོད་པ་དེའི་ལུགས་ལ། སྔོན་མེད་པའི་བ་ལང་སོགས་ཀྱི་གསལ་བ་རྣམས་ལ་ནི་སྤྱི་ཡི་བློ་གྲོས་ཏེ་དེར་ཤེས་པ་ཇི་ལྟར་སྐྱེ་བ་ཡིན་ཏེ། རྒྱུ་མཚན་གསལ་བ་སྔ་མ་གཅིག་ལ་ཡོད་པ་ཉིད་དུ་མཐོང་བ་ཡི་སྤྱི་དེ་ནི་གསར་བྱུང་གཞན་ལ་ཡོད་པར་མཐོང་བ་མི་སྲིད་པའི་ཕྱིར་ཏེ་གསལ་བ་སྔ་ཕྱི་དུས་གཅིག་ཏུ་མེད་ལ། དེའི་རིགས་དུས་གཅིག་ཏུ་ཡོད་ན་བ་ལང་གཅིག་མཐོང་བས་ཐམས་ཅད་ཀྱི་རིགས་མཐོང་བར་ཐལ་ལ། དེ་ལྟ་ན་ཕྱོགས་དུས་ཀྱི་བ་ལང་ཐམས་ཅད་ཀྱང་མཐོང་བར་ཐལ་ལོ། །རིགས་དུས་གཅིག་ཏུ་མེད་ན་མི་རྟག་པར་ཐལ་ལོ། །གཞན་ཡང་སྤྱི་དེ་གསལ་བ་སྔ་མ་དང་། གཞན་ཉིད་


MR20_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ན་དེ་ཁོ་ན་ལས་གཞན་ལ་རྗེས་འགྲོ་མེད་ལ་སྔ་མ་དེ་ལས་གཞན་ཉིད་ཡིན་ན་ཡང་སྤྱི་ནི་གསལ་བ་དེ་ལ་རྟེན་པ་མིན་པའི་ཕྱིར་ན་གསལ་བ་ལ་བརྟེན་ནས་སྤྱི་ཇི་ལྟར་མཐོང་། དེས་ན་དེ་ལྟར་བཞག་པ་ནི་ངལ་བའི་རྒྱུ་ཁོ་ནར་ཟད་དོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ལ། རང་གི་རྟེན་ལས་གཞན་དུ་མ་ཁྱབ་བཀག །རང་རྟེན་ཡོད་མེད་ཀུན་ཏུ་ཁྱབ་པ་དགག །དང་པོ། དྲང་སྲོང་གཟེགས་ཟན་གྱིས་སྤྱི་ཐམས་ཅད་དུ་སོང་བའོ་ཞེས་པ་ལ། དེའི་སློབ་མ་པེ་ཐར་ནི་སྤྱི་རང་གི་རྟེན་གསལ་བ་ཐམས་ཅད་ལ་ཁྱབ་ཀྱི་གསལ་བ་མེད་པའི་ཕྱོགས་སུ་མེད་པར་འདོད། བེ་ལུ་ཀ་ནི་དེ་ལྟ་ན་ཐམས་ཅད་དུ་མ་ཁྱབ་པར་འགྱུར་བས་གསལ་བ་ཡོད་མེད་ཀྱི་ཡུལ་ཐམས་ཅད་དུ་ཁྱབ་པར་འདོད་དོ། །ལུགས་དང་པོ་དེ་ལ་བརྗོད་པ་སྔར་བ་ལང་མེད་པའི་ཕྱོགས་སུ་བ་ལང་གསར་དུ་སྐྱེས་པ་ན་གསལ་བ་གཞན་ལ་ཡོད་པའི་སྤྱི་དེ་ནི་རང་གི་རྟེན་དེ་ལས་གཞན་དུ་མི་འགྲོ་ཞིང་བ་ལང་གསར་དུ་སྐྱེ་བའི་ཕྱོགས་དེ་ན་སྔར་ཡོད་པའང་མིན་ལ། གསལ་བ་གསར་དུ་བྱུང་བའི་ཕྱིས་ཡོད་པར་གྱུར་པའང་མིན་ཏེ་སྔར་ཡོད་རྟག་པ་ཡིན་པས་སོ། །གཞན་ཡང་ཆ་གཅིག་སྔ་མར་གནས་ལ་ཆ་གཅིག་ཕྱི་མར་འཕོ་བའི་ཆ་དང་ལྡན་པའང་མིན་ཏེ་དེ་ལ་ཆ་མེད་པས་སོ། །རྟེན་སྔ་མ་ནི་ཡོངས་སུ་མི་འདོར་བ་ཡིན་པའི་ཕྱིར་སྔ་མའི་སྤྱི་གཞན་ལ་འཕོས་པའང་མིན་པས་ན་འདི་ལྟ་བུའི་ལུགས་ཁས་ལེན་པ་ནི་ཀྱེ་མ་ངལ་དུབ་ལ་བརྟེན་པ་སྒྲུབ་བྱེད་ཀྱིས་དབུལ་བའམ་ཕོངས་པའི་རྒྱུ་ཉིད་ཡིན་ནོ། །གསལ་བ་སྔ་མ་གཞན་ལ་གནས་པར་གྱུར་པ་ནི་རང་གི་རྟེན་སྔ་མའི་གནས་ལས་མི་གཡོ་ཞིང་དེ་ལས་གནས་གཞན་དུ་


MR20_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་སྐྱེ་བ་ཡི་རྫས་ལ་གནས་སོ་ཞེ་ན་ཤིན་ཏུ་རིགས་པར་ལྡན་པར་སྨྲས་སོ་ཞེས་བསྟིང་ཚིག་མཛད་པ་སྟེ། ཆུ་བུམ་པར་གནས་བཞིན་ཁོག་པར་ཁྱབ་ཅེས་པ་བཞིན་ནོ། །གང་ན་ཕྱིས་བྱུང་གི་དངོས་པོ་དེ་གནས་པར་གྱུར་པ་ཡི་ཡུལ་དེར་ནི་ནམ་ཡང་འབྲེལ་བའང་མ་ཡིན་ལ། ཕྱོགས་དེ་དག་གི་ཡུལ་ཅན་གསལ་བ་རྣམས་ལ་ཁྱབ་པ་ན་ཅིག་དེ་ལྟ་བུ་ནི་ངོ་མཚར་ཆེ་སྟེ་ཕྱོགས་འདི་ན་བུམ་པ་མེད་པར་ཁས་བླངས་ནས་ཕྱོགས་འདིའི་སྐྱེས་བུ་རྣམས་ལ་བུམ་པ་ཡོད་ཅེས་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་ལུགས་གཉིས་པ་ལྟར་སྤྱི་རང་གི་རྟེན་གསལ་བ་ཡོད་པ་དང་མེད་པའི་ཕྱོགས་ཀུན་ན་རིགས་ཡོད་ན་ནི། ཡུལ་གཅིག་ཞིག་ཏུ་གསལ་བས་སྤྱི་དེ་གསལ་བར་བྱས་པ་ཉིད་ན་སྤྱི་དེ་ལ་ཐ་དད་མེད་པའི་ཕྱིར་ཕྱོགས་ཀུན་ཏུ་ཁྱབ་པའི་སྤྱི་དེ་མཐོང་བར་ཐལ་ལོ། །གསལ་བ་མེད་པའི་ཕྱོགས་སུ་ཡོད་པ་དེ་ཡང་གསལ་བ་གཞན་དང་གཞན་ལ་ལྟོས་པ་མིན་ཏེ། གཅིག་གི་སྒོ་ནས་མཐོང་བ་དེ་ལས་ཁྱད་པར་གཞན་མེད་པའི་ཆ་མེད་ཡིན་པས་སོ། །གསལ་བ་སོ་སོ་ལ་བརྟེན་ནས་མཐོང་བ་གཞན་དང་གཞན་ཡིན་ན་གཅིག་པུ་ཆ་མེད་མི་འགྲུབ་ལ། གཅིག་གི་སྒོ་ནས་མཐོང་མ་ནུས་ན་དུ་མས་ཀྱང་དེ་དང་འདྲ་བའི་ཕྱིར་མི་མཐོང་ལ། གཞན་ཡང་རྟ་ལའང་བ་ལང་གི་སྤྱིས་ཁྱབ་པས་ན་ཐམས་ཅད་ལ་ཐམས་ཅད་ཀྱི་སྒྲ་བློ་འཇུག་པར་འགྱུར་རོ། །འདི་ལྟར་འཇིག་རྟེན་ན་གསལ་བྱེད་སྒྲོན་མེ་སོགས་རྟོགས་པ་མ་ཡིན་ན། དེའི་སྔོན་དུ་གསལ་བྱ་བུམ་པ་སོགས་ཡང་དག་པར་ཏེ་ཡོད་ངེས་སུ་རྟོགས་པ་མིན་ན། ཁྱོད་ཀྱིས་ནི་སྤྱི་དང་སྤྱི་དེ་དང་ལྡན་པ་དག་ཅི་ཡི་ཕྱིར་ན་བཟློག་པར་འདོད་དེ། འདི་ལྟར་གསལ་


MR20_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བ་ལང་མེད་པའི་ཕྱོགས་སུ་ཡང་གསལ་བྱ་སྤྱི་ཡོད་ཅེས་ཁས་ལེན་པ་ཡིན་པ། དེ་ལྟ་ན་གསལ་བྱེད་མེད་པའི་གསལ་བ་ནི་སྔོན་དུ་དམིགས་པར་ཁས་བླངས་སོ་ཞེས་པའོ། །འདི་ལ་རྒྱ་འགྲེལ་ཕལ་ན་ཁྱད་པར་གྱི་གཞི་སྤྱི་མ་ཤེས་པར་ཁྱད་པར་བྱེ་བྲག་པ་མི་ཤེས་ཞེས་རང་གི་ལུགས་ལས་ཁས་བླངས་ནས་ད་ལྟ་དེ་ལས་གོ་བཟློག་པར་ཁས་ལེན་པ་ཅི་ཡིན་ཞེས་པའི་དོན་དུའང་འགྲེལ་པ་ཡོད་དོ། །གལ་ཏེ་སྒྲོན་མེ་མེད་ཀྱང་མུན་ཁང་གི་བུམ་པ་ཡོད་པ་བཞིན་ནོ་ཞེ་ན། མུན་ཁང་ན་ཡོད་པར་ལན་ཅིག་ཀྱང་མ་གསལ་ན་དེ་ཡོད་པར་ཡང་ཅི་ཞིག་གིས་འཇོག །དེ་བཞིན་གསལ་བ་གང་གིས་ཀྱང་རང་ཡོད་བཞིན་པའི་གོ་ས་དེ་ལས་གཞན་སྟོང་པའི་ཕྱོགས་སུ་གསལ་བར་མ་ནུས་པ་དེ་ཡོད་པར་འཇོག་པའི་རྒྱུ་མཚན་གང་ཡང་མེད་དོ། །དེས་ན་གང་དུ་བ་ལང་སོགས་སྣང་བ་ན་དེ་ཙམ་སྣང་བར་ཟད་ཀྱི་དེ་ལས་གཞན་པའི་གསལ་བྱ་སྤྱི་མ་དམིགས་ལ། བ་ལང་རང་ཉིད་སྣང་བ་ཙམ་ནི་དེ་ཁོ་ན་སྣང་བར་ཟད་ཀྱི་དེ་ལ་གསལ་བྱེད་ཅེས་རྒྱུ་མཚན་གང་གིས་འཇོག་སྟེ། དེས་གསལ་བྱ་གཞན་གང་ཡང་མ་མཐོང་བའི་ཕྱིར། སྟོང་པའི་ཕྱོགས་སུ་མར་མེ་དམིགས་ན་མར་མེ་འབའ་ཞིག་དམིགས་པར་ཟད་ཀྱི། དེས་སྔར་མ་མཐོང་བ་གང་ཡང་མཐོང་བར་མ་བྱས་ན་དེ་སུའི་གསལ་བྱེད་དུ་འགྱུར། དེ་བཞིན་དུ་བ་ལང་གི་གསལ་བ་མཐོང་བ་འདིས་གཞན་པའི་མཐོང་བ་གང་ཡང་མ་བསྐྱེད་བཞིན་དུ་སྤྱིའི་གསལ་བྱེད་དུ་རིགས་ན། རྟ་མཐོང་བའང་བ་ལང་གི་གསལ་བྱེད་དུ་འགྱུར་རོ། །གཉིས་པ་སྤྱི་བཀག་པའི་རྩོད་སྤང་ལ། སྤྱི་དངོས་མེད་ཀྱང་སྒྲ་གཅིག་འཇུག་པར་འཐད། །


MR20_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཅིག་མེད་ཀྱང་འབྲས་གཅིག་བྱེད་པར་འཐད། དང་པོ་ལ། སྤྱི་མེད་ཀྱང་ནི་སྒྲ་གཅིག་འཇུག་པའི་ཚུལ། །དེ་ལ་མཐའ་གཞན་དོགས་པ་བཅད་པ་དང་། །རིགས་མེད་གཞན་ལ་དེ་མི་འཇུག་ཚུལ་ལོ། །དང་པོ། སྤྱི་དངོས་པོ་བ་མེད་ན་དུ་མ་ལ་སྒྲ་གཅིག་ཅི་སྟེ་འཇུག་ཅེ་ན། ཐ་དད་པ་མེད་པའི་དོན་ཅན་སྤྱི་དངོས་པོ་བ་གཅིག་མེད་པར་ཡང་། སྐྱེས་བུ་དུ་མ་ལ་འབྲས་སོགས་བཙོ་བའི་བྱ་བ་བྱེད་པའི་ཆ་ནས་འཚེད་པ་པོ་ཞེས་དང་དེ་བཞིན་དུ་བྱ་བ་གཞན་དང་གཞན་ལ་བརྟེན་ནས་ཀློག་པ་པོ་སོགས་སྒྲ་གཅིག་བརྗོད་པ་ཡིན་ནོ། །གཉིས་པ་ནི། སྐྱེས་བུ་དུ་མ་ལ་དེ་འདྲའི་སྒྲ་གཅིག་འཇུག་པ་དེ་ཐ་མི་དད་ཀྱི་རིགས་མེད་ཀྱང་འཇུག་པ་མིན་ཏེ། འཚེད་པའི་ལས་ཡོད་པ་དེ་ལས་འཇུག་གོ་ཞེ་ན། སྐྱེས་བུ་སོ་སོའི་འཚེད་པའི་ལས་ནི་ཤིན་ཏུ་ཐ་དད་པར་གྱུར་པའི་ཕྱིར་ན་ལས་ནི་དུ་མ་ལ་གཅིག་གི་སྒྲ་དེ་འཇུག་པའི་རྒྱུ་མིན་ཏེ། ཐ་མི་དད་པ་གཅིག་མེད་ན་དུ་མ་ལ་གཅིག་སྒྲ་མི་འཇུག་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །ལས་ཐ་དད་ཀྱང་ལས་ཀྱི་རིགས་ཐ་མི་དད་པ་དེ་སྒྲ་གཅིག་འཇུག་པའི་རྒྱུ་ཡིན་ནོ་ཟེར་ན། ལས་འདི་ཡི་རིགས་ནི་འཚེད་པ་པོ་ཞེས་པའི་སྒྲ་ཡིས་བརྗོད་བྱ་མིན་ཏེ་ལས་ཀྱི་རིགས་ནི་ལས་དེ་དང་འབྲེལ་བའི་ཕྱིར། ལས་ཀྱི་རིགས་བརྗོད་ན་འཚེད་པ་ཞེས་བྱ་བ་ཙམ་གོ་བར་བྱེད་ལ། འཚེད་པ་ཞེས་བྱ་བ་དེ་ནི་འཚེད་པ་པོ་ལས་ནི་མཉན་པ་སྟེ་སྒྲ་གཞན་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་ཏེ་རྟ་དང་བ་ལང་གི་བརྗོད་བྱ་ཐ་དད་པ་བཞིན་ནོ། །བརྗོད་བྱ་ཐ་དད་ཀྱང་འབྲེལ་བས་གོ་བ་ཡིན་ཏེ་འདི་ལྟར་ལས་ཀྱི་རིགས་བརྗོད་པ་ན། ལས་དང་དེའི་རིགས་འཕྲོད་པ་འདུ་བས་འབྲེལ་ལ། ལས་དང་སྐྱེས་བུའི་རྫས་འཕྲོད་པ་འདུ་བས་འབྲེལ་


MR20_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་འཚེད་པ་པོ་ལ་གོའོ་ཟེར་ན། འཚེད་པ་སོགས་ཀྱི་ལས་ཀྱང་རྟག་པ་མིན་པའི་ཕྱིར་རྒྱུན་དུ་གནས་པ་ཡོད་པ་མ་ཡིན་ལ། ལས་འགགས་ནས་ད་ལྟ་མི་བྱེད་པ་ན་ལས་མེད་པའི་ཕྱིར་ལས་དེ་རང་གི་རིགས་དང་སྐྱེས་བུའི་རྫས་གཉིས་ཀ་ལ་དངོས་འབྲེལ་མེད་ལ་ལས་ཀྱི་རིགས་དང་སྐྱེས་བུའི་རྫས་ལ་བརྒྱུད་འབྲེལ་ཀྱང་མེད་དེ་དེ་གཉིས་འབྲེལ་བྱེད་ལས་མེད་པས་སོ། །དེ་ལྟར་འབྲེལ་བ་མེད་པའི་ཕྱིར་འཚེད་པ་པོ་ཞེས་སྒྲ་གཅིག་འཇུག་པ་ཡི་རྒྱུ་ནི་ལས་ཀྱི་སྤྱི་ཡིན་པ་མི་རིགས་མིན་པ་མིན་ཏེ་དགག་པ་གཉིས་ཀྱིས་རྣལ་མ་གོ་བས་ན་དོན་དུ་མི་རིགས་སོ་ཞེས་སོ། །དེ་ཡང་ལས་དེ་མི་བྱེད་པའི་སྐབས་ན་ཡང་འཚེད་པ་པོ་ལ་སོགས་པའི་སྒྲ་འཇུག་པ་ནི་ཡོད་ན་དེ་འདྲའི་སྒྲ་བློ་རྒྱུ་མེད་དུ་འགྱུར་རོ། །དེ་སྐབས་ལས་ཀྱི་འབྲེལ་བ་མེད་ཀྱང་ལས་དེ་བྱེད་པ་ཅན་གྱི་སྒྲ་དེ་འཇུག་གོ་ཟེར་ན། འབྲེལ་བ་མེད་ཀྱང་གོ་ན་ཟ་བ་པོ་ལ་སོགས་པ་བརྗོད་པས་ཀྱང་འཚེད་པ་པོ་གོ་བར་ཐལ་ལ་གཞན་ཡང་རྟ་ཞེས་པའི་སྒྲ་ལས་བ་ལང་གོ་བ་སོགས་ཐམས་ཅད་ཀྱིས་ཐམས་ཅད་གོ་བར་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར་མི་འཐད་དོ། །དེ་ལྟར་མི་འགྱུར་ཏེ་འཚེད་པ་པོའི་ལས་འདས་པ་དང་མ་འོངས་པ་ལ་ལྟོས་ནས་དེར་འདོགས་སོ་སྙམ་ན་འདས་པ་འགགས་པ་དང་མ་འོངས་པ་མ་ཐོབ་པའི་ཕྱིར། འདས་མ་འོངས་ཀྱི་ལས་དེ་ད་ལྟ་མེད་བཞིན་པ་ནའང་མེད་པ་དེས་ད་ལྟའི་སྐྱེས་བུ་ལ་འཚེད་པ་པོ་ཞེས་པའི་ཤེས་བརྗོད་དག་གི་རྒྱུ་བྱེད་པ་མ་ཡིན་ཏེ། སྒྲ་འཇུག་པའི་རྒྱུ་མཚན་ཅན་མིན་པ་སྟེ་རྒྱུ་མཚན་ཕྱིན་ཅི་ལོག་ཐོབ་པའི་ཕྱིར་རོ། །ཇི་ལྟར་ན་བཏགས་ཡུལ་ལ་ལས་མེད་པ་ལ་མེད་


MR20_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་རིགས་ཀྱང་འདིར་མེད་པ་དེ་ཡོད་པར་བརྗོད་པའི་རྒྱུར་སོང་བའི་ཕྱིར་རོ། །དེས་ན་དོན་གྱི་སྟེང་ན་ཐུན་མོང་གི་རིགས་ཡོད་པ་ལ་སྒྲ་འཇུག་གི་སྐྱེས་བུའི་བརྗོད་འདོད་ཀྱིས་གཞན་སེལ་བ་ཙམ་བརྗོད་པར་མི་འདོད་པའི་ལུགས་ལ་སྐྱོན་དེ་དག་ནམ་ཡང་སྤང་བར་མི་ནུས་སོ། །གལ་ཏེ་ལས་དངོས་སུ་མེད་ཀྱང་སྒྲ་དེ་ལྟར་སྦྱོར་བ་ནི་ལས་བྱེད་པའི་ནུས་པ་ཡོད་པ་དེ་ལ་བརྟེན་པ་ཡིན་ནོ་ཞེ་ན། དེ་ཡང་ཕན་ཚུན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ནུས་པའང་སྒྲ་གཅིག་འཇུག་པ་དེའི་རྒྱུ་མིན་ནོ། །གཞན་ཡང་ནུས་པ་ཞེས་པ་རྫས་དང་གཅིག་ཡིན་ན་ཐ་དད་པ་སོ་ན་གནས་ཤིང་། གཞན་ཡིན་ན་ནུས་པ་ཐུག་མེད་དུ་འགྱུར་ལ་ཐ་དད་པ་སོ་ན་གནས་ཤིང་། དེའི་རིགས་ལ་སོགས་པ་ནི་མ་ཡིན་ཏེ་གོང་དུ་ལས་ལ་དཔྱད་པ་བཞིན་ནོ། །གལ་ཏེ་ལས་དང་ནུས་པ་དེ་ལྟར་བརྗོད་བྱ་མིན་ཀྱང་འཚེད་པ་པོ་ཉིད་དང་ཀློག་པ་པོ་ཉིད་ལ་སོགས་པའི་སྤྱི༷་དངོས་པོ་བ་སྐྱེས་བུ་དེ་དག་ལ་ཡོད་པས་དེ་བརྗོད་བྱ་ཡིན་ནོ་ཞེ་ན། དང་པོ་སྟེ་འཚེད་པ་སོགས་ཀྱི་བྱ་བ་ལ་མ་ཞུགས་པ་སྐྱེས་བུ་དེ་དག་སྐྱེས་མ་ཐག་པའི་དུས་ཉིད་དུའང་། འཚེད་པ་པོ་ཞེས་པ་ལ་སོགས་པ་དེ་དཔེར་ན་ཡོད་པ་དང་རྫས་ལ་སོགས་པ་བཞིན་དུ་གསལ་བར་འགྱུར་ཏེ། ཁྱོད་རང་གི་གཞུང་ལས་ཀྱང་དོན་ལ་འཕྲོད་པ་འདུ་བས་འབྲེལ་བ་ཆོས་ཅན་གྱི་སྤྱི་ཇི་སྙེད་པ་གང་ཡིན་པ་དེ་དག་ནི་དོན་འདིའི་སྐྱེ་བ་གང་ཡིན་པ་དེ་དག་དང་ལྷན་ཅིག་ཏུ་འཕྲོད་པ་འདུ་བ་དག་ཡིན་ནོ་ཞེས་ཁས་བླངས་པས་སོ། །གལ་ཏེ་འཚེད་པའི་བྱ་བ་མ་བྱས་པའི་སྔོན་རོལ་དུ་འཚེད་པོ་ཉིད་ཡོད་ཀྱང་གསལ་བ་མིན་ན་ནི། སྔ་མ་མི་གསལ་བའི་དུས་དང་ཁྱད་པར་མེད་པའི་ཕྱིར་ཕྱིས་འཚེད་པ་ན་ཡང་གསལ་བར་མི་འགྱུར་ཏེ། བུམ་པའི་ཡོད་པ་བུམ་པ་བྱུང་མ་ཐག་ཏུ་


MR20_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐོང་ན་ཕྱིས་ཀྱང་མཐོང་མི་སྲིད་པ་བཞིན་ནོ། །ཡང་ན་གྲུབ་པའི་མཐའ་ལས་འདས་ནས་དང་པོ་ནས་འབྲེལ་བ་མིན་ཟེར་ན་ནི། སྐྱེས་བུའི་རྫས་ལ་ཁྱད་མེད་པའི་ཕྱིར་ཕྱིས་ཀྱང་མི་འབྲེལ་བར་འགྱུར་རོ་ཞེས་སོ། །གལ་ཏེ་དང་པོ་ནས་ཡོད་ཀྱང་ཕྱིས་འཚེད་པའི་བྱ་བས་ཕན་འདོགས་པ་ལ་ལྟོས་ནས་དེ་དག་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། སྤྱི་འགྱུར་མེད་རྟག་པ་ཕན་འདོགས་ཀྱི་རྐྱེན་ལ་ལྟོས་པ་མེད་པས་ན་དེ་མི་རུང་སྟེ། སྔར་མི་མཐོང་བའི་རང་བཞིན་དུ་གནས་པ་དེ་ཁོ་ན་ལྟར་རྟག་ཏུ་གནས་པར་འགྱུར་རོ། །དེས་ན་སྐྱེས་བུ་དེ་བྱ་བ་ལ་མ་ལྟོས་པའི་འཚེད་པ་པོ་ཉིད་ཡིན་ན་བྱ་བའི་ཁྱད་པར་གོམས་པས་བོགས་དབྱུང་དུ་མེད་པའི་ཕྱིར་བསླབ་མི་དགོས་པའམ། བསླབ་ཀྱང་སྔར་ལས་ཁྱད་པར་ཅན་དུ་མི་འགྱུར་ཏེ་མ་བསླབ་ན་ཡང་དེ་ཡིན་པའི་ཕྱིར་བསླབ་པ་དེའི་རྒྱུར་མི་འགྱུར་རོ། །གལ་ཏེ་སྐྱེས་བུའི་རྫས་འདི་ནི་བསླབ་པ་གོམས་པས་ཀློག་སོགས་ལ་ཕུལ་དུ་བྱུང་བར་བྱར་ཡོད་ན་ཡང་། གོང་ནས་གོང་དུ་འཕེལ་བ་དེ་ནི་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་སྐྱེས་པའི་ཡུལ་དེ་ཉིད་དུ་འཇིག་པ་ཡིན་ལ། དེ་ལྟ་ན་སྐད་ཅིག་མའི་བྱ་བ་གང་ལས་འཚེད་པ་ཉིད་དུ་གསལ་བར་འགྱུར་ཏེ། ཁྱད་པར་གཞན་དང་གཞན་སྐྱེ་བའི་སྐད་ཅིག་མ་འདི་ནི་སྐྱེས་བུའི་རྫས་ཀྱི་ཡིན་ལ་སྐད་ཅིག་མས་ཁྱད་པར་བྱར་མེད་པའི་སྤྱི་ནི་སྔ་ནས་ཡོད་པའི་ཕྱིར་བྱ་བའི་སྐད་ཅིག་གང་གིས་ཀྱང་སྔར་ལས་བོགས་དབྱུང་དུ་མེད་པའི་ཕྱིར་སྔར་མ་མཐོང་བ་བཞིན་དུ་ཕྱིས་ཀྱང་མཐོང་བར་མི་འགྱུར་རོ། །གལ་ཏེ་བོགས་དབྱུང་དུ་ཡོད་ན་ནི་དེ་ཡང་མི་རྟག་པའི་རྫས་སུ་འགྱུར་རོ། །དེ་ལྟ་ན་སྐྱེས་བུ་ཀུན་ལ་ཐ་མི་དད་པའི་སྤྱིར་མི་འགྱུར་རོ། །སྤྱི་ལ་


MR20_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བོགས་དབྱུང་དུ་མེད་ཀྱང་རྫས་ཀྱི་ནུས་པ་བོགས་དབྱུང་བས་གསལ་ན་ཅི་འགལ་སྙམ་ན། བོགས་མ་ཐོན་པ་དང་པོའི་དུས་ཀྱི་སྐད་ཅིག་མ་རྣམས་དང་འབྲེལ་བའི་སྤྱི་རང་གི་ངོ་བོ་བཞིན་དུ་ཕྱིས་ཀྱང་ཡིན་པས་ན་སྐད་ཅིག་མ་བོགས་དབྱུང་བས་དེ་ལ་ཕན་པར་མི་ནུས་སོ། །དེས་ན་འཚེད་པ་པོ་ཞེས་བྱ་བ་ནི་བྱ་བ་དང་མི་ལྡན་པའི་སྔ་ནས་མེད་ལ། བྱ་བ་དེ་དང་ལྡན་པའི་སྐྱེས་བུའི་རྫས་ལ་བྱ་བ་དེ་མི་ལྡན་པར་གཅོད་པའི་མིང་སྟེ་རྫས་ཐ་དད་ན་ཡང་འཚེད་པོ་ཞེས་པའི་སྒྲ་བློ་གཅིག་འཇུག་པ་ཡིན་གྱི་སྤྱི་དངོས་པོར་གྲུབ་པ་ཐུན་མོང་པ་གང་ཡང་མེད་དོ། །ཡང་ན་འདི་ནི་ཞེས་པ་སྤྱི་ལ་སྦྱར་ཏེ་སྤྱི་སྐད་ཅིག་མར་གྱུར་ན་བྱ་བ་གང་ཡང་ཐུན་མོང་པར་སྒྲ་བློ་འཇུག་པའི་རྒྱུ་ཐ་དད་མིན་པའི་སྤྱི་གསལ་བ་གང་ཡིན་ཏེ། ཐ་དད་མེད་པའི་སྤྱི་མེད་པའི་ཕྱིར་ཞེས་སོགས་སུ་ཡང་འཆད་པ་ཡོད་དོ། །གསུམ་པ་རིགས་མེད་གཞན་ལ་གཞན་གྱི་སྒྲ་མི་འཇུག་པའི་ཚུལ་ནི། སྤྱི་སྨྲ་བ་གཞན་ན་རེ། དེ་ལྟར་ཐུན་མོང་གི་སྒྲ་བློ་འཇུག་པའི་རྒྱུ་སྤྱི་དོན་གྱི་སྟེང་ན་མེད་ན་ཤིང་ཞེས་པའི་སྒྲ་ཤུག་པ་སོགས་ལ་འཇུག་གི་བ་ལང་ལ་མི་འཇུག་པ་མི་འཐད་དེ་དེ་གཉིས་ཀར་ཤིང་གི་སྤྱི་མེད་པ་འདྲ་ལ་རང་མཚན་ཐ་དད་པ་ཕན་ཚུན་རྗེས་སུ་མི་འགྲོ་བ་ལ་ཡང་ཁྱད་མེད་པའི་ཕྱིར་ཞེ་ན། ཤུག་པ་དང་བ་ལང་གཅིག་ལ་གཅིག་མེད་པའི་ཐ་དད་པར་མཚུངས་པ་ཡིན་ནའང་ཤིང་མིན་བསལ་བའི་རིགས་ཉེ་བའམ་འདྲ་བ་གང་གིས་ཙནྡན་དང་ཤུག་པ་སོགས་འགའ་ཞིག་ལ་ཤིང་གི་སྒྲ་རབ་ཏུ་འཇུག་ལ། གཞན་བ་ལང་ལ་མིན་པ་གཞན་སེལ་གྱིས་འདྲ་བར་སྣང་བ་དེ་ཙམ་ཞིག་ཉིད་དུ་མ་ལ་སྒྲ་གཅིག་འཇུག་པ་དང་དེར་ཤེས་པའི་རྒྱུ་ཡིན་ནོ། །རིགས་དེ་ཉིད་སྤྱི་ཡིན་ནོ་སྙམ་ན་ཁྱོད་ཀྱི་འདོད་པ་ལྟར་རིགས་དངོས་པོ་བ་གང་ཡང་མེད་དེ།


MR20_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སེལ་བར་མཚུངས་པ་ལ་རིགས་སུ་བཏགས་པ་ཡིན་ནོ། །དེས་ན་སྒྲ་འཇུག་པ་དང་མི་འཇུག་པ་རྒྱུ་མཚན་མེད་པ་མ་ཡིན་ལ། སྤྱི་དངོས་པོ་བའི་རྒྱུ་མཚན་ཅན་ཡང་མ་ཡིན་ཏེ་མཐུན་པར་སྣང་བའི་བག་ཆགས་སད་པ་ལས་རིགས་མི་མཐུན་པ་བསལ་བའི་ས་བོན་ཅན་རྟོག་པས་གཅིག་ཏུ་སྒྲོ་བཏགས་པ་ཙམ་ཡིན་ནོ། །གཉིས་པ་སྤྱི་གཅིག་མེད་ཀྱང་འབྲས་བུ་གཅིག་བྱེད་པར་འཐད་པ་ལ། གཞན་གྱིས་བརྗོད་པའི་རྩོད་པ་ཉེ་བར་བཀོད། །དེ་ལ་ཡང་དག་ལན་གྱི་རྣམ་གྲངས་བསྟན། །དང་པོ། གྲངས་ཅན་པ་ན་རེ། དངོས་པོ་འདི་དག་ནི་སྤྱིར་གྱུར་པ་གཙོ་བོ་གཅིག་པུའི་རང་བཞིན་ལས་ཐ་དད་པ་མེད་པ་ཡིན་པས་རྒྱུ་དུ་མ་ལས་ཀྱང་འབྲས་བུ་གཅིག་སྣང་བ་སྲིད་པ་ཡིན་ཏེ། དེ་དག་རང་བཞིན་གཅིག་པས་བྱ་བ་གཅིག་ལ་འཇུག་པ་ཡིན་ཞིང་། འབྲས་བུ་གཅིག་པོ་དེ་ཡི་རང་བཞིན་ཡང་རྒྱུ་དེ་དག་ལ་ཡོད་པ་ཉིད་སྣང་བ་ཡིན་ནོ། །གལ་ཏེ་རྒྱུ་ཐ་དད་ལ་གཞན་སེལ་བ་ཙམ་གྱི་ལྡོག་པ་སྤངས་པ་ཡི་ཞེས་ལྡོག་པ་དངོས་མེད་ཙམ་མ་གཏོགས་པར་དུ་མའི་དངོས་པོའི་རྗེས་སུ་འགྲོ་བ་སྤྱི་གཞན་མེད་ན། ཕན་ཚུན་གཅིག་གི་ཆོས་གཅིག་ལ་རྗེས་སུ་འགྲོ་བ་མེད་པས་འབྲེལ་མེད་དོན་གཞན་དུ་འགྱུར་ལ་དེ་ལྟ་ན་སྣང་མུན་གྱི་ནུས་པ་གཅིག་ཏུ་མི་འཇུག་པ་ལྟར། ས་བོན་ལྟ་བུ་གཅིག་གི་འབྲས་བུ་ས་ཆུ་སོགས་གཞན་གྱི་མིན་ཏེ་གཞན་གྱི་ཡིན་པར་མི་འགྱུར་རོ། །དེའི་རྒྱུ་མཚན་རྒྱུ་རྣམས་ལ་ཐུན་མོང་པའི་རང་བཞིན་མེད་པས་ཤིན་ཏུ་ཐ་དད་པའི་ཕྱིར་རོ་ཞེ་ན། གཉིས་པ་དེ་ལ་ལན་བསྟན་པ་ལ། ཐུན་མོང་དངོས་གཅིག་འབྲས་བུའི་རྒྱུར་མི་འཐད། །ཐ་དད་གསལ་བ་འབྲས་བུའི་རྒྱུ་རུ་བསྒྲུབ། དང་པོ། །གལ་ཏེ་གཙོ་བོའི་བདག་ཉིད་དུ་གཅིག་པ་ཡིས་


MR20_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དུ་མ་དག་གིས་འབྲས་བུ་གཅིག་བྱེད་པ་ཡིན་ན། གཙོ་བོའི་བདག་ཉིད་ཅན་ས་བོན་ལྟ་བུ་གཅིག་ལའང་རྒྱུ་གཞན་གྱི་ནུས་པ་མཐའ་དག་དེ་ཡོད་པའི་ཕྱིར་དེ་ཁོ་ནས་སྐྱེད་པར་འགྱུར་གྱི་ལྷན་ཅིག་བྱེད་པ་གཞན་ས་དང་ཆུ་ལ་སོགས་པ་དོན་མེད་པར་འགྱུར་རོ། །དེ་ལྟར་ངེས་ཏེ་གཙོ་བོ་གཅིག་གི་རང་བཞིན་དུ་ཐ་དད་མེད་པའི་ངོ་བོ་གང་ཡིན་པ་དེ་ནི་རང་ལས་གཞན་དུ་གྱུར་པ་གང་ཡང་མེད་པའི་ཕྱིར་རྐྱེན་གཞན་གྱི་རྗེས་སུའང་མི་འགྲོ་ལ་དུ་མའི་ཁྱད་པར་རྣམས་དང་ངེས་པར་བྲལ་བ་ཡིན་ཏེ་གཅིག་པུ་ཆ་ཤས་མེད་པའི་ཕྱིར་རོ། །དེས་ན་གཅིག་ལ་ཡོད་པའི་རང་བཞིན་ཁོ་ན་ལས་གཞན་དང་གཞན་ལ་ཁྱད་པར་གཞན་ཡོད་མི་ཤེས་ཏེ་ཡོད་ན་གཙོ་བོ་གཅིག་གི་རང་བཞིན་ཡང་མ་ཡིན་པར་རང་བཞིན་ཐ་དད་པར་འགྱུར་རོ། །དེས་ན་རྒྱུ་གཅིག་གིས་མི་སྐྱེད་དེ་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་སྙམ་པའང་དོན་མེད་པར་བསྟན་ནོ། །དེ་ལྟར་འདོད་མི་ནུས་ཏེ་མངོན་སུམ་གྱིས་གནོད་པ་ནི་འདི་ལྟར་འབྲས་བུ་སྐྱེ་བ་ལ་རང་གི་རྒྱུ་རྣམས་ལས་གང་ཡང་རུང་བ་གཅིག་དང་བྲལ་ན་ཡང་འབྲས་བུ་དེ་མེད་པའི་ཕྱིར་གཙོ་བོ་གཅིག་པུ་ལས་མི་སྐྱེ་བར་གྲུབ་ལ། ས་བོན་དང་ས་ཆུ་སོགས་ཁྱད་པར་རམ་བྱེ་བྲག་རྣམས་ལས་འབྲས་བུ་དེ་དག་འབྱུང་བར་གྲུབ་བོ། །དེ་ཡི་ཕྱིར་ན་རང་འབྲས་སྐྱེད་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ཉིད་ནི་ཐ་སྙད་དུ་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་དོན་དམ་པར་ཡོད་པ་ཡིན་ལ། དོན་དམ་དུ་ཡོད་པ་དངོས་པོ་རང་མཚན་དེ་ཡང་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་འགྲོ་བ་མེད་པ་རང་གི་ངོ་བོས་ཐ་དད་པར་གནས་པ་ཡིན་ནོ། །གང་ཞིག་ཕན་ཚུན་དུ་རྗེས་སུ་འགྲོ་བ་ལྟར་སྣང་བ་སྤྱི་ལ་སོགས་པ་ནི་སྒྲོ་བཏགས་པའི་ངོར་བྱས་པ་ལས་དོན་ལ་མེད་པས་ན་དེ་ལས་འབྲས་བུ་ནམ་ཡང་


MR20_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་ངོ་། །གཉིས་པ་ཐ་དད་གསལ་བ་འབྲས་བུའི་རྒྱུ་རུ་བསྒྲུབ་པ་ལ། སྤྱི་མེད་ན་ཡང་རྒྱུ་དང་རྒྱུ་མིན་འཐད། །ཐ་དད་ན་ཡང་དུ་མས་གཅིག་སྐྱེད་རུང་། །ཐ་དད་ན་ཡང་གཅིག་གིས་ཀུན་མིན་པའོ། །དང་པོ། བཤད་མ་ཐག་པའི་ཚུལ་དེས་ན་ནས་ཀྱི་ས་བོན་དང་འབྲས་ཀྱི་ས་བོན་བདག་ཉིད་དམ་ངོ་བོ་ཐ་དད་ཀྱང་། དེ་ལས་འགའ་ཞིག་སྟེ་ནས་ཀྱི་ས་བོན་ལ་སོགས་པ་ནས་ཀྱི་མྱུ་གུའི་རྒྱུ་ཡིན་གྱི་གཞན་པ་འབྲས་ཀྱི་ས་བོན་ནི་དེའི་རྒྱུ་མིན་ནོ། །དངོས་པོའི་རང་བཞིན་ནམ་ཆོས་ཉིད་འདི་ཡིན་པ་ནི་བྱ་བ་བྱེད་པའི་རིགས་པའོ། །དེས་ན་དངོས་པོའི་ཆོས་ཉིད་དེ་ལྟར་ཡིན་པ་ལ་བརྒལ་ཞིང་བརྟག་པ་བྱར་མེད་དེ་མེ་ཚ་བ་ཡིན་ན་ཅིའི་ཕྱིར་ཆུ་ཡང་མི་ཚ་བར་བརླན་པའི་རང་བཞིན་དུ་གནས་པ་ཡིན་ཞེས་སྨྲ་བ་བཞིན་ནོ། །གལ་ཏེ་དེ་དག་གཙོ་བོ་གཅིག་གི་རང་བཞིན་ལས་ཐ་དད་པ་མེད་ན་རྒྱུ་ཚོགས་པ་ཚང་མ་ཚང་གི་ཁྱད་པར་མེད་པ་དང་འབྲས་བུའི་ངོ་བོ་ཡང་གཅིག་ཡིན་པས་ན་ཤིང་སྐྱེ་བ་ན་བ་ལང་སྐྱེ་བ་སོགས་ཐམས་ཅད་ཅིག་ཅར་སྐྱེ་བ་དང་། གཅིག་འཇིག་པ་ན་དེ་དང་རང་བཞིན་གཅིག་པའི་གཞན་ཐམས་ཅད་འཇིག་པར་འགྱུར་རོ། །ཐམས་ཅད་གཙོ་བོའི་རང་བཞིན་དུ་གཅིག་མོད་ཀྱི་རྣམ་འགྱུར་གྱི་ངོས་ནས་མི་འདྲ་བས་སྐྱེ་འཇིག་བྱེད་པ་དེ་ལས་ཅིག་ཤོས་གཞན་རྣམས་ནི་རྣམ་འགྱུར་གྱི་ངོས་ནས་ཐ་དད་པས་ན་སྐྱེ་འཇིག་ཅིག་ཅར་བྱེད་པ་དེ་ལྟར་མི་འགྱུར་ཞེ་ན། གསལ་བ་གང་རུང་གཅིག་འཇིག་ཚེ་དེའི་རང་བཞིན་ནམ་བདག་ཉིད་དུ་གྱུར་པ་སྤྱིའམ་གཙོ་བོ་དེ་མི་འཇིག་པར་གནས་ན་ནི་དེ་ཉིད་ཁྱད་པར་རམ་རྣམ་འགྱུར་དེ་ཡི་རང་བཞིན་མིན་པར་འགྱུར་ཏེ་གཅིག་འཇིག་ལ་གཅིག་མི་འཇིག་པས་ན་འགལ་བ་དེ་གཉིས་ཀྱི་གཞི་མཐུན་


MR20_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྲིད་པ་མ་ཡིན་ནོ། །དེ་ཡི་མིན་པར་གྱུར་པ་དེས་ན་དེ་དག་ལ་སྤྱི༷་དང་ཁྱད་པར་གྱི་བློར་ཏེ་བློ་འབྱུང་བར་ཡང་མི་འགྱུར་ཏེ་གཞི་མཐུན་པ་མེད་པས་སོ། །འོ་ན་དེ་ནི་ལྡོག་པ་སྨྲ་བ་ཁྱོད་རང་ལའང་མཚུངས་ཏེ་ཤིང་གཅིག་འཇིག་པ་ན་ཤིང་གི་ལྡོག་པ་འཇིག་པར་མི་འགྱུར་རམ་ཞེ་ན། ཤིང་མིན་ལས་ལོག་པ་ཙམ་གྱི་ལྡོག་པ་དེ་ནི་རང་གི་ངོ་བོ་ཉིད་རྫས་སུ་མེད་པའི་ཕྱིར་ལྡོག་ལྡན་གཅིག་འཇིག་པའི་ཚེ་ལྡོག་པ་དེ་གནས་དང་མི་གནས་ཞེས་རྟོག་ཅིང་དཔྱོད་པ་བྱར་ཡོད་པ་མིན་ཏེ། ཤིང་གཅིག་སྐྱེས་པ་ན་དེ་ཤིང་མིན་ལས་ལྡོག་པའང་ཡིན་མོད་ཤིང་གཅིག་ཞིག་པ་ན་ཤིང་མིན་ལས་ལྡོག་པར་གྱུར་པ་ཤིང་གི་རྫས་དེ་ཞིག་པས་ཤིང་གཞན་གྱི་ལྡོག་པ་མེད་པར་ཡང་མི་འགྱུར་ལ། ཤིང་དེའི་ལྡོག་པ་རང་རྐྱ་བ་ཤུལ་དུ་ལྷག་པའང་མེད་དེ་ལྡོག་པ་རང་ལ་ངོ་བོ་མེད་པས་ན་རང་གི་ངོ་བོས་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་ཤིང་གཅིག་ཞིག་པས་ཤིང་གི་སྤྱི་མེད་པར་མི་འགྱུར་ཏེ། སྤྱིར་ཤིང་མིན་ལས་ལོག་ཙམ་གྱི་ལྡོག་པ་ལ་སྤྱིར་འདོགས་པས་ན་སྤྱི༷་ཡི་བློ་ཡང་རྟོག་པས་བཞག་པ་ཙམ་གྱི་བསླད་པ་ཡིན་པ་དེ་ཕྱིར་དངོས་པོའི་སྟེང་ན་འཇིག་མི་འཇིག་ཏུ་རྟོག་པ་སོགས་ཀྱི་དཔྱད་པས་དེ་སུན་བྱུང་བ་ཡང་མེད་དོ། །སྤྱིར་སེལ་བ་ལ་གཉིས་ཏེ་མེད་དགག་དང་མ་ཡིན་པར་དགག་པའོ། །དང་པོ་ནི། དགག་བྱ་གང་ཡིན་པ་རྣམ་པར་བཅད་ནས་གཞན་མི་འཕེན་པ་སྟེ་བདག་མེད་ཅེས་པ་ལྟ་བུའོ། །གཉིས་པ་ནི། དགག་བྱ་དེ་མེད་པའི་དགག་གཞི་འཕེན་པ་སྟེ་བུམ་པ་བདག་མ་ཡིན་ཞེས་པ་ལྟ་བུའོ། །དེ་གཉིས་ཀྱང་དགག་བྱ་མེད་པར་བཀག་པ་ལ་ཁྱད་མེད་ཀྱང་དགག་གཞི་བཟུང་མ་བཟུང་གི་ཁྱད་པར་ཙམ་མོ། །དེ་འདྲའི་གཞན་སེལ་བ་དོན་གྱི་སྟེང་


MR20_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡོད་ཚུལ་ནི་ཤིང་ལ་ཤིང་མ་ཡིན་པ་གཞན་མེད་པའི་ཕྱིར་ཡལ་འདབ་ལྡན་པ་དེ་ཤིང་ལས་གཞན་མིན་པའི་ངོ་བོར་གནས་པ་གང་ཕྱིར་དངོས་ཀུན་སོགས་ཀྱི་སྐབས་ནས་བསྟན་པ་བཞིན་ནོ། །དེ་ནི་སྒྲ་རྟོག་གི་རྟེན་ཡིན་གྱི་དངོས་སུ་སྒྲས་དངོས་པོའི་གཞན་སེལ་ཇི་ལྟ་བ་བཞིན་དུ་བརྗོད་མི་ནུས་པ་ནི་དེ་དེ་བཞིན་དུ་རྗོད་བྱེད་པའི་སོགས་ཀྱི་སྐབས་ནས་བསྟན་ཏོ། །བློའི་གཞན་སེལ་ནི་འདིས་གཞན་སེལ་བར་བྱེད་པ་སྟེ་ཤིང་ལ་སོགས་པར་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ཡུལ་དེ། སྣང་ཡུལ་དེ་ནི་དེ་མིན་བསལ་བའི་ཚུལ་ཅན་དུ་སྣང་བས་ན་དེར་སྣང་བ་ཙམ་གྱིས་གཞན་སེལ་བར་བྱེད་པ་སྟེ་དེ་ནི་བསྟན་བཅོས་མཛད་པས་སྒྲའི་དངོས་ཀྱི་བརྗོད་བྱར་བཞེད་པ་ནི། ཤེས་ལ་ཡོད་པའི་དོན་དེ་རྣམས། ཞེས་སོགས་ཀྱིས་གསལ་བར་བསྟན་ཏོ། །གཉིས་པ་ཐ་དད་ཡིན་ཡང་དུ་མས་གཅིག་སྐྱེད་རུང་བ་ནི། གྲངས་ཅན་པ་སོགས་ན་རེ། མྱུ་གུ་དེ་ཡི་སྐྱེད་བྱེད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ས་བོན་ལྟ་བུ་གང་ཡིན་པ་དེ་གཅིག་ཁོ་ན་ལས། གཞན་ས་དང་ཆུ་ལ་སོགས་པས་ནི་ཇི་ལྟར་བསྐྱེད་དེ་ས་བོན་གྱི་ནུས་པ་ནི་གཞན་ལ་རྗེས་སུ་འགྲོ་བ་མེད་པས་ཤིན་ཏུ་ཐ་དད་པ་ཡིན་པས་སོ། །དེས་ན་དུ་མས་གཅིག་བསྐྱེད་པ་ནི་དུ་མ་དེ་རྣམས་ལ་འབྲས་བུ་གཅིག་སྐྱེད་པ་ལ་ཁྱད་པར་མེད་པའི་ནུས་པ་ཐུན་མོང་དུ་ཡོད་པས་ཡིན་གྱི་ཐུན་མོང་མིན་པར་གྱུར་ན་གཅིག་ལ་ཡོད་པ་དེ་ལས་གཞན་ལ་ཡོད་མི་ཤེས་སྙམ་པའོ། །འདི་ནི་གྱི་ན་སྟེ་ས་བོན་གྱི་སྟེང་གི་མྱུ་གུ་སྐྱེད་པའི་ནུས་པ་ཐུན་མིན་དེ་ནི་གཞན་ཆུ་སོགས་ལ་མེད་ལ། ཆུའི་སྟེང་གི་ནུས་པ་ཐུན་མིན་ས་བོན་ལ་མེད་ཀྱང་དེ་རེ་རེས་མི་བསྐྱེད་པར་ཚོགས་པས་བསྐྱེད་པར་དངོས་པོའི་ཆོས་ཉིད་ཡིན་པས་ན། ས་བོན་དང་ས་ལ་སོགས་པ་དངོས་


MR20_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐ་དད་པའི་ཁྱད་པར་ཏེ་རང་མཚན་ཉིད་ནི་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པར་བཤད་ཟིན་པ་བཞིན་ནོ། །ས་སོགས་ཁྱད་པར་དེ་ལ་ཐ་དད་མིན་པ་ཕན་ཚུན་རྗེས་སུ་འགྲོ་བའི་སྤྱིའམ་གཙོ་བོའང་ཡོད་པས་ན་དེ་ལྟར་སྐྱེད་པ་ཡིན་པར་འདོད་དོ་ཅེ་ན། ས་བོན་སོགས་ལ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་པ་ཙམ་འདྲ་བའི་སྒོ་ནས་གཅིག་ཏུ་འཁྲུལ་ཏེ་སྤྱིའམ་གཙོ་བོར་བཏགས་པར་ཟད་ཀྱི། ཕན་ཚུན་རྗེས་སུ་འགྲོ་བ་མེད་དེ་རྗེས་སུ་འགྲོ་བ་ལྟར་སྣང་བ་དེས་འབྲས་བུ་དེ་སྐྱེད་པ་མིན་པར་གོང་དུ་བརྗོད་ཟིན་ཏོ། །དེས་ན་དངོས་པོ་རྣམས་འདི་ལྟར་སྣང་བ་ནའང་། རང་གི་ངོ་བོ་ཐུན་མོང་མིན་པ་དེ་གཞན་ལ་མི་བརྟེན་པའམ་མ་འདྲེས་པས་ན་དེ་དག་ཐ་དད་པར་བྱེད་པ་ཡིན་ནོ། །འང་སྒྲས་སྐྱེ་འགག་སོགས་སྡུད་པའམ། ཡང་ན་དངོས་པོ་ཐ་དད་ཡིན་པའི་གནད་ཀྱིས་དེ་སྣང་བའི་དུས་ནའང་ཞེས་སོ། །ཐ་དད་དུ་སྣང་བ་དེའི་ཕྱིར་ཐ་དད་པར་བཞག་པར་བྱེད་པའམ། ཐ་དད་པར་སྣང་བའི་རྒྱུ་མཚན་དེས་ཐ་དད་པར་བྱེད་ཅེས་པ་སྟེ། ཐ་དད་དུ་སྣང་ཡང་ཐ་དད་མིན་ན་ཐ་དད་པའི་ཆོས་འགའ་ཡང་བཞག་ཏུ་མེད་པར་འགྱུར་ལ། དེ་ལྟ་ན་འཇུག་ལྡོག་གི་ཚུལ་གང་ཡང་ཤེས་པར་མི་འགྱུར་རོ། །དེས་ན་ཐ་དད་པར་སྣང་བ་དེ་ཉིད་དོན་གྱི་དངོས་པོ་དོན་དམ་པར་ཡོད་པ་ཡིན་ལ། དེ་ནི་རང་མིན་གཞན་ཀུན་ལས་ལོག་པ་སྟེ་མ་འདྲེས་པའང་ཡིན། དེ་ནི་དོན་བྱེད་པས་ན་རྒྱུ་དང་འབྲས་བུར་གྱུར་པའང་ཡིན་པར་བཤད་ཅིང་། དེ་ནི་གཞན་དང་མ་འདྲེས་པའམ་བསླད་པས་སྒྲོ་མ་བཏགས་པ་ཆོས་རང་གི་མཚན་ཉིད་དུའང་འདོད་ལ། དེ་ནི་ཇི་ལྟར་བཅད་ནས་ཞུགས་པ་ལྟར་བླང་དང་དོར་བྱའི་འབྲས་བུ་སྟེ་དགོས་པ་ཐོབ་ནུས་པ་ཅན་


MR20_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སྐྱེས་བུ་ཐམས་ཅད་ལ་འཇུག་པ་ཡི་ཡུལ་དངོས་ཀྱང་ཡིན་ནོ། །དེས་ན་འདྲེས་པར་གྱུར་པའི་སྤྱི་ནི་དེ་ལས་བཟློག་སྟེ་དོན་གྱི་དངོས་པོ་མ་ཡིན་པ་དང་། འདྲེས་པ་དང་རྒྱུ་འབྲས་ཀྱི་དོན་མི་བྱེད་པ་དང་། རང་མཚན་མེད་ལ་དང་། འཇུག་ལྡོག་གི་ཡུལ་དངོས་མིན་ནོ། །གསུམ་པ་རྒྱུ་ཐ་དད་ན་ཡང་གཅིག་གིས་ཀུན་སྐྱེད་པ་མིན་པ་ནི། གྲངས་ཅན་པ་སོགས་ན་རེ། རྒྱུ་དང་རྒྱུ་མིན་ཐམས་ཅད་ཤིན་ཏུ་ཐ་དད་པར་འདྲ་བཞིན་དུ་ས་བོན་ས་ཆུ་སོགས་ཀྱིས་མྱུ་གུ་སྐྱེད་ལ་གཙུབ་ཤིང་གཙུབ་སྟན་སོགས་ཀྱིས་མི་སྐྱེད་པ་མི་འཐད་དེ། དེ་རྣམས་ཤིན་ཏུ་ཐ་དད་པར་འདྲ་བའི་ཕྱིར་རང་འབྲས་གཞན་ཀུན་རྒྱུ་དེས་བསྐྱེད་པར་འགྱུར་རོ་ཞེ་ན། ཇི་ལྟར་གྲངས་ཅན་པ་ཁྱོད་རྒྱུ་རྣམས་གཙོ་བོ་གཅིག་གི་རང་བཞིན་དུ་ཐ་དད་མེད་པ་ལ་ཁྱད་མེད་ན་ཡང་། རྒྱུ་གཅིག་གིས་འབྲས་བུ་ཐམས་ཅད་ཀུན་སྒྲུབ་པ་མིན་པར་འདོད་པ་དེ་བཞིན་དུ་སངས་རྒྱས་པས་ཀྱང་རྒྱུ་དང་རྒྱུ་མིན་གྱི་དངོས་པོ་ཐམས་ཅད་རང་གི་ངོ་བོས་ཐ་དད་པར་ཁྱད་མེད་པར་འདོད་ནའང་རྒྱུ་རྣམས་འབྲས་བུ་ཐམས་ཅད་ཀུན་གྱི་སྒྲུབ་བྱེད་དུ་འགྱུར་དགོས་པ་མིན་ནོ་ཞེས་མགོ་བསྒྲེ་བའི་ལན་བསྟན་ནས། ཐ་དད་རྒྱུ་རུ་སྨྲ་བ་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡོད་ཅིང་གཞན་ལ་འགལ་བ་སྟོན་པ་ནི། རྒྱུ་རྣམས་ངོ་བོ་མ་འདྲེས་པར་ཐ་དད་པ་ཡིན་ན་ཡང་དངོས་པོ་ཡི་ཆོས་ཉིད་ཀྱིས་རང་གི་འབྲས་བུར་འགྱུར་བ་ཆོས་འགའ་ཞིག་གི་བྱེད་པ་པོར་འགྱུར་གྱི་ཐམས་ཅད་ཀྱི་མ་ཡིན་ནོ། །དེ་ནི་དངོས་པོའི་ཆོས་ཉིད་དེ་མེའི་ཚ་བ་བཞིན་ནོ། །རྒྱུ་རྣམས་ཐ་དད་མེད་པའི་ངོ་བོ་ཡིན་ནའང་འབྲས་བུ་གཅིག་ཉིད་ཀྱི་བྱེད་པ་པོ་ཡིན་པ་དང་མི་བྱེད་པ་ཡིན་པ་གཉིས་ཀར་གྱུར་པ་ནི་


MR20_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་དེ་འགལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ནས་དང་འབྲས་ཀྱི་ས་བོན་ཐ་དད་མེད་པའི་གཅིག་ཡིན་བཞིན་དུ་རྒྱུ་དེས་ནས་ཀྱི་མྱུ་གུ་དེ་བྱེད་པ་ཡིན་ལ་མི་བྱེད་པའང་ཡིན་པ་ནི་འགལ་ཏེ་དེ་ལྟ་ན་རྒྱུ་དང་རྒྱུ་མིན་གྱི་རྣམ་གཞག་མི་སྲིད་པར་འགྱུར་རོ། །དེ་ལ་དེ་དག་ན་རེ་རང་བཞིན་གཅིག་ཡིན་ཀྱང་གནས་སྐབས་སམ་རྣམ་འགྱུར་ཐ་དད་དུ་ཡོད་པ་དེའི་ཕྱིར་འབྲས་ཀྱི་ས་བོན་གྱིས་ནས་ཀྱི་མྱུ་གུ་བྱ་བ་དེ་ལྟ་བུ་མེད་དོ་ཅེ་ན། རྣམ་འགྱུར་ཐ་དད་པས་མི་བྱེད་པ་ཡིན་ན་ནས་ཀྱི་ས་བོན་ལས་རྣམ་འགྱུར་ཐ་དད་པ་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པ་རྣམས་ཀྱིས་ཀྱང་ནས་ཀྱི་མྱུ་གུ་དེ་མི་བྱེད་པར་འགྱུར་རོ། །ཡང་ཁོ་ན་རེ། རྣམ་འགྱུར་ཐ་དད་པའི་གནས་སྐབས་དེར་རང་འབྲས་མིན་པ་གཞན་མི་བྱེད་པ་ཙམ་དུ་ཟད་ཀྱི་འོན་ཏེ་གཙོ་བོའི་རང་བཞིན་གཅིག་པུ་དེ་ལས་ཐམས་ཅད་སྣང་བས་ན་རིམ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱི་ཡང་བྱེད་པ་པོ་ཉིད་ཡིན་པས་རང་བཞིན་གཅིག་པ་ལས་ཐམས་ཅད་མི་འབྱུང་བ་དང་། གནས་སྐབས་དེར་ཐམས་ཅད་འབྱུང་བར་ཐལ་བའི་སྐྱོན་གཉིས་ཀ་མེད་དོ་ཞེ་ན། སྔ་ཕྱི་རིམ་པ་བཞིན་བྱེད་དོ་ཞེས་པ་དེ་ཅི་ཞིག །གཙོ་བོའི་རང་བཞིན་དུ་གྱུར་པའི་དངོས་པོ་ས་བོན་ལྟ་བུ་དེ་ཉིད་ཀྱི་ཡིན་པའམ། དེ་ལས་གཞན་གྱིས་རིམ་བཞིན་བྱེད་པ་ཡིན། དངོས་པོ་དེའི་ཡིན་ན་ནི་ས་བོན་གྱིས་ཀྱང་རང་གི་མྱུ་གུའི་རྗེས་སུ་བུམ་པ་སོགས་རིམ་བཞིན་བྱེད་པར་འབྱུང་ལ། རིམ་བཞིན་བྱེད་ནའང་དེ་གཙོ་བོ་ནི་མ་ཡིན་ཏེ་མི་རྟག་པར་ཐལ་བའི་ཕྱིར་རོ། །གཞན་གྱིས་བྱས་པ་ནི་ས་བོན་དེས་བྱས་པ་ཡིན་ན་ཧ་ཅང་ཐལ་ཏེ། རྫ་མཁན་གྱིས་བུམ་པ་བྱས་པ་བ་ལང་གིས་བྱས་པར་ཐལ་ལོ། །ཡང་འགྲེལ་པ་འགའ་ན། རིམ་པ་དེ་གཙོ་བོ་དེའི་ཡིན་


MR20_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་གཞན་གྱི་ཡིན། གཙོ་བོའི་ཡིན་པར་མི་སྲིད་དེ་དེ་ལ་གོ་རིམ་མེད་པའི་ཕྱིར་ཡོད་ན་མི་རྟག་པར་འགྱུར་ལ། གཞན་གྱི་ཡིན་པས་གཙོ་བོའི་ཡིན་པར་མི་འགྱུར་ཏེ་རྫ་བུམ་གྱི་རྒྱུད་ནམ་མཁའ་ཁས་བླངས་པ་བཞིན་ཞེས་ཀྱང་བཤད་དོ། །ད་ནི་གསུམ་པ་སྤྱི་ལྡན་གསལ་བ་སྒྲ་ཡུལ་དུ་མི་དགོས་པར་བསྟན་པ་ལ། གཅིག་ཐ་དད་བརྟག་སྤྱི་ལྡན་འགོག་པ་དང་། །རིགས་པ་དེས་ནི་ལུགས་གཞན་ཀྱང་ཁེགས་པའོ། །དང་པོ། རིགས་པ་ཅན་པ་སོགས་སྒྲའི་དངོས་ཡུལ་ནི་སྤྱི་དང་ལྡན་པའི་གསལ་བ་ལ་འདོད་ཅིང་། དེ་ཡང་སྤྱི་གསལ་རྫས་གཅིག་ཏུ་འདོད་པ་ལ་བརྒལ་བ་གལ་ཏེ་སྤྱི་གསལ་རྫས་གཅིག་ཡིན་ན་སྤྱི་དེ་དང་ལྡན་པའི་དངོས་པོ་གསལ་བ་རྣམས་ཐ་དད་པའི་ཕྱིར་དེ་དང་རྫས་གཅིག་པའི་སྤྱི་ཡང་ཐ་དད་དུ་འགྱུར་ལ། དེ་ལྟ་ན་གསལ་བ་རྣམས་འབྲེལ་བ་མེད་པར་ཤིན་ཏུ་ནི་ཐ་དད་པར་ཡང་འགྱུར་ལ། ཡང་སྤྱི་དང་གཅིག་པའི་ཕྱིར་སྤྱི་བཞིན་དུ་ཤིན་ཏུ་ཐ་དད་མེད་པར་ཡང་འགྱུར་ཞིང་དེ་ལྟ་ན་ཐ་དད་ཐ་དད་མིན་པ་གཉིས་ཀར་འགྱུར་བའི་འགལ་བ་གཞི་གཅིག་ལ་འདུ་བའམ། དེ་བཞིན་དུ་སྤྱི་དང་ལྡན་པ་རྣམས་ནང་ཕན་ཚུན་འདྲ་བ་ཡིན་པ་དང་རང་གི་ངོ་བོས་མི་འདྲའི་བདག་ཉིད་ཀྱི་འགལ་བ་ཅན་དུ་ཡང་འགྱུར་ལ། སྤྱི་དང་སྤྱི་ལྡན་གཉིས་པོ་གཅིག་པའི་ཕྱིར་དེ་བརྗོད་པའི་སྒྲ་བློ་དོན་ཐ་དད་མེད་པར་རྣམ་གྲངས་ཙམ་དུ་འགྱུར་བ་དང་། སྤྱི་རྟག་ལ་བྱེ་བྲག་མི་རྟག་པའི་ཕྱིར་ཕན་ཚུན་སྤངས་པའི་ཐ་དད་པར་ཡང་འགྱུར་ཏེ་དེ་ལྟར་ཤིན་ཏུ་འགལ་བའི་རང་བཞིན་གཞི་གཅིག་ལ་འདུ་བར་ཁས་ལེན་པའི་འགལ་བ་ཡོད་པ་ཡིན་ནོ། །ཡང་གཅེར་བུ་པ་སོགས་རྟག་པ་དང་མི་རྟག་པ་སོགས་ཀྱི་མཚན་ཉིད་མི་མཐུན་པས་ན་


MR20_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གསལ་རྫས་གཅིག་མ་ཡིན་ཏེ། སྤྱི་དང་གསལ་བ་དེ་ཡང་ཐ་དད་དུ་འགྱུར་རོ་ཞེ་ན། ནུས་པ་དང་གསལ་བ་རྟག་མི་རྟག་ཁྱབ་མ་ཁྱབ་ཆ་མེད་ཆ་ཡོད་ཁྱབ་བྱེད་ཁྱབ་བྱ་སོགས་ཀྱི་བདག་ཉིད་གང་གིས་སྤྱི་གསལ་དེ་དག་གི་དབྱེ་བ་བྱས་ཏེ་ཁྱད་པར་ནི་གསལ་བ་རྣམས་སོ་ཞེས་དང་། གསལ་བ་རྣམས་ཀྱི་སྤྱི༷་ནི་འདི་ལྟ་བུའོ་ཞེས་བྱ་བ་ཉིད་དུ་གཞག་པ་དེ། གལ་ཏེ་འཇོག་བྱེད་དེ་དག་ཐ་དད་དུ་འཇོག་པའི་རྒྱུ་མཚན་ཡང་དག་ཡིན་ན་ནི། རྒྱུ་མཚན་ཅན་སྤྱི་བྱེ་བྲག་ཀྱང་ཐ་དད་པ་ཉིད་དུ་འགྱུར་ལ། འཇོག་བྱེད་ཡང་དག་མིན་ན་ནི་དེས་བཞག་པ་ལྟར་སྤྱི་ཡང་མི་འགྲུབ་བོ། །གལ་ཏེ་ཐ་དད་དུ་གྲུབ་པ་དེ་ལྟ་ནའང་ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་ཕན་ཚུན་ཐ་དད་པ་དག་སྤྱི་དང་བྱེ་བྲག་ཏུ་མི་འགྱུར་བ་དེ་བཞིན་འདི་ལ་ཡང་སྤྱི༷་དང་ཁྱད་པར་དུ་འདོད་པའང་དོན་ལ་སྤྱི༷་དང་ཁྱད་པར་ཅན་དུ་མི་འགྱུར་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །དེས་ན་སྤྱི་མེད་པ་ལ་ནན་གྱིས་དེ་ཡོད་པར་བརྟག་པས་ཅི་ཞིག་བྱ་སྟེ་དེ་ལ་དགོས་པ་གང་ཡང་མེད་དོ། །དེའི་རྒྱུ་མཚན་མེ་རང་མཚན་གང་གི་བདག་ཉིད་མདུན་དུ་སྟེ་བློས་དམིགས་ཡུལ་དུ་བྱས་ནས་བསྒྲུབ་བྱ་མེ་དེ་ཡི་འབྲས་བུ་བཙོ་སྲེག་སོགས་འདོད་པ་ཅན་གྱི་སྐྱེས་བུ་འདི་ནི་ཡུལ་དམིགས་བྱ་དེ་ལ་འཇུག་པར་འགྱུར་བ་ཡིན་ལ། དེ་འདྲའི་དོན་དུ་གཉེར་བྱ་དགོས་པ་དེ་ཡི་རྟེན་དུ་གྱུར་པ་ནི་ཐ་དད་པ་རང་མཚན་ཡིན་ནམ། ཐ་དད་མེད་པ་སྤྱི་ཙམ་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ལ་དེ་ལྟར་དཔྱད་ན་གང་ལས་མངོན་འདོད་ཀྱི་འབྲས་བུ་འབྱུང་བ་དེ་ནི་ཚ་ཞིང་སྲེག་པའི་དོན་བྱེད་ནུས་པ་མེ་རང་གི་བདག་ཉིད་ཐ་དད་པ་རང་མཚན་ཁོ་ན་ཡིན་གྱི་སྤྱི་མ་ཡིན་ལ། མེའི་རང་མཚན་དེ་དག་ལ་མེ་མིན་ལས་ལོག་པའི་


MR20_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་མཚུངས་པ་ཙམ་འདི་དག་ནི་མེ་ཡི་རང་མཚན་ཀུན་ལ་ཡོད་པ་ཉིད་བློ་ངོར་གྲུབ་པ་ཡིན་གྱི། དེ་ཙམ་ལས་མ་གཏོགས་པར་དངོས་པོའི་སྟེང་ན་རང་མཚན་གཅིག་གི་ཆོས་གཞན་ལ་ཡོད་མི་སྲིད་པས་རང་མཚན་གྱི་དངོས་པོ་ལ་ནི་ཕན་ཚུན་རྗེས་སུ་འགྲོ་བ་ཐུན་མོང་པའི་ཆོས་རྡུལ་ཙམ་མེད་དོ། །གལ་ཏེ་ཡོད་ན་ནི་དངོས་པོ་གཞན་གྱི་ཆོས་གཞན་ལ་ཡོད་པའི་ཕྱིར་མེ་དོན་དུ་གཉེར་བས་ཆུ་ལ་འཇུག་པ་དང་། སྣམ་བུ་འདོད་པ་བུམ་པ་ལ་འཇུག་པ་དང་། ལ་སོགས་པའི་སྒྲས་སྐྱེ་འཇིག་ཅིག་ཅར་བྱེད་པ་ལ་སོགས་པ་ཉེས་པ་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་རིགས་པ་དེས་ལོག་པར་རྟོག་པ་གཞན་ཡང་ཁེགས་པའི་ཚུལ་བསྟན་པ་ནི། དངོས་པོ་ཐམས་ཅད་ཐ་དད་པར་བསྟན་པའི་རིགས་པ་དེ་ཉིད་ཀྱིས་ནི་གོས་མེད་པར་རྒྱུ་བས་ངོ་ཚ་མེད་པའམ་འཛེམ་མེད་པ་སྟེ་གཅེར་བུ་པ་དག་གིས། ནང་གི་མུན་པ་གཏི་མུག་གིས་སྤྲུལ་པ་ཕྱིན་ཅི་ལོག་གི་ཚིག་ཆོས་ཐམས་ཅད་དེ་ཡིན་དང་དེ་མིན་གཉིས་ཀ་ཡིན་པས་གང་ཅིའང་རུང་ཞེས་སྨྲ་བ་སྟེ། འདི་ལྟར་རྔ་མོ་ནི་རང་བཞིན་གཅིག་པས་ཞོར་ཡང་འགྱུར་ལ་གནས་སྐབས་ཐ་དད་པས་མི་འགྱུར་རོ་ཞེས་པ་ལྟ་བུ་སོགས་བླང་དོར་མེད་པར་ཕྱོགས་འབྱམས་སུ་སྨྲ་བ་ངན་པ་དེ་དག་ཀྱང་ནི་བསལ་བ་ཡིན་ཏེ། དངོས་པོའི་རང་མཚན་རྣམས་ནི་རང་གི་ངོ་བོས་གཞན་མིན་པར་མཐའ་གཅིག་ཏུ་གནས་པ་ནི་སྲིད་པ་ཡིན་ལ། རེས་འགའ་གཞན་དང་ཐ་མི་དད་པ་རྣམ་པ་ཀུན་ཏུ་མེད་པའི་ཕྱིར་རོ། །དེ་ཡང་དངོས་པོ་ཐམས་ཅད་རང་བཞིན་གཅིག་ཏུ་འདོད་པ་ཁྱོད་ལྟར་ན། དངོས་པོ་ཐམས་ཅད་དེ་ཡིན་དང་དེ་མིན་གཉིས་


MR20_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ངོ་བོ་ཉིད་ཡིན་ལ། ཡིན་པ་དང་མིན་པ་དེ་ཡི་ཁྱད་པར་འབྱེད་པ་ནི་ཁྱོད་ལ་མེད་པའམ་བསལ་བའི་ཕྱིར་གཅེར་བུ་པ་ཁྱོད་ལ་ཞོ་འཐུང་ཞིག་ཞེས་ནི་བསྐུལ་བ་ན་ཅི་ཕྱིར་རྔ་མོ་འཐུང་བ་ལ་མི་རྒྱུག། འོན་ཏེ་ཞོ་ལ་རྔ་མོ་ལ་མེད་པའི་གནས་སྐབས་འོ་མའི་རྣམ་པར་འགྱུར་པ་དང་བཏུང་དུ་རུང་བ་སོགས་ཕུལ་བྱུང་ངམ་ཁྱད་འཕགས་ཀྱི་ཆོས་འགའ་ཞིག་ཡོད་པ་གང་གིས་རྔ་མོའི་གནས་སྐབས་ཀྱི་ཁྱད་པར་ཞོ་ཁོ་ན་ལ་འཇུག་པར་འགྱུར་རོ་ཞེ་ན། ཕུལ་བྱུང་གི་ཁྱད་པར་ཡོད་པ་དེ་ཉིད་ཞོ་ཡིན་ལ་ཆོས་དེ་གཞན་རྔ་མོ་ལ་མེད་ཕྱིར་གཉིས་ཀ་ཡིན་པ་མིན་ཏེ་གཞན་ཐ་དད་པ་ཡིན་ནོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱང་གཞན་ཀུན་གྱི་བདག་ཉིད་ཡིན་ན་དེ་དག་ལ་དེར་ཤེས་ཀྱི་བློ་དང་དེ་བརྗོད་ཀྱི་སྒྲ་ཐ་དད་པར་མི་འགྱུར་ལ། གནས་སྐབས་ཐ་དད་པ་མཐའ་དག་རང་བཞིན་གཅིག་གིས་ཐ་དད་མེད་པར་བསྡུས་པར་སྨྲ་བ་དེ་ཡི་ལུགས་ལ་སྒྲ་བློ་ཐ་དད་པ་དེ་འབྱུང་བ་མེད་པའི་ཕྱིར་ན། ཐ་དད་གཅིག་ཏུ་འཇོག་པ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་གཞག་ཀུན་མི་སྲིད་པར་འགྱུར་རོ། །གཉིས་པ་དངོས་མེད་སྒྲ་རྟོག་སེལ་བར་བསྟན་པ་ནི། གཞན་དག་ན་རེ། དངོས་པོའི་ཡུལ་ཅན་གྱི་སྒྲ་བློས་གཞན་བསལ་བའི་སྟོབས་ཀྱིས་དངོས་པོའི་རང་གི་ངོ་བོ་གོ་ཞིང་ཤེས་པར་བྱེད་དུ་ཆུག་ཀྱང་། བུམ་མེད་སོགས་དངོས་པོ་མེད་པ་བརྗོད་པའི་སྒྲ་བློ་དེས་དངོས་མེད་རང་གི་ངོ་བོ་བརྗོད་པ་དང་ཤེས་པ་ཡིན་ནམ་མིན། ཡིན་ན་དངོས་མེད་ལ་ངོ་བོ་ཡོད་པར་འགྱུར་ལ་མིན་ན་སྒྲ་བློ་དེ་དེའི་ཡུལ་ཅན་དུའང་མི་འགྱུར་ཏེ་ཀ་བའི་སྒྲ་བློ་བུམ་པའི་ཡུལ་ཅན་མིན་པ་བཞིན་ནོ་ཟེར་ན། དངོས་མེད་ལ་ཐ་སྙད་དུ་ཡང་རང་གི་ངོ་བོ་ཅུང་ཟད་ཀྱང་མེད་པའི་ཕྱིར་དེའི་ངོ་བོ་བརྗོད་པ་ཡིན་ནམ་མ་ཡིན་ཞེས་དཔྱད་པར་བྱ་བ་ཉིད་


MR20_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཀྱང་དེ་བརྗོད་ཀྱི་སྒྲ་ནི་དེ་དག་ཉིད་རྒྱུ་མཚན་གང་ལས་འཇུག་ན། དགག་བྱ་གཞན་རྣམ་པར་གཅོད་པ་ཙམ་བརྗོད་པར་བྱེད་པར་གྲུབ་པ་ཡིན་ནོ། །དེས་ན་སྒྲས་འཕངས་པའམ་དགག་བྱ་བཅད་པ་ལས་དེར་རྟོག་པ་ཙམ་དུ་ཟད་དེ་ཡུལ་དང་དུས་གང་ན་ཆོས་གང་ཞིག་མེད་ཅེས་དགག་གཞི་གང་དུ་དགག་བྱ་བཅད་པའི་སྟོབས་ཙམ་ལས་འགྲུབ་ཀྱི་དངོས་མེད་ཅེས་རང་ཚུགས་ཐུབ་པ་གང་ཡང་མེད་དོ། །གསུམ་པ་རང་བཞིན་རྟགས་ཀྱི་དབྱེ་བ་ལ། །དངོས་དང་དེ་ལ་རྩོད་པ་སྤང་བ་གཉིས། །དང་པོ། རང་བཞིན་གྱི་རྟགས་དེ་ཡང་འགོད་ཚུལ་གྱི་དབྱེ་བ་གཉིས་སུ་ཡོད་དེ། རང་གི་ཁྱད་པར་བྱེད་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་ལྟ་བུར་བློ་ཡུལ་དུ་འཕེན་པའམ། འོན་ཏེ་ཞེས་ཡང་ན་ནི་ལྟོས་པར་སྟོན་པ་དེ་འདྲ་ཚིག་གིས་དངོས་སུ་མ་འཕངས་པར་ངོ་བོ་འབའ་ཞིག་པ་རྟགས་སུ་བཀོད་པ་གཉིས་པོ་དེ་ནི་བསྒྲུབ་བྱ་གཞན་རྟགས་དེ་དང་བདག་གཅིག་གིས་འབྲེལ་བ་ཅན་སྒྲུབ་པའི་ཕྱིར་བརྗོད་པར་འདོད་དེ། དཔེར་ན་འཇིག་པའམ་མི་རྟག་པར་བསྒྲུབ་པ་ལ་སྒྲ་ལྟ་བུ་དེ་རྒྱུ་རྐྱེན་ལས་བྱུང་བའི་འབྲས་བུར་སྟོན་པ་བྱས་པ་ཞེས་འགོད་པ་དང་། ཡོད་པ་ཞེས་འགོད་པ་ཉིད་བཞིན་ནོ། །དེས་ན་རྟགས་དེ་གཉིས་ཀྱི་སྔ་མ་ལ་ལྟོས་པ་ཞེས་བྱ་སྟེ། བྱས་པའི་ཕྱིར་ཞེས་བརྗོད་པས་རྒྱུ་རྐྱེན་དུ་གྱུར་པའི་དོན་གཞན་ལ་ལྟོས་པར་སྟོན་པ་ཡིན་པས་ན་དེ་བཞིན་དུ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་ལ་སོགས་པའང་ཡིན་ནོ། །སྐྱེ་བ་དང་ལྡན་པ་ཞེས་བརྗོད་ནའང་སྐྱེ་བ་དེ་ཆོས་ཅན་རང་གི་ངོ་བོ་ཡིན་ཕྱིར་བྱེད་ཆོས་ཐ་མི་དད་ཡིན་ཀྱང་རྒྱུ་ལ་ལྟོས་པར་དངོས་སུ་ཚིག་གི་ནུས་པས་འཕངས་པ་ཡིན་ནོ། །གལ་ཏེ་ཡོད་པའམ་དངོས་པོ་ལྟ་བུ་རྟགས་


MR20_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཀོད་པ་དེ་ལ་ནི་འབའ་ཞིག་པའམ་དག་པ་བ་ཞེས་བྱ་སྟེ། གཞན་རྒྱུ་ལ་སོགས་པ་བློ་ཡུལ་དུ་འཕེན་མི་དགོས་པར་རྟགས་ཀྱི་ངོ་བོ་དེས་སྒྲུབ་ནུས་པས་ན་རང་གི་ངོ་བོ་ཙམ་མམ་འབའ་ཞིག་པ་ཞེས་བྱ་ལ། གཞན་བློ་ཡུལ་དུ་མ་འཕངས་ཀྱང་ཚ་བ་ཉིད་ཀྱིས་མེ་བཞིན་དེས་འགྲུབ་ནུས་པས་ན་གཞན་ལ་ལྟོས་མ་དགོས་པའམ། རང་གི་ངོ་བོ་ཙམ་རྟགས་སུ་སོང་བས་གཞན་གྱིས་དག་པར་བྱེད་མ་དགོས་པས་ན་དག་པ་པ་ཞེས་བྱའོ། །གཉིས་པ་ལ། ཡོད་པ་རྟགས་བཀོད་གཙོ་ཡང་མཚུངས་པར་རྩོད། །དེ་ལ་མི་མཚུངས་ལན་གྱི་ཁྱད་པར་བསྟན། །དང་པོ། མུ་སྟེགས་པ་རྣམས་ཀྱིས་སྤྱིའམ་གཙོ་བོ་ཡོད་དེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བའི་ཕྱིར་ཞེས་བརྗོད་པ་ལ། སློབ་དཔོན་ཕྱོགས་གླང་གིས། ཚད་མའི་ཡུལ་མི་ཤེས་པའི་ཕྱིར། །གཙོ་དང་རྗེས་འགྲོ་རྗེས་འགྲོ་མིན། །ཞེས་སྐྱོན་བརྗོད་པར་མཛད་དེ་གཙོ་བོའི་རང་མཚན་བསྒྲུབ་པར་འདོད་པ་ལ་ཡོད་པ་དེའི་ཐུན་མིན་དུ་འགྱུར་གྱི་རྗེས་འགྲོ་མེད་ལ། སྤྱི་མཚན་སྒྲོ་བཏགས་ཀྱི་སྤྱི་ཙམ་ནི་གྲུབ་ཀྱང་ཞེ་འདོད་ལ་མི་ཕན་པས་རྗེས་དཔག་གི་ཡུལ་སྤྱི་མཚན་ཡིན་པར་མ་ཤེས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་ན་ཡོད་པ་ཙམ་རྟགས་སུ་བཀོད་པ་ལའང་སྐྱོན་འདི་མཚུངས་ཏེ། གལ་ཏེ་གཏན་ཚིགས་སུ་ཡོད་པ་ཙམ་གྱི་རང་བཞིན་བཀོད་རུང་ན། ཡོད་པ་ཙམ་ཡང་ཇི་ལྟར་བསྒྲུབ་བྱ་མིན་ཏེ། དེ་ལྟ་ན་གཙོ་བོ་ཡོད་པའང་བསྒྲུབ་བྱ་ཡིན་པར་འགྱུར་རོ། །གལ་ཏེ་ཡོད་པ་ནི་སྤྱིར་ཡོད་ཙམ་མིན་ཏེ་ཆོས་ཅན་གཙོ་བོས་ཁྱད་པར་དུ་བྱས་པས་ན་དེ་ལ་རྗེས་འགྲོ་མི་གྲུབ་བོ་སྙམ་ན། ཡོད་པའི་རྟགས་ཀྱང་ཆོས་ཅན་དེས་ཁྱད་པར་དུ་བྱས་པའི་ཕྱིར་རྗེས་འགྲོ་མེད་ལ། དེ་ལྟར་ཡོད་པ་


MR20_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བ་རྗེས་འགྲོ་མེད་པ་ནི་གཉིས་ཀར་འདྲ་བའི་ཕྱིར་གཏན་ཚིགས་དང་བསྒྲུབ་བྱ་གཉིས་པོ་དག་ལས་ཉམས་པར་མཚུངས་སོ་ཞེ་ན། གཉིས་པ་ལན་ལ། བསྒྲུབ་བྱར་ཡོད་ཙམ་བཀོད་པས་དེར་མི་ཕན། །འདི་ལ་ཡོད་པ་ཙམ་བཀོད་རྟགས་སུ་འགྲོ། །དེས་ན་འདི་དང་གཙོ་ཡོད་མི་མཚུངས་ལ། །འདི་རྟགས་ཡང་དག་ཡིན་ཚུལ་དཔེར་བརྗོད་བཅས། །དང་པོ། སྤྱི་དང་གཙོ་བོ་ཡོད་དོ་ཞེས་བསྒྲུབ་པ་དེ་ཡོད་པའི་ཆོས་ཐམས་ཅད་ལ་མིང་དེར་བཏགས་ཤིང་དེ་བློ་ཡུལ་དུ་བྱས་པས་དེ་ནི་ཡོད་མེད་གཉིས་ཀྱི་ཟླས་ཕྱེ་བའི་ཡོད་པའི་ཁྱད་པར་ཏེ་མེད་པ་མིན་པ་ཙམ་དུ་ནི་བསྒྲུབ་པར་བྱ་ན་ནི་དངོས་པོ་སྤྱི་ཡི་ཆོས་ཅན་དེ་ལ་རྟགས་དེས་གསར་དུ་བསྒྲུབ་པར་བྱ་བའི་དོན་འགའ་ཞིག་ཀྱང་འགྲུབ་པར་མི་འགྱུར་ཏེ། སྤྱིར་བཏང་དངོས་པོ་ཡོད་པ་ཙམ་ནི་གྲུབ་ཟིན་པའི་ཕྱིར། དེ་འདྲའི་ཡོད་པ་འདི་འདྲ་བ་ཡང་སངས་རྒྱས་པས་ཚད་མས་བཀག་པའང་མེད་དེ་བུམ་སོགས་ཡོད་པར་འདོད་པས་སོ། །དེས་ན་སྤྱིར་དངོས་པོ་ཐམས་ཅད་ཡོད་པ་སྒྲུབ་འདོད་མེད་པས་ན་དངོས་པོ་དེ་ཀུན་གྱི་རྒྱུའམ་ཁྱབ་བྱེད་དུ་གྱུར་པ་རྟག་གཅིག་ལ་སོགས་པའི་ཡོན་ཏན་ཅན་རང་གི་ཞེ་འདོད་ལ་ཡོད་པའི་གཙོ་བོ་ཁྱད་པར་བ་དེ་ལྟ་བུ་ཡོད་དོ་ཞེས་བསྒྲུབ་བྱར་བཟུང་ན་དེ་སྒྲུབ་ཀྱི་སྐབས་འདིར་གཏན་ཚིགས་དེ་རྗེས་སུ་འགྲོ་བ་མེད་པ་ཅན་དུ་འགྱུར་ཏེ་དེ་འདྲའི་གཙོ་བོ་མོ་གཤམ་གྱི་བུ་བཞིན་དུ་ཚད་མས་མ་དམིགས་པས་ན་རྟགས་སུ་བཀོད་པ་དེ་དག་དང་དེ་ཡི་ཡོད་པ་ལ་རྗེས་འགྲོ་མི་གྲུབ་པས་མཐུན་དཔེ་གང་ནའང་གཙོ་བོའི་ཡོད་པ་ཉིད་མ་དམིགས་པའི་ཕྱིར་རྟགས་དེ་དང་རྗེས་སུ་འགྲོ་བ་མཐོང་མི་སྲིད་དོ། །དེའི་ཕྱིར་གཙོ་བོ་ཡོད་པ་ཉིད་བསྒྲུབ་བྱ་ཡིན་ན་དེ་ནི་སྤྱིར་བཏང་གི་ཆོས་


MR20_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ་མི་གོ་བར་ཞེ་འདོད་ཀྱི་ཆོས་ཅན་གཙོ་བོས་ཁྱད་པར་དུ་བྱས་པའི་ཡོད་པ་ཁྱད་པར་བ་དེ་དག་ནི་བསྒྲུབ་བྱར་འགྱུར་བ་ཡིན་ནོ། །དེས་ན་སྤྱི་དང་གཙོ་བོའི་འཁྲུལ་གཞི་ནི་ཆོས་ཐམས་ཅད་ལ་ཡོད་པ་ཙམ་རྗེས་སུ་འགྲོ་བ་དེ་ཡིན་ལ། དེ་བྱེ་བྲག་རྣམས་ལས་ཐ་དད་དུ་མེད་ཀྱང་དེ་ཉིད་ལ་གཅིག་ཏུ་ཞེན་པའི་དབང་གིས་སྤྱི་མཚན་ལ་རང་མཚན་དུ་སྒྲོ་བཏགས་ནས་མངོན་རྗེས་ཀྱི་ཚད་མའི་ཡུལ་མ་ཕྱེད་པར་གཙོ་བོའི་རང་མཚན་ཡོད་པར་རློམ་པ་ཡིན་ནོ། །མདོར་ན་སྤྱིར་བཏང་ཡོད་པ་བསྒྲུབ་བྱར་མི་རུང་བ་མིན་ཀྱང་ཆོས་ཅན་གཞི་མ་གྲུབ་པ་ཡོད་པར་བསྒྲུབ་ན་མི་རུང་ཞེས་སོ། །ཡང་ན་གཙོ་བོ་སོགས་ཀྱི་སྒྲ་དོན་ཡོད་པ་ཙམ་གྱི་ཡོད་པ་བསྒྲུབ་ན་མི་བཀག་ལ། ཁྱད་པར་རང་མཚན་ཡོད་པར་བསྒྲུབ་ན་རྗེས་འགྲོ་མེད་ཅེས་སུ་ཡང་འགྲེལ་བ་གཞན་འགའ་ནས་བཤད་དོ། །དེ་ལ་ཡོད་པ་མི་རྟག་པའི་སྒྲུབ་བྱེད་དུ་བཀོད་པ་འདི་རྒྱ་སྐད་དུ་བྷ་བ་ཞེས་པ་དངོས་པོ་དང་ཡོད་པ་དང་རྫས་ལ་སོགས་པའི་སྐད་དོད་ཐུན་མོང་པ་ཡིན་པས་ཡོད་པར་བསྒྱུར་བ་འགྱུར་ནོར་ཏེ་དངོས་པོར་བསྒྱུར་དགོས་ཀྱི་གཞན་དུ་ཡོད་པ་དེ་མི་རྟག་པ་དང་འབྲེལ་བ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར། རྟགས་མ་གྲུབ་ན་རྟགས་ཆོས་ཀྱི་འབྲེལ་བ་མེད་པར་ཁས་བླངས་པར་འགྱུར་ལ་དེ་བཞིན་དུ་བདག་མེད་དང་ནམ་མཁའ་ལ་སོགས་པ་དང་ལྡོག་པའི་རྣམ་པ་ཐ་སྙད་དུ་མེད་པར་ཁས་བླངས་མི་ནུས་པ་ཇི་སྙེད་པ་འཕངས་ནས་ཡོད་པ་ལ་མི་རྟག་པས་མ་ཁྱབ་པར་བོད་ཕྱི་རབས་ཀྱི་མཁས་པ་དག་བཞེད་ལ། བོད་སྔ་རབས་ཀྱི་མཁས་པ་ཕལ་ཆེ་བས་ནི་གཞུང་སྒྲ་ཇི་བཞིན་དུ་ཞལ་བཞེས་མཛད་དོ། །དེ་ལྟར་སོ་སོའི་བཞེད་པ་ལའང་ཡོད་པ་


MR20_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འཛིན་ཚུལ་གྱི་དབང་གིས་རྩོད་པར་ཟད་ཀྱི་དོན་དུ་སུའི་ལྟར་ཡང་བརྗོད་ཚུལ་ཙམ་ལ་མི་རུང་བ་མེད་མོད། འོན་ཀྱང་འགྱུར་ཉེས་པ་ནི་མ་ཡིན་ཏེ་སྤྱིར་བཏང་ཡོད་པ་ཞེས་པ་དངོས་པོ་དང་མེད་པ་ཞེས་པ་དངོས་མེད་ལ་ཡོངས་སུ་གྲགས་པ་བཞིན་བསྟན་བཅོས་མཛད་པོས་ཀྱང་དེ་བཞིན་བརྡ་སྦྱར་ལ་ཕྱོགས་འདིར་བུམ་པ་ཡོད་མེད་ཅེས་པ་ལའང་དངོས་པོ་སོགས་ཀྱི་ཁྱད་པར་སྦྱར་མི་དགོས་པར་རང་མཚན་ཡོད་མེད་ལ་གོ་བ་དང་འདྲ་སྟེ། བརྡ་དང་ཐ་སྙད་ཀྱིས་བཞག་པའི་ཡོད་པ་ཙམ་ནི་སྐབས་འདིའི་ཡོད་པའི་དོན་དུ་བཟུང་བར་བྱ་བ་མ་ཡིན་ནོ། །དེ་ལྟར་མི་གོ་ན་གཞུང་གང་འཆད་ཀྱང་དོན་གཏན་ལ་འབེབས་མི་ནུས་ཏེ། གང་ཞིག་ཡོད་ན་གང་སྐྱེ་བའམ། ཞེས་སོགས་ཀྱི་སྐབས་སུའང་བརྡ་ཐ་སྙད་ཀྱིས་ཡོད་པ་གང་ཞིག་ཡོད་ན་གང་ཞིག་སྐྱེ་བར་འགྱུར་བ་ཡིན་ནམ་ཞེས་སོགས་སུའང་གོ་བར་འགྱུར་བ་སོགས་ཧ་ཅང་ཐལ་ཞིང་། རྒྱ་སྐད་ལ་ཐུན་མོང་གི་སྐད་དོད་ཡོད་ན་བོད་སྐད་ལ་དངོས་པོར་བསྒྱུར་བས་ཅི་ཕན་ཏེ་བསྟན་བཅོས་མཛད་པ་པོས་ཁྱབ་མེད་ཀྱི་རྟགས་བཀོད་པར་ནི་དོན་གྱིས་ཁས་བླངས་སོ། །རྒྱ་སྐད་ལ་སྐད་དོད་ཐུན་མོང་བ་ཡིན་པས་དངོས་པོར་ཡོད་པ་ལ་གོ་རུང་ན་བོད་སྐད་ལའང་མི་རུང་བ་སུ་ཞིག་གིས་བཀས་བཅད་པ་ཡིན། དེས་ན་ཚིག་རྣམས་ནི་དོན་གྱིས་རྣམ་པར་བཅད་པ་ལས་དོན་གོ་བ་ཡིན་གྱི་ཚིག་གི་བརྗོད་ཚུལ་འབའ་ཞིག་གཙོ་བོ་མ་ཡིན་ཏེ། གང་དག་གི་ཚིག་དངོས་པོའི་དབང་། །ལྷུར་བརྗོད་བརྗོད་འདོད་མི་རྟེན་པ། སོགས་ཀྱིས་བཤད་པ་བཞིན་ནོ། །གཞན་དུ་ན། ལ་ལ་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལའང་དུ་བའི་རང་མཚན་ཡོད་པ་ཞེས་མ་སྦྱར་ན་བརྡ་ཐ་སྙད་ཀྱི་རྣམ་གཞག་ལ་དུ་བ་


MR20_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཙམ་ལའང་གོ་ནས་དེ་ཡོད་པས་ལ་ལ་མེ་ཡོད་པར་ཅི་ལ་འགྲུབ་སྙམ་པའི་དོགས་པ་སྐྱེ་སྲིད་དགོས་ཀྱང་དེ་འདྲའི་དོགས་པ་གཅོད་དགོས་ན་ཧ་ཅང་ཐལ་ལ། དེ་བཞིན་དུ་བྱས་པ་ལའང་སྐྱེས་བུས་བྱས་པ་དང་དབང་ཕྱུག་གིས་བྱས་པ་སོགས་བཅད་པའི་ཁྱད་པར་སྦྱར་དགོས་པ་དང་། སྣང་རུང་མ་དམིགས་ཞེས་བརྗོད་པ་ནའང་། དོན་དམ་པར་ཡོད་ན་དོན་དམ་དཔྱོད་པའི་རིགས་ཤེས་ལ་སྣང་དུ་རུང་བ་ལ་དོན་དམ་དཔྱོད་བྱེད་ཀྱིས་མ་དམིགས་པ་ལ་ཟེར་རམ་སྙམ་དུ་དོགས་པར་སྲིད་པས། དེ་འདྲའི་ཚིག་གི་ཨ་འཐས་ལ་ཞེན་ན་ཚིག་གཅིག་གིས་སྒྲོ་འདོགས་ཐམས་ཅད་ཆོད་པའི་སྨྲ་བ་ཞིག་ནམ་ཡང་མི་རྙེད་དེ། གལ་ཏེ་དངོས་པོ་རྟགས་སུ་བྱས་ན་ཡང་དངོས་མེད་ལ་ཡང་དངོས་པོ་ཞེས་པའི་མིང་འཇུག་པའི་སྐབས་ཡོད་དེ། དངོས་པོ་ཀུན་སྟོང་པ་ཉིད་ཅེས་དང་། ཤེས་བྱའི་དངོས་པོ་ཀུན་མཁྱེན་ནོ་ཞེས་པ་ལ་སོགས་པའི་སྐབས་སུ་དངོས་པོའི་སྒྲ་དེས་དངོས་དངོས་མེད་ཀྱི་ཆོས་ཀུན་བཟུང་བ་ཡིན་ལ། གཞན་ཡང་། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་དང་། དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཞེས་པ་ལ་སོགས་པ་འདི་འདྲའི་འཇུག་པ་མཐའ་དག་ཚིག་གཞན་དང་གཞན་དུ་བསྒྱུར་མི་ནུས་ཤིང་བསྒྱུར་ཀྱང་མི་དགོས་ལ། བརྗོད་འདོད་ཀྱིས་དོན་ཇི་ལྟར་བཟུང་བ་དེ་བཞིན་དུ་གོ་ཕྱེད་ཡིན་ཏེ། སྔར། ཕྱི་རོལ་དོན་ལ་མི་ལྟོས་པར། །ཚིག་གང་སྨྲ་པོས་ཇི་ལྟ་བུར། །རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན། །ཞེས་གསུངས་པའང་འདིར་མ་བརྗེད་པར་བྱའོ། །དེས་ན་དོན་གྱི་སྟེང་ན་འགལ་བ་མེད་ཕན་ཆོད་


MR20_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བརྗོད་ཚུལ་ཙམ་ལ་ཤ་ཐང་ཆད་ཆད་དུ་རྩོད་པ་ནི། བྱིས་པའི་ཤག་བཀྱེ་བ་དང་འདྲ་བས་དེ་ལྟ་བུ་ལ་ཤིན་ཏུ་གུས་པར་མི་བྱའོ། །དེ་ཡང་དངོས་པོ་མེད་པ་ལ་རྟག་པར་བཞག་པ་ནི་ཁྱབ་པའི་སྤྱི་ཡོད་པར་སྒྲོ་བཏགས་པ་ལ་སོགས་པ་བཞིན་དུ་རྟོག་པས་བསླད་ནས་དེ་ལྟར་འཛིན་པ་ཙམ་དུ་མ་བཟུང་བར་དོན་གྱི་ངོ་བོ་ལ་དཔྱད་ནས་རྟག་པ་ཉིད་དུ་ནན་གྱིས་བསྒྲུབ་ན་སྤྱི་བཀག་པ་ཇི་སྙེད་པའི་དོན་ལྷོད་པར་བྱས་ནས་དེ་དག་གི་ཕྱོགས་འཛིན་པ་དབུགས་འབྱིན་པར་བྱས་པ་ཡིན་ནོ། །འདི་ལྟར་བུམ་པ་སྐད་ཅིག་གཉིས་པའི་སྟེང་གི་ལྡོག་པ་དང་བདེན་མེད་སོགས་སྐད་ཅིག་དང་པོའི་དུས་ན་མེད། གསུམ་པའི་དུས་ན་མེད་ལ། རང་དུས་ན་ཡོད་ཀྱང་དེ་འདྲ་ནི་རེས་འགའ་བའི་རྟག་པའོ་ཞེས་འདོད་ན་ཡང་། དེ་འདྲའི་སྔར་མེད་ཕྱིས་མེད་སྐད་ཅིག་གཅིག་གི་ཡུན་དུ་ཡོད་པ་དེ་མི་རྟག་པར་མ་གྱུར་ན། རང་མཚན་གྱི་སྐད་ཅིག་མ་ཡང་དེ་ཡི་ཚུལ་ལས་ལྷག་པར་མི་རྟག་པར་འཇོག་པའི་རྒྱུ་མེད་པའི་ཕྱིར་དེ་གཉིས་འདྲ་བར་འགྱུར་ཞིང་། ཡང་སྔར་མེད་གསར་དུ་ཡོད་ཀྱང་བྱུང་བ་མ་ཡིན་ལ། སྐད་ཅིག་གཉིས་པ་ཕན་ཆད་དུ་མི་སྡོད་ཀྱང་འགག་པ་མིན་ན་ནི། ཅི་ག་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་འགྱུར་བས་ན། ལེགས་པར་དཔྱད་ན་ལྡོག་ལྡན་མེད་པར་དེའི་ལྡོག་པའང་བཞག་མི་ཤེས་པས་དེའི་རང་དུས་ལས་སྔ་ཕྱིར་བཞག་མི་ཤེས་ཀྱང་དེ་མི་རྟག་པར་མི་འགྱུར་བའི་རྒྱུ་མཚན་ནི་ལྡོག་ལྡན་དེ་གཞན་ལས་ལོག་པའི་ཆ་ནས་དེའི་ལྡོག་པ་ཞེས་ཐ་སྙད་དུ་སྒྲོ་བཏགས་པའི་རྣམ་པར་ཟད་ཀྱི་ལྡོག་པ་རང་གི་ཆ་ནས་དཔྱད་ན་དགག་བྱ་གཞན་དེ་ལ་མེད་པའི་ཆ་ཙམ་ལས་དེ་སྐྱེ་བ་སོགས་ཆོས་གཞན་གང་ཡང་མེད་པའི་ཕྱིར་


MR20_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མི་རྟག་པར་བཞག་རྒྱུའི་ངོ་བོ་གང་ཡང་མེད་པ་ལ་གནད་མཐར་ཐུག་པ་ཡིན་ལ། དེ་ལྟ་ན་དེ་ལ་རྟག་པར་བཞག་རྒྱུའི་ངོ་བོ་ཡང་མེད་དེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །ཞེས་གསུངས་པ་བཞིན་ནོ། །དོན་ལ་མེད་ཀྱང་འགག་རྒྱུ་མེད་པའི་ཕྱིར། རྟག་པའི་ཐ་སྙད་གདགས་ན་ཅི་འགལ་སྙམ་ན། སྐྱེ་རྒྱུ་མེད་པའི་ཕྱིར་རྟག་མི་རྟག་ཏུ་སྒྲོ་མ་བཏགས་ན་ལེགས་ཀྱི་འགག་རྒྱུ་མེད་པ་ཙམ་གྱི་ཆ་ནས་དེའི་ངོ་བོ་རྟག་པར་རློམ་ན། དོན་ལ་མེད་ཀྱང་སྐད་ཅིག་ཙམ་དུ་རྟོག་ངོར་སྣང་རྒྱུ་ཡོད་པའི་ཕྱིར་མི་རྟག་པའི་ཐ་སྙད་གདགས་ཀྱང་མི་འགལ་བར་འགྱུར་རོ། །རྟོག་ངོར་སྣང་བ་སྒྲོ་བཏགས་པ་ཙམ་དུ་ཟད་དོ་སྙམ་ན། རྟག་པར་ཡང་སྒྲོ་བཏགས་པར་ཟད་དོ། །དེས་ན་ཡོད་ལ་མི་རྟག་པས་ཁྱབ་པར་གསུངས་པ་ལ་དོན་གྱི་འགལ་བ་ནི་གང་ཡང་མེད་དོ། །དེ་ཡང་ཟླ་གཉིས་སུ་སྣང་བ་ཡོད་ཀྱི་ཟླ་གཉིས་གྲུབ་པ་མེད་པའི་གནད་ཀྱིས་ཟླ་བ་གཉིས་སུ་སྣང་བ་དེ་ཟླ་བ་མ་དམིགས་པའི་སྔ་ཕྱིར་མེད་ཀྱང་དེས་ཟླ་བ་གཉིས་པ་ནི་རྟག་མི་རྟག་གང་དུ་ཡང་མི་འགྱུར་ཏེ། མེད་པ་གསལ་སྣང་ཙམ་ཡིན་གྱི་ཟླ་བ་གཉིས་གྲུབ་པ་མེད་པས་སོ། །དེ་བཞིན་དུ་དངོས་པོ་ལས་ཐ་དད་པའི་ལྡོག་པའང་རྟོག་པའི་ཤེས་ངོར་ཚིག་གི་ཤན་གྱིས་གཉིས་སུ་སྣང་བར་ཟད་ཀྱི་དོན་གྱི་སྟེང་ན་ཐ་དད་པ་རྟག་པའི་ཚུལ་ཅན་དུ་ཡང་མེད་དོ། །འོ་ན་དོན་གྱི་གཞན་སེལ་ཀྱང་ཟླ་གཉིས་བཞིན་དུ་མ་གྲུབ་པར་འགྱུར་རོ་ཞེ་ན། དོན་གྱི་གཞན་སེལ་ཀྱང་དོན་གྱི་སྟེང་ན་ཐ་དད་དུ་ཡོད་པ་ནི་ཟླ་གཉིས་བཞིན་དུ་མེད་ཀྱང་། དོན་གྱི་ངོ་བོ་ཡོངས་གཅོད་དུ་གྲུབ་པའི་ཤུགས་ལ་རྣམ་བཅད་མེད་པ་ནི་མ་ཡིན་ཏེ། སྣང་བ་


MR20_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ན་མུན་པ་མེད་ཀྱང་། སྣང་བའི་སྟེང་ན་སྣང་བ་ལས་ཐ་དད་པའི་མུན་པ་མེད་པ་ཞེས་པ་གཞན་མེད་པ་བཞིན་ནོ། །དེས་ན་མུན་པ་མེད་ཅེས་པ་དང་སྣང་བ་ཡོད་ཅེས་པ་དོན་དུ་འགལ་བ་མེད་ལ་གཅིག་ཡོད་པ་ན་དེའི་ཤུགས་ལ་གཅིག་མི་འགྲུབ་མི་སྲིད་པ་བཞིན་ནོ། །ད་ནི་གཉིས་པ་ཡོད་པ་བཀོད་ཀྱང་མི་རྟག་སྒྲུབ་པའི་རྟགས་ཡང་དག་ཏུ་འགྲོ་ཚུལ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། ཡོད་པའི་ཕྱིར། ཞེས་བཀོད་པ་ན། ཆོས་ཅན་སྒྲ་དེ་ཡི་ཁྱད་པར་དུ་བྱས་པའི་ཡོད་པ་ཞེས་གཟུང་བ་མེད་དེ། རྟགས་ནི་ཆོས་ཅན་དེ་ལ་མི་ལྡན་རྣམ་གཅོད་དུ་སྒྲུབ་ཀྱི་གཞན་ལྡན་རྣམ་གཅོད་དུ་བྱེད་པ་མིན་པས་ན། དེ་ལྟར་སྒྲ་ཡིས་ཁྱད་པར་དུ་བྱས་པའི་ཡོད་པ་བཀོད་མི་དགོས་པར། གཏན་ཚིགས་ཡོད་པའམ་དངོས་པོ་ཡིན་པ་ཙམ་ནི་སྒྲུབ་བྱེད་དུ་བཀོད་པ་ན། དངོས་པོའམ་ཡོད་པ་དེ་ཙམ་ཁྱབ་བྱེད་དུ་གྱུར་པས་ན་བསྒྲུབ་བྱ་མི་རྟག་པ་ཡི་རྗེས་སུ་འགྲོ་བ་ལ་ཉམས་པ་མེད་དེ་ཁྱབ་པ་འགྲུབ་ནུས་སོ། །གསུམ་པ་གཙོ་བོ་ཡོད་པ་བསྒྲུབ་བྱར་འདོད་པ་དང་ཡོད་པ་རྟགས་སུ་བཀོད་པ་མི་མཚུངས་པའི་ཚུལ་ནི། གཙོ་བོ་ཡོད་པར་རྟགས་གང་གིས་ཀྱང་བསྒྲུབ་མི་ནུས་ཏེ། གཙོ་བོའི་ངོ་བོ་མ་གྲུབ་པ་ལ་ཡོད་པ་སྟེ་དངོས་པོའི་ཆོས་སུ་གཏོགས་པ་ཇི་བཀོད་ཀྱང་དེ་ལ་གྲུབ་པ་མེད་དེ་མོ་གཤམ་གྱི་བུ་ཡོད་པའི་སྒྲུབ་བྱེད་དུ་དོན་བྱེད་ནུས་པའམ་དཀར་པོ་ཡིན་པ་སོགས་བཀོད་པ་བཞིན་ནོ། །གལ་ཏེ་ཡོད་མེད་གཉིས་ཀ་ཡི་ཆ་ལ་བརྟེན་པ་ཤེས་བྱ་སོགས་སྒྲུབ་པའི་སྒྲ་དང་། ལུས་ཅན་མིན་པ་སོགས་དགག་པའི་སྒྲས་བསྟན་པའི་རྟགས་ཇི་བཀོད་ཀྱང་དངོས་པོར་ཡོད་མེད་གཉིས་ཀར་འཇུག་པས་དེ་སྒྲུབ་ལ་


MR20_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པ་ཅན་མ་ངེས་པར་འགྱུར་ལ། མེད་པའི་ཆོས་དོན་བྱེད་ནུས་སྟོང་སོགས་བཀོད་པ་ནི་ཡོད་པར་སྒྲུབ་པ་ལ་འགལ་བའི་རྟགས་སུ་འགྱུར་བ་ཡིན་པའི་ཕྱིར་ན་དེ་ལ་ཤེས་བྱར་སྲིད་ཚད་ཀྱི་རྟགས་ཅི་བཀོད་ཀྱང་རྟགས་ལྟར་སྣང་གསུམ་ལས་འདའ་བ་མི་སྲིད་པས་གཅོ་བོ་ཡོད་པ་དེ་རྟགས་གང་གིས་ཇི་ལྟར་བསྒྲུབ་བྱར་འགྱུར་ཏེ་འགྲུབ་མི་ནུས་སོ། །བཞི་པ་ཡོད་པ་བཀོད་པ་འདི་རྟགས་ཡང་དག་ཡིན་ཚུལ་དཔེར་བརྗོད་བཅས་བསྟན་པ་ལ། དངོས་དང་རྟགས་དེ་ངེས་པ་ཉིད་སྒྲུབ་པའོ། །དང་པོ། གལ་ཏེ་ཡོད་པ་རྟགས་སུ་བྱས་ནའང་གོང་དུ་ཡོད་པ་ལ་བརྗོད་པའི་སྐྱོན་དེ་མི་མཚུངས་སམ་ཞེ་ན་མི་མཚུངས་ཏེ། འདི་ལ་ཚུལ་གསུམ་ཚང་བའི་ཕྱིར་རོ། །ཇི་ལྟར་ན། ཤེས་འདོད་ཆོས་ཅན་དེ་ཡི་རང་བཞིན་དུ་གྱུར་པའི་སྒྲུབ་པ་སྟེ་རྟགས་ཡོད་པའམ་བྱས་པ་ནི་གོ་བྱེད་ཡིན་ལ། དོན་གྱི་སྟེང་ན་རྟགས་དེ་ལ་ཁྱབ་བྱེད་དུ་ངེས་པ་ཡི་རང་བཞིན་དུ་གྱུར་པའི་ཆོས་མི་རྟག་པ་དེ་བཞིན་དུ་བློས་ཀྱང་ངེས་པ་ན་གོ་བྱ་ཡིན་ལ། ཚུལ་དེའི་ཕྱིར་ཁྱབ་བྱེད་མི་རྟག་པ་ལྟ་བུ་འདི་ལྡོག་པ་ན་ཁྱབ་བྱ་ཡོད་པ་སོགས་རྟགས་དེ་ཡང་ལྡོག་པར་བྱེད་པས་ན་དེ་སྒྲུབ་ལ་རྣམ་པ་ཀུན་དུ་མི་འཁྲུལ་ཏེ། ཆོས་ཅན་གྱི་ངོ་བོ་གྲུབ་ཙམ་ནས་བྱས་པ་སོགས་དེ་ཡི་རང་བཞིན་གྲུབ་པས་ཕྱོགས་ཆོས་གྲུབ་ལ། དོན་ལ་ཕན་ཚུན་ཁྱབ་བྱ་ཁྱབ་བྱེད་དམ་ངོ་བོ་གཅིག་གི་འབྲེལ་ལས་རྗེས་འགྲོ་གྲུབ་ལ། དེའི་ཕྱིར་བསྒྲུབ་བྱ་ལོག་ན་རྟགས་ལྡོག་པས་ཁྱབ་པའི་ཕྱིར་རོ། །དེ་འདྲའི་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པས་ན་རྗེས་འགྲོ་སྟོན་པ་ཆོས་མཐུན་སྦྱོར་གྱི་ངག་དཔེར་ན་མི་རྟག་པ་ཉིད་ཀྱིས་བྱས་པའོ་ལྟ་བུའམ། བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། །


MR20_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་དང་། ཡང་ལྡོག་པ་སྟོན་པ་ཆོས་མི་མཐུན་སྦྱོར་གྱི་ངག །གང་མ་བྱས་པས་ན་མི་འཇིག་གོ་ཞེས་དང་། ཡང་ན་གང་མི་འཇིག་པ་ཡིན་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་པའོ་ཞེས་བཀོད་པ་བཞིན་ནོ། །དེ་ཡང་ངག་དེ་གཉིས་ལ་དོན་གྱི་གོ་བ་སྐྱེད་ཕན་ཆོད་སྔ་ཕྱིའི་གོ་རིམ་དང་བརྗོད་ཚུལ་ལ་ཁྱད་མེད་ཅིང་གཉིས་ཀ་བརྗོད་དགོས་པའི་ངེས་པའང་མེད་དེ་སྔར། དོན་གྱིས་གོ་བས་ཅིག་ཤོས་ལ། ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་རྟགས་དེ་མ་ངེས་པ་སྤངས་ཏེ་ངེས་པར་བསྒྲུབ་པ་ནི། གཞན་དག་ན་རེ། བྱས་པ་ཙམ་གྱིས་འཇིག་པར་མ་ངེས་ཏེ་འཇིག་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ཏེ། འདི་ལྟར་བུམ་པ་བྱས་པ་ཙམ་ནས་འཇིག་པ་མ་ཡིན་ཀྱང་ནམ་ཞིག་ཐོ་བ་སོགས་དང་ཕྲད་པའི་ཚེ་འཇིག་པ་ཡིན་ནོ་ཞེ་ན། འཇིག་རྒྱུ་ལ་མི་ལྟོས་པར་བསྒྲུབ་པ་ནི། བུམ་པ་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་དེ་ལས་གཞན་པའི་འཇིག་རྒྱུ་ལ་ལྟོས་པ་མེད་པའི་ཕྱིར་ན་བུམ་པའི་འཇིག་པ་ནི་དངོས་པོ་དེ་གྲུབ་ཙམ་ནས་རང་གི་ངོ་བོས་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ་མེའི་ཚ་བ་བཞིན་ནོ། །གལ་ཏེ་དངོས་པོ་དེ་འཇིག་པ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་གྱི་རང་གི་ངོ་བོས་མི་འཇིག་པ་ཡིན་ན་དངོས་པོ་རྣམས་ནི་ངེས་པར་འགྱུར་བ་ནི་མེད་པའམ་འགྱུར་བའི་ངེས་པ་མེད་པར་མཐོང་སྟེ། རེས་འགའ་མི་འགྱུར་བར་དེ་བཞིན་དུ་གནས་པའང་སྲིད་པར་འགྱུར་རོ། །དེ་མི་སྲིད་དེ་དེ་ལ་འཇིག་རྒྱུ་མང་པོ་ཡོད་པས་ནམ་ཞིག་ན་དེ་དང་མི་འཕྲད་པ་མི་སྲིད་དོ་ཞེ་ན་ཡང་། མི་ཕྲད་པའང་སྲིད་དེ་ཕྲད་པའི་ངེས་པ་བསྒྲུབ་མི་ནུས་པས་ན་དངོས་པོ་འགའ་ཞིག་ལ་ནི་


MR20_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་དེ་མི་སྲིད་པར་ཡང་འགྱུར་ཏེ་འཇིག་རྒྱུ་ཡོད་ཙམ་ན་ཕྲད་པའི་ངེས་པ་མེད་དེ་ཡོད་ན་བུམ་པ་གྲུབ་ཙམ་ནས་ཞིག་པར་འགྱུར་རོ། །དེས་ན་འཇིག་རྒྱུ་ཡོད་བཞིན་བསྐལ་པ་ཙམ་དུ་གནས་པའང་ཡོད་པས་ན་དེ་བཞིན་ཕྱིས་ཀྱང་མི་ཕྲད་པ་སྲིད་པ་ལ་དེ་མི་སྲིད་པར་གང་གིས་འགྲུབ། དེས་ན་ཐོ་བ་སོགས་འཇིག་རྒྱུ་ཡིན་དུ་ཆུག་ཀྱང་རྒྱུར་རུང་བ་ཙམ་གྱིས་དེ་ལ་འབྲས་བུ་གནས་པའི་ཁྱབ་པ་མེད་པའི་ཕྱིར། དེ་ཐོ་བ་ཡིན་ན་བུམ་པ་གཅོག་ངེས་པའི་ཁྱབ་པ་མེད་པ་བཞིན་ནོ། །དེས་ན་འཇིག་པ་རྒྱུ་གཞན་དང་ལྡན་པར་སྨྲ་བ་རྣམས་ཀྱི་འཇིག་པའི་རྒྱུ་ནི་རྟགས་སུ་བཀོད་པ་ཐམས་ཅད་དག་འཇིག་པ་སྒྲུབ་པ་ལ་འཁྲུལ་པ་ཉིད་དུ་བཤད་པ་ཡིན་ཏེ་ས་བོན་ཡོད་པ་ཙམ་གྱིས་མྱུ་གུ་ཡོད་པར་སྒྲུབ་པ་བཞིན་ནོ། །དེས་ན་བུམ་པ་ལ་སོགས་པའི་འཇིག་པ་དེ་ཡི་རྒྱུ་རུ་འདོད་པ་ཐོ་བ་ལ་སོགས་པ་རྣམས་ལ་དངོས་པོ་དེ་འཇིག་པའི་ནུས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན་ཡང་། འཇིག་པ་འདི་ནི་དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་གཞན་ལ་རག་མ་ལས་པར་འགྱུར་ཏེ་ཆུའི་གཤེར་བ་བཞིན་ནོ། །ཡང་གི་སྒྲས་ནི་ཞིག་པ་རྒྱུས་བྱེད་པ་ཡང་བཀག་པ་སྟེ་དངོས་པོའི་འཇིག་པ་རྒྱུས་བྱེད་པར་སྨྲ་བ་རྣམས་ཀྱི་ཞེ་འདོད་ནི་དངོས་པོ་གྲུབ་བཞིན་དུ་འཇིག་པར་མ་མཐོང་བས་མེད་པའི་དུས་ན་འགག་པར་ཤེས་ནས་བུམ་པ་མེད་པར་ཐོ་བས་བྱས་སོ་སྙམ་དུ་སེམས་པ་ཡིན་ལ། མེད་པ་རྒྱུས་བསྐྱེད་ན་དེ་ཆོས་གཞན་གྱིས་འབྲས་བུར་འགྱུར་བའི་ཕྱིར་དངོས་པོར་འགྱུར་རོ། །དེས་ན་མེད་པ་ནི་ངོ་བོ་མེད་པས་ན་ནམ་ཡང་རྒྱུས་བྱ་མི་ནུས་སོ། །དེ་ལྟར་བླུན་པོ་རྣམས་ཀྱིས་མི་སྣང་བའི་ཚེ་ན་འཇིག་པར་ཤེས་ཀྱི་དེའི་སྔོན་དུ་ངེས་མི་ནུས་ཏེ་སྔར་དུག་དངོས་སུ་མྱོང་ཡང་དུག་ཏུ་མ་ངེས་པ་


MR20_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་དུག་ལྡང་བའི་འགྱུར་བ་མཐོང་ཚེ་ད་གདོད་དུག་ཏུ་ཤེས་པ་བཞིན་ནོ། །ཐོ་བས་བུམ་པ་འཇིག་པར་མངོན་སུམ་མ་མཐོང་ངམ་ཞེ་ན། དངོས་པོ་རང་གི་ངོ་བོ་སྐད་ཅིག་མ་མ་ཡིན་པར་གྱུར་ན་ཐོ་བས་འཇིག་ཀྱང་མི་ནུས་ཏེ་ནམ་མཁའ་ཐོ་བས་བཤིགས་པ་མ་མཐོང་བ་བཞིན་ནོ། །རང་གི་ངོ་བོ་སྐད་ཅིག་མ་ཡིན་ན་ནི་འཇིག་རྒྱུ་གཞན་མི་དགོས་ལ། དེ་ཡང་སྐད་ཅིག་འདས་པ་ནི་བཤིག་ཏུ་མེད་ལ་ད་ལྟ་བ་ནི་གྲུབ་ཟིན་ཞིང་དེའི་སྐད་ཅིག་གཉིས་པར་མི་སྡོད་ལ། མ་འོངས་པ་མ་སྐྱེས་པས་འཇིག་པར་བྱར་མེད་དོ། །གཞན་ཡང་དངོས་པོ་ཡིན་བཞིན་པ་ནི་འཇིག་མི་ནུས་ལ་དངོས་མེད་འཇིག་པར་བྱར་མེད་དོ། །དེ་དག་འདི་སྙམ་དུ་སྐད་ཅིག་མར་མི་འདོད་པས་ན་བུམ་པ་འདས་པར་མི་འདོད་དེ་སྔོན་གྱི་བུམ་པ་དེ་ཉིད་ད་ལྟའི་བར་དུ་གནས་པ་དེ་ཐོ་བས་འཇིག་གོ་སྙམ་ན། སྔོན་སྐྱེས་མ་ཐག་པའི་བུམ་པ་དང་། ད་ལྟ་འགག་ཁ་མའི་བུམ་པ་གཅིག་ཡིན་ན་སྐྱེས་མ་ཐག་ཏུ་ཐོ་བ་དང་ཕྲད་དམ་མ་ཕྲད། ཕྲད་ན་སྐྱེས་མ་ཐག་ཏུ་ཞིག་པར་ཐལ་ལ། མ་ཕྲད་ན་ད་ལྟ་ཡང་ཇི་ལྟར་ཕྲད། ཕྲད་མ་ཕྲད་ཀྱི་ཁྱད་ཙམ་ཡོད་དོ་སྙམ་ན། འཇིག་རྒྱུ་དང་ཕྲད་པའི་བུམ་པ་དང་མ་ཕྲད་པའི་བུམ་པ་སོ་སོར་མེད་ན་འཇིག་རྒྱུ་དང་ཕྲད་ན་ཡང་མ་ཕྲད་པའི་སྐབས་བཞིན་འཇིག་མི་འཇིག་གི་ཁྱད་པར་སོ་སོར་ཡོད་པར་མི་འགྱུར་རོ། །དེ་བཞིན་འཇིག་བཞིན་པ་དང་གནས་བཞིན་པའི་བུམ་པ་གཞན་ཡང་ཁྱད་མེད་པར་འགྱུར་རོ། །དེས་ན་བུམ་པའི་རྡུལ་རྫས་རྣམས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས་ཐོ་བས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གྱོ་མོའི་རྣམ་པར་སོང་བ་ན་བུམ་པའི་རྣམ་པར་མི་སྣང་བའི་ཕྱིར་བུམ་པ་བཤིག་གོ་ཞེས་ཐ་སྙད་བརྗོད་པ་སྟེ་རིགས་འདྲ་ཕྱི་མ་མ་སྐྱེས་པ་ཙམ་ལ་དེ་ལྟར་


MR20_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་ཟད་དོ། །བུམ་པའི་རྒྱུན་གྱི་སྐད་ཅིག་རྣམས་ནི་གྲུབ་ཟིན་པའི་ཕྱིར་དེས་མ་བཤིགས་ལ། མ་འོངས་པ་བཤིག་མི་ནུས་ཀྱང་རིགས་འདྲ་བར་མ་ཆད་དུ་སྐྱེ་བའི་གེགས་བྱས་པ་ཙམ་ལ་དེ་ཡན་ཆད་དུ་བུམ་པ་གནས་སོ་ཞེས་རྟོག་པར་བྱེད་པ་ཙམ་ཡིན་ནོ། །དེ་ལྟར་དངོས་པོ་གྲུབ་ཙམ་ནས་འཇིག་པར་གྱུར་པས་ན། འདི་ལྟར་མཐོང་བའི་གློག་དང་མར་མེ་བུམ་པ་སོགས་དངོས་པོ་གང་ལ་དེ་ཞིག་པར་མངོན་སུམ་མཐོང་བའི་ཚེ་དེ་འདི་ལྟར་ཞིག་པ་ནི་སྲིད་པ་ཡིན་ལ་དེ་ལྟ་ན་དེའི་འཇིག་པ་རྒྱུས་བྱེད་མི་ཤེས་པར་རིགས་པས་གྲུབ་པ་ན་འཇིག་པ་ནི་དེ་རང་གི་ངོ་བོས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་རྒྱུ་མཚན་དེ་ལས་གཞན་དངོས་སུ་འཇིག་པར་མ་མཐོང་བ་རི་དང་ལུས་ཅན་ཐམས་ཅད་ལའང་དངོས་པོ་ཡིན་ཕན་ཆད་འཇིག་པ་དེ་དེའི་ངོ་བོ་ཉིད་ཀྱིས་དེ་ལྟར་གྲུབ་པར་འགྱུར་བ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་སྒྲུབ་རྟགས་གཉིས་ཀྱི་དོན་བསྡུ་བ་ནི། གོང་དུ་ཇི་སྐད་བཤད་པ་དེས་ན་སྒྲུབ་པའམ་དངོས་པོའི་ཡུལ་ཅན་གྱི་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ཏེ། གང་ཞེ་ན་འབྲས་བུ་དང་ཁྱབ་བྱའི་ངོ་བོ་རྟགས་སུ་བཀོད་པ་དེ་དག་ལས་བསྒྲུབ་བྱ་འགྲུབ་པ་ལ་མི་བསླུ་བ་ཡིན་ལ། དེའི་རྒྱུ་མཚན་རྟགས་དེ་དག་རང་རང་གི་བསྒྲུབ་བྱ་རྒྱུ་དང་ཁྱབ་བྱེད་ཅིག་ཤོས་ལ་གོང་དུ་བཤད་པ་བཞིན་མེད་ན་མི་འབྱུང་གི་འབྲེལ་པ་ངེས་པའི་ཕྱིར་རོ། །གཉིས་པ་དགག་རྟགས་ལ། མ་དམིགས་གཉིས་བཤད་དེ་ལ་རྩོད་པ་སྤང་། །དང་པོ་ལ། ཡོད་ངེས་འཇུག་འགོག་མི་སྣང་མ་དམིགས་དང་། །མེད་ངེས་འགྲུབ་པ་སྣང་རུང་མ་དམིགས་གཉིས། །དང་པོ། ཆོས་དེ་ཡོད་ངེས་ཀྱི་


MR20_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་འཇུག་པ་ནི་ཆོས་དེ་དམིགས་པའི་བློ་སྔོན་དུ་འགྲོ་བ་ཅན་ཡིན་པ་ཉིད་ཀྱི་ཕྱིར་ན། བསྐལ་དོན་དུ་གྱུར་པ་དེ་ཡི་ངོ་བོ་ལ་བསྐལ་དོན་དུ་སོང་བའི་གང་ཟག་གིས་མངོན་རྗེས་ཀྱི་ཚད་མས་གང་དུ་མི་དམིགས་ན་ཆོས་དེ་ཡོད་དོ་ཞེས་པའི་ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་འཇུག་པར་མི་བྱེད་པ་སྟེ་རང་ངོར་མེད་པ་དང་འདྲ་བར་གྱུར་པས་ན་མདུན་འདིར་མེད་ངེས་ཀྱི་བུམ་པ་དང་ཡོད་ངེས་མེད་ངེས་སུ་མ་གྲུབ་ཀྱང་མ་དམིགས་པའི་ཤ་ཟ་གཉིས་ཡོད་དོ་ཞེས་བྱ་བའི་ཐ་སྙད་མི་འཇུག་པར་མགོ་མཉམ་པར་གྱུར་པས་དེ་གཉིས་ལ་འཇུག་པར་མི་བྱེད་པ་ཅེས་བྱ་བ་དེ་བས་ན་མི་སྣང་བ་མི་དམིགས་པ་ནི་དགག་རྟགས་ཀྱི་སྐབས་འདིར་ཚད་མར་བགྲངས་ཏེ་རྣམ་གྲངས་ཙམ་དུ་བཤད་པ་ཡིན་གྱི་ཡུལ་དེ་ཡོད་མེད་དུ་ངེས་པར་སྒྲུབ་པའི་དགག་རྟགས་ཡང་དག་ཏུ་སོང་བའི་ཚད་མ་ནི་མ་ཡིན་ནོ། །ཡུལ་དགག་པའི་ཚད་མ་མིན་ཀྱང་ཚད་མར་ཅིས་བཤད་སྙམ་ན་འདི་མ་བཤད་ན་མི་དམིགས་པ་ཙམ་གྱིས་དགག་ནུས་མི་ནུས་ཀྱི་ཁྱད་པར་མི་འབྱེད་པའི་ཕྱིར་དགག་རྟགས་ཀྱི་རྣམ་གྲངས་ཙམ་གྱི་ཚད་མར་བཤད་པ་ཡིན་ནོ། །འོ་ན་རྟགས་ལྟར་སྣང་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་མདུན་གྱི་གཞི་འདིར་ཤ་ཟ་ལྟ་བུ་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པ་ཙམ་ལ་རྟགས་ཡང་དག་ཡིན་ནོ། །དེས་ན་ཡོད་ངེས་ཀྱི་ཐ་སྙད་ཁེགས་པ་ཞེས་བྱ་བ་ཡང་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ཁེགས་པ་ཞེས་བྱ་བ་ཡིན་ནོ། །སུ་ལ་ཁེགས་ན་བསྐལ་དོན་དུ་སོང་བ་དེའི་རྒྱུད་ལའོ། །འོ་ན་མེད་ངེས་ཀྱི་ཐ་སྙད་འཇུག་པའང་མི་འགོག་གམ་ཞེ་ན། མེད་ངེས་ཀྱི་ཐ་སྙད་འཇུག་པའང་མེད་མོད་ཀྱི་དེ་ནི་མ་དམིགས་པ་དེའི་འབྲས་བུ་མ་ཡིན་པས་སྨྲོས་དོན་མེད་དོ། །དོན་ལ་འདི་ཡོད་ངེས་ཀྱི་ཐ་སྙད་འཇུག་པའི་རྒྱུ་


MR20_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམིགས་པས་འབྲས་བུ་ཁེགས་པར་འགྲོ་བ་ཡིན་ནོ། །འདིས་ཡུལ་དེ་མ་དམིགས་ཀྱང་མི་ཁེགས་པ་ཅི་ཡིན་སྙམ་ན། འདི་ལྟར་གཞལ་བྱ་ཤིན་ཏུ་ལྐོག་གྱུར་དང་མངོན་སུམ་དང་ལྐོག་ཏུ་གྱུར་པ་རྣམས་འཇལ་བྱེད་ལུང་དང་མངོན་སུམ་དང་རྗེས་དཔག་རྣམས་ཡིན་པ་ལ་དེ་གསུམ་གང་གིས་ཀྱང་ཡོད་མེད་དུ་གཞལ་མ་ནུས་ན་རེ་ཞིག་གཞལ་མ་ནུས་པའམ་དེས་གཞལ་བྱར་མ་གྱུར་པ་དེ་ནི་ཡོད་མེད་གང་རུང་དུ་མཐའ་གཅིག་ཏུ་སྒྲུབ་ནུས་པ་མིན་ནོ། །དེས་ན་མདུན་འདིར་ཤ་ཟ་མེད་ངེས་སུ་སྒྲུབ་པ་ལ་འཇལ་བྱེད་ཀྱི་ལུང་དཔྱད་གསུམ་གྱིས་དག་པའི་བསྟན་བཅོས་ཀྱི་སྐབས་དང་འབྲེལ་བ་མེད་ནས་ལུང་གིས་སྒྲུབ་མི་ནུས་པ་དང་བསྐལ་པའི་དོན་དེ་རྣམས་བསྐལ་དོན་དུ་སོང་བ་དེའི་དབང་པོ་ཡི་ཡུལ་ལས་འདས་པ་ཡིན་པས་མངོན་སུམ་གྱིས་གཞལ་མི་ནུས་ལ། བསྐལ་དོན་དེ་མེད་པའི་རྟགས་ཡང་དག་ཏུ་གྱུར་པའང་གང་ཟག་དེའི་ངོར་གནས་སྐབས་དེར་མེད་པ་ཅན་དུ་གྱུར་པ་ཤ་ཟ་ལ་སོགས་པ་དེ་རྣམས་ནི། བསྐལ་དོན་དུ་སོང་བ་ཅན་དེས་ཡོད་པར་མ་དམིགས་ཀྱང་དེས་མི་དམིགས་པ་ཙམ་གྱི་ཕྱིར་ན་ཇི་ལྟར་མེད་ངེས་སུ་སྒྲུབ་ནུས་ཏེ་མི་ནུས་སོ། །དེ་བཞིན་དུ་ཡོད་སྒྲུབ་ལའང་ལུང་དང་མངོན་སུམ་དང་འབྲས་རྟགས་མེད་ཚུལ་སྦྱར་རོ། །དེའི་ཕྱིར་མི་དམིགས་པའི་རྟགས་དེ་ཡུལ་དེ་ཡོད་ངེས་དང་མེད་པར་ངེས་པའི་འབྲས་བུ་ཅན་མིན་པའི་ཕྱིར་ན། བསྐལ་དོན་དེ་ཡོད་ངེས་དང་མེད་ངེས་སུ་རྟོགས་པའི་ཚད་མ་ཉིད་དུ་ནི་མི་འགྱུར་རོ། །དེས་ན་མངོན་སུམ་རྗེས་དཔག་ལུང་དང་གསུམ་ལོག་པ་དེ་ལ་བསྐལ་དོན་ཞེས་བྱའི། གལ་ཏེ་ཡོད་མེད་དུ་སྒྲུབ་པའི་ལུང་ཡང་དག་དང་རྟགས་ཡོད་ན་རྣམ་པ་ཀུན་ཏུ་བསྐལ་བར་ཡང་མི་འགྱུར་བ་


MR20_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་འདིར་དེ་གསུམ་མེད་པའི་དབང་དུ་བྱས་པའོ། །དེ་ཡང་མ་དམིགས་པ་ཙམ་གྱིས་མེད་ངེས་ཀྱི་ཐ་སྙད་སྦྱོར་བ་པོ་ནི་འཇིག་རྟེན་ཕ་རོལ་དང་སྦྱིན་པའི་འབྲས་བུ་མ་དམིགས་པ་ཙམ་གྱིས་མེད་དོ་ཞེས་སྨྲ་བ་རྒྱང་འཕེན་པ་ལ་སོགས་པ་ཡིན་ནོ། །གཉིས་པ་ལ། མ་དམིགས་པ་དང་འགལ་ཟླ་དམིགས་པ་གཉིས། །དང་པོ། མ་དམིགས་པ་ལ་ཡུལ་དེ་དགག་ནུས་པའི་ཚད་མར་འགྲོ་བ་ཡོད་དམ་ཞེ་ན་ཡོད་དེ། མ་དམིགས་པའི་རྟགས་དེ་ལ་ཡུལ་དེ་ཁེགས་ནུས་ཀྱི་ཁྱད་པར་རམ་ཕུལ་དུ་བྱུང་བ་ཡོད་པ་ཅན་ལ་ལ་ནི་ཡུལ་དེ་དགག་པའི་ཚད་མ་དག་ཏུ་འགྱུར་ཏེ། མ་དམིགས་པར་འདྲ་ཡང་སྣང་རུང་མ་དམིགས་པས་ནི་ཁེགས་ལ་དེ་བཞིན་དུ་འགལ་ཟླ་དམིགས་ཀྱང་ཅིག་ཤོས་ཁེགས་སོ། །འོ་ན་གོང་དུ་མ་དམིགས་ཀྱང་མེད་པར་ཁེགས་ནུས་ཀྱི་ཚད་མ་མིན་པར་མ་བཤད་དམ་ཞེ་ན། རང་བཞིན་ཏེ་ངོ་བོ་དང་དེའི་ཤེས་བྱེད་དེ་རྟགས་སྣང་རུང་མིན་པས་མི་ཤེས་པའམ་མི་སྣང་བ་ལ། དེ་མ་དམིགས་པ་ཙམ་གྱིས་མེད་པར་མི་འགྲུབ་བའི་རིགས་པ་འདི་ནི་བརྗོད་པ་ཡིན་གྱི་སྣང་རུང་མ་དམིགས་པས་དེ་མེད་པར་མི་འགྲུབ་པ་མིན་ནོ་ཞེས་དེ་གཉིས་ཀྱི་ཤན་འབྱེད་པར་མཛད་པ་ཡིན་ནོ། །དེས་ན་སྣང་རུང་གི་རྒྱུ་ཚད་མས་མི་དམིགས་པའམ་མི་ཤེས་ན་དེའི་འབྲས་བུ་ནི་མེད་པ་ཉིད་དུ་རྟགས་དེས་སྒྲུབ་པར་བྱེད་ནུས་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་རིགས་པས་སོ། །ཁྱབ་པར་བྱེད་པ་ཤིང་ལྟ་བུའི་དོན་གྱི་རང་བཞིན་དུ་གྱུར་པའི་ཁྱབ་བྱ་ཤུག་པ་ལྟ་བུ་རྟགས་ཅན་ལ། ཁྱབ་བྱེད་དེའི་རང་བཞིན་མི་དམིགས་པ་ཡང་དགག་རྟགས་སུ་འགྲོ་བ་ཡིན་ཏེ། ཁྱབ་བྱེད་ལོག་པས་ཁྱབ་བྱ་གནས་པ་མི་སྲིད་པས་སོ། །གལ་ཏེ་དེ་ལྟར་


MR20_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཟླ་མ་དམིགས་པའི་རྒྱུ་མཚན་ཅན་གྱི་གཏན་ཚིགས་འགའ་ཞིག་གིས་འབྲེལ་ཡུལ་དེ་དག་མེད་པར་མི་རྟོགས་པར་འགྱུར་རོ། །བསྐལ་བ་གསུམ་དང་བྲལ་བ་སྣང་རུང་གི་བུམ་པ་སོགས་མཐོང་བ་མེད་པར་བྱེད་པའི་རྒྱུ་སྟེ་མཐོང་བའི་གེགས་མི་སྣང་བའི་སྔགས་ལ་སོགས་པ་མི་སྲིད་པར་ནི་གྱུར་པ་ན་སྣང་རུང་གི་དངོས་པོ་བུམ་སོགས་དེ་མ་དམིགས་པའི་རྟགས་ཀྱིས་དངོས་པོ་དེ་གཞི་དེར་མེད་པ་ཉིད་དུ་ངེས་པར་རྟོགས་པར་འགྱུར་རོ། །དེ་ལ་བུམ་པ་མ་དམིགས་པ་མངོན་སུམ་ཡིན་ལ་དེ་རྟགས་ཀྱིས་བསྒྲུབ་དགོས་ན་ཧ་ཅང་ཐལ་སྙམ་ན། མ་དམིགས་པའི་དོན་བསྒྲུབ་པ་མིན་ཏེ་སྣང་རུང་མ་དམིགས་ན་མེད་ངེས་ཀྱི་ཐ་སྙད་དུ་བྱའོ་ཞེས་ཤེས་པའི་ཆེད་དུ་ཐ་སྙད་སྒྲུབ་པ་ལ་རྗེས་དཔག་ཏུ་སོང་བ་ཡིན་ཏེ་འོག་ཏུ་ཡང་འཆད་པར་འགྱུར་རོ། །སྣང་རུང་མ་དམིགས་ཀྱང་མེད་པའི་ཐ་སྙད་མི་བྱེད་པ་ཡོད་དམ་ཞེ་ན་ཡོད་དེ་སེར་སྐྱ་པ་རྣམས་ཀྱིས་རྒྱུ་འབྲས་གཉིས་ཀ་སྣང་རུང་ཡིན་ཀྱང་རྒྱུ་ལ་འབྲས་བུ་མ་དམིགས་ཀྱང་མེད་པའི་ཐ་སྙད་དུ་མི་བྱ་བར་ཡོད་པར་འདོད་པ་བཞིན་ནོ། །དེས་ན་སྣང་རུང་མ་དམིགས་པའི་རྟགས་འདི་ནི་མེད་པ་དེ་མེད་པའི་ཐ་སྙད་ཀྱི་འབྲས་བུ་ཅན་གྱི་རང་བཞིན་དུ་གྲུབ་པ་སྟོན་པས་ན་དོན་ལ་རང་བཞིན་གྱི་རྟགས་སུ་ཡང་འདུར་རུང་ངོ་། །གཉིས་པ། གཞན་ཡང་ཆོས་གང་དང་འགལ་བའི་དངོས་པོ་ཡོད་པར་གྱུར་ན་ཡང་འགལ་ཟླ་དེ་ཡོད་པ་ལ་གནོད་པ་བྱེད་པས་ལྷན་ཅིག་འགྲོགས་སུ་མི་རུང་བའི་ཕྱིར་ན་དེ་དང་འགལ་བ་དམིགས་པ་ཡི་རྟགས་ནི་འགལ་ཟླ་མེད་པ་ཉིད་དུ་ངེས་པར་འགྱུར་བའི་དགག་རྟགས་ཡིན་ནོ། །གཉིས་པ་རྩོད་སྤང་ལ། སྣང་རུང་མ་དམིགས་སྐབས་ལ་རྩོད་པ་དང་། །མི་སྣང་མ་དམིགས་སྐབས་ལ་རྩོད་པའོ། །


MR20_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། གཙོ་སོགས་ཆོས་ཅན་སྒྲ་དོན་ཙམ་དུ་བསྟན། །དེ་ལས་གཞན་དུ་རང་མཚན་ཡོད་མི་འཐད། །དེ་ལ་ལུང་འགལ་སྙམ་པའི་དོགས་པ་སྤང་། །དང་པོ། སྣང་རུང་མ་དམིགས་པ་འདིས་གཙོ་བོ་མེད་པའི་དོན་དང་ཐ་སྙད་གང་ཡང་སྒྲུབ་མི་ནུས་ཏེ་འདི་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་གཙོ་བོ་ཡོད་པ་མིན་ཏེ་མ་དམིགས་པའི་ཕྱིར་ཞེས་བཀོད་པ་དེ་ལ། སྒྲ་དོན་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་ཆོས་ཅན་གཙོ་བོ་མེད་ན་དེའི་སྒྲ་སྦྱོར་བའང་མི་འཐད་ལ། སྒྲ་མ་སྦྱར་ན་ཆོས་ཅན་མེད་ལ། དེ་མེད་ན་དགག་པ་ཡན་གར་བ་བརྗོད་དགོས་ནའང་དེ་ནི་མི་རུང་སྟེ་དགག་བྱའི་དོན་མ་བསྟན་པར་དགག་པའི་ཐ་སྙད་མི་རུང་ལ། ཆོས་ཅན་མེད་པས་རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པའང་མི་སྲིད་དོ། །གལ་ཏེ་སྒྲ་སྦྱོར་ན་ཆོས་ཅན་གཙོ་བོ་ཡོད་པར་འགྱུར་ལ་དེ་ལྟར་ན་མེད་པར་སྒྲུབ་པ་འགལ་ཞིང་མ་དམིགས་པའི་རྟགས་ཀྱང་ལྡོག་པས་ན་རྟགས་དེས་དེ་ལྟར་ཁེགས་པ་མི་འཐད་དོ་ཞེ་ན། དེ་ནི་སྣང་བརྟག་མ་ཕྱེད་པའི་རྩོད་པ་སྟེ། སྒྲ་དོན་ཡོད་པས་ཆོས་ཅན་མེད་པ་སོགས་སྐྱོན་གསུམ་མེད་ཅིང་། རང་མཚན་མེད་པས་དམ་བཅའ་འགལ་བ་སོགས་གཉིས་སེལ་བ་ཡིན་ཏེ་གཙོ་བོ་ཞེས་པ་སྒྲ་དོན་ཙམ་ལས་རང་མཚན་གང་ཡང་མེད་དེ། འདི་ལྟར་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་ཤིང་སྒྲོ་བཏགས་པ་བུམ་པ་དང་སྐྱེ་བ་དང་གཅིག་པུ་ལ་སོགས་པ་ཡོད་པ་ཉིད་བརྗོད་པའི་སྒྲ་དོན་དང་། བུམ་མེད་དང་རི་བོང་རྭ་མེད་དང་སྐྱེ་མེད་དང་གཅིག་མ་ཡིན་པ་སོགས་མེད་པ་འཇལ་བའི་སྒྲ་དོན་དང་གཉིས་ཀ་ལ་བརྟེན་པ་ཤེས་བྱ་དང་གཞལ་བྱ་ལ་སོགས་པའི་སྒྲ་དོན་གྱི་ཆོས་ནི་


MR20_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་སྟེ་དེ་གསུམ་བརྗོད་བྱར་བྱེད་པའི་སྒྲ་དེས་དེ་མིན་གཞན་བཅད་ནས་སྒྲའི་དོན་ཙམ་བློ་ཡུལ་དུ་འཕེན་པ་ཡིན་ནོ། །དེས་ན་སྒྲ་དོན་ཙམ་གྱི་གཙོ་བོ་དེ་ཕྱི་རོལ་གྱི་དངོས་པོ་རང་མཚན་གྱི་གཙོ་བོའི་ཉེར་ལེན་ནམ་རྒྱུ་མཚན་མེད་པ་ཅན་གྱི་སྒྲ་དོན་རྐྱང་པ་ཙམ་དུ་སྒྲུབ་པར་བྱེད་པ་ལ་གཙོ་བོའི་རང་མཚན་དེ་མ་དམིགས་པ་ནི། དེ་ལྟར་དངོས་མེད་དུ་སྒྲུབ་པ་ལ་གཏན་ཚིགས་ཡང་དག་ཡིན་ནོ། །གཙོ་བོའི་སྒྲ་དོན་ནམ་རྟོག་སྣང་དེ་ཉིད་ནི་མེད་པ་མ་ཡིན་ཏེ་དེ་ལ་གཙོ་བོ་ཞེས་སྒྲ་སྦྱོ༷ར་ཞིང་ཆོས་ཅན་དུ་བཞག་པ་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲ་དོན་གྱི་སྣང་བ་དེ་ཉིད་རང་མཚན་མིན་ལ། དེ་རང་མཚན་ལ་བརྟེན་ནས་འབྱུང་བས་ཁྱབ་པ་ཡང་མེད་དེ་རང་མཚན་མེད་ཀྱང་སྒྲ་རྟོག་གིས་འཛིན་པ་ཙམ་སྲིད་པས་སོ། །དེ་ལྟ་མ་ཡིན་པར་སྒྲ་ཐམས་ཅད་དོན་དམ་རང་མཚན་ལ་གཅིག་ཏུ་འཇུག་པ་ཉིད་དེ་རང་མཚན་མེད་པར་སྒྲ་མི་འཇུག་ལ། སྒྲ་ཞུགས་ན་དེའི་བརྗོད་བྱ་རང་མཚན་ཡིན་པས་ཁྱབ་པ་ཅན་དུ་འདོད་ན། ཞེ་འདོད་དང་གྲུབ་མཐའ་སོ་སོས་མཐོང་བའི་བྱེ་བྲག་ཐ་དད་པའི་དབང་གིས་དོན་སྒྲ་ལ་སོགས་པ་རྣམས་ལ་ནི་རྟག་མི་རྟག་ཡིན་པ་མིན་པ་སོགས་མི་འདྲ་བར་བརྗོད་པའི་སྒྲ་རྣམས་ནི་རྒྱུ་མེད་པ་ཅན་གྱི་ཕྱིར་དེ་ལྟར་འཇུག་པར་མི་འགྱུར་ཏེ། དཔེར་ན་ཤིང་གཅིག་ལའང་རང་གིས་མཐོང་བའི་བྱེ་བྲག་ལས་ལ་ལས་ཤིང་རྟག་གོ་ཞེས་བརྗོད་པ་དང་ལ་ལས་མི་རྟག་ཅེས་དང་དེ་བཞིན་དུ་སེམས་ཡོད་མེད་སོགས་བརྗོད་པ་ནི་ཡོད་ཀྱང་། དེ་ཐམས་ཅད་ཤིང་གི་རང་མཚན་དེ་ལྟ་བུ་ལ་བརྟེན་པ་ཅན་མ་ཡིན་ཏེ་རང་མཚན་ནི་གང་ཡང་རུང་བ་ལས་གཉིས་ཀ་ཡིན་པ་མི་སྲིད་པས་ན་དོན་མི་མཐུན་གྱི་བརྗོད་པ་དེ་དག་ལ་རྒྱུ་མེད་པའི་ཕྱིར་དེ་ལྟར་བརྗོད་ཀྱང་མི་སྲིད་པར་


MR20_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །སྐྱོན་དེ་དང་དེ་བཞིན་དུ་འདས་པ་དང་མ་སྐྱེས་པ་ཡི་དོན་གྱི་ཡུལ་ལ་ཡང་སྒྲ་འཇུག་པར་མི་འགྱུར་ཏེ་དེ་དག་ད་ལྟ་མེད་པའི་ཕྱིར་རོ། །གཞན་ཚིག་ཡིན་ནོ་ཅོག་ལས་འགའ་ཞིག་ཀྱང་བརྫུན་པ་ཡི་དོན་ཅན་ཉིད་དུ་མི་འགྱུར་ཏེ་ཇི་བརྗོད་ཀྱང་བརྗོད་བྱ་རང་མཚན་དེ་ལྟར་ཡོད་པས་ན་བརྗོད་པ་བརྫུན་པ་གཅིག་ཀྱང་སྲིད་པར་མི་འགྱུར་རོ། །དེའི་ཕྱིར་ན་ཚིག་དེ་དག་ནི་རྣམ་པར་རྟོག་པའི་བློ་ཡི་དོན་ཏེ་སྣང་བ་ཙམ་གྱི་ཡུལ་ཅན་དུ་འདོད་ཀྱི་རང་མཚན་གྱི་དངོས་ཡུལ་ཅན་མིན་ནོ། །དེའི་ཕྱིར་ན་སྒྲ་དོན་མེད་ཅེས་བསྙོན་པར་བྱས་ན་བསྒྲུབ་པར་བྱ་བའི་ཆོས་ཀྱི་རྟེན་གཙོ་བོ་ལ་སོགས་པའི་སྒྲ་དོན་ཙམ་གྱི་ཆོས་ཅན་དེ་ཡང་ནི་སྤངས་པའམ་བསལ་བའི་ཕྱིར། བསྒྲུབ་བྱ་དང་ཆོས་ཅན་གྱི་ཚོགས་པ་ནི་བསྒྲུབ་བྱར་མི་འགྱུར་ལ་ཆོས་ཅན་གང་གིས་ཁྱད་པར་དུ་མ་བྱས་པའི་བསྒྲུབ་བྱ་ཡན་གར་བའི་ཆོས་མེད་པ་ཞེས་པ་ལ་སོགས་པ་ཙམ་ཞིག་ནི་སྔར་ནས་གྲུབ་པ་ཡིན་པས་དེ་ཙམ་ལ་ཤེས་འདོད་མེད་དོ། །སྒྲ་དོན་ཙམ་མེད་ཅེས་བསྙོན་པ་མེད་པ་རྣམས་ཀྱིས་ནི་སྒྲ་དོན་ལྟར་དོན་ལ་ཡོད་པ་དང་མེད་པའི་ཕྱོགས་སོ་སོར་འཛིན་པ་ཉིད་ཀྱི་བྱེ་བྲག་གིས། འཇུག་བྱའི་འབྲས་བུ་དང་ལྡན་པ་དངོས་པོ་ཉིད་ནི་དཔྱད་པར་བྱ་བ་ཡིན་པ་སྟེ། དངོས་པོའི་རང་མཚན་འདི་ལ་འབྲས་བུ་འབྱུང་བ་རག་ལས་པའི་ཕྱིར་ཏེ་དགོས་པའི་འབྲས་བུ་དེ་འདི་ལ་རག་ལས་པ་ཁོ་ན་ཡིན་གྱི་སྒྲ་དོན་ཙམ་གྱིས་ནི་འབྲས་བུ་དེ་མི་བྱེད་པའི་ཕྱིར་ཏེ། མེ་ཞེས་པའི་སྒྲ་དོན་ཙམ་བློ་ཡུལ་དུ་གྲུབ་ཀྱང་དེས་གྲང་རེག་བཟློག་མི་ནུས་པ་བཞིན་ནོ། །དེས་ན་དོན་བྱེད་ནུས་པ་མ་ཡིན་པ་སྒྲ་དོན་ཙམ་ལ་འབྲས་བུ་དོན་དུ་གཉེར་བ་དག་གིས་དེ་ཡི་ཚུལ་ནི་འདི་དང་འདི་ལྟ་བུ་ཞེས་


MR20_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་ཅིང་དཔྱད་ནས་དོན་དུ་གྲུབ་པར་འཛིན་པས་ཅི་ཞིག་བྱ་སྟེ། དཔེར་ན་མ་ནིང་ལ་འདི་གཟུགས་བཟང་མི་བཟང་ཞེས་འཁྲིག་པ་དོན་གཉེར་གྱི་འདོད་ལྡན་རྣམས་ཀྱིས་བརྟགས་ཤིང་དཔྱད་པས་ཅི་ཕན་ཏེ་དེས་དོན་དེ་སྒྲུབ་པར་མི་ནུས་པ་བཞིན་ནོ། །དེས་ན་གཙོ་བོ་ལ་སོགས་པའི་སྒྲ་དོན་ཙམ་གྲུབ་ཀྱང་དེས་རྣམ་འགྱུར་རྣམས་སྐྱེད་པའི་བྱ་བ་ནི་མི་བྱེད་ལ་བྱེད་པར་བརྟག་པའི་གཙོ་བོ་རང་མཚན་པ་ནི་མི་འགྲུབ་བོ། །གསུམ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས། བརྟག་པ་མ་དམིགས་པ་ནི་ཆོས་སོ་ཞེས་ཕྱི་རོལ་གྱི་གཙོ་བོ་སོགས་མ་དམིགས་པ་དེ་ཉིད་ཕྱོགས་ཤེས་འདོད་ཀྱི་ཆོས་སུ་བཤད་ལ། འདིར་ནི་སྒྲའི་དོན་དངོས་པོའི་ཉེར་ལེན་ཅན་དུ་མ་དམིགས་པ་ཆོས་སུ་བཤད་པས་དེ་གཉིས་མི་འགལ་ལམ་ཞེ་ན། མི་འགལ་ཏེ་དེ་གཉིས་དོན་གཅིག་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ཡིན་པ་ཉིད་ཀྱིས་གཙོ་བོ་ལ་སོགས་པའི་སྒྲ་ཡི་དོན་ནི་བློས་ཀུན་ཏུ་བརྟགས་པ་ཙམ་ཡིན་ལ། དེ་ཉིད་དངོས་པོའི་རྟེན་ནམ་ཉེར་ལེན་ཅན་དུ་མ་གྲུབ་པའམ་མ་དམིགས་པ་འདི་ནི་སྒྲ་དོན་ཙམ་གྱི་ཆོས་ཅན་དེའི་ཆོས་སུ་རིགས་པ་སྨྲ་བ་ཕྱོགས་ཀྱི་གླང་པོ་ཞེས་པའི་མཚན་མངའ་བས་གསུངས་པ་ཡིན་ནོ། །ཕྱི་རོལ་ན་གཙོ་བོའི་རང་མཚན་མ་དམིགས་པ་དེས་གཙོ་བོ་ཞེས་པ་འདི་སྒྲ་དོན་ཙམ་འབའ་ཞིག་ཏུ་འགྱུར་གྱི་དངོས་པོའི་རྒྱུ་ཅན་གྱི་བརྗོད་པ་མ་ཡིན་པ་རི་བོང་གི་རྭ་ཞེས་བརྗོད་པ་དང་མགོ་མཚུངས་པར་སོང་བ་ཡིན་ནོ། །དེས་ན་སྒྲ་དོན་རྣམས་ནི་སྣང་བརྟག་གཅིག་ཏུ་འདྲེས་པའི་ཚུལ་གྱིས་འཇུག་པ་ལ་དེ་མེད་པར་དགག་པ་ན་སྒྲ་དོན་ཙམ་འགོག་པ་མིན་ལ། དེས་བཟུང་བ་ལྟར་དོན་དུ་གྲུབ་པ་མེད་པར་འགྲོ་བའི་གནད་འདིས་


MR20_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལ་ཚུལ་གསུམ་ཚང་པའི་སྒོ་ནས་དོན་དེ་འགོག་ནུས་པ་ཡིན་ནོ། །གཉིས་པ་མི་སྣང་བ་མ་དམིགས་པའི་སྐབས་ལ་རྩོད་པ་ལ། ཚད་མ་མེད་པའི་ལུང་ཙམ་སྒྲུབ་བྱེད་མིན། །དེ་ཁས་ལེན་པ་བླུན་པོའི་རྟགས་སུ་བསྟན། །དང་པོ་ལ། ལུང་ཙམ་ལོག་ཀྱང་བསྐལ་དོན་མི་ཁེགས་ཚུལ། །དེ་ལྟར་བསྟན་པའི་མཇུག་ནི་བསྡུ་བའོ། །དང་པོ་ལ། བྱེད་པོ་ཡོད་མེད་བརྟགས་ནས་དགག་པ་དང་། །ཕྱོགས་གཅིག་བདེན་པས་ཀུན་བདེན་དགག་པའོ། །དང་པོ་ལ། སྐྱེས་བུས་བྱས་པའི་ལུང་ལ་བརྟག་པ་དང་། །སྐྱེས་བུས་མ་བྱས་ལུང་འདོད་དགག་པའོ། །དང་པོ་ལ། སྐྱེས་བུས་བྱས་ཙམ་ལུང་དུ་མི་ངེས་ལ། །སྐྱེས་བུ་ཁྱད་འཕགས་ཤེས་པར་དཀའ་བའི་ཚུལ། །དང་པོ་ལ། དགག་པ་དངོས་དང་ལུང་འགལ་སྤང་བའོ། །དང་པོ། རིག་བྱེད་པ་སོགས་ན་རེ། མི་སྣང་བ་མ་དམིགས་པའི་སྐབས་སུ། བསྟན་བཅོས་དོན་དང་འབྲེལ་མེད་དང་། ཞེས་པ་དེ་མི་འཐད་དེ། མངོན་རྗེས་ཀྱི་ཚད་མ་ནི་ཉི་ཚེ་བའི་ཡུལ་ཅན་ཡིན་པས་དེ་ལོག་པས་ཡུལ་དེ་མེད་པར་མ་ངེས་ཀྱང་། ལུང་ནི་དོན་མ་ལུས་པའི་ཡུལ་ཅན་ཡིན་པས་ལུང་ལོག་པའམ་ལུང་ལས་མ་བཤད་ན་མེད་པར་ཤེས་པར་བྱ་སྟེ། རིག་བྱེད་ལས་ནི་གང་མ་བསྟན། །དེ་ནི་མེད་པར་ཤེས་བྱ་སྟེ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་པ་ལྟར་སྐྱེས་བུའི་ཉེ་བར་མཁོ་བ་མཐའ་དག་བསྟན་བཅོས་ལས་མི་སྟོན་པ་མི་སྲིད་དེ་རིག་བྱེད་ནི་ཤེས་བྱ་མཐའ་དག་གི་ཡུལ་ཅན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འདི་དག་གི་ཞེ་འདོད་རིག་བྱེད་ཀྱི་ལུང་ནི་དོན་ལ་མི་བསླུ་བའི་ཚད་མར་ཁས་བླངས་ནས་དེར་མ་བཤད་པ་སངས་རྒྱས་པ་དག་གི་འདོད་པ་རྣམས་ནི་མི་


MR20_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བོ་སྙམ་དུ་ཞེ་ལ་བཞག་ནས་སྒྲ་བྱུང་ངམ་ལུང་གི་ཚད་མ་ཞེས་རང་རྐྱ་བར་འདོད་པའོ། །དེ་ཡང་སྐྱེས་བུའི་རྣམ་པར་རྟོག་པས་བརྟག་བྱ་མཐའ་དག་སྟོན་པའི་ལུང་མི་རྙེད་དེ། ལུང་རྣམས་ནི་རང་རང་གི་སྐབས་ཀྱི་བརྗོད་བྱ་ཙམ་སྟོན་གྱི་དེར་ཉེ་བར་མཁོ་བ་མེད་པ་གཞན་དང་གཞན་སྟོན་པ་ནི་སྐབས་དང་མ་འབྲེལ་བ་ཡིན་ལ་ཐམས་ཅད་ལུང་གཅིག་གིས་བསྟན་པར་ཡང་མི་ནུས་སོ། །ཐམས་ཅད་མཁྱེན་པ་ལྟ་བུས་མཁྱེན་དུ་ཟིན་ཀྱང་དེ་ལུང་དུ་བྱས་ནས་སུ་ཞིག་གིས་བསྡུ་བར་ནུས། དེས་ན་བསྟན་བཅོས་ནས་མ་བཤད་པ་ཙམ་གྱིས་བསྐལ་དོན་མེད་པར་མི་འགྱུར་རོ། །གཞན་ཡང་རྣམ་པར་མ་བརྟགས་པར་ལྐོག་གྱུར་ལ་མི་བསླུ་བའི་ལུང་ཡིན་པར་ཁས་བླང་དུ་མི་རུང་སྟེ། རྒྱུ་མཚན་སྒྲ་རྣམས་ནི་བརྗོད་བྱའི་དངོས་པོ་དང་ལྷན་ཅིག་ཏུ་མེད་ན་མི་འབྱུང་གི་འབྲེལ་བ་ཉིད་མེད་དེ་ལོག་པའི་དོན་ཅན་གྱི་ཚིག་ཀྱང་སྲིད་པའི་ཕྱིར་ན། སྒྲ་དེ་ལས་བརྗོད་བྱའི་དོན་བརྗོད་པ་ལྟར་གྲུབ་པའི་ངེས་པ་ཡོད་པ་མིན་པས་ན་ལུང་དུ་འདོད་པའི་སྒྲ་དེ་དག་བརྗོད་བྱའི་དོན་ལ་མི་འཁྲུལ་བའི་ཚད་མ་ཡིན་པའི་ངེས་པ་ཅི་ཡང་མེད་ལ། སྒྲ་དེ་དག་ནི་སྨྲ་བ་པོའི་བརྗོད་འདོད་ཀྱི་བསམས་པ་ཇི་ལྟ་བུ་ཡིན་པ་སྟོན་པར་བྱེད་པའི་རྟགས་སུ་གྱུར་པ་ཙམ་ཡིན་པ་དེས་ན་ལུང་བྱེད་པ་པོ་རང་གིས་ཇི་ལྟར་གཞལ་བའི་འཁྲུལ་བ་དང་མ་འཁྲུལ་བའི་དོན་དེ་ལྟར་བརྗོད་འདོད་ཀྱིས་བརྗོད་པ་ཙམ་མཚོན་ནོ། །གཉིས་པ། དེ་ལྟར་ལུང་ཚད་མར་མི་འདོད་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། ཡིད་ཆེས་ཚིག་ནི་མི་བསླུ་བའི་། །སྤྱི༷་ལས་རྗེས་སུ་དཔག་པ་ཉིད། །ཅེས་ལུང་ཚད་མར་བཞེད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་འདིར་ལུང་ཚད་མ་མེད་དོ་ཞེས་དགག་པ་མ་ཡིན་ཏེ་ཡོངས་སུ་བརྟག་པའི་ཁྱད་པར་མེད་ན་ལུང་གི་སྒྲ་ཙམ་གྱིས་


MR20_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་ནོར་བར་གཞལ་མི་ནུས་ཞེས་སྟོན་པ་ཡིན་ལ། དཔྱད་པས་དག་པར་མ་གྱུར་པའི་ལུང་ཙམ་ཚད་མར་འདོད་པ་རྣམས་ཀྱིས་ནི་སྒྲ་ཙམ་ཚད་མར་བཟུང་བ་ལས་རྒྱུ་མཚན་གཞན་མི་རྙེད་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱི་ལུང་དེའི་དོན། ཡིད་ཆེས་ཚིག་ནི་ཞེས་བྱ་བ་དང་། མི་བསླུ་བ་ཞེས་བྱ་བ་དང་སྤྱི་ལས་རྗེས་སུ་དཔག་པ་ཞེས་བྱ་བ་རིམ་བཞིན་ཚིགས་བཅད་རེ་རེས་བཤད་པའི་དབང་དུ་མཛད་དེ། ངག་གང་ལ་བླང་དོར་བཏང་སྙོམས་སུ་བྱ་བའི་དོན་སྟོན་པ་ན་ངག་དེ་བསྟན་བྱའི་དོན་ལ་འབྲེལ་བ་ཅན་ནི་བརྗོད་བྱའི་དོན་དེ་ལ་ཕན་ཚུན་ཕན་པའི་ཡན་ལག་ཏུ་གྱུར་པ་ཡིན་གྱི་འབྲེལ་བ་མེད་པ་ནི་སེའུ་བཅུ་པའི་ངག་ལྟ་བུ་སྟེ། སེའུ་བཅུ་དང་ཁུར་བ་དྲུག །རི་དྭགས་པགས་པ་རྩྭའི་གོང་བུ། །ཞེས་པ་ལ་སོགས་པའི་ངག་དེ་ནི་ཕན་ཚུན་ཕན་པའི་འབྲེལ་བ་མེད་པ་དཔེར་ན་ནད་ལ་ཕན་པའི་སྨན་གྱི་ཚུལ་འཆད་པ་ན་སྒྲའི་རྐྱེན་དང་རྣམ་འགྱུར་ལ་སོགས་པ་གཞན་བརྗོད་པ་བཞིན་ནོ། །དེས་ན་འབྲེལ་བ་ཅན་གྱི་ངག་ཡིན་པ་དང་ནི། སྐྱེས་བུས་སྒྲུབ་པར་ནུས་པ་དང་རྗེས་སུ་མཐུན་པའི་ཐབས་གང་ཡིན་པ་སྟོན་པ་དང་། མཐོ་རིས་དང་བྱང་གྲོལ་སོགས་གཙོ་བོར་གྱུར་པའི་སྐྱེས་བུའི་མངོན་འདོད་ཀྱི་དོན་དག་ནི་རྗོད་པར་བྱེད་པ་ངག་ཡིན་པ་སྟེ་ཁྱད་པར་གསུམ་ཡོད་པ་ལ་འཇུག་གི་དེ་གསུམ་མེད་པ་ལ་དགོས་པ་མེད་པའི་ཕྱིར་བརྟག་ཅིང་འཇུག་པར་བྱ་བ་མ་ཡིན་ནོ། །དེ་ཡང་འབྲེལ་བ་ཡོད་ཀྱང་ཐབས་སྒྲུབ་པར་མི་ནུས་པ་ནི་དུག་ཞི་བའི་ཐབས་སུ་ཀླུ་འཇོག་པོའི་གཙུག་གི་ནོར་བུས་རྒྱན་བྱས་ན་ཕན་ནོ་ཞེས་སྟོན་པ་ལྟ་བུ་དང་། སྒྲུབ་ནུས་ཀྱང་སྐྱེས་བུའི་དོན་གྱི་ཉེར་མཁོ་མེད་པ་བྱ་རོག་གི་སོ་བརྟག་པ་ལྟ་


MR20_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་ལྟ་བུའི་ངག་རྣམས་ནི་འཁྲུལ་མ་འཁྲུལ་དུ་དཔྱད་པའི་ཁུར་ཀྱང་མི་ལེན་ཏེ་དགོས་པ་མེད་པས་རྟོག་ལྡན་གྱི་སྐྱེས་བུ་རྣམས་མི་འཇུག་པ་ཡིན་ནོ། །དེས་ན་འབྲེལ་བ་སོགས་གསུམ་ཡོད་པ་དེ་ལ་འཇུག་པ་ན་ཡང་དེ་མཐོང་ཙམ་ནས་ལུང་ཡང་དག་ཏུ་ཁས་ལེན་པས་མ་ཡིན་ཏེ། དཔྱད་པ་གསུམ་གྱིས་ཡོངས་སུ་བརྟགས་ཏེ་ཡིད་ཆེས་པའི་དབང་དུ་བྱས་ནས་ཡིད་ཆེས་པའི་ཚིག་ཅེས་གསུངས་པ་ཡིན་གྱི་དེ་ལས་གཞན་པ་ཚིག་འབྲེལ་བ་མེད་པ་དང་། དོན་སྒྲུབ་མི་ནུས་པ་དང་། དགོས་པ་མེད་པའམ་དཔྱད་པས་མ་དག་པའི་ངག་གང་བྱུང་ལ་ལུང་དུ་བཞེད་པའི་དབང་དུ་བྱས་པ་མིན་ནོ། །ཡོངས་སུ་བརྟགས་པ་ཞེས་པ་གང་ཡིན་སྙམ་ན། མཐོང་བ་མངོན་གྱུར་གྱི་དོན་དང་མ་མཐོང་བའི་དངོས་པོ་ལྐོག་གྱུར་དང་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡི་དོན་དེ་ལུང་གང་ནས་བསྟན་པ་དེ་དག་ལ་འཇལ་བྱེད་མངོན་སུམ་ཚད་མ་དང་། ལུང་ལ་མ་བརྟེན་པ་དང་ལུང་དེ་ཉིད་ལ་བརྟེན་པའི་རྗེས་སུ་དཔག་པ་རྣམ་པ་གཉིས་ཀྱིས་ཀྱང་གནོད་པ་མེད་པའི་ངག་ནི་ཉེས་པ་ཟད་པའི་ངག་སྟེ་ཚུལ་དེ་ལྟ་བུ་དང་ལྡན་པ་བསྟན་བཅོས་འདི་ཡི་མི་སླུ་བ་ཞེས་བྱའོ། །དེ་ལ་སངས་རྒྱས་པའི་གཞུང་ལས་མངོན་སུམ་གྱི་ཡུལ་དུ་འདོད་པ་ཕུང་པོ་ལྔ་ལྟ་བུ་ནི་གཞན་རིག་དང་རང་རིག་གིས་མངོན་སུམ་གྲུབ་པས་བསྟན་དོན་དེ་ལ་མངོན་སུམ་གྱིས་མ་གྲུབ་པའི་སྐྱོན་མེད་ལ། མངོན་སུམ་དུ་མི་འདོད་པ་ནི་བདེ་སོགས་ཀྱི་ངོ་བོར་གྱུར་པའི་སྒྲ་དང་། ཐུན་མོང་བར་གྱུར་པའི་སྤྱི་ལ་སོགས་པ་གཞན་མུ་སྟེགས་བྱེད་རྣམས་ཀྱིས་མངོན་སུམ་དུ་འགྱུར་བར་ཁས་བླངས་པ་ཕལ་ཆེ་བ་དེ་དག་ཡིན་ལ། དེ་དག་མངོན་སུམ་མིན་པར་བསྟན་པ་ལྟར་ནམ་ཡང་མངོན་དུ་མཐོང་བ་མེད་པས་ན་མངོན་སུམ་གྱི་ཚད་མས་


MR20_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དོན་དེ་ལ་མ་གནོད་ཅིང་གྲུབ་པ་ཡིན་ནོ། །ཡང་ལུང་དེ་ཁོ་ནའི་ཚིག་ཙམ་ལ་བརྟེན་པ་མ་ཡིན་པར་རིགས་པས་བགྲོད་ནུས་པའི་ཡུལ་དུ་གྱུར་པས་རྗེས་སུ་དཔག་བྱར་བསྟན་པ་བདག་མེད་པ་སོགས་བདེན་པ་བཞིའི་དོན་བསྟན་པ་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་དེ་ལྟར་གྲུབ་ཅིང་། གཞན་གྱིས་རྗེས་སུ་དཔག་བྱར་འདོད་པ་བདག་དང་གཙོ་བོ་སོགས་ཡོད་པ་ལ་འཐད་པ་མེད་པར་རྗེས་དཔག་གི་ཚད་མས་གྲུབ་པ་སྟེ་དེ་ལྟར་མངོན་རྗེས་གཉིས་ཀྱི་དཔྱད་པས་དག་པ་ན་བསྟན་བཅོས་དེ་གཟུང་བར་བྱས་ནས་དེ་ལའང་ལུང་དེ་ལས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་ཁྱད་པར་བསྟན་པ་རྣམས་ལ་ལུང་དེ་ཉིད་ལ་བརྟེན་པའི་རྗེས་དཔག་ནི། རང་ཚིག་སྔ་ཕྱི་དང་དངོས་ཤུགས་འགལ་བ་ཡོད་མེད་རྗེས་སུ་དཔག་པ་སྟེ། དཔེར་ན། ཆགས་སྡང་རྨོངས་གསུམ་ཆོས་མིན་གྱི་རྒྱུ་དང་། དེས་ཀུན་ནས་བསླངས་བའི་ལུས་ངག་གི་ལས་རྣམས་ཀྱང་ཆོས་མིན་དུ་ཁས་བླངས་ནས། ཆོས་མིན་དེ་སྤང་ཕྱིར་འབབ་སྟེགས་ལ་ཁྲུས་བྱེད་པ་དང་མེ་ལ་མཆོང་བ་སོགས་ཐབས་སུ་བསྟན་པ་ནི་ཆོས་མིན་དེའི་རྒྱུ་དང་མི་འགལ་བས་ན་བད་ཀན་གྱི་ནད་ལ་མངར་སྣུམ་བསིལ་བ་བརྟེན་པས་མི་སེལ་བ་ལྟར་རང་ཚིག་འགལ་བས་གནོད་པ་ཡིན་ནོ། །དེ་ལྟ་བུར་རང་ཚིག་འགལ་བ་མེད་པ་སྦྱིན་པ་དང་བྱམས་སོགས་བདེ་བའི་རྒྱུར་གསུངས་པ་ལྟ་བུ་ནི་ལུང་ལ་བརྟེན་པའི་རྗེས་སུ་དཔག་པས་དག་པ་ཡིན་ནོ། །དེ་ལྟར་ཚད་མ་གཉིས་ཀྱི་ཡུལ་ལ་རྣམ་པར་དཔྱོད་པས་དག་པར་གྱུར་བའི་ཡིད་ཆེས་ཀྱི་ཚིག་ནི་མི་བསླུ་བའི་སྤྱི་སྟེ་ངག་གང་ལ་ཉེས་པ་མེད་པའི་གཞུང་དུ་གཅིག་ཅིང་ཉེས་ཟད་ཀྱི་ངག་སྨྲ་བ་དེའི་གསུང་དུ་གཅིག་པས་ན་སྤྱིར་མི་སླུ་བ་ཙམ་ལས་གཞལ་བྱ་ཤིན་ལྐོག་སྟོན་པའི་ཚིག་


MR20_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་ཡུལ་མངོན་རྗེས་ཀྱིས་གཞལ་མི་ནུས་པར་ལྐོ༷ག་ཏུ་གྱུར་པ་ཡིན་ནའང་ལུང་ལ་མ་བརྟེན་པར་ཚད་མ་གཞན་གྱིས་འཇུག་པའི་གོ་སྐབས་མེད་པའི་ཕྱིར་ཤིན་ལྐོག་ལ་ཞུགས་པའི་བློ་ནི་ལུང་ལས་རྗེས་སུ་དཔག་པ་ཉིད་དུ་གསུངས་པ་ཡིན་ནོ། །རིགས་པས་བགྲོད་པར་བྱ་བའི་གནས་ལ་མ་འཁྲུལ་དུ་ཟིན་ཀྱང་སྤྱི་ལ་མི་བསླུ་བ་ཡོད་པས་བྱེ་བྲག་གི་དོན་ཤིན་ལྐོག་ལ་ཉེས་པ་ཟད་པ་བསྒྲུབ་མི་ནུས་སོ་སྙམ་ན། བསྒྲུབ་མ་ནུས་ཀྱང་ཚིག་དེ་དག་ལ་སྐྱོན་མ་མཐོང་བས་ན་ཡིད་མི་ཆེས་པ་མ་བྱུང་ཞིང་སྐྱེས་བུ་བདེན་པའི་ངག་ལ་ཡིད་རྟོན་པ་ལྟར་གྱུར་པ་དང་། གཞན་ཡིད་ཆེས་པའི་རྐྱེན་ཡང་ཡོད་པས་ན་ངག་རྗོད་པ་པོ་ཤེས་རབ་རྣམ་པར་དག་ཅིང་བརྩེ་བ་ཅན་དེ་ལྟ་བུས་གཞན་ལ་ཕྱིན་ཅི་ལོག་སྟོན་པའི་རྒྱུ་མེད་པའི་ཕྱིར་ཤིན་ལྐོག་སྟོན་པའི་ལུང་འདི་ཡང་གཞན་ཉེས་པ་ཟད་པའི་ཚིག་རྣམས་དང་མཚུངས་པར་རྗེས་སུ་དཔོག་རུང་བ་ཡིན་ནོ། །གལ་ཏེ་ཤིན་ལྐོག་ལ་མི་བསླུ་བ་དངོས་སུ་བསྒྲུབ་མ་ནུས་ན་དེས་བསྟན་དོན་ལྟར་ཞུགས་པས་ཅི་བྱ་ཞེ་ན། གཞལ་བྱ་གསུམ་པ་དངོས་སུ་བསྒྲུབ་ནུས་ན་ལུང་ལ་ཡང་བརྟེན་ཅི་ཞིག་དགོས་ཏེ་བྱིས་པ་རང་ཉིད་ཀྱིས་སྨན་དང་དུག་གི་ནུས་པ་ཤེས་ན་ཕ་མ་སོགས་ཀྱིས་མ་བསྟན་པར་ཡང་རང་ཉིད་འཇུག་ལྡོག་བྱེད་པ་བཞིན་ནོ། །འོན་ཀྱང་འཇིག་རྟེན་ཕ་རོལ་གྱི་དོན་དུ་སྦྱིན་སོགས་ལ་འཇུག་པ་ནི་བཏང་སྙོམས་སུ་བྱ་བའི་འོས་མ་ཡིན་ཏེ་བདག་བདེ་བ་འདོད་པ་པོ་ལ་ཁེ་ཉེན་ཆེ་བས་ན་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བར་ཆས་པ་བཞིན་ནོ། །དེས་ན་མ་འོངས་པའི་དོན་དེ་དག་དཔྱད་པར་བྱ་བ་ཡིན་གྱི་བཏང་སྙོམས་སུ་མི་འོས་པས་ན་དེ་དཔྱད་པ་ལ་རྒྱུ་མཚན་གཞན་གྱི་གོ་སྐབས་མེད་པས་ན་ལུང་ལ་བརྟེན་ནས་འཇུག་ལྡོག་བྱ་དགོས་ཤིང་དེ་ཡང་མི་བསླུ་བར་ཡིད་ཆེས་པ་ཡོད་པ་ལས་དཔག་


MR20_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གིས་གཞན་གྱིས་མ་ཡིན་ནོ། །འོ་ན་དེ་འདྲ་བའི་ལུང་དམིགས་སམ་ཞེ་ན་དམིགས་ཏེ་སྐྱེས་བུའི་དོན་ཡིན་ནོ་ཅོག་གི་ནང་ན་དེ་བས་ཕུལ་དུ་ཕྱིན་པ་གཞན་མེད་པ་ནི་གཏན་དུ་བདེ་བ་མྱ་ངན་ལས་འདས་པ་ཡིན་ལ། དེ་འདྲའི་བླང་བྱ་འགོག་པའི་བདེན་པའམ་དེ་ཁོ་ན་ཉིད་དང་དོར་བྱའི་རང་བཞིན་སྡུག་བསྔལ་གྱི་དེ་ཉིད་དམ་བདེན་པ་ནི་ཐབས་དང་བཅས་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོང་བའི་ཐབས་དང་། འགོག་པ་མངོན་དུ་བྱེད་པའི་རྒྱུ་ལམ་རྒྱུད་ལ་བརྟེན་པའི་ཐབས་བདེན་པ་བཞི་ནི་མི་ཡི་སེངྒེ་སངས་རྒྱས་ཀྱིས་བསྟན་ལ། ཇི་སྐད་བསྟན་པ་དེ་ལྟར་ཚད་མས་རབ་ཏུ་ངེས་པར་གྱུར་པ་མཐོང་བ་ཡིས་གཙོ་བོའི་དོན་ངེས་པར་ལེགས་པ་བསྟན་པ་ལ་མི་བསླུ་བའི་ཕྱིར་གཞན་ཤིན་ལྐོག་སྟོན་པ་ལའང་མི་བསླུ་བར་རྗེས་སུ་དཔག་པ་ཡིན་ནོ། །དེས་ན་དེ་འདྲའི་བསྟན་བཅོས་ལ་འབྲེལ་བ་སོགས་གསུམ་ཚང་ཞིང་དཔྱད་པ་གསུམ་གྱིས་དག་པས་ན་ལུང་ཚད་མ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ལ། ལུང་དེ་ཉེས་མེད་སྐྱེས་བུས་བསྒྲུབ་ན་དཀའ། །སྐྱེས་བུ་ཁྱད་འཕགས་ཤེས་པར་དཀའ་བའི་ཚུལ། དང་པོ་སྐྱོན་མེད་ཅིང་ཡོན་ཏན་ལྡན་པའི་སྐྱེས་བུ་ཁྱད་འཕགས་སམ་ཕུལ་དུ་བྱུང་བ་ལ་ལྟོས་པའམ་བརྟེན་པ་ཡི་བསྟན་བཅོས་ནི་ཇི་ལྟ་བ་བཞིན་གྱི་དོན་ཅན་ཏེ་བདེན་པ་ཉིད་དུ་རིག་པ་ཅན་པ་དང་ཙ་ར་ཀ་རི་ཁྲོད་རྗེ་སོགས་གཞན་གྱིས་ཤེས་པའམ་འདོད་པ་ཡིན་ནོ། །གལ་ཏེ་དེ་འདྲའི་ཕུལ་དུ་བྱུང་བ་དེ་ཚད་མས་ཤེས་པར་ནུས་ན་དེའི་ངག་བདེན་པའི་དོན་ཅན་ཡིན་པ་འདི་འདོད་མོད་ཀྱང་། ལུང་བྱེད་པ་པོ་འདི་ནི་ཡོན་ཏན་སོགས་ཀྱི་ཚུལ་འདི་ལྟ་བུ་ཡིན་པའམ་མིན་ནོ་ཞེས་དང་། གང་ཟག་གཞན་ལ་ཆགས་སོགས་སྐྱོན་


MR20_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དང་སྐྱོན་དེ་མེད་པ་ཡིན་ཀྱང་དེ་དག་རྣམ་པ་ཀུན་ཏུ་ངེས་པའི་དངོས་སྟོབས་ཀྱི་ཚད་མ་རྣམས་ནི་རྙེད་དཀའི་ཕྱིར་ན། སྐྱེས་བུ་ཕུལ་བྱུང་ཡིན་མིན་རྟོགས་པར་དཀའ་འོ་ཞེས་ནི་གཞན་གྱིས་ཤེས་པ་སྟེ་སངས་རྒྱས་པ་དག་གིས་དེ་ལྟར་འདོད་དོ། །གཞན་སེམས་ཀྱི་སྐྱོན་ཡོན་ནི་རྣལ་མངོན་མེད་པ་ཕལ་གྱིས་མངོན་སུམ་མིན་ལ། རྗེས་དཔག་ཀྱང་རང་བཞིན་གྱི་རྟགས་མེད་དེ་རང་བཞིན་དེ་ནི་བསྒྲུབ་བྱ་ཡིན་པས་སོ། །སྐྱོན་ཡོན་ལས་བྱུང་བའི་ལུས་ངག་གི་རྣམ་པར་རིག་བྱེད་འབྲས་རྟགས་ཡིན་དགོས་ཀྱང་ཐ་སྙད་ཕལ་ཆེར་བློ་སྔོན་དུ་བཏང་ནས་གཞན་དུ་བྱ་བར་ཡང་ནུས་པས་ན་སྐྱེས་བུའི་འདོད་པས་འཇུག་པ་ཙམ་ཡིན་པས་ཕྱིའི་སྤྱོད་ལམ་དང་ནང་གི་བསམ་པ་མཚུངས་པའི་ངེས་པ་མེད་དེ་སྐྱེས་བུ་རྣམས་བསམ་པ་སྣ་ཚོགས་པ་ཅན་ཡིན་ལ་དེའི་སྐྱོན་ཡོན་ཕྲ་མོ་ནས་ཀྱང་མཐོང་བའི་རྟགས་ཡོངས་སུ་རྫོགས་པ་མི་རྙེད་དོ། །དེས་ན་སྐྱེས་བུའི་ལུང་ཡང་དག་པར་བསྒྲུབ་ན་མི་རིགས་ཀྱི་ལུང་གིས་སྐྱེས་བུ་དག་པར་བསྒྲུབ་ན་རིགས་སོ་ཞེས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ལྟར་བསྟན་པའོ། །གཉིས་པ་ནི། དེ་ལྟ་ན་ཅི་ཉེས་བྲལ་གྱི་སྐྱེས་བུ་སྲིད་པའི་ཚད་མ་མེད་པར་འདོད་པ་ཡིན་ནམ་ཞེ་ན་མིན་ཏེ་རང་གི་གཉེན་པོ་འཕེལ་བས་འགྲི༷བ་པ་དང་གཉེན་པོ་འགྲིབ་པ་ན་དེ་ཕུལ་དུ་བྱུང་བ་སྟེ་ལྷག་པར་འཕེལ་བ་ལ་བརྟེན་པ་ཆགས་སོགས་ཉེས་པ་ཀུན་ནི་འཕེལ་འགྲིབ་ཡོད་པ་དེའི་ཕྱིར་ན་རང་སྤོང་བྱེད་ཀྱི་མི་མཐུན་ཕྱོགས་དང་བཅས་པ་ཉིད་ཀྱི་ཕྱིར་བདག་མེད་པ་སོགས་གཉེན་པོ་དེ་གོམས་པ་རབ་ཀྱི་མཐར་ཐུག་པ་ལས་ཤེས་རྒྱུད་གཉེན་པོ་དེའི་བདག་ཉིད་དུ་འགྱུར་བ་ཡོད་པ་དེ་བས་ན། རྒྱུད་ཀྱི་ཁྱད་པར་ལ་ལ་དག་གི་ཟག་པ་སྟེ་འདིས་འཁོར་བར་ཟག་


MR20_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ལྟུང་བར་བྱེད་པ་ཉོན་མོངས་པ་ཐམས་ཅད་ཟད་པར་འགྱུར་བ་སྲིད་དོ། །གལ་ཏེ་ཐོག་མེད་ནས་འདྲིས་པའི་ཆགས་སོགས་ཀྱང་གཉེན་པོས་འཇོམས་སྲིད་པ་བཞིན་གཉེན་པོ་དེ་ཡི་ངང་ཚུལ་ཅན་དུ་གྱུར་པའི་བློ་ལའང་ཆགས་ཡུལ་སོགས་ཉེ་བར་གནས་པ་ན་སླར་ཡང་ཉོན་མོངས་སྐྱེ་བ་སྲིད་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དེ་ཡང་འབད་རྩོལ་ལ་མ་ལྟོས་པར་ནི་མི་ལྡོག་སྟེ་བྲམ་ཟེ་གཙང་སྦྲ་ལ་གོམས་པ་དག་མི་གཙང་བ་ལ་མི་འཇུག་པ་བཞིན་ནོ། །འབད་རྩོལ་བསྐྱེད་ནས་ལྡོག་པར་ཡང་མི་བྱེད་དེ། འབད་པས་བཟློག་པར་རྩོམ་པ་ལ་གཉེན་པོ་ལ་སྐྱོན་དང་ལྡོག་ཕྱོགས་ལ་ཡོན་ཏན་དུ་འཛིན་དགོས་ན་དེ་འདི་ལ་མི་སྲིད་དེ། གཉེན་པོ་བདག་མེད་རྟོགས་པ་དེ་ནི་ཉེ་བར་འཚེ་བ་ཡི་སྐྱོན་གང་ཡང་མེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་སེམས་འཆིང་བའི་རྒྱུ་ཉེས་པའི་རྣམ་པར་འཚེ་བ་དང་། ལུས་སེམས་གདུང་བར་བྱེད་པ་སྡུག་བསྔལ་དང་ཡིད་མི་བདེ་བའི་རྣམ་པར་འཚེ་བ་དང་། ཟག་བཅས་ཀྱི་བདེ་བ་ལ་རོ་མྱོང་བ་ཉིད་ཀྱིས་སྐྱོ་བས་རྣམ་པར་འཚེ་བ་གསུམ་གང་ཡང་མེད་དེ་རིམ་པ་ལྟར་བདག་མེད་མཐོང་བ་ལ་སེམས་འཆིང་བ་ཆགས་སོགས་མེད་པ་དང་། ཆགས་སོགས་ལ་རག་ལུས་པའི་སྡུག་བསྔལ་གང་ཡང་དེས་མི་སྐྱེད་པ་དང་། རབ་ཞི་ཟག་མེད་ཀྱི་བདེ་བ་ཕུལ་དུ་བྱུང་བ་ལ་སྐྱོ་བའི་རྒྱུ་མཚན་གང་ཡང་མེད་པས་སོ། །དེ་ལྟར་འཚེ་བ་མེད་ཀྱང་དེས་ཇི་ལྟར་བཟུང་བའི་ཡུལ་ཡང་དག་པའི་དོན་མིན་ན་རིགས་པས་གནོད་པ་མཐོང་ནས་ལྡོག་སྲིད་ནའང་། དེས་མཐོང་བ་དེ་གནས་ལུགས་ཡང་དག་པའི་དོན་ཡིན་པས་ན་དེ་ལྟར་འཛིན་པ་ལས་མི་ལྡོག་གོ། །དེ་ལྟ་


MR20_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་བརྗེད་ངས་བ་སོགས་ཀྱིས་ལ་ལར་ཟློག་ཕྱོགས་སུ་འཛིན་པ་སྲིད་སྙམ་ན། དེ་མེད་དེ་གོམས་པ་རབ་ཀྱི་མཐར་ཐུག་པ་ན་བློ་གཉེན་པོ་དེ་ཡི་ངོ་བོ་ཉིད་དུ་གྱུར་པ་ཡིན་པས་ན་ཚུལ་དེ་ལྟ་བུ་ལ་ཟློག་ཕྱོགས་སུ་གྱུར་པ་ཕྱིན་ཅི་ལོག་བདག་ཏུ་འཛིན་པ་ལ་སོགས་པ་དག་གིས་འབད་དུ་ཟིན་ཀྱང་མི་བཟློག་སྟེ་བློ་ནི་གཉེན་པོ་དེ་ཡི་ཕྱོགས་འཛིན་ཞིང་མི་གཏོང་བ་ཡིན་པའི་ཕྱིར་ཏེ། ཇི་ལྟར་གྲང་བས་ཉེན་པ་མེ་ལ་བརྟེན་པ་ན་མེ་གྲང་བར་འཛིན་དུ་བཅུག་ཀྱང་མི་འཛིན་པའམ་སྦྲུལ་མེད་པར་མཐོང་བ་ལ་སྦྲུལ་འཛིན་སྐྱེར་བཅུག་ཀྱང་མི་སྐྱེ་བའམ། ཕ་ལ་ཕར་གོམས་པ་ལ་ཕ་མིན་པར་འཛིན་དུ་བཅུག་ཀྱང་མི་འཛིན་པ་བཞིན་དཔེ་རིམ་པ་ལྟར་སྦྱར་རོ། །དེ་ལྟར་ཡིན་དུ་ཆུག་ཀྱང་འཚེ་བ་མཐའ་ཡས་ཤིང་དེའི་རྒྱུ་ཡང་མཐའ་ཡས་པས་ན་དེ་ཐམས་ཅད་སྤོང་བ་མི་སྲིད་སྙམ་ན། འདི་ལྟར་འཁོར་བའི་ཉེས་པ་གང་ཅི་ཡོད་པའི་རྣམ་པ་ཐམས་ཅད་དག་བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལྟ་བ་ལས་སྐྱེས་པ་ཡིན་ཏེ་བདག་ཏུ་འཛིན་པ་མེད་པ་ལ་ཉེས་པ་གང་གིས་ཀྱང་གནོད་པ་མི་སྲིད་ལ། བདག་ཏུ་འཛིན་པ་དེ་ནི་ཡུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མ་རིག་པ་ལས་སྒྲོ་འདོགས་པའི་རྟོག་པ་ཙམ་དུ་ཟད་དེ་ཡང་དག་པ་མ་ཡིན་ནོ། །དེ་འདྲའི་མ་རིག་པ་བདག་ཏུ་འཛིན་པ་དེས་ཡུལ་གྲུབ་པ་མེད་བཞིན་དུ་བདག་དང་བདག་གི་བའི་རྣམ་པ་དེར་ཆགས་པ་སྐྱེ་ཞིང་། དེ་ལས་རང་གི་ཕྱོགས་སུ་བཟུང་བ་དེར་འགལ་བ་ཅན་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་དང་། བདག་ཉིད་མཐོ་བའི་རྣམ་པས་ང་རྒྱལ་དང་གཞན་ལ་མི་བཟོད་པའི་ཕྲག་དོག་ལ་སོགས་པ་ཉོན་མོངས་གཞན་ཇི་སྙེད་པའང་འབྱུང་བའི་རྒྱུ་མཚན་དེ་ཉིད་ཀྱིས་ན་ཉེས་པ་རྣམས་ཀྱི་རྒྱུ་ནི་གཏི་མུག་


MR20_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གམ་རྨོངས་པའམ་མ་རིག་པ་ཡིན་པར་མདོ་ལས་གསུངས་ལ། ཡང་མདོ་གཞན་ལས་འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་འཇིག་ཚོགས་ལ་ལྟ་བ་ཡིན་པར་ཡང་གསུངས་པ་སྟེ། དེ་གཉིས་ནི་རྒྱུ་ཐ་དད་པ་རེ་རེ་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་དེ་ཉིད་ལ་མ་རིག་པ་ཞེས་དོན་གཅིག་ཡིན་ཏེ་མ་རིག་པའི་བྱེ་བྲག་གང་ཟག་གི་བདག་མེད་པར་མ་རིག་པ་ཞེས་བྱ་བ་ཡིན་ནོ། །དེས་ན་རྒྱུ་འཇིག་ལྟ་དེ་སྤངས་པ་ན་དེ་ལ་བརྟེན་པ་ཉེས་པའི་ཆ་ཐམས་ཅད་སྤོང་བ་ཡིན་པའི་ཕྱིར་རོ། །གཉིས་པ་སྐྱེས་བུས་མ་བྱས་པའི་ལུང་དགག་པ་ལ། ཕྱོགས་སྔ་བརྗོད་དང་དེ་ཉིད་དགག་པའོ། །དང་པོ། དཔྱོད་པ་པ་སོགས་ན་རེ། རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར། ཞེས་ཟེར། དེ་ལ་སྐྱེས་བུས་མ་བྱས་ན་བདེན་པ་ཅན་དུ་ཅིས་འགྲུབ་དྲིས་པ་ན། ཚིག་རྣམས་ཕྱིན་ཅི་ལོག་ཏུ་སྟོན་པ་ཉིད་ཀྱི་རྒྱུ་ཆགས་སོགས་ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཁོ་ན་ཡིན་པའི་ཕྱིར་སྐྱེས་བུས་མ་བྱས་པ་རིག་བྱེད་ནི་སྐྱོན་གྱི་རྒྱུ་མེད་པའི་ཕྱིར་བདེན་པའི་དོན་ཅན་ཁོ་ན་ཡིན་ནོ་ཞེས་སུ་ནི་གཞན་དཔྱོད་པ་བ་སོགས་ལ་ལ་དག་དེ་སྐད་དུ་རྗོད་པར་བྱེད་དོ། །གཉིས་པ་དེ་དགག་པ་ལ། སྤྱིར་ན་རིགས་བྱེད་མ་བྱས་བཀག་པ་དང་། །ཁྱད་པར་སྔགས་རྣམས་མ་བྱས་བཀག་པའོ། །དང་པོ་ལ། མགོ་མཚུངས་དང་ནི་རིགས་པ་གཞན་གྱིས་དགག །དང་པོ། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ་ཤེས་རབ་དང་བརྩེ་བ་ལ་སོགས་པའི་ཡོན་ཏན་ནི་སྐྱེས་བུ་ལ་བརྟེན་པ་ཁོ་ནའི་ཕྱིར་སྐྱེས་བུས་མ་བྱས་པ་རིག་བྱེད་ནི་བདེན་པའི་རྒྱུ་ལོག་པས་ན་ལོག་པའི་དོན་ཅན་ཅིས་མིན་ཞེས་ནི་གཞན་སངས་རྒྱས་པ་དག་གིས་


MR20_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །གཉིས་པ་ལ། ཚུལ་གསུམ་མ་ཚང་བས་ན་སྒྲུབ་བྱེད་མིན། །དེས་ན་ཚུལ་གསུམ་ཚང་དགོས་བསྟན་པའོ། །དང་པོ་ལ། མཐུན་ཕྱོགས་ཁོ་ནར་ཡོད་པའི་རྗེས་འགྲོ་མེད། །ཕྱོགས་ཀྱི་ཆོས་སུ་གྲུབ་པ་མི་འཐད་པ། །མི་མཐུན་ཕྱོགས་ལྡོག་ལྡོག་ཁྱབ་མེད་པའོ། །དང་པོ་ལ། མ་བྱས་ཀྱང་ནི་ལོག་པར་སྲིད་ཚུལ་བརྗོད། །དེ་ཡི་དོན་ནི་རིགས་པས་རྒྱས་པར་བསྒྲུབ། དང་པོ། རེ་ཞིག་རིག་བྱེད་ཀྱི་སྒྲ་མ་བྱས་སུ་ཆུག་ཀྱང་མ་བྱས་ན་བདེན་པའི་དོན་ཅན་ཡིན་པའི་རྗེས་འགྲོ་མི་གྲུབ་སྟེ། མ་བྱས་པ་དང་བདེན་པ་ལ་འབྲེལ་བ་གང་ཡང་མེད་ཅིང་བདེན་པའི་དོན་ཅན་རྣམས་ནི་སྐྱེས་བུས་མ་བྱས་པ་མ་མཐོང་བས་དཔེ་ལ་རྗེས་འགྲོ་མེད་དོ། །དེས་ན་མ་བྱས་སུ་ཆུག་ཀྱང་དེའི་དོན་བདེན་པར་སྒྲུབ་མི་ནུས་ཏེ་ལོག་པར་སྲིད་ཚུལ་ནི། རིག་བྱེད་ཀྱི་སྒྲས་དོན་འདི་དང་འདི་བསྟན་ནོ་སྙམ་དུ་ཤེས་པར་བྱེད་པ་དག་གི་རྒྱུ་ཀ་བུམ་སོགས་ཀྱི་བརྡ་ནི་སྐྱེས་བུ་ལ་བརྟེན་པ་ཡིན་ཏེ་དེར་འཇུག་པ་པོ་སྐྱེས་བུས་སྒྲ་འདི་ནི་འདི་ལ་འཇུག་གོ་སྙམ་དུ་དོན་དེ་མཚོན་པའི་བརྡ་ཉིད་དུ་བློས་མ་བཅད་ཀྱི་བར་དུ་སྒྲ་དེས་དོན་གང་ཡང་མི་སྟོན་པས་ན། རིག་བྱེད་ཀྱི་ཚིག་རྣམས་སྐྱེས་བུས་བྱས་པ་མིན་པར་རང་བྱུང་དུ་ཡོད་དུ་ཆུག་ན་ཡང་། བརྡ་སྐྱེས་བུས་བྱ་དགོས་པ་དེ་ཕྱིར་རིག་བྱེད་ཀྱི་དོན་ལོག་པར་བརྡ་བྱས་པ་ཉིད་དུ་སྲིད་དེ་བསྟན་བཅོས་ལོག་པར་བཤད་པ་བཞིན་ནོ། །གཉིས་པ་ལ། འབྲེལ་བ་སྐྱེས་བུས་མ་བྱས་མི་འཐད་པ། །དོན་ལ་ངོ་བོས་འབྲེལ་བ་དགག་པའོ། །དང་པོ། རིག་བྱེད་ཀྱི་སྒྲ་ལས་ཨགྣི་ལྟ་བུའི་བརྡ་དེ་མེ་ལ་ངོ་བོ་ཉིད་ཀྱིས་འབྲེལ་གྱི་ཨགྣི་ཞེས་པ་མེ་ཡི་བརྡ་ཡིན་ནོ་ཞེས་བརྡ་དོན་གྱི་འབྲེལ་པ་སྐྱེས་བུས་བྱས་པ་མིན་པས་ན་བརྡ་སྐྱེས་


MR20_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བྱས་པ་ཞེས་པའི་རྟགས་མ་གྲུབ་བོ་ཞེ་ན། དེ་ལྟ་ན་ཨགྣི་ཞེས་པའི་སྒྲ་ཙམ་ཞིག་ཐོས་པ་ན་དེ་མེ་ཡི་བརྡ་ཡིན་པར་སྔར་རིག་པའམ་ཤེས་པ་མེད་པར་ཡང་སྒྲ་དེས་མར་མེ་སྣང་བ་ཙམ་གྱིས་དངོས་པོ་གསལ་བ་ལྟར་སྒྲ་རང་གི་ངོ་བོས་མེ་རྟོགས་པར་འགྱུར་དགོས་ན་ཡང་དེ་ནི་མེ་རིགས་ཏེ་ཡུལ་དེའི་བརྡ་ལ་མ་བྱང་བས་སྒྲ་རྣམས་ཐོས་སུ་ཟིན་ཀྱང་དོན་མི་གོ་བ་ཡོད་པ་དང་རིག་བྱེད་འདོན་པ་པོ་རྣམས་ཀྱིས་ཀྱང་བརྡ་དོན་སྦྱར་ནས་སློབ་དགོས་པའི་ཕྱིར་རོ། །དེ་ལྟ་མིན་ན་ཡུལ་ཐམས་ཅད་ལ་སྐད་ཀྱང་ཐ་དད་མེད་ལ་སྒྲ་ཐོས་ཚད་ཀྱི་དོན་མི་གོ་བ་ཡང་མི་སྲིད་པར་འགྱུར་རོ། །གལ་ཏེ་སྒྲ་དོན་ལ་འབྲེལ་བ་སྔ་ནས་ཡོད་ཟིན་པས་སྐྱེས་བུས་བྱས་པ་མིན་ན་ཡང་གསར་དུ་བརྡ་སྦྱར་བ་ལས་ཡེ་ནས་ཡོད་པའི་འབྲེལ་བ་དེ་ནི་གསལ་བར་བྱེད་པ་ཙམ་ཡིན་ནོ་ཞེ་ན། གསར་དུ་བརྡ་བྱས་པ་དེས་དོན་གོ་བའི་བྱ་བ་བྱས་པའི་ཕྱིར་བརྟགས་པ་གཞན་ཡེ་ནས་ཡོད་པར་འདོད་པ་སྒྲ་དོན་གྱི་དངོས་འབྲེལ་དེ་དག་ལ་དགོས་ནུས་གང་ཡང་མེད་པར་འགྱུར་ཏེ། བརྡ་མ་བྱས་ན་དེས་དོན་གོ་མི་ནུས་ལ་བརྡ་བྱས་ན་དེ་མེད་ཀྱང་གོ་ནུས་པའི་ཕྱིར་རོ། །གཉིས་པ་ལ། སྒྲ་དོན་ངོ་བོས་འབྲེལ་བ་སྤྱིར་བཀག་པ། །བྱེ་བྲག་སྒྲ་རྟག་འདོད་པ་མི་འཐད་ཚུལ། དང་པོ། ངོ་བོས་འབྲེལ་བ་ལ་དགོས་ནུས་ཡོད་དེ་རིག་བྱེད་ཀྱི་ཚིག་རྣམས་རང་རང་གི་བརྗོད་བྱའི་དོན་གཅིག་ཁོ་ན་ལ་ངོ་བོས་འབྲེལ་བར་ངེས་ཀྱི་གཞན་ལ་མི་འབྲེལ་ཏེ། དཔེར་ན་ཨགྣི་ཞེས་པ་ཚ་ཞིང་སྲེག་པ་ཁོ་ན་ལ་ངེས་ཀྱི་གཞན་ལ་མི་འཇུག་པ་ཡིན་པས་ན་དེ་ལྟར་སྐྱེས་བུས་དེ་ཡི་ཚུལ་གསལ་བར་བྱེད་པ་ཡིན་གྱི་དོན་ལ་མ་འབྲེལ་ན་སྐྱེས་བུས་ཀྱང་བརྡ་བྱེད་མི་ནུས་ཏེ་ཐམས་ཅད་ཐམས་ཅད་ཀྱི་བརྡར་འགྱུར་རོ་


MR20_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འོ་ན་ཚིག་དེ་དག་རང་རང་གི་འབྲེལ་ཡུལ་གྱི་དོན་དེ་ལས་དོན་གཞན་ལ་བརྡ་དེ་སྦྱར་ཀྱང་རྟོགས་པར་མི་འགྱུར་བ་དགོས་ནའང་དེ་མ་ཡིན་ཏེ། མེ་ལ་སོགས་པའི་སྒྲ་ཡང་ཡུལ་གཞན་ན་གཞན་གྱི་མིང་དུ་བཏགས་པ་དང་གང་ཟག་གི་མིང་དུ་བཏགས་པ་ལ་སོགས་པ་དེས་ཀྱང་དེ་གོ་བར་མངོན་སུམ་གྲུབ་ལ་གཞན་ཡང་གོཿཞེས་པའི་སྒྲ་བ་ལང་དང་མཐོ་རིས་དང་རྡོ་རྗེ་ལ་སོགས་པ་དུ་མར་འཇུག་པས་གསལ་བའི་ཕྱིར་རོ། །གལ་ཏེ་སྒྲ་གཅིག་ཀྱང་དོན་དུ་མ་དང་མངོན་པར་འབྲེལ་བའི་དངོས་འབྲེལ་ཡོད་པས་དུ་མ་ལ་གཅིག་འཇུག་མི་རུང་བ་ཅི་ཡོད་ཅེ་ན། སྔར་དོན་གཅིག་ཏུ་ངེས་སོ་ཞེས་ཁས་བླངས་ནས་ད་དོན་དུ་མ་དང་འབྲེལ་ཞེས་འདོད་པ་ནི་འགལ་བ་གསལ་བར་བྱེད་པ་ཡིན་ནོ། །ཡང་ན། འགལ་བ་གསལ་བར་བྱེད་པ་སྲིད། །ཅེས་པའི་འགྱུར་ལྟར་ན། རིག་བྱེད་ཀྱི་སྒྲ་དོན་དུ་མ་ལ་འཇུག་ན་ད་ལྟ་རིག་བྱེད་ན་དོན་འདི་བསྟན་ཞེས་འདོད་པ་དེ་ཡང་དེ་མིན་པར་འཇུག་པར་སྲིད་པས་ན། དོན་དེ་ལྟར་ཡིན་པར་བཟུང་བ་ཡང་རིག་བྱེད་ཀྱི་དོན་དང་འགལ་བ་གསལ་བར་བྱེད་པར་ཡང་འགྱུར་སྲིད་ཅེས་སོ། །གལ་ཏེ་རིག་བྱེད་ཀྱི་སྒྲ་དོན་དུ་མ་ལ་འཇུག་པ་ཡིན་ན་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱའོ་ཞེས་རིག་བྱེད་ན་བསྟན་པའི་སྒྲ་དེའི་དོན་མེ་ལ་མར་ཁུ་ལྡུག་པར་བྱེད་པའི་དོན་དུ་འདོད་ཀྱང་དེ་མཐོ་རིས་འདོད་པས་ཁྱི་ཤ་ཟོ་ཞིག་ཅེས་པའི་དོན་ཡང་ཡིན་སྲིད་པས་ན་དོན་གང་དུ་འཚལ་མི་སྟོན་པའི་རིག་བྱེད་ཀྱི་སྒྲ་དེ་བདེན་པའི་དོན་ཅན་དུ་སྒྲུབ་པའི་སླད་དུ་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་པ་དག་ཀྱང་། དེ་ལྟར་ཀུན་དུ་བརྟགས་པ་དོན་མེད་པར་འགྱུར་ཏེ་དེ་ལྟར་བརྟགས་པའི་དོན་ནི་བདེན་པའི་དོན་ཅན་དུ་སྒྲུབ་པའི་སླད་དུ་ཡིན་ན་འདིས་བདེན་པའི་དོན་ཅི་


MR20_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྟོན་པ་མི་ཤེས་པའི་ཕྱིར་རོ། །གཞན་ཡང་སྒྲ་དོན་དངོས་འབྲེལ་འདོད་ན་སྐྱེས་བུའི་བརྗོད་འདོད་ཀྱིས་བརྗོད་པའི་སྒྲ་འདི་དང་ཕྱི་རོལ་གྱི་དོན་ངོ་བོ་ཐ་དད་པར་སྣང་བ་རྣམས་ལ་མེད་ན་མི་འབྱུང་གི་འབྲེལ་པ་ཡང་རྣམ་པར་བཞག་པའམ་སྒྲུབ་པའི་ཕྱིར་གཏན་ཚིགས་བརྗོད་དགོས་ན་དེ་མི་སྲིད་དེ། རང་བཞིན་ཐ་དད་པ་ལ་བདག་གཅིག་འབྲེལ་མེད་ཅིང་དེ་བྱུང་ཡང་མེད་དེ་མིང་ནི་དོན་མེད་ཀྱང་བརྗོད་འདོད་ཙམ་ལ་རག་ལས་ཏེ་འབྱུང་བར་བསྒྲུབས་ཟིན་ཏོ། །དེས་ན་མིང་དོན་ལ་ངོ་བོས་འབྲེལ་བ་མེད་དེ་སྐྱེས་བུས་བློས་འབྲེལ་བ་བྱས་པའི་གློ་བུར་བ་ཡིན་ནོ། །དེ་ལྟར་ན་མིང་ཚིག་གི་སྒྲ་དེ་དག་དོན་འདི་ལ་ཟེར་བ་ཡིན་ནོ་ཞེས་སྐྱེས་བུས་བརྡ་ལེགས་པར་མ་བྱས་པ་ཉིད་དུ་ཁས་ལེན་ན་རིག་བྱེད་ཀྱི་སྒྲ་དེས་སྐྱེས་བུ་ལ་བླང་དོར་གང་ཡང་མི་སྟོན་པས་རྣམ་པ་ཀུན་ཏུ་དོན་མེད་པར་འགྱུར་རོ། །དེ་ལྟ་བུའི་ཉེས་པ་དེར་མ་གྱུར་ཅིག་སྙམ་པས་རིག་བྱེད་ཀྱི་དོན་ནི་རང་རང་གི་ཇི་ལྟར་འདོད་པ་དེ་ལྟར་ངེས་པར་སྐྱེས་བུས་ལེགས་པར་བྱས་པ་ཡིན་པར་ཁས་ལེན་ན་དེ་འདྲའི་ཁས་ལེན་འདི་ནི་དངོས་སུ་གླང་ཆེན་གྱིས་ཁྲུས་བྱས་པ་དང་འདྲ་བར་འགྱུར་ཏེ་གླང་ཆེན་གྱིས་ཁྲུས་བྱས་ནས་སླར་ཡང་འདམ་དུ་འཇུག་པ་བཞིན་སྐྱེས་བུས་མ་བྱས་པས་བདེན་པར་ཁས་བླངས་ནས་ཡང་བདེན་པའི་དོན་དེ་སྐྱེས་བུས་བྱས་པར་ཁས་ལེན་པ་ཡིན་པས་སོ། །གཉིས་པ་བྱེ་བྲག་ཏུ་སྒྲ་རྟག་པར་འདོད་པ་ལ་ངོ་བོས་འབྲེལ་བ་མི་འཐད་པའི་ཚུལ་ནི། སྒྲ་དོན་གྱི་འབྲེལ་བ་དེ་མི་རྟག་པ་ཞིག་ཡིན་ནམ་རྟག་པ་ཡིན། དང་པོ་ལྟར་ན་དེ་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་དམ་མི་བྱེད་བྱེད་ན་ནི་ངོ་བོས་འབྲེལ་བ་མི་འཐད་ལ་རིག་བྱེད་ཀྱི་དོན་ཀྱང་གཞན་དུ་སྟོན་པའི་འཁྲུལ་བ་སྲིད་པར་


MR20_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། མི་བྱེད་ན་རི་ལ་སོགས་པ་གཞན་དང་གཞན་དུ་འདོད་པས་བཞག་མི་ནུས་པ་བཞིན་གཞན་གྱི་མིང་གཞན་ལ་སྦྱར་མི་བཏུབ་པ་ཞིག་ན་དེ་ནི་མངོན་སུམ་གྱིས་བསལ་ལོ། །གལ་ཏེ་རྟག་པ་ཡིན་ནོ་ཞེ་ན། མིང་དེ་དང་འབྲེལ་པ་ཅན་མེ་ལ་སོགས་པ་བརྗོད་བྱའི་དོན་རྣམས་མི་རྟག་པའི་ཕྱིར་རྗོད་བྱེད་རིག་བྱེད་ཀྱི་སྒྲ་རྟག་པ་དེ་དང་འབྲེལ་པ་ལའང་རྟག་པ་ཡོད་པ་མ་ཡིན་ཏེ། སྒྲོན་མེ་ཞིག་ན་འོད་འཇིག་པ་ལྟར་བུམ་པ་ཞིག་ན་དེའི་སྟེང་གི་འབྲེལ་བའང་འཇིག་གོ། །གལ་ཏེ་འབྲེལ་ཡུལ་མེད་བཞིན་དེའི་འབྲེལ་བ་ཡོད་པ་ནི་མི་རུང་སྟེ་གལ་ཏེ་རུང་ན་མོ་གཤམ་གྱི་བུ་དང་བུམ་པའང་འབྲེལ་བར་འགྱུར་རོ། །དེ་ཕྱིར་དོན་དང་སྒྲ་ཡི་འབྲེལ་བ་དེ་ནི་བྱེད་པོ་སྐྱེས་བུའི་བློ་ཡིས་མིང་དོན་བསྲེ་བའི་སྒོ་ནས་ལེགས་པར་བྱས་པ་ཡིན་གྱི་དོན་ལ་འབྲེལ་བ་མེད་དོ། །གཞན་ཡང་སྒྲ་འདི་དོན་རང་མཚན་ལ་འབྲེལ་ན་རང་མཚན་རྣམས་ནི་སྔ་ཕྱིར་བྱུང་བ་ཁོ་ན་ཡིན་པས་གསར་དུ་བྱུང་བ་རྣམས་ལ་དེའི་སྔོན་དུ་ཇི་ལྟར་འབྲེལ་ཏེ་འབྲེལ་ཡུལ་མེད་པས་སོ། །གལ་ཏེ་དོན་དེ་སྐྱེས་པ་དང་ལྷན་ཅིག་ཏུ་སྔར་མེད་ཀྱི་འབྲེལ་བའང་སྒྲ་དེ་ལ་སྐྱེས་པ་ཡིན་ན་ནི་སྔོན་མེད་ཀྱི་ཁྱད་པར་སྒྲ་དེ་ལ་ཡོད་པར་འགྱུར་བས་ན་སྒྲ་མི་རྟག་པར་འགྱུར་ནའང་། རིག་བྱེད་ཀྱི་སྒྲ་རྣམས་རྟག་པར་འདོད་པ་ལ་ནི་སྔར་གྱི་རང་བཞིན་གང་ཡིན་པ་དག་ལས་རྣམ་པར་བཟློག་པར་གྱུར་པ་ཡོད་པ་མི་རིགས་སོ། །དེ་ཡང་སྒྲ་རྟག་པའི་རང་གི་ངོ་བོ་འདོར་མི་སྲིད་པས་སྔ་ནས་འབྲེལ་བ་ཡོད་ན་ནི་ཐམས་ཅད་དང་ཅིག་ཅར་དུ་འབྲེལ་དགོས་ལ་དེ་ཡང་མི་སྲིད་དེ་འབྲེལ་ཡུལ་ཐམས་ཅད་ཅིག་ཅར་དུ་མེད་པའི་ཕྱིར་རོ། །སྔར་མ་འབྲེལ་ན་ཕྱིས་ཀྱང་མི་འབྲེལ་ཏེ་རང་གི་ངོ་བོ་ལ་ཁྱད་པར་


MR20_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་གཞན་གསར་དུ་ཐོབ་པ་མི་སྲིད་པས་སོ། །གལ་ཏེ་ཐོབ་ན་ནི་སྔ་མ་ལས་འགྱུར་བར་ཐལ་ལོ། །འོ་ན་ཁྱོད་ལྟར་ནའང་བུམ་པ་སྔ་མ་ཞིག་ན་དེའི་མིང་དོན་གྱི་འབྲེལ་བའང་འཇིག་ལ་གསར་དུ་བྱུང་བའི་བུམ་པ་སོགས་ལ་མིང་དེ་ཇི་ལྟར་འབྲེལ་སྙམ་ན། འབྲེལ་བ་དོན་ལ་མ་གྲུབ་ཀྱང་རྟོག་བཅས་ཀྱི་བློས་མིང་དོན་འབྲེལ་བ་ཉིད་དུ་རྣམ་པར་བརྟགས་པ་ཙམ་གྱི་འབྲེལ་བ་བློ་ངོར་གྲུབ་པ་ལ་ནི་འབྲེལ་བ་འཇིག་མི་འཇིག་དང་འབྲེལ་བ་དེ་མིང་དོན་གཉིས་ལས་གཅིག་ཐ་དད་གང་ཡིན་ལ་སོགས་པ་དཔྱད་ནས་མི་འཐད་པར་བརྗོད་པའི་ཉེས་པ་འདི་དག་མེད་དེ་བློས་སྒྲོ་བཏགས་པ་ཙམ་ལ་དེ་ལྟར་དཔྱད་དུ་མེད་པའི་ཕྱིར་རོ། །གལ་ཏེ་འབྲེལ་བའི་རྟེན་བུམ་པ་ལ་སོགས་པ་འདི་འཇིག་ན་ཡང་འབྲེལ་བ་ནི་འཇིག་པ་མིན་ཏེ་རྟག་པའི་ཕྱིར། དཔེར་ན་རིགས་ལྡན་བུམ་སོགས་འཇིག་ཀྱང་རིགས་རྟག་པ་མི་འཇིག་པ་དང་འདྲའོ་ཟེར་ན་རིགས་དང་འབྲེལ་བ་སོགས་རྟག་པ་རྣམས་ལ་རྟེན་དེས་བརྟེན་པའི་ནུས་པ་ཞུགས་པ་གང་ཡོད་དེ་དེ་ནི་གང་གིས་ཀྱང་བརྟེན་དགོས་པ་མིན་པས་ན་རྟེན་དེ་དག་གི་ནུས་པ་འཇུག་པའི་ཡུལ་དུ་མ་གྲུབ་སྟེ་ཚོན་གྱི་ནུས་པ་ནམ་མཁའ་ལ་མི་འཇུག་པ་བཞིན་ནོ། །དེ་ལྟ་ན་རྒྱུ་མཚན་གང་གིས་སྤྱི་དང་འབྲེལ་བ་གཉིས་པོ་དེ་གསལ་བ་དང་བརྗོད་བྱས་རྟེན་པར་འདོད་པ་ཡིན་ཏེ། ཆོས་གང་ཡང་རྟག་པ་དེའི་རྟེན་དུ་མི་རུང་ངོ་། །གལ་ཏེ་དངོས་སུ་ཕན་འདོགས་པའི་རྟེན་བྱེད་པ་མིན་ཡང་མར་མེས་བུམ་པ་གསལ་བ་ལྟར་གསལ་བ་དང་བརྗོད་བྱའི་དོན་དེས་སྤྱི་དང་འབྲེལ་བ་དེ་དག་གསལ་བར་བྱེད་པ་སྟེ་དེ་དག་ལ་ལྟོས་ནས་དེ་དག་ཤེས་པར་བྱེད་དོ་ཟེར་ན། བུམ་པ་རང་ལ་དམིགས་པའི་ཤེས་པ་སྐྱེད་པར་བྱེད་པ་ཡི་ལྷན་ཅིག་བྱེད་རྒྱུ་སྒྲོན་འོད་དང་


MR20_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལ་སོགས་པ་རྣམས་ཚོགས་པར་གྱུར་པ་ན་བུམ་འཛིན་མིག་ཤེས་དེ་སྐྱེད་པར་ནི་རུང་བ་ཉིད་ཀྱི་ཕྱིར་དངོས་པོའི་གནས་ཚུལ་བྱ་བ་བྱེད་པའི་རིགས་པ་ཤེས་ཤིང་མཁས་པས་ནི་བུམ་སོགས་ཀྱང་སྔར་མི་གསལ་བ་མིག་ཤེས་སྐྱེད་རུང་མིན་པ་ཕྱིས་ལྷན་ཅིག་བྱེད་རྐྱེན་དང་ཚོགས་པ་ལས་སྔར་ལས་བཟློག་སྟེ་སྐྱེ་བ་ལ་ནི་སྔར་མི་གསལ་བ་ཕྱིས་གསལ་ལོ་ཞེས་བྱ་བར་འདོད་པ་ཡིན་ཏེ། ཁྱད་པར་གཞན་དང་གཞན་སྐྱེ་བ་ཡོད་པར་འདོད་པ་ལ་ནི་དེ་ལྟར་གསལ་བྱ་གསལ་བྱེད་ཀྱི་ཐ་སྙད་འཐད་པ་ཡིན་ནོ། །ཁྱོད་ཀྱི་གསལ་བྱེད་འདོད་པ་འབྲེལ་བ་དང་སྤྱི་འགྱུར་བ་མེད་པ་རྣམས་ལ་སྔ་ཕྱི་ཁྱད་པར་གཞན་ཅུང་ཟད་ཀྱང་མེད་པས་ན་གསལ་བྱེད་བརྗོད་བྱ་དང་གསལ་བ་རྣམས་ཀྱིས་རང་གི་དོན་དེ་གསལ་བྱེད་དུ་འཇོག་པའི་དོན་ཅི་བྱས་ཏེ་ཅི་ཡང་མ་བྱས་པར་ཐལ། སྔར་མི་གསལ་བའི་དུས་ལས་འགྱུར་མི་ཤེས་པའི་ཕྱིར་དེ་ཡང་དེ་དང་འདྲ་བར་གནས་པ་ཁོ་ན་ཡིན་པས་སོ། །དཔེར་ན་བུམ་པ་སྔར་མི་གསལ་བའི་གནས་སྐབས་ལས་འགྱུར་མི་ཤེས་ན་སྒྲོན་འོད་དང་ཚོགས་ཀྱང་སྔར་བཞིན་མི་གསལ་བར་འགྱུར་རོ། །དེ་ལྟར་གསལ་བྱེད་དེས་གསལ་བྱ་རྟག་པ་ལ་གསལ་བའི་བྱ་བ་གང་ཡང་མ་བྱས་བཞིན་དུ་རྒྱུ་མཚན་གང་གི་ཕྱིར་དེས་དེ་གསལ་བར་འདོད་པ་ཡིན་ཏེ་གསལ་བྱ་གསལ་བྱེད་དུ་བཞག་པ་ལ་རྒྱུ་མཚན་གང་ཡང་མེད་པར་འགྱུར་བ་ནི་མར་མེ་འདི་ཤ་ཟ་དང་མོ་གཤམ་བུ་ལ་སོགས་པའི་གསལ་བྱེད་དུ་འདོད་པ་དང་འདྲའོ། །གཞན་ཡང་འབྲེལ་པ་ཞེས་པ་བློས་སྒྲོ་བཏགས་པ་ཙམ་མིན་པར་དངོས་པོ་ཉིད་དུ་གྱུར་པ་ཡིན་ན་དེ་ལྟར་ཡིན་དུ་ཆུག་མོད། དེ་ལྟ་ན་སྒྲ་དང་དོན་དང་འབྲེལ་བ་གསུམ་དངོས་པོ་ཐ་དད་པ་ཀ་བ་བུམ་པ་སྣམ་བུ་བཞིན་དུ་ཡོད་པར་འགྱུར་


MR20_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དེ་འཛིན་གྱི་བློ་ཡང་ཐ་དད་དུ་འཛིན་པ་སྣ་ཚོགས་པའི་ཚུལ་དུ་འགྱུར་གྱི་མིང་དོན་བསྲེས་ནས་གཅིག་ཏུ་ཞེན་པར་མི་འགྱུར་ལ་དེ་ལྟ་ན་འབྲེལ་བ་དངོས་པོར་ཡོད་པ་དེས་མིང་དོན་འབྲེལ་བ་ལ་ཅི་ཞིག་ཕན་ཏེ་ཁོ་རང་རང་རྐྱ་བར་འགྱུར་རོ། །སྐྱོན་གཞན་ཡང་འབྲེལ་བ་དངོས་པོ་ཡིན་ཀྱང་དེས་མིང་དོན་འབྲེལ་བའི་རྟེན་བྱེད་ན་སྒྲ་དང་བརྗོད་བྱའི་རང་མཚན་ཐ་དད་པ་བཞིན་དུ་འབྲེལ་བ་དེ་སྙེད་དངོས་པོར་ཡོད་ན་བུམ་པའི་སྒྲ་གཅིག་གིས་བུམ་པའི་དོན་ཀུན་གོ་བ་དང་། བུམ་པ་གཅིག་ལ་སྐྱེས་བུ་དུ་མས་བུམ་པ་ཞེས་བརྗོད་པ་མི་འཐད་ལ། འབྲེལ་བ་ཞེས་པ་གཅིག་ལས་མེད་ན་བྱེ་བྲག་ཐ་དད་པའི་བུམ་པ་ལ་མིང་མི་འཇུག་པར་རིལ་གཅིག་ཏུ་འཇུག་པ་ཁོ་ནར་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ། །གལ་ཏེ་འབྲེལ་བ་དངོས་པོ་ཡིན་ཀྱང་མིང་དང་དོན་དེ་ལས་ཐ་དད་པའི་དངོས་པོ་མིན་ནོ་ཞེ་ན། དེ་ལྟ་ན་སྒྲ་དང་དོན་གྱི་རང་མཚན་དེ་ཉིད་ཡིན་པར་འགྱུར་ལ། དེ་གཉིས་ཐ་དད་པའི་ཕྱིར་འབྲེལ་བ་གང་ཡང་ཡོད་པར་མི་འགྱུར་རོ། །དེ་གཉིས་ཐ་དད་མིན་ན་ནི་མེ་བརྗོད་པས་ཁ་ཚིག་པར་འགྱུར་ལ་དེ་གཉིས་ཐ་དད་དུ་ཕྱོགས་སྔ་མས་འདོད་པའང་ཡིན་ནོ། །གལ་ཏེ་སྒྲ་དོན་ལས་ཐ་དད་དང་ཐ་དད་མིན་པ་གཉིས་ཀ་མིན་ནོ་སྙམ་ན། དངོས་པོ་གང་ལས་གཅིག་དང་ཐ་དད་པ་ཞེས་པ་འདི་ལས་གཞན་ཕུང་གསུམ་པའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ་དེ་གཉིས་ཕན་ཚུན་སྤངས་པ་ཡིན་པས་བར་ན་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡོད་ཀྱང་དབང་པོ་ལས་འདས་པ་སྟེ་མིག་དབང་ལ་སོགས་པ་བཞིན་ནོ་སྙམ་ན། དབང་པོ་རྣམས་ནི་འབྲས་བུ་ཤེས་པ་རྗེས་སུ་འགྲོ་ལྡོག་གིས་ཡོད་པར་འཇོག་ན། འདི་ནི་འབྲས་བུའི་སྒོ་ནས་མ་ཡིན་ཏེ་འབྲེལ་བ་ཉིད་མ་དམིགས་པར་དེའི་འབྲས་བུ་དམིགས་མི་སྲིད་པས་དབང་པོའི་ཡུལ་ལ་འདས་པའི་ཡོད་པ་ཞེས་པའང་དོན་མེད་དོ། །དེས་ན་འབྲེལ་བ་ཞེས་པ་གཅིག་


MR20_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐ་དད་དུ་མེད་ལ། སྒྲ་དང་དོན་གཉིས་ནི་དངོས་པོའི་ངོ་བོ་ཐ་དད་པ་མ་འདྲེས་པ་ཡིན་པའི་ཕྱིར་དོན་ལ་འབྲེལ་བ་མེད་ཀྱང་མིང་དོན་བསྲེས་ནས་འདི་འདིའི་མིང་ངོ་འདི་འདིའི་བརྗོད་བྱའོ་ཞེས་འབྲེལ་བ་ལྟར་སྣང་བ་ནི་གློ་བུར་གྱི་རྟོག་པས་བྱས་པ་ཡིན་ནོ། །དེ་ལྟར་འབྲེལ་བ་ཞེས་པ་རྟོག་པས་ཡོད་པར་བཏགས་པའམ་བཏགས་ཡོད་ཡིན་གྱི་གཞན་རྫས་སུ་ཡོད་པའམ་ཡོད་པའི་རྫས་ཡིན་ན་འབྲེལ་བ་རང་གི་ངོ་བོ་ཡོད་ཟིན་པ་དེ་གཞན་སྒྲ་དོན་ལ་རག་ལུས་པའམ། དེ་གཞན་སྒྲ་དོན་གྱི་བར་ན་འབྲེལ་བར་བྱེད་པ་དག་ཏུའང་ཇི་ལྟར་འགྱུར་ཏེ། ཀ་བུམ་ལས་དངོས་པོ་ཐ་དད་དུ་གྲུབ་པའི་སྣམ་བུ་དེ་ཀ་བུམ་ལ་རག་ལས་པའམ། ཀ་བུམ་གྱི་འབྲེལ་བར་ཡང་མི་འགྱུར་བ་བཞིན་ནོ། །དེས་ན་མིང་དོན་ལ་དངོས་འབྲེལ་གང་ཡང་མེད་བཞིན་མིང་གང་བཏགས་པ་དེ་དངོས་པོ་དེ་ལ་གྲུབ་པ་ལྟར་རྟོག་པ་གོམས་པའི་དབང་གིས་མིང་ལ་དོན་དང་དོན་ལ་མིང་དུ་འཁྲུལ་ཏེ་མིང་དོན་བསྲེས་ནས་འཛིན་པའི་རྟོག་པ་དེ་མེད་ན་མིང་ལས་དོན་གོ་བ་མི་སྲིད་དོ། །དེར་མ་ཟད་མིང་དང་ཚིག་དང་ངག་ཉིད་ཀྱང་རྟོག་པས་སྒྲོ་བཏགས་པ་ཡིན་ཏེ། གཞུང་གི་ཡི་གེ་སིལ་བུ་བ་རེ་རེ་ལ་ནི་གཞུང་དེའི་དོན་སྟོན་པ་མེད་པ་ཅན་དུ་འགྱུར་ཞིང་། ཡི་གེ་རིམ་པར་བཀོད་པའི་ཁྱད་པར་ལས་ས་ར་ཞེས་མཚོ་དང་ར་ས་ཞེས་རོ་ཡི་བརྡ་ལྟ་བུ་སོགས་དོན་གང་དང་གང་ཡིན་པ་ལ་དེ་གོ་བྱད་ཀྱི་བརྡ་ཡི་གེའི་འགོད་ཚུལ་མི་འདྲ་བ་བྱས་པ་ལ་དེ་དང་དེ་ཡི་མིང་ཞེས་བློས་བཏགས་པ་སྟེ། གྲངས་ཀྱི་ཁྱད་པར་གཅིག་ལ་སོགས་པ་ལ་གཟའ་ཉི་མ་ཞེས་པར་བཏགས་པ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ཚིག་ལ་སོགས་པ་སྟེ་ངག་ཐམས་ཅད་ཀྱང་བློས་ཀུན་ཏུ་བརྟགས་པ་ཙམ་གྱིས་དེ་དང་དེར་གྲུབ་པ་ལས་བློས་མ་བཏགས་པར་རང་གི་ངོ་བོ་མི་འགྲུབ་པས་དངོས་མེད་ཡིན་ཏེ་མིང་དུ་མ་འདུས་ནས་དེའི་བར་དུ་མཚམས་


MR20_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་རྐྱེན་བྱིན་པ་ལས་བུམ་པ་མི་རྟག་ཅེས་པ་ལྟ་བུ་ཚིག་འབྱུང་ལ། ཚིག་དུ་མ་ཚོགས་ནས་སྐབས་ཀྱི་དོན་སྟོན་པའི་ངག་མང་པོ་དང་ཉུང་ངུའི་རྒྱུན་ཇི་ལྟར་རགས་པར་འབྱུང་ངོ་། །དེ་ལྟ་བུའི་མིང་དང་ཚིག་དང་ངག་དེ་དག་ཡི་གེ་སིལ་བུ་བ་རྣམས་ལས་ཐ་དད་པ་མིན་ཏེ་ཡི་གེ་ལས་གཞན་དུ་མ་དམིགས་པའི་ཕྱིར་དང་། ཡི་གེ་དང་གཅིག་ཀྱང་མ་ཡིན་ཏེ་ཡི་གེ་ཚོགས་པ་ལས་དོན་དེ་སྟོན་གྱི་སིལ་བུ་བ་ཇི་ཙམ་ཚོགས་ཀྱང་དོན་མེད་པས་མིང་མ་ཡིན་ལ། ཚིག་ཀྱང་མིང་མ་ཚོགས་ན་མེད་ཅིང་། ངག་ཅེས་བྱ་བ་ཡང་ཚིག་མ་ཚོགས་པ་ལ་མེད་པའི་ཕྱིར་རོ། །ལྷན་ཅིག་ཏུ་ཚོགས་པ་ནི་མི་སྲིད་དེ་མིག་འབྱེད་པ་ཙམ་དུ་བརྗོད་པ་ཡི་གེ་ཐུང་ངུའི་ཡུན་ལའང་སྐད་ཅིག་དུ་མ་འདའ་བས་ན་ཡི་གེ་དུ་མ་རིམ་གྱིས་འབྱུང་བ་ལ་ལྟ་ཅི་སྨྲོས་ཏེ། སྒྲ་བློ་ནི་རིམ་གྱིས་སྐྱེ་འགག་བྱེད་པའི་ཕྱིར་རོ། །དེས་ན་ཡི་གེའི་བཀོད་པ་ལ་སོགས་པ་ལ་རྟོག་པས་གཅིག་ཏུ་བསྲེས་ནས་དེ་ལྟར་གདགས་པར་ཟད་དོ། །དེ་ལྟར་རྗོད་བྱེད་ཀྱི་བརྡ་ཉིད་ཀྱང་ཀུན་བརྟགས་ཙམ་ལས་རང་གི་དངོས་པོ་མེད་པ་དེ་ལ། དངོས་པོ་ཡི་ནི་བདག་ཉིད་དུ་འགྱུར་བའི་འབྲེལ་བ་འདི་ཇི་ལྟ་བུར་ནི་འཇུག་པར་འགྱུར་ཏེ། ནམ་མཁའི་མེ་ཏོག་རང་ཉིད་མ་གྲུབ་པ་ལ་དྲི་བསུང་གྲུབ་པ་མི་སྲིད་པ་བཞིན་ནོ། །གཉིས་པ་ཕྱོགས་ཆོས་མི་འགྲུབ་པ་ལ། རྟགས་སྒྲུབ་བྱེད་མེད་དམ་བཅའ་ཙམ་དུ་བསྟན། །ཆོས་ཅན་རིག་བྱེད་རྟག་པ་མི་འགྲུབ་པའོ། །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་ཉིད་དགག་པའོ། །དང་པོ། སྔར་གྱི་རྟགས་དེ་ལ་མ་བྱས་པ་ཞེས་པའི་རྟགས་རང་གི་ངོ་བོ་མ་གྲུབ་པས་ཕྱོགས་ཆོས་མི་གྲུབ་པ་དང་། ཆོས་ཅན་རིག་བྱེད་རྟག་པ་མ་གྲུབ་པས་ཀྱང་ཕྱོགས་ཆོས་


MR20_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲུབ་པའི་སྐྱོན་གཉིས་སུ་ཡོད་པ་ལས། དང་པོ། རིག་བྱེད་ཀྱི་སྒྲ་མ་བྱས་པ་ཞེས་པ་དེ་ལ་སྒྲུབ་བྱེད་གང་ཡང་མེད་པས་ན་རྟགས་དེ་མ་གྲུབ་བོ་ཞེས་བརྗོད་པ་ན། ཕ་རོལ་པོས་སྒྲུབ་བྱེད་སྨྲས་པ། ཐོག་མ་མེད་པ་ནས་ཡོད་པའི་རིག་བྱེད་འདི་ཡི་བྱེད་པ་པོ་རྣམས་འདི་ཡིན་ཞེས་མི་དྲན་པའི་ཕྱིར་ན་རིག་བྱེད་ནི་སྐྱེས་བུས་མ་བྱས་ཞེས་ཀྱང་འདོད་དོ་ལོ། །ཀྱང་གི་སྒྲས་ནི་བདེན་པའི་དོན་ཅན་སྡུད་ལ་ལོ་ནི་མ་རངས་པའི་ཚིག་གོ། །མི་རིགས་པའི་སྨྲ་བ་འདི་ལའང་དེའི་ལུགས་འཛིན་པ་ཤེས་པར་རློམ་པ་དག་གིས་དེ་བདེན་ནོ་སྙམ་དུ་རྗེས་སུ་བརྗོད་པ་ཡོད་པ་དེས་ན་རྟགས་མ་གྲུབ་ཅིང་མ་ངེས་པ་ལ་དེ་ལྟར་མི་ཤེས་པ་རྨོངས་པའམ་ངན་པའི་མུན་པས་ཁྱབ་ཅིང་མཆེད་པར་བྱེད་དོ། །གཞན་ཡང་ཇི་ལྟར་ད་ལྟ་རིག་བྱེད་འདོན་པའི་སྐྱེས་བུ་འདི་སློབ་དཔོན་གཞན་ལས་ཀློག་སློབ་པ་སོགས་མ་ཐོས་པར་ནི་ཡི་གེ་བཀོད་པ་མིང་ཚིག་དང་། ཚིག་བཀོད་པ་དག་ནི་བརྗོད་པའམ་འདོན་པའི་ནུས་པ་མེད་པ་དེ་ལྟར་གཞན་སྔོན་གྱི་སློབ་དཔོན་བརྒྱད་པ་སོགས་རིག་བྱེད་བྱེད་པ་པོར་ཁ་ཅིག་གིས་འདོད་པ་དག་ལའང་གཞན་གྱིས་སློབ་དགོས་པར་གྲུབ་པས་རིག་བྱེད་ནི་ཐོག་མ་མེད་པ་སུས་ཀྱང་མ་བྱས་པའོ་ཞེས་དཔྱོད་པ་པ་འགའ་ཞིག་སྨྲའོ། །གཉིས་པ་ལ། རྟགས་དེས་བསྒྲུབ་བྱ་ཅུང་ཟད་མི་འགྲུབ་ཚུལ། །རྟགས་དེ་ཕྱོགས་ཆོས་གྲུབ་ན་ཧ་ཅང་ཐལ། །དང་པོ། རྟགས་དེ་མ་བྱས་པ་ལ་འཁྲུལ་བར་བསྟན། །ཐོག་མེད་ཙམ་དུ་གྲུབ་ཀྱང་དགོས་མེད་པའོ། །དང་པོ། བྱེད་པ་པོ་རྣམས་མི་དྲན་པ་ཞེས་པའང་དོན་མེད་དེ་སུས་ཀྱང་མི་དྲན་པ་ནི་མ་ཡིན་ཏེ་སངས་རྒྱས་པས་བརྒྱད་པ་དང་། མིའུ་ཐུང་དང་། མིའུ་ཐུང་ལྷ་དང་། སྣ་ཚོགས་བཤེས་གཉེན་སོགས་ཀྱིས་བྱས་པར་དྲན་ལ། བྱེ་བྲག་པའི་སྟོན་པ་གཟེགས་ཟན་སོགས་ཀྱིས་


MR20_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིག་གི་སྙིང་པོ་སྟེ་ཚངས་པས་བྱས་པར་དྲན་པ་ཡིན་ནོ། །འགའ་ཞིག་གིས་མ་དྲན་པས་མ་བྱས་པར་འགྱུར་ན་ཕ་མེས་ཀྱི་ཁྲོན་པ་རྙིང་པ་སོགས་ཀྱང་མ་བྱས་པར་ཐལ་ལོ། །སངས་རྒྱས་པས་དེ་ལྟར་དྲན་པ་ནི་རྫུན་ཡིན་ནོ་སྙམ་ན། གཞུང་སྐྱེས་བུས་བྱས་པར་འདོད་པ་གཞན་དྲན་པའང་རྫུན་དུ་འགྱུར་ཏེ་དེ་གཉིས་ལ་བྱས་མ་བྱས་ཀྱི་ཁྱད་པར་གྱི་རྟགས་མེད་པས་སོ། །ཇི་ལྟར་མེད་ན། སྡེབ་སྦྱོར་མཁན་ནག་མོའི་འབངས་ཞེས་བྱ་བས་བྱས་པར་འདོད་པ་གཞོན་ནུ་འབྱུང་བ་ཞེས་བྱ་བ་ལྟ་བུ་གསར་དུ་སྐྱེས་བུས་བཀོད་པའམ་སྤེ༷ལ་བ་ཡི་ནི་གཞུང་གཞན་ཡང་། སློབ་དཔོན་སྔ་མས་ཀློག་བསླབ་པ་སོགས་ཀྱི་མན་ངག་ཡོད་པ་ལས་གཞན་མེད་པ་ན་གཞན་དག་གིས་རང་གར་འདོན་པ་གང་དུ་མཐོང་སྟེ་མ་མཐོང་བ་གང་གིས་ན། དེ་ཡང་རིག་བྱེད་དེ་ལྟར་མ་བྱས་པར་རྗེས་སུ་ཅིས་མི་དཔོག་སྟེ་དེ་གཉིས་འདྲ་བས་སོ། །སྤྱིར་གཞུང་གི་ཚིག་ཀློག་པ་ཙམ་ལའང་ཡི་གེའི་ཕྱི་མོ་སོགས་བསླབས་ནས་འཇུག་པ་དང་། གཞུང་གི་བརྡ་སྤྱི་དང་བརྡའི་ཁྱད་པར་རྟོགས་དཀའ་བ་ལ་འདི་ཞེས་གཞན་གྱིས་མ་བསླབས་ན་མི་ཤེས་པ་སྐྱེས་བུས་བྱས་པ་ལའང་ཡོད་པས་ན་རྟགས་དེ་སྐྱེས་བུས་མ་བྱས་པའི་སྒྲུབ་བྱེད་དུ་འགོད་པ་དོན་མེད་དེ། འབྲས་བུའི་རིགས་གང་ཞིག་རྒྱུ་གང་ལས་གྲུབ་པ་རྗེས་སུ་འགྲོ་ལྡོག་གི་ཚུལ་དམིགས་པས་ཚད་མས་མཐོང་བ་དེ་ཡུལ་དུས་ཀུན་ཏུ་ཡང་ཁྱད་པར་མེད་དེ། དཔེར་ན་དུ་བ་ཅན་གྱི་མེ་ཤིང་ལས་སྐྱེ་བ་འདིར་མཐོང་ན་གཞན་དུ་དེ་ལས་སྐྱེ་བ་འགྲུབ་པ་བཞིན། བརྗོད་འདོད་ཀྱི་དབང་གིས་དོན་སྣ་ཚོགས་སྟོན་པའི་གཞུང་རྣམས་ནི་སྐྱེས་བུའི་བསམ་སྦྱོར་གྱི་རྒྱུ་ལས་སྐྱེ་བར་ད་ལྟ་མཐོང་བས་ན། རྒྱུ་རྩོམ་པ་པོའི་གང་ཟག་དངོས་སུ་མ་མཐོང་བ་ཅན་གཞན་རིག་


MR20_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ངག་འདི་ཡང་། རྒྱུ་སྐྱེས་བུ་དེ་ལས་འབྱུང་བར་འགྱུར་བར་ཡང་དག་པར་ཤེས་ཏེ་ངག་རིགས་གཞན་དང་འདྲ་བས་སོ། །ལྷ་ཡི་རྔ་བོ་ཆེ་དང་རང་བྱུང་གི་ཡེ་གེ་སྣང་བར་གསུངས་པའང་སངས་རྒྱས་ཀྱི་བྱིན་བས་དང་གདུལ་བྱའི་དཀར་པོ་རྣམ་པར་འཕེལ་བའི་མཐུ་ལས་དེར་སྣང་བ་སྟེ་ལུང་དུ་སྟོན་པའི་ཚིག་ཡིན་པའི་ཕྱིར་རྟག་པ་དོན་བྱེད་ནུས་སྟོང་མ་ཡིན་ལ་སྐྱེས་བུས་མ་བྱས་པའང་མིན་ནོ། །སྔགས་ནས་བཤད་པའི་གཞོམ་མེད་ཀྱི་སྒྲ་ལ་སོགས་པ་ནི་འདིར་མི་བརྗོད་དེ་འདིར་ཚུར་མཐོང་གིས་གཞལ་ནུས་པའི་ཡུལ་ལ་སྒྲོ་འདོགས་བཅད་ནས་འགོག་པ་འདི་ཙམ་གྱིས་མུ་སྟེགས་བྱེད་ཀྱི་ལྟ་བ་ངན་པ་བཟློག་ནུས་ཀྱི་ཚུར་མཐོང་ལས་འདས་པའི་དོན་ཟབ་མོ་སྒྲུབ་པའི་ཚུལ་མུ་སྟེགས་བྱེད་ལ་མེད་དེ་དངོས་པོར་ཞེན་པའི་ཕྱིར་རོ། །དེས་ན་སློབ་པ་པོ་གཞན་སྔོན་དུ་སོང་བར་ངེས་པས་ཐོག་མེད་ནས་ཡོད་པའི་མ་བྱས་པར་འགྲུབ་ན་གཞོན་ནུ་འབྱུང་བ་སོགས་ཀྱང་དེས་མ་བྱས་ལ་ད་ལྟའི་གཞུང་འགོད་པ་དག་ལའང་། རྗེས་སུ་རྟགས་དེ་འཇུག་པས་དེ་ཡང་དེས་མ་བྱས་པར་འགྱུར་རོ། །གཞན་ཡང་མགྲོན་པོས་བཏང་བའི་མེ་མཆེད་པ་ན་མེ་སྔ་མ་སྔོན་སོང་ཡིན་ཀྱང་དེས་མེ་དེའི་ཡ་མཐའ་ཐུག་མེད་དུ་འགྲུབ་མི་ནུས་ཏེ་གཙུབ་ཤིང་གཙུབ་པའི་སྟོབས་ཀྱིས་ཀྱང་དེ་འབྱུང་སྲིད་པ་བཞིན་ད་ལྟ་བ་རྣམས་ཀྱིས་རིག་བྱེད་རང་སྟོབས་ཀྱིས་མ་ཤེས་ཀྱང་ཐོག་མའི་རིག་བྱེད་བྱེད་པ་པོ་འགའ་ཞིག་སློབ་དཔོན་མེད་པར་རང་ཉིད་ཀྱིས་ཤེས་ནས་འཆད་པའང་སྲིད་པ་ཡིན་ནོ། །དེ་མི་སྲིད་དེ་ད་ལྟའི་སྐྱེས་བུས་དེ་ལྟར་མི་ནུས་པའི་ཕྱིར་ཞེས་བསྒྲུབ་མི་ནུས་ཏེ། སྐྱེས་བུ་ཐམས་ཅད་ནུས་པ་མཉམ་པའི་ངེས་པ་མེད་དེ་གཅིག་གིས་ཤེས་པ་ཀུན་གྱིས་ཤེས་པ་མ་ཡིན་པས་མི་འདྲ་བ་སྣ་ཚོགས་སུ་མཐོང་བ་བཞིན་ཏེ། དཔེར་ན་དྲང་སྲོང་


MR20_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པས་ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ་ཞེས་པ་རང་གིས་ཤེས་ནས་བྱས་པར་འདོད་པ་དེ་ཡང་ད་ལྟ་གཞན་གྱིས་བསླབ་དགོས་པ་ལ་སོགས་པ་བཞིན་ནོ། །གཞན་ཡང་། རིག་བྱེད་ནི་རིག་བྱེད་ཡིན་ལ། གཞན་ལ་དེ་མེད་པས་རིག་བྱེད་ནི་མ་བྱས་པའོ་སྙམ་ན། ད་ལྟ་ཁ་བྱའམ་ཁ་གཏམ་བྱས་པ་གནའ་རབས་ཀྱི་ལོ་རྒྱུས་ལ་སོགས་པའི་ཚིག་ཀྱང་དེ་མིན་པ་གཞན་མིན་པས་ན་དེ་ཡང་མ་བྱས་པར་ཐལ་ལོ། །རིག་བྱེད་ནས་ལས་སྣ་ཚོགས་བྱེད་པའི་སྔགས་བསྟན་ལ། སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་དོ་སྙམ་ན། བདེན་པ་དང་དཀའ་ཐུབ་ལྡན་པའི་སྐྱེས་བུས་སྔགས་བྱས་པ་ནི་སངས་རྒྱས་པ་ལ་སོགས་པའི་གཞུང་དུའང་ཡོད་ན་དེ་ཡང་མ་བྱས་པར་འགྱུར་རོ། །སངས་རྒྱས་པའི་སྔགས་དག་ཀྱང་དུག་ལ་སོགས་པ་ཞི་བའི་ནུས་པ་མངོན་སུམ་གྲུབ་ན་ནུས་ལྡན་གྱི་སྔགས་བསྟན་པའི་གཞུང་དེ་སྐྱེས་བུས་མ་བྱས་པར་ཁས་ལེན་པ་དོན་མེད་དོ། །སངས་རྒྱས་པའི་གཞུང་གི་སྔགས་སྔགས་མ་ཡིན་ནོ་སྙམ་ན་སྒྲུབ་བྱེད་མེད་པར་མནའ་ཆུ་བཏུང་དགོས་པ་ཙམ་དུ་ཟད་དོ། །གཞན་ཡང་ཕྱག་རྒྱ་དང་བསམ་གཏན་ལ་སོགས་པ་ཡི་གེ་མེད་པ་དག་གིས་ཀྱང་ལས་བྱེད་པ་ཡོད་ན་དེ་དག་ཀྱང་སྐྱེས་བུས་མ་བྱས་པར་འགྱུར་རོ། །སྐྱེས་བུས་སྔགས་བྱེད་ནུས་ན་ཐམས་ཅད་ཀྱིས་ཅི་ཕྱིར་མི་བྱེད་སྙམ་ན། སྐྱེས་བུ་གཅིག་སྙན་དངགས་བྱེད་པའི་ཕྱིར་ཐམས་ཅད་ཀྱིས་ཅི་ཕྱིར་མི་བྱེད། མི་བྱེད་ན་གཅིག་ཀྱང་མི་བྱེད་པར་འགྱུར་ཞེས་སྨྲ་བ་ལྟར་གྱི་ན་སྟེ། ནུས་པ་ཁྱད་པར་དང་ལྡན་པའི་སྐྱེས་བུ་ཡོད་པ་ལ་འགལ་བ་ཅན་གྱི་ཚད་མ་མི་འཇུག་པས་རང་གི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པ་ཙམ་གྱིས་དེ་འགོག་པར་རིགས་པ་མ་ཡིན་ནོ། །སྐྱེས་བུ་ཁྱད་


MR20_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པར་བ་ཁེགས་མི་ནུས་པར་བསྟན་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་སྲིད་པར་བསྒྲུབ་པ་ལའང་ལན་ངེས་པར་བསྟན་པ་ཡིན་ནོ། །དེ་ལྟར་ན་རིག་བྱེད་དེ་ལའང་སྐྱེས་བུས་བྱས་པའི་འབྲས་བུར་མཚུངས་པ་མཐོང་བའི་ཕྱིར་བྱས་མ་བྱས་ཀྱི་ཁྱད་པར་ཡོད་པའི་གཏན་ཚིགས་དག་ནི་མ་བསྟན་པར། མི་དྲན་པ་དང་ཐོག་མ་མེད་པ་སོགས་གཏན་ཚིགས་ལྟར་སྣང་བ་རབ་ཏུ་སྤྲོས་པ་གང་ཡིན་པ་དེ་དག་ཐམས་ཅད་མ་བྱས་པ་དེ་སྒྲུབ་པ་ལ་མ་ངེས་ཤིང་མ་གྲུབ་པའི་འཁྲུལ་པ་ཅན་འབའ་ཞིག་ཡིན་ནོ། །གཉིས་པ་ནི། གལ་ཏེ་རིག་བྱེད་འདི་རྣམ་པ་ཀུན་ཏུ་ཐོག་མ་མེད་པ་ཙམ་དུ་གྲུབ་པར་གྱུར་དུ་ཆུག་མོད། དེ་ལྟར་ཡིན་ནའང་སྐྱེས་བུ་མིན་པའི་རྟེན་ཅན་ཏེ་སྐྱེས་བུས་མ་བྱས་པ་མིན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མེད་ཙམ་ཡིན་པ་དེ་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ཡིན་པར་གྱུར་ན། འཇིག་རྟེན་གྱི་ཐ་སྙད་གཞན་ཤིན་ཏུ་མང་པོ་ཡང་མི་ལ་མི་བརྟེན་པའམ་སྐྱེས་བུས་མ་བྱས་པར་འགྱུར་ཏེ་དེ་དག་ཐོག་མ་མེད་པས་སོ། །དེ་ལྟ་ན་ཀླ་ཀློ༷་ལ་སོགས་པའི་ཐ་སྙད་དང་རྒྱང་འཕེན་པས་འཇིག་རྟེན་སྔ་ཕྱི་དང་རྒྱུ་འབྲས་སོགས་མེད་པར་སྨྲ་བའི་ཚིག་རྣམས་ཀྱང་ཐོག་མ་མེད་པའི་ཕྱིར་ན་རིག་བྱེད་དེ་བཞིན་ཏུ་མ་བྱས་པར་འགྱུར་རོ། །དེ་དག་ཐོག་མ་མེད་པ་མ་གྲུབ་སྙམ་ན་མི་འཐད་དེ། བྱིས་པའི་ས་རྡུལ་གྱི་རྩེད་མོ་དང་འདྲ་བར་སྔ་མ་སྔ་མ་མཐོང་ནས་འཇིག་རྟེན་གྱི་ཐ་སྙད་འཇུག་པ་ཡིན་ལ། གཞན་ཡང་མེད་པར་སྨྲ་བ་སོགས་ཀྱང་ཐོག་མེད་ནས་གོམས་པའི་བག་ཆགས་གང་ཞིག །སད་པར་བྱེད་པའི་རྐྱེན་ལས་འབྱུང་བ་སོགས་མདོར་ན་སྔོན་གྱི་རྒྱུ་ལས་འདུས་བྱས་པའི་རྒྱུ་ཅན་ནམ་རྒྱུ་མཚན་ཅན་ཡིན་ཏེ། རྒྱུ་མེད་པར་འབྱུང་མི་ཤེས་པའི་རིགས་པས་གྲུབ་ལ། རྒྱུ་དེ་


MR20_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་རྒྱུ་སྔ་མ་སྔོན་དུ་སོང་བས་ཐུག་མེད་གྲུབ་པའི་ཕྱིར་རོ། །དེ་ལ་ཀླ་ཀློ་ལ་གྲགས་པའི་ཐ་སྙད་ནི་ཕ་ཤི་བ་ན་བུ་ཐུ་བོས་མ་བག་མར་ལེན་པ་དང་། འཁོར་བ་ལས་ཐར་པར་བྱ་བའི་ཕྱིར་རྒན་རབས་བསད་པར་བྱ་བ་དང་ཚེས་བཅུ་གསུམ་ལ་འདོད་པའི་དགའ་སྟོན་བྱ་བ་དང་། བུ་ཡི་བཙས་སྟོན་ལ་སོགས་པའི་ཐ་སྙད་དོ། །ལོག་པའི་ཐ་སྙད་དེ་འདྲའི་ངག་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་ནའང་དེ་ལ་བདེན་པའི་དོན་ཅན་གྱི་ཡོན་ཏན་ཅི་ཞིག་ཡོད་དེ་གང་ཡང་མེད་དོ། །གཞན་ཡང་རིག་བྱེད་ཀྱི་དོན་ནི་འཆད་པ་པོ་དེས་བརྗོད་པ་དང་། དཔྱོད་པ་པ་དང་། བརྡ་སྤྲོད་པ་ལ་སོགས་པའི་དོན་འཆད་ཚུལ་གྱི་རྟོག་པའི་འདུ་བྱེད་པ་མི་འདྲ་བའི་དབང་གིས་ཁྱད་པར་ཐ་དད་པ་དུ་མར་ཡོད་པ་རྣམས་མཐོང་བའི་ཕྱིར་རིག་བྱེད་ཀྱི་དོན་གཅིག་ཏུ་བདེན་པར་ངེས་པ་ལ་ཐེ་ཚོམ་ཟ་བ་དག་ཀྱང་ཡིན་ནོ། །གལ་ཏེ་རིག་བྱེད་ཀྱི་སྒྲ་དང་རྐྱེན་དག་ནི་རང་གི་བསྟན་བྱའི་དོན་ལ་གཅིག་ཏུ་ངེས་སོ་ཟེར་ན། རང་བཞིན་དང་རྐྱེན་དག་གིས་འཇུག་ཡུལ་ལ་འཆད་པ་པོའི་རྟོགས་པ་སྐྱེ་ཚུལ་སྣ་ཚོགས་མི་རུང་ན་འཆད་ཚུལ་མི་འདྲ་བ་འབྱུང་བར་མི་སྲིད་དོ། །ཡོངས་སུ་གྲགས་པས་འཁྲུལ་མི་སྲིད་པའང་མ་ཡིན་ཏེ་ཡོངས་སུ་གྲགས་པ་མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲ་ཡང་མ་གྲགས་པའི་དོན་གཞན་གྱི་རྗོད་བྱེད་དུ་འདོད་པ་དང་། ཡོངས་སུ་མ་གྲགས་པའི་བརྡ་ཡང་མང་དུ་ཡོད་ལ། དེའི་དོན་སྐྱེས་བུས་བསྟན་པ་ལ་རག་ལས་ཤིང་། དེ་ཡང་དེའི་ཞེ་འདོད་ལ་རག་ལས་པས་ན་རིག་བྱེད་རང་གི་ངོ་བོས་བདེན་པ་ཅན་ཞེས་པ་ཇི་ལྟ་བུ་ཡིན་པ་ཐེ་ཚོམ་གྱི་གནས་སོ། །གཉིས་པ་རྟགས་དེ་ཕྱོགས་ཀྱི་ཆོས་སུ་གྲུབ་ན་ཧ་ཅང་ཐལ་བ་ལ། ངག་རྣམས་ཀུན་ཀྱང་མ་བྱས་


MR20_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འགྱུར་ཚུལ། །དེ་ཡི་རྟགས་དོན་རིགས་པས་སྒྲུབ་པའོ། །དང་པོ། རིག་བྱེད་མ་བྱས་པར་གྲུབ་ན་ཧ་ཅང་ཐལ་ཏེ་རིག་བྱེད་ཀྱི་ཡིག་འབྲུ་ཨ་ལ་སོགས་པ་རྣམས་ནི་གཞན་འཇིག་རྟེན་གྱི་ཐ་སྙད་བརྗོད་པ་ཀུན་གྱི་ཡི་གེ་དང་ཁྱད་མེད་པའི་ཕྱིར་འཇིག་རྟེན་གྱི་ངག་དེ་ཀུན་མ་བྱས་པར་སྒྲུབ་པར་བྱེད་ན་དེ་ལ་དགོས་པའམ་འབྲས་བུ་ཅིར་འགྱུར་ཏེ་དེ་ཀུན་བདེན་པའི་དོན་ཅན་དུ་སྒྲུབ་པ་ཡིན་ནམ་ཅི། དེ་ལྟར་རིག་བྱེད་ཡིན་མིན་ཀུན་ཀྱང་བདེན་པར་གྱུར་ན་རིག་བྱེད་དེ་ཁོ་ན་བདེན་པར་སྒྲུབ་པའི་རྟགས་སུ་བཀོད་པ་དེ་ལ་དགོས་པ་གང་ཡང་མེད་པར་འགྱུར་རོ། །ཅི་སྟེ་ཡི་གེ་ཁྱད་མེད་ཀྱང་དོན་ཁྱད་པར་ཅན་སྟོན་པའི་རིག་བྱེད་ཀྱི་ངག་མ་བྱས་སོ་སྙམ་ན། ངག་ཅེས་པ་ནི་ཡི་གེ་ལས་ཐ་དད་པར་ཡོད་པ་མིན་ཏེ་ཡོད་ན་སྣང་དུ་རུང་བ་ལ་ཡི་གེ་རེ་རེ་བ་བསལ་བའི་ཤུལ་ན་བློ་མ་འཁྲུལ་བར་གཏད་དུ་ཟིན་ཀྱང་མ་དམིགས་པའི་ཕྱིར་རོ། །གཉིས་པ་ལ། ཡི་གེ་ལས་གཞན་ངག་རྫས་མ་གྲུབ་དང་། །དེ་ལས་གཞན་པའི་རིམ་པ་མ་གྲུབ་པའོ། །དང་པོ་ལ། ཆ་བཅས་ཆ་མེད་གང་ཡིན་བརྟགས་ལ་དགག །རྟག་དང་མི་རྟག་བརྟགས་ནས་འགོག་པ་དང་། །ཁྱབ་དང་མ་ཁྱབ་བརྟགས་ནས་དགག་པའོ། །དང་པོ། ཕ་རོལ་པོ་དེ་དག་ན་རེ། ཡི་གེ་ལས་གཞན་པའི་ངག་རྫས་སུ་མེད་པ་མ་གྲུབ་སྟེ། ཡི་གེ་སིལ་བུས་དོན་མི་སྟོན་ལ་ངག་གིས་དོན་སྟོན་པའི་ཕྱིར་ངག་ནི་ཡི་གེ་ལས་ཐ་དད་དུ་ཡོད་དོ་ཟེར་ན། བརྟག་པ་གསུམ་ལས་དང་པོ། ངག་དེ་ཆ་བཅས་ཡིན་ནམ་ཆ་མེད་ཡིན། ཡན་ལག་དུ་མའི་ཆ་དང་བཅས་པའི་བདག་ཉིད་ཡིན་ནོ་ཞེ་ན། ཆ་དེ་རྣམས་ཐ་དད་པར་གནས་པའི་རེ་རེ་ལ་ངག་གི་དོན་མེད་པ་ཉིད་དེ་མིང་རེ་རེ་ལ་ཚིག་གི་དོན་མེད་ལ་


MR20_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་རེ་རེ་ལ་མིང་གི་དོན་མེད་པ་བཞིན་ནོ། །དེས་ན་ཆ་རེ་རེ་ལ་ངག་ཏུ་བཏགས་པ་ནི་ངག་དེ་ཡི་དངོས་པོ་ཅན་མིན་པ་ལ་ངག་དེ་ཡི་དངོས་པོ་ཅན་དུ་སྒྲོ་བཏགས་པ་སྟེ། དཔེར་ན་དབྱིབས་སམ་རྩལ་ཆེ་བ་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཉིད་དུ་བཏགས་པ་དང་བློ་རྣོ་བ་ལ་མེ་ཞེས་བཏགས་པ་ལ་སོགས་པ་བཞིན་ཏེ་དེ་ལ་སེང་གེ་དང་མེའི་དངོས་པོ་ཅུང་ཟད་མེད་པ་བཞིན་ནོ། །ཆ་རེ་རེའང་ངག་གི་དོན་དང་བཅས་པ་ཉིད་ཡིན་ནའང་ཁྱོད་རང་གིས་ངག་ནི་ཆ་དུ་མ་ཉིད་དུ་ཡོད་དོ་ཞེས་བཏགས་པ་ནི་ལོག་པ་ཡིན་ཏེ། ཆ་གཅིག་པུ་དེ་ངག་ཡིན་པའི་ཕྱིར། དེ་ལྟ་ན་ངག་གི་ཆའམ་ཡན་ལག་གང་ཡང་རུང་བའི་ཕྱོགས་གཅིག་ནི་རྟོགས་པས་ཀྱང་ངག་གི་དོན་མཐའ་དག་རྟོགས་པར་འགྱུར་རོ། །མི་སྐྱོན་ཏེ་ཆ་རེ་རེའང་ངག་གི་ཕྱོགས་གཅིག་ཡིན་ལ་དེ་ཐམས་ཅད་བསྡོམས་པ་ན་ངག་གི་རྫས་ཞེས་བྱ་བ་རིལ་པོ་དེ་ཡིན་པས་ངག་གི་ཆ་ཀུན་རྫོགས་པ་ན་ངག་གི་དོན་ཐམས་ཅད་ཅིག་ཅར་རྟོགས་པ་ཡིན་ནོ་ཞེ་ནའང་། ངག་རིལ་པོ་ཆ་མེད་ཅིག་ཅིག་ཅར་རྟོགས་རྒྱུ་ཡོད་ན་དེ་རྟོགས་པ་ལ་དུས་ཀྱི་གོ་རིམ་མི་རུང་བས། ངག་གི་ཆ་རྣམས་རིམ་གྱིས་ཐོས་པས་ཟླ་ཞག་དང་ལོར་འཆད་པའི་དུས་ཀྱི་ཁྱད་པར་མི་རུང་ངོ་། །དེས་ན་ངག་གི་རྒྱུན་རྫོགས་པའི་སྐད་ཅིག་མཐའི་བར་དུ་ངག་མི་རྟོགས་ལ། ཐ་མའི་སྐད་ཅིག་གི་ཆ་ཁོ་ན་ངག་རྟོགས་པའི་རྒྱུ་མིན་ཏེ་ཡིན་ན་སྔ་མ་རྣམས་མེད་ཀྱང་དེ་ཁོ་ནས་རྟོགས་པར་ཐལ་ལོ། །སྔ་མ་རྣམས་དེ་ཡི་དུས་ན་མེད་དེ་འགག་པའི་ཕྱིར། སྔ་ཕྱི་བསྡོམས་པའི་ཁྱད་པར་ལ་ངག་ཅེས་རྟོག་པས་སྒྲོ་བཏགས་ཀྱི་ཡི་གེ་ལས་ཐ་དད་པའི་ངག་རྫས་གང་ཡང་མེད་དོ། །གལ་ཏེ་ངག་ནི་ཆ་མེད་པ་གཅིག་


MR20_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ནོ་ཞེ་ན་ཡང་དེ་ལ་ཆ་ཐ་དད་མེད་པའི་ཕྱིར་ངག་དང་དོན་ཀྱང་རིམ་གྱིས་རྟོགས་པ་མི་སྲིད་པའི་ཕྱིར་མི་འཐད་དོ། །གཉིས་པ། ངག་དེ་རྒྱུའི་རྗེས་སུ་བྱེད་པ་མི་རྟག་པ་ཡིན་ནམ་མི་བྱེད་པ་རྟག་པ་ཡིན། མི་རྟག་པ་ཡིན་ན་ནི་རྒྱུའི་ཁྱད་པར་སྐྱེས་བུའི་རྩོལ་བ་ལས་བྱུང་བའི་ཕྱིར་དེ་ཅི་ཞིག་སྐྱེས་བུས་བྱས་པ་མིན་པར་འགྱུར་ཏེ་བྱས་པ་ཁོ་ནའོ། །གལ་ཏེ་རྟག་པ་ཉིད་ཡིན་ན་ཡང་ངག་དེ་དུས་རྟག་པར་ནི་ཉན་ཤེས་ཀྱིས་དམིགས་པར་འགྱུར་ཏེ་ཉན་ཤེས་ཀྱི་ཡུལ་དེ་རྟག་པ་གང་ཞིག་དེ་ལ་གེགས་བྱེད་པ་སྒྲི༷བ་གཡོགས་དག་ཀྱང་མེད་པའམ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་མི་སྲིད་ན་རྟག་པ་དེ་སྔར་གྱི་རང་བཞིན་ལས་གཡོ་མི་སྲིད་ལ་རྐྱེན་གཞན་གྱིས་གནས་སྐབས་གཞན་དང་གཞན་དུ་བསྒྱུར་མི་ནུས་པ་ཡིན་པར་གོང་དུའང་དཔྱད་ཟིན་ཏོ། །གལ་ཏེ་སྒྲིབ་གཡོགས་ཀྱིས་རྟག་པ་དེ་ཟིལ་གྱིས་མནན་ནས་མི་ཐོས་པ་མིན་ཀྱང་དེ་ཐོས་པའི་ལྷན་ཅིག་བྱེད་རྐྱེན་རྩོལ་བ་སོགས་འགའ་ཞིག་མ་ཚང་བས་ཐོས་པ་མིན་ནོ་ཞེ་ན། ཅིས་ཀྱང་སྟེ་ངེས་པར་རྐྱེན་གཞན་ལ་ལྟོས་པ་ཡིན་པ་ནི་སླ་སྟེ་རང་རེ་གཉིས་ཀས་འདོད་མོད། འོན་ཀྱང་སྒྲ་རང་གི་ངོ་བོ་རྟག་པར་ངེས་པ་ཉིད་དུ་དམ་བཅས་པ་དག་ནི་ཚིག་དེ་དང་འགལ་བ་ཡིན་ཏེ། རྟག་པ་རྐྱེན་གཞན་ལ་ལྟོས་པ་མི་རུང་ཞིང་ལྟོས་ན་ཁྱད་པར་གཞན་དང་གཞན་ཐོབ་པར་འགྱུར་བར་དཔྱད་ཟིན་ཏོ། །གསུམ་པ། ངག་དེ་ཕྱོགས་དུས་ཐམས་ཅད་དུ་མ་ཁྱབ་པ་ཞིག་གམ་ཁྱབ་པ་ཞིག་ཡིན། གལ་ཏེ་དེ་དག་ཕྱོགས་དུས་ཐམས་ཅད་དུ་ཁྱབ་པར་བྱེད་པ་མིན་ན་གང་དུ་གནས་པའི་ཡུལ་དུས་ཉི་ཚེ་བ་དེ་ལས་ཐམས་ཅད་དུ་ནི་དམིགས་པར་མི་འགྱུར་ནའང་རིག་བྱེད་ཀྱི་ངག་ལ་སོགས་པ་ནི་ཡུལ་གཅིག་ཏུ་ཐོས་པའི་ངེས་པ་མེད་པས་


MR20_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་དོ། །གལ་ཏེ་ཀུན་དུ་ཁྱབ་པ་ཡིན་ན་ཡུལ་དུས་ཀུན་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཅིག་ཅར་དུ་ཐོས་ཤིང་དམིགས་པ་ངག་ཏུ་འགྱུར་ཏེ་ཉན་ཤེས་ཀྱིས་དམིགས་སུ་རུང་བའི་ངག་དེ་ཐམས་ཅད་ན་ཁྱབ་པར་ཡོད་པའི་ཕྱིར་ཕྱོགས་འདི་ན་གྲགས་བཞིན་པའི་དུང་སྒྲ་བཞིན་ནོ། །ཐམས་ཅད་དུ་ཡོད་ཀྱང་ཅིག་ཅར་དམིགས་པར་མི་འགྱུར་ཏེ་རྩོལ་བ་སོགས་རྐྱེན་གྱིས་འདུས་བྱས་པ་ལས་སྒྲ་དེ་དམིགས་པའམ་ཐོས་པ་ཡིན་ནོ་ཞེ་ན་ཡང་། རྟག་པ་འགྱུར་མེད་ཀྱི་ངག་དེ་ནི་རྐྱེན་གང་གིས་གསར་དུ་འདུ་བྱེད་པར་འགྱུར་ཏེ་རང་གི་ངོ་བོ་གྲུབ་ཟིན་པར་དེ་ན་ཡོད་པས་སོ། །ངག་རྟག་པ་འདུ་བྱེད་པ་མིན་ཀྱང་དེ་ཐོས་པའི་རྐྱེན་རྣ་བའི་དབང་པོ་དག་རྩོལ་པ་སོགས་རྐྱེན་གྱིས་ལེགས་པར་བྱས་པ་ལས་ཁྱབ་པའི་སྒྲ་དེ་ཐོས་པར་གྱུར་པ་ཡིན་ནོ་ཞེ་ན། རྐྱེན་གྱིས་སྒྲ་ཐོས་སུ་རུང་བར་ལེགས་པར་བྱས་པའི་དབང་པོ་དེས་ཀྱང་དེ་ན་ཁྱབ་པའི་སྒྲ་མ་ལུས་པ་ཐོས་པར་འགྱུར་ཏེ་མིག་གི་སྒྲིབ་གཡོགས་བསལ་བ་ན་མདུན་ན་གནས་པ་ཐམས་ཅད་མཐོང་བ་བཞིན་ནོ། །གལ་ཏེ་ལེགས་པར་བྱས་པའི་རྐྱེན་གྱི་ཁྱད་པར་མི་འདྲ་བ་སོ་སོ་ཡོད་པ་ལས་དབང་པོས་ལ་འཛིན་པའི་ནུས་པའང་ཐ་དད་པ་ཡིན་གྱི་གཅིག་མ་ཡིན་པའི་ཕྱིར་བུམ་པ་ཞེས་བརྗོད་པ་ལྟ་བུའི་སྒྲ་གཅིག་གི་དོན་གཅིག་ཐོས་པར་ངེས་པ་ཡིན་གྱི་ཐམས་ཅད་ཐོས་པ་མིན་ནོ་ཞེ་ན། སྐྱེ་བོ་དུ་མས་ལྷན་ཅིག་གླུ་ལེན་པ་དང་རྔ་དང་གླིང་བུ་ལ་སོགས་པའི་སྒྲ་ཡི་ཚོགས་པ་དུ་མ་ཡི་ཅ་ཅོ་དེ་རྣ་དབང་གཅིག་གིས་གཅིག་ལ་ཇི་ལྟར་ཐོས་པར་འགྱུར་ཏེ་དབང་པོ་ནི་ཡུལ་སྒྲ་གཅིག་ལ་ངེས་པར་འཇུག་པར་ཁས་བླངས་པའི་ཕྱིར་རོ། །འདོད་ན་མངོན་སུམ་གྱིས་བསལ་ཞིང་སྒྲ་རིམ་གྱིས་ཐོས་ཀྱང་མྱུར་བས་ཅིག་ཅར་ཐོས་པར་སྣང་བ་ཡིན་ནོ་སྙམ་ན། གླིང་བུ་སོགས་ཀྱི་སྒྲ་ལའང་


MR20_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅར་ཐོས་པའི་སྣང་བ་འབྱུང་བར་འགྱུར་ཏེ་དེ་གཉིས་སྐད་ཅིག་མ་རིམ་གྱིས་ཐོས་བ་ལ་ཁྱད་མེད་ཅིང་འཇུག་པ་མྱུར་བ་ལའང་ཁྱད་མེད་པའི་ཕྱིར་དང་གཞན་ཡང་འོག་ནས་ཀྱང་འཆད་པར་འགྱུར་རོ། །གལ་ཏེ་དབང་པོ་ཡུལ་གཅིག་ལ་ངེས་ཞེས་པ་དེ་ཚིག་འབྲུ་གསལ་པོར་རྗོད་པའི་སྒྲ་ལ་ཡིན་གྱི་སྒྲ་ཙམ་ལ་མ་ཡིན་ཏེ་སྒྲ་ཙམ་དུ་མ་ལྷན་ཅིག་ཐོས་རུང་ངོ་ཞེ་ན་དུ་མས་གླུ་ལེན་པ་ལྷན་དུ་ཐོས་ཚེ་ཚིག་འབྲུ་ལས་གཞན་པའི་སྒྲ་དུ་མ་ཇི་ལྟར་ཐོས་ཞེས་དྲིས་པ་ན། ཅ་ཅོ་དེ་ལ་གལ་ཏེ་ཚིག་འབྲུ་ལས་གཞན་དུ་དོན་མི་སྟོན་པའི་སྒྲ་ཙམ་ཡན་གར་དུ་ཐོས་པར་འགྱུར་གྱི་རྗོད་བྱེད་ངག་གི་སྒྲ་ནི་ཐོས་པ་མ་ཡིན་པས་ཡུལ་གཅིག་ཏུ་མི་ངེས་པའི་སྐྱོན་མེད་ཅེ་ན། སྒྲ་ཙམ་ལས་ཐ་དད་དུ་ཚིག་འབྲུ་ཡོད་དོ་ཞེས་བྱ་བ་འདི་ལ་ཤིན་ཏུ་ཆེས་དད་པར་བྱ་བ་ཞིག་ཏུ་འདུག་གོ་ཞེས་ཤིན་ཏུ་ཆེས་མི་དད་པར་སྟོན་པའི་བསྟིང་ཚིག་གོ། །དེ་ཡང་ཚིག་འབྲུ་ཅན་གྱི་སྒྲ་ལ་ཚིག་འབྲུ་དེ་བཞག་ནས་དེ་ཡི་སྒྲ་ཐ་དད་དུ་ཕྱེ་བ་ཡོད་པ་ནི་ངོ་མཚར་རྨད་དུ་བྱུང་བ་སྟེ་སྒྲ་མེད་པའི་ཚིག་འབྲུ་ཡོད་པར་འདོད་པའི་ཕྱིར་རོ། །དེ་ཡང་སྒྲ་གཞན་དག་ནི་མི་ཐོས་པར་གནས་པ་ན་སྒྲ་མེད་པར་སྒྲ་ལས་ཡན་གར་དུ་རྗོད་བྱེད་ཇི་ལྟར་ཐོས་པ་ཡིན་ཏེ་སྒྲ་མེད་པར་ཉན་ཤེས་ཀྱི་ཡུལ་དུ་རྗོད་བྱེད་ཐོས་པ་ཡ་མཚན་པ་ཞིག་གོ། །ཡང་ན་ནི་སྔར་དབང་པོ་ལེགས་པར་བྱས་པའི་ནུས་པ་ནི་རྗོད་བྱེད་ཀྱི་སྒྲ་གཅིག་ལ་ངེས་པ་ཡིན་ནོ་ཞེས་འདོད་པའི་ཕྱིར། ཇི་ལྟར་ན་ཅ་ཅོ་ཐོས་པའི་ཚེ་རྗོད་བྱེད་ལས་ཐ་དད་པའི་སྒྲ་དུ་མ་ལྷན་ཅིག་རྟོགས་པར་འགྱུར་ཏེ་སྐྱེས་བུ་གཅིག་གིས་བརྗོད་པ་ན་རྗོད་བྱེད་དང་སྒྲ་གཉིས་ཀ་ལ་ནུས་པ་ངེས་ལ་དུ་མས་བརྗོད་པ་ན་སྒྲ་ལ་ངེས་ཀྱི་རྗོད་བྱེད་ལ་མི་ངེས་པ་མི་འཐད་དོ། །དཔྱོད་པ་པ་ན་རེ། སྒྲ་ཙམ་ལས་རྗོད་བྱེད་ཀྱི་ངག་ཐ་དད་དུ་མ་གྲུབ་ཅེས་པ་མི་འཐད་དེ། སྒྲ་ལས་དོན་


MR20_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོགས་ཏེ་སྒྲ་སྔ་ཕྱིར་སྐྱེ་བ་ལྷན་ཅིག་ཏུ་མི་ཚོགས་ལ་དེའི་ཆ་ཤས་རེ་རེ་ལ་ངག་གི་དོན་མེད་ཅིང་། ཡི་གེ་རེ་རེའི་སྐད་ཅིག་ཆུང་ངུའི་ཆ་ཤས་ཀྱི་སྒྲས་དོན་གང་ཡང་མི་སྟོན་ནོ། །དེས་ན་རྗོད་བྱེད་ཀྱི་སྒྲ་གོ་རིམ་དང་ལྡན་པར་བྱུང་བའི་ཆ་ཡོངས་སུ་རྫོགས་པ་ནི་རྗོད་བྱེད་ཡིན་པས་སྒྲ་ལས་རྗོད་བྱེད་ཐ་དད་དུ་ཡོད་དོ་ཞེ་ན། ལྷན་ཅིག་ཏུ་མི་ཚོགས་པ་དང་ཆ་རེ་རེས་དོན་མི་སྟོན་པ་སོགས་ཉེས་པ་གང་དང་གང་གིས་ཀྱང་སྒྲ་ཙམ་རྗོད་བྱེད་དུ་མི་འདོད་པ་ཁྱོད་རང་ལའང་སྔ་ཕྱི་རིམ་འབྱུང་གི་སྒྲ་ཙམ་དག་གིས་རྗོད་བྱེད་ཀྱི་ངག་དེ་གསལ་བ་ཡིན་པས་ན། ཇི་ལྟར་རྗོད་བྱེད་ལའང་ཉེས་པ་དེ་མེད་པར་འགྱུར་ཏེ་རྗོད་བྱེད་ཀྱང་སྒྲ་ལ་བརྟེན་ནས་རིམ་བཞིན་མི་འབྱུང་བར་རང་གི་ངོ་བོས་ཅིག་ཅར་དུ་བྱུང་བ་ནམ་ཡང་མི་སྲིད་དོ། །གལ་ཏེ་རྗོད་བྱེད་མིན་པའི་ཆུ་སྒྲ་སོགས་སྒྲ་ཡན་གར་བ་ཙམ་ཅི་སྟེ་མེད་སྙམ་ན། དེ་རྗོད་བྱེད་ལས་ཡན་གར་བ་ཞེས་མི་བྱ་སྟེ་ལུང་དུ་མི་སྟོན་པའི་སྒྲ་ཞེས་བྱའོ། །ལུང་དུ་སྟོན་པ་ལ་རྗོད་བྱེད་ལས་སྒྲ་ཡན་གར་དུ་མེད་དོ། །ངག་མེད་པའི་སྒྲ་སྔ་ཕྱིར་བྱུང་བས་དོན་རིལ་པོ་མི་སྟོན་ནོ་སྙམ་ན། སྒྲ་མེད་པའི་ངག་གིས་ཀྱང་མི་སྟོན་ཏེ་ནམ་མཁའི་མེ་ཏོག་གི་དྲི་བཞིན་ནོ། །འོ་ན་ངག་ལ་བརྟེན་ནས་དོན་གོ་བ་འདི་ཅི་ཞེ་ན། དེ་ནི་ཕྱི་རོལ་ན་རྫས་སུ་ཡོད་པའི་ངག་གི་རྫས་ཀྱིས་མ་ཡིན་ཏེ་ཡི་གེའི་རིམ་པ་དུ་མ་ལ་མིང་ཚིག་ངག་ཏུ་བརྡ་སྦྱར་ཏེ་གོམས་པའི་རྟོག་པ་ལས་དེ་ལྟར་སྣང་བ་ཡིན་ནོ། །གཉིས་པ་རིམ་པ་མ་གྲུབ་པར་སྟོན་པ་ལ། ཡི་གེ་བཀོད་པའི་རིམ་པ་བཀག་པ་དང་། །རྐྱེན་གྱིས་གསལ་བའི་རིམ་པ་བཀག་པའོ། །དང་པོ། གལ་ཏེ་རིག་བྱེད་མ་བྱས་པ་ཞེས་པ་ཡི་གེ་ཙམ་ནི་མིན་ཏེ་དེས་དོན་གང་ཡང་མི་སྟོན་པས་ན་ཡི་གེ་རིམ་པ་ཅན་དུ་བཀོད་པའི་ཁྱད་


MR20_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པར་དང་ལྡན་པ་ནི་ངག་ཡིན་ལ་དེ་སྐྱེས་བུས་མ་བྱས་པར་བྱུང་བའོ་ཞེ་ན། རིམ་པ་ཞེས་པ་དེ་ཡིག་འབྲུ་རྣམས་ལས་ཐ་དད་དུ་དམིགས་པ་མེད་པའི་ཕྱིར་རང་གི་ངོ་བོས་རྫས་སུ་ཡོད་པ་མིན་ཏེ་ཡི་གེ་ལ་རིམ་པ་བློས་བཞག་པའི་ཕྱིར་རོ། །ཡི་གེ་དེ་དག་རང་གི་ངོ་བོ་ལ་གོ་རིམ་རྣམ་པར་བཞག་པ་ཞེས་བྱ་བ་གྲུབ་པའང་མེད་དེ། གལ་ཏེ་ཡོད་ན་རིག་བྱེད་ན་ཇི་ལྟར་བསྟན་པའི་གོ་རིམ་དེ་ལས་གཞན་དུ་བརྗོད་མི་ཤེས་པའམ་བཞག་ཏུ་མེད་དགོས་ནའང་ཨག་ནི་ལྟ་བུ་ལ་ག་སྔོན་དུ་བྱས་ནས་གཱ་ནི་ཞེས་སོགས་ཇི་འདོད་བསྒྱུར་བཏུབ་བས་ན་དེ་འདྲའི་གོ་རིམ་གཞན་དུ་བསྒྱུར་བཏུབ་པ་ནི་ཡི་གེ་ལ་ངོ་བོའི་གོ་རིམ་ཡོད་པར་རྣམ་པར་བཞག་པ་ལ་འགལ་བའི་རྟགས་དམིགས་པ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ཀྱང་འཇིག་རྟེན་གསུམ་གྱི་ཨ་གཅིག་ཀ་གཅིག་ཡིན་པ་སོགས་ཁས་བླངས་ན་དེའི་སྔ་ཕྱིའི་གོ་རིམ་ཇི་ལྟར་ཡིན་ཏེ་གོ་རིམ་ཡོད་མི་ཤེས་སོ། །གཞན་ཡང་རིག་བྱེད་ཀྱི་ངག་ནི་ཕྱོགས་ཐམས་ཅད་ལ་ཁྱབ་པ་དང་དུས་ཐམས་ཅད་དུ་རྟག་པར་བརྗོད་པའི་ཕྱིར། ཡུལ་གྱི་གོ་རིམས་ཕྱོགས་འདི་ན་འདིའོ་ཞེས་པ་ཚོགས་པའི་གྲལ་བྱས་པ་ལྟ་བུ་དང་། དུས་ཀྱི་གོ་རིམ་སྔ་ཕྱིར་བྱུང་བ་ས་མྱུག་ལྟ་བུའི་ཁྱད་པར་དེ་ལ་མེད་པར་འགྱུར་རོ། །དེས་ན་ཡི་གེའི་གོ་རིམས་ཞེས་པ་སྔ་ཕྱིར་བྱུང་བ་ཡིན་ལ་དེ་དེ་ལྟར་ངོ་བོས་གྲུབ་པ་ཞིག་ན་མི་རྟག་པའི་དངོས་པོ་ས་མྱུག་ལྟ་བུའང་སྔ་ཕྱིར་སུས་ཀྱང་བསྒྱུར་མི་ནུས་ན་རྟག་པའི་སྒྲ་ལ་ལྟ་ཅི་སྨོས། དེས་ན་ངག་རྟག་པ་གོ་རིམས་ཅན་ཞེས་པ་ཤིན་ཏུ་མི་རིགས་པར་སྨྲ་བའོ། །གལ་ཏེ་ཉེས་པ་དེར་དོགས་ནས་རྗོད་པ་ནི་མི་རྟག་པ་ཡིན་པ་དང་ཁྱབ་བྱེད་མ་ཡིན་པའི་རང་བཞིན་དུ་འདོད་ན། དེའི་སྐྱོན་ཡང་། མི་རྟག་


MR20_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་རྩོལ་བྱུང་ཕྱིར། །སོགས་དང་། གལ་ཏེ་དེ་དག་ཁྱབ་བྱེད་མིན། །ཞེས་སོགས་སྔར་ནི་བརྗོད་པ་ཡིན་པས་སྐྱེས་བུས་མ་བྱས་པར་མི་འགྲུབ་བོ། །གཉིས་པ་ནི། དེ་ལྟར་ཡི་གེ་ཉིད་ཀྱི་ངོ་བོ་ལ་གོ་རིམས་ཅན་གྱི་ངག་ཡོད་པར་སྒྲུབ་པར་མ་ནུས་ནས། ཡི་གེ་རིམ་བཞིན་ཤེས་པ་ལ་གསལ་བ་དེ་ཉིད་རིམ་པའོ་ཟེར་ན། འདི་ལྟར་བློ་ལ་ཡི་གེ་མངོན་པར་གསལ་བའི་རིམ་པའང་ངག་མིན་ཏེ། ངག་རྟག་པ་ལ་གསར་དུ་གསལ་བ་ཡོད་པར་འདོད་པ་སྔར་རིགས་པས་བསལ་ཟིན་པའི་ཕྱིར་རོ། །གཞན་ཡང་སྒྲ་སྔར་མེད་གསར་སྐྱེ་ཡིན་པ་ལ་སྒྲུབ་བྱེད་ཡོད་པ་དང་སྔར་ཡོད་གསལ་བར་འདོད་པ་ལ་རིགས་པས་གནོད་པ་ཡོད་པ་གཉིས་ཀྱི་དང་པོ། རྒྱུ་བྱེད་པ་ལྕེ་རྐན་ལ་སོགས་པ་རྣམས་ཀྱི་བྱ་བ་ཉིད་ལས་ངག་དེ་གྲུབ་པ་ཡིན་པའི་ཕྱིར་ན་དེ་ལས་བྱུང་བའི་འབྲས་བུ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ཡིན་པར་འཐད་དེ། གསལ་བྱ་ཡིན་ན་དེའི་རིགས་འདྲ་སྔ་མ་སྔོན་ནས་གྲུབ་ཟིན་པའི་དོན་ལ་གསལ་བྱེད་རང་ཉིད་ཤེས་པའམ་དམིགས་པར་གྱུར་པས་གཞན་གསལ་བྱ་དེའི་བློ་སྐྱེད་པའམ་དེ་འཛིན་གྱི་བློའི་རྒྱུ་ནི་གསལ་བྱེད་དུ་འདོད་དེ། དཔེར་ན་སྒྲོན་མེ་སོགས་དམིགས་པས་བུམ་པ་གསལ་བ་བཞིན་ནོ། །གཞན་དུ་རྒྱུ་དེའི་རྗེས་ལ་དམིགས་ཀྱི་དེའི་སྔར་ནམ་ཡང་གྲུབ་པར་མ་དམིགས་ན་འབྲས་བུ་དེ་བྱེད་པ་པོ་ཡི་རྒྱུ་ལས་གསལ་བྱེད་ཀྱི་རྒྱུ་འདི་ཁྱད་པར་ཅི་ཞིག་གིས་འབྱེད་དེ་ཁྱད་མེད་པར་འགྱུར་རོ། །དེ་ལྟ་ནའང་ལྕེ་རྐན་སོགས་བྱེད་པ་རྣམས་ཀྱི་ཚོགས་པ་ཡི་བྱ་བ་ལས་ནི་ངེས་པར་ཏེ་ཡོད་ན་ཡོད་པའི་རྗེས་འགྲོ་དང་མེད་ན་མེད་པའི་ལྡོག་པ་གྲུབ་པར་ཡང་དམིགས་པའི་ཕྱིར་ངག་དེ་ནི་རྒྱུ་དེ་རྣམས་ཀྱི་འབྲས་བུ་ཉིད་ཡིན་ཏེ་


MR20_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཡོད་མ་ཡིན་ནོ། །སྔར་ཡོད་ཟིན་གསལ་བར་བྱེད་པའི་རྒྱུ་ལ་ནི་བཤད་མ་ཐག་པའི་ཚུལ་དེ་ལྟ་བུ་མི་སྲིད་པའི་ཕྱིར་ཏེ། གསལ་བྱེད་ཀྱི་རྒྱུ་ལོག་ཀྱང་དེའི་ངོ་བོ་མི་ལྡོག་པ་དང་གསལ་བྱེད་ཀྱི་རྒྱུ་ཡོད་བཞིན་དེའི་ངོ་བོ་ཐ་དད་དུ་དུས་མཉམ་པར་ཡོད་དགོས་ཀྱང་འདི་ལ་ཚུལ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །གཉིས་པ་གལ་ཏེ་ཕྱི་རོལ་པ་ཁྱེད་ཅག་རྣམས་ཀྱི་ཞེ་འདོད་ལྟར་ན། ངག་རྟག་པ་དེ་རང་གི་ངོ་བོའི་སྒྲིབ་བྱེད་དང་བྲལ་བ་ཉིད་དུ་འདོད་པ་ཡིན་ཏེ་རང་གི་ངོ་བོ་སྒྲིབ་བྱེད་དང་ལྡན་པ་ཡིན་ན་ནམ་ཡང་མི་མཐོང་བར་འགྱུར་ཏེ་རྟག་པ་ནི་རང་གི་ངང་ཚུལ་ལས་ནམ་ཡང་འདའ་མི་སྲིད་དོ། །དེ་འདྲའི་སྒྲིབ་བྱེད་དང་བྲལ་བའི་ངོ་བོ་དེ་སླར་ཡང་གསལ་བ་ཡིན་ན་ཅི་ཕྱིར་སྒྲིབ་བྱེད་མེད་པ་ལ་གསལ་བར་བྱེད་པའི་ཚོགས་ཀྱི་ནུས་པ་འཇུག་པ་དེ་རུང་བར་འགྱུར་ཏེ་བསལ་བྱ་མེད་པ་ལ་བསལ་བྱེད་ཀྱིས་ཅི་ཞིག་བསལ་བར་བྱ་སྟེ་ནམ་མཁའི་དྲི་མ་འཁྲུད་པ་བཞིན་ནོ། །དེས་ན་གསལ་བྱེད་མེད་ཀྱང་ཅིག་ཅར་གསལ་བར་འགྱུར་རོ། །གལ་ཏེ་གསལ་བྱེད་ཀྱི་རྒྱུར་འདོད་པ་ལྕེ་རྐན་སོགས་ཀྱི་རྩོལ་བའི་རྗེས་ཁོ་ན་ལས་སྔར་མ་མཐོང་བཞིན་ཏུ་ད་རུང་ཡང་བྱེད་པ་རྣམས་སྒྲ་གསལ་བྱེད་ཀྱི་རྒྱུ་ཙམ་དུ་འདོད་ན། སྒྲ་དེ་དང་རྒྱུ་ཡོད་མེད་ཀྱི་རྗེས་སུ་བྱེད་ཚུལ་ལ་ཁྱད་པར་མེད་པའི་ཕྱིར་གཞན་རྫ་བུམ་ལ་སོགས་པ་ཇི་སྙེད་པ་དག་ཀྱང་རྫ་མཁན་ལ་སོགས་པས་བྱས་པ་མིན་པར་གསལ་བ་ཡིན་ནོ་ཞེས་པ་དོན་ལ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་འདོད་དོ་ཞེས་ནི་ཁས་ལེན་ན་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཀུན་ནི་དོན་མེད་པ་ཉིད་དུ་འགྱུར་ཏེ་འབྲས་བུ་གང་ཡང་གསར་དུ་བསྐྱེད་པ་མི་སྲིད་པས་སོ། །དེ་ལྟར་ཁས་ལེན་ནའང་བཤད་མ་ཐག་པ་རྟག་པ་གསལ་


MR20_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་གྱུར་པ་མི་རུང་བ་དང་། ཐམས་ཅད་དུ་ཁྱབ་མ་ཁྱབ་སོགས་ཀྱི་སྐྱོན་སྒྲ་ཙམ་དུ་མ་ཟད་དངོས་པོ་ཀུན་ལ་འཇུག་པས་ན་འགལ་བ་བརྒྱ་འགྱུར་གྱིས་ལྕི་བར་སོང་བ་ཡིན་ནོ། །གཉིས་པ་ཆོས་ཅན་རིག་བྱེད་རྟག་པ་མི་འགྲུབ་པ་ལ་རྟག་པའི་སྒྲ་ལ་སྒྲུབ་བྱེད་མི་སྲིད་ཚུལ། །དངོས་སྟོབས་རིགས་པས་སྒྲ་མི་རྟག་བསྒྲུབ་གཉིས། །དང་པོ་ལ། སྒྲ་རྟག་བསྒྲུབ་ལ་དཔེ་མེད་རིགས་པ་བསྟན། །རིགས་པ་དེས་མཚོན་རྟགས་གཞན་སུན་ཕྱུང་ཚུལ། །དང་པོ། རིག་བྱེད་ཀྱི་སྒྲ་རྟག་པ་གཞི་མ་གྲུབ་པས་ན་དེར་དམ་བཅས་པ་ཙམ་ལས་སྒྲུབ་བྱེད་མེད་ལ། དེས་ན་ཆོས་ཅན་རང་གི་ངོ་བོ་མ་གྲུབ་པས་ཕྱོགས་ཆོས་མི་འགྲུབ་བོ་ཞེས་སྐྱོན་བསྟན་པ་ལ། ཕ་རོལ་པོ་རྣམས་ཀྱིས་སྒྲ་རྟག་པར་སྒྲུབ་བྱེད་དུ་ཨ་ལྟ་བུའི་སྒྲ་གཅིག་ནམ་ཐོས་ཀྱང་ཁྱད་མེད་པར་ཨའོ་སྙམ་དུ་ངོ་ཤེས་པ་ཡོད་པས་ན་རྟག་པ་ཡིན་ཏེ་སྔར་གྱི་དེ་འགགས་ན་སླར་ངོ་ཤེས་པར་བྱར་མེད་པའི་ཕྱིར་ངོ་ཤེས་པ་ནི་སྒྲ་མ་འགག་པར་རྟག་པའི་སྒྲུབ་བྱེད་དུ་འདོད་པ་དང་། ཡང་ཨ་ལ་སོགས་པའི་སྒྲ་དོན་གོ་བའི་སླད་དུ་སྦྱོར་བས་ན་ལས་དེའི་ཆེད་དུ་སྦྱོར་བའི་གཞི་ཉིད་དུ་ཨ་ལ་སོགས་པ་ནི་རྟག་པར་ཡོད་པར་ངེས་ཏེ་ནམ་ཡང་སྒྲ་སྦྱོར་དུ་མི་རུང་བ་མེད་པས་སོ། །གང་ཞིག་གང་ན་མེད་པ་དེ་བྱ་བ་གཞན་ལ་སྦྱོར་དུ་མེད་དེ་ཕྱོགས་ན་གྲི་མེད་པ་ཤིང་གཅད་པ་ལ་སྦྱོར་དུ་མེད་པ་བཞིན་ནོ། །དེས་ན་ཤིང་གཅད་པ་ལ་སྦྱོར་བ་ན་སྟེའུ་སྔར་ཡོད་ཁོ་ན་ལ་སྦྱོར་བས་ཁྱབ་པ་བཞིན་སྒྲ་ནི་ཡོད་པ་ལས་ལ་སྦྱོར་ངེས་པས་ན་རྟག་ཏུ་ཡོད་པ་ཁོ་ནའོ་ཞེས་འདོད་པ་དང་། སོགས་ཁོངས་ནས་ཨ་ཡི་སྒྲ་ལ་དམིགས་པའི་ཡུལ་ཅན་སྔ་ཕྱི་ཐམས་ཅད་ཡུལ་གཅིག་ལ་དམིགས་པའི་རང་བཞིན་དུ་ཐ་དད་


MR20_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་སོགས་ཀྱིས་སྒྲུབ་པར་བྱེད་དོ། །དེ་འདྲ་བའི་རྟགས་ལྟར་སྣང་བ་གང་ཡིན་པ་དེ་དག་སྒྲ་རྟག་པའི་སྒྲུབ་བྱེད་ཡིན་པར་འདོད་ན་ནི། དེ་འདྲ་སངས་རྒྱས་པའི་ངོར་འགོད་པའི་ཚེ་བསྒྲུབ་བྱའི་ཆོས་ལྡན་གྱི་དཔེ་རྣམ་པ་ཀུན་དུ་མེད་པ་ཅན་ཡིན་ཏེ། རྒྱུ་མཚན་གང་ཞེ་ན། སངས་རྒྱས་པས་ནི་ངོ་ཤེས་པ་དང་ལས་ལ་སྦྱར་བའི་གཞི་ཉིད་དུ་སྣང་བ་སོགས་ཀྱིས་མཚོན་པའི་ཕྱི་ནང་གི་དངོས་པོ་མ་ལུས་པ་རྣམས་ནི་སྐད་ཅིག་གིས་ནི་འཇིག་པ་མི་རྟག་པའི་རང་བཞིན་དུ་ཁས་ལེན་གྱི་རྟག་པ་གཅིག་ནམ་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེས་ན་སྔར་མཐོང་བ་དང་ཕྱིས་མཐོང་བ་དག་ངོ་བོ་ཐ་དད་པ་སྟེ་སྔར་གྱི་དེ་མ་འགག་པར་མཐོང་བར་མི་འདོད་དེ་མར་མེ་དང་འབབ་ཆུའི་རྒྱུན་བཞིན་དུ་འདོད་ལ། སྟེའུ་ལ་སོགས་པ་ལས་ལ་སྦྱོར་བ་ཡང་སྔར་གྱི་དེ་མ་ཡིན་ཏེ་ལས་ལ་སྦྱར་བའི་ནུས་པས་ཁྱད་པར་དུ་བྱས་པའི་སྐད་ཅིག་ཡིན་གྱི་སྔར་གྱི་དེ་ཡིན་ན་སྔར་བཞིན་དུ་ལས་མི་བྱེད་པའམ་སྔར་ནས་ཀྱང་ལས་བྱེད་པར་ཐལ་བར་འགྱུར་རོ། །དངོས་པོ་མ་ཡིན་པས་ལས་མི་བྱེད་དུ་ཆུག་ཀྱང་དངོས་པོ་ཉིད་སྐད་ཅིག་མ་ཡིན་པས་དེ་ལས་ལ་སྦྱར་བ་ཡིན་གྱི་རྟག་པ་ལས་ལ་སྦྱར་བ་ནི་མི་སྲིད་པས་ན་མི་འདོད་དོ། །དེ་བཞིན་དུ་རྡོ་རྗེའི་རི་ལ་སོགས་པའང་གྲང་བ་དང་དྲོ་བ་སྣང་བ་དང་མི་སྣང་བ་དག་གི་ཁྱད་པར་དམིགས་པའི་ཕྱིར་སྐད་ཅིག་ཐ་དད་པར་འདོད་ཀྱི་རྟག་པ་མིན་ནོ། །དེ་ཕྱིར་སྔར་གྱི་ཨ་རྟག་པ་ཉིད་སླར་ཡང་དམིགས་པ་མ་ཡིན་ཏེ་ཤེས་པ་ཐ་དད་པའི་རྒྱུ་ཡིན་པའི་ཕྱིར་ན་ནིང་དང་ད་ལོའི་མྱུ་གུའི་ས་བོན་ཐ་དད་པ་བཞིན་ནོ། །གལ་ཏེ་རྒྱུ་རྟག་པ་ཆ་མེད་ཀྱི་ཐ་དད་མེད་པ་ཡིན་ན་དེ་ལ་ལྷན་ཅིག་བྱེད་པས་ཕན་གདགས་སུ་མི་རུང་བས་དེས་རང་འཛིན་ཤེས་པ་སྔ་ཕྱིར་བསྐྱེད་པའི་


MR20_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་མེད་པས་ཅིག་ཅར་བསྐྱེད་པར་འགྱུར་རོ། །དེ་ཤེས་པ་སྐྱེད་པའི་རྒྱུ་མིན་ན་ནི་དེ་ལ་དམིགས་ནས་ཤེས་པ་སྐྱེ་བར་བཞག་པའང་མི་འཐད་དོ། །གཉིས་པ་རིགས་པ་དེས་ཚུལ་གསུམ་མ་ཚང་བའི་རྟགས་ངན་པ་གཞན་གང་ཡང་རུང་བ་སྒྲ་སོགས་རྟག་པའི་སྒྲུབ་བྱེད་དུ་བཀོད་པ་ཇི་སྙེད་པ་ཡང་སུན་དབྱུང་བར་བྱའོ། །གལ་ཏེ་སྒྲ་ལ་དམིགས་པའི་ཡུལ་ཅན་སྔ་ཕྱིར་ངོ་ཤེས་ཀྱི་བློ་དང་ཡི་གེའི་གོ་རིམས་སྔ་ཕྱིར་བྱུང་བ་ལྟར་སྣང་བའི་བློ་དང་། ཡུལ་རྟག་པ་གསལ་བའི་བློ་རྣམས་ནི་ཡུལ་དེ་གསལ་བ་ཞེས་བྱའོ་སྙམ་ན། དེ་ནི་བློ་ཡིན་གྱི་ཡུལ་མིན་ལ་དེ་འདྲའི་གསལ་བ་བློ་དེ་ནི་སྐྱེས་བུའི་རྟེན་ཅན་མིན་པ་ཡུལ་རྟག་པ་མ་བྱས་པ་དེ་ཡིན་ན། རང་གི་བློ་སྐྱེས་བུའི་རྟེན་ཅན་དུ་ཁས་བླངས་པ་དང་འགལ་ཏེ་དཔྱོད་པ་པས་བློ་ནི་སྐྱེས་བུའི་ཡོན་ཏན་དུ་ཁས་བླངས་པས་སོ། །མངོན་སུམ་དང་འགལ་ཏེ་སྐྱེས་བུ་རང་གི་དབང་པོ་དང་ཡིད་བྱེད་སོགས་ལས་སྐྱེ་བར་དམིགས་པས་སོ། །གྲགས་པ་དང་འགལ་ཏེ་སྐྱེས་བུའི་བློ་ཞེས་འཇིག་རྟེན་ན་ཡོངས་སུ་གྲགས་པས་སོ། །རྗེས་སུ་དཔག་པས་གནོད་དེ་སྐྱེས་བུའི་དབང་པོ་དང་ཡིད་བྱེད་སོགས་ལས་བློ་རྗེས་སུ་འགྲོ་ལྡོག་གྲུབ་པར་དམིགས་པས་དེ་མེད་པ་ལ་བློ་འབྱུང་བར་མི་སྲིད་པར་ཤེས་སོ། །དེ་ལྟར་མངོན་སུམ་ལ་སོགས་པས་ཅིག་ཅར་གནོད་ལ། གཞན་ཡང་བློ་ལ་གསལ་བ་དེ་ལྟར་ཡུལ་ལའང་རིམ་པ་ཡོད་དོ་སྙམ་ན། ཡི་གེ་རྣམས་ལས་ཐ་དད་པའི་རིམ་པ་དོན་ལ་ཡོད་པའང་གསལ་བར་དཔྱད་ཟིན་ཏོ། །དེས་ན་གོ་རིམ་ལ་སོགས་པ་དེ་ནི་རྟོག་པས་སྒྲོ༷་བཏགས་པ་ཙམ་སྟེ་སྒྲོ༷་མ་བཏགས་པར་འབྱུང་མི་ཤེས་པས་ན་ཇི་ལྟར་སྐྱེས་བུའི་རྟེན་ཅན་མིན་པར་ཕྱི་རོལ་གྱི་ཆོས་སུ་འགྱུར་ཏེ་དེ་


MR20_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་གནས་མི་སྲིད་དོ། །བློ་ནི་སྐྱེས་བུའི་རྟེན་ཅན་མིན་སོགས་རྐང་པ་བདུན་པོ་འདི་གོང་དུ་རྟག་པ་རྣམས་གསལ་བྱེད་ཀྱི་རྒྱུས་གསལ་བ་ཙམ་མོ་ཞེས་འདོད་པ་ལ་གསལ་བྱེད་ཀྱི་རྒྱུ་དེས་གསལ་བྱ་རྟག་པ་རྣམས་ལ་སྔོན་མེད་པའི་ཕུལ་དུ་བྱུང་བ་བསྐྱེད་པ་ཡིན་ནམ། སྒྲིབ་པ་བསལ་བ་ཡིན་ནམ། དེའི་བློ་སྐྱེད་པ་གསུམ་གང་ཡིན། དང་པོ་མི་སྲིད་དེ་དེའི་ངོ་བོ་ལ་ཕུལ་དུ་བྱུང་བ་བྱར་མེད་ལ་ཡོད་ན་མི་རྟག་པར་འགྱུར་རོ། །གཉིས་པ་ལྟར་ཡང་མི་འཐད་དེ། གལ་ཏེ་ཁྱེད་ཀྱི་དེ་ངོ་བོའི་སོགས་ཀྱིས་བཀག་ལ། གསུམ་པ་ལྟར་གསལ་བ་བློ་ཡིན་ལ་དེའི་གོ་རིམས་ངག་གོ་ཞེ་ན། བློ་དང་ངག་གཅིག་ཏུ་འགྱུར་ལ་དེ་ལྟ་ན་ངག་ནི་མ་བྱས་པའི་ཕྱིར་སྐྱེས་བུས་མ་བྱས་པའམ་སྐྱེས་བུའི་རྟེན་ཅན་ཀྱང་མ་ཡིན་པར་འགྱུར་ཞིང་། དེ་ལ་ཁས་བླངས་ལ་སོགས་པས་གནོད་དོ་ཞེས་རང་འགྲེལ་དང་ཤཱཀྱ་བློའི་འགྲེལ་བར་གསུངས་ལ། འདིར་ནི་ངོ་ཤེས་ཀྱི་བློ་སོགས་ཀུན་ལ་སྦྱར་བ་མི་འགལ་ལམ་ཞེ་ན་མི་འགལ་ཏེ། འདི་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ངན་ངོ་ཤེས་སོགས་བཀག་པའི་རྗེས་སུ་སྟོན་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། ཡི་གེའི་རིམ་པ་གསལ་བའི་བློ་ཁོ་ནར་མ་ཟད་རྟག་པ་ཤེས་པའི་བློ་ཀུན་ལ་སྦྱར་དུ་ཡོད་པར་བསྟན་པ་ཡིན་པས་འདིར་གཞུང་གི་གོ་རིམས་དང་མཐུན་པར་བཤད་པ་ཡིན་ནོ། །དེས་ན་ཡུལ་གྱི་རྣམ་པ་གསལ་བ་བློ་ཡིན་ཀྱང་རྣམ་པ་དེའི་རྒྱུ་གཟུང་ཡུལ་ཐ་དད་མེད་ན་བློ་རྣམ་པ་དང་དུས་ཀྱི་ཐ་དད་ཀྱང་འབྱུང་མི་ཤེས་པར་དཔོག་པ་ཡིན་ནོ། །གཉིས་པ་རང་ལུགས་སྒྲ་མི་རྟག་པར་བསྒྲུབ་པ་ལ། རྩ་བའི་གཏན་ཚིགས་རྣམ་པར་འགོད་པ་དང་། །དེ་ཡི་ཁྱབ་པ་ཉིད་ནི་བསྒྲུབ་པའོ། །དང་པོ། འཇིག་པ་ནི་དངོས་པོ་ཡོད་པ་ཙམ་ནས་རང་ཆས་སུ་འབྲེལ་པ་ཅན་མེ་ཡི་ཚ་བ་བཞིན་ཡིན་པ་ཉིད་ཀྱི་ཕྱིར་


MR20_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་སོགས་དངོས་པོ་ཀུན་ནི་རང་གི་ངོ་བོ་ཡོད་པ་ཉིད་ནས་མི་རྟག་པ་ཉིད་ཡིན་ནོ། །དེ་ཡང་བསྒྲུབ་བྱ་འཇིག་པ་དང་། རྟགས་ཡོད་པ་ནི་ངོ་བོ་བདག་གཅིག་གི་འབྲེལ་བ་ཡོད་པའི་མེད་ན་མི་འབྱུང་གི་ཁྱབ་པ་བརྗོད་པ་ཡིན་ལ། རྟགས་ཡོད་པ་དེ་གྲུབ་པའི་ཆོས་ཅན་སྒྲ་ནི་མི་རྟག་གོ་ཞེས་ཕྱོགས་ཆོས་བརྗོད་པ་ཡིན་ནོ། །གཉིས་པ་ལ། ལྟོས་མེད་རྟགས་ཀྱིས་རྗེས་འགྲོ་བསྒྲུབ་པ་དང་། །གནོད་པ་ཅན་གྱིས་ལྡོག་ཁྱབ་བསྒྲུབ་པའོ། །དང་པོ་ལ། འཇིག་པ་རྒྱུ་གཞན་གྱུར་ལ་གནོད་པ་བསྟན། །འཇིག་པ་རྒྱུ་གཞན་མེད་ལ་རྩོད་པ་སྤང་། དང་པོ། ཡོད་པ་ཙམ་ནས་རང་གི་ངོ་བོས་འཇིག་པར་མ་ངེས་ཏེ་འཇིག་རྒྱུ་གཞན་ལ་ལྟོས་པས་སོ་ཟེར་ན། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པར་རང་ཉིད་འཇིག་པ་ཡིན་གྱི་གཞན་ལ་ལྟོས་ན་འཇིག་པ་དེ་འཇིག་བྱའི་དངོས་པོ་དེ་ལས་གཞན་ཡིན་ནམ་གཅིག་ཡིན། དང་པོ་ལྟར་དངོས་པོ་ཤིང་ལ་སོགས་པ་དེ་ནི་འཇིག་པ་མ་ཡིན་ཏེ་དེ་དག་ཡོད་བཞིན་དུ་འཇིག་པ་མེད་པས་ན་དེ་མེད་པ་ཉིད་འཇིག་པ་ཡིན་པས་འཇིག་པ་ཞེས་པ་དངོས་པོ་དེ་ལས་གཞན་ཡིན་ནོ་ཞེ་ན། ཤིང་གི་འཇིག་རྒྱུ་མེ་ལས་ཤིང་རང་ལས་དོན་གཞན་དུ་གྱུར་པའི་འཇིག་པ་དངོས་པོར་གྱུར་པ་དག་སྐྱེ་བ་ཡིན་ན། རྒྱུ་དེ་ལས་དངོས་པོ་གཞན་སྐྱེས་པས་ཤིང་ནི་སྔ་མ་བཞིན་དུ་འཇིག་པ་མེད་པར་གནས་པའི་ཕྱིར་ཤིང་རང་ཉིད་ནི་མཐོང་བ་ཉིད་དུ་འགྱུར་ཏེ། དཔེར་ན་བུམ་པ་སྐྱེས་པས་ཀ་བ་མེད་པར་མི་འགྱུར་བ་བཞིན་དུ་འགྱུར་རོ། །དེ་ལྟ་མིན་ན་ཧ་ཅང་ཐལ་ཏེ་དངོས་པོ་གཞན་སྐྱེས་པས་གཞན་མེད་པར་འགྱུར་རོ། །རྒྱུ་དེ་དག་ལས་སྐྱེས་པའི་འབྲས་བུ་འཇིག་པ་ཞེས་བྱ་བ་ཞིག་མེད་ན་ནི་འཇིག་པའི་རྒྱུ་ཞེས་པའང་དོན་མེད་དོ། །གལ་ཏེ་མེ་ལས་སྐྱེས་པའི་འཇིག་པ་དོན་གཞན་དེ་ཉིད་


MR20_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འདི་ཡི་འཇིག་པ་ཞེས་བྱ་བ་དེ་ཡིན་པས་ཤིང་མི་འཇིག་པར་ག་ལ་འགྱུར་ཏེ་དེ་འཇིག་པ་ཉིད་དོ་ཅེ་ན། ཇི་ལྟར་དངོས་པོ་གཞན་སྐྱེས་པ་ནི་དངོས་པོ་གཞན་གྱི་འཇིག་པ་ཡིན་པར་འགྱུར་དུ་ཆུག་ཀྱང་བླ་སྟེ་ཅི་ཕྱིར་ཤིང་མི་སྣང་བ་ཡིན་ཞེས་དྲིས་པ་ན། འཇིག་པ་དོན་གཞན་དེས་ཤིང་དེ་རང་གིར་བྱས་ནས་གཟུང་བའི་ཕྱིར་སྣང་བ་མིན་ནོ་ཞེ་ན། མ་ཞིག་པའི་ཤིང་མི་སྣང་བ་ཙམ་དུ་འདོད་རིགས་པ་མིན་ཏེ་གང་གི་ཕྱིར་ན་འཇིག་པ་དོན་གཞན་དེ་ཡིས་ཤིང་གི་ཆོས་ཐམས་ཅད་དུ་མི་སྒྲིབ་པའམ་སྒྲིབ་མི་ནུས་ཏེ་འདི་ལྟར་མུན་པ་ལ་སོགས་ལ་གཞན་གྱིས་གཞན་སྒྲིབ་པ་ན་མཐོང་བ་ཙམ་སྒྲིབ་ཀྱང་ཐོགས་པ་ལ་སོགས་པ་སྒྲིབ་པར་མི་ནུས་ལ་ཤིང་གི་ཆོས་མཐའ་དག་ཡུལ་དུས་གང་དུའང་སྣང་བ་མེད་པར་འདིས་སྒྲིབ་ནུས་པའི་རྒྱུ་མཚན་མེད་དོ། །ཡང་དུས་རེ་ཞིག་སྒྲིབ་ཀྱང་འཇིག་པ་དོན་གཞན་དེ་ཡང་རྒྱུ་ལས་གསར་དུ་སྐྱེ་བ་ཡིན་པའི་ཕྱིར། འཇིག་པ་དེ་ཡང་མཐར་འཇིག་པ་ཅན་དུ་འགྱུར་ལ། དེ་ནམ་ཞིག་པ་དེ་ལྟ་ན་ཡང་ཤིང་སྔར་བཞིན་མཐོང་བར་འགྱུར་ཏེ་རང་གིར་བྱས་ནས་མི་སྣང་བར་བྱེད་པའི་དངོས་པོ་ལོག་པའི་ཕྱིར་མུན་པ་དང་བྲལ་བའི་བུམ་པ་བཞིན་ནོ། །གལ་ཏེ་ནག་པ་གསོད་པར་བྱེད་པ་པོ་བསད་པ་ན་ནག་པ་སླར་འབྱུང་བ་མིན་པ་ཇི་བཞིན་ཤིང་འདི་ལའང་དེ་བཞིན་ཡིན་ནོ་ཞེ་ན། ནག་པ་གསོད་བྱེད་བསད་པ་ཉིད་ནི་དེ་དང་འདྲ་བ་མ་ཡིན་ཏེ་ནག་པ་གསོད་བྱེད་ནི་འཇིག་པའི་རྒྱུ་མེ་དང་འདྲ་ལ་འདིར་མེ་ལོག་ན་ཤིང་ཅིས་མི་མཐོང་ཞེས་སྨྲ་བ་མ་ཡིན་ཏེ། མེས་བྱས་པའི་འཇིག་པ་དེ་ཞིག་ནས་མི་སྣང་ན་ཤིང་ཅིས་མི་མཐོང་ཞེས་བརྒལ་བ་ཡིན་པས་གསོད་བྱེད་བསད་པ་ནི་ལན་མ་ཡིན་ཏེ་ནག་པ་ཞིག་པ་ལོག་ན་ནག་པ་སྣང་དགོས་པ་སོ་ན་གནས་སོ། །གལ་ཏེ་ཕྱོགས་གཉིས་པ་ལྟར་


MR20_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པ་ཤིང་ལས་གཞན་ཉིད་མ་ཡིན་པར་འདོད་ན་ཤིང་རང་ཉིད་འཇིག་པ་ཉིད་ཀྱི་ངང་ཚུལ་ཅན་དུ་འགྱུར་ལ། ཤིང་གི་འཇིག་པ་དེ་ཤིང་གྲུབ་པ་དང་མཉམ་དུ་ཡོད་པའི་ཕྱིར་ན་མེ་ནི་དེའི་རྒྱུ་མིན་པ་ཉིད་དུ་འགྱུར་རོ། །དེ་མེད་ཕྱིར་ན་ཞེས་ཀློག་པ་ལྟར་ན། མེ་དེ་མེད་ཀྱང་ཤིང་ཡོད་པའམ། མེ་དེ་ཤིང་གི་རྒྱུར་མེད་པའམ། རྒྱུ་མིན་པའི་ཕྱིར་ན་ཞེས་སྦྱར་རོ། །འཇིག་པ་དེ་ཤིང་དང་གཅིག་ཐ་དད་གང་ཡིན་དུ་རྟོག་པ་འདི་ལས་གཞན་པའི་རྣམ་པ་ཕུང་གསུམ་པའང་མེད་ཅིང་། གཞན་ཐ་དད་པར་མི་འཐད་པས་ན་ཤིང་རང་ཉིད་རྒྱུ་གཞན་ལ་མི་ལྟོས་པར་འཇིག་པར་གྲུབ་བོ། །དེས་ན་དངོས་པོ་ཐམས་ཅད་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་སྡོད་པ་ནི་འཇིག་པའམ་མི་རྟག་པ་ཞེས་བྱ་བ་ཡིན་ལ། དེ་མེད་པ་ཙམ་མིན་པར་རྒྱུས་བྱས་པའི་ངོ་བོ་ཉིད་དུ་ཁས་བླངས་ན་ཤིང་མེད་པར་འཇོག་པའི་རྒྱུ་མཚན་གཞན་སྲིད་པ་གསུམ་ན་རྙེད་པར་མི་འགྱུར་ཞིང་མེད་པ་ཙམ་ནི་གང་གི་ཡང་འབྲས་བུ་ཡིན་མི་སྲིད་པས་ཐོ་བ་སོགས་ཀྱིས་འཇིག་པ་བྱེད་ཅེས་དང་། འཇིག་པ་རྒྱུ་ལས་བྱུང་ཞེས་འཛིན་པ་ལ་ལེགས་པར་བརྟགས་ན་རྒྱུས་ཅི་ཡང་མ་བྱས་ལ། རྒྱུ་ལས་བྱུང་བའི་འཇིག་པ་དངོས་པོར་གྱུར་པ་ཅི་ཡང་མེད་དེ་ཐོ་བས་ནམ་མཁའ་བྱས་ཞེས་དང་། ནམ་མཁའ་ཐོ་བ་ལས་བྱུང་ཞེས་ཁས་ལེན་པ་དང་མགོ་མཚུངས་པར་སོང་བས་མིང་ཙམ་ལྷག་མར་ལུས་པ་ཡིན་པས་འཇིག་རྒྱུ་གཞན་ལ་ལྟོས་པ་ཞེས་པ་རིགས་པས་རྡུལ་ཙམ་ཡང་བསྒྲུབ་མི་ནུས་པས་ན་ལྟོས་མེད་གྲུབ་པ་ཡིན་ནོ། །གཉིས་པ་རྩོད་སྤང་ལ། དངོས་འགལ་གཅིག་ཏུ་ཐལ་བའི་གནོད་བྱེད་མེད། །གཅིག་དང་ཐ་དད་མཚུངས་པའི་གནོད་བྱེད་མེད། །དང་པོ། འཇིག་པ་ནི་ཕྱིས་འབྱུང་གི་རྒྱུ་མེད་ཅན་ཡིན་


MR20_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུག་ན་ཡང་རྒྱུ་མེད་པའི་ཕྱིར་འཇིག་པ་དེ་རྟག་པར་འགྱུར་པའི་ཕྱིར་དངོས་པོ་དོན་བྱེད་ནུས་པ་དང་། འཇིག་པ་དོན་བྱེད་ནུས་སྟོང་ངམ་རྟག་པ་དེ་གཉིས་པོ་དག་ཆོས་ཅན་གཅིག་གི་ཆོས་སུ་ལྷན་ཅིག་ཡོད་པར་ཐལ་བར་འགྱུར་རོ་ཞེ་ན། ངོ་བོ་ཅི་ཡང་མེད་པ་དེ་རྟག་པ་ཡིན་པ་ཉིད་རྒྱུ་མཚན་གང་ལས་ཡིན་ཏེ་རང་ལ་ངོ་བོ་ཅུང་ཟད་ཞིག་ཡོད་ན་དེ་རྟག་པའམ་མི་རྟག་ཅེས་བྱ་བར་རིགས་ནའང་། རྟག་པར་བཞག་རྒྱུའི་ངོ་བོ་གང་ཡང་མེད་པ་ལ་རྟག་པར་སྒྲོ་བཏགས་ཀྱང་རྟག་པར་མི་འགྱུར་ཏེ་ནམ་མཁའི་ཨུཏྤལ་གྱི་དྲི་བཞིན་ཡིན་པས་ན་རྟག་དངོས་ལྷན་ཅིག་པར་ཇི་ལྟར་འགྱུར་ཏེ་བུམ་པའི་དངོས་པོ་ལ་སྣམ་བུ་མེད་ཀྱང་དེས་ཡོད་མེད་གཞི་གཅིག་པའམ་རྟག་དངོས་གཞི་གཅིག་པར་མི་འགྱུར་བ་བཞིན་ནོ། །གཞན་ཡང་མེད་པ་ཙམ་ནི་ནུས་པ་ཀུན་གྱིས་སྟོང་པའི་ཕྱིར་འཇིག་པ་དངོས་པོ་མེད་པ་ལ་དངོས་པོ་འཇིག་པའི་ནུས་པ་མེད་པ་ཉིད་ཀྱི་ཕྱིར་དངོས་པོ་མི་འཇིག་པར་ཐལ་བར་འགྱུར་ཟེར་བ་མི་རུང་སྟེ། གང་ཕྱིར་བུམ་སོགས་དངོས་པོ་རྣམས་འཇིག་པ་ཡིས་འཇིག་པ་དག་ནི་མི་འདོད་དེ་རང་གི་ངོ་བོ་འཇིག་པ་ཅན་དུ་འདོད་དོ། །དེས་ན་འཇིག་པ་རྒྱུ་མེད་ཅེས་དང་ཞིག་པ་མེད་པ་ཞེས་བརྗོད་པ་ན་འཇིག་པ་ཞེས་བྱ་བ་དངོས་པོ་དེ་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་མིང་ཡིན་ལ། དེའི་ཐ་སྙད་མེད་ཅེས་པ་དང་། དེ་རྒྱུ་མེད་དུ་འབྱུང་ངོ་ཞེས་པ་དང་། དེ་ལ་རྒྱུ་མེད་པའི་ཕྱིར་འཇིག་པ་མོ་གཤམ་གྱི་བུ་བཞིན་དུ་བྱུང་མ་མྱོང་ཞེས་པའི་དོན་ག་ལ་ཡིན་ཏེ། དངོས་པོ་འཇིག་པ་ནི་རྒྱུ་གཞན་ལ་ལྟོས་པ་མེད་པར་རང་ཉིད་འཇིག་པའི་ངང་ཚུལ་ཅན་དུ་སྐྱེས་པའི་ཕྱིར། ཚུལ་དེ་ལྟ་བུ་ཤེས་ཤིང་བཟློག་ཕྱོགས་སུ་སྒྲོ་འདོགས་པ་བསལ་བའི་དོན་དུ་རྣམ་པར་རྟོག་པ་ཅན་གྱི་སེམས་ཀྱིས་ནི་དངོས་པོ་


MR20_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཆོས་འཇིག་པ་ཞེས་ཐ་དད་ལྟ་བུར་སྒྲོ༷་བཏགས་ནས། དངོས་པོ་སྐད་ཅིག་མའི་གནས་སྐབས་དེ་སྐད་ཅིག་གཉིས་པར་མི་སྡོད་པ་ལ་རྒྱུ་གཞན་མེད་པར་བསྟན་པའི་ཆ་ནས་འཇིག་པ་རྒྱུ་མེད་ཅན་ནོ་ཞེས་བཤད་པས་དེའི་ཐ་སྙད་དེ་ལྟར་གྲུབ་ལ། སྐད་ཅིག་གཉིས་པར་ཞིག་པའི་ཆ་ནི་རང་གི་ངོ་བོ་མེད་པར་དགག་པ་ཙམ་དུ་སྒྲུབ་ཀྱི་དངོས་པོ་ཅུང་ཟད་ཀྱང་མི་འདོད་པས་ན་མེད་པ་ཞེས་པ་མེད་པ་དེའི་ཐ་སྙད་དགག་པ་མ་ཡིན་ཏེ། མདུན་འདིར་བུམ་པ་མེད་པར་ཁེགས་པ་ལས་བུམ་མེད་ཀྱི་ཐ་སྙད་གྲུབ་པ་བཞིན་ནོ། །དེས་ན་དེའི་ཐ་སྙད་ཡོད་པ་ཙམ་ལས་དོན་དེ་དངོས་པོར་ཡོད་པ་མི་འགྲུབ་སྟེ། གྲུབ་ན་ཞིག་ནས་མེད་པ་སྔར་གྱི་མར་མེ་འགག་པ་ད་ལྟ་མེད་པ་ལྟ་བུ་དང་། སྔ་ན་མེད་པ་ས་བོན་གྱི་དུས་ན་མྱུ་གུ་མ་བྱུང་བ་ལྟ་བུ་དང་། ཕན་ཚུན་མེད་པ་རྟ་ལ་བ་ལང་གི་རྭ་མེད་པ་ལྟ་བུ་དང་། གཏན་ནས་མེད་པ་རི་བོང་རྭ་མེད་པ་ལྟ་བུའང་དངོས་པོར་འགྱུར་ན་མཐར་དངོས་མེད་ཀྱི་མཚན་གཞི་བཞག་རྒྱུ་གང་ཡང་མི་རྙེད་དོ། །དེ་ལྟར་དངོས་དངོས་མེད་གང་ལའང་སེལ་འཇུག་གི་དབང་གིས་དེ་དང་དེའི་ཐ་སྙད་བྱེད་པ་ནི་དེ་དང་དེའི་བཟློག་ཕྱོགས་ཀྱི་སྒྲོ་འདོགས་སེལ་བ་ཡིན་པས་ན་དགག་བྱ་ལ་བརྟེན་ནས་དགག་པའི་ཐ་སྙད་ཞུགས་པ་དེས་དགག་བྱ་དེ་མེད་པ་ཙམ་བློ་ཡུལ་དུ་འཕེན་པ་ལས་འདས་ནས་དགག་པ་ཉིད་དོན་དུ་དངོས་པོར་ཡོད་པར་སྒྲུབ་མི་ནུས་ཏེ། བདེན་གྲུབ་དགག་ཙམ་ལ་སྟོང་པ་ཉིད་ལ་སོགས་པའི་བརྡ་སྦྱར་བ་བཞིན་ནོ། །དེས་ན་བརྡའི་ཐ་སྙད་ཀྱིས་ནི་བུམ་པའི་འཇིག་པ་དང་། བུམ་པའི་བདག་མེད་ལྟ་བུ་ཆོས་ཆོས་ཅན་ལྟ་བུར་ཡང་སྟོན་ལ། མར་མེ་ཞིག་པས་མུན་པ་འཐིབ་པ་ལྟ་བུ་ཕན་ཚུན་རྒྱུ་འབྲས་སུ་ཡང་སྟོན་མོད།


MR20_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དེ་ཀུན་རྣམ་གཅོད་ཀྱི་དབང་གིས་དེ་ལྟར་བརྗོད་པ་ཙམ་ལས་དོན་དེ་དག་རྒྱུ་འབྲས་ཀྱི་དངོས་པོ་དང་ཆོས་ཅན་ལས་ཐ་དད་པའི་དངོས་པོར་གྱུར་ན་བདག་མེད་དངོས་པོར་གྱུར་པ་དང་། སྤྱི་དངོས་པོར་གྱུར་པ་སོགས་གཏན་ནས་མི་ཁེགས་ལ། དངོས་མེད་དང་རྟག་པ་ལ་དོན་བྱེད་ནུས་སྟོང་བསྒྲུབ་པའི་རིགས་པ་ཇི་སྙེད་པའང་དོན་དུ་མི་འཇུག་དགོས་ནའང་། དངོས་སྟོབས་ཀྱི་རིགས་པ་དེ་རྣམས་ནི་ནམ་ཡང་ཁེགས་མི་ནུས་པས་དོན་རང་གི་ངོ་བོ་ལ་དཔྱོད་པའི་ཚེ་ན་བརྗོད་པར་བྱ་བའི་དོན་ཐམས་ཅད་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་ཕྱོགས་ཕྱེས་ནས་དངོས་པོ་མེད་པ་ལ་ངོ་བོ་ཅི་ཡང་ཁས་བླང་བར་མི་བྱའོ། །དེས་ན་དངོས་པོ་རང་ཉིད་ལ་སྐད་ཅིག་གཉིས་པར་ཡང་མི་འཇིག་པ་བསལ་བའི་ཆ་ནས་འཇིག་པ་ཞེས་དངོས་པོ་རང་གི་ཆོས་སུ་བཤད་པ་དང་། སྐད་ཅིག་གཉིས་པའི་དུས་སུ་སྔ་མ་དེ་ཞིག་པ་ཞེས་མེད་པར་དགག་པ་ཙམ་གྱི་ཆ་ནས་ཐ་སྙད་བཏགས་པ་དེ་གཉིས་ཀྱི་དང་པོ་ལ་རང་གི་རྒྱུ་ལས་རྒྱུ་གཞན་མི་དགོས་ལ། ཕྱི་མ་ལའང་རྒྱུ་གཞན་མི་དགོས་ཏེ་སྔ་མ་རང་ཉིད་ཞིག་པ་ལ་དེ་ལྟར་བཏགས་པའོ། །དེ་འདོགས་པ་ནི་མི་འཇིག་པ་དང་མ་ཞིག་པའི་སྒྲོ་འདོགས་གཅོད་པའི་དགོས་པ་ཅན་ནོ། །གཉིས་པ་དངོས་པོའི་ཕྱིས་བྱུང་བའི་ཞིག་པ་མེད་པ་ཙམ་དུ་གྱུར་པ་དེ་དངོས་པོ་རང་ཉིད་ལས་གཞན་ལ་ལྟོས་མེད་དུ་ཡོད་དུ་ཆུག་ནའང་། དེ་དང་དངོས་པོ་གཅིག་གམ་མི་གཅིག །གཅིག་ན་ནི་དངོས་པོ་སྐད་ཅིག་དང་པོའི་དུས་སུའང་གཉིས་པའི་དུས་ལྟར་མེད་པར་འགྱུར་ལ། ཐ་དད་ན་སྐད་ཅིག་དང་པོ་ཞིག་པ་མ་ཡིན་པར་འགྱུར་ཏེ་འཇིག་པ་དོན་གཞན་ལ་བརྗོད་པའི་སྐྱོན་རང་ལའང་མཚུངས་པས་ན་གཅིག་ཐ་དད་དུ་རྣམ་པར་རྟོག་པ་འདི་ནི་ཁྱོད་རང་ལའང་མཚུངས་སོ་ཤེ་ན། མི་མཚུངས་ཏེ་ཞིག་པ་ནི་ད་ལྟ་


MR20_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཙམ་ཡིན་ལ་མེད་པ་ཙམ་ལ་ནི་སྔར་གྱི་དངོས་པོ་དེ་དང་གཅིག་ཐ་དད་དེ་ཡི་རྣམ་པ་གང་དུའང་ཅུང་ཟད་ཙམ་ཡང་འགྱུར་བ་མེད་དེ། དངོས་པོ་སྐད་ཅིག་མ་ལོག་ནས་ད་ལྟ་མེད་པར་གྱུར་པ་ཙམ་ཞིག་ཡིན་ལ་དེ་བརྗོད་པའི་སྒྲ་ཞིག་པ་ཞེས་བྱ་བ་དེས་ཀྱང་དེ་ཙམ་བརྗོད་པ་ཡིན་གྱི་དངོས་པོ་རང་ཉིད་ཀྱི་ལྡོག་ཆ་ནས་བརྗོད་པ་མིན་པས་གཅིག་མ་ཡིན་ལ། དངོས་པོ་དེ་ད་ལྟ་མེད་པའི་ལྡོག་ཆ་ཙམ་བརྗོད་པས་དངོས་པོ་ལས་དོན་གཞན་དུ་གྱུར་པའི་དངོས་པོ་ཞིག་ཀྱང་བརྗོད་པ་མིན་པས་ན། གཅིག་ཐ་དད་ཀྱི་བརྟག་པ་མི་འཇུག་སྟེ་ཞིག་པ་ནི་གཞན་གྱི་ཆ་ལས་བཏགས་པ་ཙམ་ལས་རང་གི་ངོ་བོ་རྫས་སུ་མེད་པའི་ཕྱིར་རོ། །གལ་ཏེ་ཞིག་འཇིག་རང་གི་ངོ་བོ་རང་རྐྱ་བའི་རྫས་སུ་ཡོད་པར་འདོད་ན་ནི་དེ་ལ་གཅིག་ཐ་དད་ཀྱི་རྣམ་རྟོ༷ག་འདི་འཇུག་པར་འགྱུར་ཏེ། ཡོད་པ་དེ་ནི་སེལ་བ་ཙམ་མིན་པར་རྫས་སུ་ཡོད་པར་བསྒྲུབ་པ་ཡི་ཚུལ་གྱིས་དངོས་པོ་དང་འབྲེལ་དགོས་པའི་ཕྱིར་རོ། །དེ་ལྟ་ན་དངོས་པོར་གྱུར་པའི་ཞིག་འཇིག་དེ་བུམ་སོགས་དང་གཅིག་གམ་ཐ་དད་གང་ཡིན་ཞེས་དཔྱད་པར་བྱ་བ་ཡིན་ནོ། །འོ་ན་མེད་པ་ལའང་སྒྲུབ་པ་ཅི་སྟེ་མེད་དེ་བུམ་པ་རྣམ་གཅོད་ལ་ཁེགས་པས་བུམ་མེད་ཡོངས་གཅོད་དུ་གྲུབ་པ་ཡིན་ལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། གཙོ་བོ་སོགས་དངོས་པོ་མེད་པ་ཡིན་ནོ་ཞེས་དང་། དངོས་པོ་མེད་པར་འགྱུར་རོ་ཞེས་མེད་པ་ཉིད་སྒྲུབ་ངག་གིས་བསྟན་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་མེད་པ་ཡིན་ཞེས་གསུངས་པ་ནི་དངོས་པོ་མིན་ཞེས་བྱ་བའང་ཡིན་ཏེ། ཡིན་ཞེས་སྒྲུབ་པའི་ཚུལ་གྱིས་བརྗོད་ནའང་དངོས་པོ་ཡོད་པ་གཅོད་ཀྱི་ཡིན་རྒྱུའི་དངོས་པོ་རང་རྐྱ་བ་འཕངས་པ་གང་ཡང་མེད་དེ། ཅི་ཡང་མེད་པར་མཐོང་ཞེས་


MR20_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་སྒྲུབ་པ་ལྟར་བསྟན་པའི་ཚིག་དང་། ཅི་ཡང་མ་མཐོང་ཞེས་མཐོང་བ་དགག་པ་བསྟན་པའི་ཚིག་དག་གི་བརྗོད་བྱའི་དོན་ལ་མཐོང་བ་གང་ཡང་མི་སྒྲུབ་པར་ཁྱད་མེད་པ་བཞིན་ནོ། །གལ་ཏེ་ཞིག་པ་འདི་འཇིག་རྒྱུའི་དངོས་པོ་ལ་མ་བརྟེན་པར་མི་འབྱུང་བས་ན་འབྲས་བུར་འགྱུར་རོ་ཞེ་ན། ཞིག་པའི་ཐ་སྙད་ཙམ་ལ་ཟེར་རམ་དོན་ཞིག་པ་རང་ལ་ཟེར། ཐ་སྙད་ནི་དགག་བྱ་ལ་མ་བསྟེན་པར་མི་འབྱུང་བར་འདོད་དེ། སྔར། དངོས་མེད་ངོ་བོ་ཉིད་མེད་ཕྱིར། །ངོ་བོ་བརྗོད་པ་དཔྱད་བྱ་ཉིད། །མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་གཅོད་རྗོད་པར་བྱེད་པར་གྲུབ། །ཅེས་བརྗོད་པ་ལྟར་གཞན་ལ་བརྟེན་ནས་དེའི་ཐ་སྙད་གྲུབ་པའི་ཕྱིར་དེ་ལ་བཏགས་ཡོད་ཅེས་བྱ་སྟེ། དངོས་པོ་ལ་བརྟེན་པ་བུམ་མེད་ལ་སོགས་པའི་ཐ་སྙད་ལྟ་ཅི། དངོས་མེད་ལ་བརྟེན་ནས་ཀྱང་ཕྱུགས་འདི་རྣམས་ལ་རྭ་མེད་པ་མེད་དོ་ཞེས་དགག་པ་གཉིས་ཀྱིས་རྣལ་མ་རྭ་ཡོད་གོ་བ་དང་། དེར་མ་ཟད་རི་བོང་གི་རྭ་མེད་ཅེས་བརྗོད་པའང་དགག་བྱ་ལ་ལྟོས་པའི་སྒྲ་ཡིན་ནོ། །མེད་པའི་ཐ་སྙད་གྲུབ་པ་དེ་ཙམ་གྱིས་ནི་བརྟགས་ཡོད་ཙམ་གྲུབ་ཀྱི་དངོས་པོ་ཡིན་པར་སྒྲུབ་མི་ནུས་སོ། །གལ་ཏེ་ཐ་སྙད་ཀྱིས་བཏགས་པ་དེའི་བཏགས་དོན་དངོས་པོར་གྲུབ་ན་ནི། ཞིག་པ་དངོས་མེད་དེ་རང་གི་ངོ་བོ་ལ་རྐྱེན་གཞན་གྱིས་འཕེལ་བའམ་འགྲིབ་པའི་བྱ་བ་ཅུང་ཟད་ཅིག་ཡོད་ན་རྐྱེན་གཞན་ལ་ལྟོ༷ས་པའི་འབྲས་བུར་འགྱུར་གྱི། རྒྱུ་དངོས་པོ་གང་གིས་ཀྱང་བྱ་བ་ཅུང་ཟད་མི་བྱེད་པ་དེ་ལ་ཅི་སྟེ་རྒྱུ་འགའ་ཞིག་གིས་ལྟོས་པར་བྱ་བའི་འབྲས་བུར་འགྱུར་ཏེ་འགྱུར་མི་རིགས་སོ། །མེད་པར་རང་གི་ངོ་བོ་སྔར་མེད་གསར་དུ་སྐྱེ་བའམ་སྔར་ཡོད་འགགས་པའི་ཁྱད་པར་རྒྱུས་བྱར་ཡོད་


MR20_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པའང་ཅི་ཞིག་ཡིན་ཏེ་ཡོད་པར་འགྱུར་ལ། དེ་ལྟ་ན་ཡོད་མེད་དུ་ཐ་སྙད་བཏགས་པའང་དོན་མེད་པར་འགྱུར་ཞིང་། རྐྱེན་གྱིས་རང་གི་ངོ་བོ་བྱས་པ་མེད་པར་ཡང་འབྲས་བུར་འགྱུར་ན་མོ་གཤམ་གྱི་བུ་ཡང་འབྲས་བུར་འགྱུར་རོ། །གོང་དུ་བསྟན་ཟིན་པའི་རིགས་པ་དེས་ནི་འཇིག་པ་རྒྱུ་མེད་ཅན་ཡིན་ནའང་དངོས་པོ་མ་སྐྱེས་པ་ལས་ཀྱང་འཇིག་པ་འབྱུང་རིགས་ཏེ་རྒྱུ་མེད་པར་འབྱུང་བར་འགྱུར་པའི་ཕྱིར་འཇིག་པ་ནི་ཡུལ་དུས་ཐམས་ཅད་ན་ལྟོས་མེད་དུ་ཡོད་པ་ཉིད་དང་། མ་སྐྱེས་པར་ཡང་འཇིག་པ་ཡིན་པའི་སྐྱོན་ཧ་ཅང་ཐལ་བ་བརྗོད་པའང་བསལ་བ་ཡིན་ཏེ། དེ་དག་གིས་རྒྱུ་མེད་བཞིན་འཇིག་པ་ཡོད་དོ་ཞེས་ཁས་ལེན་པར་བྱེད་དོ་སྙམ་དུ་འཇིག་པ་ཞེས་པ་དོན་གཞན་པའི་དངོས་པོར་བཟུང་ནས་དངོས་པོ་ཉིད་སྐད་ཅིག་མ་ལ་འཇིག་པར་བརྡའ་གདགས་པ་ཡིན་ཞིང་། དེ་འདྲའི་འཇིག་པ་དེ་ལ་རྒྱུ་གཞན་མི་དགོས་པ་དང་། དངོས་མེད་རྒྱུས་བྱེད་མི་ནུས་པའི་ཚུལ་དང་ཞིག་འཇིག་གི་ཐ་སྙད་གཞན་སེལ་བས་བཏགས་པ་གོང་དུ་བཤད་པའི་དོན་མ་གོ་བའི་རྣམ་འགྱུར་གྱི་ངག་འབྲས་མེད་ཡིན་པས་ན། གོང་དུ་ལེགས་པར་བཤད་པ་དེ་དག་གིས་རྨོངས་མེད་དུ་སེལ་བར་འགྱུར་རོ། །གཉིས་པ་གནོད་པ་ཅན་ནི། དབང་ཕྱུག་པ་སོགས་ན་རེ། ཡོད་ན་འཇིག་པར་མ་ངེས་པས་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་ཁྱབ་མི་འགྲུབ་སྟེ། ཇི་ལྟར་ན་སྐྱེ་ལྡན་དུ་འདྲ་བ་ལ་བུམ་སོགས་འགའ་ཞིག་ཉིད་ནི་ཐོགས་བཅས་ཉིད་དུ་འདོད་ལ། སྐྱེ་ལྡན་ཡིན་ཀྱང་མིག་ཤེས་ལ་སོགས་པ་འགའ་ཞིག་ཐོགས་བཅས་མིན་པ་དེ་བཞིན་དུ་སྐྱེ་བ་དང་ལྡན་པའི་ཡོད་པ་ཡིན་ནོ་ཅོག་རྣམས་འཇིག་པའི་རང་བཞིན་ཡིན་ནའང་སྐྱེ་ལྡན་མིན་པའི་ཡོད་པ་


MR20_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་དབང་ཕྱུག་སོགས་ནི་འཇིག་པ་མིན་ནོ་ཅེ་ན། ཐོགས་བཅས་ཐོགས་མེད་ནི་རང་གི་རྒྱུ་ཡི་རང་བཞིན་སོ་སོར་ངེས་པ་ཡོད་པའི་དབང་ལས་འབྲས་བུའི་རང་བཞིན་ཀྱང་མི་འདྲ་བའི་རིགས་གཉིས་སུ་ངེས་པ་སྟེ་དཔེར་ན་གྲོ་དང་འབྲས་ཀྱི་ས་བོན་ལས་བྱུང་བའི་འབྲུ་བཞིན་ནོ། །རྟག་པར་བྱེད་པའི་རྒྱུ་དང་མི་རྟག་པར་བྱེད་པའི་རྒྱུ་གཉིས་མི་སྲིད་པས་ན་རྒྱུ་ཐམས་ཅད་མི་རྟག་པའི་འབྲས་བུ་སྐྱེད་པར་མཚུངས་ཀྱི་ཐ་དད་པའི་རྒྱུ་རྣམས་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཐམས་ཅད་མི་རྟག་པའི་ངོ་བོ་ཡིན་པ་ལ་ཐ་དད་པ་མེད་དོ། །གལ་ཏེ་རྒྱུ་མེད་པར་གྱུར་བའི་ངོ་བོ་ཡོད་པ་རྟག་ཅེས་མ་སྨྲས་སམ་ཞེ་ན། རྒྱུ་མེད་པར་བྱུང་ན་རྟག་ཏུ་ཡོད་མེད་དུ་ཐལ་བའང་མ་སྨྲས་སམ། དེས་ན་གང་ལ་རྒྱུ་མེད་པ་དེ་ནི་རང་གི་ངོ་བོས་ཡོད་པར་ཡང་བཞག་ཏུ་མེད་དོ། །རྒྱུ་མེད་པ་ཉིད་དུ་ཁས་བླངས་པས་དངོས་པོར་ཡོད་པའི་ངོ་བོ་ཡང་བསལ་ཏེ་དོན་གཅིག་ཏུ་སོང་བ་ཡིན་པ་དཔེར་ན་བུ་མ་བྱུང་ཞེས་པ་དང་མ་བྱུང་བའི་བུའམ་མོ་གཤམ་གྱི་བུ་ཞེས་བརྗོད་པ་ལ་བུ་མེད་པར་གྱུར་པ་ལ་ཁྱད་པར་གང་ཡང་མེད་པ་བཞིན་ནོ། །གོང་དུ་བསྟན་པ་ལྟོས་མེད་དང་གནོད་པ་ཅན་གྱི་གཏན་ཚིགས་ཀྱིས་དངོས་ཀུན་མི་རྟག་པར་གྲུབ་པ་དེ་ཕྱིར་སྒྲ་ལ་སོགས་པ་དེ་རྣམས་ཀྱི་འབྲེལ་བ་ཡང་རྟག་པ་ཉིད་དུ་འདོད་པ་ནི་བསལ་བ་ཡིན་ཏེ། རྟག་པའི་དངོས་པོ་གང་ཡང་མེད་པའི་ཕྱིར་རོ། །གཞན་རྒྱལ་དཔོགས་པ་སོགས་སྒྲ་ཡི་དོན་གོ་བའི་ནུས་པ་རུང་བ་ཉིད་རྟག་པའོ་ཞེས་སོགས་སྨྲ་བའང་སྔར་བཤད་པའི་འབྲེལ་བའི་སྐྱོན་བསྟན་པ་ཅན་གྱིས་བསལ་བ་ཡིན་ཏེ། འབྲེལ་བ་ཅན་རྣམས་མི་རྟག་ཕྱིར། །ཞེས་པའི་ཚིག་ལ། ནུས་པ་ཅན་རྣམས་མི་རྟག་ཕྱིར། །སོགས་ཁ་བསྒྱུར་བས་གྲུབ་པ་ཡིན་ནོ། །གསུམ་པ་ལྡོག་ཁྱབ་མ་གྲུབ་པར་སྟོན་པ་ལ།

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


MR20_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་རྟགས་དེ་བསྒྲུབ་བྱར་འཁྲུལ་བའི་ཚུལ། །མ་འཁྲུལ་འདོད་པ་གཞན་ལན་དགག་པའོ། །དང་པོ། འདི་ལྟར་སྐྱེས་བུས་མ་བྱས་ཞེས་བྱ་བ་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་དོན་ཡང་དག་པར་ཤེས་པའི་སྒྲུབ་བྱེད་མིན་ཏེ། སྐྱེས་བུའི་བློ་ཆགས་སོགས་ཀྱི་ཉེས་པས་བསླད་པའི་སྐྱོན་མེད་པའི་མེ་དང་ཟླ་འོད་ལ་སོགས་པ་ཇི་བཞིན་རྟོགས་པའི་རྒྱུ་ལས་རྣམ་པ་གཞན་ལོག་ཤེས་ཀྱི་རྒྱུ་ཉིད་དུ་མཐོང་སྟེ། འདི་ལྟར་མེ་འོད་ནི་མཚན་མོ་ཨུཏྤལ་སྔོན་པོ་ལ་དམར་པོར་མཐོང་བ་དང་། ཟླ་འོད་ནི་མཚན་མོ་གོས་སེར་པོ་ལ་དཀར་པོར་མཐོང་བའི་རྒྱུར་གྱུར་པ་ཡིན་ནོ། །དེས་ན་སྒྲ་མ་བྱས་སུ་ཆུག་ཀྱང་མ་བྱས་ན་བདེན་དོན་ཅན་ཡིན་པར་མི་འགྲུབ་སྟེ། མི་བདེན་པ་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །མར་མེ་སོགས་སྐྱེས་བུའི་ཉེས་པས་མ་བསླད་ཀྱང་མི་རྟག་པ་ཡིན་ལ། རིག་བྱེད་དེ་ནི་རྒྱུ་གང་གིས་ཀྱང་མ་བྱས་པའི་རྟག་པ་ཡིན་པའི་ཕྱིར་བདེན་པར་འདོད་ན། དེ་ཉན་པའི་ཤེས་པ་ཉིད་ཀྱི་རྒྱུར་ཡང་མི་འགྱུར་ཏེ། རྒྱུ་མཚན་རྟག་པ་དག་ལ་རང་འཛིན་ཤེས་པ་དངོས་པོ་བསྐྱེད་པའི་ནུས་པ་འགའ་ཡང་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེས་སྐྱེད་ན་ཅིག་ཅར་བསྐྱེད་དགོས་ལ་མི་བསྐྱེད་ན་ནམ་ཡང་མི་བསྐྱེད་པར་འགྱུར་ཞིང་། ལྷན་ཅིག་བྱེད་པ་དང་ཚོགས་ནས་བསྐྱེད་རུང་བར་འགྱུར་ན་མི་རྟག་པར་འགྱུར་བ་སྔ་ཕྱིར་ལན་མང་དུ་དཔྱད་ཟིན་པའི་ཕྱིར་རོ། །དེར་མ་ངེས་ཏེ་ནམ་མཁའ་རྟག་པ་ལས་དེ་འཛིན་ཤེས་པ་སྐྱེད་པས་སོ་ཟེར་ན། ནམ་མཁའ་རྟག་པས་རང་འཛིན་སྐྱེད་སྲིད་ནའང་བཤད་མ་ཐག་པ་ལྟར་ཅིག་ཅར་བསྐྱེད་པར་འགྱུར་བ་སོ་ན་གནས་ཤིང་རིམ་གྱིས་བསྐྱེད་པའང་མི་འཐད་དོ། །དེས་ན་རྟག་པ་ནི་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པ་ཁོ་ན་ཡིན་ནོ། །འོ་ན་ནམ་


MR20_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཤེས་པ་རྒྱུ་མེད་པར་འགྱུར་རོ་སྙམ་ན། ཕྱི་རོལ་དོན་གྱི་རྒྱུ་མེད་པ་འདོད་ལ་དེར་ཤེས་པ་ཙམ་རྒྱུ་མེད་པར་མི་འགྱུར་ཏེ། རང་གི་ནང་གི་རྣམ་པར་རྟོག་པ་ཐོག་མེད་ནས་གོམས་པའི་བག་ཆགས་སད་པ་ལས་བྱུང་བའི་དོན་མེད་ཀྱང་དོན་དུ་སྒྲོ༷་བཏགས་པའི་སྤྱོད་ཡུལ་ཅན་ནམ་མཁའ་ལ་སོགས་པར་རྟོགས་པའི་བློ་དག་གོམས་པའི་རྟོག་པ་འབའ་ཞིག་པ་དེ་ལས་སྐྱེ་བར་འགྱུར་གྱི། ཕྱི་རོལ་གྱི་དོན་རང་མཚན་གྱི་སྤྱོད་ཡུལ་ཅན་མ་ཡིན་ནོ། །ནང་གི་རྟོག་པ་ལ་དོན་སྤྱི་ཙམ་དུ་སྣང་བ་ནི་དོན་རང་མཚན་གྱི་རྒྱུ་ཅན་ཡིན་མི་དགོས་ཏེ་སྔར་ལན་བརྒྱ་ཕྲག་དཔྱད་ཟིན་ཏོ། །དེས་ན་དེ་དག་གི་ཐ་སྙད་མེད་པར་མི་འགྱུར་ཀྱང་བཏགས་པའི་ཐ་སྙད་ཡོད་པ་དེ་ཙམ་ལས་བཏགས་དོན་རྫས་སུ་གྲུབ་པ་གང་ཡང་མེད་དེ་གཞན་རིག་དང་རང་རིག་གང་གིས་ཀྱང་དེའི་རང་མཚན་དམིགས་མི་སྲིད་པའི་ཕྱིར་རོ། །མདོ་ལས་ཀྱང་། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །ཞེས་གསུངས་པ་ལྟར་རྟོག་པས་སྒྲོ་བཏགས་ནས་མཐོང་བ་དང་རྟག་པར་རློམ་པ་ཙམ་སྟེ། དཔྱད་ན་མཐོང་རྒྱུ་དང་རྟགས་རྒྱུའི་རང་མཚན་རྡུལ་ཙམ་མེད་དོ། །གཉིས་པ་ནི། དེ་ལྟར་ལྡོག་ཁྱབ་མ་གྲུབ་པའི་སྐྱོན་བརྗོད་པ་ལ་ཕ་རོལ་པོས་ལྡོག་པ་ཆིག་རྐྱང་གྲུབ་ཚུལ་གྱི་ལན་བསྟན་པ་ནི། གལ་ཏེ་སྐྱེས་བུས་བྱས་པ་དག་ཁོ་ན་ལ་ལོག་པའི་དོན་ཅན་ཉིད་དུ་མཐོང་བ་ཉིད་ཀྱི་ཕྱིར་ན་དེའི་བཟློག་ཕྱོགས་མ་བྱས་པའི་ཚིག་ནི་བདེན་པའི་དོན་ཅན་ཡིན་ཏེ། རྟགས་མ་བྱས་པ་དེ་བཟློག་པ་བྱས་པ་ཞེས་པས་བདེན་པ་དང་འགལ་བ་ལོག་པའི་དོན་ཅན་ལ་ཁྱབ་པའི་ཕྱིར་ན་ལོག་པའི་དོན་ཅན་དེའི་ཁྱབ་བྱེད་དང་འགལ་བ་མ་བྱས་པ་ནི་བདེན་དོན་ཅན་དུ་གྲུབ་པར་འགྱུར་རོ་ཞེ་ན། བྱས་པ་དང་མ་བྱས་


MR20_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགལ་ཀྱང་མ་བྱས་པའི་བསྒྲུབ་བྱ་བདེན་པ་དེ་ནི་བྱས་པའི་སྒྲ་ལའང་མི་ཁེགས་པས་ན། རྟགས་དེ་མི་མཐུན་ཕྱོགས་ལོག་པའི་དོན་ཅན་ལ་མེད་པའམ་མི་འཇུག་པའི་ཕྱིར་རམ་ཆེད་དུ་མི་མཐུན་ཕྱོགས་ལ་འཇུག་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་མ་བསྟན་པ་ནའང་། མ་བྱས་ཀྱང་ལོག་པའི་དོན་ཅན་ཅིས་མི་སྲིད་སྙམ་དུ་རྟགས་དེ་ནི་མི་མཐུན་ཕྱོགས་ལ་ཡང་ཡོད་པར་དོགས་པར་འགྱུར་ཏེ་ཁྱབ་བྱ་གཉིས་ནང་འགལ་བ་ཙམ་གྱིས་ཁྱབ་བྱེད་འགལ་བ་སྒྲུབ་མི་ནུས་ཏེ། ཁྱབ་བྱ་དངོས་པོ་འགལ་བ་རྩོལ་བ་ལས་བྱུང་བ་དང་མ་བྱུང་བ་ལྟ་བུ་དག་ལ་ཡང་། ཁྱབ་པར་བྱེད་པ་མི་རྟག་པ་གཅིག་ལྟ་བུ་མཐོང་བའི་ཕྱིར་རོ། །དེས་ན་ཁྱབ་བྱ་བྱས་པ་དང་། མ་བྱས་པའི་སྒྲ་འགལ་དུ་ཆུག་ཀྱང་ཁྱབ་བྱེད་བདེན་པ་གཅིག་གམ་ཡང་ན་ལོག་དོན་གཅིག་ཡོད་སྲིད་པ་ལ་མ་བྱས་པ་ལ་ལོག་དོན་མེད་པར་འགོག་བྱེད་ཀྱི་རིགས་པ་མེད་པས་ན་དམ་བཅའ་བའི་ཚིག་ཙམ་དུ་ཟད་དེ། རྟགས་དེ་མི་མཐུན་ཕྱོགས་ཀུན་ལ་མེད་པ་ནི་མ་མཐོང་བའམ་མི་དམིགས་པས་མི་འགྲུབ་ཅེས་ནི་སྔར་རྟགས་དེ་མི་མཐུན་ཕྱོགས་ལ་མཐོང་མི་སྲིད་ནའང་ཕྲུ་བའི་འབྲས་ནི་ཚོས་པར་དཔོག་པ་སོགས་བཞིན་དུ་འཁྲུལ་བར་སྲིད་པ་བཤད་ཟིན་ཏོ། །དེའི་སླད་དུ་རྟགས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ནི་རྟགས་དང་བསྒྲུབ་བྱ་མེད་ན་མི་འབྱུང་གི་ཚད་མས་ངེས་པའི་སྒོ་ནས་མ་གྲུབ་ན། ལྡོག་པའི་ཁྱབ་པ་གྲུབ་པ་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་གྱི་དེས་བསྒྲུབ་བྱ་འགྲུབ་མི་ནུས་སོ། །དེ་ལྟར་མ་བྱས་པས་བདེན་དོན་ཅན་དུ་སྒྲུབ་པ་ལ་ཚུལ་གསུམ་མ་ཚང་བ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་ཡང་དག་ཡིན་ན་ཚུལ་གསུམ་ཚང་དགོས་པར་བསྟན་པ་ནི། གལ་ཏེ་རྗེས་འགྲོ་དང་ལྡོག་པའི་ཁྱབ་པ་དང་


MR20_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བྱའི་ཆོས་ཅན་ལ་ཡོད་པ་ཕྱོགས་ཆོས་གྲུབ་པ་ཉིད་དང་ཚུལ་གསུམ་ཚང་བ་དེ་དེ་བཞིན་དུ་ཚད་མས་ངེས་པར་གྱུར་པའི་འབྲས་བུ་ཅན་གྱི་ཤེས་པ་རྗེས་དཔག་ཚད་མ་དེ་ཡིས་གྲུབ་པར་གྱུར་པ་ན་དེ་འདྲའི་ཚུལ་གསུམ་ཚང་བའི་རྟགས་དེ་བསྒྲུབ་བྱ་དེའི་སྒྲུབ་བྱེད་ཡང་དག་ཏུ་སོང་བ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱའི་ཡུལ་གང་ལ་ཡང་བསྒྲུབ་བྱའི་མི་མཐུན་ཕྱོགས་དེ་ཉིད་བཟློག་པ་ཉིད་དུ་བརྗོད་པ་དེ་ཉིད་ནི་རྟགས་འདི་ཡི་ཆོས་མཐུན་པའི་ཕྱོགས་ཏེ། རང་ཉིད་རྗེས་སུ་འགྲོ་བར་བྱ་བའི་གཞིར་འགྱུར་བའི་ཁྱབ་པ་ངེས་ན་ལྡོག་ཁྱབ་གྲུབ་པའི་གཏན་ཚིགས་ཐམས་ཅད་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་གྲུབ་པ་ཅན་ཁོ་ན་ཡིན་གྱི་རྗེས་འགྲོ་མེད་པར་ལྡོག་ཁྱབ་རྐྱང་པ་གྲུབ་ཐབས་མེད་པས་ན་ལྡོག་པ་ཆིག་རྐྱང་གྲུབ་པ་ཞེས་བྱ་བ་གཏན་ཚིགས་ཡང་དག་མིན་ནོ། །དེས་ན་མི་མཐུན་ཕྱོགས་ལོག་པའི་དོན་ཅན་བཟློག་པ་བདེན་དོན་ཅན་ཡིན་ལ། དེ་དང་རྟགས་མ་བྱས་པ་ལ་རྗེས་འགྲོའི་འབྲེལ་བ་མ་གྲུབ་ན་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཚད་མས་ངེས་པ་བསྐྱེད་པའི་རྒྱུ་མཚན་གང་ཡང་མི་རྙེད་པས་མ་ངེས་པའི་རྟགས་ལྟར་སྣང་ཁོ་ན་ཡིན་ནོ། །གཉིས་པ་སྔགས་ཚིག་བྱེ་བྲག་ཏུ་དགག་པ་ལ། སྔགས་རྣམས་སྐྱེས་བུས་བྱས་པ་ཉིད་དུ་སྒྲུབ། །དེ་ཡིས་སྐྱེས་བུ་ནུས་མེད་སྒྲུབ་པ་བསལ། །དང་པོ་ལ། སྔགས་རྣམས་སྐྱེས་བུས་བྱས་པར་འཐད་མདོར་བསྟན། །དེ་ཡི་ཚུལ་ནི་རིགས་པས་རྒྱས་པར་སྒྲུབ། །དེ་ཕྱིར་སྔགས་རྣམས་བྱས་པར་མཇུག་བསྡུ་བའོ། །དང་པོ། སྤྱིར་སྔགས་རྣམས་བྱེ་བྲག་ཏུ་སྐྱེས་བུས་བྱས་པར་དམིགས་བསལ་ཏེ་སྒྲུབ་པར་མཛད་པ་འདི་ནི་ཕ་རོལ་པོས་རིག་བྱེད་མ་བྱས་པའི་སྒྲུབ་བྱེད་ཁྱད་པར་ཅན་དུ་སྔགས་འགོད་པས་ཡིན་ལ། དེ་ཡང་རིག་བྱེད་ཀྱི་སྔགས་རྣམས་ནི་ནུས་པ་མངོན་སུམ་གྲུབ་པས་སྔགས་མིན་པར་


MR20_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་མི་ནུས་ལ། སྐྱེས་བུས་དོན་གྱི་ཁྱད་པར་སྟོན་པའི་ཚིག་གསར་དུ་སྤེལ་ནུས་ཀྱང་། ཞི་སོགས་ཀྱི་ལས་བྱེད་པ་དེ་འདྲའི་ནུས་ཅན་གྱི་སྔགས་དེ་སྐྱེས་བུས་གསར་དུ་སྤེལ་མི་ནུས་པས་སྔགས་ནི་རང་བྱུང་དུ་ཡོད་པའོ་སྙམ་དུ་སེམས་པ་ཡིན་ནོ། །དེ་ལ་ཤེས་རབ་དང་བདེན་པའི་མཐུ་གྲུབ་པའི་གང་ཟག་འགའ་ཡིས་ཆོ་ག་འདི་ལྟ་བུའི་སྒོ་ནས་སྔགས་འདི་བཟླས་པ་ལས་ལས་འདི་ལྟ་བུ་བྱེད་པར་གྱུར་ཅིག་སྙམ་དུ་ཡི་གེའི་བཀོད་པ་གང་ཡང་རུང་བ་ལ་ལས་དེ་བྱེད་པའི་སྔགས་སུ་བརྡ་བྱས་པ་ཉིད་ཡིན་ན། སྔགས་དེ་རྣམ་ཤེས་མཐུ་དང་ལྡན་པས་ཇི་ལྟར་བརྡ་བྱས་ཤིང་བྱིན་གྱིས་བརླབས་པ་དེ་ལྟར་ཞི་སོགས་ལས་དེའི་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་སྙན་དངགས་མཁན་པོས་ཁོ་བོས་བྱས་པའི་སྙན་ངག་འདོན་པར་བྱེད་པ་དེ་ལ་འདི་སྦྱིན་ནོ་ཞེས་བརྡར་བྱས་པ་ན་དེས་བྱས་པའི་སྙན་ངག་འདོན་པ་པོ་དེས་ཇི་ལྟར་དམ་བཅས་པའི་དོན་དེ་ཐོབ་པ་དེ་བཞིན་དུ། ཡི་གེའི་བརྡ་ལ་བརྟེན་ཏེ་ལས་སོ་སོ་སྒྲུབ་པའི་སྔགས་ལ་ཞུགས་པས་བརྡ་ཇི་ལྟར་བྱས་པ་བཞིན་བརྡའི་དབང་གིས་འབྲས་བུ་དེ་ལྟར་འབྱིན་ནོ། །དེ་ལྟར་སྐྱེས་བུས་བརྡས་བྱས་པ་མིན་ན་ནི་སྔགས་ཀྱི་ཡི་གེའི་གོ་རིམ་དང་ཆོ་ག་དང་འབྲས་བུ་ཐ་དད་པ་མི་རིགས་སོ། །གཉིས་པ་ལ། སྐྱེས་བུས་མ་བྱས་པ་ལ་མི་འཐད་བརྗོད། །སྐྱེས་བུས་བྱས་འདོད་རང་ལ་མི་མཚུངས་ཚུལ། །དང་པོ་ལ། གོ་རིམས་ལོག་སོགས་འབྲས་བུ་སྟེར་བར་ཐལ། །སྔགས་ཀྱིས་འབྲས་བུ་རྟག་ཏུ་སྟེར་བར་ཐལ། །སྒྲུབ་པོ་ཀུན་ལ་ཁྱད་མེད་སྟེར་བར་ཐལ། །དང་པོ། ཅི་སྟེ་སྐྱེས་བུས་བརྡ་བྱས་པ་ལ་མི་ལྟོས་པར་སྨན་གྱི་ནུས་པ་བཞིན་དུ་སྔགས་རང་གི་དངོས་པོའི་ནུས་པ་ཡིས་ལས་བྱེད་པ་ཡིན་ན་ཡི་གེ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་ཆོ་ག་དང་མི་ལྡན་


MR20_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྔགས་གོ་རིམས་མེད་པར་བཟླས་པའམ། ཡི་གེ་གཞན་གང་ཡང་རུང་བ་བཟླས་པ་ལའང་འབྲས་བུ་ཐམས་ཅད་བྱེད་པ་ཡོད་པར་འགྱུར་རོ། །སྐྱེས་བུས་བརྡ་བྱས་པས་མིན་ཀྱང་སྨན་གྱི་ནུས་པའང་ཐ་དད་པ་བཞིན་སྔགས་ཀྱི་ནུས་པ་ཐ་དད་པའོ་ཟེར་ན། ཁྱོད་ཀྱིས་ཡི་གེ་ཐམས་ཅད་གཅིག་པར་ཁས་བླངས་པ་མིན་ནམ། འཇིག་རྟེན་གསུམ་གྱི་ཨ་གཅིག་ཀ་གཅིག་ལྟ་བུའི་རྟག་པ་ལ་ནུས་པ་ཇི་སྙེད་པའང་ཅིག་ཅར་མེད་པ་མི་སྲིད་དོ། །ཡི་གེ་གཅིག་ཡིན་ཀྱང་མང་ཉུང་དང་ཡི་གེའི་གོ་རིམས་ཁྱད་པར་བ་ལ་ལས་སོ་སོའི་ནུས་པ་ཡོད་དོ་ཞེ་ན། སྐྱེས་བུས་བརྡ་བྱས་པ་ལ་མི་ལྟོས་པར་ཡི་གེ་རང་གི་སྟེང་ན་དོན་གཞན་པ་ཉིད་དུ་གྱུར་པ་ཡི་ཡི་གེའི་བཀོད་པ་ཞེས་པའང་སྔར་ནི་རིགས་པས་བསལ་བ་ཡིན་པས་དེ་ལྟ་བ་མི་སྲིད་དོ། །གཉིས་པ། དོན་སྒྲུབ་བྱེད་ཀྱི་སྔགས་དེ་ནི་རྟག་པར་ཀུན་དུ་ཡོད་པའི་ཕྱིར་རྟག་པའི་སྔགས་དེ་ལས་ཞི་སོགས་ཀྱི་དོན་ཀུན་ཀྱང་རྟག་ཏུ་འགྲུབ་པར་འགྱུར་ཏེ། དོན་འགྲུབ་བྱེད་ཀྱི་རྒྱུ་རྟག་པར་གནས་པས་སོ། །གལ་ཏེ་སྔགས་དེ་ཡང་བཟླས་པ་སོགས་ཀྱི་རྐྱེན་ལ་ལྟོས་པ་ཡིན་པས་དོན་རྟག་ཏུ་བྱེད་པ་མིན་ནོ་ཞེ་ན། རྐྱེན་དང་མ་ཚོགས་ན་སྔགས་རང་ལ་ནུས་པ་མེད་པར་འགྱུར་ལ་དེ་ལྟ་ན་ཚོགས་ཀྱང་ནུས་པ་མི་འབྱུང་སྟེ་སྔ་མའི་རང་བཞིན་དུ་རྟག་པའི་ཕྱིར་རྟག་པ་ལ་རྐྱེན་གྱི་ནུས་པ་རུང་བའང་མེད་པས་ན་རྐྱེན་ལ་ལྟོས་ནས་འབྲས་བུ་འབྱིན་པ་ཞེས་པ་དེ་སྔགས་རྟག་པ་ལ་ནམ་ཡང་མི་རུང་ངོ་། །གསུམ་པ་ལ། ཐལ་བ་དངོས་དང་ཉེས་སྤོང་ལན་འགོག་པའོ། །དང་པོ། གལ་ཏེ་རིག་བྱེད་ཀྱི་སྔགས་སྐྱེས་བུས་བརྡ་བྱས་པ་མིན་པར་དངོས་པོའི་ནུས་པ་ཡིན་པ་དེ་འདྲ་ན། རིག་བྱེད་ཀྱི་སྔགས་དེ་ནི་ཟློ་བ་པོ་བྲམ་ཟེ་སོགས་ཀྱི་ཁྱད་པར་ལ་མི་ལྟོས་པར་གདོལ་བ་སོགས་སྡིག་ལྡན་ཀུན་གྱི་ཡང་དོན་རྣམས་སྒྲུབ་པར་བྱེད་པར་


MR20_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་མེ་དང་སྨན་ལ་སོགས་པ་བཞིན་ནོ། །གཉིས་པ་ལ། བྱེད་པ་པོ་ལ་ལྟོས་པ་མི་རུང་དང་། །སྔགས་སྒྲ་མངོན་པར་གསལ་ལ་མི་ལྟོས་པའོ། །དང་པོ། སྔགས་ཟློ་བར་བྱེད་པ་པོ་བྲམ་ཟེ་རྣམས་ཀྱིས་མཆོད་སྦྱིན་སོགས་ལེགས་པར་བྱས་པའི་དབང་གིས་དེ་ལ་འབྲས་བུ་འབྱིན་ལ་གཞན་གདོལ་པ་སོགས་ལ་མིན་ནོ་ཞེ་ན། སྔགས་རྟག་པས་འབྲས་བུ་འབྱིན་ན་ལེགས་བྱས་ཀྱི་ཁྱད་པར་ལ་ལྟོས་པ་མིན་པའི་ཕྱིར་ཏེ་ལེགས་བྱས་ལ་ལྟོས་སུ་མི་རུང་བའི་ཕྱིར་རོ། །དེས་ན་སྔགས་ཟློ་བར་བྱེད་པ་པོའི་ཁྱད་པར་བྲམ་ཟེ་དང་གདོལ་པ་སོགས་ལ་ཡང་ལྟོས་པར་མི་རུང་སྟེ། རྟག་པ་གཞན་ལ་མི་ལྟོས་པ་ལྟ་ཅི། དངོས་པོ་འདུས་བྱས་པ་ཡི་ཡང་འབྲས་བུའམ་ནུས་པ་ཡི་དངོས་པོའི་ཐ་དད་པ་ཡང་རྒྱུ་ཐ་དད་པས་བྱེད་པ་དེ་ལ་བྱེད་པ་པོའི་ཁྱད་པར་ལས་ནུས་པ་སོ་སོར་ངེས་པ་མ་ཡིན་ཏེ་མེ་ཡི་ཚ་བའི་དོན་བྱེད་པ་ནི་བྲམ་ཟེ་དང་གདོལ་པའི་ཁྱད་པར་ལ་མི་ལྟོས་པ་བཞིན་ནོ། །ས་བོན་བཏབ་པར་འདྲའང་བསོད་ནམས་ཅན་གྱི་ཞིང་ལ་མང་དུ་སྐྱེ་བ་ཡང་རྒྱུ་དེས་དེའི་ངོར་བྱས་པ་མ་ཡིན་ཏེ་མང་དུ་སྐྱེ་བའི་རྒྱུ་ཉིད་ཚོགས་པ་ཡིན་ནོ། །རྒྱུ་མ་ཚོགས་པ་མེད་པའི་སྔགས་རྟག་པ་ལ་བྱེད་པོའི་ཁྱད་ཀྱིས་འབྲས་བུ་འབྱིན་མི་འབྱིན་ཡོད་ན་ནི་དེའི་ངོར་བྱེད་པ་ཁོ་ནར་འགྱུར་རོ། །ངོར་བྱེད་པ་ནི་མི་སྲིད་དེ་སྔགས་རྟོག་མེད་ཡིན་ལ་བྲམ་ཟེ་དང་གདོལ་པ་ཡང་རྟོག་པས་སྒྲོ་བཏགས་པ་ལས་ངོ་བོས་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་ན། རིགས་ཐ་དད་དུ་བྱེད་པ་ནི་དབྱིབས་དང་ཡོན་ཏན་ནུས་པ་མི་འདྲ་བར་མཐོང་བ་ལས་རྟ་དང་བ་ལང་དུ་འབྱེད་པ་ལ་སོགས་པ་ལྟ་བུ་ཡིན་ན་མི་རྣམས་ལ་འདི་ནི་བྲམ་ཟེ་དང་འདི་ནི་གདོལ་པའོ་ཞེས་ངོ་བོ་ཉིད་ཀྱིས་ཐ་དད་དུ་དམིགས་པ་མེད་པས་རིགས་ངོ་བོས་མ་གྲུབ་ལ། བྱ་བའི་ཁྱད་པར་ལ་བརྟེན་ནས་མིང་དང་བརྡས་བྲམ་ཟེ་སོགས་སུ་བཏགས་པ་ནི་འཚོ་བྱེད་


MR20_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚོང་པའི་ཐ་སྙད་ལ་སོགས་པ་བཞིན་ནོ། །དེས་ན་རིག་བྱེད་ཀྱི་སྔགས་ནི་བྲམ་ཟེ་གཙང་མ་སོགས་ཀྱིས་བཟླས་ན་འབྲས་བུ་འབྱིན་ལ་གཞན་གདོལ་བ་སོགས་ཀྱིས་བཟླ་མི་རུང་ངོ་ཞེས་པ་འཐད་པར་མི་འགྱུར་རོ། །སྐྱེས་བུས་བརྡ་བྱས་པ་ཡིན་ན་ནི་བྱེད་པོའི་ཁྱད་པར་གྱི་ཡང་འབྲས་བུ་འབྱིན་པར་རུང་སྟེ་སྔགས་བྱེད་པ་པོའི་བྲམ་ཟེ་ཞེས་པའི་ཐ་སྙད་དང་ལྡན་པ་དེ་དག་གི་དོན་སྒྲུབ་པའི་སྔགས་སུ་བརྡ་བྱས་པ་ལས་དེས་ཇི་ལྟར་སྨོན་པ་ལྟར་འགྱུར་བའི་ཕྱིར་རོ། །དེ་ལྟ་མིན་པར་སྔགས་རྟག་པ་རྐྱེན་གྱིས་ཁྱད་པར་བྱར་མེད་པ་ཅན་ཡིན་ན་སྔགས་སྒྲུབ་པ་པོས་ལེགས་བྱས་སོགས་ཐབས་ཅི་ཞིག་བྱེད་ནས་སྔགས་རྟག་པ་འབྲས་བུའི་བྱེད་པོར་འགྱུར་བར་བྱ་ནུས་ཏེ་ནམ་མཁའ་ལ་ཐབས་ཅི་བྱས་ཀྱང་མེ་ཏོག་སྐྱེ་བར་མ་ནུས་པ་བཞིན་ནོ། །གཉིས་པ། གལ་ཏེ་སྔགས་ཙམ་ཀྱིས་འབྲས་བུ་སྒྲུབ་པ་མིན་ཏེ་བྱེད་པ་ལྕེ་རྐན་སོགས་ཀྱིས་སྔགས་ཀྱི་སྒྲ་མངོན་པར་གསལ་བ་དེ་འབྲས་བུ་ལ་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་གོང་དུ་རྟག་པ་ལ་སྔར་མེད་ཕྱིས་གསལ་བ་ཡོད་པར་མི་འཐད་པར་རིགས་པས་བསལ་ཟིན་ཏོ། །གཞན་ཡང་སྔགས་ཀྱི་སྒྲ་རང་མཚན་གང་ལས་དེའི་ཡུལ་ཅན་ཉན་ཤེས་ཀྱི་བློ་དེ་སྔགས་མངོན་པར་གསལ་བ་ཞེས་བྱ་བ་ཡིན་ལ་དེ་ནི་ཞི་སོགས་ཀྱི་འབྲས་བུར་གལ་ཏེ་སྦྱོར་བར་བྱེད་པ་ཡིན་ན། སྨྲ་བ་པོ་བྲམ་ཟེ་ལྟ་བུ་ནི་སྔགས་གསལ་བྱེད་ཀྱི་རྒྱུ་ཡིན་པས་སྨྲ་བ་པོ་རང་ལ་ཉན་ཤེས་སྐྱེས་པ་བཞིན་དུ་ཉན་པ་པོ་གདོལ་པ་ལྟ་བུ་ལ་ཡང་ཡོད་པས་ཉན་པ་པོ་དེ་སྔགས་དེའི་འབྲས་བུ་དང་འབྲེལ་ནས་ཐོབ་པར་འགྱུར་ཏེ་སྔགས་སྒྲ་མངོན་པར་གསལ་བ་རྒྱུ་ཡིན་ལ་དེ་སྨྲ་ཉན་གཉིས་ཀར་ཁྱད་མེད་པའི་ཕྱིར་འབྲས་བུ་རྒྱུ་ཡི་རྗེས་སུ་མི་འགྲོ་བ་མི་སྲིད་དོ། །གཞན་ཡང་མངོན་པར་གསལ་བ་མིན་པའི་སྒྲ་དག་གི་བྱེད་པ་ལྕེ་རྐན་ལ་སོགས་པ་རྣམས་ཀྱི་སྦྱོར་བ་ཅན་ཤུབས་བཟླས་བྱས་


MR20_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། བྱེད་པ་ལ་གཏན་མི་ལྟོས་པར་ཡིད་ཀྱི་བཟླས་པ་བྱས་པ་ནི་དོན་མེད་པར་འགྱུར་ཏེ། སྒྲ་ནི་རྣ་བའི་ཤེས་པའི་སྤྱོད་ཡུལ་ཁོ་ན་ཡིན་པའི་ཕྱིར་དེ་མེད་པ་ནི་སྔགས་བཟླས་པར་མི་འགྱུར་རོ། །གལ་ཏེ་ཤུབས་བཟླས་སོགས་ལ་སྒྲ་དངོས་སུ་མེད་ཀྱང་བརྒྱུད་པས་ཡོད་དེ་སྒྲ་རང་མཚན་དེ་ལས་བསྐྱེད་པའི་བློ་ཡིན་པ་ཉིད་ཀྱི་ཕྱིར་ཡིད་ངོར་སྔགས་སྒྲར་སྣང་བའི་བློ་དེའང་སྔགས་གསལ་བ་ཡིན་པས་དོན་ཡོད་པ་ཡིན་ནོ་ཞེ་ན། གལ་ཏེ་སྔགས་སྒྲར་སྣང་བ་ཡོད་དུ་ཆུག་ཀྱང་སྒྲ་རང་མཚན་གྱི་གཟུང་དོན་ཅན་གྱི་བློ་ཡིན་པར་མི་འགྲུབ་སྟེ། རང་མཚན་མེད་ཀྱང་རང་གི་རྣམ་པར་རྟོག་པའི་བག་ཆགས་སད་པའི་རྗེས་སུ་འགྲོ་བ་ཙམ་གྱི་དོན་སྤྱི་སྣང་བ་ཡིན་པའི་ཕྱིར་རོ། །ཡིན་ཀྱང་བརྒྱུད་ནས་སྐྱེས་པ་ཙམ་གྱིས་སྔགས་སུ་འགྱུར་ན་ཨགྣི་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་པ་ན་མེ་གསལ་འབར་གྱི་རྟོག་པ་སྐྱེས་པ་དེ་ཡང་སྔགས་སྒྲ་རང་མཚན་ལས་བརྒྱུད་ནས་སྐྱེས་པའི་ཕྱིར་སྔགས་སུ་འགྱུར་ཞིང་དེ་ལྟ་ན་སྔགས་ཀྱི་ཡུལ་ཅན་ཐུག་མེད་དུ་འགྱུར་རོ། །གལ་ཏེ་སྔགས་སྒྲ་ལས་བརྒྱུད་ནས་སྐྱེས་པ་ཡིན་ནོ་ཅོག་གི་བློ་སྔགས་མིན་ཀྱང་སྔགས་སྒྲ་དེའི་རྣམ་པ་ཅན་གྱི་བློ་ནི་སྔགས་སོ་སྙམ་ན། རྟོག་པ་དེ་སྒྲ་རང་མཚན་གྱི་ཡུལ་ཅན་དུ་མི་འགྲུབ་སྟེ། རང་མཚན་འགགས་ནས་མེད་པ་དང་མ་འོངས་པ་ལ་དམིགས་པའི་བློ་སྐྱེ་བ་བཞིན་དུ་ནང་གི་རྣམ་པར་རྟོག་པའི་བག་ཆགས་སད་པ་ཙམ་གྱི་བློ་ཡིན་པས་དེའི་ཡུལ་ལ་རང་མཚན་གང་ཡང་མི་འགྲུབ་སྟེ། རང་མཚན་ལ་ཡུལ་དུས་རང་བཞིན་མ་འདྲེས་པ་དགོས་པས་སོ། །གཉིས་པ་རང་ལ་སྐྱོན་དེ་མི་མཚུངས་པའི་ཚུལ་ལ། ཡིད་བཟླས་སོགས་ཀྱང་སྔགས་སུ་འཐད་པའི་ཚུལ། །ཡི་གེའི་གོ་རིམ་བྱས་པ་ཅན་དུ་འགྲུབ། །དེས་ན་སྔགས་བྱེད་སྐྱེས་བུ་གྲུབ་པའོ། །དང་པོ།


MR20_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཟླས་སོགས་སྔགས་སུ་མི་འཐད་པ་དེ་ཁྱོད་རང་ལའང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། རང་མཚན་དང་རྟོག་ངོར་སྣང་བ་སྤྱི༷་ཡི་རང་བཞིན་རྣམས་ཀུན་རྫོབ་བམ་རྟོག་པའི་བློས་སྣང་བརྟག་གཅིག་ཏུ་འདྲེས་པར་བཟུང་ཞིང་ངོ་བོ་གཅིག་ཏུ་ཞེན་པས་བརྗོད་པར་འདོད་ནས་སྔགས་ཀྱི་བརྡ་བྱེད་པ་པོ་རྣམས་ཀྱིས་དེ་ལ་སྔགས་སུ་བརྗོད་པའི་ཕྱིར་ཟློ་བ་པོས་ཀྱང་སྣང་བརྟག་གཅིག་ཏུ་ཞེན་ནས་བཟླས་པ་ལས་ཤུབས་བཟླས་སོགས་ལའང་འབྲས་བུ་འབྱིན་པ་མི་འགལ་ཏེ། སྣང་བརྟག་ཕྱེས་ནས་སྒྲ་རང་མཚན་གྱི་དངོས་པོ་ཁོ་ན་ལ་སྔགས་སུ་བྱིན་གྱིས་བརླབས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རང་མཚན་ཁོ་ན་ལ་ཡིན་ན་ནི་རང་མཚན་སྐད་ཅིག་མ་ཡིན་པས་དེ་འགགས་ནས་བྱིན་རླབས་མི་འབྱུང་ལ་ཡུལ་དུས་ཀྱི་ཐ་དད་པས་ཐམས་ཅད་དུ་དོན་ཡོད་པར་མི་འགྱུར་རོ། །གཉིས་པ། གལ་ཏེ་ཡི་གེ་ལས་གཞན་པའི་གོ་རིམ་མེད་ན་ནི་ར་སཿཞེས་པ་རོ་དང་། ས་རཿཞེས་པ་མཚོ་ཞེས་པའི་མིང་ཐོས་པ་ལས་འབྲས་བུ་གོ་བྱ་གཅིག་ལས་ཐ་དད་མེད་པར་འགྱུར་ཏེ་ཡི་གེའི་ངོ་བོ་ནི་ས་དང་ར་ཙམ་ལས་ཐ་དད་མེད་ལ་གོ་རིམ་གཞན་དུ་མེད་པའི་ཕྱིར་རོ་ཞེ་ན། གོ་རིམ་མེད་ཅེས་སུ་ཞིག་གིས་སྨྲས་ཏེ་ཡི་གེ་ལ་སྐྱེས་བུས་མ་བྱས་པར་ངོ་བོས་གོ་རིམ་རྫས་སུ་མེད་ཅེས་སྨྲས་ཀྱི་བཏགས་པའི་གོ་རིམ་དེ་ནི་སྐྱེས་བུའི་རྟེན་ཅན་དུ་ཡོད་དོ། །ཇི་ལྟར་ནས་ཨ་དྲ་ཨཿཞེས་གསལ་བྱེད་གཉིས་དང་དབྱངས་གཉིས་རྣམ་བཅད་དང་བཅས་པའི་ཡི་གེ་ལྔ་སྐྱེས་བུས་གོ་རིམ་བཞིན་དུ་བཀོད་པ་ན། ཡི་གེ་དེ་དག་གི་གོ་རིམ་ནི་གོ་རིམ་གང་ལྟར་བརྗོད་པའི་སྐྱེས་བུའི་ཀུན་སློང་གི་ཤེས་པ་ལས་སྐྱེས་པ་ཡིན་ཏེ་དེ་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །དེ་ཡང་སྲ་དང་དེའི་སྲོག་གི་ཨ་ལ་དམིགས་པའི་བློ་དུས་མཉམ་དུ་སྐྱེ་ལ་དེའི་རྗེས་སུ་ར་སྲོག་ལྡན་དང་


MR20_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཅད་བཅས་པར་དམིགས་པ་རིམ་བཞིན་སྐྱེ་བ་ན་སྔ་མ་སྔ་མའི་བློ་དེ་མ་ཐག་རྐྱེན་གྱིས་ཕྱི་མ་ཕྱི་མ་སྐྱེ་སྟེ་བརྡ་ལ་གོམས་པས་འབད་མེད་དུ་མྱུར་བར་སྐྱེ་བ་ཡིན་ཞིང་ཡི་གེ་རེ་རེ་ནས་ཀྱང་བརྗོད་འདོད་ཀྱི་ཀུན་སློང་མེད་ན་དེའི་འབྲས་བུ་ཡི་གེའི་ངག་ཡོད་པར་མི་འགྱུར་རོ། །དེ་ལྟར་ཀུན་སློང་གི་ཤེས་པ་དེ་ལས་ནི་བྱེད་པ་སོགས་བསྐུལ་བས་ངག་ཏུ་འབྱིན་པའི་སྒྲ་ཡང་ཀུན་སློང་གི་རིམ་པ་དང་མཚུངས་པར་སྐྱེའོ། །སྒྲ་རིམ་བཞིན་བརྗོད་པ་ན་ཡི་གེ་སྔ་མ་སྔ་མ་དེ་ཡི་ཁྱད་པར་དུ་བྱས་པ་ཅན་སྒྲ་ཕྱི་མ་ཕྱི་མ་དེ་ནི་དེ་ལྟར་རྣ་བའི་ཤེས་པ་གསལ་བས་ངེས་པར་ཏེ་གཟུང་བར་འགྱུར་བ་ཡིན་ལ། དེ་མ་ཐག་རྐྱེན་ཉན་ཤེས་སྔ་མ་དེས་བསྐྱེད་པའི་ཤེས་པ་ཅན་ཡིན་པས་ཉན་ཤེས་ལ་སྣང་ཚུལ་ཐ་དད་པ་ཅན་ཡིན་ནོ། །སྒྲ་དེ་ཐོས་པ་ནའང་མིང་དང་རྣམ་དབྱེ་སོགས་ངེས་རུང་ཙམ་དུ་ཧ་ཅང་མྱུར་པོ་མིན་པར་ཐོས་པ་ཅན་གྱིས་གོ་རིམ་ཕྱེད་པར་འགྱུར་གྱི། སྒྲ་མྱུར་ཆེས་པ་འགའ་ཞིག་ལ་སླར་ཡང་དྲི་དགོས་པ་ནི་སྨྲ་བ་པོས་རིམ་ཅན་དུ་བརྗོད་དུ་ཟིན་ཀྱང་ཉན་པ་པོས་ངེས་པ་མེད་པ་ལྟ་བུའོ། །དེ་ལྟར་སྒྲ་རིམ་ཅན་དུ་རྣ་ཤེས་ཀྱིས་ཐོས་པ་ན་སྔ་མ་སྔ་མ་དེ་མ་བརྗེད་པའི་དྲན་པ་ལ་ལྟོས་ནས་ནི་ཕྱིས་སུ་ནི་སྒྲ་ཡི་རྣམ་པ་དེ་ཀུན་སྦྲེལ་ནས་དོན་གང་ཡིན་པ་གོ་བྱེད་ཀྱི་བརྡ་མིང་དང་ཚིག་དང་ངག་གི་བདག་ཉིད་ལ་དམིགས་པའི་དྲན་པ་སྐྱེ་བར་བྱེད་པར་འགྱུར་བ་ཡིན་ནོ། །ཚུལ་དེ་ནི་རྒྱུ་ཀུན་སློང་དང་སྒྲ་རང་མཚན་དང་དེའི་དོན་སྤྱི་འཛིན་པའི་སེམས་སྐྱེ་བ་ཉིད་ཀྱི་གོ་རིམ་ཡིན་ལ། དེ་འདྲའི་གོ་རིམ་དེ་ནི་ཡི་གེ་རྣམས་ཀྱི་རྒྱུ་དང་འབྲས་བུ་ཡི་གོ་རིམ་དག་ནི་ཡིན་ཞེས་བརྗོད་དོ། །རྒྱུ་ཀུན་སློང་དང་འབྲས་བུའི་ཡི་གེའི་སྒྲའམ་རྒྱུ་ཡི་གེ་དང་འབྲས་བུ་མིང་ལ་སོགས་པར་བཀོད་པའི་གོ་རིམ་དེ་ལྟར་ཡིན་ནོ། །ཡང་ན། རྒྱུ་དང་འཛིན་སེམས་ཀྱི་དེ་ནི། །ཡིག་རྣམས་རྒྱུ་དང་འབྲས་བུ་ཡི། །ཞེས་འདོན་པའང་མཐོང་ངོ་། །དེ་ལྟར་ཡི་གེའི་གོ་རིམ་དེ་དག་སྐྱེས་


MR20_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བྱས་པ་ཉིད་ཡིན་ལ། དེ་ཕྱིར་ས་དང་ར་ལྟ་བུའི་ཡི་གེའི་ངོ་བོ་དེ་ས་ར་ལྟ་བུའི་ཚིག་དང་། ར་སཿལྟ་བུའི་ཚིག་ལས་དོན་གཞན་དུ་འགྱུར་བ་ཉིད་དེ། བརྡ་བྱེད་པ་པོའི་རྟོག་པའི་འདུ་བྱེད་ཀྱི་དབང་ལས་གོ་རིམ་ཐ་དད་པར་ཡི་གེ་རྣམས་ལྷན་ཅིག་སྦྱར་ཚུལ་གྱིས་འབྲས་བུས་གོ་བྱ་རོ་དང་མཚོ་ལྟ་བུ་ཁྱད་པར་སོ་སོར་བྱེད་པ་ཡིན་ནོ། །དེས་ན་དོན་སོ་སོ་བ་གོ་བར་བྱེད་པའི་རྒྱུར་གྱུར་པ་ཡི་གེའང་ཐ་དད་ཡིན་མོད་རྣམ་པ་འདྲ་བས་ཡི་གེ་གཅིག་ཏུ་ཞེན་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ཡི་གེ་རྣམས་ཀྱི་གོ་རིམ་སྣ་ཚོགས་པ་དེའང་སྐྱེས་བུས་ཇི་ལྟར་འདོད་པར་སྔར་མེད་གསར་དུ་སྤེ༷ལ་བར་བྱེད་པ་ལ་རྗེས་སུ་འཇུག་པ་ཅན་ནམ། རང་དབང་དུ་གྱུར་པ་ཡིན་ཏེ། སྐྱེས་བུས་ཇི་ལྟར་བརྗོད་པར་འདོད་པ་དང་མི་འགལ་བར་བྱར་རུང་བར་གྲུབ་པ་ཅན་གྱི་གོ་རིམ་མམ་གོ་རིམ་གྲུབ་པ་ཅན་ཡིན་ཏེ་བརྐྱང་བསྐུམ་ལ་སོགས་པ་འདོད་པས་འཇུག་པ་བཞིན་ནོ། །དེས་ན་ཡི་གེ་རང་གི་ངོ་བོ་ལ་གོ་རིམ་གནས་པ་མ་ཡིན་ཏེ། ཡིན་ན་སྐྱེས་བུའི་འདོད་པས་གང་འདོད་ཀྱི་གོ་རིམ་སྤེལ་དུ་ཡོད་པ་འགལ་བའི་ཕྱིར་ཏེ་འདུས་བྱས་ཀྱི་དངོས་པོ་ཡུལ་གྱི་རི་ཕན་ཚུན་རིམ་པ་བརྗེ་བ་དང་། ས་མྱུག་སྔ་ཕྱིར་བརྗེ་མི་བཏུབ་ན་རྟག་པའི་གོ་རིམ་ཡོད་པ་ལ་འདོད་པས་རྗེས་སུ་འཇུག་པ་དེ་རྣམ་པ་ཀུན་དུ་འགལ་བར་འགྱུར་རོ། །ཚུལ་དེའི་ཕྱིར་ན་སྐྱེས་བུ་དང་ནི་ཡི་གེ་རྣམས་རྒྱུ་དང་འབྲས་བུ་ཉིད་དུ་གྲུབ་པའི་ཕྱིར། རིག་བྱེད་ལ་སོགས་པའི་ཡི་གེའི་རིམ་པ་ཀུན་ཀྱང་རྒྱུ་སྐྱེས་བུ་ལས་འབྱུང་བར་ངེས་ཏེ་རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་གི་རིགས་པས་གྲུབ་པ་ནི། དཔེར་ན། མེ་དང་ཤིང་གི་རྒྱུ་འབྲས་གྲུབ་པའི་རིགས་པ་བཞིན་ནོ། །གསུམ་པ་ནི། སྔགས་སྦྱོར་བ་དང་ཆོ་གའི་ཚུལ་སོགས་ཤེས་པའི་ཤེས་རབ་དང་སྔགས་བྱིན་གྱིས་རློབ་པ་བདེན་པའི་མཐུ་གྲུབ་པ་དག་གིས་སྔགས་ཞེས་པའི་མིང་ཅན་གྱི་ཡི་གེའི་གོ་རིམ་བྱེད་པའི་ངང་ཚུལ་ཅན་གྱི་སྐྱེས་བུ་དེ་ནི་སྐྱེས་བུ་གཞན་


MR20_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐུན་མོང་མིན་པ་ཉིད་ཙམ་དུ་ནི་གྲུབ་སྟེ། གཞན་ཕལ་པ་ལ་ཚིག་ཙམ་སྦྱོར་ནུས་ཀྱང་དེ་འདྲའི་ཤེས་མཐུ་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་ཀུན་གྱིས་ཀྱང་སྔགས་སྦྱོར་བར་འགྱུར་ཏེ་ཉེ་བར་མཁོ་བའི་ཕྱིར་རོ། །གོ་རིམ་དེ་སྐྱེས་བུས་བྱས་པ་མིན་ཡང་དེ་ལ་དེ་འདྲའི་ནུས་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་དུ་ཆུག་ནའང་ཕལ་པས་ནི་གོ་རིམ་འདི་ལ་ནུས་པ་འདི་ཡོད་དོ་སྙམ་དུ་ཤེས་པར་མི་འགྱུར་ཏེ་སྨན་དང་སྔགས་ཀྱི་ནུས་པ་ནི་གཞན་གྱིས་མ་བསྟན་པར་རང་གིས་ཇི་བཞིན་ངེས་མི་ནུས་པས་དེ་ལྟར་ཤེས་པ་ཡོད་ནའང་ཕལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་ཡོད་པར་འགྱུར་རོ། །ངོ་བོ་ཉིད་ཀྱིས་གོ་རིམ་གྱིས་ལས་བྱེད་པའང་མིན་ཏེ་འགའ་ཞིག་གིས་མྱུར་དུ་གྲུབ་པ་དང་། འགའ་ཞིག་འབད་ཀྱང་འབྲས་བུ་མྱུར་དུ་མི་བྱེད་པ་མཐོང་བས་ན་ངོ་བོས་གྲུབ་པ་ལ་ནི་དེ་འདྲའི་ཁྱད་པར་ཡོད་མི་རིགས་ཏེ་རྒྱུ་གཞན་ལ་ལྟོས་པ་མེད་པར་འབྱུང་དགོས་པས་སོ། །གལ་ཏེ་ཆོས་དང་ཆོས་མིན་འཕེལ་བའི་ཁྱད་པར་ལས་འབྲས་བུ་དེ་ལྟར་འབྱུང་ངོ་སྙམ་ན། དེ་ཁོ་ནར་མ་ངེས་ཏེ་མཁའ་འགྲོ་མའི་རྒྱུད་ལས་སྲོག་ཆགས་བསད་ནས་ཟོས་པ་ན་སྔགས་འགྲུབ་ཅེས་དང་། དེ་བཞིན་དུ་སྲིང་མོའི་རྒྱུད་ལས་འཁྲིག་པ་སྤྱད་པ་དང་། དུང་ཅན་མའི་རྒྱུད་ལས་རྐུ་བའི་སྤྱོད་པ་ལ་ཞུགས་ན་སྔགས་འགྲུབ་ཅེས་དམ་ཚིག་རྣམ་པར་གཞག་པའང་ཡོད་ལ། ཆོས་དང་འགལ་བ་དེ་དག་སྔགས་གྲུབ་པའི་རྒྱུར་མི་འགྱུར་ནའང་དེ་དག་དེ་ལྟར་བྱམས་སོགས་ལས་བཟློག་སྟེ་རང་གི་དམ་ཚིག་གིས་གྲུབ་པ་ནི་སྔགས་བྱེད་པ་པོ་གཙོ་བོ་དེ་དང་སྐལ་པ་མཉམ་པའི་སྤྱོད་པ་ལ་ཞུགས་པའི་སྒྲུབ་པོ་ལ་དེས་རྗེས་སུ་འཛིན་པའི་དབང་གིས་གང་གི་དོན་དུ་སྔགས་སྦྱར་ཅིང་


MR20_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་བྱས་པ་ལྟར་འབྲས་བུ་འབྱིན་པ་ཡིན་ནོ། །ཇི་ལྟར་ན་ཆོས་མ་ཡིན་པ་ལས་མངོན་པར་འདོད་པའི་འབྲས་བུ་འཐོབ་ཅེ་ན། འབྲས་བུ་ཐོབ་པ་དེ་ནི་ཆོས་མིན་དེའི་རྣམ་སྨིན་མ་ཡིན་ཏེ་མངོན་འདོད་ཀྱི་དོན་ཐོབ་པ་དེ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྔགས་དེ་ཡི་རྐྱེན་ལས་རྙེད་པ་སྟེ། དཔེར་ན་བྲམ་ཟེ་འདི་སོད་དང་ཁོ་བོས་ཡུལ་སྦྱིན་ནོ་ཞེས་སྨྲས་པའི་ལུང་དམ་ཚིག་དེ་ལ་ནན་ཏན་བྱས་ཏེ་བྲམ་ཟེ་བསད་པ་ན་དེའི་གྲོང་རྙེད་ཀྱང་དེ་བྲམ་ཟེ་བསད་པའི་རྣམ་སྨིན་གྱི་འབྲས་བུ་མིན་གྱི་ཕ་རོལ་པོའི་ངག་སྒྲུབ་པ་དེའི་ལྷན་ཅིག་བྱེད་པ་དང་རང་གི་ལས་གྱིས་ཡིན་པ་བཞིན་ནོ། །ཆོས་མིན་གྱི་སྔགས་ཀྱིས་གཞན་ལ་གནོད་པ་བྱས་པ་དང་བྲམ་ཟེ་བསད་པའི་རྣམ་སྨིན་ནི་མ་འོངས་པ་ན་དམྱལ་བ་ལ་སོགས་པ་མི་འདོད་པ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དངོས་པོ་རྣམས་ཀྱི་ཕན་འདོགས་པའི་ལྷན་ཅིག་བྱེད་པ་ནི་སྣ་ཚོགས་པར་གྱུར་པ་ཡིན་ནོ། །སྔགས་བྱེད་ནའང་སྐྱེས་བུ་ཁྱད་པར་ཅན་ཡིན་པའི་ངེས་པ་མེད་དེ་ཤེས་མཐུ་དང་མི་ལྡན་པ་སྐྱེས་བུ་ཕལ་པ་འགའ་ཞིག་གིས་གསར་དུ་རང་གིས་བྱས་པའི་སྔགས་ཀྱིས་ཀྱང་ལས་བྱེད་པར་མཐོང་ངོ་སྙམ་དུ་ཁ་ཅིག་གིས་རྟོག་ན། གང་ཡང་ཐ་མལ་པ་ནམ་མཁའ་ལྡིང་ལ་སོགས་པའི་རྒྱུད་རིག་པའམ་ཤེས་པ་འགའ་ཞིག་གིས་སྔར་མེད་པའི་གསང་སྔགས་དུག་ཞི་བ་སོགས་འགའ་ཞིག་ད་ལྟ་ཡང་བྱེད་པར་འགྱུར་བ་ཡོད་ནའང་། དེ་དག་གི་བྱས་པའི་སྔགས་དེ་ནི་ནམ་མཁའ་ལྡིང་ལ་སོགས་པའི་ལྷ་ཁོ་རང་གིས་བསྒྲུབ་བྱའམ་བརྟེན་པ་གཙོ་བོའི་མཐུ་ཡིན་ཏེ། རྒྱུ་མཚན་གཙོ་བོ་དེས་བཤད་པའི་རིགས་པ་སྟེ་དམ་ཚིག་དང་མན་ངག་ལ་འཇུག་པར་བྱས་པ་ལས་གཙོ་བོ་དེའི་བྱིན་གྱིས་བརླབས་ལས་སྐྱེས་བུ་དེ་ཡང་སྔགས་བྱེད་པའི་ནུས་ལྡན་དུ་གྲུབ་པའི་ཕྱིར་རོ། །དེ་ལ་དམ་ཚིག་ནི་དཀྱིལ་


MR20_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་འཇུག་པ་སོགས་གཞུང་དེར་བླང་དོར་དུ་བསྟན་པ་ལས་མི་འདའ་བ་ཡིན་ལ། མན་ངག་ནི་དེ་སྒྲུབ་པའི་ཐབས་ཀྱི་རིམ་པ་རྣམས་སོ། །དེ་དག་ལྷ་དེ་འགྲུབ་པ་ལ་འོས་ཤིང་འཐད་པ་ཡིན་པས་རིགས་པ་ཞེས་བྱ་སྟེ་བླང་བར་བྱ་བའི་མིང་ངོ་། །དེས་ན་སྔགས་གསར་དུ་བྱེད་པ་པོ་དེའི་སྔགས་ལ་ནུས་པ་གྲུབ་ཕན་ཆད་ནུས་པ་ཇི་ཙམ་གྲུབ་པ་དེ་ཙམ་གྱི་ཤེས་མཐུ་གྲུབ་པར་སོང་བས་ན། རྒྱུ་མཚན་དེ་ཙམ་ཁོ་ནས་ཕལ་པ་དང་འདྲ་བར་ཡང་མི་འགྱུར་བས་གོང་གི་གཏན་ཚིགས་མ་ངེས་པ་མིན་ནོ། །གསུམ་པ་མཇུག་བསྡུ། སྔགས་བསྒྲུབས་པ་ལས་འབྲས་བུ་ཡོད་པར་འདོད་པས་སྔགས་རྣམས་ནི་རྟག་པ་མིན་པར་རྐྱེན་གྱིས་བྱས་པ་དང་། དེ་ཡང་སུས་བྱས་ན་ཤེས་མཐུ་ལྡན་པའི་སྐྱེས་བུས་བྱས་ཞེས་བརྗོད་པར་བྱ་སྟེ། གཞན་དུ་ན་སྔགས་ལས་འབྲས་བུ་འབྱུང་བ་མི་སྲིད་པར་འགྱུར་རོ། །གཉིས་པ་རིགས་པ་དེས་སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་པར་འདོད་པ་བསལ་བར་བསྟན་པ་ལ། སེལ་ཚུལ་མདོར་བསྟན་རིགས་པ་གཞན་རྒྱས་བཤད། །དང་པོ་ནི། རིག་བྱེད་པ་ལ་སོགས་པ་དག་གིས་སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་དེ་ལམ་པོ་ཆེའི་སྐྱེས་བུ་བཞིན་ནོ། །དེ་ཡང་སྔགས་སོ་སོའི་ནུས་པ་ནི་དབང་པོའི་ཡུལ་ལས་འདས་པ་ཡིན་པས་དེ་དག་མཐོང་ནུས་པའི་སྐྱེས་བུ་མེད་པའི་ཕྱིར་སྐྱེས་བུ་ལ་སྔགས་བྱེད་པའི་ནུས་པ་མེད་པར་སྒྲུབ་པར་བྱེད་པ་ནི་སྔགས་རྣམས་སྐྱེས་བུ་ཁྱད་པར་བས་བྱས་པར་སྒྲུབ་པའི་རིགས་པ་འདི་ཉིད་ཀྱིས་ནི་བསལ་བ་ཡིན་ནོ། །གཉིས་པ་ལ། ཕུལ་བྱུང་སྐྱེས་བུ་མེད་པའི་སྒྲུབ་བྱེད་མེད། །དེ་འདོད་གང་ལ་ཁས་ལེན་གནོད་པ་བརྗོད། །དང་པོ། བློ་དང་ལྡན་པའམ་དབང་པོ་དང་ལྡན་པ་དང་། སྨྲ་བར་བྱེད་པ་དང་། སྐྱེས་བུ་


MR20_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པ་དང་། ལ་སོགས་པའི་སྒྲས་ལག་པ་དང་ལྡན་པ་སོགས་སྐྱེས་བུ་གཞན་ལ་ཡོད་པའི་ཆོས་རྟགས་སུ་བཀོད་ནས་སྐྱེས་བུ་དེ་ཕུལ་བྱུང་མིན་ཏེ་ལམ་པོ་ཆེའི་སྐྱེས་བུ་བཞིན་ཞེས་སྒྲུབ་བྱེད་གང་བརྗོད་པ་ནི་གཏན་ཚིགས་མ་ངེས་པ་ཚད་མ་ལྟར་སྣང་བ་ཡིན་ཏེ་ལྡོག་ཁྱབ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པས་བསྒྲུབ་བྱ་ཇི་ལྟ་བ་བཞིན་གྱི་དོན་རྟོ༷གས་པའམ་འགྲུབ་པ་ཡོད་པ་མ་ཡིན་ཏེ། བློ་དང་ལྡན་ཀྱང་ཕུལ་བྱུང་ཡིན་པར་དོགས་པ་མི་ཁེགས་སོ། །དེ་བཞིན་དུ་དབང་པོ་སོགས་ལའང་སྦྱར་རོ། །གཉིས་པ་ལ། རིག་བྱེད་དོན་ངེས་གང་ཟག་མི་འཐད་དང་། །རིག་བྱེད་དོན་ནི་གཅིག་ཏུ་ངེས་མེད་པ། །དེས་ན་ངེས་པ་མེད་པའི་མཇུག་བསྡུ་བའོ། །དང་པོ་ལ། དངོས་དང་དེ་ཡི་སྒྲུབ་བྱེད་དགག་པའོ། །དང་པོ། རིག་བྱེད་ཀྱི་སྒྲ་ནི་ཁོ་བོ་བརྗོད་བྱ་འདི་ཡི་དོན་ཡིན་པ་དང་འདི་ཡི་དོན་མིན་ནོ་ཞེས་རྗོད་པར་མི་བྱེད་ལ། རྒྱལ་དཔོགས་པ་སོགས་སྐྱེས་བུས་འདི་ཡི་དོན་འདི་ཡིན་ནོ་ཞེས་བརྟགས་པ་སྟེ། དེ་ལྟ་ན་རྒྱལ་དཔོགས་པ་དེ་ཡང་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་གྱི་ཕུལ་བྱུང་མིན་ཏེ་སྐྱེས་བུར་འདྲ་བས་སོ། །དེས་ན་རྒྱལ་དཔོགས་པ་དེ་གཅིག་པུ་རིག་བྱེད་ཀྱི་དེ་ཉིད་རིག་པ་ཡིན་ལ་གཞན་མིན་པའི་ཁྱད་པར་ཡང་ནི་རྒྱུ་མཚན་སུ་ཡིས་བྱས་ཏེ་ཁྱད་མེད་དོ། །གལ་ཏེ་རྒྱལ་དཔོགས་པས་ཤེས་ནུས་ན་དེ་བཞིན་དུ་གཞན་གྱིས་ཀྱང་ཤེས་སྲིད་པ་ལ་སྐྱེས་བུ་ཉིད་ཡིན་པ་དང་སྨྲ་བ་ལ་སོགས་པའི་རྒྱུ་མཚན་འདྲ་བའི་རྣམ་པ་འགས་ཀྱང་ཁྱེད་ཀྱིས་ཅི་ཞིག་གིས་ན་སྐྱེས་བུ་ཡིན་ཚད་ལ་དབང་འདས་ཀྱི་དོན་ཤེས་པ་དང་ལྡན་པ་འགའ་མི་འདོད་པ་ཡིན་ཏེ་དེ་དག་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། །གཉིས་པ། ཕ་རོལ་པོ་ན་རེ། གལ་ཏེ་རིག་བྱེད་འཆད་པ་མང་ཡང་རྒྱལ་དཔོགས་པ་ལྟ་བུ་གང་གི་ཚིག་མངོན་


MR20_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཀྱི་ཚད་མ་ཡིས་མི་སླུ་བར་མཐོང་བ་དེ་རིག་བྱེད་ཀྱི་དོན་མ་ནོར་བར་རིག་པ་ཡིན་ནོ་ཞེ་ན། རིགས་པས་གཅོད་ནུས་པ་ལ་ཡིན་དུ་ཆུག་ཀྱང་ཆོས་ལས་མཐོ་རིས་ཐོབ་པ་ལྟ་བུ་ཤིན་ཏུ་ལྐོ༷ག་ཏུ་གྱུར་པའི་དོན་རྣམས་ལ་དེའི་ངག་མི་སླུ་བར་ངེས་བྱེད་ཀྱི་ཚད་མ་ཡོད་པ་སྲིད་པ་མ་ཡིན་ན་རྒྱལ་དཔོགས་པ་ལ་སོགས་པ་དེས་རིག་བྱེད་ཀྱི་དོན་མ་ནོར་བར་བཤད་ཅེས་གང་གིས་ངེས་ཏེ། དབང་པོ་ལས་འདས་པའི་དོན་ལ་ནི་རང་གིས་ཀྱང་གཅོད་མི་ནུས་རྒྱལ་དཔོགས་པས་ཀྱང་མི་ནུས་པར་འདྲ་བའི་ཕྱིར། གཞན་ཡང་སྐྱེས་བུ་གང་གི་ཚིག་ནི་ཚད་མ་ཡིས་མི་སླུ་བར་གྲུབ་པ་དེ་ཡིས་བྱས་པའི་ཚིག་དེ་ནི་ལུང་ཡིན་ནོ་ཞེས་དོན་གྱིས་ཐོབ་པ་དེ་ཡི་ཕྱིར་སྐྱེས་བུས་བྱས་པ་མིན་པའི་ངག་ལུང་ཚད་མར་འདོད་པ་དོན་མེད་པ་ཡིན་ནོ། །གལ་ཏེ་ཤིན་ཏུ་ལྐོག་གྱུར་གྱི་དོན་ལུང་ལ་བརྟེན་པ་མེད་པར་ནི་རང་ཉིད་ཀྱིས་ཤེས་པའི་སྐྱེས་བུ་ཡོད་སྲིད་ན། ཐ་མལ་གྱི་དབང་པོ་ལས་འདས་པའི་དོན་རིག་པའི་སྐྱེས་བུ་འགའ་ཡོད་དོ་ཞེས་ནི་མངོན་པར་འདོད་དགོས་པར་འགྱུར་རོ། །གཉིས་པ་རིག་བྱེད་ཀྱི་དོན་གཅིག་ཏུ་མ་ངེས་པར་སྟོན་པ་ལ། དངོས་དང་དེ་ཡི་སྒྲུབ་བྱེད་བཀག་པ་གཉིས། །དང་པོ། རིག་བྱེད་ཀྱི་བསྟན་དོན་ནི་འདིའོ་ཞེས་ནམ་ཡང་ངེས་པ་མི་སྲིད་པར་ཐལ་ཏེ། རྒྱལ་དཔོགས་པ་སོགས་བདག་ཉིད་ནི་འདོད་ཆགས་དང་དབང་པོ་སོགས་དང་ལྡན་པ་ཡིན་པས་དོན་མཐའ་དག་མི་ཤེས་པའམ། སྐྱེས་བུ་གཞན་ཡང་དེ་དང་འདྲ་བས་ན་གཞན་ལས་ཀྱང་རིག་བྱེད་ཀྱི་དོན་ཚུལ་བཞིན་རིག་པ་ཉིད་དུ་འགྱུར་བ་མིན་ལ། རིག་བྱེད་རང་གིས་ཀྱང་ཀྱེ་ཚུར་ཤོག་ཁོ་བོའི་དོན་འདི་ཡིན་ནོ་ཞེས་རིག་པར་བྱེད་པ་མིན་ན། རིག་བྱེད་ཀྱི་དོན་ནི་མཐའ་གཅིག་ཏུ་འདི་ཡིན་ཞེས་རྒྱུ་གང་ལས་རྟོགས་ཏེ་རྟོགས་པར་མི་སྲིད་དོ། །རྒྱུ་མཚན་དེས་ན་རིག་བྱེད་ན་


MR20_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣེ་ཧོ་དྲ་ཛྷེ་ཧོ་ཡ་ཞེས་པའི་སྒྲ་དེ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་ཞེས་པའི་དོན་ཅན་ཡིན་པར་རིག་བྱེད་པས་ཐོས་པ་ལས་གཞན་ཁྱི༷་ཤ་ཟ་བར་བྱའོ་ཞེས་བྱ་བ་དེ་རིག་བྱེད་ཀྱི་དོན་མིན་ཞེས་པ་འདི་ལ་དེ་ལྟར་ངེས་པའི་ཚད་མ་གང་ཡོད་དེ་ཅི་ཡང་མེད་པར་འགྱུར་ཏེ། ཨགྣི་མེ་དང་ཧོ་དྲ་སྦྱིན་སྲེག་དང་ཛྷེ་ཧོ་ཡ་མཆོད་སྦྱིན་གྱི་དོན་ཡིན་ཞེས་རིག་བྱེད་པས་བརྟགས་ཀྱང་། སྐད་ཀྱི་བྱིངས་ཨ་གེ་ག་ཏེ་ཞེས་པ་མེ་དང་ཁྱི་ལའང་འཇུག་ཅིང་། ཧོ་ཡི་སྒྲ་ལས་དྲངས་ན་བཟའ་བ་ལའང་འཇུག་པས་ཁྱི་ཤ་སྦྱིན་པ་ཟ་ཞེས་པ་ལའང་འཇུག་མི་རུང་བ་མེད་ཅིང་། ཡུལ་འདི་ན་མེ་ཡི་མིང་དུ་གྲགས་པ་གང་ཡིན་པ་ཡུལ་གཞན་དང་གཞན་ན་གཞན་གྱི་མིང་དུ་གྲགས་པའང་ཡོད་པས་ན་རིག་བྱེད་ཀྱི་མིང་དེ་འདི་ཁོ་ན་ལ་ངེས་སོ་ཞེས་པ་ལ་ཚད་མ་གང་ཡང་མེད་དོ། །གཉིས་པ་ལ། རིག་བྱེད་དོན་ནི་གྲགས་པས་ངེས་པ་བཀག །རིག་བྱེད་རང་གིས་སྨྲས་པས་ངེས་པ་དགག །རང་བཞིན་གྱིས་ནི་ངེས་པ་དགག་པའོ། །དང་པོ་ལ། རང་གི་ཁས་ལེན་རྣམས་དང་འགལ་བའི་ཚུལ། །གྲགས་པས་མཐའ་གཅིག་ངེས་པ་མི་འགྲུབ་པའོ། །དང་པོ་ལ། འགལ་བ་སྟོན་དང་དེ་ཡི་ལན་དགག་པའོ། །དང་པོ། རིག་བྱེད་ཀྱི་དོན་མེ་ལ་སྦྱིན་སྲེག་བྱ་བ་ལ་སོགས་པ་དེ་ལྟར་ངེས་ཏེ་འཇིག་རྟེན་ན་ཚིག་དེ་ལྟར་རབ་ཏུ་གྲགས་པས་སོ་ཤེ་ན། འཇིག་རྟེན་གྱི་གྲགས་པ་དེ་ལ་ཡང་མཐའ་གཅིག་ཏུ་ངེས་པ་མེད་པར་སྣ་ཚོགས་པའི་དོན་ཅན་གྱི་སྒྲ་ཡོད་པ་ཡིན་ཏེ། ཡུལ་ཐ་དད་ཀྱི་སྐད་ཀྱི་དབང་གིས་མེ་ལྟ་བུ་གཅིག་གི་སྒྲ་ཡང་དོན་སྣ་ཚོགས་ལ་འཇུག་པར་མཐོང་ན་དེ་ཐམས་ཅད་འཇིག་རྟེན་ན་གྲགས་པ་ལ་ཁྱད་མེད་པའི་ཕྱིར་གྲགས་པ་གཅིག་ཁོ་ན་ཚད་མར་མི་འགྲུབ་ལ། ཡུལ་གཅིག་ལ་གྲགས་པའི་དབང་དུ་བྱས་ཀྱང་གོཿལ་སོགས་པ་བཞིན་དུ་སྒྲ་གཅིག་དོན་མང་དང་།


MR20_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་སེང་གེ་ལྟ་བུ་ཡང་སྐྱེས་བུའི་མིང་དུ་འཇུག་པ་སོགས་མཐའ་གཅིག་ཏུ་ངེས་པ་མེད་དོ། །དེས་ན་དེ་ལྟར་མིང་གཅིག་ལའང་བརྗོད་དོན་སྣ་ཚོགས་སུ་ཡོད་པ་ལས། རིག་བྱེད་ན་བསྟན་པའི་མིང་གང་གི་དོན་ནི་འདི་ཁོ་ནའོ་ཞེས་རྣམ་པར་དབྱེ་བ་ཐ་དད་དུ་བྱེད་ནུས་པ་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་གང་ཡིན་ཏེ་ཁྱོད་ཀྱི་ལུགས་ལ་དེ་མི་འདོད་པའི་ཕྱིར་རོ། །གཞན་ཡང་ཡོངས་སུ་གྲགས་པ་མིན་པའི་དོན་བརྗོད་པ་འཁྲིག་པ་ལ་མཐོ་རིས་ཞེས་པ་གང་དང་། ལྷ་མོ་ཞེས་པ་གཙུབ་ཤིང་ངམ་སྣོད་ཀྱི་མིང་དུ་བརྗོད་པ་དང་། ལ་སོགས་པའི་སྒྲས་མཆོད་སྦྱིན་བྱ་བའི་མཆོད་སྡོང་ལ་བྷ་ར་ཏ་ཞེས་དང་། གཞན་ཡང་དགའ་བའི་ཚལ་ལ་སོགས་པའང་གཞན་གྱི་དོན་ཅན་དུ་བཤད་པའི་སྒྲ་དུ་མ་མཐོང་ངོ་། །དེ་དག་འཇིག་རྟེན་ན་ཡོངས་སུ་གྲགས་པ་མ་ཡིན་ཏེ། འཇིག་རྟེན་ན་ལེགས་བྱས་ཀྱི་ལས་ཀྱིས་བསྒྲུབས་པའི་ལུས་དང་གནས་དང་ཡོ་བྱད་མངོན་པར་མཐོ་བ་ལ་མཐོ་རིས་ཞེས་དང་། ལྷ་རྣམས་ཀྱི་རིགས་ལས་བྱུང་བ་མོ་ཡི་རྟགས་དང་ལྡན་པ་ལ་ལྷ་མོ་ལ་སོགས་པར་གྲགས་པ་ཡིན་ནོ། །དེས་ན་ཡོངས་སུ་གྲགས་པ་སྦྱིན་སྲེག་དང་མཐོ་རིས་སོགས་དེ་འདྲའི་སྒྲ་གཞན་དག་ལ་ནི་ཁྱི་ཤ་ཟ་བ་དང་འཁྲིག་པ་ལ་སོགས་དེ་འདྲའི་རྣམ་རྟོག་གཞན་སྐྱེ་བ་ཉིད་དུ་འགྱུར་རོ། །གཞན་ཡང་འཇིག་རྟེན་ན་གྲགས་པ་ཞེས་བྱ་བ་དག་ཀྱང་མི་རྣམས་ཀྱི་ཚིག་ཡིན་པས་དེ་ཡང་ཁྱོད་ལྟར་ན་ཚད་མར་མི་འདོད་པ་ཡིན་ན། སླར་ཡང་གྲགས་པ་དེ་ལས་རིག་བྱེད་ཀྱི་དོན་རྟོགས་པར་འདོད་པ་མཚར་ཏེ། རེས་སྐྱེས་བུའི་ཚིག་ལ་སྐྱོན་དུ་བལྟས་ནས་སྡང་བ་དང་། རེས་ཡོན་ཏན་དུ་བལྟས་ནས་འདོད་པ་འདི་ནི་ཅི་ཞིག་ཡིན་ཏེ་མཚར་རོ། །གཉིས་པ་ལན་བཀག་པ་ནི། གལ་ཏེ་འཇིག་རྟེན་ན་གྲགས་པ་


MR20_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཨགྣི་སོགས་ཀྱི་དོན་མེ་ལ་སྦྱིན་སྲེག་བྱ་བ་སོགས་ལས་འགལ་བའི་དོན་ཁྱི་ཤ་ཟ་བ་སོགས་སུ་རྟོ༷གས་པ་ལ་རྒྱུ་མཚན་ཅི་ཡོད་དེ། དེས་ན་དེ་ལྟར་རྟོགས་པར་མི་བྱ་བ་འདོད་དོ་ཅེ་ན། འཇིག་རྟེན་ན་རབ་ཏུ་གྲགས་པ་ཡང་སྐྱེས་བུའི་ཚིག་ཡིན་པས་ན་ཚད་མ་ཉིད་མིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་གྲགས་པ་ལྟར་དོན་དེར་ངེས་པར་འཛིན་པ་ལ་ཡང་བདེན་པའམ་ངེས་པའི་རྒྱུ་ཅི་ཞིག་ཡོད་དེ་མེད་པར་འགྱུར་རོ། །གཉིས་པ་གྲགས་པས་མཐའ་གཅིག་ཏུ་ངེས་པ་མི་འགྲུབ་པའི་ཚུལ་ནི། དེ་ལྟར་འཇིག་རྟེན་ན་གྲགས་སོ་ཞེས་བསྒྲུབས་ཀྱང་མཐའ་གཅིག་ཏུ་དེ་ལྟར་ངེས་པར་བསྒྲུབ་མི་ནུས་ཏེ། འཇིག་རྟེན་རང་ལ་གྲགས་པ་ཉིད་ཀྱི་ཨགྣི་སོགས་ཀྱི་སྒྲ་འདི་མེ་ལ་སོགས་པའི་དོན་གྱི་རྗོད་བྱེད་དུ་ངེས་པ་ལ་མཐའ་གཞན་དུ་དོགས་པ་བསྐྱེད་པ་ནི། གྲགས་པ་རང་ལས་མཐོང་སྟེ་རྒྱུ་མཚན་གང་གི་ཕྱིར་ཞེ་ན། འཇིག་རྟེན་རང་གི་གྲགས་པ་དེ་ལ་ཡང་ཨགྣི་ལ་སོགས་པའི་སྒྲ་རྣམས་མེ་ལ་སོགས་པ་ལས་གཞན་དུ་གྱུར་པའི་དོན་རྣམ་པ་སྣ་ཚོགས་ལ་འཇུག་པ་ཅན་ཉིད་དུ་མཐོང་སྟེ་བློ་རྣོ་བ་དང་གཟི་བརྗིད་ཆེ་བ་སོགས་ལའང་མེ་ཞེས་གྲགས་པ་སོགས་སྣ་ཚོགས་ཡོད་པའི་ཕྱིར་རོ། །དེས་ན་སྒྲ་གཅིག་དོན་གཅིག་གི་རྗོད་བྱེད་དུ་ངེས་པར་བྱེད་པའི་ཚད་མ་མ་མཐོང་བདག་གིས་དོན་སྣ་ཚོགས་སྟོན་པའི་ནུས་པ་ཅན་གྱི་སྒྲ་ཨགྣི་ལྟ་བུ་ལ་སོགས་པ་རང་ཉིད་མེ་ཁོ་ནའི་དོན་སྟོན་བྱེད་དུ་ངེས་པར་གྱུར་པ་ལ་དོགས་པའམ་ཐེ་ཚོམ་སྐྱེ་བར་འགྱུར་བ་སྟེ། རྒྱུ་མཚན་གང་གིས་ན། རང་གིས་ཇི་ལྟར་བཅད་པའི་དོན་དེ་ལས་གཞན་དུ་མིང་དེ་མི་སྲིད་པར་བསྒྲུབ་ནུས་ཀྱི་ཚད་མ་མེད་པས་གཞན་ལ་མི་སྲིད་པ་མེད་པའམ་སྲིད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་རིག་བྱེད་རང་སྨྲས་དགག་པ་ལ། །རིག་བྱེད་རང་གིས་སྨྲས་པ་མི་སྲིད་ལ། །སྐྱེས་བུས་སྨྲས་ཀྱང་དོན་ངེས་


MR20_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའོ། །དང་པོ། གལ་ཏེ་རྒྱལ་དཔོགས་པ་ལ་རིག་བྱེད་རང་གིས་སྨྲས་སོ་ཞེ་ན་མི་སྲིད་དེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་དྲིས་པ་ན་མི་གཡོ་ཅན་རྫུན་པ་འགའ་ཞིག་ན་རེ། ཁོ་བོས་མི་ཤེས་ཀྱི་ལམ་ནི་འདི་ཡིན་ཞེས་སྡོང་དུམ་འདི་ནི་དེ་སྐད་དུ་སྨྲ་བར་འགྱུར་རོ་ཞེས་བརྗོད་པ་དང་། སྐྱེས་བུ་རྫུན་མེད་པ་གཞན་དག་ནི་ལམ་འདི་ཡིན་པར་བདག་ཉིད་སྨྲའོ་ཞེས་བརྗོད་པ་ན་མི་བློ་གྲོས་ཅན་རྣམས་ཀྱིས་སྔ་མ་དེ་ནི་རྫུན་པོ་ཆེ་སྟེ་སྨྲ་བའི་དོན་བྱེད་པས་སྟོང་པ་སྡོང་དུམ་ལ་སྙད་བཏགས་པ་ཙམ་དུ་ཟད་དོ་ཞེས་ཤེས་པ་དེ་ལྟར་རྒྱལ་དཔོགས་པ་རང་ལ་རིག་བྱེད་འདིས་དེ་ལྟར་སྨྲ་བའམ་བསྟན་ཏོ་ཞེས་དང་། རྒྱལ་དཔོགས་པ་རང་གིས་འདི་ལྟར་སྨྲས་པ་ཡིན་ནོ་ཞེས་བརྗོད་པ་དེ་དག་གི་བྱེ་བྲག་ཀྱང་བརྟག་པར་གྱིས་དང་། རིག་བྱེད་རང་གིས་སྨྲ་ན་རྒྱལ་དཔོགས་པར་མ་ཟད་སུ་ལའང་སྨྲ་དགོས་ན་དེ་རྣམ་པ་ཀུན་ཏུ་མི་སྲིད་པས་ན་ཚིག་དེས་བློ་གྲོས་ཅན་དྲང་བར་མི་ནུས་ཀྱང་བླུན་པོ་ཁ་ཅིག་སྡོང་དུམ་ལམ་སྟོན་པ་པོར་འཛིན་པ་ལྟར། རྒྱལ་དཔོགས་པ་ལ་རིགས་བྱེད་རང་གིས་སྨྲས་སོ་ཞེས་འཛིན་པའང་དེ་དང་འདྲའོ། །གཉིས་པ། རིག་བྱེད་རང་ལས་ངེས་པ་མི་སྲིད་པས་སྐྱེས་བུས་ངེས་སོ་ཞེ་ནའང་། དོན་ཐམས་ཅད་ལ་རྗོད་བྱེད་དུ་རུང་བའི་སྒྲ་དེ་དག་རིག་བྱེད་པ་རང་གིས་འདོད་པའི་དོན་གཅིག་གི་གསལ་བྱེད་དུ་ངེས་པ་རྒྱུ་མཚན་གང་ལས་ཡིན་ཏེ། སྒྲ་རྣམས་ནི་སྐྱེས་བུའི་བརྗོད་འདོད་ཀྱི་དབང་གིས་དོན་དེ་ངེས་པ་ལྟར་བྱས་པ་འདི་མ་གཏོགས་པ་སྐྱེས་བུས་མ་བྱས་པའི་སྒྲ་དོན་གྱི་ངེས་པ་ནི་དབང་པོ་ལས་འདས་པས་སམ། སྒྲ་ལ་དོན་དུ་མ་ཡོད་པའི་ནང་ནས་འདི་ཁོ་ནའོ་ཞེས་གང་ཟག་གང་གིས་དབང་པོ་ལས་འདས་པའི་དོན་དེ་ཤེས་ནས་འདི་ཁོ་ནར་ངེས་ཞེས་སྟོན་པ་ག་ལ་ཡོད་དེ། ཁྱོད་ཀྱིས་དབང་འདས་ཀྱི་དོན་མཐོང་བའི་


MR20_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་མེད་པར་ཁས་བླངས་པས་སོ། །སྐྱེས་བུས་དོན་འདི་ལ་མིང་འདི་གདགས་སོ་སྙམ་དུ་བརྗོད་འདོད་ནི་མིང་དེ་དོན་དེ་ཉིད་ཀྱི་རྗོད་བྱེད་དུ་ངེས་པའི་རྒྱུ་ཡིན་ཞིང་། མིང་དུ་བྱས་པའི་བརྡ་དེ་ནི་བརྡ་ལ་བྱང་བ་རྣམས་ཀྱི་བློ་ངོར་བརྗོད་འདོད་ཀྱི་དོན་དེ་ཡི་གསལ་བྱེད་ཡིན་ཏེ། མིང་དེ་བརྗོད་ཙམ་གྱིས་དོན་དེ་ཡིད་ཡུལ་དུ་གསལ་བར་བྱེད་པ་ཡིན་ནོ། །བརྗོད་འདོད་ཀྱི་བརྡ་བརྗོད་པ་དེ་ནི་སྐྱེས་བུ་མིན་པ་ལ་མེད་ན་སྐྱེས་བུས་མ་བྱས་པའི་རིག་བྱེད་ཀྱི་མིང་དེ་དོན་གཅིག་ཅན་དུ་ངེས་པ་དེ་རྒྱུ་མཚན་གང་ལས་འགྲུབ་སྟེ་རྣམ་པ་ཀུན་ཏུ་མི་འགྲུབ་བོ། །གསུམ་པ་ནི། བརྡ་ལ་མི་ལྟོས་པར་རིག་བྱེད་ཀྱི་སྒྲ་རྣམས་རང་གི་བརྗོད་བྱའི་དོན་དང་རང་བཞིན་གྱིས་འབྲེལ་བའི་ཕྱིར། རིག་བྱེད་ཉིད་ལས་སྐྱེས་བུ་གཞན་ལ་ལྟོས་མེད་དུ་རང་བཞིན་གྱིས་ནི་ངེས་པ་ཡིན་ན། ཨགྣི་ལྟ་བུའང་དོན་མེ་གཅིག་པུ་དེ་ལས་གཞན་ལ་སྐྱེས་བུའི་བརྗོད་འདོད་དེས་ཀྱང་སྦྱར་དུ་མི་རུང་བའམ་མི་བཏུབ་པ་ཞིག་ཡིན་དགོས་ཀྱང་དེ་ནི་མངོན་སུམ་དང་རྗེས་སུ་དཔག་པས་བསལ་ལ་གྲགས་པ་དང་རིག་བྱེད་ནི་ཁས་བླངས་པས་ཀྱང་གནོད་པས་མི་རུང་ངོ་། །གཞན་ཡང་རང་བཞིན་གྱིས་ངེས་ན་སྒྲོན་མེ་སྣང་ཙམ་གྱིས་དངོས་པོ་གསལ་བ་ལྟར་རིག་བྱེད་ཀྱི་སྒྲ་སྣང་ཙམ་ནས་དོན་གོ་བ་ལས་སྐྱེས་བུས་ཚིག་འདི་ནི་འདིའི་དོན་ཅན་ནོ་ཞེས་བརྡ་སྦྱར་བ་ཡང་དོན་མེད་པ་ཅན་ཉིད་དུ་འགྱུར་རོ། །གལ་ཏེ་རང་བཞིན་གྱིས་ངེས་ཀྱང་བརྡ་ལས་ངེས་པ་དེ་སླར་ཡང་གསལ་ཞེས་པའང་འཐད་པ་མིན་ཏེ། རང་བཞིན་གྱི་ངེས་པ་ལ་སླར་ཡང་ཁྱད་པར་གྱི་གསལ་བའི་ངེས་པ་ཞེས་པ་རྒྱུ་མཚན་གང་ལས་ཡིན་ཏེ་མི་སྲིད་དོ། །ཇི་ལྟར་ན། རང་བཞིན་ངེས་ན་སླར་ཡང་བརྡ་ལས་ངེས་པར་བྱར་མེད་དེ། བུམ་པར་ཤེས་ཟིན་པ་སླར་ཡང་བུམ་པར་ཤེས་པ་གཉིས་པ་མེད་པ་བཞིན་ནོ། །གལ་ཏེ་ཡོད་ན་ནི་ཤེས་པ་ཐུག་


MR20_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཕྱིར་ཤེས་པ་སྔ་མ་སྔ་མས་དེ་ཤེས་པ་མིན་པར་འགྱུར་རོ། །བརྡ་ལས་གསར་དུ་ཤེས་པ་ཡོད་ན་ནི་སྔར་རང་བཞིན་གྱིས་ཤེས་པའམ་ངེས་པ་མ་ཡིན་པར་འགྱུར་རོ། །གསུམ་པ་མཇུག་བསྡུ་ནི། བརྡ་གང་ལ་སྐྱེས་བུའི་འདོད་པ་རང་རྒྱུད་པ་སྟེ་རང་དབང་ཅན་ཁོ་ན་ཡིན་པ་དེ་ལ་བརྡ་འདི་དོན་གཅིག་ལ་ངེས་པ་ཞེས་བྱ་དེ་ལ་རྒྱུ་མཚན་གང་ཡོད་དེ། རྟ་དང་གླང་པོ་ལ་སོགས་པའི་རྣམ་པར་འགོད་པའི་རྡེའུ་འགྲིམ་པ་སྐྱེས་བུའི་ཞེ་འདོད་ལ་རག་ལས་པ་ལྟར་དོན་གང་ལའང་བརྡ་གང་བྱས་ཀྱང་བརྗོད་འདོད་ཀྱིས་ཇི་ལྟར་བྱས་པ་བཞིན་རང་དབང་ཆེ་བ་དེ་ལ་འདི་ནི་འདི་ཁོ་ནའི་བརྡའོ་ཞེས་གཏན་དུ་ངེས་པ་བྱར་མེད་པས་སོ། །དེས་ན་བརྡ་རྣམས་ནི་དོན་ལ་ཇི་ལྟར་སྦྱར་ཀྱང་རུང་བ་ཉིད་དེ་སྦྱར་མི་བཏུབ་པ་མེད་པས་ན། སྐབས་ཀྱི་རང་གི་འདོད་པའི་དོན་གང་ཡིན་པ་དེ་ཁོ་ན་གསལ་བའི་རྗོད་བྱེད་དུ་ངེས་པར་མི་འགྱུར་རོ། །དེ་ལྟར་བརྡ་སྐྱེས་བུས་འདོད་པས་བཏགས་ཤིང་བཏགས་པ་ལྟར་མིང་དོན་བསྲེ་བའི་རྟོག་པ་གོམས་པ་ལས་སྐབས་ཀྱི་བརྗོད་བྱའི་དོན་གསལ་ཞིང་གཞལ་བྱའི་གནས་གསུམ་ཆར་སྟོན་པའི་ལུང་ཡང་སྲིད་དེ། ཕལ་པའི་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་རྣམས་ཀྱིས་འཇིག་རྟེན་ན་བརྡ་ཇི་ལྟར་གྲགས་པ་དང་མཐུན་པར་དོན་སྟོན་པས་ན་སྒྲ་སྐྱེས་བུས་བྱས་པར་འདོད་པ་ལ་ལུང་དོན་ཡང་མི་སླུ་བ་སྲིད་ཀྱི། གཞན་སྐྱེས་བུས་མ་བྱས་པར་འདོད་པ་ལ་ནི་མི་སླུ་བའི་ལུང་རྡུལ་ཙམ་གྲུབ་པར་མི་འགྱུར་རོ། །གཉིས་པ་རིག་བྱེད་ཀྱི་ཕྱོགས་གཅིག་བདེན་པས་ཀུན་བདེན་པར་སྒྲུབ་པ་བཀག་པ་ལ། ཕྱོགས་སྔ་བརྗོད་དང་དེ་དག་དགག་པའོ། །དང་པོ། གང་གི་ཕྱིར་རིག་བྱེད་ཀྱི་ཕྱོགས་གཅིག་བདེན་པ་ཡིན་པའི་ཕྱིར། ཕྱོགས་གཞན་སྦྱིན་སྲེག་ལས་མཐོ་རིས་ཐོབ་པ་དང་ཁྲུས་ལས་སྡིག་པ་


MR20_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ལ་སོགས་པ་ཡང་དེ་དང་འདྲ་བར་བདེན་པ་ཡིན་ཏེ། དེ་ཡང་རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་རིག་བྱེད་ལས་མེས་གྲང་བ་བཟློག་པར་བཤད་པའི་ངག་ནི་བདེན་པ་བཞིན་ནོ་ཞེས་དེ་སྐད་དུ་གཞན་དཔྱོད་པ་པ་དག་ཟེར་རོ་ལོ། །གཉིས་པ་ལ། སྒྲུབ་བྱེད་མ་ངེས་བསྒྲུབ་བྱ་མི་འགྲུབ་དང་། །ཧ་ཅང་ཐལ་བ་བརྗོད་པ་རྣམ་པ་གསུམ། དང་པོ། ཤིང་ཏོག་འདི་རྣམས་རོ་འདྲ་བ་ཡིན་ཏེ་ཁ་དོག་གི་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་དང་། སྣོད་གཅིག་ཏུ་ཚུད་པ་ལ་ཡང་ཚོས་པར་རྗེས་སུ་དཔག་པ་བཞིན། ཕྱོགས་གཅིག་བདེན་པས་ཕྱོགས་གཞན་བདེན་པར་དཔོག་པ་དེའང་ལྷག་མ་དང་ལྡན་པས་འཁྲུལ་པ་ཅན་ཉིད་ཀྱི་ཕྱིར། རིགས་པ་ཤེས་པ་ཕྱོགས་ཀྱི་གླང་པོ་ཞེས་པས་སྒྲུབ་བྱེད་ལྟར་སྣང་བ་འདི་འདྲ་བཀག་པ་ཡིན་ནོ། །གཉིས་པ། རིག་བྱེད་ཀྱི་བསྟན་དོན་བདེན་པར་མ་ངེས་ཏེ། རྒྱུ་མཚན་གང་ཞེ་ན། སྐྱེས་བུ་རྟག་པ་ཡིན་ལ་དེ་འབྲས་བུའི་བྱེད་པ་པོ་ཉིད་དུ་འདོད་པ་དང་། འབྲས་བུ་སྒྲ་སོགས་དངོས་པོ་རྣམས་རྟག་པར་འདོད་པ་དང་། དབང་པོ་ལས་འདས་པ་སྤྱི་ལ་སོགས་པ་དབང་པོས་གཟུང་བྱ་དག་ཏུ་འདོད་པ་དང་། དངོས་པོ་རྣམས་ཀྱི་རྒྱུ་མི་མཉམ་པ་རྟག་པའང་རྐྱེན་ལ་ལྟོས་ནས་སྐྱེད་བྱེད་དུ་འདོད་པ་དང་། གནས་པ་མི་མཉམ་པར་རང་གྲུབ་ཟིན་མི་ཕན་བཞིན་རྟེན་གྱིས་གནས་པར་ཁས་ལེན་པ་དང་། འཇིག་པ་མི་མཉམ་པ་རང་ལས་ཕྱིས་བྱུང་གི་འཇིག་རྒྱུས་རང་འཇིག་པར་འདོད་པ་སྟེ་དེ་དག་སྔ་ཕྱིའི་ཁས་ལེན་མི་མཚུངས་པའམ་མི་མཉམ་པའི་འགལ་བ་ཡིན་ནོ། །དེ་དང་གཞན་ཡང་མངོན་སུམ་དང་རྗེས་དཔག་གི་ཚད་མ་རྣམ་པ་གཉིས་ཀྱིས་རྣམ་པར་བསལ་བའི་སྤྱོད་ཡུལ་ཏེ་གོང་དུ་དཔྱད་པ་གསུམ་གྱི་སྐབས་སུ་བརྗོད་པའི་སྐྱོན་ཡོད་པ་དང་། ལམ་གྱི་སྒྲ་ནི་སྡུད་ཚིག་གོ། །


MR20_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རང་ལ་ལྟོས་པ་ཡི་རྗེས་དཔག་དང་འགལ་བ་ཡོད་པ་ཁྲུས་ལས་ཆོས་འདོད་པ་ལ་སོགས་པ་དག་ནི་རྗོད་པར་བྱེད་པ་དེ་དག་ལ་འགལ་བ་ཡོད་པ་དེ་རྣམས་ཚད་མས་ཀུན་ཏུ་མ་བསལ་ཞིང་སྟེ་བསལ་མ་ནུས་བཞིན་དུ་སྐྱེས་བུའི་དོན་བརྗོད་པ་སོགས་བསྟན་བཅོས་ཀྱི་དོན་ཁྱད་པར་བ་ཡང་གྲུབ་ངེས་པའི་འཐད་པ་རིགས་པའི་ལམ་ནས་མ་བསྟན་ལ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་བསྟན་བཅོས་དེ་བདེན་པའི་དོན་བཅས་སུ་ཁས་ལེན་པ་དག་ནི་དཔྱད་ན་ཚད་མས་མ་གྲུབ་ཀྱང་མ་དཔྱད་པར་རང་གིས་བདེན་པར་རློམ་པ་ནི་དཔེར་ན་གཡེམ་མ་མུ་ཅོར་གྱིས་རང་གི་བདག་པོ་བླུན་པོ་ལས་རྒྱལ་བ་དང་འདྲ་སྟེ། དེ་བླུན་པོ་དེའི་ངོར་རྒྱལ་བ་ལྟར་སྣང་ཡང་མཁས་པས་དཔྱད་ན་རྒྱལ་བའི་རྒྱུ་མཚན་གང་ཡང་མེད་པ་ལྟར་རིག་བྱེད་བདེན་པར་ཁས་ལེན་པའང་བླུན་པོ་དེའི་ངོར་བདེན་པ་ལྟར་སྣང་ཡང་དཔྱད་ན་བདེན་པའི་རྒྱུ་མཚན་གང་ཡང་མེད་པར་གསལ་ལོ། །ཇི་ལྟར་ན་སྐྱེས་པ་གཞན་ལ་ལོག་པར་གཡེམ་མ་དེ་སྐྱེས་པ་གཞན་དང་འགྲོགས་པ་རང་གི་བདག་པོས་མངོན་སུམ་མཐོང་ནས་སྤྱོས་པ་ན་དེས་ཉེས་པ་དེ་མེད་ཅེས་ཟེར་བ་ལ་བདག་པོས་ངས་མངོན་སུམ་མཐོང་ངོ་ཞེས་སྨྲས་པ་ན། གཡེམ་མ་དེ་ན་རེ། ཀྱེ་བདག་པོ་ཕྱིན་ཅི་ལོག་སྨྲ་བ་འདི་ལ་ལྟོས། ཆོས་བཞིན་སྤྱོད་པའི་ཆུང་མ་སྙིང་ལྟ་བུའི་ཚིག་ལ་ཡིད་མི་ཆེས་པར་ཁྱོད་རང་གི་མིག་ཆུ་ཡི་ཆུ་བུར་ལྟ་བུ་ལ་ཡིད་ཆེས་པ་ནི་མི་རིགས་སོ། །བདག་ནི་གྲོང་པ་རྒན་པོ་ལོང་བ་ཤིང་ཚོང་བར་བྱེད་པ་དེས་དོན་དུ་གཉེར་ཟིན་ཀྱང་འབྲེལ་བ་མ་བྱས་ན། གཟུགས་དང་ཡོན་ཏན་མངའ་བ་བློན་པོ་མཆོག་གི་ཁྱེའུ་དང་འདོད་པ་སྤྱོད་པར་བྱེད་དམ་ཞེས་མི་རིགས་པ་མུ་ཅོར་གྱི་ཚིག་དེ་སྐད་སྨྲས་པ་ན་བདག་པོ་བླུན་པོས་ལན་མ་ཐེབས་པ་ལ་གཡེམ་མ་རྒྱལ་ཞེས་བརྗོད་པ་ལྟ་བུའོ། །གྲོང་པ་ཞེས་པས་སྒྱུ་རྩལ་མི་ཤེས་པ།


MR20_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོ་ན་ཚོད་དམན་པ། ལོང་བས་གཟུགས་ངན་པ། ཤིང་ཚོང་གིས་རིགས་ངན་ཞིང་དབུལ་བ་བསྟན། ཕྱེ་མས་བཟློག་སྟེ་བསྟན་པས་ཚིག་དེ་ལ་དཔྱད་ན་མི་རིགས་པ་འབའ་ཞིག་སྟེ། ལོང་བ་དང་མ་འབྲེལ་དུ་ཟིན་ཀྱང་དེས་བློན་པོའི་ཁྱེའུ་དང་མི་འབྲེལ་བའི་སྒྲུབ་བྱེད་གང་ཡང་མི་འོང་ཞིང་། མངོན་སུམ་མཐོང་བས་གཡེམ་མ་རྫུན་པར་མི་འགྲུབ་ལ། ཚིག་འབྲེལ་མེད་སྨྲ་བས་བདེན་པར་གྲུབ་པ་ནི་ཕྱིན་ཅི་ལོག་ཡིན་ནོ། །གཡེམ་མ་མུ་ཅོར་སྨྲ་བ་འདྲ་བ་རིག་བྱེད། དེ་གཞན་ལ་བསྟེན་པ་འདྲ་བ་འགལ་སྐྱོན། རྒན་པོའི་མིག་གཉིས་འདྲ་བ་ཚད་མ་གཉིས། སྐྱེས་པ་གཞན་མི་བསྟེན་པའི་རྒྱུ་མཚན་དུ་བཀོད་པའི་ཚིག་དང་འདྲ་བ་ནི་རིག་བྱེད་ཚད་མར་འཇོག་པའི་སྒྲུབ་བྱེད་དུ་བཀོད་པ་རྣམས་ཡིན་ལ། རྒན་པོ་འདྲ་བ་འཇིག་རྟེན་རྨོངས་པ་རྣམས་སོ། །གསུམ་པ། གལ་ཏེ་དོན་གཅིག་ཙམ་བདེན་པས་ངག་དེའི་ཕྱོགས་ཐམས་ཅད་དེ་ལྟར་ཚད་མར་གྲུབ་ན། འོ་ན་ངག་སྨྲ་བའི་སྐྱེས་བུའམ་སྐྱེས་བུས་སྨྲས་པའི་ངག་འདི་ཀུན་ལ་ཚད་མ་མིན་པའི་ཚིག་ཅི་ཞིག་ཡོད་དེ། སྐྱེས་བུ་ཚིག་སྣ་ཚོགས་མང་དུ་སྨྲ་བ་ལ་ཡང་བདེན་པའི་དོན་གཅིག་སྲིད་པ་མེད་པ་མིན་པས་སོ། །གཉིས་པ་མཇུག་བསྡུ་ལ། ལུང་དང་དངོས་པོ་འབྲེལ་བ་མེད་པར་བསྟན། དེ་ཕྱིར་ལུང་ལོག་བསྐལ་དོན་མི་ལྡོག་པའོ། །དང་པོ། རྗོད་པ་པོ་ཡི་ཞེ་འདོད་ཙམ་ལ་རྗོད་བྱེད་ཀྱི་སྒྲ་གནས་པ་སྟེ་རག་ལས་པས་ན། སྨྲས་པའི་སྒྲ་ཙམ་འདི་བརྗོད་བྱའི་དངོས་པོ་དེ་ཡི་རང་བཞིན་དུ་གྱུར་པ་བདག་གཅིག་གི་འབྲེལ་བ་ཡིན་ནམ། ཡང་ན་བརྗོད་བྱ་མེད་ན་དེ་རྗོད་ཀྱི་སྒྲ་དེ་འབྱུང་མི་ཤེས་པའི་དེ་ལས་བྱུང་བའི་འབྲས་བུ་ཡིན་ན་སྒྲ་ཙམ་གྱིས་བསྟན་དོན་ངེས་ཀྱང་དེ་གཉིས་གང་ཡང་མིན་ལ། འབྲེལ་བ་གཉིས་པོ་འདི་ལས་རྣམ་པར་བཟློག་པས་ཀྱང་སྒྲ་གང་ཡིན་བརྗོད་དོན་


MR20_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འཁྲུལ་པ་མེད་པ་ཉིད་དུ་ངེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དོན་གང་གི་རྗོད་བྱེད་སྒྲ་རྣམས་ཀྱིས་འཇུག་པའམ་རྗོད་པ་འབྱུང་བ་ནི་དང་པོར་བརྗོད་བྱ་དོན་གང་ཡིན་དེ་མཐོང་བས་བྱེད་པའི་ཕྱིར་དོན་ལ་རག་ལས་པ་ཅན་དུ་འདོད་དོ་ཅེ་ན། ཕན་ཚུན་དག་ནི་འགལ་བའི་དོན་ཅན་གྱི་སྒྲ་རྟག་མི་རྟག་ལྟ་བུ་དེ་ནི་བུམ་པ་ལྟ་བུའི་དོན་གཅིག་ལ་ཇི་ལྟར་འཇུག་པར་འགྱུར་ཏེ་དོན་ལ་དེ་གང་རུང་ལས་གཉིས་ཀ་ཡོད་མི་ཤེས་པས་སོ། །དེས་ན་རྗོད་བྱེད་ལུང་དང་བརྗོད་བྱ་དོན་གྱི་དངོས་པོ་རྣམས་དཔྱོད་པ་པོའམ་རྟོག་པ་པོ་ཡི་རིགས་པའི་རྣམ་པ་འགའ་ཡི་ཡང་མེད་ན་མི་འབྱུང་གི་འབྲེལ་བ་མི་འགྲུབ་ན། ལུང་དེ་ལས་དོན་གང་ཞིག་དེ་ན་ཇི་ལྟར་བསྟན་པ་དེ་ཁོ་ན་ལྟར་ངེས་པ་ཡིན་ཏེ་ཅུང་ཟད་ཀྱང་ངེས་མི་ནུས་སོ། །གཉིས་པ། དེ་ཕྱིར་བསྐལ་དོན་དེ་སྟོན་པའི་ལུང་ལྟ་བུ་དེ་ནི་ལོག་ན་སྟེ་མེད་ན་ཡང་དེ་ན་མ་བཤད་པ་ཙམ་གྱིས་དངོས་པོ་དེ་མེད་པར་འགྲུབ་པར་མི་འགྱུར་ལ། དེས་ན་བསྐལ་དོན་མེད་པར་ངེས་པའི་འབྲས་བུ་ཅན་དུ་ནི་གང་ཟག་དེས་དེ་སྒྲུབ་ཀྱི་ཚད་མ་གསུམ་ལོག་པའམ་ཚད་མ་གསུམ་གྱིས་མི་དམིགས་པ་ཙམ་ཡོད་པས་ནི་མི་འགྲུབ་བོ། །གཉིས་པ་འགལ་བ་ཅན་གྱི་བསྟན་བཅོས་དེ་ཁས་ལེན་པ་བླུན་པོའི་རྟགས་སུ་བསྟན་པ་ནི། འགལ་བ་ཅན་གྱི་རིག་བྱེད་ནི་རྟག་པ་རང་བྱུང་གི་ཚད་མའོ་ཞེས་པ་དང་ནི་བདག་ལ་སོགས་པ་རྟག་པ་འགའ་ཞིག་འབྲས་བུའི་བྱེད་པ་པོར་སྨྲ་བ་དང་། གངྒཱ་སོགས་ཀྱི་ཁྲུས་ལས་དཀར་པོའི་ཆོས་འཕེལ་པར་འདོད་པ་དང་ནི་ཚུལ་ཁྲིམས་སོགས་ཡོན་ཏན་མེད་ཀྱང་འདི་ནི་བྲམ་ཟེ་སོགས་ཀྱི་རིགས་ཡིན་ནོ་ཞེས་སྨྲས་པ་ཙམ་ལས་དྲེགས་པ་སྐྱེ་བ་དང་། ལུས་ཅན་གྱི་ནང་གི་སྡིག་པ་གཞོམ་པའི་ཕྱིར་མེ་ལྔ་སོགས་ལུས་གདུང་བ་རྩོམ་པར་བྱའོ་ཞེས་པ་དཔྱོད་པ་པ་སོགས་བླུན་པོ་


MR20_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་དངོས་སྟོབས་ཀྱི་རིགས་པ་ཚད་མའི་སྟོབས་ལས་སྐྱེས་པའི་ཤེས་རབ་དང་མི་ལྡན་པར་བསྟན་བཅོས་ངན་པ་ལ་ཞེན་པས་ཡང་དག་པའི་ཤེས་རབ་དེའི་བཟློག་ཕྱོགས་སུ་འཆལ་བའི་ནང་གི་རྟགས་ཕྱི་རོལ་ལུས་ངག་ལ་འཕོས་པ་ལྔ་ཡིན་ཏེ་དེ་ཀུན་ལ་རིགས་པས་དཔྱད་ན་མི་བདེན་པར་གནས་པས་སོ། །ལྔ་པོ་དེ་ནི་བླུན་པོའི་རྟགས་གཙོ་བོ་འགའ་ཞིག་སྨྲོས་པ་སྟེ་ཞིབ་ཏུ་ན་བླུན་པོའི་རྟགས་ཚད་མེད་དོ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་རང་དོན་རྗེས་སུ་དཔག་པ་སྟེ་ལེའུ་དང་པོའི་འགྲེལ་བཤད་ལེགས་པར་གྲུབ་པའོ། །དེ་ལྟར་རྗེས་སུ་དཔག་པའི་ཚུལ་ཇི་ལྟར་ཡིན་པ་སྔོན་དུ་སོང་བའི་སྒོ་ནས་ཚད་མ་མདོའི་མཆོད་པར་བརྗོད་པའི་དོན་བཞིན་ལེའུ་གཉིས་པ་འདིར་ཐར་ལམ་རིགས་པས་བསྒྲུབ་ཚུལ་བཤད་པ་ལ། སྟོན་པ་ཚད་མའི་སྐྱེས་བུར་བསྟན། །དེ་ཡི་སྒྲུབ་བྱེད་རྒྱས་པར་བཤད། །དེ་ལྟར་བསྟན་པའི་དགོས་པ་གསུམ། །དང་པོ་ལ། ཚད་མ་སྤྱི་ཡི་མཚན་ཉིད་བཤད། །དེ་ཕྱིར་ཐུབ་པ་ཚད་མར་བསྟན། །དང་པོ་ལ། ཚད་མའི་མཚན་ཉིད་བསྟན་པ་དང་། །དེ་ལས་རྣམ་གཅོད་གྲུབ་པའི་ཚུལ། །དེ་ལ་རྩོད་པ་སྤང་པའོ། །དང་པོ། ཚད་མ་ནི་སླུ་བ་མེད་པ་ཅན་གྱི་ཤེས་པ་ལ་བྱ་བ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། གལ་ཏེ་ཡུལ་སྣང་ཡོད་པ་ཙམ་གྱིས་དེ་ལ་མི་སླུ་བ་ཡིན་ན་ནི་ཟླ་བ་གཉིས་སྣང་ལྟ་བུ་རྟོག་མེད་འཁྲུལ་ཤེས་དང་ཐག་ཁྲ་སྦྲུལ་འཛིན་ལྟ་བུ་རྟོག་པ་ལོག་ཤེས་ལ་ཡང་རང་སྣང་གི་ཡུལ་ཡོད་ཅིང་། ཡུལ་ཐོབ་པ་ཁོ་ན་ལ་འཛིན་ན་ནི་མངོན་སུམ་རྗེས་དཔག་གིས་ཀྱང་བཟུང་བ་མ་ཐོབ་ཐོབ་པ་མ་བཟུང་བར་འགྱུར་ཏེ་ཡུལ་དང་ཡུལ་ཅན་སྐད་ཅིག་མ་ཉིད་ཀྱི་ཕྱིར་སླུ་མེད་ཀྱི་ཤེས་པ་ཞེས་བྱ་བ་འདི་མི་སྲིད་པར་འགྱུར་རོ་ཞེ་ན། སྐྱེས་བུའི་འཇུག་ཡུལ་གྱི་དོན་རང་མཚན་འདི་དོན་


MR20_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ནུས་པ་ཡིན་པས་ན་ཐ་སྙད་དཔྱོད་པས་འདི་ལ་བརྟག་ཅིང་འཇུག་ལྡོག་བྱེད་ཀྱི། དོན་བྱེད་མི་ནུས་པ་འཇུག་ལྡོག་གི་ཡུལ་དུ་བརྟག་པ་ལ་དགོས་ནུས་མེད་པར་སྔར་བཤད་པ་ལྟར་ཡིན་པས་ན། བློ་འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་ཞུགས་པ་དེ་ལྟར་དོན་བྱེད་ནུས་པར་གནས་པ་ནི་མི་སླུ་བར་གྱུར་པ་གང་ཡིན་པ་དེ་ཙམ་ལ་བློ་དེས་བཅད་པ་ལྟར་དོན་ཐོབ་པའི་ཕྱིར་ཚད་མ་ཞེས་བྱ་སྟེ་དེ་ལྟར་ཐོབ་པ་ཡོད་པ་ནི་འཇིག་རྟེན་ན་བསྙོན་དུ་མེད་པར་ཡོད་པ་འདི་ཙམ་ལས་ཀུན་ཏུ་ཐ་སྙད་པའི་ཚད་མའི་དོན་ཡོངས་སུ་རྫོགས་པ་ཡིན་པས་ན་ལོག་ཤེས་རྣམས་ནི་ཤེས་པས་བཅད་པ་ལྟར་དོན་གྱི་ངོ་བོར་མེད་ལ། སྐད་ཅིག་ཕྱེ་ནས་དཔྱད་པ་ཡང་མི་དགོས་པས་མི་སླུ་བའི་ཤེས་པ་ནི་དེ་ལྟར་སྲིད་པ་ཡིན་ནོ། །དེ་ལའང་ལས་སུ་བྱ་བ་ཡུལ་གང་ལ་མི་སླུ་ན། ཇི་ལྟར་བཅད་པའི་དོན་རང་མཚན་དེ་ལའོ། །བྱེད་པ་པོ་གང་གིས་མི་སླུ་ན་ཚད་མ་གཉིས་ཀྱི་བློ་དེས་སོ། །ཇི་ལྟར་མི་སླུ་ན་དེས་ཡོད་པར་བཅད་ན་ཡོད་པར་མི་སླུ་བ་དང་། མེད་པར་བཅད་ན་མེད་པར་མི་སླུ་བ་དང་། དེ་བཞིན་དུ་ཡིན་པའམ་མིན་པར་བཅད་པ་ལྟར་དོན་ལ་དེ་ལྟར་གནས་པར་གྱུར་པའི་ཕྱིར་རོ། །ཡང་མཚན་ཉིད་འདི་ལ་མི་ལྡན་རྣམ་གཅོད་མེད་པས་མ་ཁྱབ་པར་འགྱུར་ཏེ། སྒྲ་བྱུང་གི་ཚད་མ་ནི་ཤེས་པ་མིན་ཀྱང་མི་སླུ་བའི་ཚད་མ་ཡིན་ནོ་ཞེ་ན། སྤྱིར་སྒྲ་བྱུང་ཚད་མ་ཞེས་པ་འདི་ཅི་ཞིག །སྒྲ་ལས་བྱུང་བའི་ཉན་ཤེས་ལ་ཟེར་རམ། དེའི་རྗེས་སུ་སྒྲ་སྤྱི་འཛིན་པའི་རྟོག་པ་ལ་ཟེར་རམ། སྒྲ་རང་ཉིད་ལས་བརྗོད་བྱ་རྟོགས་པ་ལ་ཟེར། དང་པོ་ལྟར་ན་མངོན་སུམ་ཚད་མ་ཡིན་ལ། གཉིས་པ་ལྟར་ན་རྗེས་དཔག་ཏུ་འགྱུར་བ་ཡང་རུང་སྟེ། སྒྲ་ལས་བྱུང་བ་ཉན་ཤེས་ཀྱི་བློ་ཡང་བརྗོད་


MR20_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོས་ཇི་ལྟར་གཞལ་བ་མངོན་པར་འདོད་པ་ཡི་དོན་སྟོན་པ་ལ་རྟགས་སུ་གྱུར་པའི་སྒྲ་དེ་འཛིན་པའི་བློ་ཡིན་པའི་ཕྱིར་རོ། །དེ་ལས་ཇི་ལྟར་རྗེས་སུ་དཔག་ཅེ་ན། སྨྲ་བ་པོ་ཡི་ངག་གིས་རྗོད་པར་བྱེད་པའི་ཡུལ་དུ་གྱུར་པའི་དོན་གང་ཞིག་ཁོ་རང་གི་རྟོག་བཅས་ཀྱི་བློ་ལ་རབ་ཏུ་གསལ་བ་དེ་ཙམ་ལ་སྒྲ་དེ་ནི་ཚད་མ་ཉིད་ཡིན་ཏེ་དེའི་འབྲས་རྟགས་ཡིན་པས་སོ། །ཡང་གི་སྒྲས་ནི་གློག་དང་རི་མོ་དང་སྤྲིན་ལ་སོགས་པར་སྣང་བ་སྡུད་དེ་འདི་རྣམས་ལའང་ཐོབ་པ་མེད་ཀྱང་དེར་སྣང་བ་ཙམ་གྱིས་དེ་ལ་ཚད་མར་སོང་བ་ཡིན་ཞེས་སོ། །འོ་ན་རྨི་ལམ་གྱི་སྣང་བ་དང་ཟླ་གཉིས་ལའང་ཚད་མར་འགྱུར་རོ་ཞེ་ན། དེར་སྣང་བ་ཙམ་ལ་ཚད་མར་སོང་ཡང་མི་འགལ་ཏེ། རང་རིག་གིས་གྲུབ་པའི་ཕྱིར་དང་དེར་སྣང་ཙམ་མེད་པར་མ་བཅད་ལ། དེ་དག་ཐོབ་པའི་དོན་བྱེད་ནུས་པར་ཡང་མ་བཅད་དེ་དོན་བྱེད་མི་ནུས་པར་ཚད་མས་བཅད་པ་ལྟར་མི་སླུ་བ་ཡང་ཡིན་ནོ། །གསུམ་པ་ལྟར་མངོན་རྗེས་གང་ཡང་མིན་པའི་སྒྲ་ལས་དོན་རྟོགས་པ་ནི་ལུང་ལས་ལྐོག་གྱུར་རྟོགས་པ་ལྟ་བུ་སྟེ་དེ་ལ་སྒྲ་ཙམ་ཚད་མ་ཡིན་པས་སོ་ཞེ་ན། སྒྲ་ཙམ་དོན་ལ་ཚད་མར་འགྱུར་བའི་རྒྱུ་མཚན་གང་ཡང་མེད་ཅིང་། ཕྱི་རོལ་དོན་གྱི་དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་མཚན་ཅན་མིན་ཏེ། སྒྲ་དང་དོན་ལ་མེད་ན་མི་འབྱུང་གི་འབྲེལ་བ་མེད་པར་ལན་མང་དུ་དཔྱད་ཟིན་ཏོ། །འོ་ན་ཤིན་ཏུ་ལྐོག་གྱུར་ལ་ལུང་གིས་འཇལ་བ་དེ་ཚད་མ་གཉིས་ཀྱི་ཡུལ་ནི་མ་ཡིན་ལ་མི་སླུ་བ་ཡོད་པས་ལུང་གི་སྒྲ་ཙམ་གཞལ་བྱ་དེ་ལ་ཚད་མར་སོང་བ་མིན་ནམ་སྙམ་ན། དེ་དཔྱད་པ་གསུམ་གྱིས་དག་པའི་ངག་ལས་རྗེས་སུ་དཔག་པ་ཡིན་གྱི་སྒྲ་ཙམ་གྱི་སྟོབས་ཀྱིས་ནི་མ་ཡིན་ཏེ་འཁྲུལ་སྲིད་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུའི་ངག་ལས་ཀྱང་བདེན་པའི་དོན་ཐོབ་པ་དང་། མྱོང་སྟོབས་དང་རྟགས་


MR20_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྒྲོ་འདོགས་མ་ཆོད་ཀྱང་མཐའ་གཅིག་ཏུ་འཛིན་པའི་ཡིད་དཔྱོད་ལས་ཀྱང་དོན་རྙེད་པ་དང་། ཐེ་ཚོམ་ཟ་བ་ལས་ཀྱང་དོན་ཐོབ་པ་ཞིང་ལས་དང་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བ་ལྟ་བུ་མི་སླུ་བ་ཡང་ཡོད་པ་མིན་ནམ་ཞེ་ན། དེ་ལས་རེས་འགའ་དོན་ཐོབ་པའང་ཡོད་མོད་ཀྱི་རྣམ་པ་ཀུན་དུ་མི་སླུ་བ་མ་ཡིན་ཏེ་རེས་འགའ་སླུ་བར་སྲིད་ལ་ཚད་མས་བཅད་པ་ནི་རྣམ་པ་ཀུན་དུ་མི་སླུ་བའི་ཕྱིར་རོ། །དོན་རང་མཚན་ལ་མི་སླུ་བ་ཡིན་ན་ཕྱི་དོན་ཁས་མི་ལེན་པའི་རྣལ་འབྱོར་སྤྱོད་པའི་ལུགས་ལ་ཚད་མ་ཇི་ལྟར་སྲིད་སྙམ་ན། ཕྱི་རོལ་གྱི་དོན་མ་གྲུབ་ཀྱང་བག་ཆགས་བརྟན་བྱུང་གི་ཤེས་པ་དོན་ལྟར་སྣང་བ་ལ་ཇི་ལྟར་བཅད་པ་ལྟར་མི་སླུ་བ་འདི་ལའང་ཡོད་པས་ན་ཚུ་རོལ་མཐོང་བའི་ཡུལ་དུ་དོན་བྱེད་པའི་སྣང་བ་བསླུ་མེད་བསྙོན་མེད་དུ་གྲུབ་པ་དེ་ཙམ་ཞིག་གིས་ཐ་སྙད་ཀྱི་དོན་བྱས་པས་ན་ཁྱད་པར་གང་ཡང་མེད་དོ། །ཡང་མི་སླུ་བའི་ཤེས་པ་ཞེས་པའི་མཚན་ཉིད་འདིས་གཞན་ལྡན་མ་བཅད་དེ་བཅད་ཤེས་ལ་ཁྱབ་ཆེས་སོ་སྙམ་ན། དེ་ནི་ཚད་མ་སྔ་མས་བཅད་ཟིན་པའི་གཟུང་བ་ཡི་བྱེད་པ་མ་ཉམས་པའི་དོན་དེ་སླར་ཡང་འཛིན་པ་ཙམ་ཡིན་པའི་ཕྱིར་མིང་གཞན་ཀུན་རྫོབ་ཀྱི་ཤེས་པའམ་ངེས་ཤེས་སམ་བཅད་ཤེས་ནི་ཚད་མར་མི་འདོད་དེ་མི་སླུ་བའི་བྱ་བ་ཚད་མ་སྔ་མས་བྱས་ཟིན་པའི་ཕྱིར་དེའི་སྟོབས་ལས་འདི་དོན་མཐུན་གྱི་ཤེས་པར་གྱུར་པ་ཡིན་གྱི་རང་སྟོབས་ཀྱིས་ནི་མ་ཡིན་ཏེ་ཡིད་དཔྱོད་བདེན་པ་བཞིན་ནོ། །གསུམ་པ་རྩོད་སྤང་ལ། ཤེས་པ་ཁོ་ན་ཚད་མར་འཐད། །ཚད་མའི་བསྟན་བཅོས་དོན་མེད་མིན། །མཚན་ཉིད་གཞན་བསྟན་འདིར་དོན་གཅིག །དང་པོ། དབང་པོ་གཟུགས་ཅན་པ་ཚད་མར་འདོད་པ་བྱེ་སྨྲ་སོགས་ན་རེ། ཤེས་པ་ཁོ་ན་ཚད་མར་བཞག་པ་མི་འཐད་དེ། དབང་པོ་ལ་ཡང་མི་སླུ་


MR20_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་ལ། དེ་བཞིན་དུ་སྲང་གིས་རེག་བྱ་ལྕི་ཡང་ལ་མི་སླུ་བ་སོགས་དང་། ཡུལ་ཡོད་པ་དང་མེད་པ་རང་གི་ངོས་ནས་ཀྱང་མི་སླུ་བ་ཡོད་པས་མི་སླུ་བ་གཞན་དང་གཞན་དུ་མ་ཡོད་བཞིན་དུ་ཤེས་པ་ཁོ་ན་ལ་མི་སླུ་བའི་ཚད་མའོ་ཞེས་ཇི་ལྟར་འཇོག་སྙམ་ན། བློ་ནི་ཚད་མ་ཉིད་འཇོག་པར་འཐད་དེ། བླང་དང་དོར་བྱའི་དངོས་པོ་ཡི་དོན་ལ་འཇུག་པ་ལ་བློ་དེ་གཙོ་བོ་ཡིན་པའི་ཕྱིར་དེ་ཁོ་ན་ཚད་མ་ཡིན་ཏེ། དབང་པོ་ལ་སོགས་པ་དོན་མ་ནོར་བར་འཇལ་བའི་རྒྱུ་ཇི་སྙེད་ཡོད་དུ་ཟིན་ཀྱང་དེ་ལས་སྐྱེས་པའི་བློ་མེད་པར་དེ་དག་གིས་འཇུག་ལྡོག་བྱེད་པར་ཡོངས་སུ་གཅོད་པ་ཅུང་ཟད་ཀྱང་མི་ནུས་པའི་ཕྱིར་དང་། ཡུལ་གང་དང་གང་གི་རྣམ་པ་ཅན་གྱི་བློ་ནི་ཐ་དད་པས་ཡུལ་འདི་དང་འདི་ལྟ་བུའོ་ཞེས་བློ་ཡི་རྟོགས་པ་ཐ་དད་པའི་སྒོ་ནས་དོན་ཡོངས་སུ་གཅོད་པ་དེ་ཡི་ཕྱིར། གཟུང་རྣམ་མམ་བློ་ཡི་རྣམ་པ་ཐ་དད་པ་དེ་ཡོད་ན་དོན་འདི་དང་འདི་ཞེས་ཐ་དད་དུ་རྟོགས་པ་འདི་ཡོད་ཀྱི་གཞན་དུ་དེ་མི་སྲིད་པའི་ཕྱིར་རོ། །གཉིས་པ། ཚད་མ་ཞེས་པ་འདི་ཅི་ཞིག །རང་གི་ངོ་བོ་ཡུལ་ལ་མི་སླུ་བར་གྲུབ་པ་ཞིག་ཡིན་ནམ། རྐྱེན་གཞན་གྱིས་ཚད་མར་བསྒྲུབ་དགོས་པ་ཞིག་ཡིན། དང་པོ་ལྟར་ན་ཚད་མའི་བསྟན་བཅོས་ཀྱང་མི་དགོས་ཏེ་རང་ཉིད་ཚད་མར་གྲུབ་ཟིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་སྒྲུབ་བྱེད་ཐུག་མེད་དུ་འགྱུར་ཞིང་བློ་སྐད་ཅིག་མ་རང་ཉིད་ཚད་མར་མ་གྲུབ་པ་ལ་སླར་ཡང་ཚད་མར་བསྒྲུབ་པར་མི་ནུས་སོ། །གཞན་ཡང་བློ་དེ་ཉིད་མི་བསླུ་བར་རང་གིས་ངེས་སམ་རྒྱུ་གཞན་གྱིས་ངེས་དགོས། དང་པོ་ལྟར་ན་ཚད་མ་ཚད་མིན་ལ་སུ་ཡང་རྨོངས་མི་སྲིད་པས་ཚད་མའི་བསྟན་བཅོས་དོན་མེད་ལ། གཉིས་པ་ལྟར་ན་རང་ཉིད་ལ་མི་སླུ་བ་མེད་ན་གཞན་གྱིས་དེར་བྱ་མི་ནུས་པས་སོ། །ཡང་ཡུལ་དང་ཡུལ་ཅན་སྐད་ཅིག་དང་ཕྲ་རགས་ལ་སོགས་


MR20_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པས་དཔྱད་ན་ཚད་མ་མི་འགྲུབ་པས་ཚད་མའི་བསྟན་བཅོས་བྱེད་པ་དོན་མེད་ལ། མ་དཔྱད་པར་འཇུག་ན་ཚད་མ་དང་ཚད་མིན་ཀྱང་མེད་པར་མགོ་མཉམ་མོ་ཞེས་པའི་རྩོད་པ་གསུམ་བཀོད་པའི་ལན་དུ། མངོན་སུམ་ལ་རང་ངེས་གཞན་ངེས་གཉིས་ཡོད་དེ། ཡིད་གཏད་པ་དང་གོམས་པ་དང་འཁྲུལ་རྒྱུས་མ་ཟིན་པ་རྣམས་ནི་ཡུལ་དེ་ལ་མ་འཁྲུལ་བའི་བློ་ཡིན་པར་མངོན་སུམ་རང་སྟོབས་ཀྱིས་ངེས་པ་འདྲེན་ཐུབ་ལ། ཅི་འདི་མེ་ཏོག་གི་ཚོགས་སམ་ནོར་བུའི་ཕུང་པོའོ་སྙམ་དུ་དམར་ལམ་པ་མཐོང་བ་དང་། སྐྱ་རྫས་ལ་རླངས་པ་དང་དུ་བར་མ་ངེས་པ་ལྟ་བུ་ལ་གོམས་པའམ་ཡིད་གཏད་པས་སྤུ་རིས་ངེས་པར་ཟིན་པའམ། རྟགས་གཞན་གྱིས་ངེས་པ་ལས་བློ་དེ་མ་འཁྲུལ་བར་རྟོགས་པ་ལྟ་བུ་སོགས་རྒྱུ་མཚན་གཞན་ལས་ངེས་པའང་ཡོད་ལ། རྗེས་དཔག་ཐམས་ཅད་ནི་རང་ལས་ངེས་པ་ཡིན་ནོ། །དེ་འདྲའི་ཚད་མའི་བློ་དེ་ཡུལ་ལ་མི་སླུ་བ་ནི་གོང་དུ་བྱ་བྱེད་ལས་གསུམ་གྱིས་བསྟན་པ་ལྟར་འཇིག་རྟེན་ཐ་སྙད་ཀྱིས་འཇུག་ཚུལ་ཡིན་ལ། སྐད་ཅིག་སོགས་སུ་ཕྱེ་བའི་དཔྱོད་པས་བརླག་མི་ནུས་ཏེ་འཇིག་རྟེན་རང་གི་སྣང་ངོར་བསླུ་མེད་བསྙོན་མེད་དུ་གྲུབ་པའི་ཐ་སྙད་ཙམ་དོན་དམ་དཔྱོད་པས་ཀྱང་ཁེགས་པར་མི་འགྲོའོ། །དེས་ན་ཚད་མ་རྣམས་ནི་འཇལ་བྱེད་རང་ཉིད་ལས་གཞལ་བྱ་རང་གི་གནས་ཚུལ་དང་མཐུན་པར་དེའི་ངོ་བོ་རྟོགས་པའི་བློ་ཡིན་པས་ན། ཕྱིས་ཀྱི་ཐ་སྙད་དཔྱོད་པ་ལས་ནི་ཅི་བློ་འདི་དོན་མཐུན་པའམ་དོན་མཐུན་པ་མ་ཡིན་ཞེས་ཚད་མ་དང་ཚད་མིན་གཉིས་སུ་ཕྱེས་ནས་ཡུལ་ཡང་དག་པར་འཇལ་བའི་བློ་ལ་ཚད་མ་ཉིད་དུ་འཇོག་པ་ཡིན་ནོ། །དེས་ན་ཚད་མའི་རྣམ་གཞག་བསྟན་པའི་བསྟན་བཅོས་ནི་སྔར་རང་གི་ངོ་བོས་ཚད་མ་མིན་པའི་བློ་ཞིག་སླར་ཚད་མར་སྒྲུབ་པའི་ཆེད་དུ་མ་ཡིན་ཀྱང་ཚད་མའི་བློ་ལ་ཚད་མ་ཡིན་པར་མི་


MR20_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་ཚད་མིན་གྱི་བློ་ལ་ཚད་མར་སྒྲོ་འདོགས་པའི་རྨོངས་པ་ཟློ༷ག་པར་བྱེད་པ་ཡིན་པས་ཚད་མའི་བསྟན་བཅོས་དོན་ཡོད་པ་ཡིན་ནོ། །གསུམ་པ་ལ། དངོས་དང་དེ་ལ་དོགས་སྤང་ངོ་། །དང་པོ། སློབ་དཔོན་གྱི་གཞུང་ལ་ལར་ཚད་མའི་མཚན་ཉིད་དུ་མ་ཤེས་པའི་དོན་གྱི་གསལ་བྱེད་ཅེས་གསུངས་ལ། འདིར་མི་བསླུ་བའི་རིག་པ་ཞེས་བཤད་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཚད་མའི་མཚན་ཉིད་ཡིན་ནོ། །དེ་ལ་མཚན་ཉིད་གཉིས་པོ་འདི་ཐ་སྙད་དང་དོན་དམ་དཔྱོད་པའི་ཚད་མའི་མཚན་ཉིད་སོ་སོ་ལ་སྦྱོར་བ་དང་། གཉིས་ཀ་ཚོགས་ནས་ཚད་མའི་མཚན་ཉིད་ཆ་ཚང་བར་འདོད་པ་དང་། དོན་གཅིག་ཏུ་འདོད་པའི་ཕྱོགས་གསུམ་བྱུང་ཡང་ཕྱི་མ་འདི་ཁོ་ན་ལྟར་གཟུང་བར་བྱའོ། །དེ་ལ་མཚན་ཉིད་མི་འདྲ་བ་དུ་མ་ཡོད་ན་ཚད་མའི་མཚན་ཉིད་ཐུག་པ་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། འདི་གཉིས་ཚིག་གི་བརྗོད་ཚུལ་ཙམ་ལས་དོན་མི་འདྲ་བ་མེད་པས་སོ། །ཇི་ལྟར་ན་མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ནི་དོན་དེ་ལ་མི་སླུ་བ་ཡིན་ལ། མི་སླུ་བའི་ཤེས་པ་གང་ཡིན་པ་དེ་མ་ཤེས་པའི་དོན་དེའི་གསལ་བྱེད་ཀྱང་ཡིན་པས་སོ། །གཉིས་པ། ཡུལ་སྔོན་པོ་ལྟ་བུ་རང་གི་ངོ་བོ་མངོན་སུམ་གྱིས་རྟོ༷གས་པའི་འོག་ཏུ་སྔོན་པོར་ངེས་པའི་བློ་སྤྱི་ཡི་རྣམ་པར་ཤེས་པ་སྐྱེ་བ་ལའང་མ་ཤེས་དོན་གསལ་ཞེས་པའི་མཚན་ཉིད་དེ་ཐོབ་པའི་ཕྱིར་ཁྱབ་ཆེས་པར་འགྱུར་ཏེ། སྤྱི་བློ་སྔར་མེད་གསར་དུ་སྐྱེ་བ་ཡིན་ལ་དེ་སྔར་མ་ཤེས་པའི་དོན་སྤྱི་དེའི་དོན་གྱི་གསལ་བྱེད་ཀྱང་ཡིན་པས་སོ་སྙམ་ན། དོན་ཞེས་པ་ནི་དོན་རང་གི་མཚན་ཉིད་ཀྱི་གནས་ཚུལ་སྔར་མི་ཤེས་པ་གསར་དུ་ཤེས་པ་གང་ཡིན་པ་ཞེས་དགོངས་པའི་ཕྱིར་བཅད་ཤེས་ལ་ཁྱབ་ཆེས་པ་མེད་དེ། དེས་མངོན་སུམ་གྱིས་བཟུང་ཟིན་དེ་སྤྱིའི་


MR20_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་བཟུང་བ་ལས་དོན་རང་མཚན་ལ་གསར་དུ་རྟོགས་པ་གང་ཡང་མེད་པས་སོ། །དོན་ཞེས་པ་རང་མཚན་ལ་དགོངས་པ་ཅིས་ཤེས་སྙམ་ན། ཐ་སྙད་དཔྱོད་པས་འཇུག་ཡུལ་ནི་དོན་བྱེད་ནུས་པ་རང་གི་མཚན་ཉིད་ལ་སླུ་མི་སླུ་དཔྱད་ནས་ཚད་མའི་མཚན་ཉིད་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །དེར་ངེས་ཏེ་སྤྱི་ཙམ་ལ་དོན་ཐོབ་པ་མེད་པས་དེ་ལ་སླུ་མི་སླུ་དཔྱད་པ་མ་ཡིན་ཏེ་གོང་དུ་རྒྱས་པར་བསྟན་པ་བཞིན་ནོ། །གཉིས་པ་དེ་ཕྱིར་ཐུབ་པ་ཚད་མར་བསྟན་པ་ལ། ཚད་མར་གྱུར་པ་རང་ལུགས་བཞག །རང་བྱུང་ཚད་འདོད་གཞན་ལུགས་བཀག །དང་པོ་ནི། ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་གསུངས་པ་འདིའི་དོན་ལེའུ་འདིས་འཆད་པ་ཡིན་ལ། དེ་ཡང་། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་ཚད་མར་གྱུར་པ་ཞེས་བྱ་སྙམ་ན། གོང་དུ་བཤད་མ་ཐག་པའི་ཚད་མ་དེ་ཡི་མཚན་ཉིད་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ནི་ཚད་མ་ཉིད་ཡིན་ནོ། །དེའི་མཚན་ཉིད་དང་ཇི་ལྟར་ལྡན་སྙམ་ན། འདི་ལྟར་འཇིག་རྟེན་ན་ཚད་མ་ནི་ཇི་ལྟར་བཅད་པ་ལྟར་དོན་ཐོབ་པ་ལ་མི་སླུ་བའི་བློ་ལ་ཡོངས་སུ་གྲགས་པའི་དབང་དུ་བྱས་ན་བཅོམ་ལྡན་འདས་ནི་ཚད་མ་དེ་དང་འདྲ་བ་སྟེ་སྐྱེ་རྒུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དོན་མངོན་མཐོ་ངེས་ལེགས་ཀྱི་འབྲས་བུ་ཐོབ་པ་ལ་འདིས་མི་སླུ་བ་ཡིན་པས་སོ། །དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་བསྟན་པ་སོགས་བླང་དོར་གྱི་དམིགས་བསྟན་ནས་མི་སླུ་བར་བྱེད་པས་ན་མི་སླུ་བ་མཆོག་གི་ཁྱད་པར་དེ་ལ་མངའ་བས་དེ་སྐད་དུ་བཏགས་པའོ། །འོ་ན་ཚད་མར་བཏགས་པ་ཙམ་ལས་དངོས་སུ་ཚད་མར་གྱུར་


MR20_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནོ་སྙམ་ན། ཤིན་ཏུ་ཡང་ཚད་མར་གྱུར་པ་ཡིན་ཏེ་སྒོམ་པ་མཐར་ཕྱིན་པའི་སྟོབས་ལས་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཁྲུལ་བའི་དྲི་མ་མཐའ་དག་སྤངས་པའི་ངོ་བོ་ཉིད་ཡིན་པས་ན་ཚད་མ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ་འདི་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡིན་ལ། ཚད་མ་གཞན་དང་གཞན་ནི་ཉི་ཚེའི་ཡུལ་ཅན་ཡིན་ནོ། །དེ་ལྟར་ཡིན་ན་ཚད་མ་དང་འདྲ་བར་ཅིའི་ཕྱིར་བཏགས་སྙམ་ན། འཇིག་རྟེན་ན་ཡོངས་སུ་གྲགས་པའི་མངོན་རྗེས་ཀྱི་ཚད་མ་ལ་ལྟོས་ནས་དེ་ལྟར་བཏགས་པ་སྟེ། སྐབས་ཀྱི་བཤད་བྱའི་ཚད་མ་ནི་མངོན་རྗེས་ཀྱི་ཚད་མ་ཡིན་ལ་བཅོམ་ལྡན་འདས་ནི་ཆོས་ཀུན་ལ་མངོན་སུམ་ཚད་མར་གྱུར་པ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་འཇིག་རྟེན་པའི་མངོན་སུམ་གྱི་དོན་དང་མི་འདྲ་བས་དེ་ལྟར་བཏགས་པ་ཡིན་ནོ། །དེ་ལ་སྟོན་པ་ཚད་མ་ཞེས་པ་དེ་ཡང་སྒྲུབ་བྱེད་ཀྱི་རྒྱུ་ལས་མ་སྐྱེས་པ་ནི་བཟློ༷ག་པའི་དོན་དུ་གྱུར་པ་ཉིད་གསུངས་སོ། །གང་མ་སྐྱེས་པ་ནི་སྐྱེས་བུའི་དོན་ལ་མི་སླུ་བའི་ཚད་མར་མི་རུང་བ་དེ་ཡི་ཕྱིར་ཚད་མ་དེའི་སྒྲུབ་བྱེད་ཐབས་ཕུན་སུམ་ཚོགས་པ་ལ་ནན་ཏན་རབ་ཀྱི་མཐར་ཕྱིན་པ་ལ་ལྟོས་ནས་ཚད་མ་ཡིན་པར་གྱུར་པ་ནི་རིགས་པ་ཡིན་གྱི་གཞན་དུ་མི་འཐད་དོ། །གཉིས་པ་ལ། ཚད་མ་རྟག་པ་ཡོད་པ་བཀག །ཚད་ཅན་དབང་ཕྱུག་བྱེད་པོ་བཀག །དང་པོ་ལ། ཕྱི་རོལ་པ་རྣམས་ན་རེ། སྔར་ཚད་མ་མིན་པ་ཞིག་སྒྲུབ་བྱེད་ལ་ལྟོས་ནས་གསར་དུ་ཚད་མར་གྱུར་པས་ཤེས་བྱ་མཐའ་ཡས་པ་ཤེས་པ་མི་སྲིད་ལ། ཡོན་ཏན་བརྒྱད་དང་ལྡན་པ་མཁའ་ལྟར་ཁྱབ་པའི་དབང་ཕྱུག་རྟག་པ་དེ་ནི་ཚད་མ་ཡིན་ལ་འགྲོ་བ་མཐའ་དག་གི་བྱེད་པོའང་ཡིན་ནོ་ཞེ་ན། ཚད་མ་རྟག་པ་ཉིད་ཡོད་པ་མིན་ཏེ་རྒྱུ་མཚན་གང་གི་ཕྱིར་ན་དངོས་པོ་ཡོད་པར་རང་མཚན་ཇི་ལྟ་བར་གཞལ་བའམ་


MR20_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དེ་ཚད་མ་ཡིན་པའི་ཕྱིར་བློ་ཉིད་ཚད་མ་ཡིན་གྱི་གཞན་ནམ་མཁའ་སོགས་ཚད་མ་མིན་པའི་ཕྱིར་དང་། ཡུལ་ཤེས་བྱ་དེ་ཡང་རང་གི་ངོ་བོས་མི་རྟག་པ་ཡིན་པ་ཉིད་ཀྱིས་དེའི་ཡུལ་ཅན་ཚད་མ་དེ་ནི་མི་བརྟན་པ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཡུལ་དེ་དམིགས་རྐྱེན་ཡིན་ལ་དེ་ལས་སྐྱེས་པའི་བློ་ཚད་མ་ཡིན་པའི་ཕྱིར་སྐད་ཅིག་མར་འཐད་ཀྱི་ཡུལ་གྱིས་ཁྱད་པར་བྱར་མེད་ན་ནི་ཡུལ་གང་ཡང་ཤེས་པར་མི་འགྱུར་རོ། །ཡུལ་གང་ཡང་མ་ཤེས་ན་ནི་དོན་རང་མཚན་ལ་མི་སླུ་བའི་ཚད་མར་ཇི་ལྟར་འགྱུར། དེས་ན་རྟག་པའི་བློ་ལ་ཡུལ་རིམ་བཞིན་འཇལ་བའི་དོན་བྱེད་ནུས་པས་སྟོང་པར་ཤེས་པར་བྱའོ། །གཉིས་པ་ལ། དེ་རྟག་མི་རྟག་བརྟགས་ལ་དགག །ཀུན་གྱི་བྱེད་པོ་ཡིན་པ་དགག །དང་པོ། ཚད་མ་དང་ལྡན་པ་དབང་ཕྱུག་དེ་ནི་འགྲོ་བའི་བྱེད་པ་པོ་མ་ཡིན་ཏེ། འདི་ལྟར་སྣང་བའི་ཆོས་གང་དག་རིམ་བཞིན་སྐྱེ་བར་ན་འདི་དག་ནི་རྒྱུ་དབང་ཕྱུག་རྟག་པ་ལས་སྐྱེ་བ་ནམ་ཡང་མི་འཐད་དེ། རྟག་པ་ལ་རིམ་གྱིས་དོན་བྱེད་པའི་ཁྱད་པར་མི་སྲིད་པའི་ཕྱིར་རོ། །རྟག་པ་དེ་ཡང་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་བཞིན་སྐྱེད་དོ་ཞེ་ན། རྟག་པ་ལ་རྐྱེན་གྱིས་ཁྱད་པར་བྱར་མེད་པ་ཡིན་ཏེ་རྐྱེན་ལ་ལྟོ༷ས་པ་ནི་རྣམ་པ་ཀུན་ཏུ་མི་རུང་བ་ཡི་ཕྱིར་དང་། རྐྱེན་གྱི་རྣམ་པ་འགས་ཀྱང་ཕན་གདགས་བྱ་མིན་པའི་ཕྱིར་ཏེ། རང་གི་ངོ་བོ་རྐྱེན་གཞན་ལ་ལྟོས་པ་དང་། རྐྱེན་གྱིས་དེ་ལ་ཕན་གདགས་ན་མི་རྟག་པར་འགྱུར་རོ། །གལ་ཏེ་དབང་ཕྱུག་མི་རྟག་པ་ཡིན་ནོ་ཞེ་ན་ཡང་། དེ་རང་བྱུང་གི་ཚད་མ་ཉིད་དུ་མེད་པ་ཡིན་ཏེ་ཚད་མར་སྒྲུབ་བྱེད་མེད་པས་སོ། །དེ་བཞིན་དུ་དེ་གཅིག་བྱེད་པ་པོ་ཡིན་པ་ལའང་སྒྲུབ་བྱེད་ཀྱི་ཚད་མ་གང་ཡང་མེད་པ་


MR20_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །གཉིས་པ་ལ། སྒྲུབ་བྱེད་མེད་དང་གནོད་བྱེད་ཡོད། དང་པོ་ལ། སྒྲུབ་བྱེད་ཡང་དག་མིན་པར་བསྟན། །དེ་ཡི་རིགས་པ་རྒྱས་པར་བཤད། དང་པོ། ཕྱི་རོལ་པ་རྣམས་ན་རེ། སེམས་ཅན་གྱི་ལུས་དང་གནས་སྣོད་ཀྱི་འཇིག་རྟེན་དང་བྱེད་པ་དབང་པོ་རྣམས་ནི་རྩོམ་པར་ནུས་པའི་ཕུལ་དུ་བྱུང་བའི་བློ་ཅན་གྱིས་བྱས་པ་ཡིན་ཞིང་དེ་ནི་དབང་ཕྱུག་ཡིན་ལ་དེའི་སྒྲུབ་བྱེད་ཀྱང་འདི་ལྟར་ལུས་གནས་བྱེད་པ་འདི་ཀུན་དུས་གཞན་དུ་སྡོད་ཅིང་རེས་འགའ་འཇུག་པའི་ཕྱིར་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། དཔེར་ན་ཤིང་བཞོག་པ་ལ་སྟེའུ་ལ་སོགས་པ་བཞིན་ནོ། །གལ་ཏེ་སྟེའུ་རང་དབང་གིས་འཇུག་ན་རྟག་ཏུ་འཇུག་པའམ་ཡང་ན་གཏན་ནས་མི་འཇུག་པར་འགྱུར་ན་ཡང་འདི་སྐྱེས་བུའི་བྱེད་པ་ལ་བརྟེན་ནས་དེ་ལྟར་སྡོད་ཅིང་འཇུག་པ་ཡིན་ནོ། །དེ་བཞིན་དུ་གྲུ་བཞི་དང་ཟླུམ་པོ་སོགས་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཡང་སྐྱེས་བུས་བྱས་པ་ཡིན་ཏེ། ཁང་བཟང་དང་བུམ་པ་བཞིན་ནོ། །ཡང་དོན་བྱེད་པའི་ཕྱིར་ན་སྐྱེས་བུས་བྱས་པ་ཡིན་ཏེ་མེ་དང་དགྲ་སྟྭ་ལ་སོགས་པ་བཞིན་སྐྱེས་བུས་ཉེ་བར་མཁོ་བའི་ཕྱིར་བྱས་པའི་ཕྱིར་དགྲ་སྟྭ་ལ་སོགས་པས་རང་རང་གི་ངོས་སྐལ་གྱི་དོན་བྱེད་པ་ཡིན་ནོ། །ལ་སོགས་པ་ཞེས་པས་གྲངས་དང་ལྡན་པ་དང་ཚད་དང་ལྡན་པ་སོགས་ཀྱང་སྐྱེས་བུས་བྱས་པའི་སྒྲུབ་བྱེད་དུ་སངས་རྒྱས་པའི་ངོར་བཀོད་པ་དག་ནི་འདོད་པ་གྲུབ་པའམ་ཞེས་སྟེའུ་ལ་སོགས་པའི་སྡོད་ཅིང་འཇུག་པ་སོགས་དཔེར་བཀོད་པ་དེ་དག་སྐྱེས་བུའི་བྱེད་པ་ལ་རག་ལས་པ་ནི་འདོད་པ་ཡིན་ལ། དངོས་སུ་སྐྱེས་བུས་མ་བྱས་པའི་རི་གླིང་ལ་སོགས་པ་ཀུན་ཀྱང་རྒྱུ་སྐྱེས་བུ་རྣམས་ཀྱི་སེམས་པ་སྔོན་དུ་སོང་བའི་རྒྱུ་ལས་གྲུབ་པ་ཙམ་དུ་སྒྲུབ་པར་བྱེད་ན་འདོད་པ་ཡིན་ཏེ།


MR20_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱིས་སེམས་པའི་འདུ་བྱེད་ཀྱི་ཁྱད་པར་ལས་གནས་ལུས་སྣ་ཚོགས་པར་གྲུབ་པ་ནི། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །ཞེས་འདོད་དོ། །གལ་ཏེ་ཁྱེད་ཀྱི་འདོད་པ་ལྟར་དངོས་པོ་དེ་ཀུན་བྱེད་པོ་སྐྱེས་བུ་རྟག་པ་གཅིག་གིས་བྱས་པ་ནི་དཔེ་མ་གྲུབ་པ་ཡིན་ཏེ། གང་བྱས་པ་ཐམས་ཅད་མི་རྟག་པའི་རྒྱུས་བྱེད་པ་ལས་རྟག་པས་རིམ་དང་ཅིག་ཅར་དུ་བྱེད་པ་གཉིས་ཀ་མ་མཐོང་བས་སོ། །ཡང་ན་རྟགས་དེའི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའང་ཡིན་ཏེ། སྡོད་ཅིང་འཇུག་པ་ལ་སོགས་པ་ཡོད་པ་ཙམ་གྱིས་སྐྱེས་བུས་བྱས་པ་ཡིན་ན་ཁྱོད་རང་གིས་སྐྱེས་བུས་མ་བྱས་པར་འདོད་པ་དབང་ཕྱུག་སོགས་ལའང་སྐྱེས་བུས་བྱས་པར་དོགས་པ་སྐྱེ་སྟེ། དེ་ཡང་རེས་འགའ་སྡོད་ཅིང་རེས་འགའ་འཇུག་པའི་ཕྱིར། གལ་ཏེ་སྡོད་ཅིང་མི་འཇུག་ན་ནི་དེ་ལ་སྡོད་པའི་དུས་མེད་པས་འབྲས་བུ་ཐམས་ཅད་ཀྱང་མི་སྡོད་པར་རྟག་ཏུ་ཡོད་པའམ། སྡོད་ཅིང་མི་འཇུག་པའི་དུས་ཡོད་ན་ནི་འབྲས་བུ་ཐམས་ཅད་ཀྱང་རྟག་ཏུ་མེད་པར་ཐལ་བ་དང་། དེ་བཞིན་དུ་དེས་དོན་མི་བྱེད་ན་ནི་ཁས་བླངས་དང་འགལ་ལ་བྱེད་ན་ནི་དེ་ཡང་གཞན་གྱིས་བྱས་པར་འགྱུར་བ་སོགས་སོ། །གཉིས་པ་ལ། དངོས་དང་། དེས་གཞན་ཁེགས་ཚུལ་དང་། །དེ་ཡི་གྲུབ་དོན་བསྟན་པ་གསུམ། །དང་པོ་ལ། དབྱིབས་དོན་རྟགས་སུ་མི་རུང་བ། །དབྱིབས་སྒྲ་འཇུག་ཙམ་རྟགས་མིན་པའོ། །དང་པོ་ལ། ཁྱད་པར་ཅན་དབྱིབས་ཕྱོགས་ཆོས་མེད། །དབྱིབས་ཙམ་རྟགས་སུ་མ་ངེས་པའོ། །དང་པོ། གང་ཞིག་བྱིན་གྱིས་རླབས་པ་པོའམ་འདུ་བྱེད་པ་པོ་ཡོད་པ་ན་ཡོད་པ་དང་མེད་ན་མེད་པའི་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་སོགས་ཀྱི་ཁྱད་པར་


MR20_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྡོད་འཇུག་སོགས་མི་འདྲ་བ་དེ་ནི་གང་ལ་ཕྱོགས་ཀྱི་ཆོས་སུ་རབ་ཏུ་གྲུབ་པ་དེ་ལས་སེམས་ལྡན་གྱི་རྒྱུ་ཡོད་པའམ་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ཏེ་སྟེའུ་དང་བུམ་པ་ལ་སོགས་པ་བཞིན་ནོ། །རི་གླིང་སོགས་ལ་དབྱིབས་ཡོད་ཀྱང་སྐྱེས་བུས་མ་བྱས་པར་ལས་ཀྱི་དབང་གིས་དེ་ལྟ་བུར་གྲུབ་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པས་ན་དེའི་དབྱིབས་དེ་སྐྱེས་བུས་བྱས་པའི་ཁྱད་པར་དང་ལྡན་པར་མི་འདོད་པས་ན་ཕྱོགས་ཆོས་མ་གྲུབ་པ་ཡིན་ནོ། །དབྱིབས་ལ་སྐྱེས་བུས་བྱས་པ་དང་མ་བྱས་པ་གཉིས་སུ་འདོད་པའི་བློ་ངོར་དབྱིབས་ཙམ་ལས་བྱས་པར་སྒྲུབ་པ་དེ་ནི་དབྱིབས་ཀྱི་མིང་ཙམ་མཐུན་པར་སོང་གི་དབྱིབས་ཀྱི་དོན་ལས་སྐྱེས་བུས་བྱས་པ་འགྲུབ་པར་མི་འགྲོ་སྟེ། དབྱིབས་ཀྱི་དོན་ལ་སྐྱེས་བུས་བྱས་མ་བྱས་གཉིས་སུ་ཡོད་པའི་ནང་ནས་མ་བྱས་པ་དེ་བྱས་པའི་སྒྲུབ་བྱེད་དུ་བཀོད་པའི་ཕྱིར་རོ། །གཉིས་པ་ལ། མ་ངེས་ངེས་ན་ཧ་ཅང་ཐལ། །འབྲས་མཚུངས་ལྟག་ཆོད་དུ་ཐལ་སྤང་། །དང་པོ། ཕ་རོལ་པོ་ན་རེ། དབྱིབས་ཡིན་ནོ་ཅོག་སྐྱེས་བུས་བྱས་པའི་དབྱིབས་ཁྱད་པར་བ་ཡིན་ཏེ། དབྱིབས་ཙམ་དུ་ཁྱད་པར་མེད་པའི་ཕྱིར་ཏེ་འདི་ལྟར་ཁྱོད་ཀྱིས་འདོད་པ་ལྷ་རྣམས་ལ་ཆེད་དུ་མ་བྱས་པའི་ཁང་བཟང་ཡོད་པ་དང་། མི་རྣམས་ཀྱིས་ཆེད་དུ་བྱས་པའི་ཁང་བཟང་གཉིས་ལ་དབྱིབས་རང་གི་སྟེང་ན་ཁྱད་པར་བ་ཞེས་མི་ནོར་བའི་རྒྱུ་མཚན་གང་ཡང་མེད་པས་སོ་ཞེ་ན། འོ་ན་ངེད་ཀྱིས་སྐྱེས་བུས་མ་བྱས་པར་འདོད་པ་དེ་དག་གི་དབྱིབས་དང་ཁྱད་པར་མེད་པའི་ཕྱིར་འདི་ཀུན་ཀྱང་སྐྱེས་བུས་མ་བྱས་པར་འགྱུར་རོ་ཞེས་བརྗོད་ན་ཁྱོད་ཀྱིས་རིགས་པ་གང་གིས་ཟློག་པར་བྱེད་ཅེས་དྲིས་པ་ན། འདི་ཀུན་སྐྱེས་བུས་བྱེད་པར་མཐོང་བའི་མངོན་སུམ་གྱིས་བསལ་ལོ་ཞེ་ན། སྐྱེས་


MR20_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བྱས་པར་ནམ་ཡང་མ་མཐོང་བའི་རི་ལ་སོགས་པའི་དབྱིབས་ལ་གང་གིས་རྗེས་སུ་དཔོག་པར་བྱེད་པ་ཡིན། དེ་ཡང་དེ་ལྟར་རྗེས་སུ་དཔག་གོ་ཟེར་ན་རིགས་པ་མ་ཡིན་ཏེ། སྐྱེས་བུས་བྱེད་པའི་རྗེས་སུ་འགྲོ་བའི་དབྱིབས་ཅན་བུམ་པ་སོགས་ལས་ཐ་དད་པའི་དངོས་པོ་རི་གླིང་སོགས་ལ་དབྱིབས་གང་ཞིག་རབ་ཏུ་གྲུབ་པ་དེ་ནི་ལེགས་པར་བརྟགས་ན་དབྱིབས་ཞེས་པའི་སྒྲ་འཇུག་པར་མཚུངས་པ་ཙམ་ལ་ཐ་དད་མེད་པའི་རྒྱུ་མཚན་ཡོད་པ་ཡིན་ལ། སྒྲ་མཚུངས་པ་དེ་ཙམ་གྱི་ཕྱིར་སྐྱེས་བུས་བྱས་པར་རྗེས་སུ་དཔོག་རིགས་པ་མ་ཡིན་ཏེ། སྐྱེས་བུས་བྱས་པ་དང་དབྱིབས་ཙམ་ལ་མེད་ན་མི་འབྱུང་གི་འབྲེལ་བ་སྒྲུབ་མི་ནུས་པའི་ཕྱིར་ཏེ་སྐྱེས་བུས་ཆེད་དུ་མ་བྱས་ཀྱང་དབྱིབས་ཡོད་པ་ལ་འགལ་བ་མེད་པའི་ཕྱིར་རོ། །རྟགས་དང་བསྒྲུབ་བྱ་འབྲེལ་བ་མེད་པས་ནི་གང་ཡང་མི་འགྲུབ་སྟེ། མེ་དང་འབྲེལ་བ་དུ་བའི་སྐྱ་རྫས་ཁྱད་པར་བ་རྟགས་སུ་མ་བཟུང་བར་ས་རྡུལ་དང་རླངས་པ་སོགས་སྐྱ་བོའི་རྫས་ཙམ་ལས་མེ་དཔོག་པ་བཞིན་ནོ། །དེས་ན་སྐྱེས་བུས་བྱས་པ་ལ་མི་འཁྲུལ་བའི་རྒྱུ་མཚན་ཁྱད་པར་ཅན་མེད་ན་དབྱིབས་ཙམ་གྱིས་ནི་གང་ཡང་མི་འགྲུབ་བོ། །འོ་ན་དབྱིབས་ཁྱད་པར་བ་ལས་སྐྱེས་བུས་བྱས་པར་དཔོག་རིགས་ཞེས་བཤད་པ་དེ་གང་ཡིན། དབྱིབས་ལ་སྐྱེས་བུས་བྱས་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དབྱིབས་ཙམ་ནི་རྫས་ཀྱི་བཀོད་པ་ལ་བརྟེན་ནས་མིང་དུ་བཏགས་པ་ཡིན་པས་དེ་ཡི་སྟེང་ན་མི་ནོར་བའི་ཁྱད་པར་ཡོད་ཅེས་བརྗོད་པ་ནི་གཏན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྫས་ཀྱི་བཀོད་པའི་ཁྱད་པར་གང་ཞིག་སྐྱེས་བུའི་བྱེད་པ་ལ་རག་ལས་ཏེ་འཇུག་པ་ཅན་དེ་དག་སྐྱེས་བུས་བྱས་པའི་ཁྱད་པར་དང་ལྡན་པའི་དབྱིབས་ཏེ།


MR20_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་མེ་ལས་དུ་བ་བཞིན་སྐྱེས་བུ་དང་འབྲེལ་བ་ཅན་ནོ། །དེ་ལྟར་རག་ལས་པར་ནི་འཇིག་རྟེན་ན་མཐོང་བའི་ཕྱིར་འདི་ལ་དཔྱད་པ་གཞན་མི་འཇུག་གོ། །གང་སྐྱེས་བུས་བྱེད་པ་ལ་རག་མ་ལས་པར་རྒྱུ་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་ཚེར་མ་རྣོ་བ་དང་མེ་ཏོག་གི་དབྱིབས་ལ་སོགས་པ་ནི་སྐྱེས་བུའི་བྱེད་པ་དང་མ་འབྲེལ་ཏེ་ཀ་བུམ་མ་འབྲེལ་བ་བཞིན་ནོ། །དེ་དག་ལའང་བྱེད་པོ་ལྐོག་ཏུ་གྱུར་པ་དབང་ཕྱུག་གིས་བྱས་པར་མི་ཁེགས་སྙམ་ན། དེ་དག་རང་རང་གི་རྒྱུ་རྐྱེན་ལས་སྐྱེ་བ་ལས་དབང་ཕྱུག་གིས་ཅི་ཡང་མ་བྱས་ཏེ་འོག་ཏུ་འགོག་པར་འགྱུར་རོ། །གཉིས་པ་ཧ་ཅང་ཐལ་བའི་སྐྱོན་ནི། བཤད་མ་ཐག་པ་ལྟར་འབྲེལ་བའི་དབང་གིས་བསྒྲུབ་བྱ་སྒྲུབ་པ་དེ་ལྟ་མིན་པར་ཆོས་འགའ་ཞིག་ལ་རྒྱུ་གང་ཞིག་མཐོང་ནས་གཞན་ཡང་དེ་དང་འདྲ་བ་ཙམ་དུ་དམིགས་པའི་སྒོ་ནས་སྔ་མའི་རྒྱུ་ཅན་དུ་རྗེས་སུ་དཔོག་པ་ཡིན་ན། རྫ་མཁན་གྱིས་བུམ་པ་ལ་སོགས་པ་འཇིམ་པ་ཡི་རྣམ་འགྱུར་འགའ་ཞིག་བྱེད་པར་གྲུབ་པའི་ཕྱིར་འཇིམ་པའི་རྣམ་འགྱུར་ཡིན་ནོ་ཅོག་དེས་བྱས་པར་ཡང་འགྲུབ་པས་གྲོག་མཁར་ཡང་རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་རོ། །རྫ་མཁན་དེས་འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱས་པས་འཇིམ་པའི་རྣམ་འགྱུར་ཡིན་ནོ་ཅོག་བྱས་པར་མི་འགྱུར་སྙམ་ན། བུམ་པ་སོགས་ཀྱི་དབྱིབས་འགའ་ཞིག་སྐྱེས་བུས་བྱས་ཀྱང་དབྱིབས་ཡིན་ནོ་ཅོག་སྐྱེས་བུས་བྱས་པར་ག་ལ་ངེས་ཏེ་སྐྱེས་བུའི་རྩོལ་བ་ཆེད་དུ་བསྐྱེད་པ་ལ་རག་མ་ལས་ཀྱང་རང་རང་གི་རྒྱུ་རྐྱེན་དེ་ལས་དེ་ལྟར་སྐྱེ་བར་འགྲུབ་བོ། །གསུམ་པ་ནི། དེ་ལྟར་སྐྱེས་བུས་བྱས་པ་དང་མ་བྱས་པའི་དབྱིབས་སོ་སོར་ཕྱེས་ནས་དབྱིབས་རྟགས་སུ་བཀོད་པ་སུན་འབྱིན་པ་འདི་འབྲས་བུ་མཚུངས་པའི་ལྟག་ཆོད་ཅེས་སུན་འབྱིན་ལྟར་སྣང་བ་ཡིན་པར་སློབ་དཔོན་ཕྱོགས་གླང་གིས་བཤད་པ་དེ་དང་མཚུངས་


MR20_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ་ཞེ་ན་མི་མཚུངས་ཏེ། སྒྲ་མི་རྟག་པར་བསྒྲུབ་བྱའི་རྗེས་སུ་འགྲོ་བའི་ཕྱིར་འབྲས་བུ་སྟེ་རྒྱུ་རྐྱེན་གྱིས་བྱས་པ་རྟགས་སུ་བཀོད་པ་ལ་བྱས་པའི་ཁྱད་པར་ཕྱེ་མི་དགོས་པར་སྤྱིས་ཀྱང་འགྲུབ་པ་ཡིན་ཏེ། བྱས་པ་ཡིན་པ་ཙམ་གྱིས་མི་རྟག་པ་འགྲུབ་པ་ཡིན་ཀྱང་ཚུལ་དེ་ལྟར་བྱས་པས་མི་རྟག་པར་སྒྲུབ་པར་བྱེད་པ་ལ་གཞན་མུ་སྟེགས་རྣམས་ཀྱིས་རྟགས་བྱས་པ་དེའི་འབྲེལ་བ་ཅན་སྒྲ་དང་བུམ་པ་ལྟ་བུ་ཉིད་ཐ་དད་པའི་ཕྱིར་རྟགས་བྱས་པ་ཡང་ཐ་དད་པར་འགྱུར་ལ། དེ་ལྟ་ན་སྒྲའི་བྱས་པ་བུམ་པ་ལ་མ་གྲུབ་པས་མཐུན་དཔེར་རྗེས་འགྲོ་མེད་ལ། བུམ་པའི་བྱས་པ་སྒྲ་ལ་ཕྱོགས་ཆོས་སུ་མ་གྲུབ་ཅིང་། གཉིས་པ་མིན་པའི་བྱས་པ་ནི་གང་དུ་ཡང་མ་ངེས་པའི་ཕྱིར་དེ་འདྲ་རྟགས་ཡང་དག་མིན་ཞེས་སྐྱོན་བརྗོད་པ་ནི་འབྲས་མཚུངས་ཀྱི་ལྟག་ཆོད་དམ་སུན་འབྱིན་ལྟར་སྣང་ཡིན་པར་འདོད་དེ། དེ་འདྲའི་མ་གྲུབ་པ་དང་རྗེས་འགྲོ་མེད་པར་བརྗོད་ཀྱང་གཏན་ཚིགས་ཡང་དག་ཡིན་པ་སུན་ཕྱུང་མི་ནུས་པས་ལྟག་ཆོད་ཡིན་ནོ། །འབྲས་མཚུངས་ཞེས་པ་འབྲས་བུ་ནི་སྒྲ་འབྲས་བུ་ཡིན་པར་བསྟན་པ་རྩོལ་བྱུང་དང་བྱས་པ་ལྟ་བུའི་ཚིག་དེ་ཡིན་ལ། དེ་བཀོད་པ་ན་མ་གྲུབ་པ་སོགས་གཏན་ཚིགས་ལྟར་སྣང་བ་གཞན་དང་མཚུངས་སོ་ཞེས་རིགས་པ་ལྟར་སྣང་བས་སྐྱོན་བརྗོད་པ་ལ་འབྲས་མཚུངས་ཀྱི་ལྟག་ཆོད་ཅེས་བརྡ་བྱས་པའོ། །དེ་ལྟག་ཆོད་ཡིན་ཏེ་སྒྲ་དང་བུམ་པའི་ཁྱད་པར་ཕྱེ་མི་དགོས་པར། སྤྱིར་བྱས་པ་ཡིན་ན་མི་རྟག་པར་འགྲུབ་ངེས་ཀྱང་དེ་ལྟར་མི་འགྲུབ་པར་བསྟན་པ་ནི་སུན་འབྱིན་མི་ནུས་པའི་ཚིག་ཙམ་ཡིན་པའི་ཕྱིར་རོ། །དེས་ན་དབྱིབས་ལ་གཉིས་སུ་མ་ཕྱེས་པར་དབྱིབས་ཙམ་གྱིས་སྐྱེས་བུས་བྱས་པར་འགྲུབ་ན། དེ་མི་འགྲུབ་པར་བསྟན་པ་ལྟག་ཆོད་དུ་འགྱུར་ཀྱང་དབྱིབས་ཁྱད་པར་དུ་དབྱེ་བ་མ་བྱས་པར་དབྱིབས་ཙམ་ནི་


MR20_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུས་བྱས་པ་ལ་མི་འཁྲུལ་བའི་འབྲེལ་བ་མ་གྲུབ་པས་འབྲས་མཚུངས་ཀྱི་ལྟག་ཆོད་དང་འདྲ་བ་མ་ཡིན་ནོ། །གཉིས་པ་ལ། དབྱིབས་ཀྱི་སྒྲ་ཙམ་རྟགས་མིན་དཔེ། །ཡིན་ན་ཧ་ཅང་ཐལ་བའོ། །དང་པོ། ཆོས་སོ་སོའི་རང་རང་གི་རིགས་ཀྱི་ཁྱད་པར་མི་འདྲ་བ་ལ་རྗོད་བྱེད་དུ་གྲུབ་པ་ཡི་སྒྲ་ཡི་སྤྱི༷་སྟེ་ཐུན་མོང་གི་མིང་ནི་ཡུལ་བརྗོད་བྱ་གང་ལ་ཡོད་པ་ཙམ་མཐོང་བ་ལས་རིགས་གཞན་དང་གཞན་དུ་སྒྲུབ་པར་བྱེད་པ་ནི་མི་རིགས་ཏེ་དཔེར་ན། ངག་དང་ཕྱོགས་ལ་སོགས་པ་ཆོས་ཅན། གོ་ཞེས་པ་ཉིད་ཡིན་པའི་ཕྱིར་ན་རྭ་ཅན་ཡིན་ཞེས་པ་བཞིན་ནོ། །དེ་དག་ལ་སྤྱི་མིང་དུ་གོ་སྒྲ་འཇུག་ཀྱང་མིང་དེ་ཞུགས་པ་ཙམ་གྱིས་དེ་ཡི་མིང་ཅན་གཞན་དུ་གྲུབ་པར་མི་འགྱུར་རོ། །ཇི་སྐད་དུ། ངག་ཕྱོགས་ས་དང་འོད་ཟེར་དང་། །མཐོ་རིས་མིག་དང་རྡོ་རྗེ་དང་། །བ་ལང་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་གཟུང་། །ཞེས་གྲགས་པ་ཡིན་ནོ། །དབྱིབས་ཙམ་གྱི་སྒྲ་སོགས་ཀྱིས་སྐྱེས་བུས་བྱས་པར་སྒྲུབ་པའང་ཚུལ་དེ་དང་འདྲའོ། །གཉིས་པ་ནི། སྐྱེས་བུས་བརྗོད་པར་འདོད་པའི་གཞན་དབང་གིས་འཇུག་པ་ཅན་ཡིན་གྱི་རང་དབང་གིས་འཇུག་པ་ཅན་མིན་པའི་ཕྱིར། སྒྲ་རྣམས་ནི་ཡུལ་གང་ལའང་སྦྱར་དུ་མེད་པ་མ་ཡིན་པས་ན་སྒྲ་ཙམ་དེ་ཡོད་པས་ནི་དེའི་མིང་ཅན་གྱི་དོན་དེ་གྲུབ་ན་བུམ་སོགས་དོན་གང་ཡང་རུང་བ་ཐམས་ཅད་ཀྱིས་ནི་སྣམ་སོགས་གཞན་གྱི་དགོས་པ་ཐམས་ཅད་གྲུབ་པར་ཐལ་ཏེ། དཔེར་ན་སྐྱེས་བུ་ལ་ཉི་མ་ཞེས་པའི་མིང་ཡོད་ན་དེས་སྣང་བར་ཡང་བྱེད་པར་ཐལ་ལོ། །གཉིས་པ། སྒྲ་ཙམ་མཚུངས་པས་དོན་མཚུངས་པར་སྒྲུབ་མི་ནུས་པར་བསྟན་པའི་རིགས་པ་འདིས་ནི་སེར་སྐྱ་བ་དང་ལ་སོགས་ཀྱི་སྒྲས་གཅེར་བུ་པ་རྣམས་ཀྱི་སྒྲུབ་བྱེད་ལྟར་སྣང་བ། མི་རྟག་པ་དང་སྐྱེ་བ་ཅན་ཡིན་པ་སོགས་ཀྱི་ཕྱིར་ཡང་བློ་དང་བདེ་བ་སོགས་སེམས་མེད་པ་དང་ནང་མ་ཡིན་པ་སོགས་


MR20_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྒྲུབ་པ་དང་། ཤུན་པ་བཤུས་ན་ནི་འཆི་བའི་ཕྱིར་ཤིང་སེམས་ལྡན་དུ་འདོད་པའང་མི་རིགས་པར་དོན་གྱིས་དཔྱད་ཅིང་བསལ་བར་བྱས་པ་ཡིན་ནོ། །ཇི་ལྟར་ཞེ་ན། སེར་སྐྱ་བ་ན་རེ། གཙོ་བོ་ལས་བྱུང་བའི་བློ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་དང་། གཙོ་བོའི་རྣམ་འགྱུར་སྒྲ་སོགས་ཀྱི་རང་བཞིན་བདེ་བ་སྡུག་བསྔལ་བཏང་སྙོམས་ཞེས་པ་འདི་རྣམས་ཆོས་ཅན། སེམས་མེད་པ་ཡིན་པ་དང་ནང་ཤེས་རིག་གི་སྐྱེས་བུའི་ཆོས་མ་ཡིན་པར་ཕྱི་རོལ་གྱི་ཆོས་ཡིན་ཏེ། འདི་དག་མི་རྟག་པ་དང་སྐྱེ་བ་ཅན་ཡིན་པའི་ཕྱིར་ཞེས་བརྗོད་དོ། །དེ་དག་གི་ཞེ་འདོད་ལ་བློ་དང་བདེ་བ་སོགས་མི་རྟག་པ་དང་སྐྱེ་བ་ཅན་ཡིན་པར་བརྗོད་པ་ནི་ཕྱི་ནང་གཉིས་ཀའི་ངོར་གྲུབ་པ་ཡིན་ལ། རྟགས་དེ་གྲུབ་ན་སེམས་མེད་དུ་ཡང་འགྲུབ་ནུས་སོ་སྙམ་པའོ། །སེམས་མེད་དུ་ཅིས་གྲུབ་ན། ཁོ་རང་གིས་མི་རྟག་པ་ཞེས་པའི་དོན་ནི་ཕྱི་རོལ་གྱི་གཙོ་བོ་ལས་སྐྱེས་པ་དེ་སླར་ཡང་དེར་ནུབ་པ་ཙམ་ལ་འདོད་པས་སྔར་མེད་གསར་དུ་སྐྱེ་བ་དང་སྔར་ཡོད་གཏན་དུ་འགག་པར་མི་འདོད་ལ། དེ་ལྟ་ན་མི་རྟག་པ་ཞེས་པ་དེ་གྲུབ་ན་མི་རྟག་པ་དང་སྐྱེ་ལྡན་གྱི་དོན་རང་གི་ཞེ་འདོད་ལ་ཡོད་པ་དེ་འགྲུབ་བོ་སྙམ་པའོ། །དེ་གྱི་ན་སྟེ་ཁོ་རང་གི་ཞེ་འདོད་ཀྱི་མི་རྟག་པ་དེ་ལྟ་བུ་བློ་སོགས་ཀྱི་སྟེང་དུ་ནང་པ་སངས་རྒྱས་པའི་ངོར་མ་གྲུབ་ལ། སངས་རྒྱས་པའི་མི་རྟག་པའི་དོན་དེ་ཁོ་རང་གི་ངོར་མ་གྲུབ་པས་རྟགས་དེ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་མི་སྲིད་པས་སྒྲ་ཙམ་གྲུབ་པ་དེས་ཞེ་འདོད་ཀྱི་དོན་གང་ཡང་མི་འགྲུབ་སྟེ། སངས་རྒྱས་པའི་ངོར་བློ་སོགས་འགགས་པར་འགྱུར་བར་གྲུབ་ཀྱང་དེས་སེམས་མེད་པར་མི་འགྲུབ་བོ། །ཡང་གཅེར་བུ་པ་ན་རེ། ཤིང་ཆོས་ཅན། སེམས་པ་ཅན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཞེས་སངས་རྒྱས་པའི་ངོར་བཀོད་


MR20_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། འཆི་བ་ཞེས་པའི་ཐ་སྙད་དེ་ཙམ་ཤིང་ལ་འཇུག་པ་ཡོད་པ་ནི་སངས་རྒྱས་པས་ཀྱང་འདོད་ལ། དེ་ཁས་བླངས་ན་སེམས་ཡོད་པའང་འགྲུབ་སྙམ་པའོ། །དེ་ཡང་སངས་རྒྱས་པས་རིས་མཐུན་པར་གནས་པའི་དབང་ཤེས་སྲོག་གསུམ་འགག་པ་ལ་འཆི་བ་ཞེས་བརྗོད་པར་དོན་དེ་ཤིང་ལ་མ་གྲུབ་ལ། ཤིང་སྐམ་པ་ལ་ཤིང་ཤི་བ་ཞེས་དང་། འོ་མ་རུལ་པ་ལ་འོ་མ་ཤི་ཞེས་པ་དེ་ཙམ་བརྗོད་པ་ཡོད་ཀྱང་དེས་སེམས་ལྡན་དུ་མི་འགྲུབ་སྟེ་སྐམ་པ་ཙམ་ལ་ཤི་བ་ཞེས་བརྗོད་པ་ལ་སོགས་པ་ཡིན་པས་ན། སྒྲ་དེ་ཙམ་ཞུགས་པས་དེ་གྲུབ་ན་ཤིང་དུ་མ་ཟད་འདམ་རྫབ་སོགས་ལའང་སེམས་གྲུབ་པར་འགྱུར་རོ། །དེ་འདོད་དོ་ཞེ་ན། གཅེར་བུ་པ་རང་གིས་སྲོག་མིན་དུ་འདོད་པ་སྒྲ་དྲི་འོད་རྣམས་ཀྱང་འགག་པ་ལ་ཤི་བའི་སྒྲ་མེད་པ་མ་ཡིན་པས་གནོད་དོ། །གསུམ་པ་གྲུབ་དོན་བསྡུ་བ་ནི། རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་སྒྲ་གང་གིས་བརྗོད་ཀྱང་རུང་རྟགས་སུ་འགྲོ་རྒྱུའི་དངོས་པོའི་ངོ་བོ་དེ་ཆོས་ཅན་ལ་མཐུན་སྣང་དུ་མ་གྲུབ་ན། གོང་དུ་བཤད་པ་ལྟར་ཕྱོགས་ཆོས་མ་གྲུབ་པའི་ཚུལ་འདི་ཉིད་དུ་འགྱུར་ལ། རྟགས་ཀྱི་དོན་དེ་གྲུབ་ན་རང་གི་ཞེ་འདོད་ཀྱིས་གཞན་དུ་བཏགས་པའི་དབང་གིས་མིང་དེ་མ་གྲུབ་ཅེས་བརྩད་ཀྱང་། ཞེ་འདོད་ཀྱི་ཁྱད་པར་ལས་དོན་གཞན་ལ་བཏགས་པའི་མིང་དུ་བསམས་ནས་མིང་དེ་མ་གྲུབ་ཅེས་བརྗོད་པ་ནི་རྟགས་དེས་བསྒྲུབ་བྱ་འགྲུབ་པ་ལ་གནོད་བྱེད་དུ་གྱུར་པ་མ་ཡིན་ཏེ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པ་ན་བྱས་པ་ཡིན་པ་རྟགས་མ་གྲུབ་སྟེ། སྒྲ་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་མ་བྱས་པའོ་ཞེས་སྐྱོན་བརྗོད་པས་རྟགས་མ་གྲུབ་པར་མི་འགྱུར་ཏེ། སྒྲ་ཡི་སྟེང་ན་རང་གི་ཞེ་འདོད་ཀྱིས་ཀུན་ཏུ་བརྟག་པའི་ཁྱད་པར་གྱི་ཆོས་ནམ་མཁའ་ལ་བརྟེན་པའམ་ནམ་མཁའི་ཡོན་ཏན་ཡིན་ནོ་ཞེས་ཁོ་རང་གི་གཞུང་ན་གྲགས་པ་དེའི་དབང་དུ་


MR20_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ལ་བྱས་པ་ཞེས་མ་གྲུབ་ཀྱང་། བྱེད་པ་ལྕེ་རྐན་སོགས་ཀྱི་རྒྱུ་ལས་དམིགས་པ་ནི་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་ཡིན་ལ་ནང་པ་སངས་རྒྱས་པས་དེ་ལ་བྱས་པ་ཞེས་བཏགས་པ་ཡིན་པས་ན་རྟགས་སུ་འགྲོ་རྒྱུའི་དངོས་པོ་ནི་དེ་ཡིན་པས་དེའི་མིང་གི་ཁྱད་པར་གཞན་དུ་བྱས་ཀྱང་དངོས་པོ་དེ་གཞན་དུ་བྱ་མི་ནུས་པས་དངོས་པོའི་སྟོབས་ལས་སྒྲ་མི་རྟག་པར་འགྲུབ་པ་བཞིན་ནོ། །དེས་ན་སྒྲ་ཙམ་གྱི་དོན་ལ་ཞེ་འདོད་ཀྱི་གོ་བ་ཐ་དད་པའི་དབང་གིས་རྟགས་མ་གྲུབ་པ་ལྟར་སྣང་ཡང་ཞེ་འདོད་ཀྱི་དོན་དེ་རྟགས་སུ་སོང་ན་མིང་གཞན་དུ་བཏགས་པས་གེགས་བྱེད་མི་ནུས་པར་བསྟན་ནས། དེ་ལྟར་རྟགས་དེའི་སྒྲ་མ་གྲུབ་ཀྱང་རྟགས་སུ་གཟུང་བྱའི་དངོས་པོ་ནི་ཆོས་ཅན་དེ་ལ་གྲུབ་པར་གྱུར་ན་དེས་རང་དང་འབྲེལ་བ་ཅན་གྱི་བསྒྲུབ་བྱའང་འགྲུབ་ལ། བསྒྲུབ་བྱ་དེས་ཁྱད་པར་དུ་བྱས་པའི་ཚོགས་དོན་ཡང་གྲུབ་པར་འགྱུར་ཏེ་དཔེར་ན་རྡུལ་ཕྲན་རྟག་པར་འདོད་པ་འགྲུབ་པ་ལ་སངས་རྒྱས་པས་ལུས་ཅན་ཡིན་པ་དང་ཐོགས་བཅས་ཡིན་པ་སོགས་རྡུལ་ཕྲ་རབ་རྟག་པ་མིན་པའི་སྒྲུབ་བྱེད་དུ་བཤད་པ་བཞིན་ནོ། །ཇི་ལྟར་ན། རྡུལ་ཕྲ་རབ་ཆོས་ཅན། རྟག་པ་མ་ཡིན་ཏེ། ལུས་ཅན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་བཀོད་པ་ན། འུགས་པའི་ངོར་ལུས་ཅན་ཡིན་པའི་སྒྲ་མ་གྲུབ་སྟེ། དེས་ཐམས་ཅད་དུ་སོང་བ་མིན་པའི་རྫས་ཀྱི་ཚད་ལ་ལུས་ཅན་ཞེས་འདོད་ཅིང་། རྡུལ་ཕྲན་ལ་ཚད་མེད་པས་ལུས་ཅན་མིན་པར་འདོད་དོ། །དེའི་ལུགས་ལ་ཐམས་ཅད་དུ་སོང་བ་མིན་པ་ནི་འབྱུང་བ་བཞི་དང་ཡིད་ཡིན་པར་འདོད་ལ། དེ་ལས་ཡིད་ལ་ཚད་མེད་པས་ན་གཞན་བཞི་ཁོ་ནར་འདོད་ཅིང་། ཚད་ཅེས་པ་ཡོན་ཏན་གྱི་བྱེ་བྲག་སྟེ་ཆེ་ཆུང་རིང་ཐུང་བཞི་ཡི་རྣམ་པར་སྣང་བ་ཡོད་པ་ལ་ལུས་ཅན་ཞེས་བྱའོ། །སངས་རྒྱས་པས་ཚད་རྫས་སུ་མི་


MR20_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས་ཚད་ལ་ལུས་ཅན་ཞེས་མི་བྱ་བར་རེག་བྱ་དང་ལྡན་པ་ལ་ལུས་ཅན་ཞེས་བཏགས་པ་ཡིན་ནོ། །དེ་ལྟར་ལུས་ཅན་ཞེས་པ་འདོགས་ཡུལ་མི་འདྲ་ཡང་མི་རྟག་པ་སྒྲུབ་པའི་རྟགས་སུ་འགྲོ་རྒྱུ་རེག་བྱ་དེ་ནི་རྡུལ་ཕྲན་དང་བུམ་པ་གཉིས་ཀ་ལ་ཡོད་པར་རྒོལ་བ་གཉིས་ཀས་ཀྱང་ཁས་ལེན་དགོས་ཏེ། རྡུལ་ཕྲ་རབ་ཀྱང་རེག་བྱ་ཅན་མིན་ན་ཡུལ་གྱི་གོ་ས་ཕན་ཚུན་མནན་ནས་ཚོགས་པ་རྩོམ་མི་སྲིད་པས་ན། ལུས་ཅན་མིན་པའི་སྒྲ་མ་གྲུབ་པར་རེ་ཞིག་རྩོད་དུ་ཆུག་ཀྱང་། སྒྲུབ་ནུས་ཀྱི་དོན་རྟགས་སུ་གྱུར་པ་རེག་བྱ་ཡོད་པ་དེས་མི་རྟག་པར་འགྲུབ་པ་ཡིན་ནོ། །དེ་གྲུབ་ན་གང་རེག་བྱ་ཡོད་པ་དེ་ནི་ལུས་ཅན་དུ་བཏགས་པའང་ཐ་སྙད་སྐྱོན་མེད་པ་ཡིན་པར་ཡང་འགྱུར་རོ། །དེ་བཞིན་དུ་ཐོགས་བཅས་ཡིན་པའང་འུག་པ་པའི་ངོར་མ་གྲུབ་སྟེ། དེས་ཆ་ཡོད་པ་ལ་ཐོགས་བཅས་སུ་འདོད་ཀྱང་གཟུགས་ཅན་གཞན་གྱི་གོར་གཞན་གནས་པ་ལ་གེགས་བྱེད་པའི་དོན་ནི་རྡུལ་ཕྲན་པ་ལ་གྲུབ་པ་དེས་དོན་གྲུབ་པ་ཡིན་ནོ། །རྟགས་ཀྱི་དོན་དེ་ཉིད་བསྒྲུབ་བྱ་ལ་འཁྲུལ་པ་དང་ལ་སོགས་པའི་སྒྲས་མ་གྲུབ་པ་དང་འགལ་བ་ཡིན་ན། རྟགས་སུ་བརྗོད་པའི་སྒྲ་ཙམ་ནི་ཆོས་ཅན་དེ་ལ་འཇུག་པར་ནི་ཡོངས་སུ་གྲགས་པས་འཁྲུལ་པ་མེད་པ་ཡིན་ན་ཡང་དེ་འདྲའི་སྒྲུབ་བྱེད་ནི་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ་རྟགས་སུ་འགྲོ་རྒྱུའི་དངོས་པོ་དེ་ལས་བསྒྲུབ་བྱའི་དངོས་པོ་གྲུབ་པ་ཡིན་གྱི་སྒྲ་ཙམ་གྱིས་སྒྲུབ་མི་ནུས་པའི་ཕྱིར་རོ། །ཇི་ལྟར་ན། སྐྱེས་བུ་འདི་ཆོས་ཅན། འགྲོ་བའི་ཕྱིར་དང་ལག་པ་དང་ལྡན་པའི་ཕྱིར་རིམ་པ་ལྟར་རྭ་ཅན་ཡིན་ནོ་ཞེས་དང་། གླང་པོ་ཆེ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་བཞིན་ཏེ། བཤད་མ་ཐག་པ་འགྲོ་ལྡན་དང་ལག་ལྡན་ཞེས་པ་འདི་ཡི་མིང་ངམ་སྒྲ་དེ་ཡི་བརྗོད་བྱ་གླང་དང་གླང་པོ་ཆེ་ཡིན་པ་ནི་དེ་གཉིས་ཁོ་ནའི་སྒེར་མིང་དུ་འཇིག་


MR20_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་ཡོངས་སུ་གྲགས་པ་ཙམ་ཁོ་ནས་ཡིན་གྱིས་སྐྱེས་བུའི་བརྗོད་འདོད་ཀྱིས་མིན་ཏེ། བརྗོད་འདོད་དབང་བཙན་དུ་བྱས་ན་དེ་གཉིས་མ་ཡིན་པ་ལའང་འགྲོ་བ་དང་ལྡན་པ་དང་ལག་པ་དང་ལྡན་པ་ཡོད་པའི་ཕྱིར་སྐྱེས་བུ་སོགས་ལའང་མིང་དེ་མི་འཇུག་པའི་རྒྱུ་མཚན་ཅི་ཞིག་ཡོད་དེ་འོན་ཀྱང་གྲགས་པ་དབང་བཙན་པར་བྱས་པའོ། །དེས་ན་སྐྱེས་བུ་ལ་མེ་ཞེས་བརྗོད་པ་ན་སྐྱེས་བུ་དེ་ལ་མིང་དེ་འཇུག་པ་ཡིན་པ་ལ་མ་འཁྲུལ་དུ་ཟིན་ཀྱང་དེས་སྐྱེས་བུ་དེ་བཙོ་སྲེག་གི་དོན་བྱེད་པར་མི་འགྲུབ་པ་བཞིན་ནོ། །འདི་དང་གོང་དུ། ཚིག་གང་སྨྲ་པོས་ཇི་ལྟ་བུར། །ཞེས་སོགས་ཀྱི་སྐབས་རྣམས་སུ་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཚུལ་བསྟན་པ་ཡིན་ནོ། །གཉིས་པ་གནོད་བྱེད་ལ། རྒྱུ་དང་རྒྱུ་མིན་མཚུངས་པར་ཐལ། །འབྲེལ་མེད་རྒྱུ་རུ་ཐལ་བའི་དཔེ། །ཧ་ཅང་ཐལ་བ་བརྗོད་པའོ། །དང་པོ། རྟག་པ་འགྱུར་མེད་ཀྱི་དབང་ཕྱུག་དེས་ཐམས་ཅད་བྱས་པར་འདོད་ན་དེ་ལ་བུམ་པ་ལྟ་བུ་བྱེད་པ་དང་མི་བྱེད་པའི་གནས་སྐབས་ཡོད་དམ་མེད། མེད་ན་བུམ་པ་མི་བྱེད་པའི་ཡུལ་དང་དུས་མེད་པས་ཐམས་ཅད་ཐམས་ཅད་ན་རྟག་ཏུ་ཡོད་པར་ཐལ་ལ། མི་བྱེད་པའི་གནས་སྐབས་ཡོད་ན་ནི་བུམ་པ་མི་བྱེད་པ་དེའི་ཚེ་དེའི་རྒྱུ་མིན་པར་ཡང་འགྱུར་ལ། དེ་ལྟ་ན་བུམ་པའི་རྒྱུ་མིན་པའི་གནས་སྐབས་དེ་ལས་ནམ་ཡང་འགྱུར་མི་ཤེས་པས་ན་ཐམས་ཅད་དུའང་བུམ་པའི་རྒྱུ་མ་ཡིན་པར་འགྱུར་བ་དེའི་ཚུལ་གྱིས་དངོས་པོ་གང་གི་ཡང་རྒྱུ་མིན་པར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་ན་དངོས་པོ་དེ་ཡོད་པ་ན་དེའི་རྒྱུ་དབང་ཕྱུག་ཡིན་པ་དེ་ལྟ་ན། དངོས་པོ་དེ་ཉིད་མ་བྱུང་གོང་དང་ཞིག་པའི་འོག་ཏུ་དེ་མེད་པ་གང་གི་ཚེ་ན་དེའི་རྒྱུ་མིན་པའང་ཡིན་དགོས་


MR20_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། དེ་ལྟ་ན་རྒྱུ་ཡིན་པ་དང་མིན་པ་གཉིས་ཀ་ནི་འགལ་བ་ཡིན་ལ་རྒྱུ་དང་རྒྱུ་མིན་གྱི་གནས་སྐབས་ལ་ཁྱད་མེད་པའི་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་རྒྱུ་མིན་པར་ཡང་འགྱུར་བཞིན་དུ། རྒྱུ་མཚན་གང་གིས་དབང་ཕྱུག་དེ་ནི་ཐམས་ཅད་ཀྱི་རྒྱུར་འདོད་ལ་རྒྱུ་མ་ཡིན་པར་མི་འདོད་པ་ཅི་ཡིན་ཏེ་དེ་གཉིས་རྣམ་པ་ཀུན་ཏུ་མཚུངས་པས་སོ། །གཉིས་པ་ནི། གལ་ཏེ་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་ཡུལ་དུས་འགའ་ཞིག་ཏུ་བུམ་པ་སྐྱེ་བར་བྱེད་ལ། འགའ་ཞིག་ཏུ་མི་སྐྱེ་བར་ཡང་བྱེད་པ་ཡིན་པས་ཅི་འགལ་སྙམ་ན། སྐྱེ་བྱེད་དང་མི་སྐྱེ་བར་བྱེད་པའི་རྒྱུ་དབང་ཕྱུག་ལ་སྔ་ཕྱི་དང་ངོ་བོའི་ཁྱད་པར་མེད་པས་ན་དེ་འདྲའི་དབང་ཕྱུག་དེ་ནི་སྐྱེ་བའམ་མི་སྐྱེ་བར་བྱེད་པའི་རྒྱུ་གང་ཡང་མིན་པས་ན་ཕན་གནོད་གང་ཡང་མེད་པ་དེ་འདྲ་རྒྱུ་རུ་རྟོག་ན་ཧ་ཅང་ཐལ་ཏེ། དཔེར་ན་རྨ་བྱེད་པའི་རྒྱུ་མཚོན་དང་རྨ་སོས་པའི་རྒྱུ་སྨན་དང་སྔགས་སོགས་སུ་འབྲེལ་བ་ལས། ནག་པའི་ལུས་ལ་རྨ་འབྱུང་བ་དང་འདྲུབས་བ་ཡིན་ནའང་རྨ་བྱེད་པ་དང་རྨ་འདྲུབས་པ་གཉིས་ཀྱི་རྒྱུར་འབྲེལ་མེད་ཀྱི་སྡོང་དུམ་ཡང་ཅི་ཡི་ཕྱིར་ན་རྨ་དང་འདྲུབས་པ་དེ་དག་གི་རྒྱུ་ཉིད་དུ་ནི་རྟོག་པར་མི་བྱེད་དེ་འབྲེལ་མེད་དབང་ཕྱུག་རྒྱུ་རུ་འདོད་རིགས་པས་སོ། །གསུམ་པ་ལ། དངོས་དང་དེ་ཡི་ལན་དགག་པའོ། །དང་པོ་ལ། རྗེས་སུ་འགྲོ་ལྡོག་མི་འགྲུབ་ཚུལ། །དེ་ཕྱིར་ཧ་ཅང་ཐལ་བ་བརྗོད། དང་པོ། དབང་ཕྱུག་རྟག་པ་གཅིག་པུའི་རང་བཞིན་ལ་སྔ་ཕྱི་དང་ནུས་པའི་ཁྱད་པར་མི་འདྲ་བ་མེད་པར་ནི་འདོད་པའི་ཕྱིར། རིམ་ཅན་དུ་བྱུང་བའི་འབྲས་བུ་འདི་དང་སྣ་ཚོགས་མི་འདྲ་བའི་དངོས་པོ་རྣམས་རྒྱུ་དེ་ཡིས་བྱེད་པར་ཡང་ནི་མི་རུང་ངོ་། །རྒྱུ་རྟག་པ་ལ་ནམ་ཡང་ལྡོག་པ་མེད་པའི་ཕྱིར་དེ་ལ་འབྲས་བུ་བྱེད་པའི་ནུས་པ་ཡོད་པ་ཉིད་ཀྱང་རྟོགས་པར་དཀའ་སྟེ། འདི་ལྟར་མེ་ལོག་


MR20_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པས་དུ་བ་མེད་པར་ཤེས་ནས་མེ་ལ་དུ་བ་སྐྱེད་པའི་ནུས་པ་ཡོད་པར་ཤེས་ཀྱང་། འབྲས་བུ་གང་ཞིག་ལོག་པ་ན་དེའི་རྒྱུ་དབང་ཕྱུག་ནི་སྔ་མ་ལྟར་ཡོད་པའི་ཕྱིར་དེའི་ནུས་པ་ཡིན་ན་འབྲས་བུའང་ལྡོག་མི་རིགས་པའི་ཕྱིར་ན་འདི་དབང་ཕྱུག་གི་འབྲས་བུ་མ་ཡིན་ཏེ་རང་གི་རྒྱུ་ལོག་པས་ལྡོག་པ་ཙམ་དུ་ཟད་དོ་སྙམ་དུ་དབང་ཕྱུག་དེའི་ནུས་པ་ཤེས་པར་ནམ་ཡང་མི་འགྱུར་རོ། །དེས་ན་རྒྱུ་འབྲས་བུ་ཁས་ལེན་པ་ནི་རྗེས་སུ་འགྲོ་ལྡོག་མཐོང་བས་བྱེད་པ་ཡིན་ན་དེ་འདི་ལ་མ་དམིགས་བཞིན་དུ་ཁས་ལེན་པ་དོན་མེད་དོ། །གཉིས་པ། རྒྱུ་གང་དག་ཡོད་ན་འབྲས་བུ་གང་ཞིག་ཡོད་པར་འགྱུར་ཞིང་མེད་ན་མི་འབྱུང་བ་ཉིད་དེའི་རྒྱུ་ཡིན་གྱི། དེ་འདྲའི་རྒྱུ་དེ་དག་ལས་གཞན་འབྲེལ་བ་མེད་པ་དག་དེ་ཡི་རྒྱུ་ཡིན་པར་རྟོག་པ་ཡིན་ན་དབང་ཕྱུག་ཏུ་མ་ཟད་རི་བོང་རྭ་དང་ནམ་མཁའ་སོགས་ཀྱང་རྒྱུར་ཐལ་བས་དངོས་པོ་ཐམས་ཅད་ལ་ཡང་རྒྱུ་རྣམས་ལ་མཐའ་ཐུག་པ་མེད་པར་འགྱུར་རོ། །གཉིས་པ་ལན་དགག་པ་ལ། མ་ངེས་དཔེ་གཉིས་སོ་སོར་བཀག །ཐུན་མོང་དོན་ནི་བསྡུ་བའོ། །དང་པོ། དབང་ཕྱུག་ལ་ཁྱད་པར་ཐ་དད་པ་མེད་ན་འབྲས་བུ་སྐྱེད་པར་མི་འཐད་ཅེས་པ་དེ་མ་ངེས་ཏེ། ཕྱི་རོལ་ལ་དཔེར་བྱས་ན་ས་དང་ས་བོན་ཆུ་སོགས་ལ་ཚོགས་པ་དང་མ་ཚོགས་པའི་གནས་སྐབས་ལ་ཁྱད་མེད་ཀྱང་འབྲས་བུ་མྱུ་གུ་སྐྱེད་པའི་ཕྱིར་ཞེ་ན། དེ་ལ་ཁྱད་མེད་པ་མ་གྲུབ་སྟེ་ཁྱད་ཡོད་པ་ཁོ་ནའོ། །ཇི་ལྟར་ན། མྱུ་གུ་སྐྱེད་པ་ལ་ནི་ས་བོན་དང་ས་ཆུ་ལ་སོགས་པ་སྔར་མི་བསྐྱེད་པའི་གནས་སྐབས་ལས་རང་བཞིན་ཡོངས་སུ་གྱུར་ནས་ནི་འབྲས་བུ་དེའི་དངོས་རྒྱུ་བྱེད་པ་ཡིན་གྱི་དེ་མིན་ན་སྔར་གྱི་གནས་སྐབས་བཞིན་ཚོགས་ཀྱང་མི་སྐྱེད་པར་འགྱུར་རོ། །དེ་ལ་ཁྱད་པར་ཡོད་པ་ཡང་རྒྱུ་དེ་དག་ལེགས་པར་བྱས་པ་ན་བྱ་བ་དེ་ཡི་ཁྱད་པར་


MR20_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཕྱིར་རོ། །གང་ཞེ་ན། རྨོས་ཐབས་ཀྱི་ཁྱད་པར་ལེགས་པར་བྱས་པ་ལས་འབྲས་བུ་མང་ལ་བཟང་བ་འོང་བ་ནི་ཁྱད་པར་བྱར་ཡོད་པས་ཡིན་གྱི་ཁྱད་པར་བྱར་མེད་ན་བྱ་བ་དེ་དག་ཆུད་ཟོས་པར་འགྱུར་རོ། །ཡང་ནང་གི་ཆོས་ལ་དཔེར་བྱས་ཏེ། གལ་ཏེ་ཇི་ལྟར་ཡུལ་གཟུགས་ལ་སོགས་པ་དང་དབང་པོ་མིག་ལ་སོགས་པ་ཚོགས་པ་ན་ཡུལ་དང་དབང་པོ་རང་གི་ངོ་བོ་ལ་སྔར་དང་ཁྱད་མེད་དེ་ཡོད་ན་སྔར་དང་མི་འདྲ་བའི་ཁྱད་པར་དམིགས་དགོས་ནའང་དེ་མ་དམིགས་བཞིན་དུ་དབང་ཤེས་ཀྱི་བློ་སྐྱེད་པའི་རྒྱུ་ཡིན་པ་དེ་ལྟར་དབང་ཕྱུག་འདི་ཡང་སྔར་དང་ཁྱད་མེད་ཀྱང་རྒྱུ་ཡིན་ནོ་ཞེ་ན་མིན་ཏེ། ཡུལ་དབང་དེ་ལའང་སྔར་དང་མི་འདྲ་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་མེད་པ་ཞིག་ན་མ་ཚོགས་པའི་སྐབས་ཀྱི་རྒྱུ་སོ་སོར་གནས་པ་ན་འབྲས་བུ་སྐྱེད་པའི་ནུས་པ་མེད་པ་དེ་རྣམས་ཚོགས་ཀྱང་སྔར་གྱི་རང་བཞིན་དང་ཁྱད་པར་མེད་པས་ན་ཚོགས་ཀྱང་སྔར་ལྟར་ནུས་པ་མེད་པར་འགྱུར་བས་གནོད་ལ། ཚོགས་ན་འབྲས་བུ་སྐྱེད་པ་དེ་ཕྱིར་ཚོགས་མ་ཚོགས་ལ་ཁྱད་པར་གྲུབ་པ་ཡིན་ནོ། །གཉིས་པ། བཤད་མ་ཐག་པ་དེ་ཕྱིར་རྒྱུ་སོ་སོར་འབྲས་བུ་གང་སྐྱེད་པའི་ནུས་པ་མེད་པ་ལ་ཕན་ཚུན་ཚོགས་པར་གྱུར་ན་འབྲས་བུ་སྐྱེད་པའི་ཡོན་ཏན་ནམ་ནུས་པ་སྲིད་པར་འགྱུར་བ་དེ་དག་ནི་རྒྱུ་ཡིན་གྱི་དབང་ཕྱུག་སོགས་མ་ཡིན་ཏེ། དབང་ཕྱུག་སོགས་རྟག་པ་དེ་ལ་སྔར་དང་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལ། སྒྲུབ་བྱེད་རིགས་པ་རྣམ་པར་བཞག །དེ་ཡི་དོན་རྣམས་བསྡུ་བའོ། །དང་པོ་ལ། སྒྲབ་བྱེད་མེད་པར་འདོད་པ་དགག །ཡང་དག་སྒྲུབ་བྱེད་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་དགག་པའོ། །དང་པོ། རྒྱང་འཕེན་པ་དང་སྤྱོད་པ་པ་ལ་སོགས་ན་རེ།


MR20_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཚད་མར་འདོད་པ་དེ་ལ་ཁྱོད་ཀྱིས་དེ་ཚད་མར་ཤེས་བྱེད་ཀྱི་རྟགས་མེད་ལ། དེ་འདྲའི་ཚད་མ་དེ་སྒྲུབ་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་མི་འཐད་ཅེས་བཀག་པ་དེ་ཁྱོད་རང་ལའང་མཚུངས་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་ཚད་མར་འདོད་པ་དེ་ལའང་དེ་གཉིས་མེད་པས་སོ། །ཇི་ལྟར་ན་སྟོན་པ་དོན་ཀུན་ལ་ཚད་མ་ཉིད་དུ་གྱུར་པ་ནི་ལྐོ༷ག་གྱུར་གྱི་དོན་སྲིན་བུའི་གྲངས་དང་ཤིང་གི་ལོ་མ་སོགས་མཐའ་དག་ཤེས་པ་ཡིན་ལ། དེ་དེ་ལྟར་ཤེས་པའི་རྟགས་ཀྱང་མི་སྲིད་ལ་ལྐོག་གྱུར་དེ་ཤེས་པའི་ཚད་མའི་སྒྲུབ་བྱེད་ཐབས་ཀྱང་འདིའོ་ཞེས་ཤེས་པ་མེད་པའི་ཕྱིར་ཐབས་དེ་ལ་ནན་ཏན་དུ་བྱེད་པ་སུ་ཡང་ཡོད་པ་མ་ཡིན་པས་ཚད་མའི་སྒྲུབ་བྱེད་ཀྱང་ཡོད་པ་མིན་ནོ་ཞེས་ནི་རྒྱལ་དབོགས་པ་སོགས་མུ་སྟེགས་ཁ་ཅིག་གིས་རབ་ཏུ་བརྗོད་དོ། །གཉིས་པ། སྟོན་པ་བཅོམ་ལྡན་འདས་ཚད་མར་བསྒྲུབ་པ་ལ་དེ་གཉིས་ཀ་མེད་པ་མ་ཡིན་ཏེ། རྒྱུ་མཚན་གང་ཞེ་ན། འདི་ལྟར་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་གང་ཟག་རྣམས་ཀྱིས་མངོན་འདོད་ཀྱི་གཙོ་བོ་སྡུག་བསྔལ་ཉེ་བར་ཞི་བའི་ཐབས་སྔར་རང་གིས་མི་ཤེས་ཤིང་གཞན་གྱིས་སྟོན་པར་བྱེད་པ་ལ་ཡང་དེ་ཐབས་ཡང་དག་པ་ཡིན་ནམ་མིན་ཞེས་འཁྲུལ་བར་དོགས་པ་ཅན་རྟོག་ལྡན་རྣམས་ཀྱིས་སྟོན་པ་དེས་བཤད་པའི་ཐབས་ལ་ནན་ཏན་དུ་སྒྲུབ་པ་སྙིང་པོར་བྱ་བའི་ཕྱིར། ཐོག་མར་སྡུག་བསྔལ་རྣམས་གཏན་དུ་ཉེ་བར་ཞི་བའི་ཐབས་ཤེས་པ་དང་ལྡན་པ་འགའ་ཞིག་ཚོལ་བར་བྱེད་པ་ཡིན་ཏེ་ནད་ཀྱིས་ཉེན་པས་སྨན་པ་མཁས་པ་ཚོལ་བ་བཞིན་ནོ། །དེ་ལྟར་མངོན་འདོད་ཀྱི་གཙོ་བོ་སྡུག་བསྔལ་ཉེར་ཞིའི་ཐབས་ལ་ནན་ཏན་དུ་འདོད་པས་ཐབས་མཁྱེན་པ་ཚོལ་བ་ཡིན་པ་དེ་ཕྱིར། རྟོག་ལྡན་དེ་ཡིས་དོན་དུ་གཉེར་བྱའམ་བསྒྲུབ་བྱ་རུ་གྱུར་པའི་


MR20_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དེ་འདྲ་མཁྱེན་པའི་ཡེ་ཤེས་མངའ་བའམ་མི་མངའ་ཞེས་རྣམ་པར་དཔྱད་པར་བྱའོ། །སྟོན་པ་འདི་ཡིས་ལུས་ཀྱི་སྲིན་བུའི་གྲངས་མཁྱེན་པ་སོགས་ནི་ཐར་པ་འདོད་པ་ངེད་ལ་དེའི་ཐབས་སུ་འགར་ཡང་ཉེར་མཁོ་མེད་པའི་ཕྱིར་དཔྱད་པར་བྱ་བ་མིན་ནོ། །དེས་ན་རང་གི་མངོན་འདོད་ཀྱི་དོན་དེ་ལ་དཔྱད་པ་ན། བླང་བྱ་འགོག་པ་དང་དོར་བྱའི་དེ་ཉིད་སྡུག་བསྔལ་བདེན་པ་ནི་ཐོབ་བྱ་དང་ཤེས་བྱར་བསྟན་ནས། བླང་བྱ་དེ་མངོན་དུ་བྱེད་པའི་ཐབས་ལམ་བསྟེན་པར་བྱ་བའི་ཚུལ་དང་། དོར་བྱ་སྡུག་བསྔལ་དེ་སྤོང་བའི་ཐབས་ཀུན་འབྱུང་སྤོང་བའི་ཚུལ་ཀྱང་བསྟན་པ་ནི་བླང་དོར་དེ་ཐབས་དང་བཅས་པ་སྟོན་པ་གང་གིས་རིག་པའམ་མཁྱེན་པར་མཛད་ནས་གཞན་ལའང་རིག་པར་མཛད་པ་གང་དེ་སྟོན་པ་ཚད་མ་ཉིད་དུ་འདོད་ཀྱི། དགོས་མེད་ཀྱི་སྲིན་གྲངས་སོགས་ཐམས་ཅད་རིག་པར་མཛད་པ་ཞིག་ཚད་མ་ཡིན་ནོ་ཞེས་སྒྲུབ་པ་མ་ཡིན་ནོ། །དེས་ན་སྐྱེས་བུ་གང་གིས་རིང་པོ་མཐོང་བའམ་མཐོང་བ་མིན་ཡང་རུང་རང་གིས་འདོད་པའི་དེ་ཁོ་ན་ཉིད་མཐོང་བ་དེ་ཙམ་གྱིས་སྟོན་པ་ཚད་མར་འདོད་པ་ཡིན་ནོ། །གལ་ཏེ་རིང་པོ་མཐོང་བ་ཙམ་ཚད་མའི་སྐྱེས་བུ་ཡིན་ན་ཀྱེ་གྲོལ་བར་འདོད་པ་སྤྱོད་པ་བ་སོགས་ཚུར་ཤོ༷ག་བདེན་བཞི་སྟོན་པའི་མཁས་པ་བོར་ལ་རིང་པོ་མཐོང་བ་བྱ་རྒོ༷ད་དང་རིང་པོ་ཐོས་པ་ཕག་རྒོད་དང་གཞན་སེམས་ཤེས་པ་མཁའ་འགྲོ་མ་སོགས་བསྟེན་པར་གྱིས་དང་ཁྱོད་ཀྱི་དོན་གྲུབ་བོ་ཞེས་མི་རིགས་པའི་སྨྲ་བ་ལ་ཁྲེལ་བའི་ལན་བརྗོད་པ་སྟེ། རིང་པོ་མཐོང་བ་ལ་སོགས་པ་ཙམ་གྱིས་རྣམ་གྲོལ་དོན་གཉེར་ལ་ཅི་ཡང་མི་ཕན་པས་སྟོན་པ་ཚད་མར་སྒྲུབ་པ་ལ་དེ་འདྲ་དགོས་པ་མ་མཆིས་པའི་ཕྱིར་རོ། །དེས་ན་དངོས་སྟོབས་ཀྱིས་སྒྲུབ་ནུས་པ་བདེན་བཞི་མ་ནོར་བར་བསྟན་པ་འདི་ཙམ་གྱིས་སྟོན་པ་ཚད་མར་གྱུར་པ་འགྲུབ་


MR20_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལུགས་འབྱུང་དུ་སྒྲུབ་པ་ནི་ཚད་མའི་སྒྲུབ་བྱེད་ཀྱི་རྒྱུ་ཡིན་ལ། ལུགས་བཟློག་ཏུ་བསྟན་པ་ནི་ཚད་མ་ཡིན་པ་ཤེས་བྱེད་ཀྱི་རྟགས་ཀྱང་ཡིན་ནོ། །དེ་གྲུབ་པས་ལྐོག་ཏུ་གྱུར་པ་མཐའ་ཡས་པ་མཁྱེན་པའང་རྗེས་སུ་དཔག་ནུས་ལ་སྒྲུབ་བྱེད་ཡོད་ལ་གནོད་བྱེད་མེད་པས་ཤེས་བྱ་ཐམས་ཅད་མཁྱེན་པའང་འགྲུབ་མོད་ཀྱི། ཐམས་ཅད་མཁྱེན་པ་ཡིན་པའི་རྟགས་སུ་སྲིན་བུའི་གྲངས་ལ་སོགས་པ་ལྐོག་གྱུར་རེ་རེ་ནས་འདི་ལྟར་མཁྱེན་ནོ་ཞེས་རྟགས་འགོད་དགོས་པ་མ་ཡིན་ཏེ། སྟོན་པས་མཁྱེན་དུ་ཟིན་ཀྱང་དེ་སྙེད་བསྟན་ནས་སུ་ཞིག་གིས་བཟུང་ནུས་ལ་དགོས་པ་མེད་པས་གཟུང་བར་བྱ་བའང་མིན་ནོ། །ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་ཀྱང་མེད་པ་མིན་ཏེ་སྒྲིབ་གཉིས་སྤང་པའི་ཐབས་ལ་སྙིང་རྗེ་ཆེན་པོས་གོམས་པ་རབ་ཀྱི་མཐར་ཐུག་པར་ནན་ཏན་མཛད་པ་འཆད་པར་འགྱུར་རོ། །གཉིས་པ་ཡང་དག་སྒྲུབ་བྱེད་བསྟན་པ་ལ། བསམ་སོགས་ལུགས་འབྱུང་ལམ་བཞིན་བཤད། །སྐྱོབ་སོགས་ལུགས་བཟློག་ཤེས་བྱེད་བཤད། །དང་པོ་ལ། རྒྱུ་དང་འབྲས་བུ་ཕུན་ཚོགས་གཉིས། །དང་པོ་ལ། སོ་སོར་བསྟན་དང་མཇུག་བསྡུ་བའོ། །དང་པོ་ལ། བསམ་པ་ཕུན་ཚོགས་ཕན་བཞེད་བཤད། །སྦྱོར་བ་ཕུན་ཚོགས་སྟོན་པ་བཤད། །དང་པོ་ལ། དངོས་དང་དེ་ལ་རྩོད་སྤང་ངོ་། །དང་པོ། བཅོམ་ལྡན་འདས་དེ་ཚད་མར་གྱུར་པའི་སྒྲུབ་བྱེད་གང་ཡིན་ཞེ་ན། སྒྲུབ་བྱེད་ནི་ཐུགས་རྗེ་ཆེན་པོ་སྐྱེ་བ་དུ་མར་ཡང་ནས་ཡང་དུ་གོམས་པ་ལས་མཐར་ཕྱིན་པ་དེ་ཡི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་ལ་ཐུགས་རྗེ་ཆེན་པོ་གང་ཞེ་ན། ལན་ལ་མ་ལྟོས་པར་སེམས་ཅན་ཐམས་ཅད་ལ་མཉམ་པར་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་


MR20_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཞེ་སྡང་མེད་པའི་རང་བཞིན་ནོ། །དེ་ལྟ་བུ་ནི་ཡང་ནས་ཡང་དུ་གོམས་པ་ལས་རབ་ཀྱི་མཐར་ཕྱིན་པ་ན་ལྡོག་པ་མེད་པར་བློ་དེའི་ངོ་བོ་ཉིད་དུ་འགྱུར་བ་ཡིན་ནོ། །གཉིས་པ་ལ། གོམས་པ་མི་སྲིད་རྩོད་པ་སྤང་། །སྲིད་ཀྱང་མཐར་མེད་མི་སྲིད་སྤང་། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། རྒྱང་འཕེན་པ་ན་རེ། བློ་ནི་ལུས་ལ་བརྟེན་པ་སྟེ་ཇི་ལྟར་ན་སྒྲོན་མེ་དང་འོད་ལྟར་ལུས་ཀྱི་འབྲས་བུའམ་ཆང་དང་མྱོས་པ་ལྟར་ལུས་ཀྱི་ཡོན་ཏན་ནམ་རྩིག་པ་དང་རི་མོ་ལྟར་རང་བཞིན་གྱི་ཚུལ་གྱིས་བརྟེན་པའི་ཕྱིར་ལུས་ཞིག་པ་ན་བློ་རྒྱུན་ཆད་པས་བློའི་ཆོས་སྙིང་རྗེ་སོགས་སྐྱེ་བ་དུ་མར་གོམས་པས་མཐར་ཕྱིན་པར་གྲུབ་པ་མེད་དོ་ཅེ་ན། གོམས་པ་མེད་དོ་ཞེས་བརྗོད་པ་དེ་ནི་རིགས་པ་མ་ཡིན་ཏེ། ཁྱོད་ཀྱི་འདོད་པ་དེ་ལྟར་ལུས་བློ་ཡི་རྟེན་ཡིན་པ་ནི་ཚད་མས་བཀག་པའི་ཕྱིར་རོ། །གཉིས་པ་ལ། བློ་རྟེན་ལུས་འདོད་སྒྲུབ་བྱེད་མེད། །དེ་ལ་གནོད་བྱེད་ཡོད་པར་བསྟན། །དང་པོ་ལ། གཞན་ལུགས་བཀག་དང་རང་ལུགས་བཞག །དང་པོ་ལ། དུས་མི་མཉམ་པའི་རྟེན་འདོད་དགག །དུས་མཉམ་གྱི་ནི་རྟེན་དགག་པའོ། །དང་པོ་ལ། དེ་ལ་རྗེས་སུ་འཇུག་པ་དང་། །ལྡོག་པ་མེད་པར་བསྟན་པའོ། །དང་པོ་ལ། རྗེས་འགྲོ་ལྟར་སྣང་བཀག་པ་དང་། །གྲུབ་དོན་རང་ལུགས་རྗེས་འགྲོ་བཞག །དང་པོ་ལ། རང་གི་རིགས་འདྲའི་རྗེས་འཇུག་བསྒྲུབ། །དེ་ཡི་འཐད་པ་རྒྱས་པར་བསྟན། །དང་པོ། འདི་ལྟར་སེམས་ཅན་རྣམས་སྐྱེ་གནས་སུ་སྐྱེ་བ་ཡོངས་སུ་ལེན་པ་ན་དབུགས་འབྱུང་རྡུབས་དང་མིག་སོགས་དབང་པོ་དང་བློ་རྣམ་པར་ཤེས་པ་དག་ནི་རང་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པ་ཅན་དུ་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མིན་ཏེ།


MR20_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྐྱེ་བ་ན་ཧ་ཅང་ཐལ་བའི་ཕྱིར་ཏེ། ཇི་ལྟར་ན། རིགས་འདྲ་སྔ་མ་སྔོན་དུ་མ་སོང་ཡང་འབྱུང་བ་ཙམ་ལས་སྐྱེ་ན་འབྱུང་བ་ཐམས་ཅད་སྲོག་ཆགས་སུ་འགྱུར་བའི་ཕྱིར་རོ། །གཞན་ཡང་ཤེས་པ་སྔ་མ་ཕྱི་མར་མཚམས་སྦྱོར་བར་ནུས་པ་དང་ལྡན་པར་མཐོང་བ་གང་དེ་ལ་རྒྱུ་ཚང་བ་ཡིན་བཞིན་དུ་མཚམས་མི་སྦྱོར་ཞེས་པ་མི་འཐད་དེ། རྒྱུ་མཚན་དེ་ལ་མཚམས་སྦྱོར་བའི་རྒྱུ་མ་ཚང་བ་ཅི་ཞིག་གསར་དུ་ཡོད་དགོས་པར་འགྱུར་བའམ། སྔར་མཚམས་སྦྱོར་བའི་ཁྱད་པར་གང་ཞིག་ཕྱིས་མེད་པ་ལྟ་བུའི་རྒྱུ་མཚན་གང་གིས་འཆི་སེམས་སྐད་ཅིག་ཐ་མ་ཕྱི་ནས་གཞན་དུ་མཚམས་སྦྱོར་བ་མེད་པ་ཡིན་ཏེ། ཚེ་འདིའི་སྲིད་པ་འགགས་པའི་རྒྱུན་གྱི་ཐ་མའི་བློ་སོགས་དེ་ལ་རྒྱུ་ལྷག་པོ་གང་ཡང་མི་དགོས་ཤིང་། སྔར་ཡོད་པ་ཞིག་མེད་པའམ་མ་ཚང་བའང་མེད་ན་སྲིད་པ་གཞན་དུ་མཚམས་ཅིས་མི་སྦྱོར་ཏེ་སྦྱོར་བ་ཁོ་ན་ཡིན་ནོ། །གཉིས་པ་ལ། སྐྱེ་བའི་ཡ་མཐའི་རྒྱུན་རྗེས་འཇུག །ཕྱི་མཐའི་རྒྱུན་རྗེས་འཇུག་ཚུལ་ལོ། །དང་པོ་ལ། སྤྱིར་བསྟན་བྱེ་བྲག་རྟག་པ་བཀག །དང་པོ་ལ། དགག་པ་བརྗོད་དང་ལུང་འགལ་སྤང་། །དང་པོ་ལ། ཀུན་ཏུ་སྐྱེ་བར་ཐལ་བ་དང་། །རྒྱུ་འབྲས་བཟློག་པར་ཐལ་བའོ། །དང་པོ། གང་དུ་དྲོད་གཤེར་ལས་སྐྱེ་བ་ལ་སོགས་པ་ཡི་སྐྱེ་བོ་སྐྱེ་བར་མི་འགྱུར་བའི་ས་སོགས་འབྱུང་བའི་ཆ་དེ་འགའ་ཡང་མེད་པ་དེ་ཕྱིར་འབྱུང་བ་ཐམས་ཅད་བློ་ཡི་ས་བོན་གྱི་བདག་ཉིད་དུ་ཐལ་ལ། འབྱུང་བ་ཐམས་ཅད་ལ་བློ་སྐྱེད་པའི་རྒྱུ་ཚང་བ་དེ་ཕྱིར་དབང་པོ་སོགས་རང་གི་རིགས་འདྲ་སྔ་མ་ལ་ལྟོ༷ས་པ་མེད་པར་འབྱུང་བ་ཙམ་ལས་བྱུང་བ་ཡིན་ན། ཇི་ལྟར་ས་སོགས་འབྱུང་བའི་ཆ་གཅིག་ནི་སྲོག་ཆགས་སུ་


MR20_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འགྱུར་བ་བཞིན་འབྱུང་བ་ཀུན་ཀྱང་དེར་འགྱུར་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་རྡོ་དང་ཆུ་ལ་སོགས་པ་ནི་སྲོག་ཆགས་སུ་ཕ་རོལ་པོས་ཀྱང་མི་འདོད་ལ་མངོན་སུམ་གྱིས་བསལ་བའི་ཕྱིར་མི་འཐད་དོ། །གལ་ཏེ་དེ་དག་ལའང་སེམས་མངོན་དུ་མ་གྱུར་ཀྱང་མི་གསལ་བ་ནུས་པའི་ངོ་བོར་ཡོད་དོ་ཞེ་ན། དེ་ལ་སེམས་ཀྱི་ཉེར་ལེན་ཡོད་ན་ནི་སྐབས་དེར་མི་གསལ་ཀྱང་སེམས་རྒྱུན་སྔ་མ་གྲུབ་སྟེ་གཉིད་དང་བརྒྱལ་བ་ལ་སོགས་པའི་སྐབས་ཀྱི་སེམས་བཞིན་ནོ། །སེམས་ཀྱི་ཉེར་ལེན་མེད་ཀྱང་འབྱུང་བ་ལ་སེམས་ཀྱི་ནུས་པ་ཡོད་དོ་ཞེ་ན། ནུས་པ་ཞེས་པ་དེ་ཅི་ཞིག །འབྱུང་བ་ལས་ཐ་དད་པ་ཞིག་གམ་འབྱུང་བ་དང་གཅིག་ཡིན། ཐ་དད་ན་འབྱུང་བས་སེམས་སྐྱེད་པ་མིན་ལ། གཅིག་ན་འབྱུང་བ་ཡོད་པ་ཙམ་གྱིས་སྐྱེད་པར་ཐལ་བ་སོ་ན་གནས་སོ། །གཉིས་པ་ནི། རྒྱུ་ལ་གནོད་པས་འབྲས་བུ་ལ་གནོད་པ་ཆོས་ཉིད་ཡིན་ནའང་འདི་ལྟར་དབང་པོ་མིག་ལ་སོགས་པ་རྣམས་རེ་རེ་ལ་རབ་རིབ་སོགས་ཀྱི་གནོད་པའམ་ཞར་བ་སོགས་རྟེན་ཉམས་པར་གྱུར་ན་ཡང་ཡིད་ཀྱི་བློ་ལ་ནི་གནོད་པ་ཡོད་པ་མ་ཡིན་ཏེ་སྔ་མ་ལྟར་ཡུལ་ཀུན་གྱི་སྤྱོད་ཡུལ་ལ་རྟོག་ཅིང་གནས་སོ། །གནས་སྐབས་སུ་འདོད་འཇིགས་མྱ་ངན་དང་སྨྱོ་བ་སོགས་ཀྱིས་ཡིད་འགྱུར་བའི་ཚེ་དབང་པོ་ཡང་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་། ཤི་བའི་ཚེ་ཡིད་གཏན་འགྱུར་བ་ན་དབང་པོའི་བྱེད་པའང་ལྡོག་པས་ན་ཡིད་བློ་འདི་འགྱུར་ན་ནི་བློ་དང་བཅས་པའི་དབང་པོ་དེ་དག་ཀྱང་འགྱུར་བ་དག་ཏུ་མཐོང་བ་ཡིན་པ་དེ་ཕྱིར་ཡིད་བློ་གནས་པ་ཡི་རྟེན་ནི་རང་གི་རིགས་འདྲ་སྔ་མའི་བློ་ཉིད་ཡིན་ལ། དེ་ལ་ནི་བརྟེན་པ་ལས་ཀྱི་མིང་ཅན་སེམས་པའི་ཁྱད་པར་འགའ་ཞིག་སྟེ་ལུས་ལ་སྲེད་པ་དང་བཅས་པ་ནི་


MR20_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སོགས་དབང་པོ་རྣམས་ཀྱི་རྒྱུ་ཡིན་པ་དེ་ཕྱིར་ཡིད་བློ་ལས་དབང་པོ་འབྱུང་བ་ཡིན་ནོ། །ཡིད་བློ་སྔ་མ་ལ་དེ་འདྲའི་འཕེན་བྱེད་ཡོད་པར་གྱུར་ན་ཕྱིས་ཀྱང་འཕེན་བྱེད་རྒྱུ་ཡི་ཚུལ་དེ་འདྲར་སྐྱེ་བ་ལེན་པར་འགྱུར་བ་ཡིན་ནོ། །གཉིས་པ་ལུང་འགལ་སྤང་བ་ནི། འོ་ན་སངས་རྒྱས་ཀྱིས་ཆོས་མངོན་པར་ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ནོ་ཞེས་མདུང་ཁྱིམ་བཞིན་དུ་བརྟེན་པར་གསུངས་པ་དང་འགལ་ལོ་ཞེ་ན། ལུས་དེ་ཡི་དབང་པོ་རྣམས་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པས་ཡིད་ལ་ཕན་འདོགས་པའི་ཕྱིར་ཡིད་ནི་ལུས་ལ་བརྟེན་པར་མདོ་ལས་བཤད་པ་ཡིན་ནོ། །གལ་ཏེ་དབང་པོ་དང་བཅས་པའི་ལུས་མེད་པར་བློ་སྐྱེ་བ་མ་ཡིན་ཏེ་མ་མཐོང་བས་སོ་ཞེ་ན། དབང་པོ་དེ་ཡང་བློ་ཡི་རྒྱུར་བྱས་པ་དེ་མེད་པར་ཡང་མ་མཐོང་བས། དེ་ལྟ་ནའང་ཕན་ཚུན་རྒྱུ་ཉིད་ཡིན་པས་གང་རུང་གཅིག་མེད་པར་གཅིག་མི་འབྱུང་བ་དེ་ཕྱིར་ཕན་ཚུན་རྒྱུ་ཅན་ཡིན་པས་སྔོན་དང་ཕྱི་མཐར་ཐུག་མེད་དུ་རྒྱུན་གྱིས་འཇུག་པར་འགྱུར་རོ། །གཉིས་པ་བྱེ་བྲག་ཏུ་ལུས་སྐད་ཅིག་མ་མིན་པའི་རྟག་པ་ལས་བློ་སྐྱེ་བ་དགག་པ་ནི། ལུས་རིམ་ཅན་མིན་པ་རྟག་པ་ལས་བློ་སྔ་ཕྱི་མི་འདྲ་བའི་རིམ་པ་ཅན་སྐྱེ་བ་མིན་པར་ཐལ་ཏེ། རྒྱུ་ལ་རིམ་པ་མེད་ན་འབྲས་བུའང་རིམ་མིན་ཅན་དུ་འགྱུར་རོ། །རྐྱེན་ལ་ལྟོས་ནས་བློ་རིམ་ཅན་སྐྱེའོ་ཟེར་ན། རྒྱུ་རང་ཉིད་རིམ་མིན་རྟག་པ་ལ་རྐྱེན་གྱིས་སྔ་ཕྱིའི་ཁྱད་པར་བྱར་རུང་བ་ཅན་མིན་པས་ན་གཞན་ལ་ལྟོ༷ས་པའང་མེད་དོ། །གལ་ཏེ་ལུས་རིམ་མིན་གཅིག་ལས་རིམ་གྱིས་བློ་སྣ་ཚོགས་འབྱུང་བར་འགྱུར་ན་འབྲས་བུ་བློའི་རིམ་པ་དེ་ཉིད་ཀྱི་རྒྱུ་ལུས་དེའི་ཡང་རིམ་པ་ཡོད་པ་གསལ་བར་བྱེད་པ་ཡིན་ཏེ་རྒྱུ་ཐ་དད་མིན་ན་འབྲས་བུ་ཐ་དད་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ལུས་དབུགས་དབང་པོ་བློ་རྣམས་ཀྱི་སྐད་ཅིག་སྔ་མ་སྔ་མ་ནི་


MR20_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་རེ་རེ་བཞིན་དུ་འབྱུང་བའི་སྔོན་མེད་པའི་སྐད་ཅིག་ཕྱི་མ་དེའི་རྒྱུ་ཡིན་ལ། རྒྱུ་མཚན་དེ་ཡི་ཕྱིར་ན་དེ་འདྲའི་རྒྱུ་ཡི་སྐད་ཅིག་དེ་ནི་སྐྱེ་བ་དང་འཆི་བའི་དུས་ཐམས་ཅད་ཚེ་ན་མཐོང་བའམ་ཡོད་པ་ཉིད་ཡིན་ཏེ། འབྲས་བུའི་སྐད་ཅིག་ནི་སྔ་མ་མེད་པར་འབྱུང་མི་སྲིད་ལ་གེགས་མེད་ཅིང་རྒྱུ་ཚང་བའི་སྐད་ཅིག་ལས་རིགས་འདྲ་ཕྱི་མ་སྐྱེད་ངེས་པས་སོ། །གཉིས་པ་ཕྱི་མཐའ་ལ། སྒྲུབ་བྱེད་མེད་པར་མདོར་བསྟན་དང་། །དེ་དོན་རྒྱས་པར་བཤད་པའོ། །དང་པོ། སྲོག་འགག་པ་འཆི་སེམས་སྐད་ཅིག་ཐ་མའི་སེམས་ནི་འཇིག་རྟེན་ཕ་རོལ་གྱི་སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད་དེ། དེ་གཉིས་ལྷན་ཅིག་མི་གནས་པ་དང་ཕན་ཚུན་སྤངས་འགལ་གྱི་རྣམ་པར་གྱུར་པ་མེད་པས་ན་ཅིའི་ཕྱིར་མཚམས་མི་སྦྱོར་ཏེ་སྦྱོར་བར་འགྱུར་རོ། །གཉིས་པ་ལ། བཀག་དང་རྩོད་པ་སྤང་བའོ། །དང་པོ་ལ། དཔེ་མ་གྲུབ་དང་གཏན་ཚིགས་མེད། དང་པོ། རྒྱང་འཕེན་པ་ན་རེ། གང་གང་འཆི་སེམས་དེ་དང་དེ། །སྐྱེ་བ་གཞན་དུ་རྗེས་འགྲོ་མེད། །འཆི་སེམས་ཡིན་པའི་ཕྱིར་ན་དཔེར། །ཉེས་བྲལ་འཆི་ཁའི་རིག་པ་བཞིན། །ཞེས་བརྗོད་དེ། ཐ་མལ་པ་འཆི་བའི་ཡིད་བློ་ཆོས་ཅན། རང་འབྲས་རིག་པ་ཕྱི་མ་མི་སྐྱེད་དེ། འཆི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པར་འདོད་པའི་འཆི་སེམས་བཞིན། ཞེས་ཟེར་རོ། །དེ་ལ་དཔེ་བཀོད་པ་དོན་མེད་དེ། དགྲ་བཅོམ་པ་འདའ་ཁའི་སེམས་གང་ཡིན་པ་དེ་ཡང་རྒྱུ་མཚན་གང་ལས་མཚམས་སྦྱོར་བ་མེད་པར་འདོད་པ་ཡིན། སངས་རྒྱས་པས་བཤད་པའི་སྲེད་པ་སྤང་བ་སོགས་ཀྱི་རྒྱུ་མཚན་དེ་ནི་ཁྱོད་ཀྱིས་མི་འདོད་དེ། ཁྱོད་འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་འདོད་པ་ཡིན་པས་སོ། །འོན་ཀྱང་ཁྱེད་རང་གིས་ཁས་


MR20_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པས་སོ་ཞེ་ན། ཁྱོད་རང་གིས་ཚད་མས་མ་གྲུབ་པའི་དོན་ཅན་གྱི་གཞན་པ་དག་གི་གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི། དེ་ཙམ་གྱིས་ནི་འཇིག་རྟེན་ཕ་རོལ་མེད་པར་སྒྲུབ་མི་ནུས་སོ། །གཉིས་པ་ལ། མ་གྲུབ་འདོད་བརྗོད་དེ་འགོག་པའོ། །དང་པོ། གལ་ཏེ་ཁྱོད་ཀྱིས་གྲུབ་མཐའི་རྗེས་སུ་འབྲང་བ་ཁོ་ནས་དཔེ་བསྒྲུབ་པ་མིན་ཏེ། འཆི་བའི་ཚེ་ན་སེམས་དེ་འབྱུང་བའི་རྒྱུ་དབུགས་འབྱུང་རྡུབས་དང་དབང་པོ་སོགས་དང་བྲལ་བའི་ཕྱིར་ཞེ་ན། འོ་ན་དང་པོ་ནས་རྒྱུ་དང་བྲལ་བ་ཞེས་གཏན་ཚིགས་དེ་ཉིད་མི་བརྗོད་པར་མ་ངེས་པའི་གཏན་ཚིགས་འཆི་སེམས་ཡིན་པའི་ཕྱིར་ཞེས་ཅི་སྟེ་བརྗོད། དེ་ལྟ་ནའང་འཇིག་རྟེན་ཕ་རོལ་གྱི་སེམས་རྒྱུ་དང་བྲལ་བ་མིན་ཚུལ་འདིར་ནི་ཅིས་མ་བརྗོད་དེ་དེས་ན་དེ་སྒྲུབ་བྱེད་མིན་ནོ། །གཉིས་པ་ལ། དབང་བཅས་ལུས་ལས་སྐྱེ་བ་བཀག །དབང་མེད་ལུས་ལས་སྐྱེ་བ་བཀག །དང་པོ། གལ་ཏེ་དབང་པོ་དང་བཅས་པའི་ལུས་ཡིད་བློའི་རྒྱུ་ཡིན་ན་དབང་པོ་རེ་རེ་རྒྱུ་ཡིན་ནམ། དབང་པོ་ཀུན་ཚོགས་པ་རྒྱུ་ཡིན། རེ་རེ་རྒྱུ་ཡིན་ནོ་ཞེ་ན། མིག་ཁོ་ན་ཡིད་བློའི་རྒྱུ་ཡིན་ན་མིག་དེ་ཡི་བློ་བཞིན་དུ་ཡིད་ཀྱང་གཟུགས་གསལ་བར་འཛིན་པ་ཁོ་ནར་འགྱུར་ནའང་དེར་མ་ངེས་ཏེ། ཡིད་ནི་ཡུལ་ཀུན་གཅོད་ནུས་པ་ཡིན་ལ་མིག་དབང་མེད་ཀྱང་གཟུགས་ལ་རྟོག་པའི་ཡིད་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་སོགས་ལྷག་མ་ཀུན་ལའང་སྦྱར་རོ། །དེས་ན་དབང་པོ་དང་བཅས་པ་སྟེ་དབང་པོ་གང་ཡང་རུང་བ་གཅིག་ཡུལ་ལ་འཇུག་པ་དང་མ་བྲལ་བ་ལས་ཡིད་ཤེས་སྐྱེ་བ་མིན་ཏེ། ཡིན་ན་དབང་པོ་དེ་མི་འཇུག་པའི་སྐབས་སུ་ཡིད་མེད་པར་འགྱུར་ན་ཡང་དེ་མིན་པར་མངོན་སུམ་གྱིས་བསལ་ལོ། །གལ་ཏེ་དབང་པོ་ལྔ་ཀ་ཚོགས་པ་ལས་


MR20_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྐྱེད་དོ་ཞེ་ན། དབང་པོ་དེ་དག་ནི་སོ་སོའི་ཤེས་པ་བསྐྱེད་པ་ལ་ནུས་པ་ཐ་དད་པར་ངེས་པའི་ཕྱིར་ཏེ། མིག་གིས་གཟུགས་འཛིན་ཤེས་པ་བསྐྱེད་ལ་སྒྲ་འཛིན་མི་བསྐྱེད་པ་སོགས་ཕན་ཚུན་མི་ལྟོས་པར་འབྲས་བུ་ཐ་དད་པ་སྐྱེད་པས་ན། དབང་པོ་ཀུན་ལས་ཀྱང་ནི་ཡིད་གཅིག་འབྱུང་བ་མ་ཡིན་ནོ། །གལ་ཏེ་ཡིན་ན་དབང་པོ་གཅིག་ཡུལ་ལ་མི་འཇུག་ན་ཡང་ཡིད་མེད་པར་འགྱུར་ཞིང་། ཀུན་འཇུག་པ་ན་ཡིད་སྐྱེ་ལ་དེ་ཡང་ཡུལ་ཀུན་གྱི་གསལ་སྣང་ཅན་དུ་འགྱུར་དགོས་ནའང་དེ་ལྟ་མ་ཡིན་པར་ཡུལ་ཀུན་ལ་མི་གསལ་བར་དོན་སྤྱི་འཛིན་པའི་ཡིད་རྟོག་བཅས་དེ་ནི་དབང་ཤེས་གང་ལའང་མི་ལྟོས་པར་ཡོད་པས་ན། ཡིད་རང་གི་རིགས་འདྲ་སྔ་མའི་རྒྱུན་ལས་སྐྱེ་ཡི་དབང་པོ་ལ་མི་ལྟོས་པར་གྲུབ་བོ། །གཉིས་པ། གལ་ཏེ་དབང་པོ་མེད་པའི་ལུས་ལས་ཡིད་བློ་སྐྱེའོ་ཞེ་ན། དབང་པོ་མེད་པ་སྐྲ་སེན་ལ་སོགས་པ་ནི་སེམས་མེད་པ་ཉིད་ཀྱི་ཕྱིར་དབང་པོ་མེད་པ་གཞན་ལས་ཡིད་བློ་སྐྱེ་བ་མིན་ཏེ་ཡིད་བློ་ནི་སེམས་ཡིན་ལ་དེ་ལ་དེ་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་སྐྲ་སེན་སོགས་ཀྱིས་ཀྱང་ཡུལ་ཤེས་པར་དམིགས་དགོས་ནའང་དེ་མི་སྲིད་པས་སྒྲུབ་བྱེད་གང་ཡང་མེད་དོ། །སྒྲུབ་བྱེད་མེད་ཀྱང་ཡོད་དོ་ཞེས་ཁས་ལེན་ན། རྒྱང་འཕེན་པ་རང་གི་ཁོང་པའི་ནང་ན་ཡང་ངན་སོང་དང་འཇིག་རྟེན་ཕ་རོལ་ནས་འཕོས་པའི་སྐྱེས་བུ་དང་དགྲ་བཅོམ་པ་ཡོད་པར་ཡང་ཁས་ལོངས་ཤིག །གཉིས་པ་རྩོད་སྤང་ལ། ལྷན་ཅིག་གནས་པ་མི་སྲིད་སྤང་། །རྟེན་ལས་བརྟེན་འགྱུར་མི་འཐད་སྤང་། །དང་པོ། འོ་ན་ལུས་སེམས་གཉིས་ལྷན་ཅིག་ཏུ་གནས་པའི་ངེས་པའང་མེད་དེ་ཉེར་ལེན་དང་ཉེར་ལེན་ཅན་མིན་པའི་ཕྱིར་བུམ་སྣམ་དང་ཤིང་ལ་བྱ་གནས་པ་བཞིན་དེ་དག་རེས་འགའ་ལྷན་དུ་ཚོགས་ཀྱང་མི་


MR20_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བར་གནས་པའི་ངེས་པ་མེད་ལ། བློ་ནི་ལུས་ལ་མི་གནས་པ་མ་མཐོང་བས་སོ་ཞེ་ན། དེ་དག་ལྷན་ཅིག་གནས་པ་ནི་ཉེར་ལེན་དང་ཉེར་ལེན་ཅན་ཡིན་པས་མ་ཡིན་ཏེ། རྒྱུ་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པའི་ཕྱིར་ན་ཇི་སྲིད་ལས་ཀྱི་འཕེན་པ་མ་རྫོགས་ཀྱི་བར་དུ་ལྷན་ཅིག་གནས་ཏེ། དཔེར་ན་སྐྱེས་བུ་གཅིག་གི་དབང་པོ་ལྔ་པོ་བཞིན་དང་། བུ་རམ་གྱི་གཟུགས་དང་རོ་ལྷན་ཅིག་གནས་པ་བཞིན་ནོ། །དཔེ་དེ་དག་ཕན་ཚུན་གཅིག་གཅིག་གི་ཉེར་ལེན་གྱི་རྒྱུ་ཡིན་པར་ནི་འདོད་མི་ནུས་ལ། རྒྱང་འཕེན་པས་ཀྱང་དེ་དག་གཅིག་གཅིག་གི་ཉེར་ལེན་དུ་མི་འདོད་པ་ཡིན་ནོ། །གཉིས་པ། ལུས་སེམས་གཉིས་རྒྱུ་དང་འབྲས་བུའི་ཚུལ་གྱིས་རྟེན་པ་མིན་ན་དུག་ལ་སོགས་པས་ལུས་འགྱུར་བ་ན་ཡིད་འགྱུར་བར་མི་འཐད་ཀྱང་ཡིད་འགྱུར་བར་མཐོང་བའི་ཕྱིར་རྒྱུ་འབྲས་སུ་གྲུབ་བོ་ཞེ་ན། དེ་ནི་རྒྱུ་ལུས་འགྱུར་བས་འབྲས་བུ་ཡིད་འགྱུར་བ་མ་ཡིན་ཏེ། ལུས་དེ་ཡིད་ཀྱི་གཟུང་དོན་དུ་བྱས་པ་ཅན་གྱི་སྒོ་ནས་ཡིད་འགྱུར་བ་ཡིན་ཏེ། དཔེར་ན་བུའི་རོ་དང་གཞན་གྱི་ཁྲག་མཐོང་བ་སོགས་ལས་བརྒྱལ་བ་བཞིན་ནོ། །བུའི་རོ་དང་གཞན་གྱི་ཁྲག་ལ་སོགས་པ་ནི་ཡུལ་ཅན་སྐྱེས་བུའི་བློའི་ཉེར་ལེན་ཡིན་པར་མི་རིགས་སོ། །དེ་བཞིན་དུ་རང་ལུས་ལ་བདག་གིར་བཟུང་ནས་དེ་ལ་ནད་སོགས་ཀྱི་འགྱུར་བ་གཟུང་དོན་དུ་བྱས་པ་ལས་ཡིད་འགྱུར་གྱི་གཟུང་དོན་དུ་མ་བྱས་པ་ཞིག་ན་མི་འགྱུར་ཏེ། གཞན་གྱི་ལུས་ན་བ་ལས་རང་གི་ཡིད་མི་འགྱུར་བ་བཞིན་ནོ། །གཉིས་པ། རྗེས་སུ་འགྲོ་བ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། རང་གི་ལུགས་བཞག་པ། འབྲས་བུ་གང་ཞིག་དུས་རྟག་ཏུ་རྒྱུ་དེ་ཡི་རྗེས་སུ་འཇུག་པའམ་དེ་ལ་རག་ལས་པའི་ཕྱིར་མེད་ན་མི་འབྱུང་


MR20_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བར་ངེས་ཤིང་། རྒྱུ་གང་ཞིག་ཡོད་པས་འབྲས་བུ་གང་ལ་ཕན་འདོགས་ཏེ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་རྗེས་སུ་འགྲོ་བའམ་རྒྱུ་ཞེས་བྱ་སྟེ། དེ་ཡི་ཕྱིར་ན་འདི་ཡོད་ན་འདི་འབྱུང་ཞེས་རྒྱུ་མཚན་གྱི་བདུན་པ་དང་། ཡང་ན་འདི་ལ་འདི་བརྟེན་པའོ་ཞེས་བདུན་པ་དང་། ཡང་ན་ལྔ་པ་སྦྱར་ཏེ་འདི་ལས་འདི་སྐྱེས་པའི་ཕྱིར་རྒྱུའོ་ཞེས་ནི་མདོ་ལས་བཤད་པ་ཡིན་ནོ། །གཉིས་པ་ལྡོག་པ་མེད་པ་ལ། སྤྱི་དང་བྱེ་བྲག་ལུས་རྟག་དགག །དང་པོ་ལ། ལྡོག་པ་མེད་པའི་དམ་བཅའ་བསྟན། །དེ་ཡི་འཐད་པ་རྒྱས་པར་བསྒྲུབ། །དང་པོ། འདོད་གཟུགས་སུ་སྐྱེས་པའི་གནས་སྐབས་འགའ་ཞིག་གི་ཚེ་ན་སེམས་ཀྱི་རྒྱུན་ལ། གོང་བཤད་ལྟར་བརྒྱུད་ནས་ལུས་ཀྱིས་ཕན་འདོགས་པར་བྱེད་པའང་ཡིན་ཡང་བླ་སྟེ། འོན་ཀྱང་བུམ་སོགས་ལ་ནི་མེ་སོགས་ཀྱི་སོ་བཏང་བ་སོགས་ཕན་འདོགས་ཀྱང་མེ་ལོག་པས་བུམ་པ་མི་ལྡོག་པ་བཞིན་ཕན་འདོགས་བྱེད་ཡིན་པ་དེ་ཙམ་གྱིས་ནི་ཕན་འདོགས་བྱེད་ལོག་ན་ཕན་གདགས་བྱའི་རྒྱུན་ལྡོག་པ་མིན་ནོ། །གཉིས་པ་ལ། ཐལ་བ་བརྗོད་དང་ཉེས་སྤོང་དགག །དང་པོ། རྒྱུ་ལུས་ལྡོག་པས་སེམས་ལྡོག་པར་སྨྲ་བའི་ལུགས་མི་འཐད་དེ། རྒྱུ་ལུས་ནི་གནས་པ་ཉིད་ན་རྒྱུ་ཚང་བའི་ཕྱིར་སེམས་ལྡོག་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཤི་བ་དང་བརྒྱལ་བ་སོགས་ཀྱི་དུས་ནའང་ཇི་སྲིད་ལུས་ཡོད་པ་སྲིད་དུ་སེམས་མི་ལྡོག་པར་འགྱུར་རོ། །གཉིས་པ་ལ། མཐུན་རྐྱེན་མ་ཚང་ལན་མི་རུང་། །འགལ་རྐྱེན་ཡོད་པ་ལན་མིན་པའོ། །དང་པོ་ལ། བཀག་དང་རང་ལ་མི་མཚུངས་ཚུལ། དང་པོ། ཕ་རོལ་པོ་ན་རེ། ཤི་བའི་འོག་ཏུ་ལུས་ལས་སེམས་མི་འབྱུང་བ་ནི་དབུགས་མ་ཚང་བས་ཡིན་


MR20_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་ཞེ་ན་དེ་ལྟ་མིན་ཏེ། ཡིད་བློ་དེ་ཡོད་ན་དབུགས་འབྱུང་རྔུབས་དེ་ཡོད་པ་དང་། དབུགས་དེ་ཡང་རིང་ཐུང་དུ་འདྲེན་པ་སོགས་ཡིད་དེ་ཡི་རང་དབང་དུ་གྱུར་པའི་ཕྱིར་ཡིད་བློ་དེ་ལས་དབུགས་འབྱུང་རྔུབས་འབྱུང་གི་དབུགས་ལས་ཡིད་བློ་འབྱུང་བ་དེ་མ་ཡིན་ཏེ། གང་ལ་རག་ལས་པའི་རྒྱུ་དེ་ཉིད་ཀྱི་འབྲས་བུ་དབང་དུ་འགྱུར་གྱི་འབྲས་བུས་རྒྱུ་ལ་སླར་ཡང་དབང་བྱེད་པ་ནི་མི་སྲིད་དོ། །དེ་ཡོད་ན་ཡོད་པ་ཞེས་པའང་འཐད་དེ། རླུང་ཕྱིར་འབྱིན་པ་དང་ནང་དུ་འདྲེན་པ་ནི་ཡིད་དང་ལྡན་པའི་སྐྱེས་བུའི་འབད་རྩོལ་མེད་པར་རྒྱུ་མཚན་གང་ལས་ཡིན་ཏེ་གཞན་རྡོ་ལ་སོགས་པ་ལ་མ་མཐོང་ངོ་། །སེམས་ཀྱི་གོམས་པ་འབད་མེད་དུ་འཇུག་པ་ཐོབ་པས་གང་ལ་སེམས་ཀྱི་རྒྱུན་ཡོད་པ་ན་དེའི་རྐྱེན་ལས་སད་རྨི་གཉིས་ཀར་ཡང་དབུགས་འབྱིན་རྡུབས་འབད་མེད་དུ་འཇུག་པ་ཡོད་དེ་རྫ་མཁན་གྱི་འཁོར་ལོ་བསྐོར་བ་བཞིན་ནོ། །དབུགས་ལས་ཡིད་བློ་སྐྱེ་བ་ཡིན་ན་ནི་དབུགས་དེ་དག་ཕུལ་དུ་བྱུང་བར་འཕེལ་བ་དང་འགྲིབ་པ་ལས་བློ་ཡང་ཕུལ་དུ་བྱུང་བ་དང་འགྲིབ་པ་ཐོབ་པར་འགྱུར་ཏེ་འབྲས་བུ་རྒྱུའི་རྗེས་སུ་མི་འགྲོ་བ་མི་སྲིད་པས་སོ། །སྐྱོན་གཞན་ཡང་དབུགས་མ་ཚང་ཞེས་པ་དེ་ཙམ་ཡང་མི་རུང་སྟེ་དབུགས་དེ་དག་ལ་ཡང་རྒྱུར་གྱུར་པ་ལུས་གནས་པའི་ཕྱིར་ཤི་བའི་ལུས་ལའང་དབུགས་འབྱུང་བར་ཐལ་བ་མཚུངས་སོ། །གཉིས་པ། སེམས་དབུགས་ཀྱི་རྒྱུ་ཡིན་ན་ཡང་ལུས་ལ་སེམས་མི་ལྡོག་ལ་སེམས་ཡོད་པ་སྲིད་དུ་དབུགས་ཀྱང་འབྱུང་བའི་ཕྱིར་དབུགས་ནམ་ཡང་ལུས་ལ་མི་ལྡོག་པར་ཐལ་བ་མཚུངས་སོ་ཞེ་ན་མཚུངས་པ་མ་ཡིན་ཏེ། ལུས་སེམས་རྟག་ཏུ་ལྷན་ཅིག་གནས་པར་ཁས་ལེན་ན་སྐྱོན་དེར་འགྱུར་ཀྱང་དེ་གཉིས་རྟག་ཏུ་ལྷན་ཅིག་གནས་སོ་ཞེས་


MR20_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་མི་ལེན་ནོ། །ཇི་ལྟར་ན་ལུས་ལ་སེམས་གནས་པའི་འཕེན་བྱེད་ལས་ལ་སོགས་པ་གཞན་དག་ཀྱང་གང་གི་ཕྱིར་རྒྱུ་ནི་ཡིན་པར་འདོད་པས་སོ། །འདི་སྡེབ་སྦྱོར་གོ་བདེ་བར་བསྡེབས་ན། །གང་ཕྱིར་གནས་པའི་འཕེན་བྱེད་གཞན། །དག་ཀྱང་རྒྱུ་ནི་ཡིན་པར་འདོད། །ཅེས་པའི་དོན་ཡིན་ནོ། །ཀྱང་གི་སྒྲས་འཕེན་བྱེད་ཀྱི་ལས་དེ་དག་ཇི་སྲིད་པར་ལུས་སེམས་ལྷན་ཅིག་གནས་པའི་རྒྱུ་ཡིན་པར་མ་ཟད་དབུགས་འབྱུང་བ་སོགས་ཀྱི་རྒྱུའང་ཡིན་ཏེ་སྲོག་འཚོ་བའི་ཆ་རྐྱེན་དུ་དབུགས་ཀྱི་གཡོ་བ་མེད་ན་མི་རུང་བས་དེ་ཡང་འཕེན་པ་ཡིན་ལ། སྲོག་དེ་ནི་ཡིད་དང་ལྡན་པ་མིན་པ་ལ་མེད་པས་ཡིད་ཀྱང་དབུགས་དེའི་རྒྱུར་ངེས་པར་དགོས་པ་ཡིན་ནོ། །ཚུལ་འདིས་གཉིད་འཐུག་ན་དབུགས་འབྱུང་བ་སོགས་གནད་མང་པོ་ཤེས་པར་བྱའོ། །གཉིས་པ་ལན་ཕྱི་མ་ལ། ཕྱོགས་སྔ་བརྗོད་དང་དེ་འགོག་པའོ། །དང་པོ། གལ་ཏེ་སྡོང་བུ་རླན་གྱིས་གེགས་བྱས་པ་ཅན་དང་། ཏིལ་མར་གྱིས་བྱུག་པའི་ས་བོན་ལ་སོགས་པ་བཞིན་ང་ལ་སོགས་པ་ཉེས་པས་སེམས་སྐྱེ་བ་དང་མི་མཐུན་པར་བྱས་པའམ་ནུས་པ་མེད་པར་བྱས་པ་ཤི་བའི་ལུས་ནི་སེམས་སྐྱེ་བའི་རྒྱུ་མིན་ནོ་ཞེ་ན། གཉིས་པ་ནི། ཉེས་པས་མི་མཐུན་པར་བྱས་པ་ཞེས་བྱ་བ་ནི་ལུས་ཀྱི་འབྱུང་བའི་ཁམས་འཕེལ་ཟད་འཁྲུགས་ནས་ཆ་མི་མཉམ་པ་ཙམ་ལས་གཞན་གང་ཡང་མེད་ལ། ཆ་མི་མཉམ་པ་ཙམ་ཞིག་ནི་སེམས་ལྡོག་པའི་རྒྱུ་མ་ཡིན་ཏེ་ནད་པ་རྣམས་ཀྱི་ལུས་ལའང་སེམས་གནས་པའི་ཕྱིར་རོ། །གལ་ཏེ་སེམས་སྐྱེད་པར་མི་རུང་བའི་མི་མཐུན་པ་ཞིག་གིས་ཤི་བ་ཡིན་ནའང་ཤི་བའི་འོག་ཏུ་དེ་འདྲའི་མི་མཐུན་པ་དེ་ལྡོག་པར་རིགས་ཏེ་མི་ལྡོག་པའི་སྒྲུབ་བྱེད་མེད་པ་དང་། མི་ལྡོག་


MR20_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ན་རོ་ལས་ཀྱང་སྲིན་བུ་སོགས་གཞན་འབྱུང་བར་མི་རིགས་ལ། གལ་ཏེ་ཤི་བས་ཉེས་པ་རྣམས་ཉམས་པར་གྱུར་པ་སྟེ་ལྡོག་པ་ན་འབྱུང་བ་རྣམས་ཕན་ཚུན་མི་མཐུན་པར་མེད་པར་རྡུལ་རང་རང་སོ་སོའི་གོ་ས་མཉམ་པར་གནས་པ་དེ་ཡི་ཚེ་ན་སླར་ཡང་སྔ་མ་ལྟར་སེམས་དང་ལྡན་པར་འཚོ་བ་དག་ཏུ་འགྱུར་ཏེ་ཤི་བའི་ལུས་ཀྱི་འབྱུང་བ་རྣམས་ལ་ནི་མི་མཐུན་པ་ཞེས་བྱ་བ་གང་ཡང་མེད་དེ། རྡུལ་རྣམས་རང་ས་ན་གནས་པའི་ཕྱིར་རོ། །དེ་ལྟར་འབྱུང་རྡུལ་རྣམས་ལ་མི་མཉམ་པའི་ཁྱད་པར་ཡོད་པས་རྒྱུར་མི་རུང་ན་ས་སོགས་གཞན་ལའང་མཉམ་པ་རྙེད་དཀའ་བས་འབྱུང་བ་ལས་སེམས་ཅན་སྐྱེ་བའང་འགྲུབ་པར་དཀའ་འོ། །མི་མཉམ་པའི་ཁྱད་པར་རིམས་ལ་སོགས་པའི་ཉེས་པ་ནི་སྲོག་ཆགས་ཁོ་ན་ལ་མཐོང་གི་རོ་སོགས་སྲོག་མེད་ལ་ཡོད་པར་མི་རིགས་སོ། །གཉིས་པ་ལ། ཕྱོགས་སྔ་བརྗོད་དང་དེ་འགོག་པའོ། །དང་པོ། གལ་ཏེ་མེ་ནི་ལྡོག་ན་ཡང་ཤིང་གི་འགྱུར་བ་སོལ་བ་ནི་ཤིང་དུ་སླར་ཡང་མི་ལྡོག་པ་བཞིན་ཉེས་པ་ལོག་ཀྱང་སེམས་དེ་ནི་སླར་ལྡོག་པ་མེད་དོ་ཅེ་ན། །གཉིས་པ་ལ། མདོར་བསྟན་རྒྱས་བཤད་གྲུབ་དོན་བསྟན། །དང་པོ། ནད་ཀྱི་འགྱུར་བ་མི་ལྡོག་པ་མ་ཡིན་ཏེ། དེས་རྒྱུ་ལུས་མེད་པར་མ་བྱས་པས་ལུས་ནི་སྔ་མ་ལྟར་གནས་པས་ན་ཉེས་པ་དེ་ལ་གསོ་བའི་སྦྱོར་བ་རྩོམ་རུང་བར་ཡོད་པའི་ཕྱིར་རོ། །གཉིས་པ། འདི་ལྟར་དངོས་པོའི་ཆོས་ཉིད་ཀྱིས་སླར་མི་འབྱུང་བར་འགྱུར་བ་ནི་རྒྱུ་འགའ་ཞིག་གིས་ནི་ཡུལ་ལ་ལར་གཏན་དུ་འགྱུར་བ་སྐྱེད་པར་བྱེད་པ་ཡིན་ལ། རྒྱུ་འགའ་ཞིག་གིས་འགྱུར་བ་སྐྱེད་པ་འགའ་ནི་སླར་ལྡོག་པ་ཡིན་པའི་ཕྱིར་དཔེར་ན་ཤིང་དང་གསེར་ལ་མེ་དག་གིས་འགྱུར་བ་


MR20_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་བཞིན་ནོ། །དང་པོ་མེས་ཤིང་ལ་འགྱུར་བ་བསྐྱེད་པ་དེ་ཆུང་ཡང་ལྡོག་པ་མིན་ལ། སླར་ལྡོག་རུང་བར་འགྱུར་བ་བསྐྱེད་པར་བྱས་པ་གང་དེ་ནི་འགྱུར་བ་ཤིན་ཏུ་ཆེ་ནའང་སླར་ཡང་ཡུལ་རང་གི་རང་བཞིན་སྔ་མ་ལྟར་འབྱུང་བར་འགྱུར་ཏེ། མེས་ཤིན་ཏུ་བཞུས་པའི་གསེར་གྱི་ཞུན་ཁུ་ལས་སླར་ཡང་སྲ་བ་ཉིད་འབྱུང་བ་བཞིན་ནོ། །དེས་ན་ཉེས་པས་ནི་ཤིང་ལ་མེས་བྱས་པ་ལྟར་ལུས་མེད་པའམ་རྣམ་པ་གཞན་དུ་མ་བྱས་པས་གསོ་བླག་མེད་པ་མིན་པས་ན་སླར་ཡང་འཚོ་རུང་ངོ་། །དེ་མི་རུང་སྟེ་གསོར་མི་རུང་བའི་ནད་གསོ་དཔྱད་སོགས་ལས་བཤད་པའི་ཕྱིར་རོ་སྙམ་ན། ནད་འགའ་ཞིག་ཅུང་ཟད་ཀྱང་གསོ་བྱ་མིན་པར་བརྗོད་པ་ནི་འཆོས་བྱེད་ཀྱི་སྨན་དང་སྨན་པ་སོགས་ཡུལ་དུས་དེར་རྙེད་པར་དཀའ་བའི་ཕྱིར་རམ་ལས་ཀྱི་དབང་གིས་ནད་པའི་ཚེ་ཟད་པས་ན་གསོ་མི་ནུས་པར་བཤད་པའི་ཕྱིར་རོ། །ཁྱོད་ལྟར་ན་ཚེ་ཟད་པའི་རྒྱུ་སྔོན་ལས་མི་འདོད་ལ། འཚོ་ཐབས་ཀྱང་རྣམ་པ་ཀུན་ཏུ་མི་རྙེད་པར་མཐའ་མི་ཁེགས་པས་ལ་ལར་རྙེད་སྲིད་ལ། མི་འཚོ་བའི་རྒྱུ་ཉེས་པ་འབའ་ཞིག་ཡིན་ན་ཉེས་པ་དེ་ཙམ་ལ་གཏན་ནས་གསོ་བྱ་མིན་པ་གང་ཡང་མེད་པ་ཉིད་དེ། དེ་འཕེལ་འགྲིབ་ཅན་ཡིན་པས་ན་དེའི་མི་མཐུན་ཕྱོགས་སྨན་ལ་སོགས་པས་ཞི་བར་ནུས་ཏེ་མེ་ཇི་ལྟར་འབར་ཀྱང་དེ་བས་ཆེ་བར་གྱུར་པའི་ཆུས་སོད་པ་བཞིན་ནོ། །གསུམ་པ། དེས་ན་ཤི་བའི་ལུས་ལ་དུག་སོགས་མི་གནས་པར་རང་བཞིན་གྱིས་ལྡོག་པའི་ཕྱིར་རམ། སྤྲུལ་གདེངས་ཀ་ཅན་སོགས་དེ་ཡི་སོས་ཟིན་པའི་དུག་འཆི་ཁར་དང་པོ་ཟིན་པའི་དུས་ལྟར་རྨའི་ཁར་འདུ་བ་ཡིན་པས་དེ་བཅད་པར་བྱས་པ་ལས་ཀྱང་ལུས་འགྱུར་བའི་རྒྱུ་དང་བྲལ་བས་ན། དེ་དག་ཅིས་ན་སླར་ཡང་སྔ་མ་


MR20_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཚོ་བར་མི་འགྱུར་ཏེ་འཚོ་བའི་རྒྱུ་ཚང་བས་སོ། །གཉིས་པ་ལ། དངོས་དང་དེ་ལ་དོགས་པ་སྤང་། །དང་པོ་ནི། བློའི་ཉེར་ལེན་ཀྱི་རྒྱུར་འདོད་པ་ལུས་དེ་ཡང་སྐད་ཅིག་མ་མིན་པར་རྟག་པར་འདོད་ན་དེ་ལས་ཉེར་ལེན་ཅན་ནམ་འབྲས་བུ་སེམས་ནམ་ཡང་མི་སྐྱེ་སྟེ་ཉེར་ལེན་གྱི་རྒྱུར་མི་འགྱུར་བས་སོ། །རྒྱུ་མཚན་ཉེར་ལེན་གང་ཡིན་པ་དེ་གཞན་དུ་འགྱུར་བ་མེད་པར་ནི་རྒྱུ་དེ་ཉིད་ཉེར་ལེན་ཅན་དག་གི་ངོ་བོར་གོ་འཕོས་པའམ་འགྱུར་བར་ནི་བྱེད་པར་མི་ནུས་ཏེ་དཔེར་ན་འཇིམ་པ་ཉིད་འཇིམ་པའི་རང་བཞིན་ལས་འགྱུར་བ་མེད་པར་གནས་བཞིན་དུ་བུམ་སོགས་སུ་རྣམ་པར་འགྱུར་བ་མི་སྲིད་པ་བཞིན་ནོ། །དངོས་པོ་གང་ཞིག་འགྱུར་བ་མེད་པར་གནས་བཞིན་དུ་ནི་དངོས་པོ་གཞན་གང་ཞིག་རྣམ་པར་འགྱུར་བ་སྟེ་འབྱུང་བ་དེ་ནི་དེའི་ཉེར་ལེན་དུ་མི་རིགས་ཏེ་དཔེར་ན་བ་ལང་དང་བ་མིན་མེ་དང་ཆུ་ལ་སོགས་པ་བཞིན་འབྲེལ་མེད་ཡིན་ལ། སེམས་དང་ལུས་ཀྱང་དེ་བཞིན་ཡིན་ནོ། །དེ་ཡང་ལུས་སེམས་ལྷན་ཅིག་ཏུ་ཚོགས་པ་འདི་ལ་ལུས་མ་འགྱུར་བཞིན་དུ་སེམས་ཡོད་ལ་ལུས་ལ་ཁྱད་པར་མེད་ཀྱང་འཇིགས་པ་མྱ་ངན་ཡིད་བདེ་བ་སོགས་ཀྱིས་སེམས་ཀྱི་འགྱུར་བའི་ཁྱད་པར་སྣ་ཚོགས་སྐྱེ་བ་དང་ཡན་ལག་བཅད་པ་སོགས་ལུས་འགྱུར་ཀྱང་སེམས་སྔར་ལས་མི་འགྱུར་བར་མཐོང་བས་ན་སྔར་བྱུང་བ་ལུས་ཀྱི་རྒྱུ་ལས་སེམས་བྱུང་བ་མིན་ནོ། །གཉིས་པ་ལུས་སེམས་ཉེར་ལེན་དང་ཉེར་ལེན་ཅན་མིན་ན་ལྷན་ཅིག་གནས་པའི་ངེས་པ་ཅི་ཞེ་ན། སྔོན་གྱི་ལས་ཀྱི་རྒྱུའི་འཕེན་པས་རྣམ་པར་ཤེས་པའི་རྒྱུན་མངལ་དུ་ཉིང་མཚམས་སྦྱོར་བ་ན་ལུས་དེ་ཡི་རྒྱུ་ནུར་ནུར་པོ་ལ་སོགས་པ་ལྷན་ཅིག་བྱེད་རྐྱེན་དུ་ཡོད་པ་ལས་སྐྱེ་བའི་སྲིད་པ་འཛིན་པ་ཡིན་ལ། སྔོན་ལས་


MR20_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་འཕངས་པའི་ལུས་སེམས་ཚོགས་པ་དེ་ནི་རྒྱུ་གཅིག་གི་འབྲས་བུ་ཡིན་པས་ན་ཇི་སྲིད་ལས་ཀྱི་འཕེན་པ་ཤུགས་མ་རྫོགས་བར་དུ་ལྷན་ཅིག་ཏུ་གནས་ཏེ། དཔེར་ན་ཟངས་མ་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་གྱི་རྒྱུ་ལས་བྱུང་བའི་ཟངས་དེ་མེའི་ལྷན་ཅིག་བྱེད་རྐྱེན་གྱིས་ཞུ་བར་བྱས་ནས་ཞུན་དུ་གྱུར་པ་ན་མེ་དང་ཟངས་མའི་ཞུ་བ་ཉིད་ལྷན་ཅིག་གནས་པ་བཞིན་ནོ། །དེ་ཡན་ཆད་ཀྱིས་ལུས་སེམས་དུས་མི་མཉམ་པར་ལུས་སྔར་ཡོད་ཀྱི་ཉེར་ལེན་ལས་སེམས་སྐྱེ་བར་འདོད་པ་དགག་པ་ཡིན་ལ། དེ་ཡང་དབང་ཤེས་ལྔ་ནི་དབང་པོ་ལས་སྐྱེ་བ་རེས་འགའ་འབྱུང་ལ་རེས་འགའ་མི་འབྱུང་བ་ཡིན་ཀྱང་། ཡིད་ཙམ་ཞིག་མེད་པའི་གནས་སྐབས་མེད་ལ་དེ་ནི་དབང་པོ་ལྔ་རེ་རེ་དང་ཚོགས་པ་ལ་མ་ལྟོས་ཀྱང་འབྱུང་བས་ན་ཡིད་བློའི་རྒྱུན་ལུས་དང་རྗེས་སུ་འགྲོ་ལྡོག་བྱེད་པར་སྒྲུབ་བྱེད་མེད་ལ། དེ་རང་གི་རིགས་འདྲ་སྔ་མ་སྔོན་དུ་མ་སོང་བར་མི་སྐྱེ་བར་གྲུབ་ཅིང་སླར་ཡང་རྒྱུན་འབྱུང་བར་འགྲུབ་པའང་ཡིན་ནོ། །དེ་ཙམ་གྱིས་རྒྱང་འཕེན་པ་ལ་སོགས་པའི་སྐྱེ་བ་སྔ་ཕྱི་མེད་པའི་ལོག་རྟོག་ཟློག་ནུས་པ་ཡིན་ཞིང་། གཞན་ཡང་ཞིབ་ཏུ་ཕྱེ་ན་ལུང་ལས་བཤད་པ་ལྟར་ལེགས་པར་དཔྱད་ཚེ་གཉིད་ལ་སོགས་པའི་སྐབས་ན་རིམ་བཞིན་ཡིད་རགས་པ་ལོག་ཀྱང་ཕྲ་བ་མི་ལྡོག་པ་དང་། ཕྲ་བ་ལོག་ན་ཡང་ཀུན་གཞི་མི་ལྡོག་ལ་ཀུན་གཞི་ལོག་ན་ཡང་འོད་གསལ་གྱི་སེམས་ནམ་ཡང་མི་ལྡོག་པས་སེམས་གཏན་དུ་རྒྱུན་ཆད་པར་མི་སྲིད་ལ་དེའི་ཕྱིར་ཡེ་ཤེས་རྒྱུན་མི་འཆད་པ་ཡང་གྲུབ་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཡོད་པའི་ཁམས་སམ་སེམས་ཀྱི་ས་བོན་དེ་མེད་ན་གྲོལ་འཁྲུལ་འབྱུང་མི་ཤེས་ལ། དེ་དག་གི་ཚུལ་ནི་ཐེག་པ་གཞན་དང་གཞན་དུ་ཇེ་བས་ཇེ་གསལ་གྱི་ཚུལ་གྱིས་བཤད་ལ།


MR20_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་རྒྱན་ལས་ཀྱང་། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུངས་བྱས། །ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་ལས་ཀུན་ཏུ་རྟོག་པས་ཁམས་གསུམ་དུ་འཁོར་བར་ཤེས་པར་བྱ་སྟེ། གོང་བཤད་རིགས་པ་འདི་རྣམས་ཀྱིས་ཀྱང་མཐར་གྱིས་གྲུབ་དོན་འདི་ལ་གཏུགས་དགོས་པས་ཤིན་ཏུ་གལ་ཆེའོ། །གཉིས་པ་དུས་མཉམ་གྱི་རྟེན་དགག་པ་ལ། མི་འཐད་པ་ཡི་གཞན་ལུགས་དགག །གྲུབ་དོན་འཐད་པ་བཞག་པའོ། །དང་པོ་ལ། བརྟེན་པ་ཡོད་མེད་བརྟགས་ལ་དགག །བརྟེན་པ་སྐྱེ་འཇིག་བརྟགས་ལ་དགག །དང་པོ་ལ། བརྟེན་པ་ཡོད་མེད་བརྟགས་ལ་བཀག །ཚུལ་དེས་གཞན་པ་ཁེགས་ཚུལ་ལོ། །དང་པོ་ལ། བཀག་དང་དེ་ལན་དགག་པའོ། །དང་པོ། ལུས་སེམས་དུས་མཉམ་པར་ལུས་ལ་སེམས་གནས་པའོ་ཞེ་ན། དུས་མཉམ་པར་གནས་པ་ཞེས་པ་འདི་ཅི་ཞིག །དུས་དེར་ཕན་ཚུན་ཕན་མ་བཏགས་བཞིན་བུམ་སྣམ་ཚོགས་པ་ཙམ་ལྟ་བུ་ཡིན་ན་ནི་རྟེན་བརྟེན་པར་ཡང་མི་རུང་ལ། ཕན་བཏགས་ཏེ་རྟེན་གྱིས་བརྟེན་པ་གནས་པར་བྱེད་དོ་སྙམ་ན། གནས་པར་བྱ་བའི་རྟེན་དེ་རང་གི་ངོ་བོ་རྫས་སུ་ཡོད་པ་ཞིག་གིས་རྟེན་བྱེད་པ་ཡིན་ནམ། མེད་པ་ཞིག་གིས་རྟེན་བྱེད་པ་ཡིན། ཡོད་པ་རང་གྲུབ་ཟིན་ལ་རྟེན་ཅི་ཡང་མི་དགོས་ལ་མེད་པ་ལ་བརྟེན་པར་བྱར་མེད་པས་ན་ཡོད་མེད་གང་ཡིན་ཀྱང་དེ་དག་ལ་རྟེན་དུ་གྱུར་པ་མེད་པའི་ཕྱིར་དུས་མཉམ་པར་ཕན་མི་འདོགས་པས་བརྟེན་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་


MR20_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་བརྟེན་པ་མི་འཐད་ཀྱང་གྲུབ་ཟིན་ཡོད་པའི་གནས་རྒྱུ་དེ་ནི་རྟེན་ཞེས་བྱ་བ་ཡིན་ནོ་ཞེ་ན། ཡོད་པ་འདི་ལ་རྟེན་གྱིས་གནས་པར་བྱེད་དགོས་པ་མེད་དེ། རྒྱུ་མཚན་གནས་པ་ཞེས་བྱ་བ་གནས་པ་པོ་རང་ཉིད་གྲུབ་ཟིན་པ་དེ་ལས་གཞན་མིན་པ་སྟེ་ཐ་དད་དུ་མེད་པའི་ཕྱིར་རྟེན་གྱིས་གནས་པའི་ཁྱད་པར་གང་ཡང་མ་བྱས་སོ། །གལ་ཏེ་གནས་པ་པོ་དེ་ལས་གནས་པ་ཞེས་བྱ་བ་གཞན་ཡིན་ན་ཡང་གནས་པ་པོ་ལས་ཐ་དད་པའི་གནས་པ་ཞེས་བྱ་བ་དེ་ཡི་རྒྱུ་ཉིད་བརྟེན་པ་དེ་ཡིན་དུ་ཆུག་ཀྱང་། བརྟེན་པ་དེས་ནི་བརྟེན་རྒྱུའི་དངོས་པོ་དེ་ལ་གནས་པའི་བྱ་བ་ཅི་ཞིག་བྱས་ཏེ་ཅི་ཡང་མ་བྱས་པར་ཐལ། དེ་ལས་དོན་གཞན་བྱས་པ་དེ་རྫ་མཁན་གྱིས་བུམ་པ་བྱས་པས་བ་ལང་གནས་པར་མ་བྱས་པ་བཞིན་ནོ། །གལ་ཏེ་རྟེན་མེད་ན་དེ་མི་གནས་པར་འགྱུར་ལ་རྟེན་གྱིས་དེ་གནས་པར་བྱས་སོ་སྙམ་ན། གྲུབ་ཟིན་དེ་ནི་གནས་མི་དགོས་ལ་དེ་མི་འཇིག་པར་རིང་དུ་གནས་པར་བྱེད་པ་ཡིན་ན་རྟེན་གྱིས་མི་འཇིག་པར་བྱས་པས་ན་བརྟེན་པ་དེ་ནམ་ཡང་འཇིག་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་ནམ་ཡང་མི་འཇིག་པ་ནི་མ་ཡིན་ཏེ་བརྟེན་པ་དེ་འཇིག་པ་ནི་ཕྱིས་བྱུང་གི་རྒྱུ་ལས་འབྱུང་བར་འདོད་དོ་ཅེ་ན། འཇིག་པ་དེ་ལའང་གོང་གི་ཐལ་བ་མཚུངས་པ་ཡིན་ཏེ་འཇིག་རྒྱུ་དེས་རང་དང་དུས་མཉམ་པའི་ཡོད་པ་འཇིག་གམ་མེད་པ་འཇིག །ཡོད་པ་འཇིག་མི་ནུས་ལ་མེད་པ་འཇིག་པར་བྱར་མེད་དོ། །ཡང་ན་དངོས་པོ་དེ་དང་འཇིག་པ་གཉིས་གཅིག་ན་འཇིག་རྒྱུ་མི་དགོས་ལ་གཞན་ན་དངོས་པོ་མི་འཇིག་པ་ཡང་མཚུངས་སོ། །འཇིག་རྒྱུས་འཇིག་ན་ཡང་གནས་པའི་རྒྱུས་ཀྱང་དེ་གནས་པར་ཅི་ཞིག་བྱས་ཏེ་འཇིག་རྒྱུ་དང་མ་ཕྲད་ན་གནས་པར་བྱེད་མི་དགོས་ལ་འཕྲད་ན་གནས་པར་བྱེད་མི་ནུས་པས་སོ། །


MR20_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་འཇིག་རྒྱུ་དང་མ་ཕྲད་བར་དུ་རྟེན་དེས་གནས་པར་བྱས་སོ་ཞེ་ན། དེ་ལྟ་ན་འཇིག་རྒྱུ་དང་མ་ཕྲད་པར་དུ་དེས་གནས་པར་མ་བྱས་ན། དེ་ཉིད་དུ་འཇིག་པར་འགྱུར་བ་ཡིན་ལ། དེ་ཡིན་ན་འཇིག་པ་རྒྱུ་གཞན་མེད་ཀྱང་རང་ཉིད་འཇིག་པར་གྲུབ་པའི་ཕྱིར་འཇིག་པ་ནི་དངོས་པོའི་ཆོས་ཉིད་དུ་ཡོད་པ་ཁོ་ན་ཡིན་པ་འདི་ལ་གེགས་བྱེད་པའམ་གནོད་པར་བྱེད་ནུས་པ་མེད་པའི་ཕྱིར་གནས་པའི་རྒྱུས་ནི་དེ་མི་འཇིག་པའི་བྱ་བ་ཅི་ཞིག་བྱ་སྟེ་གང་ཡང་བྱེད་མི་ནུས་པས་དགོས་པ་མེད་དོ། །ནུས་ན་འཇིག་རྒྱུ་དང་ཕྲད་ན་ཡང་མི་འཇིག་པར་བྱར་ཅིས་མི་ནུས་ཏེ་དེ་ནི་དེ་ལས་ཆེས་སླ་བའི་ཕྱིར་རོ། །གཉིས་པ། གལ་ཏེ་དཔེར་ན་ཆུ་དང་སྤྱི་ལ་སོགས་ཀྱི་དངོས་པོ་ཡོད་ཟིན་དེ་སྣོད་དང་རྫས་ལ་སོགས་པས་རྟེན་པ་བཞིན་རྟེན་བརྟེན་པ་མངོན་སུམ་མཐོང་བས་དེ་ཁེགས་མི་ནུས་པ་ཡིན་ནོ་ཞེ་ན། ཆུ་སོགས་ཀྱི་རྟེན་འདི་ལའང་གོང་གི་རིགས་པ་དེ་མཚུངས་པ་ཡིན་ཏེ། དུས་མཉམ་པའི་སྣོད་དེས་ཆུ་རང་ཉིད་ཡོད་པ་དང་མེད་པ་གང་ལའང་གནས་པའི་རྟེན་མི་བྱེད་པའི་ཕྱིར་རོ། །འོ་ན་འཇིག་རྟེན་གྱི་མངོན་སུམ་དུ་སྣོད་ཀྱིས་ཆུ་བརྟེན་པར་མ་མཐོང་ངམ་ཞེ་ན། དེ་ནི་མ་བརྟགས་པར་རྒྱུན་ལ་བརྟེན་ནས་ཐ་སྙད་བྱེད་པ་སྟེ། ཆུ་སོགས་ཀྱི་དངོས་པོ་རྣམས་སྐད་ཅིག་རེ་རེར་ནི་འཇིག་པ་ཡིན་པའི་ཕྱིར་ན་རང་དང་དུས་མཉམ་པའི་སྐད་ཅིག་དེ་ལ་རྟེན་དེས་གནས་པར་གང་ཡང་མི་བྱེད་དོ། །འོན་ཀྱང་དངོས་པོ་སྐད་ཅིག་མ་རིགས་འདྲ་བར་མ་ཆད་དུ་བྱུང་བའི་རྒྱུན་ཕྱི་མ་ཕྱི་མ་རྣམས་སྔ་མ་སྔ་མའི་སྤྱོད་ཡུལ་དེ་ལྟ་བུར་སྐྱེ་བའི་རྒྱུ་ནི་རྟེན་དེ་དག་ཡིན་པའི་ཕྱིར་ན་སྣོད་སོགས་དེ་རྟེན་ཡིན་པར་རིགས་ཏེ། ཆུ་རང་གི་ཉེར་ལེན་གྱི་རྒྱུ་ལས་བྱུང་བའི་སྐད་


MR20_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དེ་རང་ཉིད་དང་དུས་མཉམ་པའི་ལྷན་ཅིག་བྱེད་རྐྱེན་སྣོད་ཀྱི་སྐད་ཅིག་དེ་དང་ཚོགས་པ་ལས་དེའི་ཕྱི་ལོགས་སུ་སྔ་མ་དེའི་སྤྱོད་ཡུལ་དང་མཚུངས་པའི་ཆུ་ཡི་སྐད་ཅིག་འབྱུང་ངོ་། །དེས་ན་དེ་གཉིས་ཚོགས་པ་དང་བྲལ་བ་ན་ཡུལ་གཞན་དུ་གནས་པའི་ཆུའི་རིགས་འདྲ་སྐྱེ་བ་ཡིན་ཏེ། དུས་མཉམ་དུ་ཚོགས་པ་དེས་ནང་ཕན་ཚུན་གནས་པར་བྱེད་པ་མེད་ཀྱང་ལྷན་ཅིག་བྱེད་པའི་རྒྱུ་དང་ཚོགས་པའི་ཁྱད་པར་གྱིས་རིགས་འདྲ་ཕྱི་མ་ལ་སྤྱོད་ཡུལ་ཁྱད་པར་ཅན་སྐྱེད་པ་ཡོད་དོ། །དེས་ན་དེ་ལྟར་དེ་བྱུང་གི་འབྲེལ་བས་ཕན་བཏགས་པ་ལས་རྟེན་བརྟེན་པར་འཇོག་པ་ཡིན་ཀྱང་། འཇིག་རྟེན་བླུན་པོས་དུས་མཉམ་པར་ཕན་བཏགས་པར་འཁྲུལ་བ་ཡིན་ནོ། །ཚུལ་དེ་ལྟ་མིན་ན་རྟེན་བརྟེན་པ་ཞེས་པ་ཅུང་ཟད་ཀྱང་རིགས་པ་མ་ཡིན་ཏེ་བརྟེན་པར་མི་སྲིད་པའི་ཕྱིར་རོ། །གཞན་ཡང་ཆུ་ལ་སོགས་པ་ཐུར་དུ་འཕོ་བ་ཡི་ནི་གེགས་རྟེན་དེས་བྱེད་པའི་ཕྱིར་ཆུ་དང་འབྲུ་ལ་སོགས་ཀྱི་ནི་རྟེན་དུ་སྣོད་དེ་རིགས་པར་འགྱུར་གྱི་རང་གི་ངོ་བོ་ཡུལ་གཞན་དུ་འགྲོ་བ་མེད་པ་ཅན་ཡོན་ཏན་དང་སྤྱི་དང་ལས་རྣམས་ལ་ནི་རྟེན་ཅི་དགོས་ཏེ། དེས་ན་དེ་གསུམ་གྱི་རྟེན་རྫས་ཡིན་པར་ཁས་བླངས་པ་དོན་མེད་དོ། །བརྟེན་པ་ཡོད་མེད་བརྟག་པའི་རིགས་པ་འདིས་ནི་སེམས་ནི་ལུས་ལ་འཕྲོད་པ་འདུ་བ་དང་། ལུས་ཀྱང་སེམས་ཀྱི་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡིན་པ་དང་། གཞན་ཡང་རིགས་དང་ཡོན་ཏན་ལ་སོགས་པའང་དེ་ལྟར་འཕྲོད་པ་འདུ་བའི་དབང་གིས་རྟེན་གྱིས་བརྟེན་པ་རྣམ་པར་གནས་པ་ཡིན་ནོ་ཞེས་ཁས་བླངས་པ་ཉིད་ཀྱང་། དུས་མཉམ་པའི་རྟེན་མེད་པར་སྒྲུབ་པའི་ཕྱིར་ན་རིགས་པ་དེས་བསལ་བ་ཡིན་ནོ། །དེ་ཡང་ཕ་རོལ་པོས། སྣལ་མ་དང་སྣམ་


MR20_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བ་ལང་དང་རྭ་བ་དག་དང་བློ་རྫས་དང་རིགས་ལ་སོགས་པ་ལ་འདི་ལ་འདིའོ་སྙམ་པའི་བློ་འཇུག་པའི་རྒྱུ་མཚན་འཕྲོད་པ་འདུ་བ་ཡིན་ལ། འཕྲོད་པ་འདུ་བའི་རྒྱུ་རྫས་ལ་སོགས་པར་ཁས་ལེན་ཞིང་། དེ་ལྟར་འཕྲད་པ་འདུ་བའི་དབང་གིས་རྟེན་བརྟེན་པར་ཁས་ལེན་པའང་གོང་གི་རིགས་པས་བསལ་བར་གྲུབ་བོ། །གཉིས་པ་བརྟེན་པ་སྐྱེ་འཇིག་བརྟག་པ་ལ། །འཇིག་པའི་ཚུལ་ལ་བརྟགས་ནས་དགག །འཕེལ་བའི་ཚུལ་ལ་བརྟགས་ནས་དགག །དང་པོ། གལ་ཏེ་རྒྱུ་གཞན་ལས་བརྟེན་པ་བློ་ལ་སོགས་པ་དེ་དག་གི་དངོས་པོ་འཇིག་པ་ཞིག་ན་དེ་ཡི་གནས་རྒྱུས་དེ་གནས་པའི་བྱ་བ་ཅི་ཞིག་བྱ་སྟེ། མ་ཕྲད་བར་དུ་གནས་མི་དགོས་ལ་ཕྲད་ན་གནས་མི་ནུས་པས་སོ། །དངོས་པོ་དེ་རྒྱུ་གཞན་མེད་པར་རང་ཉིད་འཇིག་ན་ཡང་གནས་པའི་རྒྱུ་རྣམས་དེ་གནས་པར་བྱེད་པ་ལ་ནུས་པ་གཏན་མེད་ཡིན་ཏེ་གནས་པར་བྱ་མི་ནུས་པས་སོ། །གལ་ཏེ་ནུས་ན་རྟེན་དང་བཅས་པ་ཐམས་ཅད་ནི་གནས་པ་དང་ལྡན་པ་ཡིན་ཏེ་རྟེན་གྱིས་གནས་པར་བྱས་པའི་ཕྱིར་དང་། གང་སྐྱེ་བ་ཅན་ཀུན་ནི་རྟེན་བཅས་ཡིན་ཏེ། ཡོན་ཏན་ལ་སོགས་པ་ཇི་སྙེད་པ་རྫས་ལ་བརྟེན་ཅིང་རྫས་རྡུལ་ཕྲ་རབ་རྟག་པར་འདོད་པ་ལ་བརྟེན་པ་དང་། བློ་སོགས་ཀྱང་བདག་རྟག་པ་ལ་བརྟེན་པས་ན་མཐར་རྟག་པ་ལ་མི་བརྟེན་པ་གང་ཡང་ཁྱོད་ཀྱི་ལུགས་ལ་མེད་པས་རྟེན་པ་དེས་དེ་ཀུན་གནས་པར་བྱེད་པ་དེ་ཕྱིར་དངོས་པོ་ཐམས་ཅད་ནི་དུས་འགའ་ཞིག་གི་ཚེ་ནའང་འཇིག་པར་མི་འགྱུར་བས་ཐམས་ཅད་རྟག་པར་ཐལ་ལོ། །གཞན་ཡང་བརྟེན་པར་བྱ་རྒྱུའི་དངོས་པོ་དེ་གལ་ཏེ་རང་ཉིད་འཇིག་པའི་ངང་ཚུལ་ཅན་དུ་གྱུར་པའི་བདག་ཉིད་ཡིན་ན་དེ་གནས་པར་བྱ་མི་ནུས་པས་དེ་གནས་


MR20_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་གཞན་གང་ཞིག་ཡིན་ལ། གལ་ཏེ་རང་ཉིད་འཇིག་པའི་ངང་ཚུལ་ཅན་གྱི་བདག་ཉིད་མིན་ན་དེ་གནས་པར་བྱེད་པ་གཞན་གང་ཞིག་སྟེ་གནས་པར་བྱ་མི་དགོས་པས་དེ་ལའང་གནས་པར་བྱེད་པ་གཞན་མི་སྲིད་དོ། །དེ་ལྟར་བསྟན་པའི་རིགས་པ་འདི་དག་གིས་ལུས་ནི་རང་དང་དུས་མཉམ་པའི་བློའི་རྟེན་དུ་འདོད་པ་བཀག་པ་ཡིན་ལ་རིགས་པ་དེ་དུས་མཉམ་པའི་རྟེན་བརྟེན་པ་ཐམས་ཅད་ལ་ཁྱབ་པར་འཇུག་པ་ཡིན་ནོ། །གཉིས་པ་འཕེལ་བ་ལ་བརྟག་པ་ལ། དངོས་དང་དེས་གཞན་ཁེགས་ཚུལ་ལོ། །དང་པོ་ལ། དངོས་དང་དེ་ལན་དགག་པའོ། །དང་པོ། ལུས་ཀྱི་ཁམས་ཕུལ་དུ་བྱུང་བ་དང་འགྲི༷བ་པ་མེད་པར་གནས་བཞིན་དུ་ནང་བློ་ཡི་འདུ་བྱེད་པའི་ཁྱད་པར་གྱིས་ཤེས་རབ་དང་བྱམས་སྙིང་རྗེ་ལ་སོགས་པ་ཕུལ་དུ་བྱུང་བ་དང་ཡང་རེས་འགའ་འགྲིབ་པ་དག་ཏུ་འགྱུར་བ་ཡིན་པར་མཐོང་ལ། རྟེན་ལ་ཁྱད་པར་མེད་བཞིན་བརྟེན་པ་ལ་ཁྱད་པར་ཡོད་པ་འདི་ལྟ་བུ་ནི་མར་མེའི་འོད་དང་ལུས་ཀྱི་གྲིབ་མ་དང་ས་བོན་གྱི་མྱུ་གུ་ལ་སོགས་པ་རྒྱུ་འབྲས་ཀྱི་ཚུལ་གྱིས་རྟེན་པ་རྣམས་ལ་ཡོད་པ་མ་ཡིན་པས་ན་ལུས་ལ་བརྟེན་ནས་སེམས་འབྱུང་བ་ཁོ་ནར་མ་ངེས་སོ། །གཉིས་པ་བཅུད་ཀྱིས་ལེན་ལ་སོགས་པས་ལུས་རྒྱས་པ་ལས་ཤེས་རབ་སོགས་བློ་ཡང་ཁྱད་པར་དུ་འགྱུར་བས་ལུས་ལས་བློ་འབྱུང་བར་ཡང་མཐོང་ངོ་ཞེ་ན། ལུས་རྒྱས་པ་དང་སྙོམས་པ་དེ་ལས་ཀྱང་བློ་འདི་སྔར་བས་ཁྱད་པར་ཡོད་པར་འགྱུར་བ་ཡིན་ཀྱང་འོན་ཏེ་བཅུད་ལེན་ལ་སོགས་པས་ལུས་ཀྱི་ཁམས་སྙོམས་པར་བྱས་པ་གཟུང་དོན་དུ་བྱས་པས་ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེས་པས་ཡིད་འཆོལ་བ་མེད་པར་གནས་པ་ན་བཟོ་སོགས་གོམས་པའི་འདུ་བྱེད་པ་


MR20_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་འཕེལ་ནས་བློ་ལ་ཁྱད་ཞུགས་པ་སྟེ། ལུས་ཀྱི་ཁམས་སྙོམས་པ་ནང་གི་རེག་བྱའི་ཁྱད་པར་ལུས་ཤེས་ཀྱིས་གཟུང་དོན་དུ་བྱས་པ་ན་དེ་ལ་བརྟེན་ནས་སྐྱེས་པའི་ཡིད་ཀྱིས་ཀྱང་དེ་གཟུང་དོན་དུ་བྱས་པའི་སྒོ་ནས་ལུས་ལས་ཐ་དད་པའི་སེམས་རང་ཉིད་ལ་ཕན་འདོགས་པ་མེད་པར་ལུས་རྒྱས་པ་ཙམ་ཞིག་གིས་བློ་ལ་ཁྱད་ཞུགས་པ་མིན་ཏེ། སེམས་ཀྱི་གཟུང་དོན་དུ་མ་བྱས་ན་ལུས་རྒྱས་ཀྱང་དེ་ལས་ཡིད་ལ་ཡོན་ཏན་འབྱུང་བ་དང་། རྒུད་ཀྱང་དེ་ལས་སྐྱོན་འབྱུང་མི་རིགས་ཏེ་གཞན་གྱི་ལུས་བཞིན་ནོ། །དེས་ན་ལུས་སེམས་ཀྱི་རིགས་འདྲའི་རྒྱུན་བསྐྱེད་པའི་ཉེར་ལེན་མ་ཡིན་ལ། ཕན་འདོགས་བྱེད་ལྷན་ཅིག་བྱེད་རྐྱེན་ཡིན་ནོ། །དེས་ན་ཚུལ་མིན་ཡིད་བྱེད་ཀྱི་བློ་དང་ཚོགས་པ་འགའ་ཞིག་གི་ཚེ་ན། འབྲས་བུ་ཆགས་པ་དང་སྡང་བ་ལ་སོགས་པའི་བློ་ནི་རྒྱུ་ལུས་རྒྱས་པ་དང་རྒུད་པ་སོགས་ཀྱིས་འཕེལ་བ་ཡོད་པ་ནི་རིམ་བཞིན་ལུས་ཀྱི་ཚོར་བ་བདེ་སྡུག་ཡིད་ཀྱི་གཟུང་དོན་དུ་བྱས་པ་ལས་སྐྱེས་པ་ཡིན་གྱི་གཞན་ལུས་རྒྱས་ཙམ་གྱིས་ཆགས་པ་སྐྱེ་བར་མ་ངེས་ཏེ་དགྲ་བཅོམ་པ་རྣམས་བཞིན་དང་། ལུས་རྒུད་པས་ཀྱང་ཞེ་སྡང་སྐྱེ་བར་མ་ངེས་ཏེ་དགེ་སྦྱོང་བཟོད་པ་སྨྲ་བ་བཞིན་ནོ། །ནང་གི་རེག་བྱ་དེ་ཡང་ཁམས་སྙོམས་པ་དང་ལ་སོགས་པའི་སྒྲས་མ་སྙོམས་པ་དག་གི་རེག་བྱ་གང་ཡིན་པ་དེ་ནང་གི་དོན་ཏེ། ནང་རང་གི་ལུས་ཀྱི་ཡིན་པ་དང་ལུས་ཤེས་དང་ཡིད་ཤེས་ཀྱི་གཟུང་དོན་ཡིན་པས་སོ། །དེ་ལྟ་བུའི་ནང་གི་དོན་དེ་ནི་རང་བློའི་ཡུལ་དུ་ཉེ་བ་སྟེ་ཡོད་པ་ལས་བློ་ཡི་ཁྱད་པར་ཆགས་པ་ལ་སོགས་པ་དེ་ལྟར་སྐྱེ་བ་ཡིན་ནོ། །གཉིས་པ་དེས་གཞན་ཁེགས་ཚུལ་ནི། རང་གི་ལུས་ལས་སྐྱེས་པའི་རེག་བྱ་གཟུང་དོན་


MR20_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པའི་བདེ་སྡུག་གི་ཚོར་བའི་བྱུང་བ་ལས་ཆགས་སྡང་སོགས་བློ་ཡི་ཁྱད་པར་འབྱུང་བར་བསྟན་པའི་རིགས་པ་འདིས་ནི་འདུས་པ་ཡི་རིམས་དང་ཆང་དང་དུག་ལ་སོགས་པས་དྲན་པ་ཉམས་པ་དང་རྨོངས་པ་དང་གཡེང་བ་ལ་སོགས་པ་ཡང་བཤད་མ་ཐག་པ་དང་འདྲ་བར་དོན་གྱིས་བཤད་པ་ཡིན་ཏེ་ལུས་ལས་བློ་ལ་མི་འདྲ་བའི་ཁྱད་པར་བྱུང་བ་ཐམས་ཅད་ནང་གི་དོན་རེག་བྱའི་ཁྱད་པར་གཟུང་དོན་དུ་བྱས་པ་ལས་སྐྱེས་པའི་ལུས་དང་ཡིད་ཀྱི་བློས་ནི་སྔར་དང་མི་འདྲ་བའི་རྣམ་པར་འགྱུར་བར་བྱེད་པའི་ཕྱིར་རོ། །དཔེར་ན་རྒྱུད་ཀྱི་ཁྱད་པར་སྔ་མ་འགའ་ཞིག་ལ་སྟག་ཉིད་དང་ནི་གཞན་རྨས་པའི་ཁྲག་དང་རོ་ལ་སོགས་པ་རིམ་བཞིན་སྟག་བྱུང་ངོ་ཞེས་ཐོས་པ་དང་ནི་ཁྲག་སོགས་མཐོང་བ་ལས་སེམས་རྨོངས་ཏེ་དྲན་པ་ཉམས་པ་དང་གཡོ་བ་ལ་སོགས་པ་སྔར་དང་མི་འདྲ་བའི་ཁྱད་པར་འབྱུང་བར་འགྱུར་བ་བཞིན་ནོ། །གཟུང་དོན་དེ་དག་རང་གི་སེམས་ཀྱི་ཉེར་ལེན་གྱི་རྒྱུ་མིན་ཀྱང་ལྷན་ཅིག་བྱེད་པར་འགྱུར་བ་ནི་ཡིན་ཏེ་དེ་བཞིན་དུ་གཟུགས་བཟང་བ་མཐོང་ནས་ཆགས་པ་སྐྱེ་བ་ལ་སོགས་པ་དམིགས་རྐྱེན་གྱི་ཁྱད་པར་ཀུན་ཀྱང་དེ་ལྟར་ཤེས་པར་བྱའོ། །གཉིས་པ་ལ། དངོས་དང་གཞན་ལ་དེ་མི་འཐད། །དང་པོ། དུས་མཉམ་པར་གྱུར་པའི་ལུས་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པར་མི་འཐད་པར་བསྟན་ནས་དེ་ཡི་ཕྱིར་གྲུབ་དོན་རང་ལུགས་ནི་འདི་ལྟར་མཐའ་གཅིག་ཏུ་ངེས་པར་རྒྱུ་སེམས་གང་དེ་ཉིད་ཀྱི་སྔོན་གོམས་པའི་འདུ་བྱེད་ཀྱི་ནི་རྗེས་སུ་འཇུག་པའི་སེམས་ད་ལྟ་བ་ནི་དེ་འདྲའི་རྒྱུ་སྔ་མའི་སེམས་དེ་མེད་ན་མི་འབྱུང་བ་ཉིད་དུ་ངེས་པ་དེ་ཕྱིར་སེམས་རང་གི་ཉེར་ལེན་གྱི་རྒྱུ་ལ་བརྟེན་པ་ཁོ་ན་ཡིན་ནོ། །གཉིས་པ་སེམས་སྔ་མ་གོམས་པའི་འདུ་བྱེད་ཀྱི་རྗེས་སུ་འཇུག་


MR20_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་པར་ལུས་ཁོ་ནའི་རྗེས་སུ་འཇུག་པ་ཡིན་ན། ཇི་ལྟར་ན་སེམས་རང་ཉིད་ལ་བརྟེན་པར་བྱས་ནས་གཞུང་ལུགས་ཐོས་པ་དང་བཟོ་ཡི་གནས་ལ་སོགས་པ་གོམས་པའི་འདུ་བྱེད་སྔར་ཡོད་པར་གྱུར་པ་ལས། བར་དེར་མངོན་དུ་མ་གྱུར་བའི་དུས་རིང་པོས་ཆོད་ཀྱང་ཇི་ཞིག་ན་སྐབས་སུ་རྐྱེན་ལས་སད་པ་ན་སེམས་ཉིད་ལ་ནི་དུས་དེར་གསལ་པོར་སྔར་གྱི་གོམས་པ་མངོན་དུ་གྱུར་པ་ཡོད་དེ་ཀློག་ལ་སོགས་པ་གོམས་པ་དེ་རེ་ཞིག་བཞག་ནས་ལས་གཞན་གྱིས་གཡེང་བར་གྱུར་ཀྱང་ནམ་ཀློག་འདོད་ན་ཡང་མངོན་དུ་འགྱུར་བ་བཞིན་ནོ། །དེ་དག་ནི་སེམས་སྔ་མའི་འདུ་བྱེད་ཀྱི་རྒྱུན་སེམས་ཕྱི་མ་ཡིན་པས་སྔ་མས་བསྒོས་པའི་བག་ཆགས་ད་ལྟ་བའི་སེམས་ལ་ཡོད་པའི་དབང་གིས་ཡིན་ཏེ། ས་བོན་སྔ་མ་སྔ་མའི་ནུས་པ་སོགས་ཕྱི་མ་ཕྱི་མ་ལའང་དེ་འདྲ་བ་ཡོད་པ་བཞིན་ནོ། །གལ་ཏེ་སེམས་སེམས་ཀྱི་ཉེར་ལེན་མ་ཡིན་པར་ལུས་སེམས་ཀྱི་ཉེར་ལེན་ཡིན་ན་ཉེར་ལེན་དང་ཉེར་ལེན་ཅན་དེ་དུས་ཐ་དད་མེད་པར་སྒྲོན་མེ་དང་འོད་ལྟར་ཁྱོད་ཀྱིས་འདོད་པའི་ཕྱིར་སེམས་ལ་བཟོ་སོགས་ཀྱི་ཡོན་ཏན་ཁྱད་པར་བ་རེ་མངོན་དུ་གྱུར་པ་ན་དེ་ལྟར་དེའི་ཉེར་ལེན་ལུས་ལའང་མི་འདྲ་བའི་ཡོན་ཏན་ཁྱད་པར་བ་རེ་རེ་ཡོད་པར་དམིགས་དགོས་པར་འགྱུར་ཏེ། བུམ་པའི་གྲིབ་མ་གྲུ་བཞིར་སྣང་དུས་བུམ་པ་ལ་ཡང་གྲུ་བཞི་ཡོད་དགོས་པ་བཞིན་ནོ། །འགྲེལ་པ་གཞན་ན་ལུས་དང་བློ་ཐ་མི་དད་པར་འདོད་པའི་ཕྱིར་ལུས་ལའང་བཟོ་སོགས་ཤེས་པ་ཡོད་པར་ཐལ་ཞེས་འགོད་པར་སྣང་ངོ་། །གཉིས་པ་རང་ལུགས་ལ། དངོས་དང་རྩོད་པ་སྤང་བའོ། །དང་པོ་གཞན་རྒྱང་འཕེན་པ་སོགས་ཀྱིས་འཇིག་རྟེན་སྔ་མ་ནས་འདིར་འཕོས་པ་


MR20_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཡང་ལུས་ལས་བློ་གསར་དུ་སྐྱེའོ་ཞེས་འདོད་པ་ལ་སྒྲུབ་བྱེད་མེད་པར་བཀག་ནས་རང་ལུགས་སྲིད་པར་སྐྱེ་བ་ལེན་ཚུལ་བཤད་པ་ནི། རྒྱུ་གང་གིས་ན་བདག་ཏུ་འཛིན་པ་མ་སྤངས་ཤིང་བདག་ལ་ཆགས་པ་དང་ལྡན་པས་སོ། །སུ་ཞིག་ཅེ་ན་སེམས་ཅན་འཁོར་བ་པ་རྣམས་སོ། །ཇི་ལྟར་ན་དབང་ཕྱུག་ལ་སོགས་པ་གཞན་གྱིས་སྐྱེ་གནས་དེར་བཀྲི་བའམ་ཁ་དྲངས་ནས་འཕངས་པ་ལྟ་བུ་མིན་པར་རང་ཉིད་བདེ་སྡུག་དོར་ཐོབ་སྟེ་བདེ་བ་ཐོབ་འདོད་དང་སྡུག་བསྔལ་དོར་བར་འདོད་པས་ན་སྲིད་པར་འཇུག་པ་ཡིན་ནོ། །གང་དུ་ཞེ་ན་དམན་པའི་གནས་ཏེ་ཟག་པ་བཅས་ཀྱི་ལུས་འགྲུབ་པར་བྱེད་པ་མངལ་གྱི་གནས་ནི་ཡོངས་སུ་ལེན་པ་སྟེ་དང་དུ་ལེན་པར་བྱེད་དོ། །རང་གིས་མངལ་གྱི་གནས་ཡོངས་སུ་ལེན་པ་ཡིན་ན་ཇི་ལྟར་ཁྱི་ཕག་ལ་སོགས་པའི་མངལ་གྱི་གནས་ངན་པ་དག་ཡོངས་སུ་འཛིན་རིགས་ཏེ་དེས་ན་དབང་ཕྱུག་ལ་སོགས་པས་འཕངས་པ་ཡིན་ནོ་ཞེ་ན། དེས་དེ་ལྟར་དམན་པ་ལ་དམན་པར་ཤེས་ཤིང་མི་སྲེད་པ་ཞིག་ན་དེ་ལྟར་བདེན་ཀྱང་རྨོངས་པའི་དབང་གིས་མི་ཤེས་ཏེ། སྐྱེ་བའི་གནས་མངལ་ལ་སོགས་པ་དང་ཟག་བཅས་ཀྱི་ལུས་གྲུབ་པ་སྡུག་བསྔལ་གྱི་རྟེན་ཅན་ཡིན་ཡང་། ཕྱིན་ཅི་ལོག་གི་བློ་བྱུང་ནས་བདེ་བར་ལྟ་བའི་རྨོངས་པ་དང་། དེའི་དབང་གིས་ཡུལ་དེ་ལ་སྲེད་པ་སྐྱེ་ཞིང་སྲེད་པས་ཀུན་ནས་དྲངས་ཏེ་དམན་པའི་གནས་ཡིན་ཀྱང་འཇུག་པ་ནི་ཆགས་ཅན་སྨད་འཚོང་མའི་ཁང་པར་འཇུག་པ་དང་ཕག་མི་གཙང་བའི་འདམ་དུ་འཇུག་པ་ལ་སོགས་པ་བཞིན་ནོ། །དེས་ན་ཕྱིན་ཅི་ལོག་གི་རྨོངས་པ་དང་སྲེད་པ་གང་ཞིག་སེམས་ཅན་རྣམས་འཁོར་བར་ཀུན་ནས་འཆིང་བ་ཉིད་དུ་བྱེད་པ་དེ་དག་ནི་སྲིད་པར་སྐྱེ་བའི་རྒྱུ་ཡིན་ལ། གང་ཟག་གང་ལ་


MR20_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རྨོངས་སྲེད་དེ་གཉིས་མེད་པ་དེ་ནི་འཁོར་བར་སྐྱེ་བར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ། གལ་ཏེ་སྐྱེ་བ་བརྒྱུད་མར་སྐྱེ་གནས་སུ་འཇུག་པའི་གང་ཟག་ཡོད་ན་མཐོང་རིགས་པ་ལ། སུས་ཀྱང་འདི་ནས་ཕ་རོལ་དུ་འགྲོ་བ་དང་དེ་ནས་འདིར་འོང་བ་མ་མཐོང་བས་དེ་མེད་དོ་ཅེ་ན། སུས་ཀྱང་མཐོང་མི་སྲིད་པ་ནི་མ་ཡིན་ཏེ་རྣལ་འབྱོར་དང་ལྡན་པས་མཐོང་ལ། རང་གིས་མ་མཐོང་བ་ཙམ་གྱིས་ནི་དེར་མ་ངེས་ཏེ་བར་སྲིད་དེ་ཡོད་ཀྱང་ཐ་མལ་པ་རྣམས་ལྷ་ལ་སོགས་པ་བཞིན་དུ་དབང་པོ་མི་གསལ་བའི་ཕྱིར་མ་མཐོང་བ་སྟེ། དཔེར་ན་མིག་མི་གསལ་བ་ཡིས་དུ་བ་ཆུང་ངུ་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །གལ་ཏེ་ལུས་དྭངས་བས་མི་མཐོང་ན་ཡང་དེ་ལུས་ཅན་ཡིན་པའི་ཕྱིར་རྡོའི་ནང་དང་མངལ་ལ་སོགས་པར་ཐོགས་མེད་དུ་འཇུག་མི་སྲིད་དོ་ཟེར་ན། ལུས་ཅན་ཡིན་ཡང་ཤིན་ཏུ་དྭངས་ཤིང་ཕྲ་བའི་སྟེ་ཐོགས་བཅས་ལྟར་མིན་པའི་ཕྱིར་དེ་འདྲའི་ལུས་ཀྱི་དངོས་པོ་འགའ་ཞིག་ནི་ལས་ཀྱིས་མཚམས་མ་བཅད་པའི་ཡུལ་ལ་ལར་ཐོགས་པ་མེད་དེ་དཔེར་ན། རྫ་གསར་པ་ལ་ཆུ་བཞིན་དང་གསེར་ལ་དངུལ་ཆུ་འཇུག་པ་དང་ཤེལ་ལ་ཉི་འོད་བཞིན་ནོ། །དེས་ན་བར་སྲིད་དེ་ལ་སོགས་པ་བསྐལ་དོན་རྣམས་ཐ་མལ་པ་རང་གིས་མ་མཐོང་ཕྱིར་ན་མེད་པ་མིན་ནོ། །གཉིས་པ་ལུས་ལས་བློ་སྐྱེ་བ་ལ་གནོད་བྱེད་ཡོད་པ་ལའང་། ཡན་ལག་ཅན་ལས་སྐྱེ་བ་མིན། །ཡན་ལག་ལས་ཀྱང་མིན་པའོ། །དང་པོ་ལ། ཡན་ལག་ཅན་ལ་གནོད་པ་བརྗོད། །དེ་འགོག་མི་འཐད་རྩོད་པ་སྤང་། དང་པོ། གལ་ཏེ་ལུས་ལས་བློ་སྐྱེ་ན་ལུས་རིལ་པོ་ཡན་ལག་ཅན་ལས་སྐྱེ་བའམ། ཡན་ལག་ལས་ཡིན། ཡན་ལག་ཅན་གྱི་རྫས་ལས་སོ་ཟེར་ན།


MR20_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཅན་ཞེས་པ་བཏགས་པ་ལས་རྫས་སུ་མེད་ལ་དེ་འབྱུང་བ་བཞི་ཡང་མིན་པས་ན་དེ་ལས་ཇི་ལྟར་སྐྱེ། གང་གི་ཕྱིར་ན། ལུས་ཞེས་པ་གཅིག་མ་གྲུབ་སྟེ་གྲུབ་ན་ལག་སོགས་འདི་རྣམས་དང་གཅིག་ཡིན་ནམ་ཐ་དད་ཡིན། ཐ་དད་པར་མ་དམིགས་པས་ཁེགས་ལ། དེ་ལས་སྐྱེ་བར་ཁས་བླངས་ཀྱང་མངོན་སུམ་གྱི་ཡུལ་དུ་གྱུར་པའི་འབྱུང་བ་བཞི་ལས་མི་སྐྱེ་བར་ཡང་གྲུབ་པས་ཕ་རོལ་གྱི་འདོད་པ་མི་འགྲུབ་བོ། །གཅིག་ཡིན་ན་ལག་པ་སོགས་ཡན་ལག་གང་ཡང་རུང་བ་གཅིག་གཡོ་བ་ན་ལུས་ཐམས་ཅད་དག་གཡོ་བར་འགྱུར་དགོས་པའི་ཕྱིར་མངོན་སུམ་གྱིས་བསལ་ལ། གཡོ་མི་གཡོ་ཆ་གཉིས་ཡོད་ན་འགལ་བ་ཅན་གྱི་ལས་གཉིས་ནི་གཞི་གཅིག་ལ་མི་རུང་བའི་ཕྱིར་གཡོ་བ་དང་མི་གཡོ་བའི་ཡན་ལག་དེ་རྣམས་ལས་གཞན་དུ་ཐ་དད་པར་གྲུབ་པར་འགྱུར་ཞིང་། ཐ་དད་ན་འདུ་བས་གཅིག་ཏུ་འབྲེལ་མི་ནུས་ལ། དེ་ལྟ་ན་ལག་སོགས་ཡན་ལག་ཐམས་ཅད་གང་ཡང་ལུས་མིན་པར་འགྱུར་རོ། །སྤྱིར་ཕྱི་རོལ་པས་ཡན་ལག་ཅན་གྱི་རྫས་ཡན་ལག་ལས་ཐ་དད་པར་ཁས་ལེན་ལ། དེ་ཡན་ལག་དང་འདུ་བས་འབྲེལ་ཕྱིར་ཐ་དད་དུ་མི་དམིགས་པར་འདོད་ཀྱང་དེ་རྫས་སུ་མེད་པར་དཔྱད་པ་འདིས་ནུས་པས་ན་འདུ་འབྲེལ་དང་ཁྱད་པར་སྦྱར་ནས་དཔྱད་མི་དགོས་སོ། །དེ་བཞིན་ཡན་ལག་གཅིག་གོས་ལ་སོགས་པས་བསྒྲི༷བས་པ་ན་ཆ་ཐམས་ཅད་དག་བསྒྲི༷བས་པར་འགྱུར་པའམ། ཡང་ན་གཅིག་མ་བསྒྲིབས་པ་ཡོད་ན་དེ་བཞིན་དུ་བསྒྲིབས་པར་བྱས་པ་དེ་ཡང་མཐོང་བར་འགྱུར་ལ། གཅིག་ཚོན་གྱིས་བསྒྱུར་ན་ལྷག་མ་རྣམས་ཀྱང་བསྒྱུར་བའམ། ཡང་ན་བསྒྱུར་བ་དེ་ཡང་ལྷག་མ་རྣམས་དང་འདྲ་བར་མ་བསྒྱུར་བར་རྟོགས་པར་འགྱུར་རོ། །བྱ་


MR20_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྡན་པ་ཡོན་ཏན་འགལ་བ་དེ་གསུམ་གྱིས་མཚོན་ཏེ་ཆ་ཐ་དད་པ་ཀུན་ཀྱང་རིགས་འགྲེ་བ་ཡིན་པ་དེ་ལྟ་བུའི་ཕྱིར་ཚོགས་པའམ་ཡན་ལག་ཅན་ནམ་ལུས་ཞེས་བྱ་བ་རིལ་པོ་གཅིག་རྫས་སུ་ཡོད་པ་མིན་ནོ། །གཉིས་པ་ལ། དེ་མེད་ཀྱང་ནི་མཐོང་སོགས་འཐད། །མེད་ཀྱང་སྒྲ་འཇུག་འཐད་པའོ། །དང་པོ་ལ། མཐོང་སོགས་མི་འཐད་རྩོད་པ་སྤོང་། །འཐད་པ་གཞན་འདོད་དཔེ་ཡིས་བསྟན། །དང་པོ་ལ། དངོས་དང་དེས་གཞན་ཁེགས་ཚུལ་ལོ། །དང་པོ་ནི། གསལ་བྱེད་པ་སོགས་ན་རེ། དེ་ལྟར་ཡན་ལག་ཅན་གྱི་རྫས་འགོག་པ་མི་འཐད་དེ། ཡན་ལག་ཅན་ཞེས་པ་མེད་པར་དུ་མ་ཚོགས་པ་ཙམ་ཉིད་ཡིན་ན་སྔ་མ་མ་ཚོགས་པའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་བཞིན་དུ་ཚོགས་པའི་དུས་ནའང་སྔར་དང་ཁྱད་པར་མེད་པའི་ཕྱིར་དང་། ལུས་ལ་སོགས་པ་དེ་ཡི་ངོ་བོ་ཡང་རྡུལ་ཕྲ་རབ་ཡིན་པའི་ཕྱིར་ཕྲ་རབ་ཀྱི་རྡུལ་དབང་པོས་མི་ཟིན་པ་ལྟར་ཚོགས་པའི་སྐབས་ནའང་དབང་པོ་ལས་འདས་པས་བུམ་སོགས་ལ་འདི་དང་འདི་ལྟ་བུ་ཞེས་བློས་རྟོགས་པ་མིན་ནོ་ཞེ་ན། བུམ་སོགས་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་སུ་ཟིན་ཀྱང་མ་ཚོགས་པ་དང་ཚོགས་པའི་གནས་སྐབས་ཀྱི་རྡུལ་ལ་ཁྱད་མེད་པར་མ་གྲུབ་སྟེ། ཚོགས་པའི་རྡུལ་ཁྱད་པར་ཅན་རྣམས་ནི་དབང་པོའི་ཡུལ་ཡིན་པ་དེ་ཕྱིར་སྔར་མ་ཚོགས་པའི་རྡུལ་ཕྲན་དབང་པོ་ལས་འདས་པ་དེ་མིན་ཏེ་དབང་པོ་སྐྱེད་ནུས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །དེ་ནི་རྒྱུ་ཚོགས་པའི་མཐུས་ཡིན་གྱི་ཕྲ་རབ་རང་གི་ངོ་བོས་མ་ཡིན་ཏེ་སྔར་ས་སོགས་ཚོགས་པ་དང་མ་ཚོགས་པའི་སྐབས་ལ་ཁྱད་ཡོད་པར་བརྗོད་པ་བཞིན་ནོ། །དེས་ན་ཚོགས་པའི་དུས་ན་རྡུལ་ཕྲ་རབ་ཀྱི་ཐ་


MR20_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་དུ་མི་བྱ་བར་བུམ་པ་ལ་སོགས་པའི་ཐ་སྙད་དུ་བྱ་བ་ཡིན་ཏེ། སྣམ་བུ་ལ་སྣལ་མ་ཞེས་མི་བྱ་བ་བཞིན་ནོ། །གཉིས་པ། སྔར་དང་ཁྱད་མེད་པར་མ་ཡིན་པར་བསྟན་པའི་རིགས་པ་འདིས་ནི་ཡན་ལག་ཅན་རགས་པ་རྫས་སུ་མེད་ན་རྡུལ་ཕྲ་རབ་བཞིན་དུ་ཀ་བུམ་སོགས་ཀྱང་ཕན་ཚུན་སྒྲིབ་པར་བྱེད་པ་མེད་པ་དང་། ཐོགས་བཅས་ལ་སོགས་པ་མེད་པ་ཉིད་དུ་བརྗོད་པ་དག་ཀྱང་བསལ་བ་ཡིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་ལན་དགག་པ། དང་པོ། ཕྱི་རོལ་པ་འདི་དག་གིས་ཞེ་འདོད་ལ་བུམ་པའི་རྡུལ་རྣམས་ཀྱིས་བུམ་པའི་ཡན་ལག་ཅན་གྱི་རྫས་རྩོམ་གྱི་གཞན་ཀ་བ་སོགས་ཀྱི་ནི་མིན་ཏེ་དེ་ལྟར་ཡིན་ན་རིལ་རྫས་གཅིག་ཏུ་འགྱུར་རོ། །དེས་ན་ཡན་ལག་ཅན་སོ་སོ་བའི་རྡུལ་རིགས་མི་མཐུན་པ་རྣམས་ཀྱིས་རྫས་མི་རྩོམ་ལ་རིགས་མཐུན་པས་རང་གི་རྫས་དེ་རྩོམ་པར་ཁས་བླངས་པ་ཡིན་ནོ། །གཞན་གྱིས་འདོད་པའི་ཁས་ལེན་དེ་དང་མཐུན་པར་དཔེ་བསྟན་པ་ནི། དངུལ་ཆུ་གསེར་དང་འདྲེས་པའམ་རྡོ་ཚན་མོ་ལ་སོགས་པ་ཁྱོད་ལ་ཇི་ལྟར་སྣང་སྟེ་གསེར་དང་དངུལ་ཆུ་རྡོ་དང་མེ་ཡི་རྫས་རིགས་མི་མཐུན་པ་ཡིན་ལ། རིགས་མི་མཐུན་པའི་རྡུལ་དེ་དག་གིས་ཕན་ཚུན་བར་ཆོད་ནས་སྔར་བརྩམས་པའི་རྫས་ནི་འཇིག་པར་འགྱུར་ལ་གསར་དུ་དེས་བརྩམས་པའི་ཡན་ལག་ཅན་གྱི་རྫས་མི་སྲིད་ཅིང་། ཡན་ལག་ཅན་མེད་ན་མི་མཐོང་བར་ཁྱོད་ཀྱིས་ཁས་བླངས་པ་ཡིན་ནོ། །དེ་ལྟ་ནའང་གསེར་དང་དངུལ་ཆུ་འདྲེས་པ་སོགས་མངོན་སུམ་མཐོང་བས་གནོད་དོ། །དེ་བཞིན་དུ་འོ་ཆུ་སོགས་ཀུན་ལ་སྦྱར་རོ། །གཞན་ཡང་ཁྱོད་ལྟར་ན་དབང་པོ་དང་གཟུགས་ལ་སོགས་པ་སོ་སོར་ཤེས་སྐྱེད་ཀྱི་ནུས་པ་མེད་པ་


MR20_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔར་དང་ཁྱད་མེད་པར་འདོད་ལ་དེ་ལྟ་ན་དེ་ཚོགས་པས་རྟོ༷གས་པ་སྟེ་དབང་ཤེས་དག་ནི་སྐྱེད་པ་ཇི་ལྟར་ཡིན་ཏེ་མི་འཐད་དོ། །དབང་སོགས་དེ་རྣམས་ལ་ཡན་ལག་ཅན་གྱི་རྫས་མེད་ཀྱང་ལྡན་པ་ཡོད་པ་ལས་སྐྱེད་པ་ཡིན་ནོ་ཞེ་ན། ལྡན་པ་འདིར་ཡང་ཐལ་བ་དེ་མཚུངས་ཏེ་སྔར་སོ་སོར་ལྡན་པ་མེད་པ་བཞིན་ཚོགས་ཀྱང་སྔར་དང་ཁྱད་མེད་པར་ཁས་བླངས་པའི་ཕྱིར་ལྡན་པ་ཡོད་པར་མི་རིགས་སོ། །གཉིས་པ། གལ་ཏེ་གསེར་དང་དངུལ་ཆུ་སོགས་ལ་ནི་ཡན་ལག་ཅན་མེད་ཀྱང་རྡུལ་རིགས་མི་མཐུན་པ་ཚོགས་པ་ལ་ལྡན་པ་ཡོད་པས་སྣང་བ་ཡིན་ནོ་ཞེ་ན། རྟེན་ལྡན་པ་ཉིད་མཐོང་བ་མེད་པར་དེ་དབང་ཤེས་ཀྱི་རྒྱུ་མཚན་ཡིན་པར་གང་ལས་རྟོགས་ཏེ། དབང་ཤེས་སྐྱེད་པ་པོ་དེ་ཡིན་པར་འདོད་ན་དེ་སྣང་རིགས་པའི་ཕྱིར་རོ། །གཞན་ཡང་བུར་ཆང་སྦྱར་བའམ་སྒེའུ་གཤེར་དང་བུ་རམ་སོགས་རྫས་སྣ་ཚོགས་སྦྱར་བའི་བཏུང་བ་ལ་བཏུང་བ་འདི་ཡི་རོ་འདི་ལ་གཟུགས་འདི་དང་དྲི་ལ་སོགས་པ་འདི་ལྟ་བུ་དང་ལྡན་ཞེས་པར་སྣང་བ་འགལ་ཏེ། རིགས་མི་མཐུན་པའི་རྫས་དེ་དག་ལ་ཡན་ལག་ཅན་མེད་ཅིང་། རོ་ནི་ཡོན་ཏན་ཡིན་ལ་གཟུགས་སོགས་ཀྱང་ཡོན་ཏན་ཡིན་ཞིང་ལྡན་པའང་ཡོན་ཏན་ཡིན་པས་ན་ཡོན་ཏན་ལ་ཡོན་ཏན་ཡོད་ན་ཐུག་པ་མེད་ཅིང་། ཁྱོད་ཀྱིས་ཀྱང་རྫས་ལ་ཡོན་ཏན་ལྡན་པར་ཁས་བླངས་ཀྱི་ཡོན་ཏན་ལ་ཡོན་ཏན་མེད་ཅེས་འདོད་པས་སོ། །གལ་ཏེ་རོ་ལ་གཟུགས་སོགས་ལྡན་པར་བརྗོད་པ་ནི་གཞན་དང་གཞན་གྱི་ཆ་ལས་ཉེ་བར་བཏགས་པ་ཙམ་ལས་དེ་ལྟར་འདོད་དོ་ཅེ་ན། ཁུར་བུ་བ་ལ་བ་ལང་དུ་བཏགས་ཀྱང་བ་ལང་ཉིད་དུ་མི་དམིགས་པའམ། བུམ་པ་དང་ཉེ་བའི་བ་ལང་ལ་བ་ལང་དང་བུམ་པ་ལྡན་པར་བཏགས་པ་ལྟར་


MR20_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཞོ་ལྟ་བུའི་རོ་དང་གཟུགས་སོགས་དམིགས་པའི་བློ་ཐ་དད་པར་འགྱུར་གྱི་ཞོ་མངར་ཞེས་པ་དང་ཞོ་སེར་ལྟ་བུར་མི་འཛིན་པར་འགྱུར་ནའང་དེ་མིན་པར་མངོན་སུམ་གྱིས་བསལ་ཏེ། ཇི་ལྟར་རྫས་རིགས་མི་མཐུན་པ་འདྲེས་པའི་རོ་གཟུགས་དང་། རིགས་མཐུན་པའི་རོ་གཟུགས་ལའང་སྣང་བའི་སྒོ་ནས་སྣང་ཚུལ་ཐ་དད་པ་མེད་ལ་རྟོག་པའི་སྒོ་ནས་ཐ་དད་དུ་འབྱེད་དུ་ཡོད་པ་ཙམ་ཡིན་ནོ། །འདི་ནི་རིགས་མི་མཐུན་པ་འདྲེས་པར་མ་ཟད་བུ་རམ་སྨུག་པོའི་གཟུགས་འདི་རོ་མངར་བ་དང་ལྡན་ཞེས་ཐ་སྙད་བྱེད་པ་ལྟ་བུ་ལའང་ཤེས་པར་བྱའོ། །གཞན་ཡང་ཇི་ལྟར་བྱ་དང་དམག་དང་རྡེའུ་ལ་སོགས་པ་ཕྲེང་དུ་བསྒྲིགས་པ་ལ་འཕྲེང་བ་རིང་པོ་ཞེས་བྱར་ཐ་སྙད་འདོགས་པར་འགྱུར་ཏེ། དེ་དག་རྫས་སོ་སོ་བ་རེ་རེ་བཞིན་བསྒྲིགས་པ་ཡིན་གྱི་ཐུན་མོང་པར་འགྱུར་བའི་རྫས་གཅིག་མེད་ལ། ཡོན་ཏན་རིང་པོ་ཞེས་པའི་སྒྲ་ནི་ཐུན་མོང་ཡིན་གྱི་གཅིག་ལ་རིང་པོ་ཞེས་བརྗོད་པ་ནི་མ་ཡིན་ནོ། །དེ་དག་རྫས་རིགས་མི་མཐུན་པ་དེས་བརྩམས་པའི་རྫས་གཅིག་མེད་པ་དེས་ན་ཡོན་ཏན་རིང་པོ་ཞེས་པ་དེ་རྫས་དང་ལྡན་པར་ཡང་ག་ལ་འགྱུར་ཏེ་རྫས་མེད་པས་སོ། །གཞན་ཡང་ཕྲེང་བའང་བཀོད་པའི་ཡོན་ཏན་ཡིན་ལ། རིང་པོའང་དབྱིབས་ཡིན་པས་གཉིས་ཀའང་ཚད་ཀྱི་ཡོན་ཏན་ནོ། །དེའི་ཕྱིར་ན་གྲངས་ལ་སོགས་པ་འདི་དག་རྫས་ལས་ཐ་དད་པར་ཕྱི་རོལ་གྱི་དངོས་པོ་ལ་ཡོད་པའི་དབང་གིས་དེ་དང་དེའི་སྒྲ་འཇུག་པ་མིན་ཏེ། གྲངས་སོགས་དེ་དང་ལྡན་པ་བུམ་པ་ལྟ་བུའི་རང་གི་ངོ་བོ་དང་། དེ་ལ་གཅིག་ལ་སོགས་པའི་མིང་གིས་བརྗོད་པ་འདི་ཙམ་སྣང་གི་དེ་དག་ལས་ཐ་དད་པར་གྲངས་དང་


MR20_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དང་། ལས་དང་། རྣམ་པར་དབྱེ་བ་དང་གཞན་དང་གཞན་མིན་དང་སྤྱི་ལ་སོགས་པ་ཡི་ངོ་བོ་ནི་བུམ་སོགས་ལས་ཐ་དད་དུ་ཡོད་པའི་རང་མཚན་ཅི་ཡང་བློ་ལ་མི་སྣང་བས་རྟོག་པས་སྒྲོ་བཏགས་པ་ཙམ་དུ་ཟད་པར་སྣང་ངོ་། །གཉིས་པ། ཡན་ལག་ཅན་མེད་ཀྱང་དེའི་སྒྲ་འཇུག་པར་འཐད་པ་ལ། སྒྲ་རྣམས་དངོས་ཡུལ་ཅན་འདོད་དགག །ལྡོག་པའི་ཡུལ་ཅན་ཡིན་ཚུལ་བསྟན། །དང་པོ་ལ། དངོས་ཡུལ་མེད་ཀྱང་འཇུག་ཚུལ་བསྟན། །དངོས་བཏགས་ཕྱེ་བའི་གཞན་ལན་དགག །དང་པོ། གྲངས་ལ་སོགས་པའི་སྒྲ་ཤེས་སམ་སྒྲ་བློ་ནི་བརྗོད་བྱའི་དངོས་པོ་ཐ་དད་པ་སྟེ་ལྡོག་པའི་རྣམ་པ་མི་འདྲ་བའི་རྗེས་སུ་འབྲང་བ་རྣམ་པར་རྟོ༷ག་པས་སྒྲོ་བཏགས་པའི་དོན་ཅན་ཡིན་གྱི་ཡུལ་རང་མཚན་པ་མེད་དེ། དཔེར་ན་ཕྱི་རོལ་པ་རང་གི་ཡང་ཡོན་ཏན་ལ་ཡོན་ཏན་མེད་ཀྱང་ཡོན་ཏན་ཉེར་བཞི་དང་། ཡོན་ཏན་ཆེན་པོ་ལ་སོགས་པའི་སྒྲ་བརྗོད་པ་དང་ཞིག་པ་དང་མ་སྐྱེས་པའི་དོན་རྫས་སུ་མེད་པ་དག་ལ་ཡང་སྔར་བུམ་པ་བརྒྱ་བྱུང་ངོ་མ་འོངས་པ་ན་བུམ་པ་བརྒྱ་ཡོད་པར་འགྱུར་རོ་ཞེས་སོགས་ཀྱི་སྒྲ་འཇུག་པ་བཞིན་ནོ། །གཉིས་པ། གལ་ཏེ་བཤད་མ་ཐག་པ་འདིར་ནི་ཡོན་ཏན་སོགས་དོན་ལ་ཡོད་མི་སྲིད་ཀྱང་བློས་བཏགས་པ་ཙམ་དུ་འདོད་ཟེར་ན། དོན་ལ་མེད་ཀྱང་འདོག་པའི་རྒྱུ་མཚན་གང་གིས་དེ་ལ་དེ་ལྟར་འདོགས་པར་འདོད་པ་དེ་ནི་དངོས་པོ་ཐམས་ཅད་ལ་ཡང་གྲངས་སོགས་ཐ་དད་དུ་མེད་ཀྱང་བཏགས་པ་དེ་དག་གི་རྒྱུས་འདོགས་པར་ཅིས་མི་འདོད་དེ་ཚུལ་མཚུངས་སོ། །གལ་ཏེ་དངོས་པོ་ཀུན་ལ་ཉེ་བར་བཏགས་པ་མིན་ཏེ་དངོས་སུ་གྲངས་སོགས་ཐ་དད་དུ་ཡོད་པའི་ཁྱད་པར་དང་ལྡན་པ་ད་ལྟའི་བུམ་པ་ལ་བུམ་པ་གཅིག་ཅེས་པ་ལྟ་བུ་དངོས་མིང་ཡིན་པས་གཙོ་བོ་ཞེས་བྱ་བ་ཉིད་དེ་ནོག་དང་ལྐོག་ཤལ་དང་ལྡན་པ་གཙོ་བོ་ལ་བ་ལང་གི་སྒྲ་དངོས་མིང་ཡིན་པ་བཞིན་ནོ། །དངོས་མིང་མ་གྲུབ་པ་ཞིག་ན་བཏགས་པའང་མི་སྲིད་དེ་ནོག་སོགས་ལྡན་པ་ལ་བ་ལང་ཞེས་པ་དངོས་མིང་དུ་མ་ཞུགས་ན་ཁུར་བུ་བ་ལའང་བཏགས་སུ་མེད་པ་བཞིན་ནོ། །གང་ལས་ཐ་དད་པ་ཡི་གཅིག་ལ་སོགས་པ་མེད་པ་ཞིག་པའི་བུམ་


MR20_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ལ་ནི་ཐ་དད་པའི་སྒྲ་གཅིག་ལ་སོགས་པ་ནི་དོན་མེད་པའི་སྒྲ་ཙམ་ཡིན་ཏེ་བ་ལང་གི་དོན་ནོག་སོགས་མི་ལྡན་ཡང་རྨོངས་པའམ་ཁུར་བུ་བ་ལ་བ་ལང་ཞེས་བཏགས་པ་བཞིན་ནོ་ཞེ་ན། དངོས་བཏགས་ཕྱེ་བ་མི་འཐད་དེ། འདིར་བརྗོད་བྱའི་དོན་རང་ཉིད་མེད་ན་སྒྲ་འཇུག་པ་མི་འཐད་པར་རྩོད་པའི་སྐབས་ཡིན་པས་ན་དོན་མེད་ཀྱང་བཏགས་པས་འཇུག་པ་ཡོད་ན་ཕ་རོལ་པོ་རང་གི་ཞེ་འདོད་འཇིག་པར་གྲུབ་པ་ཡིན་ནོ། །དེ་ལྟ་ན་དོན་ཐ་དད་པའི་སྒྲ་བློའི་རྒྱུ་མེད་ན་བུམ་པ་དང་གཅིག་ཅེས་པ་སོགས་སྒྲ་བློ་རྣམ་གྲངས་པར་འགྱུར་ཞེས་པ་དོན་མེད་དེ། ཕ་རོལ་པོ་ལྟར་ན་ཡང་། དོན་གཞན་གྱི་རྒྱུ་མཚན་ཅན་མིན་ཡང་ཡོན་ཏན་དཀར་པོ་དང་དམར་པོ་ལ་སོགས་པ་གཅིག་སོགས་ཀྱི་གྲངས་དང་རྣམ་པར་དབྱེ་བ་དང་གཞན་མིན་སོགས་དང་ལྡན་པར་བརྗོད་པའི་སྒྲ་ནི་རྣམ་གྲངས་བ་མིན་པར་འདོད་པ་བཞིན་དངོས་པོ་ཐམས་ཅད་ལ་ཡང་འགྱུར་རོ། །གལ་ཏེ་ཡོན་ཏན་དཀར་པོ་ལ་སོགས་པ་དེ་ལའང་གྲངས་སོགས་ཀྱི་ཡོན་ཏན་དོན་གཞན་དུ་ཡོད་ན་ཡོན་ཏན་དང་རྫས་ནི་ཁྱད་མེད་པར་འགྱུར་ཏེ་ཁོ་རང་གི་རྫས་ཀྱི་མཚན་ཉིད་ནི་ཡོན་ཏན་དང་བྱ་བ་སོགས་ཀྱི་རྟེན་དུ་གྱུར་པའམ་དེ་དག་གི་འཕྲོད་པ་འདུ་བའི་རྒྱུ་བྱེད་པར་འདོད་ལ། དེ་ལྟ་ན་དཀར་པོ་ལ་སོགས་པ་འདི་ཡང་རྫས་སུ་ཐལ་ཏེ། གྲངས་སོགས་ཀྱི་ཡོན་ཏན་དང་ཐུར་དུ་ལྷུང་བའི་བྱ་བ་དག་གི་རྟེན་དུ་གྱུར་བས་སོ། །ཕྱི་རོལ་པ་འདི་དག་གི་ཞེ་འདོད་ནི་རྡུལ་ཕྲ་རབ་གཉིས་ལ་སོགས་པས་བརྩམས་པའི་རྫས་ནི་བུམ་པ་ལ་སོགས་པ་ཡིན་ཞིང་། དེ་ལ་ཡོན་ཏན་དང་ལས་དང་སྤྱི་དག་ནི་འཕྲོད་པ་འདུ་བས་འབྲེལ་ནས་གནས་སོ་སྙམ་པའོ། །ཡོན་ཏན་ཉེར་བཞི་སྟེ། གཟུགས་དྲི་རོ་རེག་གྲངས་ཚད་དྲུག །སོ་སོ་བ་ལྡན་རྣམ་དབྱེ་གསུམ། །གཞན་དང་གཞན་མིན་བློ་རྣམས་དང་། །བདེ་སྡུག་འདོད་སྡང་འབད་པ་དང་། །ལྕི་གཤེར་སྣུམ་དང་འདུས་བྱས་དང་། །ཆོས་དང་ཆོས་མིན་སྒྲ་རྣམས་སོ། །ཞེས་པའོ། །གཉིས་པ་ལ། གྲངས་སོགས་སྒྲ་འཇུག་པ་ཡི་རྒྱུ། །སྒྲ་དེ་བརྗོད་པའི་དགོས་པ་དང་། །དེ་ཡིས་བརྗོད་ཚུལ་དཔེ་བརྗོད་བཅས། །དང་པོ། རང་ལུགས་ལ་བ་ལང་དང་དེའི་གྲངས་སོགས་དོན་


MR20_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཐ་དད་དུ་ཡོད་པ་མིན་ཡང་གྲངས་དེ་མིན་པ་སོགས་གཞན་སེལ་བའམ་ལྡོག་པ་ཡི་དབྱེ་བས་སྒྲ་བློ་ཐ་དད་པར་འཇུག་པ་ཡིན་ཏེ་དཔེར་ན་ཕྱི་རོལ་པ་རང་གི་ཡང་དཀར་པོ་ལྟ་བུ་ལ་འདི་ལས་མིན་ཞེས་དང་རྫས་མིན་ཞེས་པའི་སྒྲ་བརྗོད་པ་བཞིན་ནོ། །གལ་ཏེ་དེ་ལྡོག་པས་མིན་པར་དེ་ལ་ལས་མིན་པ་དང་རྫས་མིན་པར་དོན་ལ་གྲུབ་ན་དེ་སྙེད་ཀྱི་ཡོན་ཏན་ཡོད་པ་སོགས་རྣམ་གཞག་འགལ་བར་འགྱུར་རོ། །གཉིས་པ་བརྗོད་བྱ་ཐ་དད་དུ་མེད་ན་བ་ལང་གི་གྲངས་དང་བུམ་པའི་དཀར་པོ་ཞེས་བརྗོད་པ་དོན་མེད་དོ་ཞེ་ན། དངོས་པོ་དེ་ཡི་ལྡོག་པ་བརྗོད་པའི་སྒྲ་རྣམས་ཀྱིས་གྲངས་སོགས་དེ་དང་ལྡན་པ་བུམ་པ་ལྟ་བུ་ལས་ལྡན་ཆོས་གྲངས་སོགས་དེ་ཐ་དད་པ་བཞིན་དུ་བསྟན་པ་གང་དེའང་ངག་དོན་མེད་པ་མ་ཡིན་ཏེ་བུམ་པ་ལྟ་བུའི་སྟེང་གི་གྲངས་གཅིག་ལ་སོགས་པའི་ལྡོག་པ་དེ་ངེས་པར་བཟུང་སྟེ། དེ་མིན་པའི་ཆོས་གཞན་བཅད་ནས་དམིགས་གྱིས་བསལ་བའི་བརྗོད་བྱ་དེ་ཁྱད་པར་དུ་གོ་བར་བྱེད་པ་ཡིན་པས་སོ། །གསུམ་པ་ལ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ། །ཚོགས་དང་ཚོགས་ཅན་བརྗོད་པའི་སྒྲ། །དེས་མཚོན་གཞན་ཡང་རྟོགས་པར་གདམས། །དང་པོ། དངོས་པོ་དེ་ཡི་ལྡོག་པ་གང་ཡང་རུང་བ་དེ་ཙམ་ཞིག་ཤེས་པར་འདོད་པ་ལ་དེ་ལ་ཡོད་པའི་ལྡོག་པ་གཞན་ཀུན་ངག་དེས་འཕངས་པ་མེད་པར་ཏེ་བརྗོད་བྱར་མི་བཟུང་བར་སྤངས་ནས་ནི་སྐབས་ལ་ལར་སོར་མོའི་ལྡན་པ་ཞེས་སོར་མོ་དང་ལྡན་པ་ཐ་དད་པའི་ཆོས་ཡོད་པ་བཞིན་དུ་རྗོད་པར་བྱེད་པ་ནི་ཆོས་བརྗོད་པའི་སྒྲ་སྟེ་ཁྱད་གཞི་སོར་མོའི་སྟེང་གི་ཁྱད་ཆོས་ལྡན་པ་ཙམ་གོ་བར་འདོད་པས་དེ་ཁོ་ན་དམིགས་བསལ་བས་གཞན་ལྡོག་པ་ཀུན་སེལ་བ་ཡིན་ནོ། །ཡང་བརྗོད་བྱའི་དོན་གཅིག་བརྗོད་པ་ལ་ཁྱད་མེད་ཀྱང་ཁྱད་གཞི་དེ་ལ་ཡོད་པ་ཐམས་ཅད་ནི་འཕེན་པའམ་མི་སྤོང་བའི་ཕྱིར་སོར་མོ་ལྡན་པར་འགྱུར་ཞེས་པ་ཆོས་ཅན་བརྗོད་པར་གྲགས་པ་ཡིན་ཏེ། སོར་མོ་ལྡན་པ་ཞེས་པ་ཁྱད་གཞི་ཙམ་དུ་བརྗོད་པ་སྟེ། དཔེར་ན་བུམ་པ་ཞེས་བརྗོད་པ་ལྟ་བུའོ། །དེས་ན་ཁྱད་གཞི་དེ་ལ་ཡོད་པའི་ལྡོག་པ་མཐའ་དག་ངག་དེས་མ་བསལ་བ་སྟེ། ཁྱད་


MR20_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དེ་ལ་དེ་ཀུན་མི་སྤང་བ་ཡིན་པ་ལྟར་ངག་དེས་ཀྱང་སྤང་བར་མི་བྱེད་དོ། །དེས་ན་ཁྱད་གཞི་དང་ཁྱད་ཆོས་ནི་ལྟོས་ནས་བཏགས་པ་ཡིན་པས་ན། གང་ཐ་མི་དད་དུ་བསྟན་པ་ལྟར་བརྗོད་ན་ཁྱད་གཞིར་འགྲོ་ཞིང་། རྣམ་དབྱེས་ཐ་དད་པ་ལྟར་བསྟན་ན་ཁྱད་གཞི་དེ་ལ་ལྟོས་པའི་ཁྱད་ཆོས་དེ་ཙམ་བརྗོད་པར་འགྲོ་ལ། དེས་རང་གི་ཁྱད་གཞི་དེ་ལ་ལྟོས་ནས་ལྡོག་པ་གཞན་ཀུན་སྤོང་གི་ཁྱད་ཆོས་རང་ལ་ལྟོས་པའི་ལྡོག་པ་ཀུན་མི་སྤང་ཡང་སྐབས་ཀྱི་ཆོས་དང་ཆོས་ཅན་དུ་བཞག་པ་དེ་ཙམ་ལ་ལྟོས་ནས་དཔྱད་པར་བྱ་བ་ཁོ་ན་ཡིན་ནོ། །དེས་ན་དོན་གཅིག་ལ་དེ་ལྟར་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དེ་དག་དོན་དེ་ལྟར་གོ་བའི་བརྡའ་ནི་བྱས་པ་ཡིན་གྱི་དོན་ཐ་དད་དུ་གྲུབ་པ་མེད་དོ། །གཉིས་པ་ནི་རྡུལ་བརྒྱད་ཚོགས་པའི་གོང་བུ་ལ་བུམ་པ་ཞེས་བཏགས་པ་ན། བུམ་པ་དེ་ཡི་ཚོགས་པ་ཅན་གཟུགས་ལ་སོགས་པའི་ནུས་པའི་བྱེ་བྲག་གམ་ཁྱད་པར་སོ་སོ་བ་མིག་ཤེས་སྐྱེད་པ་སོགས་ནི་སྤོང་བས་ཏེ་བརྗོད་བྱར་མ་བཟུང་བར། ཚོགས་ཅན་གཟུགས་ལ་སོགས་པ་དེ་རྣམས་མཚུངས་པར་ཏེ་ཐུན་མོང་གི་བྱེད་ལས་སམ་འབྲས་བུ་ཆུ་སྐྱོར་བར་བྱེད་པ་ཡི་རྒྱུ་མིན་པ་ནི་རྣམ་པར་གཅོད་པ་ཙམ་བརྗོད་པར་འདོད་ནས། ཚོགས་པ་དེ་དག་ལ་བུམ་པ་ཞེས་པའི་སྒྲ་ནི་འཇུག་པར་འགྱུར་བ་ཡིན་པ་དེས་ན་བུམ་པ་ཞེས་ཚོགས་པ་བརྗོད་པའི་སྒྲ་དེ་ནི་ཚོགས་པ་ཅན་བྱེ་བྲག་པ་གཟུགས་ཁོ་ནར་མི་འཇུག་པས་ན་བུམ་པ་ནི་རང་གི་ཚོགས་ཅན་གྱི་བྱེ་བྲག་གཟུགས་སོ་ཞེས་གཞི་གཅིག་པའམ་གཞི་མཐུན་པ་ཅན་གྱི་སྒྲ་མ་ཡིན་ཏེ། གཟུགས་ཁོ་ན་ལ་བུམ་པར་མ་བཏགས་པས་སོ། །དེས་ན་ཚོགས་པ་བརྗོད་པའི་སྒྲས་ཚོགས་ཅན་བརྗོད་བྱར་སྤོང་བ་དང་། རིགས་བརྗོད་པའི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་བའི་ཁྱད་ཡོད་པ་འདི་ནི་རིགས་བརྗོད་པ་དང་ནི་ཚོགས་པ་བརྗོད་པའི་མིང་གི་ཁྱད་པར་ཡིན་ཏེ། བུམ་པ་ཞེས་པ་རིགས་ཅན་གསེར་བུམ་ལའང་མིང་དེ་འཇུག་པས་གཞི་གཅིག་པ་རུང་བའི་སྒྲ་ཡིན་ནོ། །དེས་ན་བུམ་པ་ཞེས་པའི་སྒྲ་དེ་རང་གི་ཆོས་སུ་གྱུར་པ་གཟུགས་སོགས་ལ་ལྟོས་ནས་ཚོགས་


MR20_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པ་ཡིན་ལ། ཚོགས་པའི་ཁྱད་པར་དེ་འདྲ་བ་གཞན་ལ་ལྟོས་ནས་རིགས་བརྗོད་པའི་སྒྲ་ཡང་ཡིན་ནོ། །དེ་བཞིན་དུ་ནགས་དང་དམག་ལ་སོགས་པའི་ཚོགས་པ་བརྗོད་པ་གཞན་ཀྱང་ཤེས་པར་བྱའོ། །ཚོགས་པ་དེ་ཙམ་ལ་འཇུག་གི་ཚོགས་པ་ཅན་དེ་འདྲའི་བྱེ་བྲག་ཏུ་གྱུར་པ་གཞན་མེད་ན་ནི་ཚོགས་བརྗོད་ཡིན་ལ་རིགས་བརྗོད་པ་མིན་པ་སྟེ་དཔེར་ན་རི་འབིགས་བྱེད་དང་ལྷས་བྱིན་ཞེས་པ་ལྟ་བུ་ཡུལ་དུས་ཀྱི་དངོས་པོ་གཅིག་ཁོ་ནའི་མིང་དུ་བརྗོད་འདོད་ཀྱིས་བཏགས་པ་ལྟར་དེ་ཁོ་ནར་གྲགས་ཀྱི་གཞན་དེའི་རིགས་ཅན་ལ་རྗེས་སུ་འགྲོ་བར་མི་འཛིན་པའི་མིང་ལྟ་བུའོ། །ཡང་བུམ་པའི་གཟུགས་ལྟ་བུ་ནི་ཚོགས་ཅན་བརྗོད་པའི་སྒྲ་ཡིན་པས་ཚོགས་པ་བརྗོད་པ་མིན་ཀྱང་། བུམ་པ་གཞན་གྱི་གཟུགས་ཀུན་ལ་རྗེས་སུ་འགྲོ་བའི་རིགས་བརྗོད་པ་ཡིན་ལ་ཚོགས་པ་བརྗོད་པ་མིན་པར་ཡང་བཤད་ཅིང་། ཤེས་བྱ་དངོས་དངོས་མེད་ལ་སོགས་པའང་རིགས་བརྗོད་པ་ཁོ་ནའི་མིང་ངོ་། །རིགས་ཚོགས་གཉིས་ཀ་མིན་པའི་མུ་བཞི་པ་ནི་མེད་དེ་མིང་ཡིན་ན་ཚོགས་པའམ་རིགས་གང་ཡང་མི་བརྗོད་པ་གཅིག་མེད་ཅེས་འགའ་ཞིག་གིས་བཤད་ལ། རྗོད་བྱེད་དོན་མཐུན་རྣམས་ལ་བསམས་ན་དེ་ལྟར་ངེས་ཤིང་། ཡང་རྟག་དངོས་གཉིས་ཞེས་པ་དེ་རིགས་ཚོགས་གཉིས་ཀ་མིན་ཏེ་རྟག་དངོས་གཉིས་ཀྱི་རིགས་ཅན་མེད་པ་དང་དེ་གཉིས་ཚོགས་པ་མེད་པའི་ཕྱིར་ཞེས་ཀྱང་འགའ་ཞིག་གིས་བརྗོད་མོད་དེ་ནི་ཚིག་ཙམ་ཡིན་ཞིང་། བརྗོད་བྱའི་དོན་མ་གྲུབ་པར་སྒྲ་ཙམ་གྱིས་འཕངས་པའི་རི་བོང་རྭ་ཞེས་པ་ལ་སོགས་པ་ཀུན་ཀྱང་དེ་དང་འདྲ་བས་ན་སྒྲ་དོན་ཙམ་ལ་བསམས་ན་དེ་ལྟར་ཡིན་ཏེ་གཙོ་བོ་ཞེས་པ་བཞིན་ནོ། །ལར་ཚོགས་བརྗོད་དང་རིགས་བརྗོད་འདིའི་ཁྱད་པར་ཞིབ་ཏུ་བསམས་ན་རྫས་ཡོད་ཀྱི་ཆོས་ཕན་ཚུན་ནང་རིགས་མི་མཐུན་པ་ཡུལ་དུས་གཅིག་ཏུ་ཚོགས་པ་ལ་བཏགས་པ་ཞིག་ཡིན་དགོས་པར་མངོན་ཞིང་། དེས་ན་ཀ་གདུང་རྩིག་པ་སོགས་ཚོགས་པ་ལ་ཁང་པ་ཞེས་དང་། འདབ་མ་ཡུ་བ་ཟེའུ་འབྲུ་


MR20_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚོགས་པ་ལ་ཨུཏྤལ་ཞེས་དང་། རྡུལ་བརྒྱད་འདུས་སམ་ཁ་ཁྱེར་ལྟོ་བ་སོགས་ཚོགས་པ་ལ་བུམ་པར་བརྟགས་པ་སོགས་ཇི་སྙེད་པ་དེའི་འགྲེས་བྱས་པས། བུམ་པ་དང་གཟུགས་ཀྱི་གཞི་མཐུན་ནམ་བུམ་པ་དང་ཁ་ཁྱེར་གྱི་གཞི་མཐུན་དང་ཨུཏྤལ་དང་ཡུ་བའི་གཞི་མཐུན་སོགས་མི་འོང་བ་ནི་དེ་གཉིས་ཕན་ཚུན་རིགས་དང་རིགས་ཅན་མིན་པའི་གནད་ལ་ཐུག་ཅིང་། བུམ་པ་དང་གཟུགས་ཅན་གྱི་གཞི་མཐུན་སྲིད་པ་ནི་བུམ་པ་གཟུགས་ཅན་གྱི་བྱེ་བྲག་ཡིན་པས་ཡིན་ལ། ཨུཏྤལ་དང་སྔོན་པོ་ནི་ཨུཏྤལ་སྔོན་པོ་དེ་སྔོན་པོའི་བྱེ་བྲག་ཡིན་པས་ཡིན་ནོ། །དེ་བཞིན་དུ་དྲི་བསུང་དང་ལྡན་པའང་ཡིན་གྱི་དྲི་བསུང་ནི་མིན་ནོ། །མེ་དང་ཆུ་ལ་སོགས་པ་དང་དབྱིབས་དང་ཁ་དོག་དག་ཀྱང་བེམ་པོ་ལས་བཏགས་པ་ཡིན་མོད། རིགས་མི་མཐུན་པ་གཞན་ཚོགས་པ་མི་བརྗོད་པས་ཚོགས་བརྗོད་ཀྱི་སྒྲར་མི་འགྱུར་ཏེ་རིགས་བརྗོད་པར་འགྱུར་རོ། །གཉིས་དང་གསུམ་སོགས་གྲངས་ཀྱི་མིང་དང་ལྡན་པ་སོགས་ཀྱང་རིགས་ཀྱི་མིང་ངོ་། །ཀ་བུམ་གཉིས་དང་བེམ་ཤེས་གཉིས་ལྟ་བུ་སྦྲེལ་བའི་མིང་ནི་ཚོགས་བརྗོད་ཡིན་གྱི་རིགས་བརྗོད་མིན་པར་འགའ་ཞིག་ལས་བཤད་ཀྱང་འདི་མིང་མིན་ལ་ཚིག་ཡིན་པས་ཚོགས་རིགས་ནི་མིང་ཙམ་ལས་བྱེ་བ་མ་གཏོགས་ཚིག་དང་ངག་ལ་སྦྱར་མི་དགོས་པར་མངོན་ནོ། །རྣམ་དབྱེ་དེ་ལྟར་མཐོང་བ་ནི་ཚོགས་ཅན་དང་རིགས་ཅན་བརྗོད་བྱར་སྤོང་མི་སྤོང་ལ་ཐུག་པ་སྟེ། ཞིབ་ཏུ་བསམས་ན་རྣམ་དབྱེ་སྣ་ཚོགས་འདུག་པ་ཤེས་པར་འགྱུར་རོ། །དངོས་མེད་ཀྱི་ཁྱད་པར་ལ་ཚོགས་པར་བཏགས་ཀྱང་ཚོགས་པའི་དོན་ཅི་ཡང་མེད་དོ། །ཡང་ཚོགས་པ་ཅན་བརྗོད་པའི་སྒྲ་ནི་ཚོགས་ཅན་དེ་ཡི་སྤྱིའམ་ཚོགས་པའི་མིང་བུམ་པ་ལྟ་བུ་དེ་བརྗོད་པའི་ཡན་ལག་གམ་ཁྱད་པར་བྱེད་ཆོས་དག་ཏུ་བྱས་ཏེ་བུམ་པ་ཡི་ནི་གཟུགས་ཞེས་དང་རེག་བྱ་སོགས་བརྗོད་པས་ཆུ་སྐྱོར་བའི་འབྲས་ཅན་བུམ་པ་རང་གི་ཚོགས་པ་ཅན་གཟུགས་ལ་སོགས་པ་དེ་ཡི་ནུས་པ་མིག་ཤེས་སྐྱེད་པ་སོགས་ཁྱད་པར་དུ་སྟོན་པར་བྱེད་པ་ནི་བུམ་པའི་གཟུགས་ཞེས་པས་ཀ་བ་སོགས་ཀྱི་གཟུགས་ལས་ཁྱད་


MR20_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ཏེ། བུམ་པའི་ཚོགས་པ་ཅན་གཟུགས་དམིགས་བསལ་བ་ཡིན་ལ། གཟུགས་དེ་ནི་མིག་ཤེས་མི་སྐྱེད་པ་གཞན་ལས་ལོག་སྟེ་མིག་ཤེས་སྐྱེད་པའི་ནུས་པའམ་འབྲས་བུ་ཅན་གྱི་མིང་ཡིན་པས་མིང་དེས་དོན་དེ་སྟོན་པའོ། །གསུམ་པ། དེ་ལྟར་ཆོས་ཆོས་ཅན་ཚོགས་ཚོགས་ཅན་བརྗོད་པ་འདི་དོན་ལ་དེ་གཉིས་ཐ་དད་དུ་མ་གྲུབ་ཀྱང་གཞན་སེལ་བའི་སྒྲ་བློ་འཇུག་ཚུལ་འཐད་པར་བསྟན་པའི་ཕྱོགས་འདིས་གཞན་བུམ་པ་མི་རྟག་དང་། བུམ་པའི་མི་རྟག་ལྟ་བུ་ཆོས་ཆོས་ཅན་བརྗོད་པ་དང་། ཙན་དན་དང་ཙན་དན་གྱི་དྲི་ལ་སོགས་པ་ཚོགས་ཚོགས་ཅན་བརྗོད་པའི་སྒྲ་རིགས་འདྲ་བ་ཀུན་ལའང་དེ་དང་འདྲ་བར་བརྗོད་པར་བྱ་བ་ཡིན་ནོ། །གཉིས་པ་ཡན་ལག་ལས་སྐྱེ་བ་འགོག་པ་ལ། ཡན་ལག་མ་ལུས་ལས་སྐྱེ་མིན། །ཡན་ལག་རེ་རེ་ལས་མིན་པའོ། །དང་པོ། ཡན་ལག་ཅན་རྫས་སུ་མ་གྲུབ་ཀྱང་ཡན་ལག་ལག་པ་སོགས་གྲུབ་པས་དེ་ལས་བློ་སྐྱེའོ་སྙམ་ན། ཡན་ལག་ཐམས་ཅད་ཚང་བ་ལས་སྐྱེའམ་གང་རུང་རེ་ལས་སྐྱེ། དང་པོ་ལྟར་ཡན་ལག་མ་ལུས་པ་བློའི་རྒྱུ་ཉིད་ཡིན་ན་ནི་སྣ་ལྟ་བུའི་ཡན་ལག་གཅིག་དང་བྲལ་ནའང་ཡིད་བློ་སྐྱེ་བ་མིན་པར་ཐལ་ཏེ། རྒྱུ་མ་ཚང་ན་འབྲས་བུ་མི་སྐྱེད་པར་ངེས་པས་སོ། །དེ་ལྟར་འདོད་མི་ནུས་ཏེ། ཡན་ལག་རེ་རེ་ཆད་ཀྱང་ཡིད་བློ་སྐྱེ་བར་མངོན་སུམ་གྲུབ་བོ། །གཉིས་པ་ལ། དངོས་དང་དེ་ཡི་ཉེས་སྤོང་དགག །དང་པོ། ཡན་ལག་རེ་རེས་ཡིད་བློ་སྐྱེད་པར་ནུས་པ་ཉིད་ཡིན་ནའང་གང་ཟག་གཅིག་ལ་དུས་ཅིག་ཅར་ཡན་ལག་གི་གྲངས་བཞིན་དང་དེའི་ཡང་རྡུལ་ཕྲ་རབ་ཀྱི་གྲངས་བཞིན་དུ་ཡིད་བློ་མང་པོ་འབྱུང་བར་འགྱུར་ཏེ། ས་བོན་དུ་མས་མྱུ་གུ་དུ་མ་སྐྱེད་པ་ལྟར་རྒྱུ་ཚང་བའི་ཕྱིར་རོ། །གཉིས་པ་ལ། བཀག་དང་རང་ལ་མི་མཚུངས་པའོ། །དང་པོ་ལ། མདོར་བསྟན་


MR20_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྒྱས་པར་བཤད། །དང་པོ། ཕ་རོལ་པོ་ན་རེ། ཡིད་བློ་དུ་མ་དུས་གཅིག་ཏུ་འབྱུང་བའི་ཉེས་པ་དེ་མེད་དེ། ཡིད་ཀྱི་རྒྱུ་ནི་ལུས་ཙམ་དུ་མ་ཟད་དབུགས་ཀྱང་ཡིན་པས་ན་དབུགས་གཅིག་ལས་མེད་པས་ཡིད་གཅིག་འབྱུང་བ་ཡིན་ནོ་ཞེ་ན། དེ་ལན་དུ་མི་རུང་སྟེ། དབུགས་ཀྱང་ཡན་ལག་བཞིན་ཕྱོགས་དང་དུས་ཀྱི་ཆ་དུ་མ་ཉིད་དུ་ཡོད་པར་མཚུངས་པའི་ཕྱིར་དབུགས་འབྱུང་རྔུབ་དེ་དག་ནི་བློ་གཅིག་ཏུ་ངེས་པར་བྱེད་པའི་རྒྱུ་མིན་ནོ། །གཉིས་པ་ལ། ཆ་མེད་རིགས་གཅིག་དབུགས་རྒྱུ་མིན། །ཆ་བཅས་རིགས་གཞན་རྒྱུ་མིན་པའོ། །དང་པོ། དབུགས་དེ་དག་དུ་མ་ཅན་མིན་ཏེ། དབུགས་འབྱིན་རྔུབ་གཅིག་ནི་ཆ་མེད་རིལ་པོ་གཅིག་ཡིན་ནོ་ཞེ་ན། དེ་མིན་པར་དངོས་སྟོབས་ཀྱིས་གྲུབ་ཀྱང་རེ་ཞིག་བརྟག་པ་གཞན་མ་བྱས་པར་ཁས་ལེན་དང་བསྟུན་ཏེ་བརྒལ་བ། དེ་ལྟར་གཅིག་ཉིད་ཡིན་དུ་ཆུག་ན་ཡང་དབུགས་ཆ་མེད་པ་གཅིག་གི་ཡུན་ལ་ཡིད་རྟོག་སྔ་ཕྱི་ཇི་སྙེད་པ་ཡོད་པའི་མང་པོ་དེ་ཀུན་གསལ་བར་འགྱུར་ཏེ། ཡིད་བློ་དེ་ཡི་རྒྱུ་དབུགས་ཡིན་པར་འདོད་པ་གང་ཞིག་དེ་ནི་རྟག་ཏུ་ཉེ་བ་སྟེ་ཡོད་པའི་ཕྱིར་རོ། །གལ་ཏེ་དབུགས་གཅིག་པོ་དེ་ཡིད་བློ་དུ་མའི་རྒྱུ་མིན་ན་རིམ་གྱིས་ཀྱང་དུ་མའི་རྒྱུ་མིན་པས། སྔར་དབུགས་གཅིག་ལས་ཇི་ལྟར་སྐྱེས་པའི་བློ་དེ་ཁོ་ན་ཡང་ཡང་སྐྱེ་བར་འགྱུར་ཏེ། དབུགས་ནི་ལུས་ལས་བྱུང་ལ་ལུས་དང་དབུགས་ནི་སྔ་ཕྱི་རིགས་གཞན་དང་གཞན་མིན་པར་ཁྱད་མེད་པར་འདོད་པའི་ཕྱིར་རོ། །གཞན་ཡང་དབུགས་གཅིག་བློ་གཅིག་གི་རྒྱུའོ་ཞེས་པ་དེ་མངོན་སུམ་གྱིས་བསལ་ཏེ། ཇི་ལྟར་ན་དབུགས་འབྱིན་རྔུབ་གཅིག་ལ་ཡང་དོན་དུ་མ་འཛིན་པའི་བློ་འབྱུང་བའི་ཕྱིར་དབུགས་གཅིག་ཡིན་པ་དེ་ལས་ཡིད་གཅིག་སྐྱེའོ་ཞེས་པ་དེ་ངེས་པ་མ་ཡིན་ནོ། །སྐྱོན་མེད་དེ་བློ་གཅིག་ཡིན་


MR20_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དོན་དུ་མ་བློ་གཅིག་གིས་ཤེས་པའོ་ཟེར་ན། སྔ་ཕྱིའི་དོན་མ་ལུས་པ་དེ་ནི་ཅིག་ཅར་ཉིད་དུ་བློ་དེས་ཤེས་པར་འགྱུར་ཏེ་དེ་ཡིས་མང་པོ་ཤེས་པ་ལ་འགལ་བ་མེད་པའི་ཕྱིར་ཚད་ཐུག་པ་ཅན་དུ་གཟུང་མི་ནུས་སོ། །དེས་སྔ་ཕྱིའི་དོན་ཐམས་ཅད་ཅིག་ཅར་མི་འཛིན་ཀྱང་རིམ་གྱིས་འཛིན་ནོ་ཞེ་ན། རིམ་གྱིས་ཀྱང་འཛིན་པར་མི་འགྱུར་ཏེ་དེའི་རྒྱུ་ལ་སྔ་ཕྱིའི་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལ། དུ་མ་དུ་མའི་རྒྱུར་མི་འཐད། །དུ་མ་གཅིག་གི་རྒྱུ་མིན་པའོ། །དང་པོ། དབུགས་འབྱིན་རྔུབ་གཅིག་ཀྱང་ཆ་མེད་པ་ནི་མ་ཡིན་ཏེ་དེ་ལ་སྐད་ཅིག་གི་ཆ་དུ་མ་ཡོད་པས་སྐད་ཅིག་རེ་རེས་ཤེས་པ་རེ་རེ་སྐྱེད་དོ་ཞེ་ན། དེ་འདྲའི་སྐད་ཅིག་དེ་དབུགས་རང་གི་རིགས་འདྲ་སྔ་མ་ལས་རིམ་བཞིན་བྱུང་བའམ་འོན་ཏེ་ལུས་ལས་བྱུང་བ་ཡིན། ཕྱི་མ་ལྟར་ཁས་བླངས་ཏེ་རང་རང་གི་རིགས་འདྲ་ལས་བྱུང་བ་མིན་པའི་དུས་སྔ་ཕྱི་ཅན་གྱི་དབུགས་ཀྱི་སྐད་ཅིག་མང་པོ་དག་ནི་གལ་ཏེ་སྔ་ཕྱིར་བྱུང་བ་དེ་འདྲའི་སེམས་ཉིད་ཀྱི་རྒྱུ་ཡིན་པར་རློམ་ནས་དབུགས་ཀྱི་སྐད་ཅིག་རེ་རེ་བཞིན་དུ་དེས་རང་དང་དུས་མཉམ་པའི་ཤེས་པའི་སྐད་ཅིག་དེ་དག་སྐྱེད་པར་ནི་ཡོངས་སུ་རྟོ༷གས་པར་བྱེད་ན་ནི། རིགས་འདྲ་སྔ་མ་ལ་མི་ལྟོས་པས་ན་གོ་རིམ་དང་ལྡན་པའི་རྒྱུ་མེད་པར་དབུགས་དེ་དག་རིམ་པ་དང་ལྡན་པ་སྔ་ཕྱིར་འབྱུང་བ་ཇི་ལྟར་འགྱུར་ཏེ་ཅིག་ཅར་འབྱུང་བར་ཐལ་ལོ། །གང་གིས་ན་དབུགས་འབྱུང་བ་དེ་དག་སྔ་མ་སྔ་མ་ལ་ལྟོས་པ་ཅན་ནི་མིན་ལ་རྒྱུ་ལུས་ཙམ་ནི་སྔ་ཕྱི་ཁྱད་མེད་དུ་འདོད་པས་སོ། །གལ་ཏེ་ཉེས་པ་དེར་དོགས་ནས། དབུགས་སྐད་ཅིག་མ་དེ་དག་རང་གི་རིགས་སྔ་མ་རྒྱུ་ཉིད་ཡིན་ནོ་ཞེ་ན། དེ་ལྟར་དབུགས་ནི་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་ཅན་ཡིན་ན་མངལ་དུ་སྐྱེ་བ་ན་དབུགས་ཀྱི་དང་པོ་དེ་འབྱུང་བར་མི་འགྱུར་ཏེ། དེ་ཡི་རྒྱུ་རང་གི་རིགས་སྔ་མ་སྔོན་དུ་སོང་བ་དེ་འདྲ་ཁྱོད་ཀྱི་ལུགས་ལ་ཡོད་པ་མ་ཡིན་པས་སོ། །གཞན་ཡང་དབུགས་ཀྱི་སྐད་ཅིག་གཅིག་


MR20_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆ་མེད་པ་མིན་ཏེ། འདི་ལྟར་དབུགས་འབྱུང་བ་ནི་ལུས་ཀྱི་གནས་ཐ་དད་པའི་ཡུལ་ཅན་ཡིན་པའི་ཕྱིར། དཔེར་ན་བ་ལང་གི་ཁྱུ་ལ་སོགས་པ་བཞིན་ཡུལ་ཐ་དད་པ་ཅན་ནི་གཅིག་མ་ཡིན་ལ། དབུགས་སྐད་ཅིག་མ་ཡོད་ཀྱང་དུ་མ་ཉིད་དུ་ངེས་པས་ན་རྒྱུ་དུ་མ་ཡོད་པ་དེ་ཕྱིར་དེའི་དུས་ཀྱི་བློ་ཡང་ནི་དུ་མ་ཅིག་ཅར་སྐྱེ་བར་འགྱུར་རོ། །དེ་ལྟར་དབུགས་དུ་མ་བློ་དུ་མའི་རྒྱུར་མི་འཐད་པར་བསྒྲུབས་ནས། གཉིས་པ་དུ་མ་གཅིག་གི་རྒྱུར་མི་འཐད་པ་ནི། གལ་ཏེ་དབུགས་ཀྱི་ཆ་ཤས་དུ་མའང་རང་དང་དུས་གཅིག་པ་ཅན་གྱི་སེམས་གཅིག་གི་ནི་རྒྱུ་ཡིན་ན་འགལ་བ་ཅི་ཡོད་དེ། ས་བོན་དང་ས་ཆུ་སོགས་དུ་མ་མྱུ་གུ་གཅིག་གི་རྒྱུ་ཡིན་པ་བཞིན་ནོ་སྙམ་ན། དེ་ལྟ་ན་དབུགས་ཀྱི་རྒྱུ་བ་ཞན་པ་དང་དབུགས་བསྡམས་ནས་མི་འབྱུང་བ་ལ་སོགས་པའི་སྐབས་སུ་དབུགས་ཀྱི་ཆ་གཅིག་མ་ཚང་ནའང་བློ་མི་འབྱུང་བར་འགྱུར་ཏེ། རྒྱུ་མ་ཚང་ན་འབྲས་བུ་སྐྱེ་བ་མི་སྲིད་པ་ནི་ས་བོན་སོགས་ཡོད་ཀྱང་ཆུ་གཅིག་པུ་དང་བྲལ་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །ཅི་སྟེ་རྒྱུ་བ་དྲག་ཞན་སོགས་ལ་མི་ལྟོས་ཏེ། ཇི་ལྟར་རྒྱུ་ཡང་རུང་དབུགས་རྒྱུ་བ་ཡོད་པ་ཙམ་ཞིག་ཤེས་པའི་རྒྱུ་ཡིན་ཏེ་མར་མེ་ཆེ་ཆུང་གང་ཡིན་ཀྱང་འོད་ཡོད་པ་བཞིན་ནོ་ཞེ་ན། དེ་ལྟར་ཡིན་དུ་ཆུག་ཀྱང་དབུགས་རྒྱུ་བ་དྲག་ཞན་ལས་འབྲས་བུ་ཤེས་པ་ལ་ཡང་གསལ་མི་གསལ་སོགས་ཁྱད་ཡོད་པར་འགྱུར་ཏེ་མེ་ཆེ་ཆུང་གི་འོད་ཁྱད་ཡོད་པ་བཞིན་ནོ། །གལ་ཏེ་རྒྱུའི་འཕེལ་འབྲིའི་རྗེས་སུ་ཤེས་པ་དེ་མི་འགྲོ་བ་ཞིག་ན་དེའི་འབྲས་བུ་མིན་པར་གྲུབ་སྟེ། འདི་ལྟར་འབྲས་བུ་གང་ཞིག་རྒྱུ་གང་གི་འཕེལ་འགྲིབ་དང་རྣམ་པ་སོགས་ཐ་དད་པ་ལས་དེའི་ཐ་དད་པའང་འབྱུང་བ་མིན་པ་དེ་ནི་དེ་ཡི་འབྲས་བུ་མིན་ཏེ། རྒྱུའི་རྗེས་སུ་མི་འགྲོ་བའི་ཕྱིར་བ་ལང་དང་བ་མིན་བཞིན་ནོ། །འདི་སྡེབ་སྦྱོར་བསྡེབས་ན། གང་གི་ཐ་དད་ལས་གང་ཞིག །ཐ་དད་མིན་དེ་དེ་འབྲས་མིན། །ཞེས་པ་ལྟར་རོ། །གཉིས་པ་ཕ་རོལ་ལ་སྐྱོན་བསྟན་པ་དེ་


MR20_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་མི་མཚུངས་པའི་ཚུལ་ལ། དངོས་དང་གཞན་ལ་དེ་མི་མཚུངས། །དང་པོ། རྣམ་ཤེས་རང་གི་རིགས་འདྲ་ལས་སྐྱེ་བར་འདོད་པ་ཁྱོད་ལྟར་ན་ཡང་ཤེས་པ་ནི་སྣ་ཚོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཅིག་ཅར་མང་པོ་འབྱུང་བའི་སྐྱོན་དེ་རང་ལའང་མཚུངས་སོ་ཤེ་ན་མི་མཚུངས་ཏེ། ཤེས་པ་སྣ་ཚོགས་པའི་ཡུལ་ཅན་ཡིན་ཡང་། ཡུལ་གང་ལ་དམིགས་པའི་རྣམ་པར་ཤེས་པ་ནི་སྔ་མ་སྔ་མའི་དེ་མ་ཐག་རྐྱེན་ལས་ཕྱི་མ་ཕྱི་མའང་ཡུལ་སོ་སོ་ལ་འཛིན་པའི་ནུས་པ་ངེས་པའི་ཕྱིར་གང་རུང་རུང་ཅིག་ཅར་འཛིན་པ་མིན་ཏེ་དེ་མ་ཐག་རྐྱེན་གྱི་རྣམ་ཤེས་གཅིག་ནི་བར་གཞན་གྱིས་མ་ཆོད་པའི་རྣམ་ཤེས་ཕྱི་མ་གཅིག་གི་རྒྱུ་ཡིན་ཏེ་དེ་ལྟར་ལྟོས་པས་ན་ཡུལ་རིམ་ཅན་དུ་འཛིན་པར་ངེས་པ་ཡིན་ནོ། །དེ་ལྟར་ལྟོས་པར་ཅིས་ཤེ་ན། ཡུལ་དུ་མ་གནས་སུ་ཟིན་ཀྱང་རྣམ་པར་ཤེས་པ་དོན་གཞན་བློན་པོ་ལྟ་བུ་ལ་ལྷག་པར་གཞོལ་ཞིང་ཆགས་པ་ཡིས་སེར་པོ་སོགས་གཞན་འཛིན་པའི་ནུས་པ་མེད་པར་བྱས་ནས་དོན་གཞན་མི་འཛིན་པའི་ཕྱིར་སྔ་མ་དེས་འཕེན་ཤུགས་ལས་བློ་འཛིན་ཉིད་སྐྱེ་བ་བཞིན་ནོ། །དེ་དང་དེའི་ཚུལ་གྱིས་ཡིད་རྟོག་ནི་རིམ་བཞིན་སྐྱེ་ལ། རྟོག་མེད་རྣམས་ནི་རྐྱེན་གསུམ་ཇི་ལྟར་རིགས་པར་ཚོགས་པའི་རིམ་པ་ལྟར་སྐྱེ་བ་ཡིན་ནོ། །གཉིས་པ་ལ། མི་མཚུངས་ཚུལ་དང་དེར་དོགས་སྤང་། དང་པོ། ཕ་རོལ་པོས་ཀྱང་དེ་ལྟར་རིགས་པར་ཤེས་ནས་གལ་ཏེ་ཁོ་རང་གི་ལུགས་ལའང་དང་པོར་ལུས་གྲུབ་པ་ན་དེ་ལས་ཅིག་ཅར་ཏེ་དེ་དང་དུས་མཉམ་པར་བློ་སྐྱེས་ཤིང་དེ་ཕན་ཆད་ཕྱིས་ནི་བློ་རང་གི་རིགས་འདྲ་སྔ་མ་སྔ་མ་ལས་སྐྱེ་བར་ངེས་པས་ན་བློ་ཅིག་ཅར་མི་སྐྱེ་བ་སོགས་ཁྱོད་དང་མཚུངས་པར་ཁས་བླང་ཆོག་གོ་སྙམ་ན། ཁྱོད་ལ་དེ་མི་འཐད་དེ། བློ་རང་གི་རིགས་འདྲ་སྔོན་དུ་མ་སོང་བར་ལུས་ལས་སྐྱེ་ན་བློ་སྐྱེས་ཕན་ཆད་ལུས་ཀྱི་བློ་སྐྱེད་པའི་ནུས་པ་ནི་ཅི་ཡི་ཕྱིར་ན་ལྡོག་པ་ཡིན་ཏེ་སྔར་དང་ཁྱད་མེད་པས་བློ་མང་པོ་ཡང་ཡང་


MR20_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་ཐལ་བ་དེ་ལ་ལྷག་པར་ཡང་སྐྱོན་དུ་གནས་སོ། །ཕྱིས་མི་སྐྱེད་ན་སྔར་ཡང་བསྐྱེད་པ་མི་འཐད་དོ། །གཉིས་པ་ལ། མདོར་བསྟན་པ་དང་དེའི་འཐད་སྒྲུབ། །དང་པོ། གལ་ཏེ་ཁྱོད་ལྟར་ན་ཤེས་པ་རིགས་འདྲ་རྒྱུན་མ་ཆད་པར་སྐྱེ་བ་ཡོད་ལ། ད་ལྟའི་ལུས་འདི་ནི་ཞིག་ཅིང་ལྡོག་པ་ན་སེམས་དེ་ནི་ལུས་ལ་རྟེན་པ་ཅན་མིན་པའི་ཕྱིར་ན་དེ་ཕན་ཆད་སེམས་འབའ་ཞིག་ཡན་གར་དུ་གནས་པར་འགྱུར་ཏེ། རྟེན་མིན་པ་ལ་ལྷན་ཅིག་གནས་པའི་ངེས་པ་མེད་པ་ཡིན་ནོ་ཞེ་ན། གལ་ཏེ་ཕྱི་མའི་ལུས་དེའི་རྒྱུ་བར་མ་ཆད་དུ་འཇུག་པ་ཐོབ་པའི་ཕྱིར་རམ་ཆེད་དུ་སེམས་ཀྱི་རྒྱུན་ལུས་ལ་གནས་པའི་རིགས་འདྲ་བར་མ་ཆད་ཀྱི་རྒྱུ་ཡོད་ཅིང་དེ་འདྲའི་སེམས་དེ་ལུས་འགྲུབ་པའི་ཡན་ལག་གམ་ལྷན་ཅིག་བྱེད་རྐྱེན་དུ་མི་འགྱུར་བ་ཞིག་ན་ལུས་ལ་མི་རྟེན་པར་སེམས་འབའ་ཞིག་གནས་པ་ཡོད་དེ་གཟུགས་མེད་དུ་སྐྱེ་བ་བཞིན་ནོ། །ལུས་ཕྱི་མའི་རྒྱུ་དེས་ལུས་ཕྱི་མར་དངོས་སུ་འགྲུབ་པ་ལ་ཕྱོགས་པའི་འཇུག་པ་དེ་ཐོབ་མི་ཐོབ་ནི་སེམས་ལ་རག་ལས་ཏེ་གཟུགས་ལ་ཆགས་པ་དང་མ་བྲལ་བའི་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་ན་དེས་འཇུག་པ་ཐོབ་སྟེ་ས་བོན་རླན་གྱིས་བརླན་པ་བཞིན་ནོ། །ལུས་ཕྱི་མའི་རྒྱུ་ཞེས་པ་གང་ཡིན་སྙམ་ན། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་འགགས་ཁ་མའི་སྐད་ཅིག་ཐ་མ་གང་ཡིན་པ་དེ་ནི་ལུས་གཞན་ཕྱི་མ་སྐྱེད་པའི་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་པས་དེ་ལ་ལུས་ལ་སྲེད་པ་དང་བཅས་པའི་སེམས་ཀྱི་རྐྱེན་ཡོད་ན། འཆི་སྲིད་ཀྱི་མཐར་བར་སྲིད་ཀྱི་ལུས་གྲུབ་ནས་ཡང་མངལ་ལ་སོགས་པར་སྐྱེ་བ་ཡིན་ནོ། །དེ་ལྟར་བསྟན་པ་འདི་ཙམ་གྱིས་དབང་པོ་སོགས་རིགས་འདྲ་སྔོན་སོང་གྲུབ་པ་ཡིན་ལ། དོན་དུ་ན་སེམས་ཀྱི་བག་ཆགས་སད་པ་ཙམ་ལས་ལུས་སུ་སྣང་བར་ཤེས་པར་བྱ་སྟེ། སྔ་མའི་ལུས་སུ་སྣང་བའི་བག་ཆགས་སད་པའི་སྐྱེ་མཆེད་ལྔ་པོ་འདིས་ཉེར་ལེན་བྱས། ཡིད་བློ་ལུས་ལ་སྲེད་པ་དང་


MR20_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་ལྷན་ཅིག་བྱེད་རྐྱེན་བྱས་ནས་སླར་ཡང་ལུས་སེམས་བར་མ་ཆད་པར་སྣང་སྟེ་རྨི་ལམ་གྱི་ལུས་བཞིན་ནོ། །ཡང་ས་བོན་རླན་བྲལ་ལྟར་ལུས་ལ་སྲེད་པ་བྲལ་ནས་བློ་དེ་ལུས་སྣང་བའི་ལྷན་ཅིག་བྱེད་རྐྱེན་དུ་མ་སོང་ན་རེ་ཞིག་ལུས་སུ་མི་སྣང་བར་གཟུགས་མེད་དུ་སྐྱེ་སྟེ་གཉིད་འཐུག་པོར་ལོག་བའི་སྐབས་བཞིན་ནོ། །དེ་ལྟ་ན་ཡང་དེའི་རྒྱུ་དོན་བདག་འཛིན་གྱི་རྩ་བ་ཅན་གྱི་སྐྱེ་མཆེད་ལྔར་སྲེད་པ་གོམས་པའི་བག་ཆགས་སད་རུང་ཡོད་པ་དེ་རེ་ཞིག་བག་ལ་ཉལ་དུ་གནས་པ་ནམ་ཞིག་མངོན་དུ་གྱུར་ནས་ལུས་སུ་སྣང་བ་ནི་གཉིད་འཐུག་ལས་སླར་རྨི་ལམ་གྱི་ལུས་སུ་སྣང་བ་བཞིན་ནོ། །དེ་ལྟར་རྣམ་པར་རྟོག་པའི་བག་ཆགས་གོམས་པ་ལས་ལུས་གནས་བདེ་སྡུག་སྣ་ཚོགས་པར་བར་མ་ཆད་དུ་འཁོར་བར་ཤེས་པར་བྱའོ། །གཉིས་པ་ལ། གཞན་ལ་དེ་འགོག་གནོད་བྱེད་མེད། །གཞན་གྱི་སྒྲུབ་བྱེད་དོན་མེད་བསྟན། །དང་པོ། བཤད་མ་ཐག་པ་དེ་ལ་གཞན་གྱིས་གནོད་བྱེད་ལྟར་སྣང་བ་བརྗོད་པ་ནི། དེ་ལྟར་ཡིད་ཤེས་ལུས་དེ་ཡི་ཡན་ལག་གི་དངོས་པོའམ་ལྷན་ཅིག་བྱེད་པར་འདོད་པ་དང་། དེ་ལྡན་སྐྱེ་མཆེད་ལྔ་རང་འབྲས་ཕྱི་མའི་རྒྱུ་ཉིད་ཡིན་པར་འདོད་པ་མི་འཐད་པར་འགོག་པ་ལ་དེ་འདྲའི་རྒྱུ་རྐྱེན་གྱིས་འཇིག་རྟེན་ཕྱི་མའི་ལུས་འགྲུབ་པ་མི་དམིགས་པ་རྟགས་སུ་བཀོད་པ་ནི་བསྒྲུབ་བྱ་ངེས་བྱེད་མིན་པར་སྔར་རབ་ཏུ་བཤད་ཟིན་ཏོ། །གཉིས་པ་གཞན་སྒྲུབ་བྱེད་ལྟར་སྣང་བ་བརྗོད་པ་ནི། དེ་འདྲའི་སྐྱེ་མཆེད་ལྔ་ཕྱི་མའི་ཉེར་ལེན་མིན་ཏེ་དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར་ཞེས་དང་། སོགས་པའི་སྒྲས་ཡིད་ཤེས་རྐྱེན་མིན་ཏེ་སེམས་ཡིན་པའི་ཕྱིར་ཞེས་དང་། གཞན་ཡང་དངོས་པོ་ཡིན་པའི་ཕྱིར་དང་། ལག་པ་དང་ལྡན་པའི་ཕྱིར་སོགས་སྒྲུབ་བྱེད་དུ་རློམ་པ་དག་ཀྱང་ནི་ལྷག་ལྡན་མ་ངེས་པ་ཡིན་ཏེ་དབང་པོ་ཡིན་པ་སོགས་ལ་གཞན་དང་མཚམས་མི་སྦྱོར་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །ཇི་ལྟར་ན་ཚེ་འདིའི་དབང་པོ་སྔ་མ་སྔ་མ་ནི་རང་གི་རིགས་འདྲ་ཕྱི་མ་ཕྱི་མ་ལ་སྐྱེད་པའམ་ཕན་འདོགས་པའི་ནུས་པ་དག་ནི་མཐོང་བ་ཡིན་ནོ། །དེ་མ་མཐོང་སྟེ་ལུས་དང་དབང་པོ་ནི་སྔ་ཕྱི་འགག་པའི་


MR20_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་མེད་དེ། ཇི་སྲིད་དུ་གནས་ནས་འཆི་བའི་ཚེ་ལྡོག་པ་ཙམ་མོ་སྙམ་ན་མ་ཡིན་ཏེ། དབང་པོ་གསལ་མི་གསལ་སོགས་གནས་སྐབས་འགྱུར་བ་མཐོང་བའི་ཕྱིར་གཅིག་མ་ཡིན་པ་དེས་ན་སྔ་མ་ལས་ཕྱི་མ་གཞན་དང་གཞན་སྐྱེ་བ་དག་ཀྱང་འགྲུབ་པ་ཉིད་ཡིན་ནོ། །གལ་ཏེ་དབང་པོ་གསལ་འགྲིབ་ལ་སོགས་པ་རང་གི་རིགས་རྒྱུན་ལ་མི་ལྟོས་པར་ལུས་ལས་དེ་སྐྱེའོ་ཞེ་ན། སྔ་མ་ལུས་མི་ལྡོག་ན་སེམས་མི་ལྡོག་པར་ཐལ་བ་དང་། བློ་དུ་མ་ཅིག་ཅར་འབྱུང་བ་ཉིད་དུ་བརྗོད་པ་ལ་སོགས་པ་བཞིན་དུ་ཐལ་བར་བརྗོད་པའི་སྐྱོན་དེ་འདི་ལའང་མཚུངས་པར་འགྱུར་རོ། །གལ་ཏེ་ད་ལྟའི་དབང་པོ་ནི་ད་ལྟའི་སེམས་ལས་སྐྱེའོ་ཞེ་ན། ད་ལྟའི་སེམས་ལས་ད་ལྟའི་དབང་པོ་སྐྱེ་ན་ཕྱི་མའི་ལུས་གཞན་ཡང་སེམས་འདི་ཉིད་ལས་ནི་སྐྱེ་བར་ཡང་འགྱུར་རོ། །མཇུག་བསྡུ་བ་ནི། ལུས་ཤེས་པའི་རྒྱུ་མིན་པ་དེས་ན་རྒྱུ་ལུས་དང་བྲལ་བའི་ཕྱིར་འཆི་བའི་ཚེ་ཐ་མ་ཡི་ནི་སེམས་རྣམས་ཀུན་ཕྱི་མའི་སེམས་དང་མཚམས་སྦྱོར་བ་མེད་པ་མིན་པ་དེའི་ཕྱིར། རྒྱུ་ལུས་དང་བྲལ་བ་སོགས་དེ་འདྲའི་སྒྲུབ་བྱེད་ནི་ལྷག་ལྡན་མ་ངེས་པ་ཡིན་པར་འདོད་དོ། །གཉིས་པ་གོམས་པ་མཐའ་མེད་དུ་མི་སྲིད་པར་རྩོད་པ་ལ། རྩོད་པ་དང་ནི་དེ་ལན་གཉིས། དང་པོ། དེ་ལྟར་སྐྱེ་བའི་རྒྱུན་གྲུབ་པ་ན་བརྩེ་སོགས་གོམས་པ་ལས་སྔར་བས་ཁྱད་པར་ཡོད་པར་འགྱུར་ན་ཡང་། མཐའ་མེད་དུ་འཕེལ་མི་སྲིད་དེ་ཇི་ལྟར་ན་མཆོངས་པ་ཇི་ལྟར་གོམས་ཀྱང་ཚད་མེད་དུ་མཆོངས་མི་སྲིད་པ་དང་། ཆུ་ཇི་ལྟར་བསྐོལ་ཀྱང་དེ་ཡི་དྲོད་མཐའ་མེད་དུ་འཕེལ་མི་སྲིད་པ་བཞིན་དུ། ཚད་ཡོད་པ་ཅན་གྱི་རང་བཞིན་ལས་ནི་འདས་པ་ཡོད་པ་མིན་ཏེ་རང་རང་གི་ཚད་དེ་ལས་བོགས་དབྱུང་བ་མི་སྲིད་པ་ཡིན་ནོ་ཞེ་ན། གཉིས་པ་ལ། ཁྱད་པར་འགྱུར་དང་ཚད་མེད་གཉིས། དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། དང་པོ་ཚད་མེད་པར་མི་འཕེལ་བ་ལ་རྒྱུ་གཉིས་ཏེ། གོམས་པར་བྱས་པ་དེ་གལ་

ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།


MR20_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སླར་ཡང་ནི་འབད་རྩོལ་ལ་ནི་ལྟོས་ནས་བར་མ་ཆད་པར་རྒྱུན་ཆགས་སུ་འཇུག་པར་མི་འགྱུར་བ་དང་། རམ་ཞེས་སྡུད་ཚིག་གོ། །ཡང་ན་རྒྱུ་རྒྱུན་ཆད་དེ་རྟེན་མི་བརྟན་པ་ཉིད་དུ་འགྱུར་ན་ཁྱད་པར་དག་ནི་མཐའ་མེད་དུ་མི་འཕེལ་བ་ཞིག་ན་ཡང་། བརྩེ་སོགས་གོམས་པའི་རང་བཞིན་ནི་སྔ་མ་དེ་དག་གི་རང་བཞིན་དེ་དང་འདྲ་བའང་མ་ཡིན་ཏེ་ཞེས་སོ། །གཉིས་པ། ཁྱད་པར་འགྱུར་མི་འགྱུར་ཁྱད་བསྟན། །དེ་དག་ཁྱད་གཞིར་སྦྱར་བའོ། །དང་པོ། སྔ་མ་དེ་འདྲའི་རང་བཞིན་ཡོད་པ་ཅན་གང་ཡིན་ལ་བརྩེ་སོགས་གོམས་པ་དེ་འདྲ་མིན་པའི་རྒྱུ་མཚན་གང་ཞེ་ན། འདི་ལྟར་མཆོངས་སོགས་དེ་ལ་ཕན་འདོགས་པའི་ནུས་པ་རྩོལ་བ་རྣམས་ནི་ཐད་ཀའི་འབད་པ་དེས་རང་འབྲས་མཆོངས་པ་དེ་ཙམ་སྐྱེད་ཀྱི། རང་གི་རིགས་འདྲ་ཕྱི་མའི་ཁྱད་པར་ཕྱི་མ་དག་ལ་ནི་བར་མ་ཆད་དུ་འཇུག་པའི་ཚུལ་གྱིས་ཕན་འདོགས་པ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། སླར་མཆོངས་པ་ན་ཡང་རྩོལ་བ་བསྐྱེད་དགོས་ཀྱི་སྔར་གྱི་རྩོལ་བ་དེས་མཆོངས་པ་མིན་པས་ན་མཐའ་མེད་དུ་འཕེལ་བའི་རང་བཞིན་ཅན་མིན་པ་དང་། ཆུ་བསྐོལ་བ་ན་སྐམ་པར་གྱུར་ནས་རྟེན་ནམ་རྒྱུ་རྒྱུན་ཆད་ལ། མ་ཆད་པའི་དུས་སུའང་རྟག་ཏུ་ཚ་བ་དེ་ཡི་རྟེན་དུ་གནས་པ་མ་ཡིན་ཏེ། ཚ་བ་དེའི་ཆོས་མིན་པའི་ཕྱིར་མེ་དང་བྲལ་ན་སླར་གྲང་བར་འགྱུར་རོ། །མཆོངས་གོམས་པ་ལས་ཇེ་བཟང་དང་ཆུ་བསྐོལ་བ་ལས་དྲོད་ཀྱི་ཁྱད་པར་རེ་ཞིག་པར་འཕེལ་ཡང་། མཐའ་མེད་པར་འཕེལ་རུང་གི་རང་བཞིན་ཉིད་མིན་ཏེ་དངོས་པོའི་ཆོས་ཉིད་ཀྱིས་མཐའ་མེད་དུ་མི་འཕེལ་བའི་རྒྱུ་མཚན་ཅན་དུ་གནས་པའི་ཕྱིར་མཐའ་མེད་དུ་མི་འཕེལ་ལོ། །གང་ཚེ་སྔར་གོམས་པར་བྱས་པར་གྱུར་པ་དེ་བར་མ་ཆད་དུ་འབྱུང་བ་ཙམ་ལས། ཡང་རྩོལ་བ་ཆེད་དུ་བསྐྱེད་པ་ལ་ལྟོས་པར་མི་འགྱུར་བ་ཞིག་ན་རྩོལ་བའམ་གོམས་པ་གཞན་ཕྱི་མ་རྣམས་ཁྱད་པར་ཆེར་འཕེལ་བར་བྱེད་པར་འགྱུར་


MR20_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དེའི་ཚད་གཟུང་བར་མི་ནུས་སོ། །གཉིས་པ། སེམས་ལ་སེམས་ཀྱི་ཡོན་ཏན་བརྩེ་བ་དང་བྱམས་པ་ཤེས་རབ་སོགས་གོམས་པའི་དབང་གིས་སྐྱེ་བ་ན་གོམས་པར་གྱུར་པ་ན། མཆོངས་པ་དང་མི་འདྲ་བར་རྒྱུན་ཆགས་པར་རང་གི་ངང་གིས་འཇུག་པར་འགྱུར་ཏེ་དཔེར་ན་མེ་དང་ཁ་སྦྱོར་ལ་སོགས་པས་ཤིང་དག་སྲེག་པ་དང་། དངུལ་ཆུ་སྦྱང་བ་དང་ནི་གསེར་དང་ཟངས་སོགས་ལེགས་པར་སྦྱང་བ་ན་འབད་རྩོལ་ཇེ་ཆུང་དང་དངོས་པོ་ཇེ་དག་ཏུ་འགྲོ་བ་བཞིན་ནོ། །ཇི་ལྟར་ན་མེ་ཤིང་སྐམ་པོ་ལ་འཇུག་པ་ནི་གེགས་མེད་ན་ཇི་སྲིད་དུ་ངང་གིས་འབར་བར་འགྱུར་ཞིང་རིགས་འདྲ་རྒྱུན་མ་ཆད་པར་བྱུང་བས་བུད་ཤིང་ལྷག་མ་མ་ལུས་པ་སྲེག་ནུས་པ་ལྟར་བློ་ལ་བརྩེ་སོགས་གོམས་པ་ཡང་དེ་འདྲ་བར་ངང་གིས་འཇུག་པའི་དཔེའོ། །ཡང་དངུལ་ཆུ་གཡའ་ཕྱི་བ་སོགས་རིམ་བཞིན་སྦྱང་བ་ནི་སྔ་མ་དག་པའི་ཡོན་ཏན་མི་ལྡོག་པར་ཕྱི་མ་ཕྱི་མར་ཡོན་ཏན་ཇེ་འཕེལ་དུ་གྱུར་ནས་བཅུད་ཀྱིས་ལེན་གྱི་ཡོན་ཏན་ཡོངས་སུ་གྲུབ་པའི་བར་དུ་ཁྱད་པར་འཕེལ་ཏེ་ཡོན་ཏན་དེ་དག་དངུལ་ཆུའི་ཆོས་སུ་གནས་པས་ན་རང་གི་ཆོས་དེའི་རྟེན་དུ་བརྟན་པར་གནས་པ་ཡིན་ནོ། །དེ་བཞིན་དུ་གསེར་ལེགས་པར་བཞུ་བཏུལ་མ་བྱས་པ་དག་དང་པོ་ཁ་སྦྱོར་གཉིས་པ་སོགས་སུ་འཚོད་པའི་བྱ་བ་རིམ་བཞིན་བསྒྲུབས་པས་ཕྱིས་ཡོངས་སུ་དག་པ་ན་ཡང་བཞུ་བཏུལ་བྱ་བ་སོགས་ལ་མི་ལྟོས་པར་ཁྱད་པར་གོང་ནས་གོང་དུ་འཕེལ་བ་ཡིན་ནོ། །དཔེ་ཕྱི་མ་འདི་གཉིས་ནི་རྟེན་བརྟན་པར་འགྱུར་བའི་དཔེ་ཡིན་ལ། དེ་བཞིན་དུ་བརྩེ་སོགས་ཁྱད་པར་དུ་གྱུར་པའི་ཆོས་དེའི་རྟེན་སེམས་ཀྱང་ཇེ་དག་ཏུ་སོང་ནས་ཡོན་ཏན་དེ་དང་མི་འབྲལ་བའི་ཚུལ་བསྟན་པ་ཡིན་ནོ། །ཚུལ་དེ་ཡི་ཕྱིར་བརྩེ་སོགས་གོམས་པ་ནི་ཆུ་ལ་དྲོད་ལྟར་མ་ཡིན་པར་རང་གི་རྟེན་སེམས་དེ་དག་ལས་སྐྱེས་པ་ཡིན་ཏེ་སེམས་རང་གི་ངོ་བོ་ཉིད་ལས་སྐྱེས་པའི་ཡོན་


MR20_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡིན་ནོ། །དེ་ལྟར་རིགས་འདྲའི་རྒྱུན་འབྱུང་ཞིང་རྟེན་བརྟན་པ་དེས་ན་སེམས་ལ་བརྩེ་སོགས་གོམས་པའི་རྩོལ་བ་ནི་ཕྱི་མ་དང་ཕྱི་མ་ཇེ་བས་ཇེ་བཟང་དུ་འཕེལ་ཞིང་ཁྱད་པར་ཅན་དུ་བྱེད་པ་ཡིན་ནོ། །གཉིས་པ་ཚད་མེད་ལ། དངོས་དང་རྩོད་པ་སྤང་བ་གཉིས། །དང་པོ། དེ་ལྟར་ཁྱད་པར་འཕེལ་དུ་ཆུག་ཀྱང་ཚད་མེད་པ་མི་སྲིད་དེ། གསེར་ལ་སོགས་པ་ཡོངས་སུ་སྦྱང་བ་མཐར་ཐུག་པ་ན་འཕེལ་དུ་མེད་པ་བཞིན་ཚད་ངེས་པ་ཅན་དུ་འགྱུར་རོ་ཞེ་ན། གང་ལ་ཚད་ཡོད་པ་ཅན་གྱི་དངོས་པོ་ལ་ཚད་ཐུག་པ་ཡོད་ཀྱང་ཚད་མེད་པ་ཅན་ལ་ཚད་གཟུང་མི་ནུས་ཏེ། གང་གི་ཕྱིར་ན་སེམས་ཀྱི་བརྩེ་བ་སོགས་རིགས་མཐུན་སྔ་མ་ཡི་ཉེར་ལེན་ནམ་ས་བོན་ལས་ནི་འཕེལ་བ་ཅན་གྱི་བརྩེ་བ་དང་བྱམས་པ་ཤེས་རབ་ལ་སོགས་པའི་བློ་དེ་དག་གེགས་མེད་ངང་གིས་གོམས་པར་གྱུར་པ་ན། ཚད་གང་དང་ཇི་ལྟ་བུ་ལ་གནས་ཏེ་དེའི་ཚད་འདིའོ་ཞེས་ཇི་ལྟར་གཟུང་བར་བྱ་ཞེས་སོ། །གཉིས་པ་ལ། གཞན་ཀྱང་ཚད་མེད་ཐལ་བ་སྤང་། ས་བོན་ལས་བྱུང་རྩོད་པ་སྤང་། དང་པོ། གལ་ཏེ་རྩོལ་བ་བར་མ་ཆད་དུ་བྱུང་བས་མཐའ་མེད་དུ་འཕེལ་སྲིད་ན་མཆོངས་ཀྱི་རྩོལ་བ་མ་བཏང་བར་སྦྱང་ན་སྤྲེའུ་དང་བྱ་ཁྱུང་མཉམ་པའི་དུས་ཡོད་ལ། དེའི་ཚུལ་གྱིས་མཐའ་མེད་དུ་མཆོངས་པའང་ཡོད་པར་འགྱུར་རོ་ཞེ་ན། བློ་གོམས་པ་དེ་ལྟར་མཆོངས་སྔ་མ་ཉིད་ལས་མཆོངས་ཕྱི་མ་ཁྱད་པར་དུ་གྱུར་ནས་མཐའ་མེད་པར་འཕེལ་བ་མིན་ཏེ། མཆོངས་དེ་ཡི་རྒྱུ་ལུས་ཀྱི་སྟོབས་རང་ཉིད་ནུས་པ་ཚད་ཅན་དུ་ངེས་པ་དང་། སྟོབས་སྔ་མ་ལས་དེ་འབྱུང་ཞིང་སྟོབས་ཕྱི་མ་སྐྱེད་པ་འཕྲལ་གྱི་འབད་རྩོལ་དག་ཀྱང་ལུས་ལ་བརྟེན་པའི་ཆོས་ཡིན་པས་ནུས་པ་ངེས་པ་སྟེ་ཚད་ཅན་ཡིན་པ་ཉིད་ཀྱི་ཕྱིར་མཆོངས་པ་ནི་ཇི་ལྟར་གོམས་ཀྱང་ཚད་ངེས་པའི་བདག་ཉིད་ཅན་ཡིན་གྱི་ཚད་མེད་པ་མཐའ་མེད་དུ་


MR20_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མཆོངས་པ་མི་སྲིད་དོ། །གལ་ཏེ་འདི་གོམས་པས་ཁྱད་པར་དུ་མི་འགྱུར་བ་ཞིག་ན་ཕྱིས་གོམས་པའི་དུས་བཞིན་དུ་དང་པོ་ནས་མཆོངས་རིགས་པ་ལ་དེ་མི་ནུས་པས་རྩོལ་བ་ལས་ཁྱད་པར་དུ་འཕེལ་དུ་ཡོད་པ་ནི་མངོན་སུམ་ཡིན་ལ། འཕེལ་དུ་ཡོད་ན་མཐའ་མེད་པར་ཡང་མི་འཕེལ་བ་ཅི་ཡིན་ཞེ་ན། མཆོངས་པ་གོམས་པ་པོ་དེ་ནི་དང་པོ་ཉིད་ནས་ཀྱང་ཕྱིས་གོམས་པའི་གནས་སྐབས་བཞིན་ཏུ་མཆོངས་ནུས་པ་མིན་ཏེ། སྔ་མའི་ལུས་ལ་མཆོངས་ནུས་པ་དང་མི་མཐུན་པ་བད་ཀན་སོགས་ལྕི་བའི་ཁམས་ཀྱི་གེགས་ཡོད་པས་སྔ་ཕྱིའི་ལུས་མི་འདྲ་བར་གྱུར་པའི་ཕྱིར་རོ། །རྩོལ་བས་རིམ་གྱིས་མི་མཐུན་པ་དེ་དག་བསལ་བ་ན་ཇི་ལྟར་བསལ་བའི་རིམ་པ་བཞིན་མཆོངས་ཁྱད་པར་དུ་འཕེལ་ཀྱང་མཐར་མི་མཐུན་པ་ཡོངས་སུ་བསལ་བ་ན་རང་གི་ལུས་ལ་སྟོབས་ཅི་ཡོད་པ་ཉིད་མངོན་དུ་འགྱུར་གྱི་དེ་ལས་ལྷག་པར་འཕེལ་དུ་མེད་དེ་སྟོབས་རང་གི་ངོ་བོ་ཚད་བཅས་སུ་གནས་པའི་ཕྱིར་བྱ་དང་སྤྲེའུའི་ལུས་ཀྱི་རྩལ་བཞིན་ནོ། །གཉིས་པ། གལ་ཏེ་བརྩེ་སོགས་རང་གི་རིགས་མཐུན་པའི་ས་བོན་ལས་བྱུང་བ་ཡིན་ན་དེ་ཐོག་མ་མེད་པ་ནས་ཡོད་དགོས་ལ། དེ་འདྲའི་ས་བོན་དེ་འཕེལ་ནས་སྐྱེས་བུ་ཐམས་ཅད་ཤིན་ཏུ་སྙིང་རྗེའི་བདག་ཉིད་ཅན་དུ་ཅི་སྟེ་མི་འགྱུར། གལ་ཏེ་མ་གྱུར་ན་ཕྱིས་གྲངས་མེད་གསུམ་སོགས་སུ་གོམས་ཀྱང་མཐའ་མེད་པར་མི་འགྱུར་རོ་ཞེ་ན། བརྩེ་བ་ནི་སེམས་ཀྱི་ཆོས་ཡིན་པས་རང་གི་ས་བོན་སྔ་མ་ལས་བྱུང་བ་ཡིན་ནའང་དེ་འཕེལ་བའི་གེགས་ཞེ་སྡང་སོགས་མེད་ན་དེའི་བདག་ཉིད་དུ་འགྱུར་མོད་ཀྱི་གེགས་ཡོད་པས་ན་ཐོག་མ་མེད་པ་ནས་ཡོད་པའི་ས་བོན་ཅན་ཡིན་ཀྱང་མཐའ་མེད་དུ་འཕེལ་བར་མི་འགྱུར་རོ། །དེ་ལྟ་ནའང་བྱང་ཆུབ་སེམས་དཔའ་རྣམས་ལའང་མཐའ་མེད་དུ་འཕེལ་མི་སྲིད་པ་མ་ཡིན་ཏེ། གལ་ཏེ་སྡང་བ་རང་གི་ས་བོན་ཅན་


MR20_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་ཅན་ནམ་འབྲས་བུ་ཞེ་སྡང་སོགས་བརྩེ་བ་དེའི་མི་མཐུན་ཕྱོགས་ཀྱིས་གནོད་པ་མེད་ན་ནི་སེམས་ལ་བརྩེ་སོགས་དེ་ཡི་བདག་ཉིད་ཇི་ལྟར་བར་མངོན་དུ་འགྱུར་བ་ཡིན་ནོ། །དེ་འདྲའི་ས་བོན་མེད་ན་ནི་དེ་དག་སེམས་ཀྱི་ཆོས་ཡིན་པར་གཞི་མ་གྲུབ་པས་སེམས་ལ་བརྩེ་བ་སྐྱེ་མི་སྲིད་པ་ཞིག་ན་ཡང་དེ་མ་ཡིན་ཏེ། རེ་ཞིག་མངོན་དུ་མ་གྱུར་ན་ཡང་སེམས་ཡིན་པའི་ཕྱིར་སྐྱེད་པར་མི་རུང་བ་མེད་དེ་སྲིན་པོ་དང་གཅན་གཟན་གཏུམ་པོ་དག་ཀྱང་རང་གི་བུ་ལ་བྱམས་པ་བཞིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱང་གསལ་མི་གསལ་ལས་མཁྱེན་པའི་ས་བོན་མེད་པའི་སེམས་མི་སྲིད་དོ། །དེས་ན་འདི་ལྟར་གོམས་པ་སྔ་མ་དང་སྔ་མའི་སེམས་ཀྱི་ཆོས་བརྩེ་བ་དང་། ཆགས་བྲལ་དང་བློ་ཤེས་རབ་སོགས་ནི་གཞན་ཕྱི་མ་ཕྱི་མ་དག་གི་གསལ་བ་སྟེ་མངོན་དུ་གྱུར་པ་ཡི་ནི་རྩ་བའམ་ས་བོན་ནམ་རྒྱུ་ཡིན་ནོ། །དེས་ན་ས་བོན་དེ་ལས་གོང་ནས་གོང་དུ་འཕེལ་བར་གོམས་ཤིང་གེགས་མེད་པ་ལས་ནམ་ཞིག་བློ་བརྩེ་བའི་བདག་ཉིད་དམ་རང་བཞིན་དུ་འགྱུར་བ་ཡོད་དེ། དཔེར་ན་ཆགས་བྲལ་གོམས་པས་བློ་དེའི་རང་བཞིན་དུ་གྱུར་པ་དགྲ་བཅོམ་པ་རྣམས་དང་། ཆགས་པ་གོམས་པའི་ཆགས་ལྡན་རྣམས་དང་། མི་སྡུག་པ་གོམས་པས་ཡིད་ལོག་པ་རྣམས་ཀྱི་བློ་བཞིན་ནོ། །གལ་ཏེ་དེ་ལྟ་ན་བྱམས་སྡང་སོགས་ཐམས་ཅད་ཀྱི་ས་བོན་ཐོག་མ་མེད་པ་ནས་ཡོད་པར་མཚུངས་པས་བྱམས་པ་ཁོ་ནའི་ངང་ཅན་དུ་ཅི་སྟེ་འགྱུར་སྙམ་ན། ཉོན་མོངས་པ་རྣམས་ནི་གློ་བུར་བ་ཡིན་པས་དེའི་ས་བོན་དྲུང་ནས་འབྱིན་པའི་ཐབས་ཡོད་ལ། བརྩེ་སོགས་ཡང་དག་པའི་དོན་རྟོགས་པ་དང་འགལ་བ་མེད་པར་མ་ཟད་དེ་ལས་འཕེལ་བའང་ཡིན་པས་ན་སེམས་དང་འབྲལ་མི་རུང་གི་ཡོན་ཏན་ཡིན་ཏེ་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་སྦྱོར་བ་ཕུན་ཚོགས་སྟོན་པ་ལ། བརྩེ་ལས་ཐབས་


MR20_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པ་འབྱུང་། །ཐབས་དེ་ཇི་ལྟར་རྟོགས་པའི་ཚུལ། །ཐབས་གོམས་དེ་ཉིད་སྟོན་པར་བསྟན། །དང་པོ། སྙིང་རྗེ་ཆེན་པོ་གོམས་པ་གོང་འཕེལ་དུ་འགྱུར་བ་ཡོད་ཀྱང་དེ་སྟོན་པ་ཚད་མའི་སྐྱེས་བུའི་སྒྲུབ་བྱེད་དུ་ཇི་ལྟར་འགྱུར་ཞེ་ན། རྒྱུའི་གནས་སྐབས་ལ་གནས་པའི་བརྩེ་ལྡན་བྱང་ཆུབ་སེམས་དཔའ་དེས་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གཞོམ་པའི་ཕྱིར་སྡུག་བསྔལ་གཞོམ་པའི་ཐབས་རྣམས་ལ་ནི་མངོན་པར་སྦྱོར་བ་སྟེ་དང་དུ་ལེན་པར་མཛད་པ་ཡིན་ནོ། །ཅི་རང་གིས་ཐབས་མངོན་དུ་བྱས་པས་གཞན་གྱི་སྡུག་བསྔལ་ཇི་ལྟར་སེལ་ཞེ་ན། དང་པོ་རང་ཉིད་ཀྱིས་ཐབས་ལས་བྱུང་བ་སྡུག་བསྔལ་ཉེ་བར་ཞི་བའི་འགོག་པ་དང་། ཉེར་ཞི་དེ་ཡི་རྒྱུ་ལམ་གྱི་རང་བཞིན་མ་མཁྱེན་པར་ལྐོག་ཏུ་གྱུར་པ་ན། རྒྱུ་འབྲས་དེ་དག་ཚུལ་བཞིན་མ་ནོར་བར་གཞན་ལ་འཆད་པ་ནི་དཀའ་བ་ཡིན་ཏེ་མི་ནུས་པའི་ཕྱིར་རོ། །གཉིས་པ། དེ་ལྟར་ཐབས་ཚོལ་བ་དེས་ཐབས་སྟོན་པ་ཡང་དག་པའི་ལུང་གི་དོན་དང་རྗེས་སུ་མཐུན་པར་དངོས་སྟོབས་ཀྱི་རིགས་པས་རྣམ་པར་དཔྱོ༷ད་པ་ན། འདི་ལྟར་སྡུག་བསྔལ་ཉིད་ཀྱི་ཆོས་རེས་འགའ་འབྱུང་བ་དང་འཕེལ་འགྲིབ་ལ་སོགས་པའི་ཁྱད་པར་དམིགས་པའི་རྒྱུ་མཚན་གྱིས་སྡུག་བསྔལ་དེ་ལ་རྒྱུ་ཡོད་པར་རྟོགས་པ་དང་། རྒྱུ་དེ་ཡང་མི་རྟག་པ་དང་ལ་སོགས་པ་ཞེས་པས་རྒྱུ་དེའི་ངོ་བོའམ་མཚན་ཉིད་སོགས་ཀྱི་རང་བཞིན་ལའང་རང་གི་རྣམ་པར་དཔྱོད་པས་རྟོ༷ག་པར་མཛད་པ་ཡིན་ནོ། །ཇི་ལྟར་ན་སྡུག་བསྔལ་འདི་རྒྱུ་ལས་མ་བྱུང་བ་ཞིག་ན་རྟག་ཏུ་ཡོད་མེད་དུ་ཐལ་བ་དང་འཕེལ་འགྲིབ་ཅན་གྱི་ཁྱད་པར་ཡོད་མི་སྲིད་ཀྱང་འདི་ལ་རྒྱུ་ཡོད་དོ་སྙམ་དུ་ཐུགས་སུ་ཆུད་དོ། །རྒྱུ་དེ་ཡང་ཇི་ལྟ་བུ་ཞེ་ན། རྟག་པ་ལས་གནས་སྐབས་སྣ་ཚོགས་པ་ཅན་གྱི་འབྲས་བུ་མི་སྐྱེད་པས་རྒྱུ་དེ་ཡང་མི་རྟག་པའི་རང་བཞིན་དུ་ངེས་སོ་སྙམ་དུ་


MR20_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གོ། །དེ་འདྲའི་རྒྱུ་དེ་ཡང་དུས་དང་དབང་ཕྱུག་ལ་སོགས་པ་ཐུན་མོང་བ་གཅིག་མ་ཡིན་ཏེ་མྱོང་བ་མི་འདྲ་བ་སྣ་ཚོགས་པའི་འགྲོ་བ་རྣམས་ཀྱི་རང་གི་སེམས་རྒྱུད་ཀྱི་ཁྱད་པར་ལ་གནས་པ་ཞིག་སྟེ་རྒྱུན་གྱིས་འཇུག་པ་སྔ་མའོ་སྙམ་དུ་རྟོག་ཅིང་དཔྱོད་དོ། །རྒྱུན་གྱིས་འཇུག་པ་དེ་ལ་སེམས་གཙོ་བོ་ཡིན་གྱི་གཞན་མ་ཡིན་ལ་སེམས་ལ་བདག་ཏུ་འཛིན་པའི་ཀུན་རྟོག་ཡོད་པ་དེས་ཡུལ་སྣ་ཚོགས་དང་དུ་ལེན་ཅིང་འདུ་བྱེད་པར་འགྱུར་ཏེ། ཁབ་ལེན་ཡོད་པ་ལས་ལྕགས་ཀྱི་ཐུར་མ་གཡོ་བ་བཞིན་དུ་རྒྱུ་ཡི་མཚན་ཉིད་ཀྱང་ཡང་དག་པའི་ལུང་གི་སྣང་བ་དང་འགྲོགས་པའི་ཤེས་རབ་ཀྱི་མིག་གིས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནུས་པ་ཡིན་ནོ། །གང་གི་ཕྱིར་སྡུག་བསྔལ་གཞོམ་པར་འདོད་པས་དེ་ལྟར་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་ནན་ཏན་དུ་རྟོག་ཅིང་དཔྱོད་པར་མཛད་ཅེ་ན། རྒྱུ་མ་ལོག་པར་གནས་པ་ཞིག་ན་འབྲས་བུ་སྡུག་བསྔལ་གཏན་ནས་ལྡོག་པ་མ་གཟིགས་པའམ་གཟིགས་པ་མེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་དེ་ཡང་གཞོམ་རུང་བ་ཅན་དུ་ཤེས་ནས་སྡུག་བསྔལ་དེ་ཡི་རྒྱུ་གཞོམ་པའི་ཕྱིར་དེ་ཡི་ནི་མི་མཐུན་ཕྱོགས་གང་ཡིན་ཞེས་དེའི་གཉེན་པོ་ལ་བརྟག་པ་མཛད་པ་ཡིན་ཞིང་། དེ་ཡི་ཚེ་ན་རྒྱུ་ཡི་ངོ་བོ་མ་ནོར་བར་རྟོ༷གས་པ་སྟེ་ཁོང་དུ་ཆུད་པའི་ཕྱིར་རྒྱུ་དང་འགལ་བ་དེ་ཡི་མི་མཐུན་ཕྱོགས་ཀྱང་ངེས་པར་འགྱུར་རོ། །དེ་ལ་སྡུག་བསྔལ་མཐའ་དག་གི་རྒྱུ་ཁོང་དུ་ཆུབ་ན་རྒྱུ་གང་ཡིན་ལ་དེའི་གཉེན་པོ་ཇི་ལྟར་ཡིན་ཞེ་ན། བདག་ཏུ་འཛིན་པ་དང་བདག་གིར་འཛིན་པར་བྱས་པ་འཇིག་ཚོགས་ལ་ལྟ་བ་གང་ཞིག་ལས་ཉོན་གྱིས་འདུས་བྱས་པའི་ཕུང་པོ་ལྔའི་སྤྱོད་ཡུལ་ཅན་ཞེན་པའམ་ཆགས་པ་ཡི་བློ་འདི་ནི་རྒྱུ་ཡིན་ལ་དེ་ལ་གནོད་པར་བྱེད་པ་དྲུང་ནས་འབྱིན་པའི་གཉེན་པོ་ནི་བདག་མེད་པར་མཐོང་བ་ཡི་བློ་ཡིན་ཏེ་དེ་གཉིས་དམིགས་པ་དང་རྣམ་པ་འགལ་


MR20_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་སྣང་མུན་བཞིན་ནོ། །དེ་ཡང་གང་ལ་ཆགས་ན་རང་རྒྱུད་ཀྱི་ཕུང་པོ་ལའོ། །ཇི་ལྟར་ན་ཕུང་པོ་ལྔའི་རྒྱུན་དང་ཚོགས་པ་བློས་མ་ཕྱེ་བར་ངའོ་སྙམ་པའི་བདག་ཏུ་ཞེན་པར་བྱེད་ཅིང་། ཕུང་པོ་དེར་གཏོགས་པའི་ཆོས་ལ་ངའི་མིག་ཅེས་སོགས་བདག་གི་བར་ཆགས་པ་ཡིན་ནོ། །དེས་ན་བདེ་སྡུག་བར་མས་བསྡུས་པའི་སྲིད་པ་ནི་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། དེར་བློ་ཆགས་པ་ལས་སྲིད་པར་གནས་པ་དེ་ཙམ་མ་གཏོགས་འཁོར་བའི་རྒྱུ་གཞན་གྱི་བྱེད་པ་པོ་ནི་རྡུལ་ཙམ་མི་དམིགས་ཏེ། དེ་ལོག་ན་སྲིད་པ་ཡོངས་སུ་འཛིན་པ་ལྡོག་པ་དང་། དེ་མ་ལོག་ན་རྒྱུ་གཞན་གང་གིས་ཀྱང་འཁོར་བ་མི་ལྡོག་པར་རིགས་པས་གྲུབ་པའི་ཕྱིར་རོ། །སྲེད་པ་ཡང་རྒྱུར་གོང་དུ་མ་བསྟན་ནམ་ཞེ་ན། བསྟན་ཏེ་གང་དུ་སྐྱེ་བ་ལེན་པའི་རྒྱུ་སྲེད་པ་ཡིན་མོད་ཀྱི་དེའི་ཡང་མེད་ན་མི་འབྱུང་བ་ནི་བདག་ཏུ་འཛིན་པ་ཡིན་ཏེ་བདག་ཏུ་འཛིན་པ་མ་ལོག་ན་སྲེད་པ་སྤང་མི་ནུས་ལ་དེ་ལོག་ན་སྲེད་པ་འབྱུང་བར་མི་འགྱུར་རོ། །ཡང་ན་བདག་དང་བདག་གིར་འཛིན་པར་བྱས་པའི་དབང་གིས་འདུས་བྱས་ཀྱི་སྤྱོད་ཡུལ་ལ་ཆགས་པའི་སྲེད་པ་ནི་རྒྱུ་ཞེས་ཀྱང་འགྲེལ་བ་རྣམས་སུ་བཤད་དོ། །བདག་འཛིན་དེ་སྤོང་མི་ནུས་སམ་སྙམ་ན། དེའི་ཡུལ་ལ་ཡང་དག་པའི་རིགས་པས་གནོད་པ་ཅན་ཡིན་ཏེ། རྒྱུན་དང་སྐད་ཅིག་དུ་མའི་འདུས་བྱས་ཀྱི་སྤྱོད་ཡུལ་ལ་བདག་ཏུ་དམིགས་པ་ཙམ་ལས་བདག་མ་གྲུབ་པས་ཐག་ཁྲ་ལ་སྤྲུལ་འཛིན་ལྟར་ཕྱིན་ཅི་ལོག་ཏུ་བཟུང་བ་གོམས་པ་ཙམ་ཡིན་པས་ལྡོག་ནུས་སོ། །གསུམ་པ་དེ་ལྟར་ཆགས་བྲལ་ཙམ་གྲུབ་ཀྱང་ཆགས་པ་དང་བྲལ་ཙམ་གྱིས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ་ཉན་རང་དགྲ་བཅོམ་ལྟ་བུ་ཡིན་ན་བདག་མེད་པར་རྟོགས་པ་དེ་ཙམ་ཚད་མའི་སྐྱེས་བུ་སྟོན་པ་ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་དུ་ཇི་ལྟར་རུང་སྙམ་ན། འཁོར་བའི་སྡུག་བསྔལ་མ་ལུས་པ་གཏན་དུ་ཞི་


MR20_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལམ་ཡང་དག་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་དེ་ལ་ལམ་གྱི་གནས་སྐབས་ཀྱི་རྣམ་པ་དུ་མར་རམ། ཤེས་བྱའི་རྣམ་པ་དུ་མར་འཇུག་པའི་ཤེས་རབ་དྲི་མ་མེད་པ་ཉིད་ཏིང་ངེ་འཛིན་ལ་སོགས་པ་ཐབས་ཀྱི་ཕྱོགས་ཤིན་ཏུ་མང་པོ་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པ་ཡུན་རིང་པོའི་དུས་སུ་གོམས་པར་མཛད་པ་ལས། དཔེར་ན་བཟོ་གནས་སོགས་བསྟན་བཅོས་གོམས་ན་སྐྱོན་རགས་པ་ནས་ཕྲ་བའི་བར་དུ་རིམ་བཞིན་རྟོགས་པ་ལྟར། ཐབས་མཐའ་ཡས་པ་དང་བཅས་ཏེ་ཤེས་རབ་ཤིན་ཏུ་སྦྱངས་པའི་རྣལ་འབྱོར་བ་དེ་ལ་བདག་གི་རྒྱུད་དུ་གཏོགས་པའི་མི་ཤེས་པ་སོགས་ཉེས་པ་ཆེས་ཕྲ་བའི་སྐྱོན་དང་། དེའི་གཉེན་པོར་གྱུར་པ་ཡོན་ཏན་གྱི་ཕྱོགས་དག་ཤེས་པའི་བློ་གྲོས་རབ་ཏུ་གསལ་བ་ཉིད་དུ་འབྱུང་བར་འགྱུར་ཞིང་། སྤང་བྱ་དེ་དག་གཉེན་པོ་རང་གིས་བཅོམ་པ་དེས་ན་ཐུགས་ཀྱང་གཞན་ལས་ཁྱད་པར་དུ་གསལ་བའི་ཕྱིར་ཆེས་ཁྱད་པར་དུ་འཕགས་ལ། གསལ་བ་རབ་ཀྱི་མཐར་ཐུག་པའི་ཡེ་ཤེས་དེའི་ངང་དུ་གྱུར་པ་ན། ཉི་མའི་དཀྱིལ་འཁོར་ལ་མུན་པའི་སྐབས་མི་ཐོབ་པ་ལྟར་འཁོར་རྒྱུ་བདག་ཏུ་འཛིན་པའི་རྒྱུ་ཡི་བག་ཆགས་ཤིན་ཏུ་ཕྲ་ཞིང་ཕྲ་བའང་ཟད་པར་སྤངས་པའི་ཡེ་ཤེས་མཐར་ཐུག་པ་བརྙེས་པ་ཡིན་ལ། ཐུབ་པ་ཆེན་པོ་གཞན་གྱི་དོན་ལ་འཇུག་པ་ཅན་གྱི་བསེ་རུ་རང་རྒྱལ་དང་ལ་སོགས་པ་ཞེས་པའི་ཉན་ཐོས་དགྲ་བཅོམ་པ་དང་། ཁྱད་པར་ནི་བག་ཆགས་མ་ལུས་པ་སྤངས་པ་འདི་ཡིན་ནོ། །དེ་ལྟར་ཐབས་གོམས་པ་དེ་ནི་གདུལ་བྱ་ལ་ལམ་སྟོན་པའི་དོན་ནམ་ཆེད་དུ་ཡིན་པ་དེ་ཡི་ཕྱིར་ན་སྟོན་པའི་རྒྱུ་ཐབས་གོམས་པ་དེ་ཉིད་སྒྲུབ་བྱེད་དུ་བཤད་པའི་སྐབས་འདིར་འབྲས་མིང་རྒྱུ་ལ་བཏགས་ནས་སྟོན་པ་ཞེས་བྱ་བ་ཡིན་པར་འདོད་དོ། །གསུམ་པ་མཇུག་བསྡུ་ནི། འོ་ན་སློབ་དཔོན་


MR20_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གླང་པོས། སྦྱོར་བ་ནི་འགྲོ་བ་ལ་སྟོན་པའི་ཕྱིར་སྟོན་པ་ཉིད་དོ་ཞེས་གསུངས་པས་སྡུག་བསྔལ་ཞི་བའི་ཐབས་གཞན་ལ་དངོས་སུ་སྟོན་པ་ལ་སྟོན་པ་ཞེས་གསུངས་པ་མིན་ནམ་འདིར་སྟོན་པའི་རྒྱུ་ལ་བཤད་པ་ཅི་ཞེ་ན། སྦྱོར་བ་ཞེས་པ་ལ་སོགས་པ་དེར་ཡང་དངོས་སུ་སྟོན་པར་བསྟན་པ་མིན་ཏེ་སྟོན་པར་བཞེད་པ་ཡིན་ལ། དེ་ཡང་རྒྱུ་དུས་ཀྱི་ཐབས་གོམས་པ་དེ་ལ་དེའི་མིང་གིས་བཏགས་པའོ། །བཏགས་པའི་དགོས་པ་ནི་སེམས་ཅན་རྣམས་ལ་སྟོན་པར་རུང་བའི་རྒྱུ་ལ་ཁྱད་པར་གྱི་མིང་གིས་བསྟན་པའོ། །དེ་ལྟར་ཡིན་པའི་ཤེས་བྱེད་ནི་འབྲས་བུའམ་ཚད་མར་གྲུབ་པའི་ངོ་བོ་བདེ་གཤེགས་དང་སྐྱོབ་པ་ལས། དང་པོ་སྟེ་སྔོན་དུ་ཕན་བཞེད་དང་སྟོན་པ་གཉིས་དེའི་རྒྱུའམ་སྒྲུབ་བྱེད་དུ་གསུངས་ལ་བསྒྲུབ་བྱའམ་གྲུབ་འབྲས་དེ་གཉིས་ཀྱི་སྔོན་དུ་སྒྲུབ་བྱེད་འདི་གཉིས་ངེས་པར་འབྱུང་བའི་ཕྱིར། ཕན་བཞེད་དང་སྟོན་པ་གཉིས་པོ་འདི་ནི་ཚད་མའི་སྐྱེས་བུར་འཁྲུངས་པའི་སྒྲུབ་བྱེད་དམ་རྒྱུ་རུ་བཤད་པ་ཡིན་པས་སྒྲུབ་བྱེད་དུ་བཀོད་པའི་སྐབས་ན་རྒྱུ་ཉིད་དུ་གཟུང་བར་བྱ་བ་ཡིན་ནོ། །གཉིས་པ་འབྲས་བུ་ལ། རང་དོན་ཕུན་ཚོགས་བདེ་གཤེགས་བཤད། །གཞན་དོན་ཕུན་ཚོགས་སྐྱོབ་པ་བཤད། །དང་པོ་ལ། མདོར་བསྟན་པ་དང་རྒྱས་བཤད་གཉིས། །དང་པོ། སྒྲུབ་བྱེད་དེ་གཉིས་ལས་ཚད་མའི་སྐྱེས་བུར་ཇི་ལྟར་གྲུབ་སྙམ་ན། གཟིགས་པ་ཕྱིན་ཅི་མ་ལོག་པ་མངའ་བ་དོན་གཉིས་ཕུན་སུམ་ཚོགས་པའི་གོ་འཕང་མི་གཡོ་བ་ལ་གནས་པས་ན་དེ་སྐད་དུ་བྱ་སྟེ། རང་དོན་ཕུན་ཚོགས་ནི་སྡུག་བསྔལ་གྱི་རྒྱུ་རྩད་ནས་སྤངས་པས་ན་ཡོན་ཏན་གསུམ་གྱི་ཁྱད་པར་མངའ་བ་ནི་བདེ་གཤེགས་ཞེས་བྱ་བ་ཉིད་ཡིན་ཏེ། སུ་ག་ཏའི་སྒྲ་ལས་དྲངས་ན་ལེགས་པར་གཤེགས་པ། སླར་མི་ལྡོག་པར་གཤེགས་པ། མ་ལུས་པར་གཤེགས་པ་གསུམ་གྱི་ཁྱད་པར་དང་ལྡན་


MR20_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མཚན་དེ་སྐད་དུ་བརྗོད་དོ། །གཉིས་པ་ལ། ལེགས་པར་གཤེགས་དང་མི་ལྡོག་དང་། །མ་ལུས་པར་ནི་གཤེགས་པ་གསུམ། །དང་པོ། དུས་ནམ་དུ་ཡང་སྐྱེ་བ་སོགས་སྡུག་བསྔལ་གྱི་རྟེན་དུ་གྱུར་པ་མིན་པའི་ཕྱིར་ན་ལེགས་པའམ་མཛེས་པའམ་བསྔགས་པར་གཤེགས་པའམ་སྤངས་བ་ཞེས་བྱ་བ་ཡིན་ཏེ། དེ་ནི་གང་ལས་ཞེ་ན། སྡུག་བསྔལ་ཀུན་གྱི་རྩ་བ་སྤོང་བྱེད་བདག་མེད་པ་དེ་རིགས་པས་ངེས་པ་ལྟར་མཐོང་ལམ་དུ་མཐོང་བའམ་སྒོམ་ལམ་དུ་མཐོང་ཟིན་གོམས་པར་བྱས་པའམ་སྦྱོར་བ་ལས་ལྷུན་གྱིས་གྲུབ་པར་མཐར་ཕྱིན་པ་ཡིན་ནོ། །དེ་ལྟར་སྡུག་བསྔལ་གྱི་རྟེན་མ་ཡིན་པ་དེ་ནི་བསྔགས་པ་ཡིན་ལ། རིགས་པས་གྲུབ་པའི་ཐབས་དེས་དེར་སོང་བ་ལ་གཤེགས་པ་ཞེས་པ་སྟེ་ཟག་བཅས་ཀྱི་སྐྱོན་དང་མ་འདྲེས་པས་སྐྱེས་བུ་ལུས་མཛེས་པ་བཞིན་ནོ། །དེས་གཞན་ཕྱི་རོལ་པ་སོགས་ལས་ཁྱད་ཕྱེ་བའོ། །གཉིས་པ། སླར་ལྡོག་པ་ནི་ཇི་ལྟ་བུ། མི་ལྡོག་པ་ནི་གང་ཅིའི་ཕྱིར་མི་ལྡོག་ཅེ་ན། འཁོར་བར་སླར་ཡང་སྐྱེ་བ་དང་དེར་སྐྱེ་བའི་རྒྱུ་ཆགས་སོགས་སྐྱོན་རྣམས་ནི་མ་སྤངས་པས་སླར་ཡང་ཀུན་ནས་འབྱུང་བ་དག་ནི་སླར་ཡང་ལྡོག་ཅེས་བཤད་པ་ཡིན་ལ། སངས་རྒྱས་ནི་བདག་ལྟའི་ས་བོན་མ་ལུས་པ་དྲུང་ནས་སྤངས་པའི་ཕྱིར་སྡུག་ཀུན་གྱི་ཉེས་པ་ཕྲ་མོ་ཡང་མི་སྐྱེ་བའི་ཆོས་ཅན་དུ་མཛད་པས་ན་སླར་མི་གཤེགས་པ་ཉིད་ཡིན་ནོ། །ཉེས་པ་སླར་ཡང་སྐྱེ་བའི་སྐབས་མི་སྲིད་པ་ཅིའི་ཕྱིར་ན། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་གནས་ལུགས་བདེན་པའི་དོན་ལ་མཐའ་གཅིག་ཏུ་ཞུགས་པ་ཡིན་ལ། དེ་དང་དམིགས་རྣམ་འགལ་བའམ་ཐ་དད་པ་ནི་དེ་ལ་ནམ་ཡང་སྐྱེ་བ་གནས་མེད་ཅིང་སྐབས་མེད་ལ། བློ་དེ་ལྟ་བུའི་ངང་ཚུལ་དུ་གྱུར་པའི་བདག་ཉིད་ཀྱིས་ཡིན་ཏེ་ནམ་མཁའ་ལ་ཚོན་མི་ཆགས་པའམ་ཉི་མའི་


MR20_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལ་མུན་པ་གཏན་མི་གནས་པ་བཞིན་ནོ། །དེས་ནི་རྒྱུན་དུ་ཞུགས་པ་སོགས་ལས་ཀྱང་ཁྱད་ཞུགས་པར་བསྟན་ཏེ་སླར་མི་ལྡོག་པ་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །གསུམ་པ། དངོས་དང་དེ་ལ་རྩོད་སྤང་ངོ་། །དང་པོ། ལུས་ངག་སེམས་ཀྱི་གནས་ངན་ལེན་དུ་གྲགས་པ་གང་ཞིག །དེའི་ངོ་བོ་ལ་འཁོར་རྒྱུའི་ཉོན་མོངས་མེད་པ་སྟེ་ཉོན་མོངས་ཅན་མིན་པ་དང་། སྐྱེ་བ་སོགས་སྡུག་བསྔལ་གྱི་ནད་ཀྱི་རྟེན་མིན་པས་ནད་མེད་པ་དེ་ལྟ་བུ་ནི་ཉན་རང་དགྲ་བཅོམ་པས་མ་སྤངས་པ་ཡིན་ཏེ། ལུས་ཀྱི་གནས་ངན་ལེན་མཆོངས་པ་དང་གླང་ཆེན་གཏུམ་པོ་དང་ཕྲད་པ་སོགས་དང་། ངག་གི་གནས་ངན་ལེན་སྨད་འཚོང་དང་སྨྲ་བ་དང་རྟ་གད་དུ་དགོད་པ་དང་གཞན་ལ་དམངས་རིགས་ཞེས་པ་ལྟ་བུ་སོགས་ལུང་མ་བསྟན་གྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་སྨྲ་བ་དང་། སེམས་རྟག་ཏུ་མཉམ་པར་མ་བཞག་པས་ལུང་མ་བསྟན་གྱི་སྐབས་ཀྱི་སེམས་ནགས་ཐིབ་པོར་ལམ་ནོར་བ་ལྟ་བུ་སོགས་དང་མཉམ་པར་བཞག་ཀྱང་མི་ཤེས་པ་ཡོད་པས་གནས་ངན་ལེན་གྱི་སེམས་འབྱུང་བ་ཡོད་ལ་དེ་དག་ནི་ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་གནས་ངན་ལེན་དང་གཞན་ཡང་ཐེག་པ་གསུམ་གྱི་ལམ་དཔྱིས་ཕྱིན་བར་བཤད་པ་ལ་ཐུགས་མི་གསལ་བ་ཉིད་ནི་ཉན་རང་དགྲ་བཅོམ་པ་དེ་དག་གིས་མ་སྤངས་བར་ལུས་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ནི་བདག་མེད་པ་ཤིན་ཏུ་གོམས་བའི་ཕྱིར་བདག་ལྟའི་བག་ཆགས་ཕྲ་མོའང་སྤངས་པས་ན་གནས་ངན་ལེན་དེ་ལྟ་བུ་སོགས་སྤང་བྱའི་ལྷག་མ་མ་ལུས་པ་སྤངས་བ་ཉིད་དེ་བུམ་པ་ཡོངས་སུ་གང་བ་བཞིན་ནོ། །གཉིས་པ་ལ། མདོར་བསྟན་པ་དང་རྒྱས་བཤད་གཉིས། །དང་པོ། རྒྱལ་དཔོགས་པ་སོགས་ཁ་ཅིག་གཏམ་སྨྲ་བ་དང་། ལུས་དང་ལྡན་པ་དང་། སེམས་དང་


MR20_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དང་། ཟས་གོས་ལ་ལོངས་སྤྱོད་པ་སོགས་ཀྱི་ཕྱིར་ན་ཆགས་སོགས་སྐྱོན་ཀུན་གཏན་ནས་ཟད་པ་མིན་ནོ་ཞེས་ཟེར་ཀྱང་། རྟགས་འདི་འདྲ་མི་མཐུན་ཕྱོགས་ཉེས་ཟད་ལ་ཡོད་ཀྱང་འགལ་བ་མེད་པས་ན་ལྡོག་པ་གྲུབ་པ་ལ་ཐེ་ཚོམ་ཟ་བ་དེ་ཕྱིར་དེ་སྒྲུབ་ལ་འཁྲུལ་བ་ཅན་ཡིན་ནོ། །གཉིས་པ། མ་ལུས་པ་སྤངས་བ་མི་སྲིད་པ་རྒྱུ་མཚན་གང་ལས་ཡིན་ཏེ། ཆགས་སོགས་སྐྱོན་རྣམས་རྟག་པ་ཉིད་ཡིན་པའི་ཕྱིར་སྤོང་དུ་མེད་པ་ཞིག་ཏུ་འགྱུར་རམ་ཡང་དེ་དག་སྤོང་བའི་ཐབས་གཏན་མེད་པའི་ཕྱིར་མི་སྤོང་བ་ཡིན་ནམ། ཡང་ན་ཐབས་ནི་ཡོད་ཀྱང་མི་ཤེས་པའི་ཕྱིར་སྐྱེས་བུས་དེ་སྤོང་མི་ནུས་པའི་རྒྱུ་མཚན་ལས་སྐྱོན་རྣམས་ནི་རྩད་ནས་མི་ཟད་པ་ཉིད་ཅེས་བྱ་བར་ཡོངས་སུ་རྟོག་གྲང་ན། དེ་གསུམ་གང་ཡང་མ་ཡིན་ཏེ་སྐྱོན་རྣམས་རེས་འགའ་འབྱུང་བས་རྒྱུ་ཡོད་པའི་ཕྱིར་རྟག་པ་མིན་པ་དང་། རྒྱུ་དེ་ཡི་ནི་གཉེན་པོ་གོམས་པས་ཟད་པར་སྲིད་པའི་ཕྱིར་ཐབས་མེད་པའང་མིན་པ་དང་། རྒྱུ་ཡི་རང་བཞིན་གང་མེད་ན་འདི་ཀུན་མི་འབྱུང་བ་དེ་ཡང་ཁོང་དུ་ཆུབ་ནུས་ཏེ། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེས་ཞེས་གསུངས་པ་ལྟར་དེ་ཡི་རྒྱུ་གང་ཡིན་ཤེས་པ་ཡིས་དེ་དང་འགལ་བའི་གཉེན་པོ་དེ་ཤེས་པ་ཡང་ཡོངས་སུ་གྲུབ་པ་ཡིན་པས་ཐབས་མི་ཤེས་པ་མིན་པས་དེ་འདྲའི་ཐབས་ལ་ནན་ཏན་རབ་ཀྱི་མཐར་ཕྱིན་ན་ཉེས་པ་མ་ལུས་པ་སྤོང་བ་ཡོད་པ་ཡིན་ནོ། །གཉིས་པ་སྐྱོབ་པ་ནི། གོང་དུ་བཤད་པ་ལྟར་བརྩེ་བ་ལས་སྟོན་པ་འབྱུང་ཞིང་། དེ་རབ་ཀྱི་མཐར་ཕྱིན་པ་ལས་བདེ་གཤེགས་འབྱུང་ལ་དེ་འདྲའི་ཡོན་ཏན་གསུམ་མངའ་བའི་བདེ་གཤེགས་ལས་སྐྱོབ་པ་འབྱུང་སྟེ། ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱོབ་པ་ཡིན་ཏེ་ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་དེ་མཐར་ཕྱིན་པ་ན་གཞན་ལའང་དེ་དག་ཚུལ་བཞིན་དུ་


MR20_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་ཀྱི་ཕྱིར་རོ། །དེ་འདྲའི་ལམ་དེས་སྡུག་བསྔལ་མཐའ་དག་ལས་གཏན་དུ་སྐྱོབ་པར་བྱེད་པས་ན་དེ་སྟོན་པ་པོ་ནི་དེ་ལྟར་གདུལ་བྱ་རྣམས་སྐྱོབ་པར་གྱུར་བ་ཡིན་གྱི། གཞན་རིག་བྱེད་ལ་སོགས་པ་སྟོན་པ་ནི་མ་ཡིན་ཏེ་ཐབས་དེས་སྐྱེས་བུ་འཁོར་བ་ལས་གཏན་དུ་སྐྱོབ་མི་ནུས་པའི་ཕྱིར་རོ། །ཉིད་ཀྱིས་ཡང་དག་པའི་དོན་གཟིགས་པ་མཐར་ཕྱིན་པ་ན་གཞན་ལ་སྟོན་པ་དེ་ནི་ཕྱིན་ཅི་མ་ལོག་པ་དང་ཉེས་པ་མེད་པའི་ཚིག་ཡིན་ཏེ་ཉེས་པའི་རྒྱུ་མེད་པའི་ཕྱིར་རོ། །ཇི་ལྟར་ཉེས་པའི་རྒྱུ་མེད་ཅེ་ན། འབྲས་བུའམ་དགོས་པ་མེད་པའི་ཕྱིར་ན་སེམས་ཅན་སླུ་བའི་རྫུན་མི་གསུང་བ་ཡིན་ཏེ། འདི་ལྟར་ལོག་པར་སྟོན་པ་ནི་ཆགས་སྡང་སོགས་ཉེས་པའི་དབང་གིས་དགོས་པ་གཞན་དང་གཞན་ཡིད་ལ་བཞག་ནས་དེ་གྲུབ་པའི་ཕྱིར་རྫུན་སྨྲ་བ་ཡིན་ན་ཆགས་སོགས་ཉེས་པ་ཡོངས་སུ་ཟད་པ་དེ་ལ་དེ་འདྲའི་ཞེ་འདོད་ཡོད་མི་སྲིད་པས་སོ། །གཞན་ཡང་ཆེད་དུ་བསམས་ནས་ལོག་པར་མ་བསྟན་ཀྱང་མི་ཤེས་པའི་དབང་གིས་ལོག་པར་སྟོན་སྲིད་ན་ཡང་། འདི་ལ་མི་ཤེས་པ་མི་མངའ་བར་བསྒྲུབས་ཟིན་པས་ན་ལོག་པར་སྟོན་པ་མི་སྲིད་དོ། །དེས་ན་ལོག་པར་སྟོན་པའི་རྒྱུ་མེད་པས་ཉེས་ཟད་ཀྱི་ལུང་ཡིན་ནོ། །དེ་ལྟར་ཡིན་མོད་ཚིག་སྨྲ་བ་ནི་རྟོག་དཔྱོད་སྔོན་དུ་འགྲོ་བ་ཅན་ཡིན་ལ། སྨྲ་འདོད་ཀྱི་དོན་དེ་ལྟ་བུ་ཡིད་ལ་བཞག་ནས་འདི་ལྟར་གོ་བར་གྱུར་ཅིག་སྙམ་པ་དེ་ཆགས་པ་མིན་ནམ་ཞེ་ན། དེ་ལྟ་བུ་ལ་ཆགས་པ་ཞེས་མི་བྱ་སྟེ་རང་གི་དོན་མཐར་ཕྱིན་པས་ན་དེ་མ་སྨྲས་ཀྱང་རང་ལ་མི་རུང་བ་གང་ཡང་མེད་པས་ན་གཞན་ལ་སྨྲ་བ་ནི་རང་དོན་གྱི་དགོས་པའམ་འབྲས་བུ་ཅན་ཅུང་ཟད་ཀྱང་མིན་ཞིང་གཞན་ཡང་རང་ཉིད་ཆགས་བྲལ་གྱི་སྐྱེས་བུ་ཡིན་པར་ཡང་བསྒྲུབས་ཟིན་ཏོ། །དེས་ན་གཞན་ལ་རང་ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་སྟོན་པ་འདི་ནི་སྐྱེ་རྒུ་ཀུན་ལ་ཐུགས་བརྩེ་བ་ཆེན་པོ་དང་


MR20_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཕྱིར་སྔོན་སློབ་ལམ་གྱི་རྩོམ་པ་ཀུན་ཀྱང་གཞན་སེམས་ཅན་གྱི་དོན་དུ་སྦྱོར་བར་མཛད་པའི་འབྲས་བུ་མཐར་ཐུག་པའི་ལག་རྗེས་ཡིན་པའི་ཕྱིར་སེམས་ཅན་ལ་སླུ་བའི་ལམ་ཅི་ཕྱིར་སྟོན་ཏེ་མི་སླུ་བ་ཁོ་ནར་འགྱུར་རོ། །དེས་ན་སྐྱོབ་པ་ཡིན་ཏེ་རང་ཉིད་ཀྱིས་མཁྱེན་དུ་ཟིན་ཀྱང་གཞན་ལ་མ་བསྟན་ན་གཞན་སྐྱོབ་པར་མི་འགྱུར་ལ་བསྟན་པའི་སྒོ་ནས་སྐྱོབ་པའི་ཕྱིར་སྐྱོབ་པ་ཞེས་བྱ་བ་ཡིན་ནོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན་ཐར་འདོད་རྣམས་ལ་ཚད་མའི་སྐྱེས་བུ་ཡིན་པར་གྲུབ་སྟེ་མི་བསླུ་བའི་ཕྱིར་རོ། །གཉིས་པ་ལུགས་བཟློག་ལ། སྐྱོབ་པའི་རང་བཞིན་གང་ཡིན་བཤད། །དེ་ལས་བདེ་གཤེགས་རྟོགས་པར་བསྟན། །དེ་ལས་སྟོན་པ་རྟོགས་པར་བསྟན། །དེ་ལས་བརྩེ་ལྡན་རྟོགས་པར་བསྟན། །དང་པོ་ལ། བདེན་བཞི་སྟོན་པ་སྐྱོབ་པར་བསྟན། །བདེན་བཞི་སོ་སོའི་རང་བཞིན་བཤད། །དང་པོ། ཡང་ན་ལུགས་བཟློག་གི་ཚུལ་གྱིས་ཤེས་བྱེད་ཀྱི་རྟགས་སུ་མཚོན་པར་བཤད་ན། སྐྱོབ་པ་ཡིན་པ་ནི་བདེན་པ་བཞི་ནི་སྟོན་པར་མཛད་པ་དེ་ལས་ཤེས་ཏེ་ཐབས་དེས་གདུལ་བྱ་རྣམས་སྐྱོབ་ངེས་པའི་ཕྱིར་ན་དེ་སྟོན་པ་པོ་སྐྱོབ་པར་གྲུབ་པའོ། །དེས་ན་དབང་ཕྱུག་ལ་སོགས་པས་མཆོག་སྦྱིན་པ་དང་། མེ་ལྔ་བསྟེན་པ་སོགས་ཐབས་མིན་པས་ནི་འཁོར་བ་ལས་གཏན་དུ་སྐྱོབ་པར་མི་ནུས་ཏེ་འཁོར་བའི་རྒྱུ་བཟློག་པ་མེད་ལ། བདེན་པ་བཞི་བསྟན་པས་ནི་གཏན་དུ་སྐྱོབ་ངེས་པར་དངོས་སྟོབས་ཀྱིས་གྲུབ་པས་ཐབས་དེ་སྟོན་པ་པོ་སྐྱོབ་པ་ཡིན་པར་ཡང་དག་པར་ཤེས་པར་ནུས་སོ། །དེ་ལྟར་ཡང་མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་ཆེ་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་


MR20_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་པ་དེ། །མྱ་ངན་འདས་པར་འགྲོ་འགྱུར་གང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ཤེས་བྱ་སྡུག་བསྔལ་བདེན་པ་བཤད། །སྤང་བྱ་ཀུན་འབྱུང་བདེན་པ་བཤད། །ཐོབ་བྱ་འགོག་པའི་བདེན་པ་བཤད། །བསྟེན་བྱ་ལམ་བདེན་བཤད་པའོ། །དང་པོ་ལ། སྡུག་བསྔལ་ཅན་གྱི་མཚན་གཞི་བཤད། །མཚན་ཉིད་སྡུག་བསྔལ་བདེན་པ་བཤད། །དང་པོ་ལ། དངོས་དང་དེ་ལ་ལོག་རྟོག་དགག །དང་པོ། སྡུག་བསྔལ་ཞེས་བྱ་བ་གང་ཞེ་ན། སྐྱེ་འཆིའི་རྒྱུན་གྱིས་གཅིག་ནས་གཅིག་ཏུ་འཁོར་བ་ཅན་གྱི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་འདི་ཡིན་ནོ། །འདི་སྡུག་བསྔལ་བའི་རང་བཞིན་དུ་ཇི་ལྟར་གྱུར་ཅེ་ན། ཟག་བཅས་ཀྱི་ཕུང་པོ་ཡིན་ཕན་ཆད་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཅི་རིགས་པ་དང་མི་ལྡན་པ་མེད་པས་ན་ཕུང་པོ་དེ་དག་དེ་ལྟར་སྡུག་བསྔལ་བའི་རང་བཞིན་དུ་གྱུར་པ་ཡིན་ནོ། །དེ་ཡང་སྒྲོ་བཏགས་པ་མིན་པར་དངོས་པོའི་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར་བདེན་པ་ཞེས་བྱའོ། །གཉིས་པ་ལ། འཁོར་བ་མེད་པར་འདོད་པ་འགོག །དེ་ཡི་ཉེས་སྤོང་ལན་དགག་པའོ། །དང་པོ་རྒྱང་འཕེན་པ་ན་རེ། འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བ་མེད་དེ་སྔ་


MR20_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འགྲོ་འོང་མ་མཐོང་བའི་ཕྱིར་རོ། །དེས་ན་ད་ལྟའི་ཕུང་པོ་ཙམ་རྒྱུ་མེད་འདོད་རྒྱལ་དུ་བྱུང་ངོ་ཟེར་ན། ཇི་ལྟར་གོམས་པའི་ཤུགས་ལས་འདོད་ཆགས་དང་སྡང་བ་བརྩེ་བ་དང་ཤེས་རབ་སོགས་གསལ་བ་སྟེ་མངོན་དུ་གྱུར་པ་མཐོང་བའི་ཕྱིར། ཆགས་སོགས་རྒྱུ་མེད་དུ་བབ་བབ་འདོད་རྒྱལ་ཉིད་དུ་བྱུང་བ་མིན་ཏེ། དེ་ལྟར་ཡིན་ན་ནམ་འབྱུང་བ་དེ་ལས་གོམས་པའི་རྒྱུ་ལས་འཕེལ་བ་སོགས་མི་རུང་བའི་ཕྱིར་རོ། །དེ་ལྟར་འདོད་རྒྱལ་མིན་པའི་སྒྲུབ་བྱེད་བཀོད་ནས་འདོད་རྒྱལ་དུ་འདོད་པ་ལ་གནོད་པ་ཡོད་དེ། རྒྱུ་མེད་པར་ངོ་བོས་སྐྱེ་བ་ནི་འགལ་བའི་ཕྱིར་ཏེ། ཡང་ན་རྒྱུ་མེད་པའི་ཕྱིར་རྟག་ཏུ་མི་འབྱུང་བའམ། ཡང་ན་རེས་འགའ་བ་མིན་པར་ཐམས་ཅད་དུ་ཡོད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ། འཁོར་བ་མེད་པའི་སྒྲུབ་བྱེད་བཀག །འཁོར་བ་ཡོད་པའི་སྒྲུབ་བྱེད་འགོད། །འཁོར་བ་མེད་ལ་གནོད་པ་སྟོན། །དང་པོ། རླུང་སོགས་ཉོན་མོངས་རྒྱུར་མི་འཐད། །དེས་ནི་འབྱུང་རྒྱུར་འདོད་པའང་ཁེགས། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། རྒྱང་འཕེན་པ་ན་རེ། ཆགས་སོགས་ནི་ཐོག་མ་མེད་པའི་རིགས་འདྲ་སྔོན་སོང་ལས་སྐྱེ་བ་མིན་ཏེ་ལུས་ཀྱི་ཁམས་རླུང་ལ་སོགས་པའི་ཆོས་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་རླུང་གི་ཁམས་ལས་གཏི་མུག་འཁོར་བཅས་འབྱུང་ཞིང་། མཁྲིས་པ་ལས་ཞེ་སྡང་དང་ཤེས་རབ་སོགས་དང་། བད་ཀན་ལས་ཆགས་པ་དང་སེར་སྣ་བྱམས་སོགས་འབྱུང་བས་སོ་ཞེ་ན། རྗེས་སུ་འགྲོ་ལྡོག་འཁྲུལ་བའི་ཕྱིར་ཆགས་པ་ལ་སོགས་པ་ནི་རླུང་སོགས་ཉེས་པ་དེ་ཡི་ཆོས་མ་ཡིན་ཏེ། ཉེས་པ་དེ་དག་ཡོད་པ་ཙམ་གྱིས་ཆགས་སོགས་དེ་ཡོད་པར་མ་ངེས་ལ། ཉེས་པ་དེ་ཕྲི་ནས་སྔར་ལས་ལྡོག་པ་ན་ཆགས་སོགས་ལྡོག་པར་ཡང་མི་


MR20_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་སོ། །ཅིའི་ཕྱིར་ན། སྐྱེས་བུ་བད་ཀན་གྱི་ཤས་ཆེ་བ་ལའང་འདོད་ཆགས་ཆུང་ལ་ཤེས་རབ་དང་ཞེ་སྡང་ཆེ་བ་སོགས་མཐོང་བའི་ཕྱིར་རོ། །དེ་ཡང་བད་ཀན་ཤས་ཆེ་བ་ནི་མདོག་དཀར་བ་ལུས་རྒྱས་པ་གཉིད་ཆེ་བ་འགུལ་བསྐྱོད་དཀའ་བ་སོགས་སོ། །མཁྲིས་པ་ཤས་ཆེ་བ་མདོག་སེར་བ་ལུས་ལ་དྲི་ང་བ་དྲོད་ཆེ་བ་སོགས་དང་། རླུང་ཤས་ཆེ་བ་ཤ་སྐེམ་པ་མདོག་ནག་པ་བསྒུལ་བསྐྱོད་ཡང་བ་སྨྲ་བ་མང་བ་སོགས་སུ་བཤད་དོ། །གཉིས་པ་ལ། བཀག་དང་རང་ལ་མི་མཚུངས་ཚུལ། །དང་པོ་ལ། རྒྱུ་འབྲས་འཆོལ་བར་ཐལ་བ་དང་། །རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་ཐལ། །འབྲས་བུ་གཅིག་ཏུ་ངེས་པར་ཐལ། །དང་པོ། གལ་ཏེ་རླུང་མཁྲིས་བད་ཀན་གསུམ་ནི་རང་བཞིན་འདྲེས་ནས་གནས་པའི་ཕྱིར་ཆིག་རྐྱང་བའི་གང་ཟག་མི་སྲིད་པས་ན་བད་ཀན་ཅན་ལའང་གཞན་གྱི་ཆོས་མཐོང་བ་ཡིན་པས་བཤད་མ་ཐག་པའི་སྐྱོན་དེ་མེད་ཅེ་ན། རྒྱུ་དེའི་ཆོས་སྡང་བ་སོགས་མཐོང་ན་དེ་ཡི་ཆོས་སྔ་མ་དེ་ལས་གཞན་པ་དྲི་ང་བ་དང་རྡུལ་ཆེ་བ་ལ་སོགས་པ་གཞན་ཡང་ཅིས་མ་མཐོང་། དེ་མ་མཐོང་ན་དེའི་རྒྱུ་མཁྲིས་པ་ཤས་ཆེར་ཡོད་པ་ཡང་གང་གིས་ཤེས་ཏེ། ཁྱོད་ཀྱིས་ལུས་རྒྱས་པ་ལ་ཆགས་པ་མཐོང་ནས་འདི་བད་ཀན་གྱི་ཆོས་སོ་ཞེས་བཞག་པ་ཡིན་ན་བད་ཀན་ཤས་ཆེ་བར་འཇོག་བྱེད་དེ་ཡང་དེའི་ཆོས་མཐོང་བ་ཙམ་ལས་གཞན་མེད་པའི་ཕྱིར། གཞན་མཁྲིས་པ་སོགས་ལའང་དེ་དང་འདྲ་བ་ཡིན་པས་བད་ཀན་ཤས་ཆེ་བ་ཅན་ལ་མཁྲིས་པ་ཤས་ཆེ་བར་འཇོག་བྱེད་མེད་ཀྱང་མཁྲིས་པ་ཤས་ཆེ་བར་འགྱུར་ན་རླུང་མཁྲིས་བད་ཀན་གྱི་མཚན་ཉིད་ཤས་ཆེ་ཆུང་ནམ་ཡང་མི་རྟོགས་ལ། དེ་ལྟ་ན་དེའི་ཆོས་སོ་སོར་ངེས་པ་ཡང་བཞག་པ་མི་སྲིད་དོ། །གལ་ཏེ་རླུང་སོགས་ཀྱི་ཆོས་རྨོངས་སོགས་སོ་སོར་ངེས་པ་མིན་ཏེ་དེ་གསུམ་ཀ་ཚོགས་


MR20_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཆགས་སོགས་ཀུན་ཀྱང་འབྱུང་ངོ་ཞེ་ན། སྐྱེས་བུ་ཐམས་ཅད་འདོད་ཆགས་ཞེ་སྡང་ང་རྒྱལ་ཤེས་རབ་ལ་སོགས་པ་ཆེ་ཆུང་མེད་པར་མཚུངས་པར་ནི་ཐལ་ཏེ་ཁྱད་པར་སོ་སོར་ངེས་པའི་རྒྱུ་ཡི་ཁྱད་པར་མེད་པར་ཀུན་ཀྱང་ཀུན་གྱི་རྒྱུ་དང་ལྡན་པར་འདྲ་བའི་ཕྱིར་ཆགས་སོགས་ནི་ཉེས་གསུམ་ཀུན་གྱི་ཆོས་ཐུན་མོང་པར་གྱུར་པའང་མ་ཡིན་ནོ། །གལ་ཏེ་རྒྱུ་འབྱུང་བ་བཞི་ཙམ་ལ་ཁྱད་མེད་ཀྱང་དེ་ལས་བྱུང་བ་གཟུགས་དང་དྲི་ལ་སོགས་པ་མི་འདྲ་བའི་ཁྱད་པར་སྣ་ཚོགས་ཡོད་པ་བཞིན་སྐྱོན་མེད་ཅེ་ན་གལ་ཏེ་གཟུགས་སོགས་དེ་ལའང་མི་འདྲ་བའི་ཁྱད་པར་ཅན་དུ་བྱེད་པའི་སྔོན་གྱི་ལས་རྣམས་བདག་པོ་ཡི་རྒྱུར་ཡོད་པ་མ་ཡིན་ན་དེར་ཡང་ཁྱད་པར་ཡོད་པ་མི་འཐད་ཅེས་པའི་རྩོད་པ་ཡང་ཁྱོད་ལ་མཚུངས་པ་ཡིན་ནོ། །འདི་ཕྱི་རོལ་གྱི་གཟུགས་རྣམས་ལ་རང་རང་གི་ས་བོན་དང་སྐྱེས་བུ་རྣམས་ཀྱི་ལས་ཀྱི་བདག་རྐྱེན་ཡོད་པ་ལས་མི་འདྲ་བ་དང་། འབྱུང་བ་རང་ལའང་མདོག་སོགས་འཕེལ་འགྲིབ་ཡོད་པ་དང་ནང་སྐྱེས་བུའི་གཟུགས་སོགས་ལ་རྣམ་སྨིན་གྱི་རྒྱུ་ཡི་ཁྱད་པར་ལས་མིན་པར་འབྱུང་བ་ཙམ་ལས་ཡིན་ན་ཁྱད་མེད་དུ་ཐལ་བར་གཉིས་ཀར་གོ་བར་བྱའོ། །ཆགས་སོགས་ནི་རང་བཞིན་ཏེ་ཉེས་པ་གསུམ་ཐམས་ཅད་ཀྱི་ཆོས་ཡིན་པར་ཡང་འདོད་ན་ཀོ། རྒྱུ་ལུས་ལ་ཆགས་སོགས་ཀྱི་ནུས་པ་མེད་པའི་རང་བཞིན་ཅན་མེད་པས་ན་འབྲས་བུ་མི་མཚུངས་པ་ཆགས་སོགས་ཤས་ཆེ་ཆུང་ཡོད་པ་འདི་རྒྱུ་གང་ལས་ཡིན། ཞེས་སོ། །ཚིགས་བཅད་གཅིག་པོ་འདི་གཞུང་ན་མི་སྣང་སྟེ་ཚད་མ་རྒྱན་གྱི་ཚིག་ཡིན་ནོ། །གཞན་སྐྱོ༷ན་རླུང་མཁྲིས་བད་ཀན་རྣམས་ནད་དུ་མ་གྱུར་བའི་སྐབས་དང་ནད་དུ་གྱུར་ནས་ཤས་ཆེ་ཆུང་གི་ཁྱད་པར་ཡོད་ན་ཡང་ཆགས་སོགས་རང་རང་གི་ཆོས་སུ་འདོད་པ་དེ་ལ་ཁྱད་པར་དེ་ལྟར་མེད་པའི་ཕྱིར་དེ་དེའི་ཆོས་


MR20_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ། ཡིན་ན་སྒྲོན་མེ་དང་འོད་བཞིན་དུ་རྗེས་སུ་འགྲོ་བར་རིགས་སོ། །ནད་སོ་སོའི་ཁྱད་པར་བཞིན་དུ་ཉེས་པ་གཅིག་ལའང་ཁྱད་པར་དུ་མ་ཡོད་པས་མི་སྐྱོན་ཞེ་ན། གཅིག་ལའང་དུ་མ་ཡོད་པས་ཐམས་ཅད་ཅིག་ཅར་འགྱུར་བའམ་ཡང་ན་གཅིག་པོ་དེ་ལས་གཞན་དུ་མི་འགྱུར་རོ། །རྟགས་དེ་མ་གྲུབ་སྟེ། མཁྲིས་པ་ལྟ་བུ་ལྷག་པར་འཕེལ་བས་ནད་དུ་གྱུར་ན་གདུང་བ་ལས་ཞེ་སྡང་སྐྱེ་བའི་ཕྱིར་རོ་སྙམ་ན། དེ་ཙམ་གྱིས་རྟགས་མ་གྲུབ་པ་ཉིད་མ་ཡིན་ཏེ། དེ་ནི་མཁྲིས་པར་མ་ཟད་ཐམས་ཅད་ནད་དུ་འགྱུར་བ་ཡིས་གདུང་བ་བསྐྱེད་ནས་ཞེ་སྡང་སྐྱེ་བར་འགྱུར་བའི་ཕྱིར་མཁྲིས་པ་ཁོ་ནའི་ཆོས་སུ་མ་ངེས་སོ། །གལ་ཏེ་ཀུན་ལས་ཀྱང་སྡང་བ་སོགས་སྐྱེ་བ་ཡོད་ན་ཅི་འགལ་སྙམ་ན། ཀུན་ལས་སྐྱེ་བའང་མིན་ཏེ་ཐམས་ཅད་ཆགས་སོགས་མཚུངས་པར་ཐལ་བའི་སྐྱོན་བརྗོད་ཟིན་པས་སོ། །གཉིས་པ་ལ། དངོས་དང་དེའི་ལན་འགོག་པའོ། །དང་པོ། རྒྱུ་བད་ཀན་ལྟ་བུ་ནི་ལྷག་པར་འཕེལ་བར་གྱུར་པ་ན་འབྲས་བུ་ཆགས་པ་དེ་ཙམ་འཕེལ་བ་རིགས་ཀྱི་འགྲི༷བ་པར་ནི་མི་རུང་སྟེ། དཔེར་ན་མཁྲིས་པ་ལྷག་པར་འཕེལ་བས་ལུས་ལ་ཚ་བ་དང་དྲི་ང་བ་སོགས་འཕེལ་བ་བཞིན་ནོ། །དེ་ལྟ་ནའང་བད་ཀན་ལྷག་པར་འཕེལ་བ་ན་གདུང་བའི་དབང་གིས་ཆགས་པ་མི་སྐྱེ་བ་དང་། རླུང་འཕེལ་བས་གཉིད་མི་འབྱུང་བ་དང་། མཁྲིས་པ་འཕེལ་བ་ན་བློ་མི་གསལ་བ་ལྟ་བུ་འབྱུང་བས་འགལ་བ་ཅན་དུ་འགྱུར་རོ། །དེས་ན་ཆགས་སོགས་ཀྱི་འགྱུར་བ་ནི་བད་ཀན་སོགས་ལས་མ་ཡིན་ཏེ། འདུ་བ་མཉམ་མི་མཉམ་གྱི་ནང་གི་རེག་བྱ་གཟུང་དོན་དུ་བྱས་པའི་ཚོར་བ་བདེ་སྡུག་ལས་སྐྱེས་པ་ཡིན་ནོ། །གཉིས་པ་ལ། ཕྱོགས་སྔའི་འདོད་བརྗོད་དེ་འགོག་པའོ། །དང་པོ། ཁོ་ན་རེ། ནད་དུ་གྱུར་ནས་འཕེལ་བ་ན་ཉེས་པ་ཤས་ཆེ་ཆུང་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་


MR20_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱིས་ཟིལ་གྱིས་མནན་ནས་གལ་ཏེ་བད་ཀན་སོགས་འཕེལ་ན་ཡང་དེའི་ཆོས་འདོད་ཆགས་སོགས་མི་སྐྱེད་དོ་ཞེ་ན། འོ་ན་ཆགས་སོགས་དེ་ཅིས་སྐྱེད་སྨྲོས་ཤིག །སྨྲས་པ། འདུ་བ་ཆ་མཉམ་པ་ལས་ཁུ་བ་འཕེལ་ལ་དེ་ལས་འདོད་ཆགས་སྐྱེ་བ་ཡིན་ནོ་ཞེ་ན། གཉིས་པ་ལ། བཀག་པ་དངོས་དང་ཉེས་སྤོང་དགག །དང་པོ། དེ་ལྟར་མ་ངེས་ཏེ་འདུ་བ་ཆ་མི་མཉམ་པ་ནད་ཅན་དག་ལའང་ཆགས་པ་ཅན་མཐོང་ལ། གང་ཟག་གཞན་ནི་འདུ་བ་ཆ་མཉམ་ན་ཡང་ཆགས་པ་སྐྱེ་བ་མིན་པ་ཡང་ཡོད་ལ། གཞན་འགའ་ཞིག་ནི་ཁུ་བ་ཟད་དེ་དེའི་ལམ་ནས་ཁྲག་འཛག་ཀྱང་ཆགས་པ་སྐྱེ་བར་མཐོང་བས་གནོད་ལ། གཞན་ཡང་ཁུ་བ་འཕེལ་བ་ཙམ་ལས་ཆགས་པ་སྐྱེ་བ་ཡིན་ན་བུད་མེད་གཅིག་ལ་ཁུ་བ་འཕེལ་བའི་ངེས་པ་མེད་པས་ཁུ་བ་འཕེལ་བའི་སྐྱེས་བུ་དེ་ཀུན་ལ་ཁྱད་མེད་པར་ཆགས་རིགས་ཀྱི་ཡིད་ལ་ལྷག་པར་ཞེན་པའི་བུད་མེད་གཅིག་པུ་ལ་ཆགས་པ་དྲག་པོ་སྐྱེ་བར་མི་འགྱུར་ན་ཡང་། གཅིག་ལ་ཁྱད་པར་དུ་ཆགས་པ་ཡང་མཐོང་བས་ན་ཁུ་བ་ཙམ་ལས་ཆགས་པ་སྐྱེ་བ་མིན་ཏེ་རང་གི་རྟོག་པ་ལས་དེ་ལྟར་བྱུང་བ་ཡིན་པར་གྲུབ་བོ། །གཉིས་པ། གལ་ཏེ་ཡུལ་གཅིག་པུ་དེའི་གཟུགས་བཟང་བ་དང་སྤྱོད་ལམ་མཛེས་པ་སོགས་ཀྱང་ཆགས་པ་སྐྱེ་བའི་ཡན་ལག་ཡིན་ནོ་ཞེ་ན་མ་ཡིན་ཏེ་སྐྱེས་བུ་ཀུན་ལ་དེ་ལྟར་མ་ངེས་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལ་གཅིག་ཆགས་པ་ལྟར་ཀུན་ཆགས་པར་མ་ངེས་པའི་ཕྱིར་རོ། །གཞན་ཡང་གཟུགས་བཟང་བ་ཁོ་ན་ཆགས་པའི་ཡན་ལག་ཡིན་ན་གཟུགས་བཟང་བ་ཁོ་ན་ལས་གཞན་གཅིག་ལའང་ཆགས་མི་རིགས་ན་ཡང་། གཟུགས་བཟང་ངན་དུ་བཞག་པ་ཀུན་ལ་མཐའ་གཅིག་ཏུ་ངེས་པ་མེད་པར་ཆགས་པ་འབྱུང་བའང་ཡིན་ཏེ་གང་དུ་སུས་ཀྱང་ཆགས་


MR20_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་དུ་མ་གྱུར་བ་ནི་མི་རྙེད་པས་སོ། །གཞན་ཡང་གཟུགས་བཟང་བ་ཙམ་ཆགས་པའི་ཡན་ལག་ཡིན་ན་མི་སྡུག་པ་གོམས་པ་དང་དེ་བས་ཆེས་བཟང་པོ་རྙེད་པའི་ཡུལ་ཅན་སོགས་ཡུལ་དེ་ལ་ཡོན་ཏན་དུ་མི་འཛིན་པ་ཁུ་བ་དང་ལྡན་པ་དག་ལའང་འདོད་ཆགས་སྐྱེ་བར་འགྱུར་རིགས་ན་ཡང་ཡོན་ཏན་དུ་མ་བཟུང་ན་ཆགས་པ་མི་སྐྱེ་བར་མཐོང་བས་གནོད་དོ། །གལ་ཏེ་ཡུལ་དེ་ལ་ཡོན་ཏན་དུ་འཛིན་པ་དེ་ཡང་ཆགས་པ་སྐྱེ་བའི་ཡན་ལག་ཡིན་ནོ་ཞེ་ན། སྐྱེས་བུ་ཐམས་ཅད་ཀྱིས་གཅིག་གིས་གཟུགས་བཟང་བར་བཟུང་བ་དེ་མཐོང་ཙམ་ནས་ཐམས་ཅད་ཀྱིས་ཀྱང་སྔ་མ་དེ་དང་འདྲ་བར་ཡོན་ཏན་འཛིན་པ་དང་ཆགས་པ་སྐྱེ་བ་ཅན་དུ་འགྱུར་ཏེ། གཟུགས་བཟང་བ་ཡུལ་དུ་ཡོད་པ་དང་འདུ་བ་ཆ་མཉམ་པའི་ཁུ་བ་འཕེལ་བ་དེ་ཆགས་པའི་རྒྱུ་ཡིན་ལ་ཆགས་ན་ཡོན་ཏན་དུ་འཛིན་དགོས་པའང་ཡིན་པས་དེ་འདྲའི་ཡོན་ཏན་དུ་བཟུང་ནས་ཆགས་པའི་བློ་དེའི་རྒྱུ་ཡོད་པ་ལ་སྐྱེས་བུ་དེ་ཀུན་ཁྱད་པར་མེད་པའི་ཕྱིར་རོ། །གསུམ་པ་འབྲས་བུ་གཅིག་ཏུ་ངེས་པར་ཐལ་བ་ནི། གནས་སྐབས་གང་ལ་གང་ཟག་ཆགས་པ་ཅན་དུ་འདོད་པ་སྟེ་ཆགས་པ་ཅན་ཡིན་པར་གྱུར་ན། དེ་འདྲ་དེ་ནི་རྟག་ཏུ་དེ་ཡི་ངང་ཚུལ་ཅན་དུ་གནས་པ་ཁོ་ན་ལས་ནམ་ཡང་ཞེ་སྡང་ཅན་དུ་མི་འགྱུར་ཏེ། ཡུལ་ལེན་པར་འདོད་པའི་ཆགས་པ་དང་ཡུལ་འདོར་པར་འདོད་པའི་སྡང་བ་དེ་གཉིས་ནི་ངོ་བོ་ཤིན་ཏུ་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་འདོད་མི་ནུས་ཏེ། ཆགས་སྡང་གི་གནས་སྐབས་འདི་ལ་མཐའ་གཅིག་ཏུ་ངེས་པར་མཐོང་བའང་མེད་དེ་རེས་སྡང་བའི་གནས་སྐབས་དང་། རེས་ཆགས་པའི་གནས་སྐབས་སྣ་ཚོགས་པར་མཐོང་བའི་ཕྱིར་རོ། །དེ་ཡང་རྒྱུ་བད་ཀན་ཤས་ཆེ་བའམ་འདུ་བ་མི་མཉམ་པ་མེད་པར་ཁུ་བ་འཕེལ་བ་དང་ལྡན་པ་དེ་ལས་གཞན་དུ་མ་འགྱུར་བཞིན་དུ་ཡུལ་གཅིག་ལའང་སྡང་བ་དང་ཆགས་པའི་གནས་སྐབས་སྣ་ཚོགས་སུ་མཐོང་ན་དེ་ནི་འདུ་བ་སོགས་ཀྱི་རྒྱུ་ལས་ཇི་ལྟར་ཡིན་ཏེ་རྒྱུ་ལ་ཁྱད་མེད་པས་སོ། །དེ་ལྟར་ན་ནང་གི་རྟོག་པའི་ཁྱད་པར་ལས་བྱུང་བར་མངོན་པ་ཡིན་ནོ། །


MR20_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ཆགས་སྡང་སོགས་གནས་སྐབས་མ་ངེས་པར་སྐྱེ་བ་སྣ་ཚོགས་པའི་ཚུལ་ཅན་དེ་ནི་རླུང་སོགས་ལས་བྱུང་བར་སྨྲ་བ་ལ་མི་སྲིད་ལ། གྲུབ་མཐའ་གང་གི་ལུགས་ལ་འདོད་ཆགས་ལ་སོགས་པ་ཐོག་མེད་ནས་བརྒྱུད་དེ་འོངས་བའི་རིགས་མཐུན་པའི་བག་ཆགས་ཀྱི་ཁྱད་པར་ཐ་དད་པ་ལ་རག་ལས་པས་ནི་འཇུག་པར་འགྱུར་བ་ཁས་ལེན་པ་དེ་ལ་གོང་དུ་གཞན་ལ་བརྗོད་པའི་སྐྱོན་འདིར་ཐལ་བ་མེད་དེ། སྐྱེས་བུའི་ནང་གི་གོམས་པ་ཐ་དད་པའི་དབང་གིས་ཆགས་སོགས་ཤས་ཆེ་ཆུང་དང་། ཡུལ་ལ་སྐྱེ་ཚུལ་གྱི་ཁྱད་པར་དང་། གནས་སྐབས་སྣ་ཚོགས་མི་འདྲ་བ་ཡོད་རུང་བ་ཡིན་ནོ། །གཉིས་པ་ལ། དངོས་དང་རྩོད་པ་སྤོང་བའོ། །དང་པོ། རླུང་སོགས་ཆགས་སོགས་ཀྱི་ཆོས་མིན་པར་དཔྱད་པ་འདིས་ནི་ཆགས་སོགས་ནི་ས་ལ་སོགས་པ་འབྱུང་བའི་ཆོས་ཡིན་པ་ཉིད་ཀྱང་བཀག་པ་ཡིན་ཏེ། ནང་གི་འབྱུང་བ་ས་ཆུའི་ཁམས་ལས་བད་ཀན་དང་། དྲོད་མེ་ཡི་ཁམས་ལས་མཁྲིས་པ་དང་། འབྱིན་རྔུབ་སོགས་ཀྱི་ཁམས་ལས་རླུང་དུ་བཏགས་པ་ཡིན་ལ། དེའི་ཕྱིར་ས་ཆུ་ལས་འདོད་ཆགས། མེ་རླུང་ལས་ཞེ་སྡང་། ཆུ་རླུང་ཤས་ཆེ་བ་ལས་གཏི་མུག་འབྱུང་ངོ་ཞེས་འདོད་པ་ཡང་རིགས་པ་ཁ་སྤོས་པས་ཁེགས་པ་ཡིན་ནོ། །དེས་ན་ཁུ་བ་ལ་སོགས་པ་ལུས་ཀྱི་འབྱུང་བའི་ཁམས་ལྷན་ཅིག་བྱེད་རྐྱེན་དུ་བྱས་པ་ལས་ཚོར་བ་བདེ་བ་སོགས་སྐྱེ་བ་ནི་དབང་པོ་ལས་དབང་ཤེས་སྐྱེ་བ་ལྟར་ཕན་འདོགས་བྱེད་ཡིན་ལ། ནང་གི་རེག་བྱ་གཟུང་དོན་དུ་བྱས་པ་ལས་ཡིད་ལའང་ཕན་འདོགས་པའི་རྐྱེན་ཡིན་གྱི་འབྱུང་བ་དེ་དག་ཤེས་པའི་ཉེར་ལེན་གྱི་རྒྱུ་མིན་ནོ། །གཞན་དུ་སྔར་དུས་མཉམ་པའི་རྟེན་ཡང་བཀག་པ་ཉིད་ཀྱི་ཕྱིར་འབྱུང་བ་ལ་ཆགས་སོགས་གྲུབ་ཟིན་གནས་པའི་རྟེན་


MR20_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ཡིན་པར་འགྱུར་རོ། །གཉིས་པ་ལ། ལུང་གི་དོན་བཤད་འགལ་བ་སྤང་། །དེ་ཡི་སྐབས་ལ་རྩོད་པ་སྤང་། །དང་པོ། འབྱུང་བ་འདི་དག་རྟེན་མིན་ན་ཆོས་མངོན་པ་ལས། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་འདི་དག་ནི་འབྱུང་བ་ཆེན་པོ་ལ་བརྟེན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལྟར་གསུངས་པ་ནི་དཀར་པོ་ལ་སོགས་པ་གཟུགས་དང་། དྲི་རོ་རེག་བྱ་སོགས་འབྱུང་གྱུར་རྣམས་ནི་ས་སོགས་ལ་དུས་མཉམ་པར་མི་ཕན་བཞིན་དུ་བརྟེན་པ་ཉིད་དུ་བཤད་པ་ནི་མ་ཡིན་ནོ། །འོ་ན་ཇི་ཞེ་ན། གཟུགས་སོགས་དེ་ས་སོགས་ལ་རྟེན་ནོ་ཞེས་པའི་སྒྲ་ཡང་དུས་མི་མཉམ་པའི་དབང་དུ་བྱས་ན་སྔ་མའི་འབྱུང་བ་དེ་དག་འབྲས་བུ་འབྱུང་བ་ལས་གྱུར་པ་དེ་དག་གི་རྒྱུ་ཡིན་པའི་དོན་ཏེ་རྒྱུ་དེ་ལ་བརྟེན་ནས་དེ་བྱུང་བ་ལ་རྟེན་གྱི་སྒྲས་བསྟན་པ་ཅན་ནམ། ཡང་ན་ད་ལྟ་བའི་གཟུགས་སོགས་རང་གི་རྟེན་འབྱུང་བའི་རྡུལ་དག་དང་དབྱེར་མེད་པར་ནི་གནས་པའི་ཕྱིར་གཞིའམ་རྟེན་ཡིན་གྱི་གཞན་དུ་སྔ་ཕྱི་རྒྱུ་འབྲས་སུ་གྱུར་པའི་རྟེན་ནམ་ངོ་བོ་དབྱེར་མེད་ལ་རྟེན་དུ་བརྗོད་པ་མིན་ན་འཐད་པ་མ་ཡིན་ཏེ་ཕན་གང་ཡང་མི་འདོགས་པར་རིགས་པས་གྲུབ་པའི་ཚུལ་གོང་དུ་བསྟན་པ་བཞིན་ནོ། །གཉིས་པ་ལ། དབྱེར་མེད་མ་གྲུབ་རྩོད་པ་སྤང་། །དེ་དང་གཞན་འདོད་མི་མཚུངས་པའོ། །དང་པོ། དུས་མཉམ་པ་ཡིན་ན་རྟེན་བརྟེན་པ་དབྱེར་མེད་ཅེས་པ་དེ་མི་འཐད་དེ། རྟེན་ཆང་དང་བརྟེན་པ་དེ་ཡི་ནུས་པ་དུས་མཉམ་ན་ཡང་། གལ་ཏེ་མྱོས་པ་སོགས་ནུས་པ་ནི་ཆང་ལས་དབྱེར་ཡོད་དེ། ཆང་ཡུན་རིང་ལོན་པ་ན་མྱོས་ནུས་མེད་པར་ཤིན་ཏུ་སྐྱུར་པོར་གྱུར་པ་ལ་ཚ་ཞེས་བྱ་སྟེ་དེ་ཡི་སྐབས་ན་ཆང་གནས་ཀྱང་ནུས་པ་མེད་པ་དང་སོགས་ཁོངས་ནས་དུག་གི་ནུས་པ་དང་། མེའི་ཚ་བ་སྔགས་ཀྱིས་བཟློག་པ་སོགས་སོ། །དེ་བཞིན་དུ་འབྱུང་བ་


MR20_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆགས་པ་ལ་སོགས་པའང་དབྱེར་མེད་མིན་གྱི་དབྱེར་ཡོད་ཡིན་ཀྱང་དུས་མཉམ་པར་རྟེན་པ་འཐད་དོ་ཅེ་ན། ནུས་པ་ཞེས་བྱ་བ་ནི་དངོས་པོ་དེ་ལས་དོན་གཞན་དུ་ཅུང་ཟད་ཀྱང་མེད་དེ་ས་བོན་སོགས་ལ་མྱུ་གུ་སྐྱེད་པའི་ནུས་པ་ཞེས་བྱ་བ་ས་བོན་རང་གི་ཆོས་དེ་ལྟ་བུ་ཡིན་པ་གོ་བྱེད་ཀྱི་བརྡས་ནུས་པ་ཞེས་བརྗོད་པ་སྟེ་དངོས་པོ་ལས་གཞན་དུ་ཡོད་ན། ས་བོན་རང་ཉིད་མྱུ་གུ་སྐྱེད་པའི་ངོ་བོ་ཅན་མིན་པར་ནུས་པ་ཞེས་བྱ་བ་གཞན་གྱིས་སྐྱེད་དགོས་ལ། དེ་ལྟ་ན་ཡང་ནུས་པ་ཐུག་མེད་དུ་འགྱུར་བས་སོ། །དོན་ལ་ཡིན་པ་དེ་ལྟར་ཁྱོད་ཀྱང་འདོད་ཅིང་དངོས་པོ་ལས་ནུས་པ་དོན་གཞན་ཉིད་མ་ཡིན་ན་ནི་ནུས་པ་ལོག་ཕན་ཆད་ནུས་ཅན་གྱི་དངོས་པོ་དེ་ཡང་འཇིག་པར་འགྱུར་ལ། གལ་ཏེ་ནུས་པའི་རྟེན་དངོས་པོ་རང་གི་ཆོས་ཚང་བར་གནས་པ་ཞིག་ན་བརྟེན་པ་ནུས་པ་ཡང་འཇིག་པ་མ་ཡིན་ཏེ་ནུས་ཅན་དངོས་པོ་དེ་ཉིད་ཡིན་པས་སོ། །དེས་ན་ཚ་བ་སོགས་གཏན་དུ་ལོག་པ་ན་ཚ་བ་ཅན་ལ་མེ་ཞེས་འདོགས་པས་ན་ཚ་བ་ཅན་མིན་པར་གྲུབ་པ་དེས་ཚ་བའི་ནུས་པ་དང་ནུས་པ་དེའི་རྟེན་གཉིས་ཀ་ལོག་པར་མཚུངས་ཏེ་ནུས་པ་མེད་པ་ཙམ་གྱིས་དེའི་རྟེན་མ་ཡིན་པར་ཡང་སོང་བས་རྟེན་དུ་བཏགས་པ་ཡང་དགོས་པ་མེད་དེ་ནམ་མཁའ་ལ་ཆུ་ཡི་སྣོད་དུ་བཏགས་པ་བཞིན་ནོ། །གཉིས་པ། གཞན་གྱི་འདོད་པར་གནོད་པ་སྟོན། །དེ་ཉིད་རང་ལ་མི་མཚུངས་པའོ། །དང་པོ། གལ་ཏེ་ཁྱོད་ཀྱིས་དུས་མཉམ་པའི་རྟེན་བརྟེན་པ་དབྱེར་མེད་པར་བཤད་པ་དེ་དང་མཚུངས་པར་ངེད་ཀྱིས་ཀྱང་ལུས་དང་སེམས་དབྱེར་མེད་པར་འདོད་པ་ཡིན་ལ། དེའི་ཕྱིར་ལུས་ཞིག་ན་སེམས་ཀྱང་འཇིག་པ་ཡིན་ནོ་ཞེ་ན། ལུས་སེམས་དབྱེར་མེད་པ་མིན་ཏེ་བློ་མ་འཁྲུལ་བས་སྣང་བ་ཐ་དད་པ་ཅན་དུ་རྟོགས་པས་ན་འབྱུང་བ་དང་སེམས་ནི་ཐ་དད་པ་ཉིད་ཡིན་པར་གྲུབ་པའི་


MR20_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །རྟགས་གྲུབ་སྟེ། རང་གི་བློས་ཀྱང་རང་གི་སེམས་ནི་རྡུལ་བསགས་པ་མིན་པར་ཉམས་སུ་མྱོང་བའི་ཆགས་སོགས་ཀྱི་ངོ་བོ་ཅན་དུ་རིག་ལ། ལུས་ནི་དེ་ལས་བཟློག་པའི་མཚན་ཉིད་ཅན་དུ་རིག་པའི་ཕྱིར་དང་། ཡང་རང་གི་བློ་བདེ་སྡུག་སོགས་ཉམས་སུ་མྱོང་བ་ནི་རང་ཁོ་ནས་ཤེས་ཀྱི་གཞན་ལ་བསྟན་དུ་མེད་ལ། རང་གི་ལུས་ནི་རང་ཙམ་དུ་མ་ཟད་གཞན་ལའང་བསྟན་དུ་ཡོད་པར་རང་གིས་མཐོང་ངོ་། །དེ་བཞིན་དུ་གཞན་གྱི་ལུས་རང་གིས་མཐོང་བའམ། རང་གི་ལུས་གཞན་གྱིས་མཐོང་ཡང་སེམས་ཕན་ཚུན་མཐོང་བར་མི་སྲིད་པས་ལུས་ལས་ཐ་དད་པའི་སེམས་ཡོད་པ་ཡིན་ནོ། །ཐ་དད་དུ་མེད་ན་ནི་ལུས་མཐོང་བ་ཙམ་གྱིས་སེམས་ཤེས་པས་གང་ཟག་འདི་ཡི་ཡིད་ལ་རྟོག་པ་ཇི་ལྟ་བུ་ཡོད་དམ་སྙམ་དུ་སེམས་པར་ཡང་མི་འགྱུར་ལ། ཡང་ན་སེམས་མ་མཐོང་བ་བཞིན་དུ་ལུས་ཀྱང་མི་མཐོང་ཞིང་མི་ཤེས་པར་ཡང་འགྱུར་རོ། །གཡོ་འགུལ་སོགས་ཡོད་མེད་ལས་འདི་ལ་སེམས་ཡོད་དོ་མེད་དོ་སྙམ་དུ་རྟོག་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་རང་གི་ཡིད་ལ་བསམ་པའི་དོན་འདི་ཕ་རོལ་ལ་མ་བསྟན་པར་ཤེས་པར་མི་འགྱུར་སྙམ་དུ་ཚིག་སྨྲ་བའང་མི་སྲིད་དེ། ལུས་བསྟན་པ་ཙམ་གྱིས་དོན་གྲུབ་པར་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ། །དེ་ལྟར་ལུས་སེམས་གཅིག་ཏུ་འདོད་ན། ཇི་སྲིད་ལུས་ནི་སྔར་དང་མི་འདྲ་བར་འགྱུར་གྱི་བར་དུ་ལུས་ཀྱི་གཟུགས་སོགས་གནས་སྐབས་མི་འདྲ་བར་མེད་པར་སྣང་བ་དེ་བཞིན་དུ་ཡིད་ཀྱི་ངོ་བོ་ཡང་མི་འགྱུར་བར་གནས་པ་མཚུངས་པར་འགྱུར་ཏེ་དེ་གཉིས་དབྱེར་མེད་པས་སོ། །དེ་ལྟ་ནའང་ལུས་ལ་ཁྱད་མེད་བཞིན་དུ་རྣམ་པར་རྟོ༷ག་པ་ནི་ཕྱི་རོལ་གྱི་དོན་སྣ་ཚོགས་པའི་རྗེས་སུ་འབྲང་བའི་མི་འདྲ་བ་དུ་མར་སྐྱེ་བ་ཡུལ་གྱི་གཞན་དབང་ཅན་ཉིད་


MR20_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གང་ལས་ཡིན་ཏེ་དེ་ལྟར་མི་སྲིད་དོ། །ཡང་ན་རྣམ་པར་རྟོག་པ་སྣ་ཚོགས་སྐྱེ་བ་ནི་དོན་དང་ཉེ་བས་ཡིན་ནོ་ཞེ་ན། ཡིད་རྟོག་བཅས་ནི་དོན་རང་མཚན་གྱི་གཞན་དབང་ཅན་གང་ལས་ཡིན་ཏེ་དོན་སྤྱི་ཙམ་ལ་དམིགས་ནས་ལུས་དང་དོན་ལ་ལྟོས་པ་མེད་པར་སྐྱེ་བའོ་ཞེས་སུའང་འགྲེལ་པར་མཛད་དོ། །གཉིས་པ། གལ་ཏེ་ཁྱོད་ལྟར་ལུས་ལས་ཐ་དད་པའི་རྣམ་ཤེས་ཡོད་ན་ཡང་རྣམ་ཤེས་རང་གི་རིགས་འདྲ་གཅིག་ལས་གཅིག་ཁོ་ན་འབྱུང་གི་སྣ་ཚོགས་མི་འདྲ་བའི་གནས་སྐབས་ཇི་ལྟར་འཐད་ཅེ་ན། གང་ཚེ་ལུས་ལ་ལྟོས་པ་མེད་པར་ཏེ་ལུས་ཉེར་ལེན་གྱི་རྒྱུ་མ་ཡིན་པར་སྔ་མའི་ཤེས་པ་འགའ་ཞིག་ཕྱི་མའི་ཤེས་པ་འགའ་ཞིག་གི་དོན་སྣང་སོགས་ཀྱི་བག་ཆགས་སད་པའི་རྒྱུར་འགྱུར་བ་ཡིན་པ་དེས་ན་ཤེས་པ་མི་འདྲ་བ་འགའ་ཞིག་ལས་མི་འདྲ་བ་འགའ་ཞིག་སྐྱེ་རུང་བ་ཡིན་ཏེ། གནས་སྐབས་སྣ་ཚོགས་པར་འགྱུར་བ་ནི་ཤེས་པ་རང་གི་ངོ་བོས་ཡུལ་སྣ་ཚོགས་འཛིན་རུང་བ་ཅན་ཡིན་ལ། དེ་ཡང་རྐྱེན་ཇི་ལྟར་ཉེ་བ་ལྟར་སྐྱེ་བས་ན་ཤེས་པ་སྔ་མ་སྔ་མའི་རིགས་འདྲ་ལས་ཕྱི་མ་ཕྱི་མ་མི་འདྲ་བ་ཅན་ཡང་འབྱུང་རུང་བ་ཡིན་ནོ། །ཡང་ན་ལུས་ལ་མི་ལྟོས་པའི་ཡིད་རྟོག་འབའ་ཞིག་ལའང་སྦྱར་རོ། །གཉིས་པ། འཁོར་བ་ཡོད་པའི་སྒྲུབ་བྱེད་ལ། །དངོས་དང་དེ་ལ་རྩོད་སྤང་ངོ་། །དང་པོ། རྣམ་པར་ཤེས་པ་མིན་པ་ནི་རྣམ་ཤེས་ཀྱི་ཉེར་ལེན་མིན་པའི་ཕྱིར་ཡང་འཁོར་བ་འགྲུབ་པ་ཡིན་ཏེ། རྣམ་ཤེས་རྒྱུ་མེད་དུ་མི་འབྱུང་ལ། དེ་ཡང་སྐད་ཅིག་མ་མིན་པ་མི་སྲིད་པས་སྐད་ཅིག་དེ་ཡང་སྔ་མ་ལ་མ་ལྟོས་པར་མི་འབྱུང་ཞིང་། དེའི་ཉེར་ལེན་གྱི་རྒྱུ་ནི་ཤེས་པ་རང་ཉིད་མིན་པ་གཞན་ས་སོགས་གང་ལས་ཀྱང་འབྱུང་མི་སྲིད་པར་བསྒྲུབས་ཟིན་པས་ན་དེའི་རྒྱུན་ཐོག་མ་མེད་པར་གྲུབ་པ་ཡིན་ནོ། །གཉིས་


MR20_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་ཅན་དུ་མ་གྲུབ་པར་རིགས་པས་བསྟན་པ་ལ་འགོག་མ་ནུས་ཀྱང་གལ་ཏེ་དངོས་པོ་འདི་དག་ཐམས་ཅད་ནི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་རྣམ་ཤེས་ཀྱི་ཉེར་ལེན་ཡིན་པས་ན་ཉེར་ལེན་མེད་པར་མ་གྲུབ་བོ་ཞེས་འདོད་ན། རྣམ་ཤེས་སྐྱེད་པའི་ནུས་པ་དང་ལྡན་པ་ཞེས་པ་འདི་ཅི་ཞིག རྣམ་ཤེས་ཅུང་ཟད་ཀྱང་མེད་པ་ཡིན་ན་ནི་ནུས་པ་མེད་པར་བཀག་ཟིན་ལ། གལ་ཏེ་རྣམ་ཤེས་ཡོད་ཀྱང་མངོན་དུ་མ་གྱུར་པ་མི་གསལ་བའི་འགྲོ་བ་ཡིན་ནོ་ཞེ་ན། འགྲོ་བ་ཞེས་པ་ནི་ཁྱོད་ཀྱི་ལུགས་ལ་སྒྲོན་མེ་དང་འོད་ལྟར་ལུས་ལ་སེམས་བརྟེན་པ་མངོན་དུ་མཐོང་བ་འདི་ཙམ་ཡིན་ན་འདི་དངོས་པོ་ཀུན་ལ་མི་གསལ་བའི་ཚུལ་དུ་ཡོད་ན། དངོས་པོ་རིལ་མངོན་པར་གསལ་བའི་སེམས་ཅན་གཅིག་ཏུ་འགྱུར་རུང་ཡིན་ནམ། འབྱུང་བའི་ཆ་རེ་རེ་ནས་སེམས་ཅན་དུ་འགྱུར་རུང་ཡིན། །དང་པོ་ལྟར་ན། དངོས་པོ་རིལ་སེམས་ཅན་གཅིག་ཏུ་འགྱུར་དགོས་ན་དེ་མི་སྲིད་ལ་ཁས་ཀྱང་མི་ལེན་ནོ། །གཉིས་པ་ལྟར་ན། ཤིན་ཏུ་ཕྲ་བ་རྩ་འཇག་གཅིག་དང་སྤུ་ཉག་མ་གཅིག་སོགས་དངོས་པོ་རེ་རེའི་རྩེ་ལའང་འབྱུང་རྡུལ་དུ་མ་ཡོད་པས་དེ་ན་གླང་ཆེན་བརྒྱ་ཡང་ཡོད་པར་འགྱུར་ཏེ་དེ་ད་ལྟ་མངོན་དུ་མ་གྱུར་ཀྱང་གསལ་རུང་གི་སེམས་ཅན་དུ་ད་ལྟ་ཡོད་པའི་ཕྱིར། དེ་ལྟ་ན་སྔོན་ཚེ་འཇིག་རྟེན་འདི་ན་སུས་ཀྱང་མཐོང་མ་མྱོང་བའམ་མ་མཐོང་བའི་དངོས་པོ་དེ་འདྲ་ཡོད་དོ་ཞེས་དེ་སྐད་སྨྲ་བ་འདི་རྒྱུ་ལ་འབྲས་གནས་སྨྲ་བ་གྲངས་ཅན་པ་ངོ་ཚ་མེད་པའི་ཕྱུགས་ལྟ་བུ་རྣམས་ལས་གཞན་མི་རིགས་པའི་ཚིག་བརྗོད་པ་ལ་ངོ་ཚར་བཅས་པ་སུ་ཞིག་གིས་བརྗོད་པར་རྩོལ་ཏེ་རྩོལ་བར་མི་རིགས་སོ། །དེས་ན་རྒྱང་འཕེན་པ་ཁྱེད་རང་ཉིད་རྟོག་གེ་བ་རྣམས་ཀྱི་གཙུག་གི་ནོར་བུར་རློམས་ནས་དངོས་སུ་མཐོང་བར་གྱུར་པ་ལས་མ་མཐོང་བ་གཞན་འགོག་པར་འདོད་པས་རྗེས་དཔག་ཀྱང་ཚད་མར་ཁས་མི་ལེན་པ་ཁྱོད་ལ་ཤིན་ཏུ་མ་མཐོང་བའི་དངོས་པོ་འདི་ལྟ་བུ་ཡོད་པར་ཁས་ལེན་པ་ནི་མཛེས་པས་སྨྲོས་ཤིག་ཅེས་སོ། །དེ་ལྟ་བུ་མི་རིགས་


MR20_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ཀྱང་། རྒྱུ་རྩ་མཆོག་གི་རྩེ་མོ་ལ་སོགས་པ་ནི་ལན་བརྒྱར་རྣམ་པར་ཕྱེ་ཞིང་དཔྱད་ན་ཡང་། ད་ལྟ་བའི་དངོས་པོའི་ངོ་བོ་གང་ཞིག་མངོན་སུམ་སྣང་བར་གྱུར་བའི་ངོ་བོ་དེ་ནི་སྔར་རྒྱུ་དུས་ན་མི་སྣང་ན། ཇི་ལྟར་གླང་པོ་བརྒྱ་ལ་སོགས་པ་ལྟ་བུའི་འབྲས་བུ་དེ་ནི་ད་ལྟ་ནས་ཡོད་པར་འགྱུར་ཏེ་དེ་སྐད་སྨྲ་བ་ཤིན་ཏུ་མི་རིགས་སོ། །གསུམ་པ་འཁོར་བ་མེད་པར་འབྱུང་བ་ལས་སེམས་ཅན་གསར་སྐྱེ་དགག་པ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ། སེམས་ཅན་གྱི་སེམས་སྔ་ན་མེད་པ་གསར་དུ་ས་སོགས་ལས་འབྱུང་བ་ཡིན་ན་རྒྱུ་མཚན་དེ་ལས་ཆགས་སྡང་ང་རྒྱལ་བློ་ལ་སོགས་པ་ཡོད་པའི་ངེས་པ་མེད་པར་རེས་འགའ་མ་ཚང་པ་ཡང་སྲིད་པར་ཐལ་བར་འགྱུར་ཏེ། ཇི་ལྟར་སྐྱེས་བུའི་གཟུགས་ཀྱི་ཁྱད་པར་འབྱུང་བ་ཁོ་ན་ལས་འབྱུང་བར་འདོད་པ་དེ་ལ་སྲོག་ཆགས་ཀྱི་གཟུགས་སྣ་ཚོགས་མི་འདྲ་བ་དང་། དབང་པོ་ཚང་མི་ཚང་ཡོད་པ་བཞིན་ནོ། །ཇི་ལྟར་དབང་པོ་ལ་སོགས་པ་སྣ་ཚོགས་ཡོད་པ་དེ་བཞིན་དེའི་ཆོས་སེམས་ཀྱང་ཆགས་པ་ཡོད་མེད་སྣ་ཚོགས་ཡོད་རིགས་ནའང་སྲོག་ཆགས་ཐམས་ཅད་དབང་པོ་དང་རྣམ་འགྱུར་ལ་ཁྱད་ཡོད་ཀྱང་ཆགས་བྲལ་དང་སྡང་བྲལ་སོགས་མ་མཐོང་བས་གནོད་དོ། །གཉིས་པ་ལ། འབྱུང་ཙམ་རྒྱུར་འདོད་ཧ་ཅང་ཐལ། །འབྱུང་བའི་ཁྱད་པར་མི་འཐད་པའོ། །དང་པོ། གང་སེམས་ཅན་ཡིན་ནོ་ཅོག་ཀྱང་འབྱུང་བའི་བདག་ཉིད་ལས་མ་འདས་པའི་ཕྱིར་གལ་ཏེ་སེམས་ཅན་ཀུན་ཀྱང་ཆགས་སྡང་སོགས་དང་ལྡན་པ་ཡིན་གྱི་དེ་དང་བྲལ་བ་མི་སྲིད་དོ་ཞེ་ན། སྲོག་ཆགས་ཐམས་ཅད་འདོད་ཆགས་སོགས་ཆེ་ཆུང་མཚུངས་པར་འགྱུར་ཏེ་འབྱུང་བ་ལས་བྱུང་བ་ཐམས་ཅད་ཆགས་ལྡན་ཡིན་པར་འདོད་པ་མེ་ཡི་དྲོ་བ་ལྟ་བུ་ཡིན་པས་འདི་ལ་ཆགས་


MR20_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་སོགས་ཆེ་ཆུང་ཡོད་པར་མི་འཐད་དོ། །དེ་ལྟ་ནའང་སེང་གེ་སོགས་ཆགས་པ་ཤས་ཆུང་ལ་སྡང་བ་ཆེ་བ་དང་། བོང་བུ་དང་མཆིལ་པ་སོགས་ཆགས་པ་ཤས་ཆེ་བ་དང་། གཞན་ཡང་མི་རྣམས་ལ་ཆགས་པ་དང་ཆེས་ཆགས་པ་དང་ཆེས་ཤིན་ཏུ་ཆགས་པ་དང་། དེ་བཞིན་དུ་སྡང་བ་དང་བྱམས་པ་ཤེས་རབ་སོགས་ཀྱི་ཁྱད་པར་ཡོད་པར་མཐོང་བས་གནོད་དོ། །གཉིས་པ་ལ། དངོས་དང་དེ་ཡི་ལན་འགོག་པ། དང་པོ། གལ་ཏེ་སེམས་ཅན་གྱི་ཁམས་ན་ཆགས་པ་སོགས་ཤས་ཆེ་ཆུང་ཡོད་པ་ནི་རྒྱུ་འབྱུང་བའི་ཁྱད་པར་ལས་ཡིན་ཏེ། ཡུལ་གྱི་ཁྱད་པར་ལས་འབྲས་བུ་འགའ་ཞིག་མངར་ལ། ཡུལ་གཞན་ལས་སྐྱེས་པ་དེ་ལྟ་བུ་མ་ཡིན་པ་བཞིན་ནོ་ཞེ་ན། འབྱུང་བ་རྣམས་ལ་སྲོ༷ག་ཆགས་དང་ཆེས་སྲོག་ཆགས་སོགས་ཀྱི་ཁྱད་པར་མེད་པར་སེམས་ཅན་ཡིན་ནོ་ཅོག་སྲོག་དང་ལྡན་པ་ཙམ་གྱི་རྣམ་གྲངས་སུ་འདྲ་བར་འདོད་ཀྱང་། སྲོག་ཆགས་དེ་ལ་ཆགས་སོགས་མི་འདྲ་བའི་ཁྱད་པར་ཡོད་པ་འདི་ཡི་རྟེན་དུ་གྱུར་པའི་འབྱུང་བ་གང་ཡིན་པ་དེ་ནི་རྟག་ཏུ་ངང་ཚུལ་གཅིག་ལ་མི་གནས་པར་རེས་ཡོད་པ་དང་རེས་མེད་པའི་ཕུལ་བྱུང་དང་འགྲི༷བ་པའི་རང་བཞིན་ཡིན་པ་ཉིད་དུ་མངོན་ཏེ། ལ་ལར་ཆགས་པ་ཆེན་པོ་སྐྱེད་པའི་ནུས་པ་ཡོད་ལ་ལ་ལར་མེད་པ་ཡོད་པས་སོ། །དེ་ལྟ་ན་འབྱུང་བ་ལ་ཡོད་པའི་ནུས་པ་འཕེལ་འགྲིབ་ཡོད་པ་དེ་བཞིན་འབྱུང་བ་ལ་སྔར་ཆགས་སོགས་སྐྱེད་པའི་ནུས་པ་དེ་ཡོད་པ་ལས་ཕྱིས་དེ་མེད་པར་ཡང་འགྱུར་སྲིད་དེ་འཕེལ་བ་དང་འགྲིབ་པ་ཅན་ནི་ཤིན་ཏུ་འགྲིབ་ནས་རྒྱུན་ཆད་པའང་སྲིད་པས་སོ། །དེ་ལྟར་ན་དེ་མེད་པ་ལས་སྐྱེས་པའི་སེམས་ཅན་དེ་དག་ནི་ཆགས་སོགས་མེད་པ་ཅན་དུ་འགྱུར་ཏེ་རྒྱུ་མེད་པའི་ཕྱིར། དཔེར་ན་ནིམ་པའི་ས་བོན་ལས་སྐྱེས་པ་ལ་མངར་བ་མེད་པ་བཞིན་ནོ། །གཉིས་


MR20_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། དོན་དང་དཔེ་ཡི་ཚུལ་འགོག་པའོ། །དང་པོ། གལ་ཏེ་ཆགས་སོགས་ཆེ་ཆུང་ཐ་དད་པ་ཡོད་ཀྱང་སྲོག་ཆགས་དེ་དག་ཀུན་གྱི་རྒྱུ་འབྱུང་བ་ཡིན་པར་མཚུངས་པའི་བདག་ཉིད་ཙམ་ནི་མི་ལྡོག་པའི་ཕྱིར་ཆགས་པ་ཤས་ཆེ་བའི་ཁྱད་པར་ལོག་ཀྱང་འབྱུང་བ་ཙམ་མ་ལོག་པ་དེས་ན་ཆགས་པ་མེད་པར་སྲིད་པར་འགྱུར་བ་མིན་ནོ་ཞེ་ན། བདག་ཉིད་མཚུངས་པའམ་འདྲ་བའི་རྒྱུའི་དངོས་པོ་ལ་ཁྱད་མེད་པ་དེ་ཉིད་ཀྱི་ཕྱིར་ཀུན་ལ་འདོད་ཆགས་སོགས་ཆེ་ཆུང་གི་ཁྱད་མེད་པར་འདྲ་བར་འགྱུར་ཏེ། དཔེར་ན་རྒྱུ་ནོག་སོགས་ཡོད་པར་མཚུངས་པའི་བདག་ཉིད་ལས་བྱུང་བ་བ་ལང་གི་ཤེས་པ་དེས་ཁྲ་བོ་དང་དམར་ཟལ་སོགས་གང་ཡིན་ཀྱང་བ་ལང་ཙམ་དུ་ཤེས་ཀྱི། བ་ལང་དང་ཆེས་བ་ལང་ཆེས་ཤིན་ཏུ་བ་ལང་ཞེས་པའི་བློ་ལ་ཤས་ཆེ་ཆུང་མི་འབྱུང་བའམ། དེ་བཞིན་དུ་རྒྱང་འཕེན་པའི་ལུགས་འདིར་ཡང་ས་སོགས་ལ་སྲོ༷ག་ཆགས་ཉིད་དང་ཆེས་སྲོག་ཆགས་ཆེས་ཤིན་ཏུ་སྲོག་ཆགས་སོགས་ཀྱི་ཁྱད་པར་ཤས་ཆེ་ཆུང་གཞན་གྱི་རིམ་པ་སྐབས་ལ་ལར་ཀྱང་ཡོད་པ་མ་ཡིན་ན་འབྲས་བུ་སྲོག་ཆགས་ཙམ་དུ་ཁྱད་མེད་པ་དེ་བཞིན་དེའི་འབྲས་བུ་ཆགས་སོགས་ལའང་ཁྱད་པར་ཡོད་པ་ག་ལ་རིགས་ཏེ། སྲོག་ཆགས་དང་འདོད་ཆགས་སོགས་འབྱུང་བ་ལས་གྱུར་པ་ཡིན་ལ་དེ་མ་བྱུང་ན་ཕར་ཞོག་བྱུང་ནས་བཟུང་སྟེ་དེ་ཡིན་པ་ཙམ་ལས་དེའི་ཁྱད་པར་གྱི་རིམ་པ་ཐ་དད་དུ་ཡོད་པར་མི་རིགས་སོ། །གལ་ཏེ་སྲོག་ཆགས་ལ་ཤས་ཆེ་ཆུང་གི་ཁྱད་མེད་ཀྱང་ཆགས་སོགས་ལ་ཤས་ཆེ་ཆུང་གི་ཁྱད་ཡོད་ན་དེ་གཉིས་ཀའི་རྒྱུ་འབྱུང་བ་ཙམ་མིན་ལ་ཆགས་སོགས་ཤས་ཆེ་བའི་རྒྱུ་གཞན་ཡོད་པར་གྲུབ་པ་ཡིན་ཏེ་འབྱུང་བ་ཙམ་གྱིས་དེ་སྐྱེད་པར་མ་ངེས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁྱད་པར་མི་འདྲ་བའང་


MR20_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཙམ་ལས་མིན་ཏེ་ཡིན་ན་ཁྱད་མེད་དུ་ཐལ་བའི་ཕྱིར་རྒྱུ་གཞན་སྔོན་ལས་ཀྱི་རྗེས་སུ་འགྲོ་བར་ཡང་གྲུབ་བོ། །གཉིས་པ་ལ། དཔེ་དང་དཔེ་ཅན་མི་མཚུངས་ལ། །མཚུངས་པར་འདོད་ན་ཧ་ཅང་ཐལ། །དང་པོ། ཙན་དན་གྱི་མེ་དང་མེ་ཕལ་བ་བཞིན་དུ་དྲོ་བའི་རིམ་པ་ཆེ་ཆུང་གི་ཁྱད་པར་ཡོད་ན་ཡང་གཏན་དུ་དྲོ་བ་མེད་པའི་མེ་འགའ་ཡང་ཡོད་པ་མིན་པ་དེ་བཞིན་འབྱུང་བ་འདིར་ཡང་ཆགས་སོགས་ཤས་ཆེ་ཆུང་སྐྱེད་པའི་ཆ་ཐ་དད་ཡོད་ཀྱང་ཆགས་པ་གཏན་ནས་མི་སྐྱེད་པའི་ཆ་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་འཐད་པ་མིན་ཏེ་ཇི་ཙམ་དྲོ་བ་དེ་ཉིད་མེ་ཡིན་གྱི་དྲོ་བ་ལས་མེ་གཞན་དུ་ཡོད་པ་བཀག་པའི་ཕྱིར་རོ། །ཇི་ལྟར་ན་དྲོ་བ་ལས་མེ་ཐ་དད་ན་དྲོ་བ་མེད་པའི་མེ་ཡོད་པར་ཐལ་བ་དང་དུས་མཉམ་པའི་རྟེན་བཀག་པ་སོགས་སྔ་ཕྱིར་བཤད་པའི་རིགས་པ་དུ་མས་གནོད་པའི་ཕྱིར་རོ། །དེས་ན་དཔེ་མེ་དང་དཔེ་ཅན་ས་སོགས་མི་མཚུངས་ལ། གལ་ཏེ་ཆོས་གང་ཞིག་ཆོས་ཅན་དེ་དང་འབྲལ་མི་ཤེས་པ་མིན་པར་གཞན་དུ་དེ་ལ་རྟེན་པའི་ཚུལ་གྱིས་ཡོད་པའི་ཡོན་ཏན་ནི་འཕེལ་འབྲིའི་ཁྱད་པར་གྱི་རིམ་པ་དང་ལྡན་པ་ཡིན་པར་འདོད་ན་ཡོན་ཏན་དེ་དག་ནི་ཆོས་ཅན་ནམ་རྟེན་དེ་ཡི་ཁྱད་པར་ནི་འགའ་ཞིག་གམ་ལ་ལར་རྒྱུན་འཆད་པར་ཡང་འགྱུར་སྲིད་དེ། དཔེར་ན་སྣམ་སོགས་ཀྱི་དཀར་པོ་སོགས་ཚོས་གཞན་གྱིས་བསྒྱུར་བ་ན་སྔ་མ་འཆད་པ་བཞིན་ནོ། །དེས་ན་འབྱུང་བ་ལ་ཡོད་པའི་ཡོན་ཏན་ཆགས་སོགས་ཤས་ཆེ་ཆུང་གི་རྒྱུར་གྱུར་པའི་ཁྱད་པར་འཕེལ་འགྲིབ་ཅན་དེ་ཡང་འབྱུང་བའི་ཁྱད་པར་ལ་ལར་འཆད་སྲིད་པས་མེ་དྲོ་བ་དང་མི་མཚུངས་སོ། །གཉིས་པ། མེ་དང་དྲོ་བ་འབྲལ་མི་ཤེས་པ་དེ་དཔེར་རུང་སྟེ། ས་སོགས་དང་ཆགས་སོགས་ཀྱི་ནུས་པ་དང་མི་འབྲལ་ཚུལ་དེ་དང་འདྲ་བར་བསྟན་པ་ཡིན་མོད། འོན་ཀྱང་དེ་ཐ་མི་


MR20_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་ཕྱིར་དཔེར་མི་རུང་ཞེ་ན། ཐ་དད་ཀྱང་འབྲལ་མི་རུང་བའི་དཔེ་ཡོད་དེ། དཔེར་ན་གཟུགས་དང་རེག་བྱ་སོགས་འབྱུང་བ་དང་ཐ་དད་ཡིན་ཀྱང་འབྲལ་མི་ཤེས་པ་བཞིན་དུ་འབྱུང་བ་དང་དེའི་ཡོན་ཏན་ཀྱང་དེ་དང་འདྲའོ་ཞེ་ན། དཔེ་དེས་འབྱུང་བ་ཡོད་ན་ཆགས་སོགས་ཡོད་པར་ངེས་པ་མིན་ཏེ། གཟུགས་སོགས་དེ་དག་ནི་དུས་མཉམ་པའི་འབྱུང་བ་དེ་དག་དང་ངོ་བོ་དབྱེར་མེད་པའི་ཕྱིར་རོ། །གལ་ཏེ་དེ་དང་མཚུངས་པར་ཆགས་སོགས་དང་འབྱུང་བའང་དབྱེར་མེད་པར་གནས་སོ་ཤེ་ན་མིན་ཏེ། ཆགས་སྡང་དང་ང་རྒྱལ་ལ་སོགས་པ་ཡང་ལུས་གྲུབ་པ་དང་མཉམ་དུ་ཐམས་ཅད་སྔ་ཕྱི་མེད་པར་ལྷན་ཅིག་ཏུ་སྐྱེས་པར་ཐལ་བའི་ཕྱིར་རོ། །དེ་ལྟར་གྱུར་ན་བློ་ཡི་ཆོས་ཆགས་སྡང་ལ་སོགས་པ་ཅིག་ཅར་དུ་རྒྱུན་མ་ཆད་པར་འབྱུང་དགོས་ནའང་དེ་མི་སྲིད་པའི་ཕྱིར་རོ། །ལྷན་ཅིག་ཏུ་མི་འབྱུང་སྟེ་ཆགས་པའི་ཡུལ་སོགས་ལྷན་ཅིག་ཏུ་མེད་པས་སོ་སྙམ་ན། ཆགས་པའི་ཡུལ་ཞེས་པ་སོགས་རང་མཚན་པ་གང་ཡང་མེད་དེ་ཡུལ་དེ་ལ་ཡོན་ཏན་དུ་ལྟ་ཞིང་། རང་གི་བློས་ཆགས་པའི་ཡུལ་དུ་མ་བཟུང་བར་ཡུལ་ཙམ་ཀྱིས་ཆགས་པ་མི་སྐྱེད་པར་སྔར་ལན་མང་དུ་དཔྱད་པ་བཞིན་ནོ། །དེས་ན་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་ཆགས་པ་འདི་ནི་ཡུལ་དེ་ལ་སྡུག་པར་རྣམ་པར་བརྟགས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་གཟུགས་སོགས་ཡུལ་ཡོད་པ་ཙམ་ཡང་ཆགས་སོགས་སྐྱེ་བར་ངེས་པའི་ངེས་བྱེད་ཅི་ཡང་མ་ཡིན་ནོ། །གསུམ་པ། ཆགས་སོགས་འདི་སྔོན་གོམས་པའི་རྒྱུ་ལས་བྱུང་བ་མིན་པར་ལུས་ཙམ་ལས་སྐྱེ་ན་རང་རང་གི་རིགས་འདྲ་སྔ་མ་སྐལ་བ་མཉམ་པའི་རྒྱུ་དང་བྲལ་བའི་ཕྱིར་ཆགས་སྡང་སོགས་ཤས་ཆེ་ཆུང་ཡོད་པར་ཡང་ངེས་པ་མེད་པར་གྱུར་པའམ། ཡང་ན་རྒྱུ་ལུས་ནི་རྟག་ཏུ་ཉེ་བའི་ཕྱིར་ཆགས་སྡང་སོགས་བློ་


MR20_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་ཀྱང་གང་ཟག་ཐམས་ཅད་ལ་ཁྱད་མེད་པར་དུས་ཀུན་གྱི་ཚེ་ན་རྒྱུན་མི་འཆད་པར་སྐྱེ་བར་འགྱུར་རོ། །གཉིས་པ་སྡུག་བདེན་གྱི་མཚན་ཉིད་དམ་རྣམ་པ་ལ། མི་རྟག་སྡུག་བསྔལ་སྟོང་བདག་མེད། །དང་པོ། སྡུག་བསྔལ་ཅན་ཕུང་པོ་དེ་ནི་ཡུལ་དུས་རེས་འགའ་བར་དམིགས་པའི་ཕྱིར་མི་རྟག་པ་ཡིན་ནོ། །གཉིས་པ། དེ་འདྲའི་ཉེར་ལེན་གྱི་ཕུང་པོ་སྐད་ཅིག་མ་དེ་ནི་སྐད་ཅིག་རེ་རེ་བཞིན་ཡང་ལས་ཉོན་སྡུག་བསྔལ་གསུམ་གྱི་ཉེས་པའི་རྟེན་དུ་གྱུར་པའི་ཕྱིར་སྡུག་བསྔལ་ཡིན་ཏེ། ནད་དང་འབྲས་དང་ཟས་དུག་ཅན་བཞིན་ཡིན་པ་དང་། ཡང་སྔོན་གྱི་ལས་ཉོན་གྱི་རྒྱུ་ལས་བྱུང་བས་དེ་ཡི་གཞན་དབང་ཅན་ཏེ་བྲན་བཞིན་དུ་གྱུར་པའི་ཕྱིར་ཡང་སྡུག་བསྔལ་ཡིན་ཏེ། གཞན་དབང་ཐམས་ཅད་སྡུག་བསྔལ་བའོ་ཞེས་གསུངས་པ་བཞིན་ཉེས་པའི་རྟེན་དུ་གྱུར་པ་དེ་མི་འདོད་ན་ཡང་རྒྱུ་ཡི་དབང་ལས་འབྱུང་བའི་ཕྱིར་རོ། །གསུམ་པ། དེ་འདྲའི་ཕུང་པོ་དུ་མ་དང་སྐད་ཅིག་མ་དེ་ནི་བདག་མིན་ཏེ། མི་རྟག་པ་དང་གཞན་དབང་ཅན་དང་ཆ་དུ་མར་གནས་པའི་ཕྱིར་རྟག་གཅིག་རང་དབང་གི་བདག་གམ་རང་རྐྱ་ཐུབ་པའི་དངོས་པོ་རྡུལ་ཙམ་དུ་ཡང་མེད་དོ། །དེ་མེད་ན་མིག་སོགས་དེས་བྱིན་གྱིས་བརླབས་བའམ་དབང་བསྒྱུར་བའང་མིན་པས་ན་བདག་གི་བའང་མེད་དོ། །བཞི་པ་ལ། དངོས་དང་དེ་ཡི་འཐད་པ་གཉིས། །དང་པོ། དེ་འདྲའི་ཕུང་པོ་སྐད་ཅིག་མ་དེའི་སྐྱེད་བྱེད་ཀྱི་རྒྱུ་བདག་མིན་ཏེ་བདག་རང་ཉིད་མ་གྲུབ་པས་སོ། །སྐྱེད་བྱེད་མིན་ཀྱང་དེ་ལ་དབང་བསྒྱུར་བའམ་བྱིན་གྱིས་རློབ་པ་པོའི་བདག་དོན་གཞན་དུ་ཡོད་པ་མིན་ཏེ་དེ་མ་གྲུབ་པས་ན་ཕུང་པོ་ནི་བདག་དེས་སྟོང་པའོ། །གཉིས་པ། བདག་ཏུ་སྨྲ་བ་རྣམས་ན་རེ། ཕུང་པོ་སྐྱེད་པར་བྱེད་པའམ་དེ་ལ་དབང་བྱེད་པའི་བདག་མེད་དོ་ཞེས་པ་མི་འཐད་དེ། བྱིན་གྱིས་རློབ་པ་པོ་བདག་རྟག་པ་


MR20_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་ན་ཕུང་པོའང་ཡོད་པར་མི་རིགས་ཏེ་སྐྱེས་བུ་མེད་ན་དེའི་གནས་དང་ཡུལ་མི་སྲིད་པ་བཞིན་ནོ། །དེས་ན་བདག་རྟག་པ་དེས་ཕུང་པོ་འདི་ཀུན་སྐྱེད་ཅིང་འདི་ལ་བདག་པོར་གྱུར་པ་ཡིན་ནོ་ཞེ་ན། བདག་རྟག་པ་དེ་ཇི་ལྟར་ན་ཕུང་པོའི་སྐྱེད་བྱེད་ཡིན་ཏེ་རྟག་པ་ལ་དོན་བྱེད་པའི་ནུས་པ་མེད་པས་སོ། །རྟག་པ་ཡིན་པ་དེ་ཕྱིར་ཕྱོགས་དང་དུས་ཀྱི་ཆ་མེད་པ་གཅིག་པུ་དེ་ལས་འབྲས་བུ་མི་འདྲ་བ་དུ་མ་ནི་དུས་ཐ་དད་པར་རིམ་ཅན་དུ་སྐྱེ་བར་མི་འགྱུར་རོ། །བདག་མེད་ན་རང་རྒྱུད་ཀྱི་ཕུང་པོ་དང་ཡུལ་ལ་ལོངས་སྤྱོད་པ་པོ་མེད་པས་འདི་ལྟར་ཡུལ་ལ་ལོངས་སྤྱོད་བཞིན་པའི་ཕུང་པོའི་རྒྱུ་བདག་ཡོད་པར་རྗེས་སུ་དཔོག་པ་ཡང་མ་ཡིན་ཏེ། རྟག་པ་རྒྱུ་ཡིན་པར་དཔོག་པའི་རིགས་པ་མི་སྲིད་པའི་ཕྱིར་རོ། །དེའི་རྒྱུ་མཚན་གང་ཞེ་ན། མིག་ཤེས་ལྟ་བུའི་ཆོས་གང་ཞིག་སྐྱེ་བ་ལ་རྒྱུ་གཞན་དབང་ཡིད་གཉིས་ལྟ་བུ་དག་ནི་ཚོགས་ན་ཡང་། འབྲས་བུ་མིག་ཤེས་དེ་ཙམ་གྱིས་སྐྱེ་བ་མེད་པའི་ཕྱིར། དེ་ལ་མ་ཚངས་པའི་རྒྱུ་གཞན་གཟུགས་ལྟ་བུའང་དེའི་རྒྱུ་ཡིན་པར་རྗེས་སུ་དཔོག་པར་འགྱུར་བ་ཡིན་ནའང་། དེ་ལྟ་བུའི་མ་ཚང་བ་དེ་ནི་རྟག་པ་རྣམས་ལ་ཡོད་པ་མིན་ཏེ་རྟག་ཏུ་ཡོད་པས་སོ། །དེས་ན་འདི་མེད་ན་གང་ཞིག་མི་འབྱུང་བ་ཡིན་ལ། འདི་ཡོད་ན་གང་ཞིག་སྐྱེ་བ་ཡིན་ཏེ་རྗེས་སུ་འགྲོ་ལྡོག་ངེས་པའི་རིགས་པ་རྣམ་པ་ཀུན་ཏུ་འབྱུང་མི་སྲིད་དོ། །གཉིས་པ་ཀུན་འབྱུང་ལ། སྡུག་བསྔལ་རྒྱུ་ལྡན་ཉིད་དུ་བསྒྲུབ། །དེ་ཡི་རྒྱུ་ཉིད་ངོས་བཟུང་བའོ། །དང་པོ། གཏན་དུ་བ་མིན་པར་རེས་འགའ་བ་ཉིད་ཡིན་པས་ན་སྡུག་བསྔལ་འདི་ཉིད་ནི་རྒྱུ་དང་བཅས་པ་ཉིད་དུ་གྲུབ་པ་ཡིན་གྱི། གལ་ཏེ་རྒྱུ་མེད་དུ་འབྱུང་བ་ཡིན་ན་ནི་དེ་འབྱུང་བ་རྒྱུ་གཞན་ལ་མི་ལྟོ༷ས་པའི་ཕྱིར་རྟག་ཏུ་ཡོད་པའམ་མེད་པར་འགྱུར་བ་ཡིན་པས་མི་རིགས་སོ། །གཉིས་པ་


MR20_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མི་འཐད་གཞན་གྱི་འདོད་པ་འགོག །རིགས་པས་གྲུབ་པ་རང་ལུགས་བཞག །དང་པོ་ལ། རྒྱུ་མེད་ཉིད་དུ་འདོད་པ་བཀག །དབང་སོགས་རྒྱུ་གཞན་འདོད་པ་དགག །དང་པོ་ལ། དངོས་དང་རྩོད་པ་སྤང་བའོ། །དང་པོ། ཇི་ལྟར་ཚེར་མ་དང་སྲན་མ་ལ་སོགས་ཀྱི་རྣོ༷་བ་དང་ཟླུམ་པ་ཉིད་སོགས་སུས་ཀྱང་དེ་ལྟར་རྩེ་གཏོད་པ་དང་ཟླུམ་པོར་བྱས་པ་མིན་པས་རྒྱུ་མེད་པ་ན་ཡང་དེ་ཡི་ངོ་བོས་བྱུང་བ་དེ་ལྟར་སྡུག་བསྔལ་འདི་དག་ཀྱང་རྒྱུ་མེད་པར་འབྱུང་བར་འགྱུར་རོ་ཞེས་ནི་ཚུ་རོལ་མཛེས་པར་སྨྲ་བ་ཁ་ཅིག་རབ་ཏུ་བརྗོད་དོ། །དེ་མི་འཐད་དེ། རང་གི་སྔ་ལོགས་སུ་བྱུང་བའི་ཆོས་གང་ཞིག་ཡོད་པ་ཉིད་ནའང་དེའི་རྗེས་སུ་ཆོས་གང་དེ་སྐྱེ་བ་ཡོད་པའམ། ཆོས་གང་ཞིག་འགྱུར་བ་དེ་ལྡོག་ན་ཡང་ཆོས་གང་ཞིག་རྣམ་པར་འགྱུར་བའམ་ལྡོག་པར་གྱུར་པ་སྟེ་རྗེས་སུ་འགྲོ་ལྡོག་བྱེད་པ་དེའི་སྒོ་ནས། སྔ་མ་དེ་ནི་ཕྱི་མ་དེ་ཡི་རྒྱུ་ཞེས་འཇིག་རྟེན་ན་རབ་ཏུ་བརྗོད་པ་ཡིན་ལ། དེ་འདྲའི་རྗེས་སུ་འགྲོ་ལྡོག་གྲུབ་པའི་རྒྱུ་དེ་ནི་ཚེར་མ་ལ་སོགས་པ་དེ་དག་རྣམས་ལ་ཡང་ཡོད་དེ། རང་རང་གི་ས་བོན་ཡོད་ན་འབྱུང་ལ་མེད་ན་མི་འབྱུང་བས་ན་དེ་དག་རྒྱུ་མེད་པར་ཇི་ལྟར་འགྱུར་ཏེ། དེ་སྐད་སྨྲ་བ་ཤིན་ཏུ་བློ་གྲོས་བླུན་པོའི་རྟགས་ཡིན་ནོ། །གཉིས་པ། རྒྱུ་ཡི་མཚན་ཉིད་དེ་ལྟར་ཡིན་ན་རེག་པ་མེད་ན་གཟུགས་མེད་ལ། ཡོད་ན་གཟུགས་ཀྱང་ཡོད་པའི་ཕྱིར་རེག་བྱ་ཡང་མིག་ཤེས་ཀྱི་རྒྱུར་ཐལ་ལོ་ཞེ་ན། རེག་པ་ནི་གཟུགས་དང་མེད་ན་མི་འབྱུང་གི་རང་བཞིན་དུ་གནས་པས་ན་གཟུགས་ཀྱི་རྒྱུ་ཉིད་ཡིན་པར་འདོད་དེ། རེག་པ་སྔ་མ་ནི་གཟུགས་ད་ལྟ་བའི་ལྷན་ཅིག་བྱེད་རྐྱེན་ཡིན་ལ་ད་ལྟའི་ཚོགས་པ་གཅིག་པའི་རེག་པ་ཡང་འབྲལ་མི་རུང་དུ་གནས་པའི་ཕྱིར། དེས་ན་རེག་པ་དེ་གཟུགས་མཐོང་བ་ལ་ནི་བརྒྱུད་ནས་ཕན་འདོགས་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རྒྱུ་ཡིན་པ་ལ་


MR20_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་གང་ཡང་མེད་དོ། །འོ་ན་མིག་ཤེས་ཀྱི་རྒྱུ་རེག་པ་ཡིན་ན་མིག་ཤེས་ཀྱིས་རེག་པ་འཛིན་པར་འགྱུར་རོ་ཞེ་ན། རྒྱུ་ཡིན་པ་ཙམ་གྱིས་དེ་འཛིན་པ་མ་ཡིན་ཏེ་དབང་ཤེས་ཀྱིས་དབང་པོ་ཉིད་མི་འཛིན་པ་བཞིན་ནོ། །གཉིས་པ། སྡུག་བསྔལ་རྒྱུ་མེད་དུ་མི་འབྱུང་ཡང་རྟག་པའི་རྒྱུ་ལས་འབྱུང་ངོ་ཞེ་ན། དེ་ལྟར་རིགས་པ་མ་ཡིན་ཏེ་སྤྱིར་བཏང་རྟག་པ་རྣམས་ལས་འབྲས་བུ་འབྱུང་བ་སྔར་ཡང་བཀག་ཅིང་། རྟག་པ་ཁྱད་པར་ཅན་ལ་དེར་མ་ངེས་པ་ཡང་མིན་ཏེ་རྟག་པའི་བྱེ་བྲག་ཏུ་འདོད་པ་ཤེས་པ་དང་ལྡན་པ་དབང་ཕྱུག་ཚངས་པ་ཁྱབ་འཇུག་ལ་སོགས་པ་རྟག་པ་ལས་ཀྱང་འབྲས་བུ་འབྱུང་བ་སྲིད་པ་མིན་ཏེ་རྟག་པ་ཡིན་ནོ་ཅོག་གང་ཡིན་ཀྱང་། རྟག་པ་ཡིན་ཕན་ཆད་རིམ་དང་ཅིག་ཅར་གྱིས་དོན་བྱེད་པའི་ནུས་པ་མེད་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཕྱིར་རོ། །གཉིས་པ་ལ། སྐྱེ་རྒྱུ་སྲེད་པར་ངོས་བཟུང་བ། །དེ་ཉིད་ལུང་དང་སྦྱར་དོན་བཤད། །དེ་ལ་རྩོད་པ་སྤང་བའོ། །དང་པོ། བཤད་མ་ཐག་པ་ལྟར་སྡུག་བསྔལ་བའི་རང་བཞིན་ཅན་ཟག་བཅས་ཉེ་བར་ལེན་པའི་སྲིད་པ་ཡོངས་སུ་འགྲུབ་པ་དེ་རྒྱུ་མེད་པར་མིན་ལ་རྒྱུ་རྟག་པ་ལས་ཀྱང་མིན་པ་དེ་ཡི་ཕྱིར་སྲིད་པ་འདོད་པའི་སྲེད་པ་ནི་སྡུག་བསྔལ་ཅན་གྱི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུ་ཡིན་ཏེ། འདི་ལྟར་སེམས་ཅན་ཐ་མལ་པ་མཆོག་དམན་བར་མས་བསྡུས་པའི་ཕུང་པོ་འདི་ལ་སྲིད་པ་ཞེས་བྱ་ལ། འདི་རང་རང་གི་སྲེད་པའི་དབང་གིས་བསྒྲུབས་པ་ཡིན་ཏེ། གང་གི་ཕྱིར་ན་མི་ལ་སོགས་པ་ཐ་མལ་པ་རྣམས་ཀྱིས་ཡོངས་སུ་བཟུང་བའི་ཡུལ་གྱི་ཁྱད་པར་ཏེ་གནས་དང་གྲོགས་དང་ལོངས་སྤྱོད་ལ་སོགས་པ་ནི་མི་འདོར་བར་ཡོངས་སུ་འཛིན་པ་གང་ཇི་སྙེད་པ་དེ་དག་དེ་ཐོབ་འདོད་ཀྱི་བསམ་པ་སྲེད་པས་བྱས་པ་ཡིན་ཏེ་གང་ལ་སྲེད་པ་མེད་པ་དེ་ནི་ཡོངས་སུ་


MR20_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཛིན་པ་སྟེ་མི་རྣམས་ཀྱིས་ཕྱག་དར་གྱི་ཕུང་པོ་ལ་སོགས་པ་བཞིན་ནོ། །དེ་བས་ན་སྲིད་པ་ལ་སྲེད་པའི་དབང་གིས་ལས་སྣ་ཚོགས་ལ་རྒྱུན་མར་ཞུགས་པས་སྲིད་པ་རྣམས་སུ་འཇུག་པ་རྒྱུན་མི་འཆད་པ་ཡིན་ནོ། །དེ་ལྟར་ན་ངན་སོང་ལ་སོགས་པའི་གནས་སུ་སྲེད་པས་ཇི་ལྟར་འཇུག་ཅེ་ན། རྒྱུ་ཡི་དུས་ན་སྲེད་པའི་དབང་གིས་ངན་སོང་དུ་འགྲོ་བའི་ལས་དང་དུ་བླང་བའི་དབང་གིས་འབྲས་བུ་གྲུབ་པ་ན་མི་འདོད་ཀྱང་ལས་མ་ཟད་བར་དུ་སྡུག་བསྔལ་མི་ལྡོག་པ་ནི་ཟས་དུག་ཅན་ལ་སྲེད་པས་ཟོས་པ་ན། ལུས་ན་བའི་སྡུག་བསྔལ་མི་འདོད་ཀྱང་འབྱུང་བ་བཞིན་དེ་ཡང་སྲེད་པས་བྱས་པ་ཡིན་ལ། ངན་སོང་དུ་གནས་པའི་ཚེ་ན་ཡང་རང་རྒྱུད་ཀྱི་ཕུང་པོ་ལ་སྲེད་པ་མེད་པ་མ་ཡིན་ཅིང་། དེ་འདྲའི་ཕུང་པོ་ལ་དང་པོར་འཇུག་པ་ནི་ལས་ཀྱི་དབང་དང་ཕྱིན་ཅི་ལོག་གི་རྨོངས་པའི་དབང་དུ་གྱུར་པའི་སྲེད་པ་ལ་བརྟེན་ནས་འཇུག་པ་ཡིན་ཏེ་སྔར་བཤད་པ་བཞིན་ནོ། །དེས་ན་གང་ལ་སྲེད་པ་མེད་པ་ན་དེ་ལེན་པར་མི་བྱེད་པས་ཡུལ་དེ་ཐོབ་པར་བྱེད་པ་འགགས་ཏེ་གནས་སྐབས་ས་འོག་མའི་འདོད་ཆགས་དང་བྲལ་བ་དང་ཆགས་པ་གཏན་དུ་ཟད་པ་དགྲ་བཅོམ་པ་རྣམས་བཞིན་ནོ། །གཉིས་པ། ཅིའི་ཕྱིར་སྲིད་པའི་སྲེད་པ་ཁོ་ན་ཀུན་འབྱུང་བ་ཡིན་ཏེ། འདི་ལྟར་མདོ་ལས། ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། གང་འདི་སྲེད་པ་འདི་ནི་ཀུན་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལྡན་པ། དེ་དང་དེར་མངོན་པར་དགའ་བ་ཅན་ཏེ། འདི་ལྟ་སྟེ་འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པའོ་ཞེས་གསུངས་པའི་ཕྱིར་སྙམ་ན། ལུང་གི་དོན་


MR20_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འགལ་ཏེ། བཤད་མ་ཐག་པ་མངལ་སོགས་སྐྱེ་གནས་སུ་ཉེ་བར་འགྲོ་བའི་སྲེད་པ་དེ་ནི་སྲིད་པའི་འདོད་པ་ཡིན་ལ། དེ་ཡོད་ན་གང་གི་ཕྱིར་གཞན་དབང་ཕྱུག་སོགས་ཀྱིས་དྲང་བ་མིན་པར་ཡང་སྲོག་ཆགས་རྣམས་རང་ཉིད་བདེ་སྡུག་ཐོབ་པ་དང་འདོར་བར་འདོད་པ་ལ་འཇུག་པ་ཡོད་ལ། དེ་དག་ནི་རིམ་བཞིན་འདོད་པའི་སྲེད་པ་དང་འཇིག་པའི་སྲེད་པ་ཞེས་བྱ་བ་ཡིན་པར་འདོད་དེ། བདེ་བ་ཐོབ་པར་འདོད་པ་འདོད་པའི་སྲེད་པ། སྡུག་བསྔལ་འདོར་བའམ་འཇིག་པར་འདོད་པ་འཇིག་པའི་སྲེད་པ་ཞེས་བྱ་བ་ཡིན་པས་སྲིད་པ་དེ་ལ་འདོར་ལེན་གྱི་བསམ་པས་དེ་ལྟར་འཇུག་པ་ཡིན་ནོ། །ཡང་གཞན་ཡང་འདོད་པའི་སྲེད་པ་ནི་འདོད་ཁམས་ཀྱི་ཆོས་ལ་སྲེད་པ་དང་། སྲིད་སྲེད་ནི་ཁམས་གོང་མའི་སྲེད་པ་དང་། འཇིག་སྲེད་ནི་སྡུག་བསྔལ་འདོར་འདོད་ལ་བཞེད་དོ། །སྲེད་པ་དེ་གང་ལས་བྱུང་ཞིང་དེས་སྲིད་པར་ཇི་ལྟར་འཇུག་པ་ཡིན་ཞེ་ན། དེ་ནི་བདག་ཏུ་ཆགས་པའི་རྒྱུ་ཉིད་ལས་བྱུང་ཞིང་། ཇི་ལྟར་འཇུག་ན་བདེ་མིན་ལ་བདེ་བར་འདུ་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་བས་མངལ་གྱི་གནས་ལ་སོགས་པ་སྐྱེ་བའི་གནས་ཀུན་ལ་རབ་ཏུ་འཇུག་པར་འགྱུར་བ་དེ་ཕྱིར་སྲེད་པ་ནི་སྲིད་པ་འགྲུབ་པའི་རྟེན་ནམ་རྒྱུ་ཡིན་ནོ། །གསུམ་པ་ལ་གཉིས་ལས། དང་པོ། ཆགས་པ་དང་བྲལ་བ་ཞིག་སྐྱེ་བ་མ་མཐོང་སྟེ། སྐྱེས་མ་ཐག་ནས་ནུ་ཞོ་ལ་སོགས་པ་དང་ཡུལ་དང་དུ་མི་ལེན་པ་འགའ་ཡང་མ་མཐོང་བའི་ཕྱིར་ཆགས་པ་སྐྱེ་བའི་རྒྱུའོ་ཞེས་ནི་སྔོན་གྱི་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་གསུངས་ཏེ། ཇི་ལྟར་ན་སློབ་དཔོན་དབྱིག་གཉེན་གྱིས། འདོད་ཆགས་དང་བྲལ་བའི་སྐྱེས་བུའི་སྐྱེ་བ་མ་མཐོང་བ་དེའི་ཕྱིར་སྐྱེ་བ་ནི་འདོད་ཆགས་


MR20_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་གསུངས་སོ། །དེ་ལ་རྒྱང་འཕེན་པས་སྨྲས་པ། འོ་ན་ལུས་མེད་པ་ལ་ཡང་ཆགས་པ་མ་མཐོང་བའི་ཕྱིར་ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་ངོ་ཞེས་སྨྲའོ། །རྒྱང་འཕེན་པས་སྨྲས་པ་དེ་མི་རིགས་ཏེ་ལུས་མེད་པ་ལ་ཆགས་པ་མ་མཐོང་ཞེས་པ་འདི་ཅི་ཞིག །ལུས་ཀྱང་ཆགས་པ་སྐྱེ་བའི་རྐྱེན་ཙམ་དུ་བསམས་ནས་དེ་སྐད་སྨྲ་བ་ཡིན་ནམ། ལུས་ཆགས་བློའི་ཉེར་ལེན་དུ་བསམས་ནས་ཡིན་ནམ། ཆགས་བྲལ་སྐྱེ་བ་མ་མཐོང་ཡང་ཆགས་བཅས་སྐྱེ་བ་ན་ལུས་ཀྱང་ཆགས་པའི་རྐྱེན་ཡིན་ཞེས་སྨྲ་བ་གང་ཡིན། དང་པོ་ལྟར་ན་ལུས་ཡོད་པ་ལ་མཐོང་བའི་ཆགས་པ་ནི་ལུས་ཅན་དེ་ལ་མཐོང་བ་བདེན་ཀྱང་། ལུས་ཅན་དེའི་ལུས་ཀྱིས་ཀྱང་ཆགས་པའི་རྐྱེན་བྱེད་པ་ཡོད་པས་ཆགས་པ་སྐྱེ་བ་ལ་ཕན་འདོགས་པའི་རྒྱུ་མཚན་ཡིན་པར་ངེད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་ན་འདོད་པ་ཡིན་ལ། གཉིས་པ་ལྟར། ལུས་ལས་སེམས་འབྱུང་བས་ན་ལུས་ཆགས་པའི་ཉེར་ལེན་ཡིན་པར་འདོད་པ་ཉིད་ནི་སྔར་རིགས་པས་བསལ་བ་ཡིན་ཞིང་། གསུམ་པ་ལྟར། ཆགས་པ་དང་བྲལ་བཞིན་སྐྱེ་བ་མ་མཐོང་བས་ལུས་བླངས་ཏེ་སྐྱེ་བ་འཛིན་པ་དེ་དག་ནི་ཆགས་པ་དང་མ་བྲལ་བའོ་ཞེས་རིགས་པ་བསྟན་པ་འདི་ཡི་རྗེས་སུ་འབྲངས་ནས་དེ་ལྟར་འདོད་ན་ནི། རྒྱང་འཕེན་རང་ཉིད་ཀྱི་ཁས་བླངས་དེས་རང་གི་འདོད་པ་སྐྱེ་བ་སྔ་མ་མེད་ཅེས་པ་ལ་གནོད་པར་འགྱུར་ཏེ་ཆགས་བཅས་ཀྱི་སེམས་དེས་ལུས་དེ་ལེན་པར་གྲུབ་པའི་ཕྱིར་རོ། །དེ་གསུམ་ལས་མཐའ་གཞན་དུ་རྟོག་པ་མེད་དོ། །གལ་ཏེ་ཆགས་བཅས་ཀྱི་སེམས་སྔ་མ་སྔོན་དུ་སོང་བ་མིན་ཡང་སྐྱེ་བ་ཁོ་ན་ལ་ཆགས་པ་མཐོང་བའི་ཕྱིར་ལུས་སྐྱེ་བ་དང་ལྷན་ཅིག་ཆགས་པ་འབྱུང་ངོ་ཞེ་ན། དུས་མཉམ་པར་གྱུར་པའི་ལུས་


MR20_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཆགས་པ་ལ་ཕན་མི་གདགས་ཏེ། དུས་མཉམ་པ་ལ་འབྲེལ་བ་མེད་པར་བསྒྲུབས་ཟིན་ལ་དེ་འདྲའི་ཆགས་སེམས་སྐད་ཅིག་དང་པོ་རྒྱུ་མེད་དུ་འབྱུང་མི་སྲིད་པས་ན་རང་གི་རིགས་འདྲ་སྔ་མ་སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར་ལུས་གྲུབ་པའི་སྔར་ནས་ཀྱང་སེམས་ཀྱི་རིགས་འདྲ་ཡོད་པར་གྲུབ་པ་ཡིན་ནོ། །གཉིས་པ། རྨོངས་པ་དང་ལས་ཀྱང་སྲིད་པ་ཀུན་ནས་འབྱུང་བ་ཡིན་ན་ཅི་ཕྱིར་སྲེད་པ་ཁོ་ན་ཀུན་འབྱུང་དུ་བཤད་ཅེ་ན། བདག་མེད་པར་མི་ཤེས་པའི་མ་རིག་པ་ཡང་སྲིད་པའི་རྒྱུ་ཡིན་ཡང་སྐབས་འདིར་དེ་རྒྱུ་ཉིད་དུ་མ་བརྗོད་པར་སྲེད་པ་ཉིད་རྒྱུ་རུ་བཤད་པ་ནི། སྲིད་པ་སྔ་ཕྱིའི་རྒྱུན་ནི་བར་མ་ཆད་པར་དངོས་སུ་འཕེན་པར་བྱེད་པའི་ཕྱིར་དང་། སྐྱེ་བ་དེ་དང་བར་མ་ཆོད་པའི་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་ཏེ། མ་རིག་པ་ནི་སྤྱིར་བཏང་རྒྱུར་གནས་ཀྱང་སྲིད་པ་གང་དང་གང་འཛིན་པའི་ཉེ་རྒྱུ་སྲེད་པ་དེ་ལ་རག་ལས་པའི་ཕྱིར་ཏེ་བཟོ་འདྲུབ་པ་ལ་བཟོ་བོ་དང་ཁབ་སྐུད་བཞིན་ནོ། །མ་རིག་པའི་དབང་གིས་སྲེད་པ་མ་བསྐྱེད་པར་ནི་དངོས་སུ་སྲིད་པ་མི་འགྲུབ་སྟེ། མི་ཤེས་པས་དངུལ་དུ་འཁྲུལ་ཀྱང་སྲེད་པ་མེད་ན་མི་ལེན་པ་བཞིན་ནོ། །ལས་ཀྱང་མིན་ཏེ་ལས་དེ་ཡོད་ན་སྲིད་པ་དེ་ཡོད་པའི་ངེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ན་སྲེད་པས་གསོས་མ་བཏབ་པས་ལས་ཀྱིས་སྲིད་པ་དངོས་སུ་མི་འགྲུབ་པ་ནི་ས་བོན་ན་དང་བྲལ་བ་བཞིན་ནོ། །ལས་ཀྱང་སྲེད་པ་ལ་རག་ལས་ནས་འགྲུབ་སྟེ། སྲེད་པ་མེད་ན་ལས་ཀྱིས་ཐོབ་པའི་རྒྱལ་སྲིད་ཀྱང་འདོར་ན་ཆེད་དུ་སླར་ཡུལ་ལ་མི་འཇུག་པ་ལྟ་ཅི་སྨོས། དེས་ན་སྲེད་པའི་དབང་གིས་ལས་བྱེད་ཅིང་ལས་དེའི་འབྲས་བུ་འབྱིན་པའང་སྲེད་པ་ལ་རག་ལས་སོ། །དེའི་ཕྱིར་སྲེད་པ་ནི་སྲིད་པ་འགྲུབ་པ་ལ་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དེ་ལྟར་བཤད་པ་


MR20_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་དོ། །དེ་དག་གིས་ཀུན་འབྱུང་གི་རྒྱུའི་རྣམ་པ་གཏན་ལ་ཕབ་པས་རབ་སྐྱེ་དང་ཀུན་འབྱུང་རྐྱེན་གྱི་རྣམ་པ་ཡང་རིགས་པ་དེས་གཏན་ལ་ཕེབས་པའི་ཕྱིར་གཞན་དུ་མ་གསུངས་སོ། །གསུམ་པ་འགོག་པ་ལ། སྡུག་བསྔལ་འགོག་པ་ཡོད་པར་བསྒྲུབ། །དེ་མི་སྲིད་པའི་དོགས་པ་དགག །དང་པོ། སྲིད་པ་སྡུག་བསྔལ་བའི་རང་བཞིན་ཅན་དེ་ནི་གཏན་དུ་བ་རྟག་པ་མིན་ཏེ་དེ་ཡི་རྒྱུ་ལ་གེགས་བྱེད་པའི་གཉེན་པོ་དང་སོགས་པའི་སྒྲས་ལྷག་མེད་ཀྱི་དུས་སུ་དེ་སྐྱེ་བ་རྒྱུ་མ་ཚང་བ་སྲིད་པའི་ཕྱིར་རོ། །གཉིས་པ་ལ། བདག་མེད་པ་ལ་བཅིང་ཐར་འཐད། །བདག་ཡོད་པ་ལ་དེ་མི་འཐད། །དང་པོ་ལ། བདག་དེ་འཁོར་བའི་རང་བཞིན་མིན། །བདག་འཛིན་འཁོར་བའི་རྒྱུ་རུ་བཤད། །དང་པོ། བདག་གམ་སེམས་ཅན་ནི་ངོ་བོ་ཉིད་ཀྱིས་འཁོར་བའི་རང་བཞིན་དུ་གྲུབ་པའི་ཕྱིར་ནམ་ཡང་འཁོར་བ་ལས་ཐར་པ་མེད་དོ་ཅེ་ན། དེ་མ་ཡིན་ཏེ། བདག་ཡོད་ཅིང་དེ་འཁོར་བའི་རང་བཞིན་ཡིན་ན་ཐར་པ་མེད་པར་འདོད་པ་དང་། བདག་མེད་པའི་ཕྱིར་དེ་འཁོར་བའི་རང་བཞིན་ཡིན་པ་ནམ་ཡང་མ་གྲུབ་པའི་ཕྱིར་རོ། །འཆད་ཚུལ་གཞན་ཡང་། འཁོར་བ་རྟག་པའི་ཕྱིར་ཐར་པ་མེད་ཅེ་ན། འཁོར་བ་རྟག་ན་ཐར་པ་མེད་པར་འདོད་ཀྱང་འཁོར་བ་རྟག་པ་ཡིན་པར་རྟགས་མ་གྲུབ་ཅེས་དང་། ཡང་འཁོར་བཞིན་པ་ལ་ཐར་བ་མེད་པ་འདོད་པ་དང་། འཁོར་བ་ལས་ནམ་ཡང་མི་ཐར་བ་མ་གྲུབ་ཅེས་དང་། ཡང་སྐད་ཅིག་མ་ལ་འདོད་དང་། རྒྱུན་ལ་བསམ་ན་མ་གྲུབ་ཅེས་དང་། ཡང་དོན་དམ་པར་འདོད་དང་། ཀུན་རྫོབ་ཏུ་མ་གྲུབ་ཅེས་དང་། ཡང་བདག་ཡོད་ཅིང་དེ་འཁོར་བར་འདོད་པ་ཕྱི་རོལ་པ་ཁྱེད་ལྟར་ན་འདོད་དང་། བདག་མེད་སྨྲ་བ་ནང་བའི་ལུགས་ལྟར་ན་ཐར་པ་མེད་པ་མ་གྲུབ་ཅེས་སོགས་


MR20_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཡོད་ཀྱང་དོན་ལ་གནད་མཐུན་པ་ཡིན་ནོ། །གཉིས་པ་ལ། དངོས་དང་དེ་ལ་རྩོད་སྤང་གཉིས། དང་པོ། བདག་མེད་ན་སུ་ཞིག་སྡུག་བསྔལ་བར་འགྱུར་ལ་སུ་ཞིག་གྲོལ་བར་འགྱུར། དེས་ན་སྡུག་བསྔལ་ལས་གྲོལ་བའི་དོན་དུ་ལམ་ལ་སུ་ཡང་སློབ་པར་མི་འགྱུར་བས་བདག་ནི་བཅིང་གྲོལ་གྱི་རྟེན་དུ་ཡོད་པ་ཁོ་ནའོ་ཞེ་ན། བདག་ཡོད་ན་གྲོལ་བ་གཏན་ནས་མི་སྲིད་པར་བསྒྲུབས་ཟིན་ལ། བདག་མེད་ཀྱང་བདག་ཏུ་འཛིན་པའི་དབང་གིས་སྡུག་བསྔལ་བ་ཡོད་དེ། ཇི་སྲིད་བདག་མེད་ཀྱང་དེ་ལྟར་མ་མཐོང་བར་བདག་ཏུ་ཆགས་ཤིང་ཞེན་པ་མ་བཅོམ་ཞིང་བདག་ཏུ་འཛིན་པའི་དབང་གིས་སྲིད་པར་བརྒྱུད་མར་འཕྱན་པ་དེ་ནི་བདག་མེད་ཀྱང་ཡོད་པ་ལྟར་བཟུང་ནས་བདག་དེ་བདེ་འདོད་དང་སྡུག་བསྔལ་འབྲལ་འདོད་ཀྱི་སྲེད་པའི་དབང་གིས་སྲིད་པར་སྡུག་བསྔལ་སྣ་ཚོགས་ཀྱིས་ཡོངས་སུ་གདུང་བར་འགྱུར་བ་དེ་སྲིད་དུ་བདག་སྡུག་བསྔལ་བར་རྣམ་པར་རྟོག་པས་སྒྲོ༷་བཏགས་ནས་བདག་མེད་པ་དང་སྡུག་བསྔལ་མེད་པའི་རང་བཞིན་རྣལ་མའི་དོན་དུ་ནི་གནས་པ་མེད་དེ་སྦྲུལ་མེད་ཀྱང་སྦྲུལ་འཛིན་སྐྱེས་པ་ན་ཇི་སྲིད་སྦྲུལ་མེད་པར་མཐོང་གི་བར་དུ་སྦྲུལ་ཡོད་པ་ལྟར་འཇིགས་པ་སོགས་ཀྱིས་ཡོངས་སུ་གདུང་བ་བཞིན་ནོ། །དེས་ན་གྲོལ་བ་པོ་ཡི་བདག་བདེན་པ་ཞིག་ནི་མེད་ན་ཡང་བདེ་སྡུག་གི་རྟེན་དུ་གྱུར་པའི་བདག་ཡོད་དོ་སྙམ་པའི་ཕྱིན་ཅི་ལོག་པར་སྒྲོ༷་འདོགས་པ་དེ་གཞོམ་ཕྱིར་སངས་རྒྱས་ཀྱིས་བསྟན་པ་ཡང་དག་པ་བདག་མེད་པའི་དོན་ལ་བརྩོན་པར་རིགས་ཤིང་དོན་དེ་གོམས་པ་མཐར་ཕྱིན་པ་ལས་གྲོལ་བ་ཐོབ་པ་ཡིན་པས་ན་བདག་མེད་པ་ལས་གྲོལ་བ་འཐད་པ་ཁོ་ནའོ། །གཉིས་པ་ལ། ཆགས་བྲལ་འཁོར་བར་མི་གནས་དང་། །ལམ་དང་པོར་ནི་སྲིད་མེད་སྤང་། །དང་


MR20_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། །དངོས་དང་དེ་ལ་དོགས་པ་སྤང་། དང་པོ། སྲེད་པ་འཁོར་བའི་རྒྱུ་ཡིན་ན་སྲེད་པ་བྲལ་མ་ཐག་ནས་འཁོར་བར་སྐད་ཅིག་ཀྱང་གནས་པར་མི་འགྱུར་ཏེ་བདག་ལྟ་སྤངས་པས་བདག་ལ་ཕན་འདོགས་སུ་རེ་བ་ཅུང་ཟད་ཀྱང་མེད་པས་དེ་མ་ཐག་མྱ་ངན་ལས་འདའ་བར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་གང་ཟག་འཁོར་བར་གནས་པ་ནི་རྒྱུ་གཉིས་ཏེ། སངས་རྒྱས་བྱང་སེམས་རྣམས་ནི་སེམས་ཅན་ལ་བརྩེ་བ་ཆེན་པོས་སྐྱེ་བ་ཡོངས་སུ་འཛིན་ཅིང་གནས་པའམ། ཡང་ན་ལྷག་བཅས་དགྲ་བཅོམ་པ་དག་ནི་སྔོན་གྱི་ལས་ཀྱིས་སྐུ་ཚེའི་འདུ་བྱེད་ཇི་ཙམ་བར་དུ་འཕངས་པ་དེ་ཙམ་དུ་གནས་པ་ཡིན་ཏེ། རྒྱུ་ཡི་སྟོབས་ཀྱིས་འཕངས་པ་ལས་རྩོལ་བ་མེད་པར་རང་བཞིན་དུ་ལྡོག་པ་མེད་པར་འདོད་པའི་ཕྱིར་རོ། །ཇི་ལྟར་ན་ཤིང་ལ་མེ་འབར་བ་བུད་ཤིང་ཇི་ཙམ་བར་འབར་བར་འགྱུར་གྱི་རང་གར་མི་ལྡོག་པ་བཞིན་ནོ། །དེ་ལྟར་བཞུགས་པ་ན་ཡང་བདག་ལ་ཕན་དུ་རེ་བ་སོགས་ཀྱིས་མ་ཡིན་ཏེ་བདག་ཏུ་ཆགས་པ་ཟད་པའི་ཕྱིར་རོ། །ཇི་སྐད་དུ། འཆི་ལ་དགའ་བར་མི་བྱ་ཞིང་། །གསོན་པ་ལ་ཡང་དགའ་མི་བྱ། །དཔེར་ན་གླ་པའི་གླ་བཞིན་དུ། །ཁོ་བོ་དུས་ལ་སྡོད་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ། ལས་ཀྱིས་གནས་པར་རྩོད་སྤང་དང་། །བརྩེ་བས་གནས་པར་རྩོད་པ་སྤང་། །གནས་ཀྱང་སྐྱོན་མེད་བསྟན་པའོ། །དང་པོ། འོ་ན་འཁོར་རྒྱུ་སྤངས་པའི་དགྲ་བཅོམ་པ་རྣམས་ལས་ཀྱིས་གནས་པ་ཡིན་ན་ད་རུང་ཡང་ལས་ཀྱི་ནུས་པ་མཐོང་བའི་ཕྱིར་མ་འོངས་པ་ན་ཡང་ལས་ཀྱི་ནུས་པས་སྲིད་པར་སྐྱེ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མ་འོངས་པའི་ལུས་ལ་མངོན་པར་དགའ་བའི་སྲིད་པའི་སྲེད་པ་ལས་རྣམ་པར་བརྒལ་བའི་ཆགས་


MR20_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི་ལས་དེ་ཉིད་ཀྱིས་ཕྱི་མའི་ལུས་གཞན་འཕེན་ནུས་པ་མ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྐྱེན་སྲེད་པ་ཟད་པའི་ཕྱིར་རོ། །གཉིས་པ་ནི། བརྩེ་བ་སེམས་ཅན་བསྐྱབ་འདོད་ཡིན་ལ་དེ་ལྟ་ན་ཆགས་བྲལ་དེ་སེམས་ཅན་དུ་ལྟ་བ་མ་སྤངས་པར་འགྱུར་ལ་སེམས་ཅན་དུ་ལྟ་བ་སྤངས་ན་སྙིང་རྗེའང་སྐྱེ་བར་མི་འགྱུར་ཞིང་། གང་ལ་སྙིང་རྗེ་བའི་ཡུལ་དེ་ལ་གཞན་གྱིས་གནོད་པ་བྱས་ན་ཁྲོ་ཞིང་སེམས་ཅན་ལ་ཆགས་པའང་སྐྱེ་བར་འགྱུར་བས་ན་ཆགས་བྲལ་གྱི་སྙིང་རྗེའང་ཉེས་པ་མེད་པར་མི་འགྱུར་རོ་ཞེ་ན། །དེ་ལྟ་མ་ཡིན་ཏེ། མི་རྟག་པ་སོགས་སྡུག་བསྔལ་གྱི་རྣམ་པ་མངོན་སུམ་དུ་ཤེས་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པར་འཇུག་པས་ན་སྙིང་རྗེ་ནི་རང་གི་འདུ་བྱེད་སྔ་མ་སྔ་མ་ཙམ་གྱི་རྗེས་སུ་ངང་གིས་འཇུག་པ་ཅན་གྱི་སེམས་ཀྱི་དངོས་པོའི་ཆོས་སུ་གནས་པའི་བརྩེ་བ་སྐྱེ་བ་དེ་ནི་སེམས་ཅན་དང་སྲོག་དང་གང་ཟག་ཏུ་ལྟ་བ་དང་རྗེས་སུ་འཕེལ་པ་ཅན་མ་ཡིན་ཏེ་བདག་དང་གང་ཟག་ཅེས་བྱ་བའི་ངོ་བོ་གཅིག་མ་གྲུབ་ཀྱང་འདུ་བྱེད་སྐད་ཅིག་མའི་རྒྱུན་གྱི་ཆོས་ཙམ་ལ་སེམས་ཅན་དུ་བཏགས་པ་དེའི་སྡུག་བསྔལ་བསལ་འདོད་ཀྱང་སེམས་ལ་ངང་གིས་སྐྱེ་བ་ཡིན་ནོ། །དེ་ལྟར་སེམས་ཅན་དུ་ལྟ་བ་དང་ཆོས་ལ་དམིགས་པའི་སྙིང་རྗེ་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཇི་ལྟར་གཟུང་བ་དེ་ཡི་བདག་ཉིད་མིན་པ་སྟེ་གཟུང་བ་ལྟར་མ་གྲུབ་པའི་ཆོས་ཙམ་ལ་ནི་བདག་དང་གཞན་དུ་སྒྲོ༷་འདོགས་པ་ལས་ཆགས་པ་སྐྱེ་བ་ཡིན་ལ། བདག་དང་གཞན་དུ་སྒྲོ་མ་བཏགས་པར་འདུ་བྱེད་སྐད་ཅིག་མའི་རང་བཞིན་སྡུག་བསྔལ་གྱི་རྟེན་ཅན་ཕུང་པོའི་རྒྱུན་རྐྱེན་ཉིད་འདི་པ་ཙམ་དུ་རིག་པ་ཙམ་ལས་ནི་ཆགས་བྲལ་གྱི་བརྩེ་བ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དམིགས་མེད་ཀྱི་སྙིང་རྗེའང་


MR20_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །གཏི་མུག་ནི་ཆགས་སོགས་ཉེས་པའི་རྩ་བ་སྟེ། དེ་ཡང་སེམས་ཅན་ནམ་གང་ཟག་གམ་བདག་ཡོད་པར་འཛིན་པ་ཡིན་ལ་བདག་ལྟ་དེ་མེད་པའི་ཕྱིར་རང་ངམ་སེམས་ཅན་ལ་གནོད་པ་བྱས་པའི་ཉེས་པའི་རྒྱུ་ལས་ཁྲོ་བ་སྐྱེ་བ་མིན་པ་དེས་ན་ཆགས་བྲལ་གྱི་བརྩེ་བ་དེ་ནི་ཆགས་སྡང་རྨོངས་གསུམ་གྱི་ཉེས་པ་ཅུང་ཟད་ཀྱང་མེད་པར་འདོད་དོ། །གསུམ་པ། བརྩེ་བའམ་ལས་ཀྱིས་འཁོར་བར་གནས་པར་གྱུར་ན་ལས་ཀྱི་གཞན་དབང་དུ་གྱུར་པའམ་འཁོར་བར་གནས་པ་ཉིད་ཀྱི་ཕྱིར་འཁོར་བ་ལས་མ་གྲོལ་བར་འགྱུར་ལ། དེ་ལྟ་ན་འཁོར་བའི་ཉེས་པས་གོས་པ་ཅན་དུ་འགྱུར་རོ་ཞེ་ན། འཁོར་བ་ལས་གྲོལ་བ་མེད་པ་མ་ཡིན་ཏེ་ལས་ཀྱིས་གནས་པ་ལྷག་བཅས་དགྲ་བཅོམ་དེ་དག་ཚེ་འདིར་གནས་པའི་སྔོན་གྱི་འདུ་བྱེད་པ་ཟད་ནས་སྲིད་པ་གཞན་དུ་སླར་མཚམས་མི་སྦྱོར་བའི་ཕྱིར་དང་། བརྩེ་བའམ་ལས་ཀྱི་འདུ་བྱེད་ཀྱི་ནུས་པ་མ་ཟད་ན་གང་དེ་འཁོར་བ་ན་གནས་པ་ཉིད་ནའང་འདམ་གྱི་པདྨ་བཞིན་དུ་འཁོར་བའི་ཉེས་པ་མེད་པ་ཉིད་དེ་ཀུན་འབྱུང་དང་སྡུག་བསྔལ་གཉིས་ཀས་མནར་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་དགྲ་བཅོམ་པ་ཡང་འཁོར་བ་ལ་ཇི་སྟེ་སྐྱོ་བར་འགྱུར་ཏེ་ཇི་སྲིད་བར་བཞུགས་པར་འགྱུར་རོ་ཞེ་ན། ཉན་རང་གི་ཆགས་བྲལ་དེ་དག་སྙིང་རྗེ་དམན་པ་ཉིད་ཀྱི་ཕྱིར་ཡང་སྲིད་པར་ཡུན་དུ་གནས་པའི་འབད་རྩོལ་ཆེན་པོ་མེད་ལ། རྒྱལ་དང་རྒྱལ་བའི་སྲས་གང་དག་གཞན་མཐའ་ཡས་པའི་སེམས་ཅན་ཡོངས་སུ་མི་གཏོང་བའི་བརྩེ་བ་ཆེན་པོ་ངང་གིས་འཇུག་པ་དེ་དག་ནི་ཐབས་མཁས་ཀྱིས་ཟིན་པའི་ཚོགས་གཉིས་ཚད་མེད་པ་སྨོན་ལམ་ལ་སོགས་པས་ཡོངས་སུ་སྦྱངས་ཏེ་མི་ཟད་པའི་རྒྱུ་ཉིད་ཀྱི་འཕེན་པ་མ་ཟད་པ་རྣམས་ནི་གཞན་སེམས་ཅན་གྱི་ངོར་ནི་སྲིད་པ་ཇི་སྲིད་བར་བཞུགས་པ་ཡིན་ནོ། །གཉིས་


MR20_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། གལ་ཏེ་འཁོར་བའི་རྒྱུ་འཇིག་ཚོགས་ལྟ་བ་དང་བྲལ་བའི་ཕྱིར་མཐོང་ལམ་དུ་རྒྱུན་ཞུགས་ཐོབ་པ་འཇིག་རྟེན་ལས་འདས་པའི་ལམ་དང་པོར་ནི་སྲིད་པ་མེད་པར་འགྱུར་རོ་ཞེ་ན། དེས་བདག་འཛིན་ཀུན་བཏགས་ཐམས་ཅད་སྤངས་ཀྱང་ལྷན་ཅིག་སྐྱེས་པ་མ་སྤངས་པའི་ཕྱིར་སྲིད་པ་གཞན་དུ་སྐྱེ་བ་ཡོད་ལ། ལྷན་སྐྱེས་དེ་སྤངས་པ་ན་ཡང་སྲིད་པ་ག་ལ་ཡོད་དེ་ཡོད་པར་མི་འགྱུར་རོ། །གཉིས་པ་ལ། བདག་ལྟ་ལྷན་སྐྱེས་ངོ་བོ་བསྟན། །དེ་མེད་སྲིད་པ་མེད་ཚུལ་ལོ། །དང་པོ། བདག་ལྟ་ལྷན་སྐྱེས་གང་ཞེ་ན། བདེ་བར་གྱུར་ཅིག་སྙམ་པའམ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པ་སྐྱེ་བ་ན། དེ་གཉིས་ཀྱི་རྟེན་དུ་ང་འོ་སྙམ་པའི་བློ་ལྷན་སྐྱེས་སུ་རང་གིས་འབྱུང་བ་གང་ཡིན་པ་དེ་ངའམ་སེམས་ཅན་དུའམ་བདག་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ། བདག་མེད་པར་མཐོང་བའི་དོན་དེ་གོམས་པ་ན་དེ་འདྲའི་ལྷན་སྐྱེས་ཀྱང་ལྡོག་པར་འགྱུར་ལ། དེའི་ཚེ་ང་ཞེས་མཐོང་བ་མེད་པར་ནི་ངའོ་སྙམ་དུ་འགའ་ཡང་བདག་ལ་ཆགས་པ་མ་ཡིན་ལ། བདག་ལ་སྲེད་པ་མེད་པར་ཡང་བདག་དེ་བདེ་བ་དང་ཕྲད་པར་འདོད་པས་སྲིད་པར་མངོན་དུ་རྒྱུག་པ་ཡང་ཡོད་པ་མིན་ནོ། །གཉིས་པ་བདག་ཡོད་ལ་བཅིང་ཐར་མི་འཐད་པ་ལ། རྟག་བདག་ལ་ནི་བཅིང་ཐར་མེད། །བརྗོད་མེད་བདག་ལ་དེ་མེད་པའོ། །དང་པོ། གལ་ཏེ་བཅིང་གྲོལ་གཉིས་ཀྱི་རྟེན་དུ་བདག་རྟག་པ་ཞིག་མེད་ན་བཅིངས་པའང་མེད་པས་སྡུག་བསྔལ་བ་པོ་མེད་ལ། ཕྱིས་ཐར་པ་གྱ་ནོམ་པའི་བདེ་བའང་སུས་མྱོང་སྟེ་ལྷས་བྱིན་མེད་པ་ལ་ལྕགས་སུ་བཅུག་པ་དང་ལྕགས་སྒྲོག་ལས་གྲོལ་


MR20_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་བཞིན་ནོ། །དེས་ན་བཅིང་ཐར་གྱི་རྟེན་དུ་བདག་ཡོད་པ་ཁོ་ནའོ་ཞེ་ན། དེ་འདྲའི་རྟག་བདག་དེ་བཅིང་ཐར་གྱི་རྟེན་དུ་མི་འཐད་དེ་བཅིང་ཐར་གང་གིས་ཀྱང་དེ་ལ་ཕན་གནོད་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ན། སྡུག་བསྔལ་སྐྱེ་བའི་རྟེན་ནམ་རྒྱུ་ཉིད་ནི་འཆིང་བ་ཡིན་ཀྱང་རྟག་པ་ལ་འཆིང་བའི་རྒྱུ་མཚན་དེ་གང་ལས་ཡོད་དེ་མེད་ལ་སྡུག་བསྔལ་སླར་མི་སྐྱེ་བའི་རྒྱུའམ་རྟེན་ཉིད་ནི་ཐར་པ་ཡིན་ཀྱང་རྟག་པ་ལ་མི་སྐྱེ་བའི་རྒྱུ་དེ་རྒྱུ་མཚན་གང་ལས་ཡོད་དེ་ཡོད་མི་སྲིད་དོ། །དེས་ན་དེ་བཅིང་གྲོལ་གྱི་རྟེན་དུ་ཇི་ལྟར་རུང་སྟེ་མི་རུང་ངོ་། །གཉིས་པ། གནས་མ་བུའི་སྡེ་པ་ན་རེ། བཅིང་གྲོལ་དང་ལས་རྒྱུ་འབྲས་ཀྱི་རྟེན་དུ་བདག་ཡོད་དགོས་ལ་དེ་ནི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའོ་ཞེས་འདོད་དོ། །གང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་འགའ་ཡིའང་རྒྱུ་མ་ཡིན་སྟེ་སྐྱེད་བྱེད་ཀྱི་རྒྱུ་ལ་སྐད་ཅིག་མས་ཁྱབ་པས་སོ། །དེས་ན་མི་རྟག་པ་མིན་ན་དེ་ལས་བྱེད་པོ་དང་མྱོང་པོ་བཅིང་ཐར་གྱི་རྟེན་ཇི་ལྟར་ཡིན་ཏེ་དེ་དག་གི་རྟེན་ཅི་ཡང་མི་བྱེད་དོ། །གལ་ཏེ་མི་རྟག་པ་མིན་ཀྱང་རྟག་པའང་མིན་པས་སྐྱོན་གཉིས་ཀ་མེད་དོ་སྙམ་ན། གང་དུའང་བརྗོད་བྱ་མིན་པ་ལའང་བཅིང་དང་ཐར་པ་ཞེས་བྱ་བ་ཡང་ཇི་ལྟ་བུར་ཡང་ཡོད་པ་མ་ཡིན་ཏེ་ཚིག་གི་བརྗོད་པ་ཙམ་ལས་དོན་ལ་བཅིང་ཐར་གྱི་རྟེན་དུ་གྱུར་པ་རྡུལ་ཙམ་མེད་དེ། དངོས་འགལ་གཞི་གཅིག་པའི་དངོས་པོ་གྲུབ་མ་མྱོང་བས་མོ་གཤམ་གྱི་བུ་བཞིན་དུ་དེ་འདྲའི་བདག་ལས་བྱེད་པ་པོ་མི་སྲིད་དོ། །དེ་དག་ན་རེ། དེ་མེད་ན་ལས་བྱེད་པོ་དང་མྱོང་པོ་གཅིག་པར་མི་འཐད་པས་ལས་འབྲས་ཆུད་ཟ་ལ། བཅིང་གྲོལ་གྱི་གནས་སྐབས་ཐ་དད་པས་ལམ་ལ་བརྩོན་པ་དོན་མེད་དོ་ཞེ་ན། ལས་བྱེད་པོ་བརྗོད་མེད་ཀྱི་བདག་དེ་འབྲས་བུ་མྱོང་བ་པོ་དང་། བཅིངས་པའི་དུས་ཀྱི་དེ་གྲོལ་བ་པོ་


MR20_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་སྔར་གྱི་དེ་རྟག་པ་ཉིད་དུ་ཐལ་ཏེ། ཆོས་གང་གི་རང་བཞིན་སྔ་མའི་རང་བཞིན་ལས་གཞན་དུ་མི་འགྱུར་བས་འཇིག་པ་མེད་པ་དེ་ལ་རིགས་པ་ཤེས་པའི་མཁས་པ་རྣམས་ཀྱིས་རྟག་པ་ཉིད་ཅེས་བྱ་བའི་ཐ་སྙད་རབ་ཏུ་བརྗོད་ཀྱི་དེ་ལས་གཞན་རྟག་པ་ཞེས་བྱ་བའི་ཐ་སྙད་འཇུག་པའི་གཞི་ནི་གང་ཡང་མེད་དོ། །དེས་ན་འགལ་བ་གཞི་གཅིག་ལ་སྡུད་པའི་ངོ་ཚའི་ལྟ་བ་འདི་སྤོངས་ལ་བདག་དེ་ནི་རྟག་པར་མཐའ་གཅིག་ཏུ་སྨྲོས་དང་སྔ་མའི་ཁས་ལེན་དེ་ལས་དེ་བཟང་ངོ་། །དེ་བས་བྱིས་པའི་རྩེད་མོ་དང་འདྲ་བར་ཚིག་ལ་འཆེལ་བས་ཅི་བྱ་སྟེ་ཚིག་དེ་ལྟར་བརྗོད་ཀྱང་དོན་བཅིང་གྲོལ་གྱི་རྟེན་དུ་གྱུར་པའི་བདག་དེ་འདྲ་ཡོད་མི་སྲིད་པས་སོ། །ཡང་ན་ལས་བྱེད་པ་པོའི་རྒྱུ་ཉིད་དུ་ངེས་པར་ཁས་ལེན་ན་མི་རྟག་པར་འགྱུར་ལ། དེ་ལྟ་ན། གང་གི་རང་བཞིན་འཇིག་པ་ཅན། །དེ་ལ་མཁས་རྣམས་མི་རྟག་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་མི་རྟག་པར་སྨྲོས། །ཞེས་འདོན་པ་བསྒྱུར་བས་འགྲུབ་བོ། །དེ་ལྟར་འགོག་པ་ཉིད་བཤད་པས་ཞི་བ་སོགས་རྣམ་པ་གཞན་ཀྱང་ཤེས་པར་འགྱུར་རོ། །བཞི་པ་ལམ་ལ། བདག་མེད་གཏན་དུ་གྲོལ་ལམ་ཡིན། །དེ་ལས་ལམ་གཞན་དེ་ལྟར་མིན། །དང་པོ་ལ། དངོས་དང་དེ་ལ་རྩོད་སྤང་ངོ་། །དང་པོ། བཤད་ཟིན་པ་བདག་མེད་པར་ལྟ་བའི་ལམ་དེ་གོམས་པ་རབ་ཀྱི་མཐར་ཕྱིན་པ་ལས་སེམས་ལ་བདག་འཛིན་སོགས་གཏན་མི་གནས་པས་ཉེས་པ་ཕྲ་མོ་ཡང་མེད་པའི་ངོ་བོར་གནས་གྱུར་པ་ཐོབ་པ་ཡིན་ནོ། །གཉིས་པ་ལ། སྤང་གཉེན་ནུས་སྟོབས་མཚུངས་པ་དང་། །ཉོན་མོངས་མ་ལུས་མི་འཛད་དང་། །ཉོན་མོངས་གཏན་ཟད་མི་སྲིད་དང་། །ཟད་ཀྱང་སླར་ལྡོག་སྤང་བའོ། །དང་པོ་ལ།


MR20_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་རྒྱས་པར་བཤད་པ་གཉིས། །དང་པོ། གལ་ཏེ་སེམས་རྒྱུད་དྲི་མ་ཀུན་དང་བྲལ་བའི་གནས་གྱུར་ཐོབ་ཀྱང་། སྔར་གནས་མ་གྱུར་པ་ཉེས་བཅས་ཀྱི་སེམས་ལ་ལམ་ཉེས་མེད་འབྱུང་བ་བཞིན་སླར་ཡང་སྐྱོན་ཀྱང་ནི་འབྱུང་བར་སྲིད་པས་གྲོལ་བ་གཏན་དུ་བ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་བུ་སྲིད་པ་མ་ཡིན་ཏེ་ཉེས་བཅས་ཀྱི་སེམས་ལ་གནོད་པའི་ནུས་པ་ལམ་ལ་ཡོད་ཀྱང་ལམ་ལ་གནོད་པའི་ནུས་པ་ཉེས་བཅས་ཀྱི་སེམས་ལ་མེད་པའི་ཕྱིར་ན་ལམ་མཐར་ཕྱིན་པ་གནས་གྱུར་པའི་རྒྱུད་ལ་ཉེས་པ་འབྱུང་མི་སྲིད་པར་འགྱུར་རོ། །གཉིས་པ་ལ། འབད་པ་མེད་པར་ལྡོག་པ་མེད། །འབད་དུ་ཆུག་ཀྱང་མི་ལྡོག་པའོ། །དང་པོ་ལ། མངོན་དུ་གྱུར་ལ་གཏན་ནུས་མེད། །མངོན་གྱུར་མིན་ཀྱང་མི་ལྡོག་པའོ། །དང་པོ། བདག་མེད་པའི་སེམས་མཐར་ཕྱིན་ནས་མངོན་དུ་གྱུར་པ་ན་སླར་མི་ལྡོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྣམ་པར་ཤེས་པ་ནི་རིག་ཅིང་གསལ་བའི་ངང་ཚུལ་ཅན་ཡིན་ལ་དེ་ནི་ཡུལ་འཛིན་པར་བྱེད་པ་ཡི་ཆོས་སམ་རང་བཞིན་ཅན་ཡིན་ནོ། །དེ་ཡང་ཡུལ་ཇི་ལྟར་ཡོད་པ་དེ་དེ་བཞིན་དུ་འཛིན་པ་དང་། ཡུལ་ཀྱང་རང་གི་ངོ་བོ་ཇི་ལྟར་ཡོད་པ་ཡི་ནི་བདག་ཉིད་དེ་ཡུལ་ཅན་ཤེས་པ་འདི་ཡི་སྐྱེད་པར་བྱེད་པའང་ཡིན་ཏེ་བློ་མ་འཁྲུལ་བའི་གཟུང་དོན་རང་མཚན་ཡིན་པས་སོ། །ཡུལ་ཡུལ་ཅན་གྱི་རང་བཞིན་ནམ་གནས་ཚུལ་འདི་ལྟ་བུ་ཡིན་པ་ནི་དངོས་པོའི་སྟོབས་ལས་ཡིན་པས་སུས་ཀྱང་བཟློག་པ་མེད་དོ། །རང་བཞིན་དེ་ལྟ་བུ་ཡིན་ཀྱང་རང་བཞིན་འདི་ལྟ་བུ་ལས་སེམས་དེ་འཁྲུལ་བའི་རྐྱེན་གཞན་གྱིས་ནི་དངོས་པོའི་གནས་ཚུལ་དང་མཐུན་པར་མ་ཞུགས་པར་རྟག་བདག་གཙང་བདེ་སོགས་ཕྱིན་ཅི་ལོག་ཏུ་གོལ་བར་འགྱུར་ཞིང་དེ་ལྟར་གོལ་བ་ན་འཁྲུལ་བའམ་སྒྲོ་འདོགས་པ་དེ་ལྡོག་པ་ཡང་ནི་


MR20_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཅན་གྱི་ཚད་མས་དྲངས་པའི་ལམ་གོམས་པ་སོགས་ལྡོག་བྱེད་ཀྱི་རྐྱེན་ལ་ལྟོ༷ས་པ་ཡིན་གྱི་རང་གར་མི་ལྡོག་སྟེ། དཔེར་ན་འཁྲུལ་རྐྱེན་གཞན་སྦྲུལ་ཡོད་པའི་ཕྱོགས་སུ་དོགས་པ་ཟ་བ་དང་ཐག་པ་འཁྱིལ་ལུགས་ཀྱི་དམིགས་རྐྱེན་དང་མུན་པ་ཚབ་ཚུབ་སོགས་རྐྱེན་དུ་གནས་པ་ལས་ཡུལ་ལ་མེད་ཀྱང་རྟོག་བཅས་ཀྱི་ཤེས་པས་ཐག་པ་དེ་སྦྲུལ་དུ་སྒྲོ་འདོགས་ལ། ཇི་སྲིད་སྣང་བ་སོགས་ལྡོག་བྱེད་ཀྱི་རྐྱེན་མ་བྱུང་གི་བར་དུ་སྦྲུལ་ཡོད་སྙམ་པ་མི་ལྡོག་པ་བཞིན་ནོ། །འཁྲུལ་བའི་བློ་དེ་དག་རྐྱེན་ལ་ལྟོས་ནས་མི་ལྡོག་པ་མིན་ཏེ། དེ་དངོས་པོ་མ་ཡིན་པའི་སྟོབས་ཀྱིས་ཞུགས་པ་ཡིན་པས་ཚད་མས་གནོད་པ་ཅན་དང་གློ་བུར་བ་སྟེ་སེམས་དང་འབྲལ་རུང་ཡིན་པས་ན་མི་བརྟན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་གྱི་བློ་སྐྱེས་པ་འདོར་རུང་ཡིན་པ་བཞིན་ནོ། །དེས་ན་སེམས་ཀྱི་གཤིས་སམ་རང་བཞིན་ནི་ངོ་བོ་ཉིད་ཀྱིས་འཁྲུལ་བ་ཅན་དུ་སྐྱེས་ནས་འཁྲུལ་བ་དང་འབྲལ་མི་རུང་བ་ཅན་མིན་ཞིང་བློ་གཉེན་པོའི་ངོ་བོར་སྐྱེས་པ་ན་དེ་དང་འབྲལ་མི་རུང་བ་ཡིན་པས་ན་རང་གཤིས་ནི་ཕྱིན་ཅི་ལོག་གི་མུན་པ་དང་བྲལ་བ་འོད་གསལ་བ་ཡིན་ཏེ་བདག་ལྟ་སོགས་ཕྱིན་ཅི་ལོག་གི་དྲི་མ་རྣམས་ནི་དེ་ལ་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པས་གློ༷་བུར་བ་ཡིན་ནོ། །དེ་ཕྱིར་སྔར་ཐོས་བསམ་གྱིས་དཔྱད་པའི་དུས་ན་ཡང་ཕྱིན་ཅི་ལོག་རྣམས་ལ་ནི་ཡང་དག་པའི་ཕྱོགས་ལ་གནོད་པའི་ནུས་པ་མེད་པ་ཡིན་ཏེ། ཡང་དག་པའི་བློ་རྣམས་ནི་དངོས་པོ་ཇི་ལྟར་ཡིན་པ་དེ་ཉིད་ཀྱི་སྟོབས་ཀྱིས་མ་ནོར་བར་ཞུགས་པ་ཡིན་པས་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཞེས་བྱ་སྟེ། ཐག་པ་ལ་ཐག་པར་ཤེས་པ་ལ་སྦྲུལ་འཛིན་གྱིས་སླར་མི་ལྡོག་པ་བཞིན་ནོ། །དེས་ན་གནས་མ་གྱུར་པའི་སྔར་ཡང་ཕྱིན་ཅི་ལོག་ཡང་དག་པའི་


MR20_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལ་གནོད་པའི་ནུས་པ་མེད་པ་དེ་རྣམས་ནི་གཉེན་པོ་ཡང་དག་པའི་བློ་དེ་ཡི་བདག་ཉིད་དམ་ངོ་བོ་ཉིད་དུ་གནས་གྱུར་པའི་བློ་ལ་ཕྱིས་ནུས་པ་ཅུང་ཟད་མེད་པ་ལྟ་ཅི་སྨོས་སོ། །གཉིས་པ་གནས་གྱུར་མཐར་ཐུག་མ་ཐོབ་པས་བག་ཆགས་མ་ཟད་པའི་རྒྱུད་ལ་ལར་སྐབས་དེར་བདག་འཛིན་སོགས་མངོན་དུ་གྱུར་པའི་ཚུལ་གྱིས་ཅུང་ཟད་ནུས་པ་ཡོད་ན་ཡང་། བདག་མེད་པ་མངོན་སུམ་མཐོང་བའི་ཕྱིར་འཁྲུལ་འཛིན་དེ་ལ་གནོད་པ་ཅན་གྱི་ཚད་མ་སྐྱེད་ནུས་པའི་སྙིང་པོ་ཅན་གྱི་སེམས་རྒྱུད་ཀྱི་དངོས་པོ་ཡིན་པའི་ཕྱིར་དེ་ལ་ཕྱིན་ཅི་ལོག་གི་བློ་དེ་ཡུན་དུ་གནས་པའི་ནུས་པ་ཡོད་པ་མིན་ཏེ། རྒྱུད་ཡང་དག་པའི་ལྟ་བས་ཁྱབ་པས་ན་དཔེར་ན་ས་བློན་པ་ལ་ནི་མེ་ཅུང་ཟད་འབར་ཀྱང་ཡུན་དུ་མི་གནས་པ་བཞིན་ནོ། །གཉིས་པ། འབད་པས་ལྡོག་པར་བྱེད་པ་ནི་གཉེན་པོ་ལ་ཉེས་པའི་སྐྱོན་ནམ་རིགས་པས་གནོད་པའི་སྐྱོན་མཐོང་ན་འབད་པས་ལྡོག་སྲིད་ཀྱང་འདི་ལ་དེ་མེད་དེ། ཉེས་པ་གང་གི་ཡང་རྟེན་མིན་པས་འཚེ་བ་མེད་པ་དང་། དངོས་པོའི་སྟོབས་ཀྱིས་ཞུགས་པ་གནས་ལུགས་ཡང་དག་པའི་དོན་ཅན་གྱི་བློ་ཡིན་པ་དང་། ཆེས་གོམས་པའི་གནས་གྱུར་ཐོབ་སྟེ་བློ་དེའི་རང་བཞིན་ཅན་དུ་གྱུར་པ་འདི་ལ་ནི་ཟློག་ཕྱོགས་ཕྱིན་ཅི་ལོག་གིས་འབད་དུ་ཟིན་ཀྱང་མི་ཟློག་སྟེ། བློ་ནི་ཡང་དག་པའི་དོན་དུ་གྱུར་པ་དེ་ཡི་ཕྱོགས་འཛིན་པ་ལས་ཟློག་ནུས་ཀྱི་རྒྱུ་མཚན་མི་སྲིད་པའི་ཕྱིར་རོ། །གཉིས་པ་སྐྱོན་མ་ལུས་པ་འཛད་པར་བསྒྲུབ་པ་ལ། ཆགས་སོགས་གཞན་གྱིས་གཞན་མི་འཇོམས། །ཀུན་འཇོམས་གཉེན་པོ་ངོས་བཟུང་བའོ། །དང་པོ། བདག་འཛིན་དང་བདག་མེད་རྟོགས་པ་དམིགས་རྣམ་འགལ་བ་ཡིན་པས་བདག་མེད་རྟོགས་པ་གོམས་པས་ཉེས་ཀུན་ཟད་པར་འགྱུར་རོ་ཞེས་པ་དེ་མི་འཐད་དེ། འདི་ལྟར་ཡུལ་


MR20_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུ་ལེན་པར་འདོད་པའི་ཆགས་པ་དང་། ཡུལ་འདོར་བར་འདོད་པའི་ཞེ་སྡང་རྣམ་པ་ཤིན་ཏུ་འགལ་ཡང་དེ་གང་རུང་ཇི་ཙམ་གོམས་ཀྱང་ཅིག་ཤོས་ཟད་པ་མེད་པ་དང་། ཉེས་པའི་རྣམ་པ་ཐ་དད་པ་རྣམས་གཉེན་པོ་གཅིག་གིས་ཟད་པར་མི་ནུས་ལ་སོ་སོའི་གཉེན་པོ་གོམས་ཀྱང་ཟད་མི་ནུས་ཏེ་མི་སྡུག་པ་ཇི་ཙམ་གོམས་ཀྱང་སླར་ཆགས་པ་སྐྱེ་སྲིད་པ་ལ་སོགས་པ་བཞིན་ནོ་ཟེར་ན། ཆགས་སྡང་གཉིས་ནི་བདག་ཏུ་འཛིན་པའི་རྒྱུ་ལས་བྱུང་བའི་ཕྱིར་རྒྱུ་གཅིག་པ་ཅན་ཉིད་དང་། ཆགས་པ་ལས་དེ་ལ་གནོད་པ་བྱས་པ་ལ་ཁྲོ་བའང་སྐྱེ་ཞིང་། ཁྲོ་བའི་ཡུལ་ལ་འཇིག་སྲེད་ཀྱང་སྐྱེ་བའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོའི་རང་བཞིན་ཅན་དུ་སྲིད་པའི་ཕྱིར་ན་འདོད་ཆགས་དང་ཁོང་ཁྲོ་ཕན་ཚུན་དུ་འཛིན་སྟངས་མི་མཐུན་པའི་ཐ་དད་ན་ཡང་གཅིག་ལ་གཅིག་གནོད་པ་མ་ཡིན་ནོ། །དེར་མ་ཟད་ཞེ་སྡང་གི་གཉེན་པོ་བྱམས་པ་དང་། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་སོགས་བདག་མེད་རྟོགས་པ་དང་མ་འབྲེལ་བར་རང་རྐྱང་བ་ཇི་ཙམ་གོམས་ཀྱང་ཉེས་པའི་རྒྱུ་རྨོངས་པ་སྟེ་བདག་ལྟ་དང་འགལ་བ་མེད་པའི་ཕྱིར་རེ་ཞིག་ཆགས་སྡང་སོགས་མངོན་གྱུར་ཁེགས་ཀྱང་དེའི་ས་བོན་བཅས་པ་འཇོམས་པར་མི་ནུས་པས་ཤིན་ཏུ་ཉེས་པ་ཚར་གཅོད་པ་མིན་ནོ། །གཉིས་པ་ལ། གཞོམ་བྱ་ཉེས་ཀུན་རྩ་བ་བཤད། །འཇོམས་བྱེད་གཉེན་པོ་གང་ཡིན་བསྟན། །དང་པོ་ལ། དངོས་དང་དེ་ལ་དོགས་པ་སྤང་། །དང་པོ། ཉེས་པ་ཐ་དད་པ་གཉེན་པོ་གཅིག་གིས་འཇོམས་པ་མེད་པ་མ་ཡིན་ཏེ། ཆགས་སོགས་ཉེས་པ་ཀུན་ནི་གཏི་མུག་གམ་རྨོངས་པ་དེ་ཡི་རྩ་བ་ཅན་ཏེ་དེ་གཅིག་བུ་ལས་བྱུང་བ་ཡིན་ནོ། །དེ་འདྲའི་རྨོངས་པ་དེ་ཡང་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་བདག་དང་བདག་གིར་འཛིན་པ་ཁོ་ན་ཡིན་ཏེ་བདག་ཏུ་མ་བཟུང་ན་ཆགས་སོགས་སྐྱེ་མི་སྲིད་པ་ཡིན་ནོ། །གཉིས་


MR20_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པ། འཇིག་ལྟ་མ་རིག་པར་བཤད་པ་ལ་ཉན་ཐོས་སྡེ་བ་ཁ་ཅིག་ན་རེ། དེ་མི་འཐད་དེ། མ་རིག་པ་ནི་བློ་མི་གསལ་བའི་ངོ་བོ་ཙམ་ཡིན་པས་རྩ་ཉོན་ཡིན་ལ། འཇིག་ལྟ་ནི་ལྟ་བ་ཡིན་ཅིང་ལོག་ཤེས་ཡིན་པས་དེ་གཉིས་ཐ་དད་དེ། འཇིག་ལྟ་དང་མ་རིག་པ་མཚུངས་ལྡན་དུ་བཤད་པས་ན་གཅིག་ཡིན་པ་ལ་མཚུངས་ལྡན་མི་རིགས་སོ་ཞེ་ན། སྤྱིར་མ་རིག་པ་ནི་རིག་པ་མེད་པ་ཙམ་མིན་ཏེ་ས་རྡོ་ལ་ཡང་དེ་ཡོད་པའི་ཕྱིར་རོ། །མི་གསལ་བ་ཞེས་པ་ཡུལ་མ་བཟུང་བ་ཙམ་ཡང་མིན་ཏེ་མ་བཟུང་བ་ཙམ་ལ་ཡུལ་དམིགས་པའི་བློ་ཡི་རྣམ་པ་གང་ཡང་མ་སྐྱེས་པས་ཕྱིན་ཅི་ལོག་ཏུ་བཟུང་བ་གང་ཡང་མེད་དོ། །དེས་ན་རིག་པའི་འགལ་ཟླར་གྱུར་བའི་འཛིན་སྟངས་ཅན་གྱི་སེམས་བྱུང་ཞིག་ལ་མ་རིག་པ་ཞེས་གསུངས་པ་ཡིན་ལ་དེ་ནི་འཇིག་ལྟ་ལ་ཡོད་དེ། ཡང་དག་པར་རིག་པ་བདག་མེད་རྟོགས་པའི་མི་མཐུན་ཕྱོགས་ཀྱི་འཛིན་སྟངས་ཅན་ཡིན་པའི་ཕྱིར་དང་། རིག་པ་མེད་ཙམ་མིན་པར་སེམས་བྱུང་ཉིད་ཀྱིས་ཡུལ་བདག་ཏུ་དམིགས་པའི་ཕྱིར་མ་རིག་པ་ཡིན་ལ། དེ་ཡང་མདོ་ལས་ཕྱིན་ཅི་ལོག་པར་དམིགས་པ་ཉིད་མ་རིག་པར་གསུངས་པའི་ཕྱིར་འཇིག་ལྟ་འདི་ཡང་ཕྱིན་ཅི་ལོག་པར་དམིགས་པ་ཡིན་པས་ན་མ་རིག་པའི་བྱེ་བྲག་ཡིན་པའི་ཕྱིར་མ་རིག་པ་ལས་གཞན་ཡིན་པ་ནི་རིགས་པ་མ་ཡིན་ནོ། །དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། དེ་ལ་མ་རིག་པ་དང་བྲལ་བ་གང་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་ལྷག་པར་སྒྲོ་འདོགས་པ་དང་བྲལ་བ་གང་ཡིན་པའོ་ཞེས་དང་། ས་བཅུ་པའི་མདོ་ལས། འཇིག་རྟེན་དུ་ཉེས་པར་སྤྱོད་པ་སྐྱེ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་བདག་ཏུ་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ཏེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་ན་མི་འབྱུང་ངོ་ཞེས་རྟེན་འབྲེལ་བཅུ་གཉིས་ཀྱི་མ་རིག་པ་སྟོན་པའི་སྐབས་སུ་འཇིག་ལྟ་གསུངས་པ་སོགས་ཀྱི་ཕྱིར་རོ། །དེས་ན་མཚུངས་ལྡན་དུ་མི་རིགས་


MR20_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགལ་བ་གང་ཡིན་པ་ནི་བཤད་མ་ཐག་པའི་ཚུལ་གྱིས་འཇིག་ལྟ་ཡང་མ་རིག་པའི་བྱེ་བྲག་ཡིན་པས། པ་ལ་ཤ་དང་ལྡན་པའི་ནགས་ཞེས་དང་། ལག་པ་དང་ལྡན་པའི་ལུས་ཞེས་པ་བཞིན་དུ་མ་རིག་པ་ཡང་ཡིན་ལ་འཇིག་ལྟའང་ཡིན་པའི་དོན་འདིར་བཤད་པར་བྱ་བ་ཡིན་ནོ། །འགལ་བ་གང་ཡིན་ཞེས་པའི་རྐང་པ་འདི་འགལ་བ་འགའ་ཞིག་ཏུ་འོག་མའི་དམ་བཅའ་ལའང་སྦྱར་བ་ཡོད་དོ། །གཉིས་པ། ཉེས་ཀུན་འཇོམས་པའི་གཉེན་པོ་གང་ཡིན་ཞེ་ན། བདག་མེད་པའམ་སྟོང་པ་ཉིད་དུ་ལྟ་བ་དང་བདག་ལྟ་དེ་འགལ་བའི་ཕྱིར་ན་བདག་ལྟ་དེ་ཡི་རྩ་བ་ཅན་ནམ་དེ་ལ་བརྟེན་པའི་རང་བཞིན་ཅན་དུ་གྱུར་པ་ཆགས་སོགས་ཉེས་པ་ཀུན་དང་ཡང་འགལ་བར་རབ་ཏུ་གྲུབ་པ་ཡིན་པས་སྟོང་ཉིད་ཀྱི་ལྟ་བ་གོམས་པས་ཉེས་པ་མ་ལུས་པ་རྩད་ནས་གཅོད་པ་རིགས་སོ། །གསུམ་པ། ཉེས་པ་ཀུན་རེ་ཞིག་ལྡོག་ཀྱང་གཏན་དུ་ཟད་པ་མིན་ཏེ་སྲོག་ཆགས་རྣམས་ཀྱི་ཆོས་ཉིད་དམ་རང་བཞིན་དེ་ལྟ་བུ་ཡིན་པའི་ཕྱིར། དཔེར་ན་དཀར་པོ་ལ་སོགས་པ་གཟུགས་ཀྱི་རང་བཞིན་ཡིན་པ་ལ་སོགས་པ་བཞིན་དང་མེའི་ཚ་བ་བཞིན་ནོ་ཞེ་ན། དེ་ལྟར་མིན་ཏེ་སེམས་ཅན་ནམ་སྲོག་ཆགས་ཀྱི་རང་བཞིན་དུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ན་གཉེན་པོའི་ཕྱོགས་བདག་མེད་པ་སོགས་དང་སེམས་ཅན་གྱི་རྒྱུད་འབྲེལ་བ་ན་སེམས་རྒྱུད་ལ་ཉེས་པ་དེ་རྣམས་ལྡོག་པ་དག་ཀྱང་ཚད་མས་མཐོང་བས་ན་དེའི་རང་བཞིན་དུ་གྲུབ་པ་མིན་ཏེ་ཡིན་ན་གཉེན་པོ་དང་འབྲེལ་ཀྱང་ལྡོག་མི་སྲིད་དོ། །དེས་ན་མེ་དང་ཉེ་བའི་ས་ཕྱོགས་ལ་ལར་གྲང་རེག་མེད་པ་ལྟར་གཉེན་པོ་གོམས་པའི་རྒྱུད་ཀྱི་ཁྱད་པར་ལ་ལར་ཉེས་པ་དེ་ལྡོག་སྲིད་པར་གྲུབ་པའི་ཕྱིར་སེམས་ཅན་ཡིན་ན་ཉེས་པ་ཅན་ཡིན་པར་གྲུབ་པར་མི་འགྱུར་རོ། །བཞི་པ། གལ་ཏེ་རྒྱུད་ལ་ལར་རེ་ཞིག་ཉེས་པ་རྣམ་པར་འགགས་ཏེ་གཏན་དུ་ཟད་པ་སྲིད་


MR20_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འགགས་ཟིན་པ་དེ་ནི་སླར་ཡང་གསེར་སོགས་བཞུས་པ་ན་སྲ་བ་གཏན་མེད་ཀྱང་མེ་དང་བྲལ་བའི་ཚེ་སྲ་བ་འབྱུང་བ་བཞིན་ནོ་ཞེ་ན། གཉེན་པོས་གཏན་དུ་ཟད་པར་བྱས་པ་དེ་ནི་སླར་ཡང་ལྡོག་པའི་ཚུལ་གྱིས་སྐྱེ་བ་མེད་དེ། གཉེན་པོ་དེ་སེམས་ཀྱི་རང་བཞིན་ནམ་ངོ་བོའི་བདག་ཉིད་ཀྱིས་འབྲལ་བ་མེད་པ་དང་། སྤང་བྱ་ལྷག་མ་མེད་པར་བཅོམ་ཟིན་པ་དེ་ནི་རྒྱུད་དེར་གཏན་ནས་མེད་པའི་ཕྱིར་དཔེར་ན་མེས་ཤིང་བཅོམ་ཟིན་ནས་ཐལ་བ་ཉིད་དུ་གྱུར་པ་ན་སླར་ཡང་ཤིང་དུ་ལྡོག་པ་མི་སྲིད་པ་བཞིན་དུ་སྤང་བྱ་རང་གི་ངོས་ནས་ཀྱང་ལྡོག་པར་མ་ངེས་པའི་ཕྱིར་རོ། །གཉིས་པ་བདག་མེད་རྟོགས་པ་ལས་ལམ་གཞན་དེ་ལྟ་མིན་པ་ལ། བདག་འཛིན་ཡོད་བཞིན་གྲོལ་མི་སྲིད། །གྲོལ་བའི་ལམ་གཞན་འདོད་པ་དགག །དང་པོ་ལ། དངོས་དང་དེ་ཡི་ཚུལ་བཤད་པའོ། །དང་པོ། བདག་བསྒོམས་པས་ཀྱང་ཐར་པར་བཤད་ན་བདག་མེད་བསྒོམ་པས་ཅི་ཞིག་བྱ། དེ་བཞིན་དུ་སྡུག་བསྔལ་བསྒོམ་པ་དང་དཀའ་ཐུབ་བསྟེན་པ་སོགས་ཐར་པའི་ལམ་གཞན་ཡང་ཅི་སྟེ་མེད་སྙམ་ན། བདག་མེད་པ་བསྒོམ་པ་མ་གཏོགས་བདག་ཡོད་པར་འཛིན་བཞིན་ཐར་པའི་ལམ་གཞན་སྲིད་པ་མ་ཡིན་ཏེ། གང་ཞིག་ཕྱིན་ཅི་ལོག་གི་བློས་བདག་ཡོད་པར་མཐོང་བའི་རྨོངས་པ་ཅན་དེས་ཡུལ་བདག་དེ་ལ་ནི་ངའོ་ཞེས་རྟག་ཏུ་ཞེན་པར་འགྱུར་ཞིང་ཞེན་པས་ནི་བདག་དེ་བདེ་བ་ལ་ཕྲད་པར་འདོད་ནས་ཡུལ་ལ་སྲེད་པ་སྐྱེ་བར་འགྱུར་ཏེ་སྲེད་པས་བདག་དང་བདག་གི་བའི་ཉེས་པའི་སྐྱོན་རྣམས་སྒྲིབ་པར་བྱེད་དེ་སྐྱོན་དུ་མི་ལྟ་ཞིང་ཡོན་ཏན་དུ་མཐོང་བས་ཡོངས་སུ་སྲེད་པ་སྐྱེས་ནས། ང་ཡི་ཞེས་བདག་དེའི་བདེ་བའི་སྒྲུབ་བྱེད་དམ་ཐབས་སུ་གྱུར་པ་མཐའ་དག་དང་དུ་ལེན་པར་བྱེད་པ་དེས་ན་བདག་ལ་མངོན་པར་ཆགས་པ་ཡོད་པ་དེ་སྲིད་སྐྱེས་བུ་དེ་ནི་སྲིད་པར་འཁོར་བར་འགྱུར་ལ། བདག་ཏུ་འདུ་ཤེས་ཡོད་ན་ནི་འགའ་ཞིག་ལ་གཞན་དུ་


MR20_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འབྱུང་ཞིང་། བདག་གཞན་གྱི་ཆ་ཉིད་དུ་རྣམ་པར་བཟུང་བ་ལས་རང་ཕྱོགས་ལ་ཡོངས་སུ་འཛིན་པའི་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་སྐྱེ་ཞིང་ཆགས་སྡང་འདི་དག་དང་ནི་ཡོངས་སུ་འབྲེལ་བ་ལས་ང་རྒྱལ་ཕྲག་དོག་ལ་སོགས་པའི་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བ་ཡིན་ནོ། །གཉིས་པ་ལ། བདག་གི་ཁོ་ནར་ཆགས་བྲལ་མེད། །ཡོད་ཀྱང་གྲོལ་བདག་དོན་མེད་འགྱུར། །དེས་ན་བདག་འཛིན་སྤང་བར་གདམས། །དང་པོ་ལ། མདོར་བསྟན་རྒྱས་བཤད་མཇུག་བསྡུ་གསུམ་དང་པོ། ཆགས་བྲལ་གྱི་རྣལ་འབྱོར་རྣམས་བདག་ཁོ་ན་ལ་ཞེན་གྱི་བདག་གི་བའི་དངོས་པོ་ཡོངས་སུ་བཟུང་བ་ཐམས་ཅད་ལ་ཆགས་པ་མེད་པས་གྲོལ་བའོ་ཞེ་ན། དེ་མི་སྲིད་དེ། ངེས་པར་བདག་ལ་ཆགས་པ་དེ་ནི་བདག་གི་བ་ལ་ཆགས་པ་དང་མི་འབྲལ་ཞིང་། བདག་ཡོད་པར་སྨྲ་བ་རྣམས་ཀྱིས་བདག་དེ་ཉེས་མེད་དུ་ཞེན་པས་ན་དེའི་ངོར་བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་ཏེ་བདག་ཡོད་ཀྱི་ལྟ་བ་དེ་མ་བཏང་གི་བར་དུ་བདག་ལ་ཆགས་པ་དང་བྲལ་བའི་ཐབས་ཡོད་པ་མིན་ནོ། །གཉིས་པ་ལ། སྐྱོན་དུ་མཐོང་བས་ཆགས་སྤོང་དགག །སྡུག་བསྔལ་བསྒོམས་པས་ཆགས་སྤོང་དགག །དང་པོ་ལ། སྐྱོན་མཐོང་ཙམ་གྱིས་སྤོང་མི་ནུས། །སྐྱོན་མེད་པར་ཡང་ཐལ་བའོ། །དང་པོ། གལ་ཏེ་བདག་ཉེས་མེད་ཡིན་ཡང་དེ་ལ་ཆགས་པ་ནི་སྐྱོན་དང་བཅས་པ་ཡིན་ནོ་ཞེ་ན། དེ་སྐྱོན་ཅན་ཡིན་པར་ཤེས་པ་ལས་ཅིར་འགྱུར་ཞེས་དྲིས་པ་ན། སྐྱོན་ཅན་དུ་ཤེས་པས་བདག་ཆགས་དེ་སྤོང་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བདག་ཏུ་ཆགས་པ་འདི་ཡི་ཡུལ་བདག་དེ་ཉིད་སུན་ཕྱུང་བ་མེད་པར་ནི་ཡུལ་ཅན་ཆགས་པ་དེ་སྤོང་བར་ནི་ནུས་པ་མ་ཡིན་ནོ། །


MR20_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་མཚན་ཡུལ་གང་ལ་ཡོན་ཏན་ནམ་སྐྱོན་ཡོད་པ་དེ་དང་རྗེས་སུ་འབྲེལ་བའི་ཡུལ་ཅན་འདོད་པ་དང་སྡང་བ་སེར་སྣ་དང་ཕྲག་དོག་ལ་སོགས་སྤོང་བ་ནི། ཡོན་སྐྱོན་དེ་དག་ཡུལ་ལ་མ་མཐོང་བས་ལྡོག་པ་ཡིན་གྱི་ནང་བློ་ཡི་འཇུག་པ་ནི་ཕྱི་ཚུལ་གང་གིས་ཀྱང་ཚེར་མ་འབྱིན་པའི་ཚུལ་གྱིས་སྤོང་སྲིད་པ་མིན་ནོ། །གཞན་ཡང་ཡུལ་ཅན་ཆགས་པ་རང་ཉིད་ལ་ཡོན་ཏན་ཡོད་པར་ཤེས་ནས་ནན་གྱིས་ཆགས་པ་བསྐྱེད་པ་མིན་གྱི་ཆགས་ཡུལ་དོན་གྱི་ཡོན་ཏན་མཐོང་བས་ཆགས་བློ་བཟློག་མེད་དུ་སྐྱེ་བ་ཡིན་ཏེ། ཆང་ལ་ཆགས་པ་ཡོན་ཏན་ཅན་མིན་པར་ཤེས་ཀྱང་ཆང་གི་རོ་སོགས་ཡོན་ཏན་དུ་མཐོང་བས་ཆང་ལ་ཆགས་པ་སྐྱེ་བ་ལྟ་བུ་ཡིན་པ་དེས་ན། བདག་ཆགས་སྐྱེ་བའི་རྒྱུ་མ་ཚང་བ་མེད་པར་བདག་དེ་ཉིད་དེ་འཛིན་སྐྱེད་པའི་རྒྱུ་ཉིད་དུ་ཡོད་བཞིན་པ་དེ་ལ་ནི་འབྲས་བུ་དེ་ལས་སྐྱེས་པའི་ཡུལ་ཅན་གྱི་བློ་དེ་གང་གིས་ཟློག་པར་བྱེད་དེ་ཟློག་བྱེད་མི་སྲིད་དོ། །དེས་ན་ཡུལ་བུད་མེད་སོགས་ནི་མཐོང་བའི་ཡུལ་དུ་ཡོད་པ་ཙམ་གྱིས་ཆགས་སོགས་སྐྱེ་བར་མ་ངེས་ཀྱང་། དེ་མཐོང་བའི་བློ་ཙམ་སྐྱེད་པར་བྱེད་པ་བཞིན་བདག་ནི་ཡོད་པ་ཙམ་གྱིས་དེར་འཛིན་ལ་དེར་བཟུང་བ་ན་ངའི་སྙམ་དུ་མི་ཆགས་པ་མི་སྲིད་དོ། །གཉིས་པ། བདག་ཏུ་ཆགས་པ་ལ་སྐྱོན་ཡང་གང་ཞིག་མཐོང་ནས་དེ་སྤོང་བ་ཡིན་ཞེས་དྲིས་པ་ན། གལ་ཏེ་བདག་ཏུ་ཆགས་པ་དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་ཡིན་པས་སྐྱོན་ཅན་ནོ་ཞེ་ན། སྐྱོན་ཅན་ཡིན་པ་དེ་ལྟ་ནའང་བདག་ཏུ་ཆགས་པ་འདི་ལ་ཆགས་པ་དང་བྲལ་ནས་འདོར་བར་བྱེད་ནུས་པ་མིན་ཏེ་བདག་གིར་ཏེ་བདག་ཡོད་པ་དེའི་ཡུལ་ཅན་ཡིན་པར་མཐོངབའི་ཕྱིར་དཔེར་ན་བདག་སྤོང་མི་ནུས་པ་བཞིན་ནོ། །གལ་ཏེ་བདག་ཆགས་དེ་མེད་ན་བདག་ཡན་གར་བ་ནི་སྡུག་བསྔལ་གྱི་རྒྱུ་མིན་ནོ་ཞེ་


MR20_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ན། བདག་ཆགས་དེ་ཡང་དེ་དང་འདྲ་སྟེ་བདག་མེད་པའི་བདག་ཆགས་ཡན་གར་བ་ཡང་སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཁྱོད་མི་འདོད་པས་སོ། །ཇི་ལྟར་ན་ཁྱོད་ཀྱི་ལུགས་ལ་བདག་མེད་པ་མི་སྲིད་པས་བདག་མེད་པར་བདག་ཆགས་རྐྱང་པས་སྡུག་བསྔལ་སྐྱེད་པ་ཁས་མི་ལེན་པའམ། ཡང་ན་ཁྱོད་ལྟར་ན་བདག་མེད་ན་བདག་ཆགས་ཡོད་ཀྱང་སྡུག་བསྔལ་མྱོང་བ་པོ་མེད་པས་བདག་ཆགས་ཡན་གར་བས་ཀྱང་སྡུག་བསྔལ་གྱི་རྟེན་མི་བྱེད་པའམ། ཡང་ན་བདག་ཏུ་དམིགས་པ་ལས་ཉེས་པ་འབྱུང་ན་ཡུལ་ཡུལ་ཅན་གཉིས་ཀ་ཉེས་པའི་རྟེན་ཡིན་ལ། བློའི་ཡུལ་དུ་མ་བྱས་པ་ལ་ཡུལ་དེས་ཉེས་པ་མི་སྐྱེད་ན་ཡུལ་དང་བྲལ་བའི་ཡུལ་ཅན་རྐྱང་པའང་མི་སྲིད་པས་ན། དེ་ལའང་ཉེས་པ་མེད་པར་འགྱུར་རོ། །དེ་ལྟར་ཡུལ་ཡུལ་ཅན་གཉིས་ཀའང་སྐྱོན་མེད་པ་དེ་ཕྱིར་དེ་གཉིས་ཀ་ལའང་ཆགས་པ་དང་བྲལ་བ་མིན་ནོ། །གཉིས་པ་ལ། སྡུག་བསྔལ་ཤེས་ཙམ་ཆགས་བྲལ་མིན། །སྡུག་བསྔལ་བསྒོམ་པར་གསུངས་དོན་བཤད། །དང་པོ་ལ། སྡུག་བསྔལ་ཙམ་ཤེས་ཀྱང་མི་སྤོང་། །དེ་ཡིས་བདག་གིའི་བློ་མི་འདོར། །དང་པོ། གལ་ཏེ་དུག་སྦྲུལ་གྱི་སོས་བཟུང་བའི་སོར་མོ་ལ་སོགས་པའི་ཡན་ལག་ནི་རང་གི་ཡན་ལག་ཡིན་ཀྱང་དུག་མ་མཆེད་གོང་དུ་གཅོད་པར་བྱེད་པ་དེ་བཞིན་དུ། བདག་དང་བདག་གི་བར་ཆགས་པ་ཐམས་ཅད་སྡུག་བསྔལ་བའི་རང་བཞིན་དུ་བསྒོམ་པས་དེ་ལ་ཆགས་པ་སྤོང་བར་འགྱུར་རོ་ཞེ་ན། དེ་སྡུག་བསྔལ་དུ་ཤེས་པ་ཙམ་གྱིས་མ་ཡིན་ཏེ་བདག་ལ་ཕན་པའི་རེ་བ་ཟད་ཅིང་གནོད་པར་དོགས་པས་བདག་གི་བ་ཡི་བློ་བཅོམ་པས་སོར་མོ་ལ་སོགས་པ་སྐྱོན་ཅན་འདི་འདོར་བ་ཉིད་ནུས་པ་ཡིན་གྱི། བཟློག་པ་བདག་གི་བའི་བློ་མ་བཅོམ་པ་


MR20_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡུག་བསྔལ་བར་ཤེས་ཀྱང་དེ་འདོར་བ་ཡོད་པ་མིན་ཏེ། ཇི་ལྟར་མིག་སོགས་དབང་པོ་དང་སྐྲ་ལ་སོགས་པ་བདག་གི་བདེ་བ་སྒྲུབ་པའི་ལོངས་སྤྱོད་ཀྱི་རྟེན་ཉིད་དུ་ནི་བཟུང་བ་ལ་རང་གི་བའི་བློ་གང་གིས་བཟློག་པར་འགྱུར་ཏེ་མི་འགྱུར་བ་དེས་ན་བདག་དང་བདག་གི་བ་དེ་ལ་ཆགས་བྲལ་དེ་རྒྱུ་མཚན་གང་ལས་ཡོད་དེ་ཡོད་མི་སྲིད་དོ། །དཔེར་ན་ལུས་ལས་བོག་པའི་སྐྲ་དང་སོ་ལ་སོགས་པ་ལ་ཡིད་བྱུང་སྟེ་ཞེན་པ་མེད་པའི་བློ་ནི་སྐྱེ་བར་འགྱུར་ཞིང་། གཞན་ལུས་དང་འབྲེལ་བའི་སྐྲ་སེན་སོགས་ལ་ཞེན་པ་དང་བཅས་པ་སྐྱེ་བར་འགྱུར་བ་ནི་སྐྱེ་བོ་ཐམས་ཅད་ཀྱི་ནི་མངོན་སུམ་ཡིན་ནོ། །དེས་ན་བདག་ཏུ་ཆགས་པའི་དབང་གིས་བདག་གི་རྒྱུད་དུ་གཏོགས་པ་ལ་བདག་གི་བའི་བློ་རང་གིས་སྐྱེ་བས་སྡུག་བསྔལ་བར་ཤེས་ཀྱང་ཆགས་པ་བྲལ་བར་མི་འགྱུར་རོ། །བདག་དང་འབྲེལ་བ་མེད་པར་ནི་བྱ་མི་ནུས་ཏེ། བྱེ་བྲག་པ་སོགས་ལྟར་ན་བློ་དང་ཡན་ལག་ལ་སོགས་པ་དེ་ལ་འདུ་བ་དང་ལྡན་པ་སོགས་ཀྱིས་བདག་དང་འབྲེལ་པ་ཡོད་པར་འདོད་ལ། དེ་ལས་རང་གི་བའི་བློ་ནི་སྐྱེ་བར་འགྱུར་བའི་འབྲེལ་བ་དེ་ནི་སྡུག་བསྔལ་དུ་མཐོང་བའི་སྐབས་ན་ཡང་། སྔར་གྱི་དེ་བཞིན་ཉིད་དུ་གནས་པ་ཡིན་གྱི་འབྲེལ་བ་མེད་པར་མི་འགྱུར་བའི་ཕྱིར་སྡུག་བསྔལ་བར་མཐོང་དུ་ཟིན་ཀྱང་རང་གི་བ་ལ་ཆགས་པ་སྤོང་བར་མི་འགྱུར་རོ། །དེ་ཡང་བྱེ་བྲག་པས། བདེ་བ་སོགས་བདག་གི་ཡོན་ཏན་རྣམས་ནི་བདག་དེ་ལ་འཕྲོད་པ་འདུ་བས་འབྲེལ་ལ། ལུས་དང་དབང་པོ་རྣམས་ལྡན་འབྲེལ་ལམ་ལྡན་པར་གྱུར་པ་ལ་འདུ་བས་འབྲེལ་ཞིང་ཕན་ཚུན་འབྲེལ་བར་འདོད་དོ། །གལ་ཏེ་གྲངས་ཅན་པ་སོགས་འབྲེལ་བ་ཙམ་གྱིས་རང་གི་བའི་བློ་སྐྱེ་བ་མ་ཡིན་ཏེ། ནང་གི་སྐྱེས་བུ་དང་ཡུལ་འདྲེས་པ་ལྟར་ཞེན་པས་བདེ་བ་ངའིའོ་སྙམ་དུ་སེམས་པ་ཡིན་པས་སྐྱེས་བུ་དང་ཡུལ་ཐ་དད་དུ་ཤེས་ན་རང་


MR20_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གི་བའི་བློ་མི་འབྱུང་བར་སྨྲ་བ་ལྟར་ན་ཡང་བདག་དང་ཆོས་དེ་ཐ་དད་དུ་ཤེས་པ་ཙམ་གྱིས་རང་གི་བའི་བློ་མི་སྐྱེ་བ་མིན་ཏེ་བདག་བདེ་བའི་ཡན་ལག་ཏུ་བཟུང་བས་སྐྱེ་བ་ཡིན་པས་འདུ་བ་ལ་སོགས་པའི་འབྲེལ་བ་མེད་ན་ཡང་བདག་ཏུ་བཟུང་བ་ཡོད་ཕན་ཆད་དངོས་པོ་གང་ལ་བདག་དེར་ཕན་འདོགས་པར་འཛིན་པ་ཉིད་ནི་སྐྱེ་བོ་ཀུན་ལ་ཡོད་པས་བདག་ཆགས་མ་སྤངས་ན་བདག་གི་བའི་བློ་འདོར་བར་མི་ནུས་སོ། །གཉིས་པ་སྡུག་བསྔལ་དུ་བསྒོམས་ཀྱང་དེས་བདག་གི་བའི་བློ་འདོར་བར་མི་ནུས་པར་བསྟན་པ་ལ། གཅིག་ཏུ་སྡུག་བསྔལ་མ་ཡིན་དང་། །ཡིན་ཀྱང་མཐོང་བར་མི་འགྱུར་དང་། །མཐོང་ཡང་བདག་གིའི་བློ་མི་སྤོང་། །དང་པོ། གང་ཡོངས་སུ་བཟུང་བ་དེ་ནི་སྡུག་བསྔལ་བསྐྱེད་པའི་ཕྱིར་སྦྲུལ་གྱིས་ཟིན་པའི་སོར་མོ་བཞིན་དུ་སྡུག་བསྔལ་དུ་བསྒོམ་ན་གོམས་པའི་ཚེ་དབང་པོ་སོགས་ལ་ཡང་རང་གི་བའི་བློ་ནི་སྐྱེ་བར་མི་འགྱུར་རོ་ཞེ་ན། མཐའ་གཅིག་ཏུ་ངེས་པར་རང་གི་བའི་དངོས་པོ་དེ་དག་ནི་བདག་ལ་སྡུག་བསྔལ་སྐྱེད་པ་མིན་པར་བདག་ལ་ཕན་པར་བྱེད་པའང་ཡིན་པས་ན་དེ་དང་དུ་ལེན་པར་ཡང་འགྱུར་རོ། །གལ་ཏེ་བདག་གི་བའི་དངོས་པོ་དེ་དག་གིས་བདེ་བ་ཅུང་ཟད་སྐྱེད་སྲིད་ཀྱང་གྲོལ་བའི་ཐབས་མིན་པ་ཕལ་ཆེར་དུག་དང་བཅས་པའི་ཟས་བཞིན་དུ་མཐར་གྱིས་སྡུག་བསྔལ་བསྐྱེད་པ་ཡིན་པས་ཀུན་ལ་སྡུག་བསྔལ་དུ་ལྟ་བ་ཡིན་ནོ་ཞེ་ན། བདག་ཆགས་མ་སྤངས་པའི་སྡུག་བསྔལ་སྒོམ་པ་པོ་དེས་བདག་ལ་ཕན་པར་བྱེད་པའི་སྒྲུབ་བྱེད་ཁྱད་པར་ཅན་གྱི་བདེ་བ་སྐྱོན་མེད་པ་ལ་ཆགས་པས། ཁྱད་པར་ཅན་དེ་དང་འགལ་བ་དམན་པའི་བདག་གི་བ་ལ་རེ་ཞིག་ཆགས་པ་བྲལ་བར་འགྱུར་དུ་ཆུག་ཀྱང་། དེ་ནི་ཆགས་པ་དང་བྲལ་བ་ཞེས་མི་བྱ་སྟེ། གང་གིས་ན་ཁྱད་པར་


MR20_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་བདེ་བ་ལ་སྲེད་པས་དེ་ལས་དམན་པའི་བདེ་བ་ཅུང་ཟད་ཡོངས་སུ་སྤོང་བ་ཡིན་ཏེ་ཟས་བཟང་པོ་རྙེད་པའི་མིས་ངན་པ་འདོར་ཀྱང་དེ་ཟས་ལ་གཏན་དུ་ཆགས་བྲལ་མིན་པ་བཞིན་ནོ། །གལ་ཏེ་བདག་གི་བདེ་བ་ཁྱད་པར་ཅན་མ་རྙེད་པ་ཞིག་ན་བསམ་དཔྱོད་མེད་པར་རམ་ཚུལ་བཞིན་བསམ་མི་ནུས་པར་ཉེས་པ་ཡོད་ཀྱང་བདག་ལ་ཆགས་པ་དེ་ཡིས་སྐབས་སུ་བདག་བདེ་བའི་སྒྲུབ་བྱེད་དུ་རེབས་བདག་གི་བའི་དངོས་པོ་ཇི་ལྟར་རྙེད་པ་བཞིན་དུ་དེ་ལ་འཇུག་པའམ་དང་དུ་ལེན་པར་བྱེད་པ་སྟེ། ཤིན་ཏུ་བཀྲེས་པས་ཟས་དུག་བཅས་ཀྱང་ཟ་བ་དང་། ན་བར་ཤེས་ཀྱང་སྐོམ་པས་ཉེན་པ་ན་ཆུ་བསིལ་བ་འཐུང་བའམ། བུད་མེད་བཟང་མོ་དག་ནི་མ་རྙེད་པ་ན་ངན་མ་དང་། དེ་ཡང་མ་རྙེད་པར་གྱུར་ན་དུད་འགྲོ་ལ་འདོད་པ་སྤྱོད་པར་མཐོང་བ་བཞིན་ནོ། །དེས་ན་བདག་བདེ་བའི་རྟེན་དུའང་རུང་བའི་ཆ་ནས་བདག་འཛིན་ཅན་དེ་བདག་གི་བ་ལ་ཆགས་པ་གཏན་དུ་བྲལ་བར་མི་འགྱུར་རོ། །གཉིས་པ་ལ། ཆགས་རྒྱུ་སྤོང་བར་མི་འཐད་དང་། ཆགས་ཀྱང་སྐྱོན་མེད་ཐལ་བའོ། །དང་པོ་ལ། ཆགས་རྒྱུ་བདག་ནི་སྤོང་བ་མེད། །དེ་ཕྱིར་སྡུག་བསྔལ་ཤེས་དོན་མེད། །དང་པོ། ཆགས་པའི་རྒྱུ་བདག་མེད་པར་སུན་ཕྱུངས་ནས་མ་སྤངས་པ་དེས་ཡུལ་ཅན་ཆགས་པ་ཡང་མི་སྤོང་སྟེ། ཡུལ་སྐྱོན་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་། དེ་ལྟར་ཆགས་པ་ཡོད་ན་དེས་བསྒྲིབས་ནས་སྡུག་བསྔལ་གྱི་རྟེན་དུ་གྱུར་པའང་སྡུག་བསྔལ་འབའ་ཞིག་ཏུ་མཐོང་ཡང་མི་ནུས་ལ། མཐོང་དུ་ཟིན་ཀྱང་སྤོང་མི་ནུས་ཏེ་དེའི་རྒྱུ་མཚན། བདག་ཏུ་སྨྲ་བ་དེ་དག་གིས་བདག་ནི་འཆིང་གྲོལ་མྱོང་བ་སོགས་ཀྱི་རྟེན་དུ་འདོད་པ་གང་ཡིན་པ་དེ་ནམ་ཡང་འདོར་བ་མ་ཡིན་ཏེ། སྡུག་བསྔལ་སོགས་ཇི་ཙམ་གོམས་ཀྱང་ཇི་ལྟར་


MR20_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཞེན་ཡུལ་བདག་དེ་ནི་འཇིག་པར་འདོད་དེ་མི་འདོད་པ་ཁོ་ན་ཡིན་ལ། དེས་ན་གྲོལ་བའི་དུས་སུ་ཡང་བདག་ནི་སྔ་མ་ལྟར་ཡོད་པ་ཡིན་ན་བདག་ཏུ་ཆགས་པ་ཡང་དེའི་དུས་སུ་མེད་པར་ཇི་ལྟར་འགྱུར། བདག་ཆགས་ཡོད་ན་བདག་གི་བ་ཡང་ཇི་ལྟར་འདོར་ཏེ་འདོར་མི་རིགས་སོ། །གལ་ཏེ་གྲོལ་བའི་དུས་ཀྱི་བདག་དེ་ནི་བདེ་སྡུག་སོགས་མྱོང་བ་དང་ནི་རྟག་མི་རྟག་སོགས་ཀྱི་ཐ་སྙད་དང་། ཤེས་རབ་དང་རྣམ་པར་གྲོལ་བ་སོགས་ཀྱི་ཡོན་ཏན་ཀུན་གྱི་རྟེན་ཡིན་པ་ལོག་པ་ཞིག་ཏུ་འདོད་ན་དེ་ནི་ཇི་ལྟར་ཁྱོད་རང་གི་ཞེན་པ་སྐྱེ་བའི་བདག་དེ་ཡིན་པར་འདོད་དེ། དེ་མ་ཡིན་པར་ཐལ་ཏེ་ཞེན་པའི་རང་བཞིན་ནམ་ཞེ་འདོད་ཀྱིས་འདོར་དུ་མི་བཏུབ་པའི་བདག་ནི་དེ་འདྲ་བ་མིན་ཏེ། གྲོལ་བའི་བདེ་བ་མྱོང་བ་པོ་དང་རྟག་པ་དང་གཅིག་པུ་ལ་སོགས་པའི་ཐ་སྙད་འཇུག་པའི་ཡུལ་དང་། འཁོར་བར་མི་འཁོར་བ་སོགས་ཀྱི་ཡོན་ཏན་ཅན་དུ་འདོད་པས་ན་མྱོང་བ་སོགས་དེ་ཀུན་མེད་ན་ཞེ་འདོད་ཀྱིས་བདག་སྒྲུབ་པའི་དོན་དེ་ཀུན་ཆུད་ཟ་བར་འགྱུར་རོ། །དེས་ན་མྱོང་སོགས་ངེས་པར་མེད་པ་ན་དེ་མོ་གཤམ་གྱི་བུ་བཞིན་དུ་མེད་པ་དང་དོན་ལ་ཁྱད་མེད་པས་བདག་མེད་པར་འགྱུར་རོ། །དེའི་ཕྱིར་མེ་མ་བཏང་ན་སྲེག་པ་གཏོང་མི་ནུས་པ་བཞིན་བདག་མ་བཏང་ན་བདག་ཆགས་སྤོང་མི་ནུས་ཏེ། རྣམ་པ་ཀུན་ཏུ་ཡུལ་ཅན་བདག་ཏུ་འཛིན་པ་དེ་ནི་རང་ཉིད་ཡོད་ཀྱི་རིང་ལ་བདག་དེ་ལ་ཆགས་པ་བརྟན་པར་བྱེད་པ་ཡིན་གྱི་འབྲལ་བར་བྱེད་པ་མ་ཡིན་ནོ། །དེས་ན་བདག་ཏུ་འཛིན་པ་དེ་ཉིད་བདག་ཏུ་ཆགས་པ་ཡིན་གྱི་བུད་མེད་དུ་འཛིན་པ་དང་བུད་མེད་ལ་ཆགས་པ་ལྟ་བུ་ཐ་དད་དུ་ཡོད་པ་མིན་པས་ན། བདག་ཏུ་འཛིན་པ་དང་མ་བྲལ་བ་ལ་བདག་ཏུ་ཆགས་པ་ཡན་གར་དུ་བྲལ་བའི་ཐབས་


MR20_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་མིན་ནོ། །དེ་འདྲའི་བདག་ཆགས་དེ་ནི་བདག་གིར་ཞེན་པ་ཡི་ས་བོན་མཐུ་ཅན་ཡིན་ཏེ། བདག་ཆགས་དེ་ཡོད་པ་ཙམ་གྱིས་བདག་བདེ་བའི་སྒྲུབ་བྱེད་ལ་ཡོངས་སུ་འཛིན་པ་འབྲལ་མི་སྲིད་པ་ཡིན་ནོ། །དེས་ན་དེ་འདྲའི་བདག་ཆགས་དེ་ནི་ཐར་པའི་གནས་སྐབས་སུ་འདོད་པ་དེ་ཉིད་ན་ཡང་སྔ་མ་བཞིན་དུ་གནས་པ་ཡིན་གྱི་ཅུང་ཟད་ཀྱང་ཉམས་པ་མེད་དོ། །དེའི་ཕྱིར་ན་བདག་གི་བ་རྣམས་ལ་སྡུག་བསྔལ་དུ་བསྒོམ་པ་ལ་ཇི་ཙམ་བརྩོན་ཡང་བདག་གི་བ་དེ་དག་བདེ་བའི་རྐྱེན་བྱེད་པའི་ཡོན་ཏན་ཡོད་པར་མཐོང་བའི་ཆ་ཙམ་ལ་བརྟེན་ནས་དེ་ལ་འཇུག་པའམ་དང་དུ་ལེན་པ་དང་ལྡན་པ་ཡིན་པས་བདག་གི་བ་ལ་ནི་ཆགས་པ་དང་བྲལ་བའི་གེགས་བྱེད་པ་ཉིད་དང་། ཡོན་ཏན་དུ་ཞེན་པས་དེ་ཡི་སྐྱོན་གྱི་ཆ་ཡང་མཐོང་མི་ནུས་པར་སྒྲིབ་པར་བྱེད་པ་ཡིན་ཏེ། འཁྲིག་པའི་བདེ་བ་ཉམས་སུ་མྱོང་བ་ལ་ཞུགས་པས་བུད་མེད་ཀྱི་ལུས་མི་གཙང་བར་མི་མཐོང་བ་བཞིན་ནོ། །གལ་ཏེ་རྣམ་པར་གྲོལ་བའི་དུས་ན་བདག་གི་བ་ཙམ་དུ་མ་ཟད་བདག་ལའང་ཆགས་པ་བྲལ་བ་ཡིན་ནོ་ཞེ་ན། ཚུལ་དེ་ལྟར་ན་ད་ནི་ཆགས་པ་དང་བྲལ་བ་པོ་བདག་གང་ཡིན་པར་འདོད་པ་དེ་ཡང་མེད་པར་འགྱུར་ཏེ་རྒྱུ་མཚན་གང་ཞེ་ན། ཆགས་པ་དང་བྲལ་བའི་རྣལ་འབྱོར་པ་དེ་ནི་བདག་འདོར་བ་པོ་ཡིན་ལ། བདག་ནི་དེས་དོར་བར་བྱ་བ་ལུད་ཕུང་ལྟ་བུ་ཡིན་པས་ན་བདག་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བ་པོ་མིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་ཆགས་བྲལ་གྱི་རྣལ་འབྱོར་དེ་ནི་ཇི་ལྟར་བདག་འདོར་བ་ཡིན་པ་དེས་ན། དེས་སྡུག་བསྔལ་བསྒོམ་པ་ཡང་དོན་མེད་པར་འགྱུར་ཏེ། ཁྱོད་ལྟར་ན་ཆགས་པ་དང་བྲལ་བྱེད་ཀྱི་ལམ་བསྒོམ་པ་ཐམས་ཅད་བདག་དག་པའི་ཆེད་དུ་ཡིན་གྱི་བདག་མེད་ན་ལམ་ལ་འབད་པར་མི་རིགས་ཞེས་ནང་པ་


MR20_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པ་ལ་སྐྱོན་གྱི་གཙོ་བོར་ཧུར་ཕྱུངས་ཏེ་བརྗོད་པ་ཡིན་པས་སོ། །འདིར་ལྷ་དབང་བློའི་འགྲེལ་བའི་འགྱུར་ན། གལ་ཏེ་བདག་ལ་ཆགས་བྲལ་ཡང་། །འདི་ལ་ཆགས་པ་བྲལ་གྱུར་ན། །འདི་དོར་མ་ཡིན་དཔེར་བདག་བཞིན། །དེ་ཕྱིར་སྡུག་བསྔལ་བསྒོམ་དོན་མེད། །ཅེས་བདག་ཆགས་བྲལ་ལོ་ཟེར་ཀྱང་ཉེས་མེད་ལ་ཆགས་པ་བྲལ་བའི་རྒྱུ་མེད་ལ། ཆགས་པ་ལ་ཆགས་པ་བྲལ་བ་སྐད་དུ་བརྗོད་ཀྱང་འདོར་མི་ནུས་ཏེ་བདག་བཞིན། དེས་ན་སྡུག་བསྔལ་བསྒོམས་ཀྱང་ཆགས་པ་མི་སྤོང་བའི་དོན་དུ་གསུངས་སོ། །གཉིས་པ། བདག་ཆགས་དང་མ་བྲལ་བ་དེ་དག་སྡུག་བསྔལ་བསྒོམས་པས་ཀྱང་སྡུག་བསྔལ་ཉིད་ཡིན་པ་ཙམ་དུ་ནི་རྣམ་པར་ཤེས་པར་བྱེད་ཀྱང་སྡུག་བསྔལ་དེ་ནི་སྔར་ཆགས་བཅས་ཀྱི་དུས་སུ་ཡང་མངོན་སུམ་ཉིད་དུ་གྱུར་པ་ཡོད་དེ་ལུས་ན་བ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་ཡང་དེ་དག་དེ་ལ་ཆགས་པ་བྲལ་བ་མེད་དེ་སྡུག་བསྔལ་མྱོང་བཞིན་དུ་འཁོར་བ་ལ་སུ་ཡང་སྐྱོ་བ་མེད་པ་འདི་བཞིན་དུ་ཁྱེད་ཀྱིས་ཀྱང་སྡུག་བསྔལ་ཤེས་སུ་ཟིན་ཀྱང་དེ་སྤོང་བར་མི་ནུས་ཏེ་སྲེད་པ་བཟློག་པའི་རྒྱུ་བདག་འཛིན་དང་འགལ་བའི་ལམ་མི་ཤེས་པས་ན་བའི་སྡུག་བསྔལ་མྱོང་བཞིན་པ་སྨན་བསྟེན་མི་ཤེས་པ་བཞིན་ནོ། །གལ་ཏེ་སྲིད་པའི་སྐྱེ་བོ་རྣམས་ནི་རེས་འགའ་སྡུག་བསྔལ་མངོན་སུམ་གྱུར་ཀྱང་སྲིད་པ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མི་ཤེས་པས་ཡིད་མ་ཕྱུངས་ལ་ཁོ་བོ་ཅག་ནི་དེ་ལྟར་ཤེས་པའི་ཕྱིར་འཁོར་བ་ལ་གཏན་དུ་ཆགས་པ་དང་འབྲལ་ཏེ་བུད་མེད་གཅིག་ལ་ཡིད་ལོག་པའི་སྐྱེས་བུ་དེ་ཀུན་ལ་ཡིད་ལོག་པ་མིན་ཡང་མི་སྡུག་པ་ཤིན་ཏུ་འབྱོངས་པ་ནི་ཀུན་ལ་ཡིད་ལོག་པ་བཞིན་ནོ་ཞེ་ན། གང་དུ་ཆགས་ཡུལ་དེ་ལ་ཉེས་པ་ཡོད་པར་མཐོང་བ་ཡིས་སྐྱོན་དུ་ལྟ་བའི་བློ་མ་


MR20_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་སྐད་ཅིག་དེ་སྲིད་དུ་ཡུལ་དེ་ལ་ཆགས་པ་ཡི་བློ་ལྡོག་ཀྱང་། ཡུལ་དེ་ལ་ཆགས་པ་ནམ་ཡང་མི་སྐྱེ་བའི་གཏན་བྲལ་དུ་མི་འགྱུར་ཏེ། དཔེར་ན་འདོད་ལྡན་ཞིག་བུད་མེད་གཅིག་ལ་རེ་ཞིག་ཡིད་ལོག་ཀྱང་གཞན་ལ་མི་ལྡོག་པ་བཞིན་དུ་བུད་མེད་ཀུན་ལ་མི་སྡུག་པ་བསྒོམས་པས་ཡིད་ལོག་པ་དེ་ཡང་ཟས་གོས་ལ་སོགས་པ་གཞན་ལ་ཡིད་ལོག་པ་མ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱང་སྲིད་པ་མཐའ་དག་ལ་ཡིད་ལོག་ན་དེ་ལས་གཞན་དུ་གྱུར་པ་གང་ལ་ཆགས་སྙམ་ན། བདག་ཆགས་མ་སྤངས་པ་དེ་ནི་སྲིད་པ་སྤང་བྱ་ཅན་ལ་ཡིད་ལོག་ཀྱང་དེ་བས་ཆེས་བདེ་བའི་ཐར་པའི་རོ་གྱ་ནོམ་པ་བདག་གི་བར་ཞེན་ནས་བླང་བྱའི་ཆགས་པ་སྤོང་མི་སྲིད་དོ། །དེ་ལྟར་བདག་ལ་ཕན་པ་བླང་བར་འདོད་པ་དང་མི་ཕན་པ་དོར་བྱའི་རྣམ་པར་ལྟ་བའི་ཁྱད་པར་དུ་འཛིན་པ་ཡོད་ན་དངོས་པོ་གང་ཡང་རུང་བ་གཅིག་ལས་བྱུང་བའི་ཆགས་པ་སྟེ་དེ་ལ་དམིགས་པའི་ཆགས་པ་གང་ཡིན་པ་དེ་ཉིད་རྐྱེན་གྱི་རྣམ་གྲངས་གཞན་དང་གཞན་རྣམས་ཀྱིས་བསྐྱེད་པའི་ཚེ་ན་ཆགས་པ་ཀུན་གྱི་ས་བོན་ཡིན་ཏེ་སྐྱེས་བུ་དེ་དག་ལ་ཕན་འདོགས་པ་ལ་བླང་བྱར་ལྟ་བའི་ཆགས་པ་མ་ཟད་པར་ཡོད་ལ། དེ་ལ་རེ་ཞིག་མི་མཁོ་བའི་དངོས་པོར་མཐོང་ནས་མ་ཆགས་ནའང་ཕྱིས་མཁོ་བའི་ཡན་ལག་ཏུ་མཐོང་བའི་རྐྱེན་ཉེ་བར་གྱུར་བ་ན་སྔར་དོར་བ་ལའང་སླར་ཆགས་པ་སྐྱེ་སྟེ། སྔར་ཆགས་པ་དང་བྲལ་བའི་བུད་མེད་དག་ལའང་ཕྱིས་ཆགས་པ་མཐོང་བ་དང་། ལུད་ཕུང་ལ་སོགས་པ་ཕྱིར་དོར་བའང་ཞིང་སོགས་ལ་མཁོ་བར་མཐོང་ནས་སླར་ལེན་པ་བཞིན་ནོ། །གཉིས་པ་ལ་ཆགས་ཀྱང་སྐྱོན་མེད་དུ་ཐལ་བ་ནི། གལ་ཏེ་བདག་ཡོད་པ་ཡིན་ན་དེར་ཆགས་པ་ཡང་སྐྱོན་ཅན་དུ་མི་རིགས་ཏེ་བློ་དོན་མཐུན་ཡིན་པས་སོ། །ཇི་ལྟར་ན་བདག་སྐྱོན་


MR20_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིན་པའི་ཡུལ་ཅན་བདག་ཏུ་ཆགས་པ་ཡང་སྐྱོན་མེད་པ་ཡིན་ཏེ་སྐྱོན་མེད་ལ་སྐྱོན་མེད་པའི་ཡོན་ཏན་དུ་ལྟ་བ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་པའི་ཕྱིར་དང་། དེ་ལྟ་ན་སྐྱོན་མེད་པའི་བདག་དེའི་ཕན་པ་སྒྲུབ་བྱེད་བདག་གི་བ་ཉིད་ཀྱང་ནི་སྐྱོན་མེད་པ་ཡིན་ཏེ། སྐྱོན་མེད་པའི་བདག་དེ་ལ་ཕན་པ་སྒྲུབ་བྱེད་དུ་རང་བཞིན་གྱིས་གནས་པ་ཙམ་སྟེ་དབང་ཕྱུག་གི་རྩེ་གསུམ་བཞིན་ནོ། །དེ་དག་སྐྱོན་མེད་པར་གྲུབ་ན་འགྲོ་བ་ཞེས་བྱ་བའང་བདག་དང་བདག་གི་བའི་དངོས་པོ་དེ་ཙམ་ལས་གཞན་དུ་མེད་པ་ཉིད་ཡིན་ན་ད་ནི་ཡུལ་གང་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ། མ་ཆགས་པར་བྱ་བའི་དངོས་པོ་གང་ཡང་མ་དམིགས་སོ། །གལ་ཏེ་བདག་དང་བདག་གི་བ་དེར་ཆགས་པ་དེ་ནི་སྐྱོན་བཅས་ཀྱང་ཡིན་ཏེ་འཁོར་བར་འཆིང་བའི་རྟེན་བྱེད་པས་སོ་ཟེར་ན། སྐྱོན་དེ་ནི་བདག་ལའང་མཚུངས་པ་ཡིན་ཏེ་བདག་དེ་ལ་དམིགས་ནས་ཆགས་པ་གཉིས་པོ་དངོས་དང་བརྒྱུད་ནས་སྐྱེ་བའི་རྟེན་བྱེད་པས་སོ། །དེ་ལྟར་བདག་དེར་ཡང་ཡུལ་ཅན་ཆགས་པ་དེའི་སྐྱོན་དང་འདྲ་བ་ཡོད་ཀྱང་དེ་ལ་ནི་ཆགས་པ་དང་བྲལ་བར་མི་བྱེད་པས་ཆགས་བྲལ་མེད་པ་དེ་ལྟ་ན་ད་ནི་ཡུལ་གང་ལ་ཡང་གང་ཟག་དེ་ཆགས་པ་དང་བྲལ་བ་ཡིན་ཏེ། སྐྱེས་བུ་དེས་ཆགས་པ་དང་བྲལ་བར་འདོད་ཀྱང་བདག་དེས་ཅུང་ཟད་ཀྱང་དེའི་དབང་དུ་མི་གཏོང་བའི་ཕྱིར་བདག་པོ་སེར་སྣ་ཅན་གྱི་ཆུང་མ་གཏོང་བ་ལ་དགའ་བ་བཞིན་ནོ། །གསུམ་པ་ནི། ཡུལ་གང་ལ་ཡོན་ཏན་མཐོང་བ་ལས་བྱུང་བའི་ཞེན་པ་ནི་ཉེས་པ་མཐོང་བས་འཇིག་པ་ཡིན་ན་ཡང་། དེ་ལྟར་རང་གི་དབང་པོ་སོགས་ལ་ཚུལ་དེ་ལྟ་བུར་གྱུར་བ་མིན་ཏེ། ཡོན་ཏན་ཅན་ཡིན་མིན་གྱི་རྟོག་དཔྱོད་མེད་པའི་བྱིས་པ་དང་ཕྱུགས་སོགས་ལ་ཡང་རང་གི་དབང་པོ་སོགས་ལ་ཆགས་པ་མཐོང་བའི་ཕྱིར་དང་། མིག་


MR20_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིབ་དང་ཞར་བ་སོགས་དབང་པོ་སྐྱོན་ལྡན་ཡིན་བཞིན་དེར་ཤེས་པ་ལ་ཡང་རང་གི་དབང་པོ་སོགས་ལ་ཆགས་པ་ཡོད་པའི་ཕྱིར་དང་། གཞན་གྱི་མིག་གསལ་བ་དང་ལུས་མཛེས་པ་སོགས་ཡོན་ཏན་ལྡན་པར་ཤེས་ན་ཡང་རང་གི་རྒྱུད་དུ་མ་གཏོགས་པའི་དབང་པོ་གཞན་དག་ལ་ཆགས་པ་མེད་པའི་ཕྱིར་དང་། སྔར་འདས་པ་ཡི་རང་གི་དབང་པོ་དང་ཡན་ལག་སོགས་ལ་ཆགས་པ་མེད་པ་དང་། ལ་སོགས་པ་ཞེས་པས་ད་ལྟར་ཡང་སྐྲ་སེན་ཡན་ལག་སོགས་ལུས་ལས་བོག་པར་གྱུར་པའི་བདག་གི་བ་ལ་ཆགས་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བདག་གི་བའི་བློ་སྐྱེ་བའི་རྒྱུའང་ཡོན་ཏན་མཐོང་བས་མིན་པ་དེ་ཕྱིར་ཡོན་ཏན་མིན་པ་ཉེས་པར་མཐོང་བས་ཀྱང་བདག་གི་བ་དེ་ཡང་སྤོང་བ་མ་ཡིན་ནོ། །གཞན་ཡང་དེར་མ་ཟད་ཉེས་པར་ཚུལ་བཞིན་མཐོང་དུའང་མི་སྟེར་ཏེ་བདག་གི་བ་དེ་ལ་ཡོད་པ་མིན་པའི་ཡོན་ཏན་ནི་བདག་བདེ་བའི་སྒྲུབ་བྱེད་དུ་སྒྲོ་འདོགས་པའི་ཆགས་པས་སྐབས་དེར་ཡང་མཐོང་བ་ནི་མི་ལྡོག་པ་དེས་ན། བདག་གི་བར་ཆགས་པ་དེ་ཡི་རྒྱུ་བདག་ལྟ་ལ་གནོད་པ་མེད་པ་ཅན་གྱི་བདག་དང་སྡུག་བསྔལ་དུ་བསྒོམས་པ་སོགས་བསྒྲུབས་པས་བདག་གི་བར་ཆགས་པ་དེ་ལ་ཇི་ལྟར་གནོད་དེ་གནོད་མི་སྲིད་དོ། །གཉིས་པ་ཐ་དད་དུ་ཤེས་པས་ཆགས་བྲལ་མིན་པ་ནི། གྲངས་ཅན་པ་ན་རེ། ཡོན་ཏན་མཐོང་བས་བདག་གི་བ་ལ་ཆགས་ཤིང་འཁོར་བ་མིན་གྱི་ཕྱི་རོལ་གྱི་གཙོ་བོ་ལས་བྱུང་བ་གཟུགས་སོགས་རྣམ་འགྱུར་རྣམས། བློའམ་ཆེན་པོ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུས་ཕྱི་ནང་མཚམས་སྦྱར་ནས་བདག་ཤེས་རིག་གི་སྐྱེས་བུ་དང་ཡུལ་འདྲེས་པར་སོང་བ་ལྟ་བུས་འཁྲུལ་བ་ལས། ངའི་བདེ་བ་ངའི་གཟུགས་ཞེས་སོགས་སུ་ཞེན་ནས་ཆགས་པ་ཡིན་ལ། དེ་ཐ་དད་དུ་ཤེས་ནས་བདག་གི་བ་ལ་


MR20_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་དང་བྲལ་བ་ན་བདག་ཤེས་རིག་གི་སྐྱེས་བུ་ཡན་གར་དུ་གནས་པ་ནི་ཐར་པའོ་ཞེ་ན། དེ་མ་ཡིན་ཏེ། ད་ལྟའི་མིག་ལ་སོགས་པ་ལས་མཆོག་ཏུ་གྱུར་བ་ལྷ་སོགས་ཀྱི་དབང་པོ་བདག་གིས་ཐོབ་ན་ཅི་མ་རུང་སྙམ་དུ་དེ་འདྲའི་དབང་པོ་གཞན་དོན་དུ་གཉེར་བའི་ཕྱིར་དང་། དབང་པོ་དང་ཡན་ལག་སོགས་གསར་དུ་སྐྱེ་བ་དང་འཇིག་པར་ཤེས་པའི་བློ་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཐ་མལ་པའི་སྐྱེ་བོ་འདི་ཡིས་ཀྱང་དབང་པོ་སོགས་ལས་བདག་ནི་ཐ་དད་དུ་གྱུར་པར་ཤེས་པ་ཡིན་ཏེ། རི་ལ་ཕོ་བྲང་བརྟེན་པ་བཞིན་བདག་ནི་རྟག་ཏུ་གནས་པར་ཞེན་ནས། དབང་པོ་གཞན་དང་གཞན་ཐོབ་པ་དོན་དུ་གཉེར་གྱི་བདག་གཞན་ཞིག་ཐོབ་ན་ཞེས་ནམ་ཡང་མི་བསམ་པ་ཡིན་ནོ། །དེ་ལྟ་ན་ཐམས་ཅད་རང་བཞིན་གྱིས་ཆགས་བྲལ་ཡིན་དགོས་ན་ཡང་ཐ་མལ་པ་སུ་ཡང་ཆགས་བྲལ་མིན་པ་དེ་ཕྱིར་བདག་དང་བདག་གི་བ་དེ་གཉིས་གཅིག་པ་ཉིད་དུ་མཐོང་བས་ཀྱང་བདག་གི་བ་ལ་ཆགས་པ་མིན་ཏེ། བདག་ལ་ཆགས་པ་ཅན་དེ་ནི་གཟུགས་སོགས་རང་གི་རྒྱུད་དུ་དམིགས་པའི་ནང་གི་ཡན་ལག་མིག་སོགས་ལ་ངོ་བོ་ཉིད་ཀྱིས་རྗེས་སུ་ཆགས་པར་འགྱུར་བ་ནི་བདག་ཏུ་བཟུང་བ་དེའི་དབང་གིས་རྒྱུ་གཞན་མི་དགོས་པར་རྩོལ་མེད་དམ་ངོ་བོ་ཉིད་ཀྱིས་དེ་ལྟར་ཆགས་པ་ཡིན་ནོ། །དེའི་ཕྱིར་ན་སྐྱེས་བུ་གང་ཞིག་ད་ལྟར་གྱི་སྡུག་བསྔལ་བས་རང་གི་མིག་སོགས་ལ་ཡིད་འབྱུང་བ་ཙམ་སྐྱེ་བ་དེ་འདྲ་ཡུལ་དེ་ལ་སྡང་བ་ཙམ་གྱི་བློ་སྐྱེས་པ་ཡིན་གྱི་བདག་གི་བ་དེ་ལ་ཆགས་པ་དང་བྲལ་བ་མ་ཡིན་ཏེ། བདག་གི་བ་ལ་ཡིད་མི་དགའ་བ་དེ་ཡི་ཚེ་ན་ཡང་བདག་གི་བ་ལ་ཆགས་པ་ཡོད་དེ། སྡུག་བསྔལ་དང་བྲལ་བའི་བདག་གི་བ་དེ་འདྲར་གྱུར་ཅིག་སྙམ་དུ་གནས་སྐབས་གཞན་


MR20_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་བདག་གི་བ་ལ་ཡིད་མ་ལོག་པར་དེ་འདྲ་ཚོལ་ཞིང་དོན་དུ་གཉེར་བའི་ཕྱིར་རོ། །དེས་ན་དེ་འདྲའི་ཞེ་སྡང་སྐྱེས་པ་དེ་ནི་སྡུག་བསྔལ་བ་ལས་བྱུང་བའི་དེའི་རྒྱུ་ཅན་ཏེ་འབྲས་བུ་ཡིན་པའི་ཕྱིར་ན། ཞེ་སྡང་དེ་ནི་རང་གི་རྒྱུ་སྡུག་བསྔལ་མ་ལོག་པ་དེ་སྲིད་ཙམ་དུ་གནས་ལ། སྡུག་བསྔལ་དེ་ལོག་པ་ན་ཞེ་སྡང་ཡང་ལོག་པར་འགྱུར་ལ། ཞེ་སྡང་བ་ཡིད་འབྱུང་བའི་རྣམ་པ་དེ་ལོག་ན་ནི་བདག་གི་བ་ལ་ཆགས་པ་རང་ཉིད་ཀྱི་སྔར་གྱི་རང་བཞིན་ཇི་ལྟ་བུ་ཡིན་པ་ཉིད་ལ་སླར་ཡང་བརྟེན་པར་འགྱུར་ཏེ། མིག་སོགས་ཀྱི་ནད་སོས་པ་དང་སྐྱེ་བ་གཞན་དུ་མིག་དབང་གསར་དུ་ཐོབ་པ་དེ་ལ་ཡང་ཆགས་པ་དང་རང་གི་ཆུང་མ་ལ་སྐབས་སུ་ཁྲོ་པའི་གནས་སྐབས་ལོག་པ་བཞིན་ནོ། །གཉིས་པ་ཆགས་བྲལ་ངོས་བཟུང་བ་ནི། རང་ལུགས་ལ་བདག་ལྟ་དྲུང་ནས་ཕྱུང་བས་ན་བདག་ལ་ཕན་པ་བླང་བྱ་དང་མི་ཕན་པ་དོར་བྱ་ཉིད་དུ་ཞེན་པ་ཐམས་ཅད་སྤངས་པའི་ཕྱིར་ཆོས་ཐམས་ཅད་ལ་ནི་ཐུགས་མཉམ་པར་སྙོམས་པའམ་བཏང་སྙོམས་པ་ཅན་ཏེ། དཔེར་ན་ཙན་དན་གྱི་ལྡེ་གུས་བྱུག་པ་དང་། སྟེའུ་དག་གིས་བཅད་པ་ན་བདག་ལ་ཕན་ནོ་སྙམ་དུ་ཆགས་པ་དང་གནོད་དོ་སྙམ་དུ་ཁྲོ་བ་མི་སྐྱེ་བར་མཚུངས་པ་ལ་ཆགས་བྲལ་ཞེས་སུ་ནི་བརྗོད་པ་ཡིན་ཏེ་དེ་འདྲ་ཡུལ་གང་ལའང་ཆགས་པ་གཏན་སྐྱེ་མི་སྲིད་དོ། །གཉིས་པ་སྡུག་བསྔལ་བསྒོམ་པར་གསུངས་པའི་དོན་བཤད་པ་ནི། འོ་ན་ཁྱེད་ཅག་གི་བཅོམ་ལྡན་འདས་ཀྱིས་ཀྱང་འཁོར་བ་ཐམས་ཅད་མེ་ཡི་འོབས་དང་སྲིན་མོའི་གླིང་ལྟར་སྡུག་བསྔལ་བར་བསྒོམ་པར་གསུངས་པ་མ་ཡིན་ནམ་སྡུག་བསྔལ་བསྒོམས་པས་ཐར་པ་ལ་མི་ཕན་པར་ཇི་ལྟར་བཤད་ཅེ་ན། སྡུག་བསྔལ་བསྒོམས་པས་ཐར་པ་ལ་ཕན་མི་འདོགས་པ་མ་ཡིན་ཀྱང་སྡུག་བསྔལ་


MR20_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པ་ཁོ་ནས་ཐར་པ་ཐོབ་མི་ནུས་ཏེ་ཐར་པ་ནི་བདག་མེད་རྟོགས་པ་ལ་རག་ལས་པའི་ཕྱིར་རོ། །དེས་ན་གནས་སྐབས་སུ་ཡིད་འབྱུང་བ་ཙམ་གྱི་རྒྱུ་བྱེད་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་པའི་སྡུག་བསྔལ་གསུངས་པ་ཁོ་ན་མ་ཡིན་ཏེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་ནས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་བསྒོམ་པར་གསུངས་པ་ཡིན་ནོ། །ངེད་ཀྱིས་འདོད་པའི་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བྱ་བ་དེ་ཡང་ལས་ཉོན་གྱི་རྐྱེན་ལས་སྐྱེས་པའི་གཞན་དབང་ཅན་ཕུང་པོ་སྐད་ཅིག་མ་ཉེས་པ་ཕྱི་མའི་རྟེན་དུ་གྱུར་པ་འདི་ལ་བརྗོད་པ་ཡིན་ནོ། །དེ་འདྲའི་འདུ་བྱེད་སྐད་ཅིག་མ་དེ་ནི་བདག་མེད་ལྟ་བའི་རྟེན་ཡིན་ཏེ་རྐྱེན་ཉིད་འདི་པ་ཙམ་སྐད་ཅིག་མའི་དངོས་པོ་འདི་རྟོགས་ན་དེ་ལ་བདག་ཏུ་སྒྲོ་བཏགས་པ་ཙམ་ལས་བདག་ཅེས་བྱ་བ་རང་གི་ངོ་བོ་མེད་པར་རྟོགས་ནུས་ལ། དེས་བདག་དང་བདག་གི་བར་འཛིན་པའི་ཆགས་པ་མ་ལུས་པ་ཟད་ནས་གྲོལ་བ་ཐོབ་པ་ཡིན་ནོ། །དེས་ན་བདག་མེད་པར་མཐོང་བ་སྟོང་ཉིད་ལྟ་བས་གྲོལ་བར་འགྱུར་གྱི་གཞན་གང་གིས་ཀྱང་དེ་མི་ནུས་ལ་སྒོམ་པ་ལྷག་མ་མི་རྟག་དང་སྡུག་བསྔལ་སོགས་བདེན་བཞིའི་རྣམ་པ་གཞན་ནི་དེ་རྟོགས་པའི་ཐབས་སམ་དོན་དུ་གྱུར་པའམ་དེ་ཡི་བྱེད་ལས་སམ་འབྲས་བུར་གྱུར་པའི་ཚུལ་གྱིས་དེའི་དོན་དུ་གཞོལ་བ་ཡིན་པས་དེ་ཁོ་ན་གཙོ་བོ་ཡིན་ནོ། །དེ་ཕྱིར་མི་རྟག་པ་ལས་སྡུག་བསྔལ་ཉིད་དུ་ཤེས་པ་དང་། དེ་འདྲའི་སྡུག་བསྔལ་ལས་ནི་བདག་མེད་པ་ངེས་པར་རྟོགས་པར་གསུངས་ཏེ། མདོ་ལས། དགེ་སློང་དག་གཟུགས་རྟག་པ་ཡིན་ནམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནམ་


MR20_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་ཏེ་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་ལགས་སོ། །གང་མི་རྟག་པ་དང་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་འདི་ནི་ངའིའོ་འདི་ནི་ང་ཡིན་ནོ་འདི་ནི་ངའི་བདག་གོ་ཞེས་བལྟར་རུང་ངམ། བཙུན་པ་མ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་མཇུག་བསྡུ། བདག་ལ་ཆགས་པ་དང་བྲལ་བ་མིན་པ་དང་། དེའི་དབང་གིས་བདག་བདེ་བའི་རྟེན་དུ་དམིགས་ནས་བདག་གི་བའི་དངོས་པོ་ཐམས་ཅད་ལ་སྲེད་པ་ལྡན་པ་དང་། དེ་ལས་བླང་དོར་གྱི་ལས་རྩོམ་པ་ཀུན་ལ་འཇུག་ཅིང་བརྟེན་པ་དེ་ནི་ཆགས་སོགས་ཉོན་མོངས་པ་རྣམས་དང་ཟག་པ་དང་བཅས་པའི་ལས་རྣམས་ལས་གྲོལ་བ་མ་ཡིན་པས་དེ་འདྲ་དེ་ནི་འཁོར་བ་པ་ཞེས་བྱ་སྟེ་ལས་ཉོན་གྱི་རྒྱུན་མ་བཅད་པས་ན་ཅུང་ཟད་ཀྱང་ཐར་པ་མ་ཡིན་ནོ། །གཉིས་པ་བདག་གི་བ་ལ་ཆགས་བྲལ་ཡོད་དུ་ཆུག་ཀྱང་གྲོལ་བའི་བདག་དེ་དོན་མེད་པར་བསྟན་པ་ནི། གལ་ཏེ་ཕྱི་རོལ་པ་ཁྱེད་ལྟར་ན་ཐར་པའི་ཚེ་བདག་དེ་ཡི་བདག་གི་བ་ཉིད་ནི་མི་འདོད་པར་ཅུང་ཟད་མེད་པར་འདོད་ན། བཟའ་བྱ་བདག་གི་བ་མེད་པས་དེ་ཡི་ཟ་བ་པོ་ཡང་མེད་དེ་ལོངས་སྤྱད་བྱ་མེད་པའི་ལོངས་སྤྱོད་པ་པོ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ལས་བྱ་བ་པོ་དང་འབྲས་བུ་ལ་ལོངས་སྤྱོད་པ་པོའི་མཚན་ཉིད་ཅན་དུ་འདོད་པ་དེ་ལྟ་བུ་ཡི་བདག་ཀྱང་ཐར་པ་དེ་ཡི་ཚེ་ན་མེད་པས་བདག་བཅིང་གྲོལ་དང་ལས་འབྲས་ཀྱི་རྟེན་དུ་ཁས་བླངས་པའང་དོན་མེད་པར་འགྱུར་རོ། །གསུམ་པ་བདག་འཛིན་སྤང་བར་གདམས་པ། བདག་མེད་མ་གོམས་ན་ཐར་པ་མེད་པ་དེ་ཕྱིར་འཁོར་བའི་སྡུག་བསྔལ་ལས་གཏན་དུ་གྲོལ་བར་འདོད་པས་ནི་ཐོག་མ་མེད་པ་ནས་བརྒྱུད་དེ་འོང་


MR20_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་པའི་རྒྱུ་ཅན་ཡུལ་དོན་དུ་གྲུབ་པ་མེད་ཀྱང་དངོས་པོ་ལ་བརྟེན་ནས་སྒྲོ་འདོགས་པའི་བློ་གོམས་པ་ཙམ་གྱི་རང་གི་རིགས་མཐུན་པའི་ས་བོན་སྔ་མ་ལས་བྱུང་བའི་འཇིག་ཚོགས་ལ་ལྟ་བ་དག་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རལ་གྲིས་རྩ་བ་ཉིད་ནས་དབྱུང་བར་གྱིས་དང་ཐར་པ་འཆི་མེད་ཞི་བའི་གྲོང་ཁྱེར་ཉམས་དགའ་བར་ཕྱིན་པར་འགྱུར་རོ། །ཞེས་གདམས་པའོ། །གཉིས་པ་གྲོལ་བའི་ལམ་གཞན་འགོག་པ་ལ། དབང་ཕྱུག་ལུང་གིས་གྲོལ་བ་དགག །ལས་ལུས་ཟད་པས་གྲོལ་བ་དགག །དང་པོ་ལ། ལུང་ཙམ་སྒྲུབ་བྱེད་ཡང་དག་མིན། །ཡིན་པའི་འཐད་པ་དགག་པའོ། །དང་པོ། དབང་ཕྱུག་པ་སོགས་ན་རེ། བདག་ཡོད་པ་དང་ཐར་པ་ཡོད་པའང་ལུང་ལས་གྲུབ་པ་ཡིན་ལ། ཐར་པ་དེ་ཡང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་ལས་འགྲུབ་པར་ལུང་ལས་བཤད་པས་ན་ལུང་གི་དོན་ལ་ཐ་མལ་པའི་དཔྱོད་པས་སྐྱོན་མི་འཇུག་སྟེ། དབང་འདས་གཞན་གྱིས་རིག་བྱ་མིན། །ཕ་རོལ་མངོན་སུམ་མཐོང་བ་ཡི། །དྲང་སྲོང་དེ་དག་ཚིག་ལ་ནི། །རྗེས་སུ་དཔག་པས་གནོད་མ་ཡིན། །ཞེས་ཟེར་རོ། །དེ་མི་འཐད་དེ། དབང་ཕྱུག་གིས་བཤད་པ་སོགས་ལུང་ནི་ཇི་སྐད་བཤད་པ་དེ་ལྟའི་དངོས་པོ་མ་ནོར་བ་སྟོན་པ་ཡིན་པའི་རྒྱུ་མཚན་ཚད་མས་མ་མཐོང་བ་ཡི་གང་ཟག་རྣམས་ལ་ནི་ལུང་ན་དེ་སྐད་བཤད་པ་ཙམ་གྱིས་ནི་དབང་བསྐུར་བ་སོགས་ཀྱིས་གྲོལ་བར་ཡང་སྨྲ་བ་རྟོག་ལྡན་ཡོངས་སུ་མགུ་བྱེད་ཀྱི་ཚིག་མིན་ཏེ། ལུང་དང་དངོས་པོ་ལ་འབྲེལ་བ་མེད་པར་བསྒྲུབས་ཟིན་པ་ལྟར་ལུང་ནས་བཤད་པ་ཙམ་དེ་ལྟར་ཡིན་ངེས་ཀྱི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །གཉིས་པ་ལ། མངོན་སུམ་སྒྲུབ་བྱེད་ལྟར་སྣང་བཀག །རྗེས་


MR20_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་པས་གནོད་པར་བསྟན། །དང་པོ་ལ། ས་བོན་ནུས་ཉམས་སྒྲུབ་བྱེད་མིན། །ལྕི་བ་ཡང་གྱུར་ཀྱང་མིན་ཚུལ། །དང་པོ་དབང་བསྐུར་བ་སོགས་ཀྱིས་སྐྱེ་བ་རྒྱུན་གཅོད་པའི་རྒྱུ་མཚན་ཡོད་དེ། དབང་ཕྱུག་གིས་དབང་བསྐུར་བ་དེའི་སྔགས་ཀྱིས་བཏབ་པའི་ས་བོན་གྱིས་མྱུ་གུ་མི་བསྐྱེད་པར་མཐོང་བས་ན། དབང་དེ་ཐོབ་པའི་སྐྱེས་བུའི་སྐྱེ་བའང་རྒྱུན་གཅོད་པར་གྲུབ་བོ་ཞེ་ན། དེ་རྒྱུ་མཚན་ཡང་དག་མིན་ཏེ་ས་བོན་སོགས་མི་སྐྱེ་བར་གྲུབ་པའི་ཆོ་ག་སྔགས་ལ་སོགས་པས་ནི་སྐྱེས་བུ་སླར་ཡང་འཁོར་བར་སྐྱེ་བ་མི་སྐྱེད་པར་ནུས་པ་མིན་ཏེ། གལ་ཏེ་ནུས་ན་ཏིལ་མར་གྱིས་བསྐུས་བ་དང་མེས་བསྲེགས་པ་དང་བཙོས་པ་སོགས་ཀྱིས་ས་བོན་གྱིས་སྐྱེ་བ་རྒྱུན་གཅོད་པས་ན་སྐྱེས་བུ་ལ་ཆོ་ག་དེ་དག་བྱས་བས་བདག་ཀྱང་གྲོལ་བར་ཐལ་བའི་ཕྱིར་རོ། །དེས་ན་ས་བོན་མི་སྐྱེ་བར་བྱེད་པའི་སྔགས་ལ་སོགས་པ་དེས་སྐྱེས་བུའི་སྐྱེ་བ་ལ་གནོད་མི་ནུས་པས་རྒྱུ་མཚན་འཁྲུལ་བ་ཅན་ནོ། །གཉིས་པ། སྡིག་ཅན་གྱི་སྡིག་པ་བླ་མས་ཆོ་གའི་སྒོ་ནས་བླངས་ཏེ་སྦྱིན་སྲེག་བྱས་པ་ན་དེའི་སྡིག་པ་འཛད་པ་ཡིན་ཏེ། སྔར་སྐྱེས་བུ་སྲང་ལ་གཞལ་བ་ན་སྔར་ལྕི་བ་དག་ཕྱིས་ཡང་དུ་སོང་བ་མངོན་སུམ་མཐོང་བའི་ཕྱིར་རོ་ཞེ་ན། དེ་སྡིག་པ་བཅོམ་པར་བྱས་ནས་ཟད་པ་ཡི་རྟགས་མིན་ཏེ་སྐྱེས་བུ་འདི་ཡི་ལུས་ཀྱི་ས་ཆུའི་ཁམས་ལ་ལྕི་བ་ཡོད་པ་ཡིན་ལ། སྦྱིན་སྲེག་གི་མེས་གདུང་བ་སོགས་ཀྱིས་ཡང་དུ་སོང་ན་ཡང་ལྕི་བ་དེ་ཉིད་མེད་པ་ཙམ་དུ་འགྱུར་གྱི་སྡིག་པ་མེད་པར་ག་ལ་འགྱུར་ཏེ། རྒྱུ་མཚན་ནི་རང་གི་ངོ་བོ་ལུས་ཅན་མིན་པའི་ཕྱིར་སྡིག་པ་ནི་ལྕི་བའི་ཆོས་དང་ལྡན་པ་མིན་པའི་ཕྱིར་རོ། །ཡིན་ན་མཚམས་མེད་སོགས་ལས་བྱས་པ་དང་སྔོན་གྱི་ལས་རྣམས་ཀྱི་ལྗིད་ལས་སྐྱེས་བུ་ཁ་ཅིག་འདེགས་སུ་མེད་པར་འགྱུར་དགོས་


MR20_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལུས་ཀྱི་ཁྱད་པར་མ་གཏོགས་པ་སྡིག་པའི་ཁྱད་པར་གྱིས་ལྕི་ཡང་བྱེད་པ་མ་ཡིན་ནོ། །གཉིས་པ་ལ། སྐྱེ་བའི་རྒྱུ་དང་དེ་མི་འགལ། །རྒྱུ་དང་འགལ་བའི་རང་ལུགས་བཞག །དང་པོ་ལ། །དངོས་དང་དེ་ཡི་ཉེས་སྤོང་དགག །དང་པོ། འཁོར་བར་སྐྱེ་བའི་རྒྱུ་ནི་གཙང་བདེ་རྟག་བདག་ཏུ་ཞེན་པའི་ལོག་ཤེས་དང་ནི་དེ་ལས་བྱུང་བ་སྲེད་པ་དང་མཚུངས་ལྡན་གྱི་སེམས་པའི་དབང་དག་གིས་མངལ་སོགས་དམན་པའི་གནས་སུ་འགྲོ་བ་རྣམས་སྐྱེ་བ་ཡིན་པར་བསྒྲུབས་ཟིན་ལ། དེ་ཕྱིར་རྒྱུ་ལོག་ཤེས་ཀྱི་སེམས་པ་དང་སྲེད་པའི་སེམས་པ་དེ་རྒྱུན་བཅད་པ་དེ་དག་འཁོར་བར་འགྲོ་བར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེས་ན་རྒྱུ་ལོག་སྲེད་དེ་ཙམ་ལས་ནི་སྐྱེ་བ་འབྱུང་བར་ཚད་མས་མཐོང་བའི་ཕྱིར་སྐྱེ་བ་ལེན་པ་ལ་རྒྱུ་དེ་དག་ཉིད་ནུས་པ་དང་ལྡན་པ་ཡིན་ནོ། །ལས་ཀྱང་རྒྱུ་མིན་ནམ་སེམས་པ་ཙམ་རྒྱུ་ཡིན་པར་ཅི་ལ་བཤད་སྙམ་ན། སེམས་པ་དེ་དག་རང་ཉིད་ལས་ཞེས་བྱ་བ་ཡིན་གྱི་སེམས་པ་ལས་ཐ་དད་པའི་ལས་ཞེས་བྱ་བ་ཅི་ཡང་མེད་དེ་སྔོན་གྱི་སེམས་པ་བྱུང་ཟིན་པ་ལ་སྔོན་གྱི་ལས་ཞེས་བྱ་སྟེ། དེས་བགོས་པའི་རྒྱུན་སླར་ཡང་སེམས་པས་གསོས་བཏབ་པ་ལས་འབྲས་བུ་ཉིད་དུ་སྨིན་པར་སྣང་བ་ཡིན་ནོ། །སེམས་པ་ཉིད་ལས་ཡིན་པ་དེ་ཕྱིར་དེ་འདྲའི་སྐྱེ་བ་ལེན་པའི་རྒྱུ་སྲེད་པ་དང་མཚུངས་ལྡན་གྱི་སེམས་པ་ཉམས་པ་མེད་པས་ན་དབང་བསྐུར་བས་སླར་སྐྱེ་བ་མི་ལེན་པར་བཤད་པ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །དེས་ན་ལུང་གང་ལས་བཤད་པ་དེ་ཡང་དག་པའི་དོན་ཡིན་ཕན་ཆད་རྗེས་དཔག་གིས་འགྲུབ་པའམ་དངོས་སུ་མ་འགྲུབ་ཀྱང་གནོད་མི་སྲིད་ལ། རྗེས་དཔག་ཚད་མས་ངེས་པར་གནོད་ཕན་ཆད་ལུང་དོན་དེ་ཡང་མི་འགྲུབ་པར་ངེས་ཀྱི་རྗེས་སུ་དཔག་པས་


MR20_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ཀྱང་ལུང་དོན་གྲུབ་བོ་ཞེས་པ་ནི་ཤིན་ཏུ་བླུན་པའི་སྨྲ་བའོ། །གཉིས་པ་ལ། མ་མཐོང་ལས་ཉམས་ལན་མི་རུང་། །དེ་དང་ཁས་ལེན་འགལ་བར་བསྟན། །དང་པོ། ཁོ་ན་རེ། མངལ་ལ་སོགས་གནས་གཞན་དུ་འགྲོ་བ་དང་། ཡུལ་རྣམས་རྟོགས་པ་ཡི་རྟེན་ནི་བྱེད་པ་སྟེ་དབང་པོ་དྲུག་ཡིན་ལ། བྱེད་པ་དྲུག་པོ་དེ་དག་ནི་ད་ལྟར་དངོས་སུ་མ་མཐོང་བ་སྔོན་གྱི་ལས་དགེ་མི་དགེ་ཉི་ཤུ་ལས་སྐྱེས་པར་གྱུར་ཅིང་མ་འོངས་པའི་དེ་དྲུག་ཀྱང་ལས་ལས་སྐྱེ་བར་འགྱུར་བ་ཡིན་ལ། སྐྱེ་འགྱུར་གྱི་ལས་དེ་ནི་འདི་ལྟ་བུའོ་ཞེས་སུས་ཀྱང་མཐོང་བ་མིན་ནོ། །དེ་འདྲའི་མ་མཐོང་བའི་ལས་དེ་དབང་བསྐུར་གྱིས་ཞིག་པར་འགྱུར་བའི་ཕྱིར་སྐྱེ་བ་གཞན་དུ་འགྲོ་བ་མེད་པ་ཡིན་ལ། ཚུལ་དེས་ན་འཁོར་བར་སྐྱེ་བའི་རྒྱུ་ནི་བདག་གི་ཡོན་ཏན་འདུ་བྱེད་པ་ཞེས་པ་ལས་ཀྱི་མིང་ཅན་དེ་ཡིན་གྱི་ད་ལྟའི་སེམས་པ་མིན་པས་ན་དབང་བསྐུར་བས་སྐྱེ་བ་མ་ཉམས་པར་རྗེས་སུ་དཔོག་པ་རིགས་པ་མིན་ནོ་ཞེ་ན། གང་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པའི་ཕྱིར་བྱེད་པ་དྲུག་པོ་སྐྱེད་པ་ལ་བློ་སྟེ་སེམས་པ་དེ་ཡི་ནི་ནུས་པ་མཐོང་སྟེ། སེམས་པ་ཉིད་ལས་གཞན་དུ་ལས་ཞེས་བྱ་བ་ཅི་ཡང་མེད་པ་དང་ཡིད་ཀྱི་སེམས་པའི་དབང་གིས་ཡུལ་ལ་འཇུག་ཅིང་འཁོར་བར་སྐྱེ་བར་བསྒྲུབས་ཟིན་པ་ལྟར་ཡིན་གྱི། བདག་གི་ཡོན་ཏན་འདུ་བྱེད་སོགས་གཞན་གྱིས་འཁོར་བར་སྐྱེ་བ་དེ་ནུས་པ་མ་ཡིན་ཏེ་སེམས་པ་དེ་ཡོད་ན་ཡོད་ཅིང་མེད་ན་དེ་དག་མེད་པར་རིགས་པས་གྲུབ་ཀྱི་དེ་ལས་གཞན་པ་དང་རྗེས་སུ་འགྲོ་ལྡོག་གང་ཡང་མེད་པས་མཚོན་དང་རྨའི་རྒྱུར་སྡོང་དུམ་རྟོགས་པ་དང་འདྲ་བ་ཡིན་པར་གྲུབ་ན་སྲིད་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་ཡོད་པ་ཡི་གང་ཟག་དེ་དག་འཁོར་བར་ཅིས་མི་འགྲོ་སྟེ་རྒྱུ་ཚང་བས་སོ། །གལ་ཏེ་མ་འོངས་པའི་བྱེད་པ་དྲུག་འཕེན་བྱེད་ཀྱི་


MR20_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པ་དེ་དག་དབང་བསྐུར་བའི་ཆོ་གས་ནུས་པ་མེད་པར་བྱས་སོ་ཞེ་ན། དབང་དང་སྔགས་སོགས་བྱས་མ་ཐག་ཏུ་དབང་པོ་དེ་དག་ཡིད་ཀྱི་སེམས་པའི་དབང་གིས་མཐོང་ཟིན་གྱི་ཡུལ་ལ་ལར་དབང་པོ་གཏད་དེ་དེར་འཛིན་པ་དང་། མ་མཐོང་བའི་ཡུལ་ལ་གསར་དུ་འཕེན་པའམ་འཇུག་པ་དང་། མི་འདོད་པའི་ཡུལ་མཐོང་ཟིན་གྱིས་འཁྲུགས་ནས་དེ་ལས་གཡེང་བ་སྟེ་གཞན་དུ་བྱོལ་བ་དང་། མི་འདོད་པའི་ཡུལ་མ་མཐོང་བ་ལ་མི་འཇུག་པར་འགོག་པ་ཡང་མེད་པར་འགྱུར་དགོས་ནའང་། ཤིང་བལ་རླུང་གིས་གཡོ་བ་ལྟར་བྱེད་པ་དྲུག་པོ་དེ་ཡུལ་ལ་འཇུག་ལྡོག་བྱེད་པ་ལ་དབང་བསྒྱུར་བའི་ཡིད་ཀྱི་སེམས་པའི་ནུས་པ་མ་ཉམས་པར་ཡོད་པས་ན། དབང་གིས་བྱེད་པ་དྲུག་སྐྱེད་པའི་ནུས་པ་ཅི་ཞིག་བཅོམ་སྟེ་གང་ཡང་བཅོམ་པར་མི་འགྱུར་རོ། །ཡང་ཁོ་ན་རེ། ད་ལྟ་སེམས་པ་ཡོད་ཀྱང་དབང་བསྐུར་གྱི་ནུས་པས་ཤི་བའི་ཚེ་བློ་མེད་པར་གྱུར་ནས་སྐྱེ་བ་མི་ལེན་ནོ་ཞེ་ན། ཅི་སྟེ་ཤི་བ་དེ་ཡི་ཚེ་བློ་མེད་པའི་ཕྱིར་སྐྱེ་བར་མི་འགྱུར་བ་ཡིན་ཞེས་དྲིས་པ་ན། བདག་ཏུ་ཆགས་པ་དང་སྐྱེ་བ་ལ་སྲེད་པ་སོགས་དྲི་མ་རྣམས་ཀྱི་རང་བཞིན་དུ་གྱུར་པའི་བློ་སྐྱེ་བ་སྔ་ཕྱི་མཚམས་སྦྱོར་བར་བྱེད་པ་དེ་རྣམས་ཀྱི་ནུས་པ་དབང་སོགས་ཀྱིས་མེད་པར་བྱས་པའི་ཕྱིར་རོ་ཞེ་ན། དབང་བྱས་པའི་སྐྱེས་བུ་དེ་གསོན་པ་ཉིད་ཀྱི་དུས་ནའང་ཆགས་པ་སོགས་དྲི་མ་ཅན་གྱི་བློ་རྣམས་ལ་ནུས་པ་མེད་པར་འགྱུར་དགོས་ན་ཡང་དེ་ལྟར་མ་ཡིན་པར་ཆགས་སོགས་དྲི་མར་གྱུར་བའི་བློ་རྣམས་ནི་གཉེན་པོ་བདག་མེད་སོགས་ཚུལ་བཞིན་ཡིད་བྱེད་དང་ནི། རང་གི་ཕྱོགས་ཚུལ་མིན་ཡིད་བྱེད་གཉིས་པོ་རིམ་བཞིན་འཕེལ་བ་ན་དྲི་མ་ཅན་དེ་འགྲི༷བ་པ་དང་འཕེལ་བར་འགྱུར་པའི་ཕྱིར། ཉེས་པའི་བློ་རྣམས་ཀྱི་རྒྱུན་རང་རང་གི་


MR20_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འདྲའི་ས་བོན་ཅན་དེ་ནི་དབང་བསྐུར་བ་ཙམ་ལས་ལྡོག་པ་མེད་དེ་དེ་དག་གི་རྒྱུ་དང་མི་འགལ་བའི་ཕྱིར་རོ། །གཉིས་པ། སེམས་པ་ཙམ་འཁོར་བའི་རྒྱུ་མིན་ཏེ་བདག་ཡོད་པ་ལས་ལོག་ཤེས་དང་སྲེད་པའང་སྐྱེ་བས་ན་བདག་ལ་བརྟེན་པའི་ལས་དེ་དག་རྒྱུ་ཡིན་པས་ལས་ཀྱི་ནུས་པ་བཅོམ་པ་ན་རྒྱུ་མ་ཚང་བའི་ཕྱིར་སེམས་པ་ཡོད་ཀྱང་སྐྱེ་བ་མི་ལེན་ནོ་ཞེ་ན། དེ་ལྟར་ན་རྒྱུ་བདག་མ་ལོག་པ་སྲིད་དུ་འཁོར་བའང་མི་ལྡོག་པས་དབང་བསྐུར་སོགས་ལས་འཁོར་བར་སྐྱེ་བ་རྒྱུན་ཆད་པར་འདོད་པ་རང་གི་ཁས་ལེན་དང་ཤིན་ཏུ་འགལ་ལ། གཞན་ཡང་བདག་རྟག་པ་ནི་འཁོར་བའི་རྒྱུ་ཅུང་ཟད་ཀྱང་མ་ཡིན་ཏེ། འཁོར་བར་སྐྱེ་བ་ནི་རིམ་གྱིས་ལེན་པ་ཡིན་ལ་རྟག་པ་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་འབྲས་བུ་རིམ་གྱིས་སྐྱེད་པར་བྱེད་པ་འགལ་བ་དང་། དེར་མ་ཟད་ལས་དེ་བྱེད་པ་དང་མི་བྱེད་པ་དག་གི་གནས་སྐབས་ནི་རྣམ་པ་ཀུན་ཏུ་འདྲ་བའི་བདག་ཉིད་ཅན་བདག་གཅིག་པོ་དེ་ནི་ལས་བྱེད་པ་པོ་ཡིན་པར་འགལ་ཏེ། དེ་བྱེད་པ་པོ་ཡིན་ན་སྔར་མི་བྱེད་པའི་དུས་སུའང་བྱེད་པར་ཐལ་ཏེ་ད་ལྟའི་བྱེད་པོ་འདི་དང་གཅིག་ཡིན་པས་སོ། །ད་ལྟ་བྱེད་པའི་དུས་ནའང་མི་བྱེད་པ་ཡིན་པར་ཐལ་ཏེ་སྔར་མི་བྱེད་པ་དེ་ཡིན་པས་སོ། །དེས་ན་སྔ་ཕྱིའི་ཁྱད་པར་མི་འདྲ་བའི་འགྱུར་བ་ཅུང་ཟད་ཀྱང་མེད་པར་འདོད་པའི་བདག་རྟག་པ་དེ་བྱེད་པ་པོར་འདོད་པ་ཤིན་ཏུ་འགལ་ལོ། །ཡང་རྒྱུ་ལས་བྱེད་པ་པོ་སྲོག་གཅོད་པའི་མི་ལྟ་བུ་དང་འབྲས་བུ་མྱོང་བ་པོ་དམྱལ་བའི་གང་ཟག་དེ་གཉིས་ཀའང་གཅིག་པར་འགྱུར་ཏེ་བྱེད་པོ་སྤྱོད་པོ་གཅིག་ཡིན་པར་འདོད་པས་སོ། །རྒྱུ་འབྲས་དེ་དག་བདག་དེ་ལས་ཐ་དད་དུ་འདོད་ན་བདག་ལས་བྱེད་པ་པོ་དང་འབྲས་བུ་ཟ་བ་པོ་ཡིན་པའང་ཉམས་པར་འགྱུར་ཏེ། དེས་གང་ཡང་མ་བྱས་ལ་གང་ཡང་ལོངས་མ་སྤྱད་དེ་


MR20_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཞན་གྱི་འགྲོ་བ་བཞིན་ནོ། །གལ་ཏེ་བདག་གིས་དངོས་སུ་ལས་བྱས་པ་མིན་ཀྱང་དེ་ཡོད་པ་ལས་དེའི་ནུས་པས་ལས་བྱེད་དོ་སྙམ་ན། རྟག་པ་ལ་ནུས་པ་ཡང་ནི་འགྲུབ་པ་མ་ཡིན་ཏེ་རྗེས་སུ་འགྲོ་ལྡོག་མེད་པར་སྔར་མང་དུ་དཔྱད་ཟིན་ཏོ། །དེ་ལྟར་བདག་རྟག་པ་འཁོར་བའི་རྒྱུ་ཡིན་པ་ལ་གནོད་བྱེད་བསྟན་ནས་དེ་ལ་གཞན་གྱིས་གནོད་པ་ལྟར་སྣང་བ་བརྗོད་པ་དགག་པ་ནི། གལ་ཏེ་བདག་རྟག་པ་མེད་ན་ཕུང་པོ་ཙམ་སྐད་ཅིག་གིས་འཇིག་པའི་ཕྱིར་རང་གིས་སྔར་མྱོང་བ་དྲན་པ་ན་གཞན་གྱིས་མྱོང་བ་གཞན་གྱིས་དྲན་པར་ཐལ་བ་དང་། ལས་བྱེད་པ་པོ་ཞིག་པས་གཞན་གྱིས་བྱས་པ་གཞན་གྱིས་ལོངས་སྤྱོད་པས་རྒྱུ་འབྲས་ཆུད་ཟ་བ་དང་། སོགས་ཁོངས་ནས་སྔར་མཐོང་བ་ཕྱིས་ངོ་ཤེས་པ་ན་མ་མཐོང་བ་གཞན་མཐོང་མ་མྱོང་བ་གཞན་གྱིས་རྒྱུ་མེད་དུ་ངོ་ཤེས་པར་ཐལ་བ་སོགས་ནི་སངས་རྒྱས་པའི་ལུགས་ལ་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། རྟག་གཅིག་རང་དབང་བའི་སྐྱེས་བུ་འགའི་ཡང་དྲན་པ་མེད་པར་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། རྟག་བདག་ལ་དྲན་སོགས་མི་སྲིད་པ་དེས་ན་སྔར་ཉམས་སུ་མྱོང་བའི་བློ་ཡི་བག་ཆགས་སད་པ་ལས་ཕྱིས་དྲན་པ་འབྱུང་སྟེ་བདག་མེད་པའི་ཕུང་པོ་མི་རྟག་པའི་རྒྱུན་ཙམ་ལས་དེ་ལྟར་དྲན་དང་མྱོང་དང་ངོ་ཤེས་པ་སོགས་འབྱུང་རིགས་ཀྱི་གཞན་དུ་དེ་ལྟར་རིགས་པ་མ་ཡིན་ནོ། །གཉིས་པ། རང་ལུགས་གནས་ཚུལ་བདེན་པ་བཞི་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་བརྟན་པའམ་རྟག་པ་དང་བདེ་བ་དང་། ང་དང་ངའིའོ་ཞེས་སུ་འཛིན་པ་སོགས་


MR20_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མིན་པ་རྣམ་པ་བཅུ་དྲུག་པོ་དག་ཏུ་རྨོངས་པས་སྒྲོ་བཏགས་ནས་ནི་ཀུན་ཉོན་ཕྱོགས་ལ་ཡོངས་སུ་སྲེད་ཅིང་ལས་བསགས་པས་འཁོར་བར་འཁོར་བ་ཡིན་ནོ། །བདེན་བཞིའི་དེ་ཉིད་ལ་ནི་དེ་དང་འགལ་བའི་དོན་ཅན་ཕྱིན་ཅི་ལོག་བཅུ་དྲུག་གི་ཆ་ལས་སྐྱེས་པའི་སྲེད་པ་ནི་ཡང་དག་པའི་ལྟ་བས་འཇོམས་པ་ཡིན་ནོ། །ཇི་ལྟར་ན། བདེན་བཞིའི་དེ་ཁོ་ན་ཉིད་ཀྱི་རྣམ་པ་རྗེས་སུ་རྟོགས་པ་ཅན་གྱི་མི་རྟག་སྡུག་བསྔལ་བདག་མེད་སྟོང་པ་རྒྱུ་ཀུན་འབྱུང་སོགས་ལེགས་པར་བསྒོམས་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། དེ་ཡིས་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པ་ལས་བྱུང་བའི་སྲེད་པ་དང་དེ་ཡོད་ན་དེ་ལས་བྱུང་བའམ་དེའི་རྗེས་སུ་འབྲང་བའི་སེར་སྣ་སོགས་དང་ཟག་བཅས་ཀྱི་ལས་སོགས་འཁོར་བར་འཕེན་བྱེད་ཀྱི་ཉེས་པ་ཀུན་དང་བཅས་པ་འཇོམས་པར་བྱེད་དོ། །གཉིས་པ་ལས་ལུས་ཟད་པས་གྲོལ་བ་དགག་པ་ལ། དངོས་དང་དེ་ལན་འགོག་པ་གཉིས། དང་པོ། གཅེར་བུ་པ་ན་རེ། དཀའ་ཐུབ་ཀྱི་སྟོབས་ཀྱིས་ལས་དང་ལུས་ཟད་པ་ན་གྲོལ་བ་ཡིན་གྱི་ལས་མ་ཟད་ན་གྲོལ་བ་མི་སྲིད་དེ་ལས་ཉིད་ཤིན་ཏུ་དབང་བཙན་པས་སླར་འཁོར་བར་དབང་མེད་དུ་འཕེན་པ་ཡིན་པས་ན་ལས་དང་ལུས་མ་ཟད་པ་དེ་སྲེད་པ་སྤངས་ཀྱང་སྐྱེ་བ་ཅིས་མི་ལེན་ཞེས་ཟེར་རོ། །དེ་མ་ཡིན་ཏེ་ལས་དང་ལུས་དག་གནས་པར་གྱུར་ན་ཡང་ལུས་ལེན་པ་དེའི་རྒྱུ་གཅིག་ནི་སྲེད་པ་ཡིན་ལ་དེ་མེད་པའི་ཕྱིར་རྒྱུ་མ་ཚང་བས་ན་ལས་ལུས་སྲེད་པ་སྟེ་རྒྱུ་གསུམ་ཚང་དགོས་པ་ཅན་གྱི་སྐྱེ་བ་དེ་ནི་འབྱུང་སྲིད་པ་མ་ཡིན་ཏེ། རྒྱུ་མ་ཚང་ན་འབྲས་བུ་སྐྱེ་མི་སྲིད་པའི་ཕྱིར། དཔེར་ན་ས་བོན་མེད་པར་ཆུ་ལུད་ས་ལ་སོགས་པ་ཚོགས་ཀྱང་མྱུ་གུ་མི་སྐྱེད་པ་བཞིན་ནོ། །འོ་ན་དཀའ་ཐུབ་ཀྱིས་ལས་དང་ལུས་ཟད་ན་ཡང་མི་སྐྱེ་བར་མཚུངས་པས་སྲེད་པ་མ་སྤངས་ཀྱང་དཀའ་


MR20_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ཁོ་ན་ཐར་ལམ་ཡིན་ནོ་ཞེ་ན། ལས་དང་ལུས་དག་ནི་སྤོང་བར་རིགས་པ་མིན་ཏེ་རྒྱུ་མཚན་ལས་ལུས་དེ་དག་རྐྱང་པ་ཟད་པར་སྤོང་བའི་གཉེན་པོ་དག་ནི་ཚད་མས་རྟོགས་པ་མེད་པའི་ཕྱིར་ཤེས་མི་ནུས་པ་དང་། དགོས་པ་ཡང་མེད་དེ་སྲེད་པ་སྤངས་ན་ལས་དང་ལུས་ཙམ་ལ་སྐྱེ་བ་འགྲུབ་པའི་ནུས་པ་མེད་པའི་ཕྱིར་རོ། །ལས་ལུས་ཁོ་ན་སྤོང་དུ་ཡང་མི་བཏུབ་སྟེ་སྲེད་པ་ནི་ཡོད་ན་ལས་དང་ལུས་སླར་ཡང་འབྱུང་བའི་ཕྱིར་སྔར་ཡོད་སྤངས་ཀྱང་སྐྱེ་བ་མི་ལེན་པ་ལ་མི་ཕན་པའི་ཕྱིར་རོ། །གཅེར་བུ་པའི་སྟོན་པ་འཕེལ་བྱེད་སོགས་ན་རེ། གཉེན་པོ་མི་ཤེས་པ་མ་ཡིན་ཏེ་ལས་དང་སྲེད་པ་ཟད་པའི་གཉེན་པོ་དཀའ་ཐུབ་ཡིན་པས་ན་ལས་དང་སྲེད་པ་གཉིས་ཀ་ཟད་པའི་དོན་དུ་དཀའ་ཐུབ་ལ་འབད་པར་བྱེད་དོ་ཞེ་ན་ཡང་། སྲེད་པ་ཟད་པའི་ཐབས་ཚུལ་བཞིན་ཤེས་ན་དེ་བསྟེན་པར་རིགས་ཀྱི་ལས་ཟད་པའི་དོན་དུ་དཀའ་ཐུབ་ཀྱི་ངལ་དུབ་བསྟེན་པ་དོན་མེད་པ་ཡིན་ཏེ། དེ་ཇི་ཙམ་འབད་ཀྱང་སྲེད་པ་ཟད་མི་ནུས་ལ་སྲེད་པ་མ་ཟད་ན་ལས་ཟད་པ་མི་སྲིད་པས་སོ། །གལ་ཏེ་སྲེད་པ་ནི་ལས་ཀྱི་དབང་གིས་སྐྱེ་བ་ཡིན་པས་ལས་ཟད་ན་དེ་ཡང་འཛད་དོ་ཟེར་ན། དཀའ་ཐུབ་ཀྱིས་ལས་མཐའ་དག་ཟད་པ་ཡིན་པར་རྟོགས་མི་ནུས་ཏེ། བཟང་ངན་བདེ་སྡུག་མི་འདྲ་བའི་འབྲས་བུ་སྣ་ཚོགས་དངོས་སུ་མཐོང་བའི་ཕྱིར། དེའི་རྒྱུ་ལས་རྣམས་ཀྱང་ནུས་པ་ཐ་དད་དུ་ཡོད་པར་རྗེས་སུ་ངེས་པར་དཔོག་པ་དེས་ན་སྐྲ་འབལ་བ་དང་ཟས་མི་ཟ་བ་སོགས་དཀའ་ཐུབ་ཀྱི་ཉོན་མོངས་སམ་གདུང་བར་གྱུར་བའི་དངོས་པོ་གཅིག་གིས་འབྲས་བུ་སྣ་ཚོགས་མྱོང་འགྱུར་གྱི་ལས་ཐམས་ཅད་མི་འཛད་པར་གྲུབ་བོ། །དེས་ན་དཀའ་ཐུབ་ཀྱི་གདུང་བའི་རྣམ་པ་འགས་དེ་དང་ཆ་འདྲ་བའི་མྱོང་བ་བསྐྱེད་པའི་ལས་ཀྱི་འབྲས་བུ་ནི་རྣམ་སྨིན་ཆུང་བའམ་


MR20_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བར་འགྱུར་ན་ཡང་དཀའ་ཐུབ་ཀྱི་མྱོང་བ་དེ་དང་རིགས་མི་མཐུན་པ་ཅན་གྱི་ལས་ཀྱི་འབྲས་བུ་མྱོང་བ་མེད་པར་བྱེད་པ་མིན་ནོ། །གཉིས་པ། ཅི་སྟེ་དཀའ་ཐུབ་ཀྱི་ནུས་པ་ཡིས་ལས་གཞན་གྱི་ནུས་པའང་རང་གི་མྱང་བྱ་དེ་དང་འདྲེས་པར་བྱས་པ་ཡིན་ལ། དེས་ན་དཀའ་ཐུབ་བསྟེན་པས་སྔོན་གྱི་ལས་ཀུན་ཟད་ནུས་པ་ཡིན་ནོ་ཞེ་ན། དཀའ་ཐུབ་རང་ལ་ལས་རྣམས་གཅིག་ཏུ་བསྲེས་ནས་ཟད་པའི་ནུས་པ་ཡོད་ན་དེས་སྡུག་བསྔལ་མྱོང་བ་དང་བསྲེའམ། བདེ་བ་མྱོང་བའི་རྣམ་པ་དང་བསྲེ། དང་པོ་ལྟར་ན། ལས་ཐམས་ཅད་ལས་གཅིག་ཏུ་བསྲེས་ནས་ཟད་པར་བྱེད་ན་བ་སྤུ་བཏོགས་པ་ལྟ་བུའི་སྡུག་བསྔལ་ལམ་ཉོན་མོངས་ཀྱི་ཆ་འགའ་ཙམ་བྱས་པས་ལས་ཀུན་སྤོང་བའམ། ཕྱི་མ་ལྟར་ན། དཀའ་ཐུབ་ཀྱི་གདུང་བའམ་ཉོན་མོངས་གང་ཡང་མེད་པར་ལས་ཀུན་སྤང་བར་འགྱུར་རོ། །གལ་ཏེ་ཉོན་མོངས་མེད་པ་ནི་དཀའ་ཐུབ་མ་ཡིན་པས་དེས་ལས་སྤོང་བ་དོན་མེད་དོ་ཞེ་ན། ཅི་དཀའ་ཐུབ་ཀྱི་གདུང་བ་དེ་ཕལ་པས་སྡུག་བསྔལ་མྱོང་བ་ལྟར་ཉོན་མོངས་པའམ་སྡུག་བསྔལ་ཞིག་ཡིན་ནམ་མིན། གལ་ཏེ་དཀའ་ཐུབ་ནི་ལས་འབྲས་སུ་གྱུར་པའི་ཉོན་མོངས་པའམ་སྡུག་བསྔལ་ལས་གཞན་དུ་འདོད་དེ་འདོད་པའི་དབང་གིས་འཇུག་པའི་ཕྱིར་རོ་ཞེ་ན། ཉོན་མོངས་མེད་པ་དཀའ་ཐུབ་མིན་པར་བཤད་པ་དང་འགལ་ལ་བདེ་བའི་དཀའ་ཐུབ་ཀྱང་ཡོད་པར་འགྱུར་ཞིང་ཉོན་མོངས་མེད་པར་ཀུན་སྤོང་བར་ཐལ་བ་དེར་འགྱུར་རོ། །གལ་ཏེ་དེ་ཉོན་མོངས་པའམ་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པ་ཉིད་དོ་ཅེ་ན། ཕལ་པའི་སྡུག་བསྔལ་ལས་ཀྱི་དབང་གིས་མྱོང་བ་ལྟར་དཀའ་ཐུབ་ཀྱི་གདུང་བ་དེ་ནི་སྔོན་གྱི་ལས་འབྲས་ཡིན་པའི་ཕྱིར་དཀའ་ཐུབ་འདིས་སྔོན་ལས་ཐ་དད་པའི་ནུས་པ་འདྲེས་པ་དང་


MR20_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་སོགས་ནུས་པར་འགྱུར་བ་མ་ཡིན་ཏེ། ལས་གཅིག་ལས་བྱུང་བའི་རང་འབྲས་ཙམ་ཡིན་པས་གྲོ་ཡི་མྱུ་གུས་འབྲས་སོགས་ས་བོན་ཐ་དད་པའི་ནུས་པ་འདྲེས་པར་མི་བྱེད་པ་བཞིན་ནོ། །མདོར་ན་དཀའ་ཐུབ་དེ་བདེ་བའམ་སྡུག་བསྔལ་གང་ཡིན་ཀྱང་ཐམས་ཅད་ལས་ལས་བྱུང་བར་སྨྲ་བའི་ལུགས་ལ་དེ་ཡང་ལས་སྔོན་སོང་གི་འབྲས་བུ་ཡིན་པ་ལས་མི་འདའ་ལ། དེས་སྔོན་སོང་གི་འབྲས་བུའི་ཆ་ཇི་ཙམ་མྱོང་བ་ཟད་ནུས་ཀྱི་གཞན་ཀུན་ཟད་པར་མི་ནུས་སོ། །རང་ལུགས་དོན་ཞགས་ཀྱི་སྨྱུང་བར་གནས་པ་སོགས་ལ་མི་མཚུངས་ཏེ་ལས་མཐའ་དག་དེ་ཙམ་གྱིས་ཟད་པར་འདོད་པའང་མ་ཡིན་ལ། སྡུག་བསྔལ་མྱོང་བ་ཆུང་ངུ་དེས་ཀྱང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བྱང་བ་ཡོད་པ་ནི་ཐབས་ཁྱད་པར་ཅན་ལ་སེམས་པའི་དབང་གིས་མ་འོངས་པའི་མྱང་འགྱུར་ཁེགས་པ་ཡིན་ལ་སྡིག་པ་བཤགས་པ་སོགས་ཚུལ་ཀུན་ཀྱང་དེ་དང་འདྲ་སྟེ་ཟས་མི་ཟ་བ་སོགས་ཀྱི་དཀའ་ཐུབ་ཀྱི་ནུས་པ་ཁོ་ནས་མ་ཡིན་ནོ། །དེས་ན་སེམས་པ་ཉིད་གཙོ་ཆེ་ཡི་ལུས་ཀྱི་དཀའ་ཐུབ་ཙམ་གཙོ་བོ་མ་ཡིན་ནོ། །ཕ་རོལ་པོ་ན་རེ། ཁྱོད་ཀྱིས་ལས་སྤོང་མི་ནུས་པར་ཁས་བླངས་ནས་ཡང་སྲེད་པ་སྤོང་བས་ལས་སྤོང་བ་ཁས་བླངས་པ་འགལ་ལོ་ཞེ་ན། ངེད་ཀྱིས་ལས་བྱས་ཟིན་ལ་འབྲས་བུ་མི་མྱོང་བའི་ཐབས་མེད་པར་ཁས་ལེན་པ་མ་ཡིན་ཀྱང་། སྲེད་པ་སྤོང་བ་ལ་མི་ལྟོས་པའི་ལས་ཐམས་ཅད་ཟད་པའི་གཉེན་པོ་མི་སྲིད་ཅེས་འགོག་པ་ཡིན་ལ། སྲེད་པ་སྤངས་ན་ལས་སྤང་ངོ་ཞེས་པ་དེའང་མ་འོངས་པ་ན་སྐྱེ་བའི་རྒྱུར་འདོད་པའི་ཉེས་པ་སྲེད་པ་བཅོམ་པའི་ཕྱིར་སངས་རྒྱས་པའི་རྣལ་འབྱོར་པ་བདག་མེད་མཐོང་བ་གང་ཡང་གཟོད་ཀྱི་སྐྱོན་རྣམས་འགོག་པར་བྱེད་པ་དེ་ནི་སྲེད་


MR20_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེས་བསྐྱེད་པའི་ལས་མི་འབྱུང་བར་བྱེད་པ་ལ་ནུས་པ་ཡོད་པར་འགྱུར་གྱི་ཇི་ལྟར་སྔར་བྱས་པ་ཉམས་པར་འགྱུར་ཏེ་མི་འགྱུར་རོ། །དེས་ན་ལས་སྒྲིབ་འདག་པའི་ཆེད་དུ་གཟུངས་བཟླ་བ་དང་ཏིང་འཛིན་བསྒོམ་པ་སོགས་ཀྱང་སེམས་རྒྱུད་ཀྱི་སེམས་པ་མ་འོངས་པའི་མྱོང་བ་སྲབ་པར་བྱེད་པ་ལ་ནུས་པ་ཡོད་པར་ཤེས་པར་བྱའོ། །འོ་ན་སྲེད་པ་ལས་ལས་འབྱུང་བ་དེ་བཞིན་དུ་ལས་མ་ཟད་ན་དེ་ལས་ཀྱང་སྲེད་པ་འབྱུང་བར་འགྱུར་རོ་ཞེ་ན། ལས་ལས་ཆགས་སོགས་ཉེས་པ་སླར་སྐྱེ་བ་མ་ཡིན་ཏེ། སྲེད་པའི་དབང་གིས་སྐྱོན་དང་ལྡན་པའི་ལས་བྱེད་པར་འགྱུར་གྱི། བཟློག་པ་སྲེད་པ་མེད་པ་ལས་སྐྱོན་ལྡན་གྱི་ལས་བྱེད་པར་འགྱུར་བ་སྲིད་པ་མིན་ནོ། །གལ་ཏེ་སྔོན་གྱི་ལས་ལས་བདེ་སྡུག་རང་དབང་མེད་པར་འབྱུང་བ་ཡིན་པས་ན། བདེ་སྡུག་ལས་ཆགས་སྡང་མི་སྐྱེ་བ་མི་སྲིད་པས་ལས་ཅན་ལ་སྲེད་པ་མེད་པ་ཅི་ལ་སྲིད་ཟེར་ན། བདག་ཏུ་རྟོག་པ་ལས་བྱུང་བའི་ལོག་པའི་རྣམ་རྟོ༷ག་ཚུལ་མིན་ཡིད་བྱེད་མེད་པར་ནི་ཚོར་བ་བདེ་བ་ལས་ཀྱང་འདོད་ཆགས་སྐྱེ་བར་མི་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་བདག་མེད་མཐོང་བ་ཉིད་གཏན་དུ་གྲོལ་བའི་ཞི་སྒོ་གཉིས་སུ་མེད་པའི་ལམ་དུ་སྒྲུབ་པའི་རིགས་པ་འདིས་རིགས་པ་དང་སྒྲུབ་པ་དང་ངེས་འབྱིན་གྱི་ཚུལ་ཡང་གྲུབ་པ་ཡིན་ནོ། །གཉིས་པ་བདེ་གཤེགས་ནི། བདེན་བཞི་སྟོན་པར་མཛད་པའི་སྐྱོབ་པ་ལས་དེ་ཁོ་ན་ཉིད་མཁྱེན་པ་ལེགས་གཤེགས་དང་། ཡང་དག་པའི་དོན་གཟིགས་པས་ན་རྣམ་པ་གཞན་དང་གཞན་གྱིས་མི་འཕྲོག་པའི་བརྟན་པ་སླར་མི་ལྡོག་པར་གཤེགས་པ་དང་། དེ་ཁོ་ན་ཉིད་གཏིང་ཕྱིན་པའམ་མ་ལུས་པར་གཟིགས་པའམ་ཡང་ན་དེའི་མཐུས་ཇི་སྙེད་པ་མ་ལུས་པ་གཟིགས་པ་སྟེ། ཁྱད་པར་གསུམ་མངའ་བའི་མཁྱེན་པ་ཡོད་པར་གྲུབ་ལ། དེ་ཡང་སྔར་


MR20_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའི་སྒོ་ནས་བསྟན་ཅིང་འདིར་ནི་གཤེགས་པ་ཞེས་པ་རྟོགས་པའི་དོན་ཡིན་པའི་ཕྱིར་ཏེ། སྐྱོབ་པ་བདེན་བཞི་གསུང་བའི་རྒྱུ་ནི་དེ་ལྟ་བུའི་ཡེ་ཤེས་ཡིན་པའི་ཕྱིར་སྐྱོབ་པ་ལས་བདེ་གཤེགས་ཤེས་པར་ནུས་སོ། །དེ་འདྲའི་རྟོགས་པ་ཁྱད་པར་བ་གསུམ་དང་ལྡན་པའི་ཕྱིར་རིམ་བཞིན་ཕྱི་རོལ་པ་དང་འཕགས་པ་སློབ་པ་དང་། མི་སློབ་པ་ཉན་རང་གི་དགྲ་བཅོམ་ལས་ཀྱང་ལྷག་པ་ཡིན་ནོ། །མཁྱེན་པའི་ཁྱད་པར་གསུམ་པོ་དེ་ཡང་བདེན་པ་བཞི་བསྟན་པ་ལྟར་ཚད་མས་ཤིན་ཏུ་ངེས་པ་དང་། གསུང་རབ་སྡེ་སྣོད་རྣམས་སུ་ཡང་སྔ་ཕྱི་མི་འགལ་བར་དོན་གཅིག་ཏུ་བསྟན་པ་དང་། ཐབས་ཀྱི་རྣམ་པ་མཐའ་ཡས་པའི་སྒོ་ནས་སྐྱེས་བུའི་མངོན་འདོད་ཀྱི་དོན་ཐབས་དང་བཅས་པ་ཚང་ཞིང་དཔྱིས་ཕྱིན་པར་བསྟན་པ་ལས་རྗེས་སུ་དཔོག་པ་ཡིན་ནོ། །གསུམ་པ་སྟོན་པ་ནི། དེ་འདྲའི་མཁྱེན་པ་ཁྱད་པར་ཅན་མངའ་བ་དེ་ཡི་ཕྱིར་གཞན་གྱི་དོན་དུ་ཐབས་མཁྱེན་པ་ལ་སྦྱོར་བའམ་བརྩོན་པར་མཛད་པ་རྟོགས་ནུས་ཏེ་གཞན་ལ་སྐྱོབ་ངེས་པའི་ལམ་སྟོན་པ་ན་ལམ་མཁྱེན་པའི་ཡེ་ཤེས་ཡོད་དགོས་ལ། དེ་སྔོན་ཉིད་ཀྱིས་སྐུ་ཉམས་སུ་བསྟར་བ་མེད་པར་མི་འབྱུང་བས་ན་རྒྱུ་དུས་ཀྱི་སྟོན་པ་ཡོད་པར་ཡང་ཤེས་སོ། །ཡང་ན། རང་གིས་མཁྱེན་པ་ཙམ་མིན་པར་གཞན་དོན་དུ་མཁྱེན་པ་དེ་སྦྱོར་བ་སྟེ་མཁྱེན་པ་གཞན་དོན་ལ་སྦྱོར་བ་ཅན་ཡིན་པས་དེ་སྟོན་པ་ཡིན་པར་ཤེས་ཏེ་དེས་ཇི་ལྟར་མཁྱེན་པ་གཞན་ལའང་བསྟན་པའི་ཕྱིར་རོ། །བཞི་པ་ཕན་བཞེད་ཀྱི་བརྩེ་བ་ནི། སྟོན་པ་དེ་ལས་བརྩེ་བ་འགྲུབ་པ་ཡིན་ཏེ་དེ་ལྟར་སྟོན་པ་ནི་གཞན་དོན་གྱི་ངོར་བྱས་ནས་རང་གི་དོན་ཡོངས་སུ་གྲུབ་ཟིན་ཀྱང་ཐུགས་སུ་ཆུད་པའི་ཆོས་སྟོན་པའི་མཛད་པ་མི་འདོར་བའི་ཕྱིར་རོ། །དེ་ལྟར་སྐྱོབ་ངེས་ཀྱི་ལམ་བསྟན་པ་དེ་ལ་དཔག་ན་དེ་སྟོན་པ་


MR20_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཁྱེན་པ་ཁྱད་པར་ཅན་དང་ལྡན་པའི་རང་དོན་རྟོགས་པ་བརྟན་པ་ཡང་གྲུབ་ལ། དེ་གཞན་ལ་བསྟན་པའི་ཕྱིར་ལམ་དེ་སྟོན་པ་པོ་ཡིན་པར་བསྟན་པ་ཙམ་གྱིས་གྲུབ་ཅིང་དེས་བརྩེ་བ་ཅན་དུའང་གྲུབ་པ་ཡིན་ནོ། །གཉིས་པ་མཇུག་བསྡུ། སྟོན་པ་འདིས་ཡང་དག་པའི་ལམ་བསྟན་པས་ན་སྟོན་པ་པོ་འདི་ཉིད་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུབ་བྱེད་དང་བཅས་པ་ཡིན་ཏེ། འདི་ལ་མཁྱེན་བརྩེ་ཕུལ་དུ་བྱུང་བ་ཡོད་པ་རྟོགས་ནུས་པའི་ཕྱིར་རོ། །ཇི་ལྟར་ན་བརྩེ་བ་ཡོད་པར་གྲུབ་སྟེ་བརྩེ་བས་གདུལ་བྱ་ལ་མི་ལེགས་པའི་འབྲས་བུ་ཅུང་ཟད་ཀྱང་མེད་པ་མཐའ་གཅིག་ཏུ་ལེགས་པ་ངེས་ལེགས་ཀྱི་ལམ་སྟོན་པའི་ཕྱིར་དང་། མཁྱེན་པ་ཡོད་པར་གྲུབ་སྟེ་ཡང་དག་པར་གཟིགས་པའི་ཡེ་ཤེས་ལས་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་མི་བདེན་པ་ཅུང་ཟད་ཀྱང་མེད་པའི་བདེན་པ་གསུངས་པར་མཛད་པས་ན་ཐར་པའི་ལམ་སྟོན་པ་པོ་ནི་དེ་ལྟར་ཚད་མའི་སྐྱེས་བུ་ཡིན་པའི་སྒྲུབ་བྱེད་དང་བཅས་པ་ཡིན་གྱི་སྒྲུབ་བྱེད་མེད་པ་མ་ཡིན་ནོ། །དེར་མ་ཟད་དེ་འདྲའི་མཁྱེན་བརྩེ་དེ་ཡང་རྒྱུ་མེད་དུ་མི་འབྱུང་བས་ལམ་དུས་ཀྱི་ཕན་བཞེད་དང་སྟོན་པའི་སྒྲུབ་བྱེད་ཡོད་པ་དང་བཅས་པས་ན་དེ་འདྲ་ཡོད་པར་སྲིད་པ་ཉིད་ཡིན་ནོ། །མཐའ་གཅིག་ཏུ་ལེགས་ཤིང་བདེན་པའི་ལམ་དེ་གདུལ་བྱ་ལ་གསུང་བར་ཡང་མངོན་པར་སྦྱོར་བ་དང་ལྡན་པའི་བརྩོན་འགྲུས་མཐར་ཕྱིན་པར་མངའ་བ་གང་གི་ཕྱིར་ན། སེམས་ཅན་རྣམས་སྐྱོབ་པར་མཛད་པས་ཤིན་ཏུ་གུས་པར་བྱ་བ་ཡིན་ཏེ་མཁྱེན་དུ་ཟིན་ཀྱང་མ་བསྟན་ན་གདུལ་བྱ་སྐྱོབ་པར་མི་འགྱུར་རོ། །དེ་ལྟར་གདུལ་བྱ་ཡོངས་སུ་མི་གཏོང་བའི་བརྩོན་འགྲུས་ཀྱི་ལམ་བསྟན་པར་མཛད་པས་ན། སྟོན་པ་དེ་འདྲ་བ་རྣམ་གྲོལ་དོན་གཉེར་རྣམས་ལ་མི་སླུ་བ་དེས་ན་སངས་རྒྱས་བཅོམ་ལྡན་


MR20_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འདི་ནི་ཚད་མ་ཉིད་དུ་གྱུར་པ་ཡིན་ནོ། །གསུམ་པ་དེ་ལྟར་བསྟན་པའི་དགོས་པ་ནི། སངས་རྒྱས་ལ་ཡོན་ཏན་ཚད་མེད་པ་ཡོད་ཀྱང་ཚད་མའི་སྒོ་ནས་བསྟོད་པ་ནི་དེ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཡིན་ལ། གཞན་ཡང་དེ་ལྟའི་ཚུལ་གྱིས་སྒྲོ་བཏགས་པ་མིན་པར་དངོས་པོ་ལ་གནས་པའི་སྒོ་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། སོགས་ཀྱི་ཚིགས་སུ་བཅད་པས་བསྟོད་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དགོས་པ་ནི། ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་དེ་ཡི་བསྟན་པ་གསུང་རབ་ཉིད་ཁོ་ན་ལས་ནི་དངོས་པོའི་གནས་ཚུལ་མ་ནོར་བར་འཇལ་བའི་ཚད་མའི་དེ་ཁོ་ན་ཉིད་གྲུབ་པར་སྟོན་པའི་དོན་ཅན་ཉིད་ཀྱི་སླད་དུ་དེ་ཇི་ལྟར་ན་ཚད་མ་ཞེས་བྱ་བ་སངས་རྒྱས་ཀྱི་གསུང་རབ་ནས་མ་གྲགས་པ་ཞིག་སློབ་དཔོན་གྱི་རང་བཟོས་བརྩམས་པ་མ་ཡིན་ཏེ། ཚད་མ་ནི་ཡུལ་མ་ནོར་བར་འཇལ་བའི་མི་སླུ་བའི་བློ་ཡིན་ལ། མ་ནོར་བར་འཇལ་ནས་དངོས་པོའི་དེ་ཉིད་མཐོང་བའི་བློ་ནི་སངས་རྒྱས་ཀྱི་གསུང་རབ་བཞིན་དུ་བློ་གྲོས་རྣམ་པར་སྦྱང་བ་ལ་ཡོད་ཀྱི་གཞན་ཕྱིན་ཅི་ལོག་ཏུ་བསྟན་པའི་ལུགས་ལ་མེད་པས་ན་མི་སླུ་བའི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཀྱི་གསུང་རབ་ལས་གྲུབ་བོ་ཞེས་ཤེས་པར་བྱ་སྟེ། ཇི་ལྟར་ན་རྒྱུ་གང་གིས་འབྲས་བུ་གང་བསྐྱེད་པའི་བྱ་བ་བྱེད་པ་དང་། འབྲས་བུ་གང་རྒྱུ་གང་ལ་ལྟོས་པ་དང་། ཆོས་གང་གི་ཐ་སྙད་དང་དོན་དམ་པའི་ཆོས་ཉིད་ཇི་ལྟ་བུ་ཡིན་པ་མ་ནོར་བར་བསྟན་པ་དེ་ཙམ་དུ་སངས་རྒྱས་ཀྱིས་གསུངས་པའི་དོན་རྣམས་ཀྱང་ཡོངས་སུ་རྫོགས་པར་འདུ་ལ། མ་ནོར་བ་དེ་ལ་རིགས་པ་ཞེས་བྱ་སྟེ་དེ་འདྲ་བ་སངས་རྒྱས་ཀྱི་གསུང་ལས་གཞན་དུ་


MR20_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ་བཞིན་བསྟན་པ་མེད་དེ། སྒྲ་ལས་བྱུང་བའི་ཚད་མ་ལ་སོགས་པ་འགོག་པའི་ཆེད་དུ་མདོ་ལས་ཕ་རོལ་པོ་རབ་ཏུ་སྨྲ་བ་རྣམས་ནི་གསོག་སྟེ། ང་གཅིག་པུ་དེ་ཉིད་གསུང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་གཟིགས་པ་ཤིན་ཏུ་དག་པས་དངོས་པོ་མ་ནོར་བར་གཟིགས་པས་ན་དེས་བསྟན་པ་ལྟར་དངོས་པོའི་གནས་ཚུལ་ཡིན་ཏེ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ། །ཞེས་གསུངས་པ་བཞིན་ནོ། །དེས་ན་བཤད་མ་ཐག་པའི་རིགས་པ་དེ་གསུམ་གྱིས་བསྡུས་པའི་དངོས་པོའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་ནི་འཐད་པ་སྒྲུབ་པའི་རིགས་པ་ཡིན་ལ། དེ་ཡང་གསུང་རབ་ལས་བསྟན་ཏེ། མིག་གི་རྣམ་པར་ཤེས་པས་སྔོན་པོར་ཤེས་ཀྱི་སྔོན་པོའོ་སྙམ་དུ་མི་འཛིན་ནོ། །ཞེས་སོགས་རྣམ་པར་ཤེས་པ་དྲུག་དང་། གཞན་གྱི་ཚོད་མི་ཟིན་པར་གསུངས་པས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་རང་རིག་མངོན་སུམ་དང་། ངའི་ཡེ་ཤེས་ཀྱི་སྤྱན་གྱིས་ཕྱོགས་བཅུ་ཇི་སྙེད་པ་རྣམས་སུ་སོགས་ཀྱིས་རྣལ་འབྱོར་མངོན་སུམ་བསྟན་པ་སོགས་གཞུང་གི་རྣམ་པ་ཐམས་ཅད་དུ་གསལ་བར་ཁྱབ་པའི་ཚུལ་གྱིས་མངོན་སུམ་ཚད་མ་གསུངས་ལ། རྗེས་སུ་དཔག་པ་ཡང་ཚད་མ་མིན་ནོ་ཞེས་མ་བཟློག་པའི་ཕྱིར་དེ་མི་བཞེད་པ་མིན་ལ། ཚད་མར་བཞེད་པར་ཡང་གསལ་ཏེ། ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་གང་དེ་དག་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ། །ཞེས་རང་བཞིན་གྱི་གཏན་ཚིགས་ལ་སོགས་པ་རྣམ་པ་དུ་མར་ནི། རྗེས་དཔག་འདི་ཡི་སྦྱོར་བ་བཀོད་པར་མཛད་པའང་མཐོང་བའི་ཕྱིར་རོ། །སོགས་ཁོངས་ནས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །


MR20_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་འབྲས་རྟགས་དང་། ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་གཟུང་བར་མི་བྱའོ། །ཞེས་སོགས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་དང་། གཞན་ཡང་འགལ་དམིགས་དང་། རྒྱུ་མ་དམིགས་པ་ལ་སོགས་པ་མཐའ་དག་གི་སྦྱོར་བ་མཐོང་བའི་ཕྱིར་རོ། །ཅི་ཕྱིར་རྟགས་ཀྱི་སྦྱོར་བ་བཀོད་པར་མཛད་པས་རྗེས་དཔག་གྲུབ་ཅེ་ན། བསྒྲུབ་བྱ་མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་རྟགས་དེ་ནི་རྗེས་སུ་དཔག་པ་སྐྱེ་བའི་རྟེན་ཡིན་ནོ། །དེ་ལྟ་མིན་ན་ནི་འཁྲུལ་བའི་ཕྱིར་དེ་བཀོད་པ་ལ་རྒྱུ་མཚན་གང་ཡང་མེད་དོ། །དེས་ན་རྟགས་དེ་བསྒྲུབ་བྱ་འགྲུབ་པ་ལ་མི་འཁྲུལ་བའི་རྒྱུ་མཚན། འགག་པའི་ཆོས་ཅན་ལྟ་བུ་བསྒྲུབ་བྱས་གཏན་ཚིགས་སྐྱེ་བའི་བདག་ཉིད་ལྟ་བུ་ལ་ཁྱབ་པ་ནི་བསྟན་པ་ཡིན་པའི་ཕྱིར་རྟགས་ཆོས་ཀྱི་འབྲེལ་བའམ་ཁྱབ་པའམ་རྗེས་འགྲོ་ལྡོག་པ་དེ་ཡང་གསུང་རབ་ཉིད་ལས་གསལ་བར་བཤད་པ་ཡིན་པས་གསུང་རབ་ཀྱི་དོན་ལས་ཐ་དད་པའི་ཚད་མ་ཞེས་རང་བཟོར་བྱས་པ་ནི་ཅི་ཡང་མེད་དེ། སངས་རྒྱས་ཀྱི་གསུང་ཐམས་ཅད་ཤིན་ཏུ་རིགས་ཤིང་ཚད་མ་ཡིན་པས་ཚད་མའི་ཚུལ་ནི་དེ་འབའ་ཞིག་ལས་གྲུབ་པས་ན་གཞན་ཐ་དད་པར་བསམ་པར་མི་བྱའོ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས། ཚད་མ་གྲུབ་པ་ཞེས་བྱ་བ་ལེའུ་གཉིས་པའི་འགྲེལ་བཤད་ཀྱི་སྐབས་གྲུབ་པའོ། །༄༅། །ད་ནི་གཉིས་པ་མངོན་སུམ་ཚད་མ་ལ། །འཇལ་བྱེད་ཚད་མ་རང་ཉིད་བཤད། །ཚད་མ་དེ་ཡི་འབྲས་བུ་བཤད། །དང་པོ་ལ། གྲངས་དང་སྤྱོད་ཡུལ་ལོག་རྟོག་དགག །མངོན་སུམ་རང་གི་ངོ་བོ་བཤད། །


MR20_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། ཚད་མ་གཉིས་སུ་ངེས་པར་བསྒྲུབ། །དེར་མ་ངེས་པར་འདོད་པ་དགག །དང་པོ་ལ། ཚད་མས་གཞལ་བྱ་གཉིས་སུ་ངེས། །མཐར་ཐུག་འཇུག་ཡུལ་གཅིག་ཏུ་བསྒྲུབ། །དང་པོ་ལ། གཉིས་སུ་ངེས་པའི་རྒྱུ་མཚན་བསྟན། །རྟགས་འགོད་དེ་ཡི་ཕྱོགས་ཆོས་བསྒྲུབ། །དང་པོ་ནི། སྤྱིར་ཚད་མའི་གྲངས་དང་སྤྱོད་ཡུལ་དང་མཚན་ཉིད་དང་འབྲས་བུ་ལ་ལོག་པར་རྟོག་པ་བཟློག་ནས་ཚད་མའི་དེ་ཁོ་ན་ཉིད་སྐབས་འདིར་སྟོན་པ་ལ། དང་པོ་གྲངས་དང་སྤྱོད་ཡུལ་ལ་ལོག་པར་རྟོག་པ་ནི། རྒྱང་འཕེན་པས་ཚད་མ་ནི་མངོན་སུམ་གཅིག་པུར་འདོད་ལ། གྲངས་ཅན་པས་མངོན་སུམ་རྗེས་དཔག་སྒྲ་བྱུང་ཚད་མ་གསུམ་དང་། རིགས་པ་ཅན་པས་དེ་གསུམ་དང་དཔེ་ཉེར་འཇལ་དང་བཞི་དང་། རྒྱལ་དཔོགས་པས་དེ་བཞི་དང་དོན་གྱིས་གོ་བ་དང་དངོས་པོ་མེད་པའི་ཚད་མ་དང་དྲུག་ཟེར། ཙ་ར་ཀ་བས་རིགས་པ་དང་མི་དམིགས་པ་དང་སྲིད་པ་དང་ཞེས་གྲགས་པ་དང་སྙམ་དུ་སེམས་པ་དང་དེ་ལས་གཞན་པ་དག་ཀྱང་ཡོད་དོ་ཞེས་ཟེར་རོ། །རང་ལུགས་ལ་ཡུལ་མངོན་དུ་གྱུར་པ་དང་། མངོན་གྱུར་མིན་པའི་གཞལ་བྱ་གཉིས་སུ་ངེས་པའི་ཕྱིར་དེ་འཇལ་གྱི་ཚད་མའང་མངོན་སུམ་དང་རྗེས་དཔག་གཉིས་ཁོ་ནར་གྲངས་ངེས་ཏེ། མངོན་སུམ་གྱིས་ཡུལ་དེའི་དོན་རང་མཚན་མཐོང་བའི་ཚུལ་གྱིས་གཞལ་ལ། ལྐོག་གྱུར་དེའི་སྤྱི་མཚན་བཟུང་ནས་ཞེན་པའི་ཚུལ་གྱིས་གཞལ་བ་ལས་འོས་མེད་ཅིང་། དེ་ཡང་རྗེས་སུ་དཔག་པའི་ཚད་མ་དང་ལྡན་ན་ཇི་ལྟར་གཞལ་བ་ལྟར་མི་སླུ་བར་ནུས་ཀྱི་གཞན་མི་སླུ་བའི་རྒྱུ་མཚན་མི་སྲིད་པས་ན་དེ་གཉིས་ཁོ་ནར་ངེས་སོ། །གཉིས་པ་གྲངས་གཉིས་སུ་ངེས་པའི་རྟགས་འགོད་པ་ལ། རྩ་བའི་རིགས་པ་བསྟན་པ་དང་། །རིགས་


MR20_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་ཡང་བསྟན་པའོ། །དང་པོ། གཞན་དག་ན་རེ། གཞལ་བྱ་ནི་རང་མཚན་གཅིག་པུ་ཡིན་ཏེ་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དེ་ཁོ་ན་ཡིན་པས་ན་གཞལ་བྱ་གཉིས་སུ་མ་ངེས་སོ་ཞེ་ན། འཇུག་ཡུལ་རང་མཚན་གཅིག་ཡིན་པར་འོག་ནས་ཀྱང་འཆད་པར་འགྱུར་ལ། དེ་ཙམ་གྱིས་གནས་སྐབས་ཚད་མ་གཉིས་པོའི་དངོས་ཀྱི་གཞལ་བྱ་གཉིས་སུ་ངེས་པ་མི་ཁེགས་ཏེ། གཞལ་བྱ་གཉིས་སུ་ཡོད་པར་དངོས་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །ཇི་ལྟར་ན་ཚད་མ་གཉིས་པོའི་སྣང་ཡུལ་དེ་དོན་བྱེད་ནུས་པ་དང་མི་ནུས་པ་ཡིན་ལ། དེ་གཉིས་ཕན་ཚུན་སྤངས་པའི་ཕྱིར་གཅིག་ཏུ་རུང་བ་མ་ཡིན་ནོ། །འོ་ན་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་ཡང་མངོན་གྱུར་དུ་གསལ་བར་སྣང་བའི་ཕྱིར་དོན་བྱེད་ནུས་པ་རང་མཚན་དུ་ཐལ་ལོ་ཞེ་ན། སྐྲ་ཤད་ལ་སོགས་དོན་རང་མཚན་མིན་ཏེ་དེ་མེད་པ་གསལ་སྣང་ཙམ་ལས་དོན་རང་མཚན་གྱི་དངོས་པོ་ཉིད་དུ་མོས་པའམ་འདོད་པ་མེད་པའི་ཕྱིར་རོ། །གལ་ཏེ་སྐྲ་ཤད་སོགས་དོན་དུ་གྲུབ་པར་འདོད་ན་འཁྲུལ་སྣང་ཡང་མིན་པར་འགྱུར་རོ། །གཉིས་པ། གཞན་ཡང་དངོས་ཀྱི་གཞལ་བྱའི་ཡུལ་དེ་གཉིས་ཀྱི་ཁྱད་ཡོད་དེ། ཡུལ་རང་གི་ངོ་བོའི་དབང་དུ་བྱས་ནས་སྤྱི་མཚན་ནི་ཡུལ་དུས་རྣམ་པ་འདྲེས་པའི་ཚུལ་གྱིས་འདྲ་བ་ཐུན་མོང་བ་ལྟར་སྣང་བ་དང་། རང་མཚན་ནི་ཕན་ཚུན་རྗེས་སུ་འགྲོ་བ་མེད་པ་མི་འདྲ་བ་ཐུན་མོང་མིན་པ་ཉིད་ཀྱི་ཕྱིར་དང་། ཡང་ཡུལ་ཅན་གྱི་དབང་དུ་བྱས་ན་སྤྱི་མཚན་ནི་རྟོག་པ་དང་སྒྲ་ཡི་དངོས་ཡུལ་ཡིན་པ་དང་། རང་མཚན་ནི་དེ་དག་གི་ཡུལ་མིན་པའི་ཕྱིར་དང་། ཡང་རྒྱུའི་དབང་དུ་བྱས་ནའང་གཟུང་ཡུལ་ལས་རྒྱུ་མཚན་གཞན་བརྡ་དང་


MR20_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱེད་སོགས་ནི་ཡོད་པ་ཙམ་ན་སྤྱི་མཚན་འཛིན་པའི་བློ་དེ་ནི་ཡོད་པ་དང་། བརྡ་སོགས་ཡོད་ཀྱང་གཟུང་ཡུལ་རང་མཚན་མེད་ན་རང་མཚན་འཛིན་པའི་བློ་ནི་མེད་པའི་ཕྱིར་རོ། །དེས་ན་མི་འདྲ་བའི་རྣམ་པ་དེ་དག་གི་སྒོ་ནས་གཞལ་བྱ་གཉིས་སུ་ངེས་པར་གྲུབ་པའི་རྟགས་སམ་རྒྱུ་མཚན་བཀོད་པ་ཡིན་ནོ། །གསུམ་པ་ལ། ཁྱད་ཅན་གཞལ་བྱ་གཉིས་པོ་བཤད། །དེ་གཉིས་མི་འདྲའི་ཁྱད་པར་བསྟན། །དང་པོ་ལ། གཞལ་བྱ་གཉིས་ཀྱི་མཚན་ཉིད་བརྗོད། །དེ་ལ་རྩོད་པ་སྤང་བའོ། །དང་པོ། གཞལ་བྱ་གཉིས་སུ་ངེས་པའི་རྟགས་བཀོད་པ་དེ་དག་མི་འགྲུབ་བོ་སྙམ་ན་དེའི་ཕྱོགས་ཆོས་བསྒྲུབ་པ་ལ། ཆོས་ཅན་གཞལ་བྱ་གཉིས་པོ་ཇི་ལྟར་ཡིན་པ་ངོས་བཟུང་ནས་དེ་ལ་དོན་བྱེད་པ་དང་མི་བྱེད་པ་སོགས་ཀྱི་ཁྱད་པར་ཡོད་ཚུལ་རིགས་པས་རྒྱས་པར་བསྒྲུབས་པར་མཛད་པས་ན། དང་པོ་གཞལ་བྱ་གཉིས་པོ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཐ་སྙད་དཔྱོད་པའི་ཚད་མ་གཏན་ལ་དབབ་པའི་སྐབས་འདིར་སྐྱེས་བུའི་འཇུག་ལྡོག་གི་ཡུལ་ཉིད་དུ་བཟུང་བ་དེ་ལ་དོན་དམ་པར་རང་འབྲས་སྐྱེད་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི་སྐབས་འདིར་དོན་དམ་དུ་ཡོད་པ་ཡིན་ལ། གཞན་དོན་བྱེད་མི་ནུས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་སྟེ་དེ་འདྲའི་ཡུལ་དེ་དག་ནི་རང་མཚན་དང་སྤྱི་མཚན་ཞེས་བྱ་ལ། དོན་བྱེད་ནུས་མི་ནུས་དེ་དག་ནི་རང་དང་སྤྱིའི་ཆོས་དེའི་མཚན་ཉིད་ཡིན་པར་བཤད་དོ། །ཐ་སྙད་ཀྱི་སྐབས་ཀྱི་བདེན་གཉིས་ཀྱང་དེ་ལ་དེ་ལྟར་བརྡ་གདགས་པ་ཡིན་ནོ། །གཉིས་པ་ལ། མི་སྲིད་པ་དང་ཁྱབ་ཆེས་སྤོང་། །དང་པོ། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ་བརྟེན་ནས་རྒོལ་བ་དག་ན་རེ། གལ་ཏེ་འདི་ལྟར་དོན་དམ་དཔྱོད་པའི་རིགས་པས་


MR20_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པ་ན་ཇི་ལྟར་ཟླ་གཉིས་མ་གྲུབ་པ་དེ་བཞིན་དུ་ཟླ་གཅིག་ཀྱང་མི་འགྲུབ་པས་དེ་གཉིས་མགོ་མཉམ་པར་འགྱུར་བ་དེའི་ཕྱིར་ཆོས་ཐམས་ཅད་ལ་དོན་དམ་པར་དོན་བྱེད་ནུས་པ་མེད་པར་ཚད་མས་གྲུབ་པས་དོན་དམ་པར་དོན་བྱེད་ནུས་པ་དེ་མི་སྲིད་དོ་ཞེ་ན། དོན་དམ་དཔྱོད་པས་དཔྱད་ན་ཆོས་གང་ཡང་མི་རྙེད་པ་ནི་བདེན་གྱི་འོན་ཀྱང་དེས་ཐ་སྙད་ཚད་མའི་འཇུག་ཡུལ་དཔྱད་པའི་སྐབས་ཀྱི་དོན་བྱེད་ནུས་པ་འགོག་པ་མ་ཡིན་ཏེ། ཐ་སྙད་དཔྱད་པའི་ཚད་མའི་ངོར་དེ་ཁེགས་པ་མི་སྲིད་པའི་ཕྱིར་རོ། །དེའི་རྒྱུ་མཚན་རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་ས་བོན་སོགས་ནི་མྱུ་གུ་སོགས་རང་འབྲས་བསྐྱེད་པ་དང་། མེས་བཙོ་སྲེག་གི་དོན་བྱེད་པ་སོགས་རང་མཚན་གྱི་དངོས་པོ་རྣམས་ལ་དོན་བྱེད་པའི་ནུས་པ་བསླུ་མེད་བསྙོན་མེད་དུ་ཐ་སྙད་དཔྱོད་པའི་ཚད་མས་མཐོང་བའི་ཕྱིར་རོ། །གལ་ཏེ་ཐ་སྙད་དུ་དོན་བྱེད་པར་སྣང་བ་དེ་ཡང་དོན་དམ་པར་དཔྱད་ན་སྐྱེ་བ་སོགས་དོན་བྱེད་པ་མི་རྙེད་པའི་ཕྱིར་དོན་མི་བྱེད་པ་ཟླ་གཉིས་དང་མགོ་མཉམ་པའི་ཀུན་རྫོབ་ཡིན་པར་འདོད་ན། ཅི་སྟེ་སྐྱེས་བུའི་བློས་སྒྲོ་བཏགས་པ་ལ་མི་ལྟོས་པར་དོན་གྱི་དངོས་པོ་དེ་དག་གིས་དོན་བྱེད་པ་དེ་ལྟར་ཅི་ལ་འགྱུར་ཏེ་འགྱུར་མི་རིགས་སོ། །ཕ་རོལ་པོ་དེ་དག་ན་རེ། དེ་འདྲའི་དོན་བྱེད་པ་དེ་ཡང་སྐྱེས་བུའི་བློས་སྒྲོ་བཏགས་པའི་ཀུན་རྫོབ་ཡིན་གྱི་སྒྲོ་མ་བཏགས་པར་ས་བོན་རང་གི་སྟེང་ན་མྱུ་གུ་སྐྱེད་པའི་དོན་བྱེད་པའི་མཚན་ཉིད་མ་གྲུབ་པར་ཤིན་ཏུ་ཡང་འདོད་དེ། དོན་དམ་དཔྱོད་པས་དཔྱད་ན་མི་འགྲུབ་པ་དང་། དེ་བཞིན་གཤེགས་པས་ཀྱང་ཆོས་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་ཙམ་དུ་གསུངས་པས་སོ་ཞེ་ན། དེའི་དོན་ཞིབ་ཏུ་བཤད་པར་བྱ་སྟེ། དོན་དམ་དཔྱད་པས་དཔྱད་ན་གཅིག་དང་དུ་མར་བྲལ་


MR20_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ལ་དམིགས་པའི་གནས་མི་རྙེད་པར་ངེད་ཀྱིས་ཀྱང་ཤིན་ཏུ་འདོད་མོད། རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་ནི་རྐྱེན་གྱི་དབང་གིས་སྣང་བ་དེ་ཙམ་གྱིས་ཐ་སྙད་པའི་ངོར་གྲུབ་པ་ཡིན་ལ། དེ་དོན་དམ་དཔྱོད་པས་མི་སྣང་བར་བསྒྲུབ་པ་ནི་མ་ཡིན་ནོ། །དེ་ཁས་ལེན་ནོ་སྙམ་ན། རྟེན་འབྲེལ་གྱི་དབང་གིས་སྣང་བ་དེ་ལ་ཟླ་བ་གཉིས་སྣང་ལྟ་བུ་སྣང་བ་ལྟར་ཕྱི་རོལ་གྱི་དོན་རང་མཚན་མེད་པ་དང་། ཟླ་གཅིག་སྣང་བ་ལྟ་བུ་སྣང་བ་ལྟར་དོན་རང་མཚན་ཡོད་པ་གཉིས་ཕྱི་དོན་ལ་དཔྱོད་པའི་འཇིག་རྟེན་ཐ་སྙད་ཀྱི་ངོར་ཡོད་པ་དེ་དོན་དམ་དཔྱོད་པས་མེད་ཅེས་དགག་པ་ནི་མ་ཡིན་ནོ། །དེ་ཡང་ཁས་ལེན་ནོ་སྙམ་ན། འདིར་ཡང་དོན་དམ་པར་དོན་བྱེད་པ་ཞེས་པ་དེ་ཕྱི་དོན་ལ་དཔྱོད་པའི་སྐབས་སུ་དོན་རང་མཚན་ཡོད་པ་དེ་ལ་བརྡ་སྦྱར་བ་ཡིན་ན་དེ་ཁྱོད་ཀྱིས་ཇི་ལྟར་འགོག་པར་རིགས་སམ་བསམ་པར་གྱིས་ཤིག །གལ་ཏེ་དོན་བྱེད་ནུས་པ་དང་མི་ནུས་པར་བཞག་པ་དེ་ཀུན་སྣང་བ་ཙམ་ཡོད་མཉམ་ལ་དོན་དམ་པར་མ་གྲུབ་པར་མཉམ་པས་ན་ཐ་སྙད་རང་མཚན་གྱིས་གྲུབ་པ་དེ་འགོག་གོ་ཞེ་ན། རང་མཚན་ཡོད་པ་ཟླ་གཅིག་དང་མེད་པ་ཟླ་གཉིས་ལྟ་བུ་ཐ་སྙད་དུ་མགོ་མཉམ་པར་འགྱུར་བའི་རིགས་པ་བརྗོད་དགོས་སོ། །གལ་ཏེ་རིགས་པ་ནི་དོན་དམ་པར་མ་གྲུབ་པ་དེ་ཡིན་ནོ་ཞེ་ན། དོན་དམ་པར་མ་གྲུབ་པས་ཐ་སྙད་དུ་མགོ་མཉམ་པར་གྱུར་ན། སྐྲ་ཤད་དང་སྐྲ་དངོས་ཀྱང་དོན་བྱེད་མི་བྱེད་ལ་ཐ་སྙད་དུ་མགོ་མཉམ་དགོས་ན་དེ་འདྲ་ཐ་སྙད་དུ་མགོ་མཉམ་པར་སུས་ཀྱང་སྒྲུབ་མི་ནུས་ཏེ་ཐ་སྙད་དཔྱོད་པ་རང་གི་ངོར་མི་མཉམ་པར་བསླུ་མེད་དུ་གྲུབ་པས་སོ། །གལ་ཏེ་སྐྲ་དངོས་ཀྱི་དོན་བྱེད་པ་དེ་ཡང་རྟོག་པས་དེ་ལྟར་སྒྲོ་བཏགས་པ་ཙམ་ལས་དོན་རང་གི་ངོས་ནས་དོན་བྱེད་པར་མི་འགྲུབ་བོ་ཞེ་ན། རྟོག་པས་ཕར་སྒྲོ་བཏགས་པ་ལ་ཞེས་པ་འདི་ཅི་ཞིག །དངོས་པོ་དེ་ལ་འཁྲུལ་བ་ཞིག་གམ་མ་འཁྲུལ་


MR20_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བློ་གང་ཡིན། གལ་ཏེ་དངོས་པོ་ལ་མེད་བཞིན་བློས་སྒྲོ་བཏགས་པའི་འཁྲུལ་བ་ཞིག་ཡིན་པར་འདོད་ན་བསླད་པའམ་རྟོག་པས་སྒྲོ་མ་བཏགས་པར་ཡུལ་རང་གིས་དོན་མི་བྱེད་པ་དཔེར་ན་རྟོག་མེད་འཁྲུལ་བ་ཟླ་གཉིས་ལྟ་བུ་འཁྲུལ་རྒྱུས་མ་བསླད་ཀྱི་བར་དུ་ཡུལ་དེ་མི་སྣང་བ་དང་། རྟོག་པ་འཁྲུལ་བ་ཐག་ཁྲ་སྦྲུལ་འཛིན་ལྟ་བུ་ཇི་སྲིད་རྟོག་པས་སྒྲོ་མ་བཏགས་ཀྱི་བར་དུ་ཡུལ་དེ་བློ་ངོར་མི་འགྲུབ་པ་ལྟ་བུ་ཞིག་ཡིན་དགོས་ལ། དེ་ལྟ་བུར་ཡུལ་མེད་པ་ལ་ཡོད་པར་སྒྲོ་འདོགས་པའི་འཁྲུལ་སྣང་འབའ་ཞིག་ཙམ་དུ་སྣང་བ་འདི་ཀུན་མགོ་མཉམ་ན། རྟེན་འབྱུང་གི་སྣང་བ་བསླུ་མེད་འདི་ཀུན་སངས་རྒྱས་ལ་མི་སྣང་བར་ཐལ་ཏེ། དེ་ལ་འཁྲུལ་བས་སྒྲོ་འདོགས་པ་མི་མངའ་བའི་ཕྱིར་རོ། །གལ་ཏེ་གཟིགས་ན་འཁྲུལ་བས་སྒྲོ་འདོགས་པ་ཡང་མངའ་བར་ཁས་བླངས་སོ། །གལ་ཏེ་བློས་བཏགས་པ་ཞེས་པ་དེ་མ་འཁྲུལ་བ་ཞིག་ཡིན་ན་ནི་དངོས་པོ་ལ་གནས་པ་ཙམ་སྣང་བ་ཡིན་པས། མེ་རང་ལ་བཙོ་སྲེག་གི་དོན་བྱེད་པ་ཡོད་པ་སོགས་ཀྱང་རང་གི་གནས་ཚུལ་ལ་ཐ་སྙད་དུ་གྲུབ་ཀྱི་བློས་བཏགས་པ་ཁོ་ནར་མི་འགྱུར་རོ། །དེས་ན་དོན་དམ་དཔྱོད་པས་དཔྱད་ན་མ་གྲུབ་པ་ཙམ་གྱིས་ཐ་སྙད་ཀྱི་སྣང་བ་ཐམས་ཅད་སྒྲོ་བཏགས་དང་འཁྲུལ་སྣང་འབའ་ཞིག་ཏུ་མི་འགྱུར་ཏེ། ཐ་སྙད་ཀྱི་སྣང་བ་ལ་ཐ་སྙད་རང་ལ་ལྟོས་པའི་སྒྲོ་བཏགས་པ་དང་མ་བཏགས་པ་གཉིས་སུ་ཡོད་པས་ན་སྒྲོ་མ་བཏགས་པའི་ཐ་སྙད་ཀྱི་སྣང་བ་སྐྱོན་མེད་པ་ནི་ཐ་སྙད་དཔྱོད་པའི་ཚད་མས་གྲུབ་པ་ལ་འགལ་བ་གང་ཡང་མེད་དོ། །དེའི་ཕྱིར་བདེ་བར་གཤེགས་པས་ཆོས་ཐམས་ཅད་རྟོག་པའི་དབང་གིས་སྣང་བ་དང་། རྟོག་པས་བཏགས་པ་དང་། རྟོག་པས་བཞག་པ་ཙམ་དུ་གསུངས་པ་ནི། རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་


MR20_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཇི་ལྟར་སྣང་ཡང་དོན་དམ་དཔྱོད་པས་དཔྱད་ན་དེ་ལྟར་བདེན་པར་གྲུབ་པ་གང་ཡང་མེད་པའི་ཕྱིར་དེ་ལྟར་བདེན་གྲུབ་ཏུ་འཛིན་པ་ཐམས་ཅད་རྟོག་པས་བཏགས་པར་ཟད་དོ་ཞེས་གསུངས་པ་ཡིན་གྱི། ཐ་སྙད་པའི་ཚད་མའི་ངོར་དོན་རང་གི་ངོས་ནས་དོན་བྱེད་པར་ཚད་མས་གྲུབ་པ་ཙམ་དགག་པའི་དོན་མིན་ནོ། །གལ་ཏེ་དོན་རང་ངོས་ནས་ཚད་མས་གྲུབ་པ་མེད་ཀྱང་རྟོག་པས་སྒྲོ་བཏགས་པ་དེ་ཙམ་རྟོག་པའི་ངོར་ཚད་མར་གྲུབ་པ་ལ་འགལ་བ་ཅི་ཡང་མེད་དོ་སྙམ་ན། དོན་རང་གི་སྟེང་ན་མེད་ཀྱི་བློ་ཙམ་གྱིས་དེར་འགྱུར་ན། རྟག་བདག་སོགས་རྟོག་པ་ལ་སྣང་ཚད་ཚད་མས་གྲུབ་པས་ན་ཚད་མིན་གྱི་བློ་དང་དེའི་ཡུལ་གཞི་མ་གྲུབ་པར་འགྱུར་རོ། །ཚུལ་དེ་ལྟ་བུའི་ཕྱིར་ན། རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་ཀུན་རྫོབ་ཏུ་ཁས་བླངས་ནས་རིགས་པས་དཔྱད་པ་མི་བཅུག་པར་འཇིག་རྟེན་ན་གྲགས་པ་ལྟར་བདེན་པ་དང་རྫུན་པའི་རྣམ་གཞག་བྱེད་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཡིན་ཀྱང་རུང་། ཐ་སྙད་པའི་ཚད་མས་དཔྱད་ནས་ཀུན་རྫོབ་ལ་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་དབྱེ་བའམ། དོན་བྱེད་ནུས་པའི་རང་མཚན་ཁོ་ན་ལ་ཀུན་རྫོབ་ཏུ་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་སྟེ། དེ་དག་སུ་ཡི་ལུགས་ཡིན་ཀྱང་ཀུན་ཏུ་ཐ་སྙད་པའི་ཚད་མའི་ངོར་དོན་བྱེད་ནུས་པའི་དངོས་པོ་དང་། མི་ནུས་པའི་སྤྱི་མཚན་མགོ་མཉམ་པར་མི་འགྱུར་ཏེ། འཇིག་རྟེན་ལ་གྲགས་ཤིང་གྲུབ་པའི་ཐ་སྙད་ནི་སྣང་ངོར་དོན་དེ་བྱེད་པ་ལ་མི་བསླུ་བ་འདི་ཙམ་གྱིས་འཇོག་པ་ཡིན་ལ། དེ་ཡང་ཡུལ་དེ་ཉིད་ཀྱི་ངོས་ནས་ཡིན་ཏེ་རྟོག་ངོར་སྣང་བའི་མེ་ཡིས་བཙོ་སྲེག་གི་དོན་མི་བྱེད་ལ། མེ་རང་མཚན་གྱིས་དོན་དེ་བྱེད་པར་བསླུ་མེད་དུ་གྲུབ་པ་ལ་བསྙོན་མི་ནུས་པ་བཞིན་ནོ། །དེས་ན་དངོས་པོའི་གནས་ཚུལ་


MR20_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པ་དང་མི་མཐུན་པར་འཛིན་པའི་དབང་གིས་ཚད་མ་དང་ཚད་མིན་གྱི་བློ་གཉིས་སུ་དབྱེ་ཞིང་ཚད་མའི་བློས་བཟུང་བ་ལྟར་ཡུལ་ལ་གྲུབ་ཅེས་ཁས་བླང་དགོས་ཀྱི། གཞན་དུ་ན་ཚད་མ་དང་ཚད་མིན་གྱི་རྣམ་གཞག་དབྱེ་བར་ནུས་པ་མ་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །གཉིས་པ་ལ། རང་མཚན་མཚན་ཉིད་ཁྱབ་ཆེས་སྤང་། །སྤྱི་མཚན་མཚན་ཉིད་ཁྱབ་ཆེས་སྤང་། །དང་པོ། སྤྱི་དངོས་པོར་སྨྲ་བ་རྣམས་ན་རེ། གཞལ་བྱ་རང་མཚན་གྱི་མཚན་ཉིད་དོན་བྱེད་པ་དེ་སྤྱི་མཚན་ལའང་ཁྱབ་ཆེས་ཏེ་སྤྱིས་དོན་བྱེད་པས་སོ། །དེས་ན་སྤྱི་མཚན་རང་མཚན་གཉིས་ཀ་ལའང་དོན་བྱེད་པ་ཡོད་དོ་ཞེས་ཟེར། དེ་མི་འཐད་དེ། གལ་ཏེ་སྤྱི་མཚན་རང་མཚན་ཀུན་ལ་དོན་བྱེད་ནུས་པ་དེ་ཡོད་ན་སྤྱི༷་ཡི་མཚན་ཉིད་ཡོད་ན་སྤྱི་འཛིན་གྱི་བློ་ཡོད་པའི་རྗེས་སུ་འགྲོ་བ་དང་མེད་ན་ལྡོག་པའི་ཚུལ་མཐོང་དགོས་ནའང་དེ་མི་སྲིད་དེ་སྤྱི་རྟག་པ་རྟག་ཏུ་ཡོད་པས་སྤྱི་བློ་ཡང་རྟག་ཏུ་སྐྱེ་བར་ཐལ་ལ། ཡོད་ཀྱང་མི་སྐྱེ་ན་དེའི་རྒྱུ་མིན་ཞིང་དེ་ལ་ལྡོག་པ་མེད་པས་དེའི་འབྲས་བུའི་བློ་ཡིན་པར་ཡང་རྟོགས་མི་སྲིད་ལ། དེ་ལྡོག་ན་ནི་སྤྱི་བློ་རྟག་ཏུ་མི་སྐྱེ་བར་ཐལ་ཏེ། དེ་མེད་པའི་ངང་ཚུལ་དེ་ལས་ནམ་ཡང་གཡོ་མི་སྲིད་པའི་ཕྱིར་རོ། །དེས་ན་སྤྱིས་འབྲས་བུ་གཞན་མི་སྐྱེད་པ་ལྟ་ཅི་སྨོས་རང་འཛིན་གྱི་བློ་ཙམ་ལ་སྐྱེད་པའི་དོན་བྱེད་པའི་དངོས་པོར་མེད་དེ། དེ་དང་རྗེས་སུ་འགྲོ་ལྡོག་གི་ཚུལ་དེ་སྤྱི་འཛིན་གྱི་བློ་ལ་མ་མཐོང་བའི་ཕྱིར་དེས་དོན་བྱེད་པ་མིན་ཏེ་ཟླ་བ་གཉིས་མ་གྲུབ་ཀྱང་དེར་སྣང་གི་བློ་སྐྱེ་བ་བཞིན་ནོ། །དེས་སྐྱེད་ན་དེ་ཡོད་མེད་ཀྱི་རྗེས་སུ་ངེས་པར་བློ་འགྲོ་བས་ཁྱབ་སྟེ། དཔེར་ན་མིག་དབང་དང་གཟུགས་དང་སྣང་བ་དང་ཡིད་བྱེད་ལ་སོགས་པས་


MR20_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་བློ་སྐྱེད་པ་བཞིན་དུ་ཡིན་དགོས་ནའང་དེ་ལྟ་བུ་དེ་ལ་སྲིད་པ་མིན་ནོ། །འདི་ནི་མི་མཐུན་པའི་དཔེའོ། །དེས་ན་ཡུལ་མེད་ཀྱང་རྟོག་པ་གོམས་པའི་བག་ཆགས་ལས་ཡུལ་ལྟར་སྣང་བའི་བློ་ཉིད་འབྱུང་གི་དེ་ཡུལ་སྤྱི་སོགས་ཡོད་པ་ལ་གཏན་ལྟོས་དགོས་པ་མིན་ནོ། །སྤྱི་མཚན་དོན་བྱེད་མིན་པར་བསྟན་པ་དེས་ནི་མིང་གི་བརྡ་དང་ཡིད་བྱེད་ཀྱི་རྩོལ་བ་ཙམ་དང་སོགས་ཁོངས་ནས་སྔ་མའི་དོན་མཐུན་གྱི་ཡིད་བྱེད་གང་ཞིག་ནང་གི་རྣམ་པར་རྟོག་པའི་སེམས་ཀྱི་འདུ་བྱེད་པའི་ཡན་ལག་གམ་རྒྱུ་ཡི་རྗེས་སུ་འཇུག་པ་ཙམ་ལས་དོན་ཡོད་མི་དགོས་པའི་ཕྱིར། བུམ་པ་གྱེན་དུ་འདེགས་པ་དང་འཇོག་པ་སོགས་ལས་དང་། སྤྱི་དང་ནི་གྲངས་དང་རྣམ་པར་དབྱེ་བ་གཞན་གཞན་མིན་སོགས་ཀྱི་བློ་ཡང་ནི་ཕྱི་རོལ་དོན་དུ་གྲུབ་པའི་ཡུལ་ཅན་མིན་པར་བཤད་པ་ཡིན་ནོ། །ཇི་ལྟར་ན་བུམ་པ་ཇེ་མཐོར་འདེགས་པ་ལྟ་བུ་དེ་ཡང་རྒྱུན་གྱི་ཁྱད་པར་ཡུལ་ཐ་དད་པ་ཅན་གྱི་སྐད་ཅིག་གི་ཁྱད་པར་མངོན་སུམ་མཐོང་བ་ལ་བུམ་པ་འདེགས་ཞེས་བློས་སྒྲོ་བཏགས་པ་ལས་བུམ་པ་ལས་ཐ་དད་པའི་འདེགས་པའི་ལས་ཞེས་པ་ཅི་ཡང་དོན་དུ་མི་གྲུབ་བོ། །དེ་བཞིན་དུ་སྤྱི་ཡང་དོན་ལ་མ་གྲུབ་ལ། གྲངས་ཀྱང་རྫས་ལ་གཞན་སེལ་བའི་སྒོ་ནས་བཏགས་པ་སྟེ་སྔར་རྒྱས་པར་བཤད་པ་བཞིན་ནོ། །གཉིས་པ་ལ། དངོས་དང་རྩོད་པ་སྤང་བའོ། །དང་པོ། དོན་བྱེད་མི་ནུས་པ་སྤྱིའི་མཚན་ཉིད་ཡིན་ན། སྐྲ་ཤད་དང་ཟླ་གཉིས་རྨི་ལམ་སོགས་ཀྱང་དེར་ཐལ་ཏེ་དོན་མི་བྱེད་པའི་ཕྱིར་རོ་ཞེ་ན། སྐྲ་ཤད་སོགས་ནི་སྤྱི་མཚན་མིན་ཏེ་མེད་པ་གསལ་སྣང་ཙམ་ལས་དོན་མེད་པར་རྟོགས་པའི་ཕྱིར་དེ་ལ་དོན་དུ་ཞེན་པ་རྟོག་པའི་སྣང་ཡུལ་གྱི་མཚན་ཉིད་གང་ཡང་མེད་པའི་ཕྱིར་ཏེ་གསལ་བར་སྣང་


MR20_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་ཡིན་པའི་ཕྱིར་དོན་མི་བྱེད་ན་ཡང་སྤྱི་མཚན་ཡིན་པར་མི་འགྱུར་རོ། །གཉིས་པ། འོ་ན་དངོས་མེད་འཛིན་པའི་རྟོག་ཡུལ་ཀྱང་སྤྱི་མཚན་མ་ཡིན་པར་འགྱུར་ཏེ། དེ་ལ་དོན་དུ་ཞེན་པ་མེད་པའི་ཕྱིར་ཏེ་དངོས་མེད་ལ་དོན་གང་ཡང་མེད་པས་སོ་ཟེར་ན། དངོས་མེད་ལ་དོན་བྱེད་པ་མེད་ཀྱང་བློ་དེར་ཞེན་པ་མེད་པར་མི་འགྱུར་ཏེ། ཐ་སྙད་ཚད་མས་དགག་བྱ་དེ་མེད་པར་དགག་པའི་ཚུལ་གྱིས་ཤེས་བྱར་འཛིན་པའི་ཕྱིར་དངོས་པོ་མེད་པ་ཉིད་དུ་སྣང་བ་ལ་སྤྱི་མཚན་མིན་པའི་ཉེས་པ་དག་ཏུ་ཐལ་བར་མི་འགྱུར་རོ། །འོ་ན་སྐྲ་ཤད་སོགས་ཀྱང་ཤེས་བྱར་འཛིན་པའི་ཕྱིར་ཏེ་རྟོག་མེད་ཀྱི་ཡུལ་དུ་གསལ་བར་སྣང་བའི་ཚུལ་གྱིས་ཤེས་བྱར་འཛིན་པ་དང་དེ་ཡུལ་དུ་བྱེད་པའི་རྟོག་པས་ཀྱང་ཤེས་བྱར་འཛིན་པའི་ཕྱིར་སྙམ་ན། སྐྲ་ཤད་ལ་སོགས་པ་དེ་དག་གི་ཡང་སྣང་བ་ཙམ་ནི་ཤེས་བྱར་འཛིན་པ་དེ་ལྟའི་དངོས་པོ་ཡིན་པ་ནི་བཀག་པ་མེད་དོ། །འོ་ན་སྐྲ་ཤད་ལ་སོགས་པའང་སྤྱི་མཚན་དང་རང་མཚན་གཉིས་ཀ་ཡིན་པས་ཚད་མས་གཞལ་བྱ་གསུམ་པར་འགྱུར་རོ་ཞེ་ན། རྟོག་མེད་ལ་གསལ་བར་སྣང་བ་ཉིད་ནི་ཕྱི་རོལ་གྱི་ཡུལ་མེད་ཀྱང་ཤེས་པ་ཉིད་དེར་སྣང་བའི་ཤེས་པའི་ངོ་བོའི་དོན་ཉིད་དུ་གྱུར་བའི་ཕྱིར་རང་མཚན་ཡིན་ཞིང་། སྐྲ་ཤད་ལ་སོགས་པའོ་ཞེས་བྱའི་རྟོག་པའི་བློ་དག་ནི་སྐྲར་སྣང་ལ་སོགས་པ་དེའི་སྤྱི་ཡི་སྤྱོད་ཡུལ་ཅན་ཡིན་ལ། སྐྲར་སྣང་བ་ཡོད་པ་དེ་ཙམ་ལས་སྣང་བ་ལྟར་དོན་སྐྲ་ཤད་ཉིད་ཀྱི་རང་མཚན་ཅུང་ཟད་ཀྱང་མེད་པ་ཅན་ཡིན་ནོ། །དེས་ན་སྐྲ་ཤད་ཉིད་གཞལ་བྱ་ཕུང་གསུམ་པར་འགྱུར་བ་མ་ཡིན་ལ། དེར་སྣང་བ་ནི་རྟོག་མེད་ཀྱི་བློ་དང་། དེ་མེད་པར་རྟོག་པ་སོགས་ནི་རྟོག་བཅས་ཀྱི་བློ་ཙམ་མོ། །གལ་ཏེ་དེ་ལྟར་ན་བུམ་འཛིན་རྟོག་པ་ལ་སྣང་


MR20_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བུམ་པ་ལྟ་བུ་སྤྱི་མཚན་ནི་ཤེས་པའི་ངོ་བོའི་དོན་ཉིད་ཡིན་ན་དེ་ཡང་རང་མཚན་དུ་ཐལ་བར་འགྱུར་བས་ན་གཞལ་བྱ་གཉིས་གྲུབ་པར་མི་འགྱུར་རོ་ཞེ་ན། དེ་སྣང་བརྟག་ཕྱེས་ནས་རྟོག་ཡུལ་རང་གི་ངོ་བོ་དེ་ནང་བློ་ཡི་རྫས་སམ་ཕྱི་རོལ་གྱི་དོན་གང་ཡིན་དཔྱད་ན། ནང་ཤེས་པའི་ངོ་བོར་གནས་པས་ན་རང་མཚན་ཡིན་པ་དེ་ལྟར་འདོད་པའི་ཕྱིར་ཐལ་བས་གནོད་པ་གང་ཡང་ཡོད་པ་མ་ཡིན་ནོ། །འོ་ན་སྤྱི་མཚན་དོན་བྱེད་མི་ནུས་པ་ཞེས་པའི་གཞལ་བྱ་དེ་གཏན་ནས་མི་འགྲུབ་པའི་སྐྱོན་ཡོད་པར་འགྱུར་རོ་ཞེ་ན། དེ་འདྲའི་སྐྱོན་ཡོད་པ་མིན་ཏེ་ཐ་སྙད་དཔྱོད་པའི་སྐབས་ན་སྣང་བརྟག་གཅིག་ཏུ་ཞེན་པའི་དབང་དུ་བྱས་ནས་རྟོག་ཡུལ་གྱི་སྣང་བ་དེ་ཡུལ་ཅན་བློ་ལས་ཐ་དད་པ་ཡུལ་གྱི་ངོ་བོ་ཉིད་དུ་ཞེན་པ་དེའི་ངོར་དེ་ལ་སྤྱི་མཚན་དུ་འཇོག་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཤེས་རྣམ་དེ་ཕྱི་རོལ་དོན་གྱི་ངོ་བོ་ཉིད་ཀྱི་རྣམ་པར་སྒྲོ་བཏགས་ནས་ལྷག་པར་ཞེན་པའི་དབང་གིས་དོན་གྱི་སྤྱི༷་ཞེས་ཐ་སྙད་བྱས་པ་སྟེ། དོན་རང་མཚན་ཀུན་ལ་ཡང་དེའི་ངོ་བོ་ཙམ་དུ་འཛིན་པ་མཚུངས་པར་རྗེས་སུ་འགྲོ་བའི་ཕྱིར་བསམ་པའི་དབང་གིས་སྤྱིར་བཏགས་པ་དང་། དེ་ཡི་རྩ་བའང་ཞེན་ཡུལ་གྱི་དོན་དེ་དེ་མིན་ལས་ལྡོག་པ་གཞན་སེལ་ལ་བརྟེན་པའི་ཕྱིར་དེ་ལྟར་བཞག་པ་འཐད་པར་འགྱུར་རོ། །གཉིས་པ་སྤྱི་མཚན་རང་མཚན་གྱི་ཁྱད་པར་ལ། སྤྱི་ཡི་ཁྱད་ཆོས་དངོས་སུ་བསྟན། །དེ་ལྡན་སྤྱི་ཡི་དབྱེ་བ་བཤད། །དང་པོ་ལ། སྤྱི་ནི་དངོས་མེད་རིགས་པས་བསྒྲུབ། །བཟློག་པ་རང་མཚན་དངོས་པོར་བཤད། །དང་པོ་ལ། རིགས་པ་རྣམ་བདུན་བསྟན་པ་དང་། །དེ་ཕྱིར་དངོས་མེད་གྲུབ་པའོ། །དང་པོ་ལ། སྒྲ་ཡིས་བརྗོད་བྱ་ཡིན་པ་དང་། །གཅིག་དང་གཞན་དུ་མེད་པ་དང་། །དོན་མེད་པ་དང་

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


MR20_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་བསྒྲུབ། །ཐུན་མོང་རྗེས་འགྲོའི་སྤྱི་ཉིད་ཡིན། །འབྲས་བུ་ཉིད་དུ་མི་འཐད་དང་། །བརྡ་ལ་ལྟོས་པ་ཡིན་པ་དང་། །ཡན་གར་མི་སྣང་རྟགས་ཀྱིས་བསྒྲུབ། །དང་པོ་ལ། རིགས་པ་དངོས་དང་དེ་ལན་དགག །དང་པོ། སྤྱི་མཚན་ནི་སྒྲའི་དངོས་ཀྱི་བརྗོད་བྱ་ཉིད་ཡིན་པའི་ཕྱིར་དེ་ལ་དངོས་པོ་རང་མཚན་པ་གང་ཡང་ཡོད་པ་མིན་ནོ། །དེ་དངོས་པོ་རང་མཚན་པ་ཡིན་ཀྱང་ཅི་འགལ་སྙམ་ན། བུམ་པ་ཞེས་པའི་སྒྲ་ལས་དབང་པོ་སོགས་མེད་པར་ཡང་བུམ་པའི་རང་མཚན་རྟོགས་ཟིན་པས་ན་དབང་སོགས་དགོས་མེད་དུ་ཐལ་ན་ཡང་དེ་ལྟ་མ་ཡིན་པར་དབང་ཡུལ་སོགས་འབྲས་བུ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་སྒྲས་དངོས་ཀྱི་བརྗོད་བྱ་སྤྱི་དེ་སྒྲ་ལ་བརྟེན་ནས་རྟོགས་སུ་ཟིན་ཀྱང་དབང་ཡུལ་སོགས་ལ་བརྟེན་ནས་རང་མཚན་དངོས་རྟོགས་པ་ཡོད་པའི་ཕྱིར་སྒྲའི་ཡུལ་ལ་རང་རྐྱ་ཐུབ་པའི་དངོས་པོ་གང་ཡང་ཡོད་པ་མིན་ནོ། །གཉིས་པ་ལ། བརྗོད་བྱ་མིང་སོགས་དངོས་ཡིན་དགག །སྤྱི་རྐྱང་དངོས་པོ་ཡིན་པ་དགག །རང་མཚན་ལྐོག་གྱུར་ཡིན་པ་དགག །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་འགོག་པའོ། །དང་པོ། སྤྱི་འཛིན་གྱི་ཤེས་པ་ལ་ཡུལ་དེས་བསྐྱེད་པའི་དོན་བྱེད་པ་ཡོད་པར་འདོད་པ་རྣམས་ཀྱི་ཞེ་འདོད་ནི། ཤེས་པ་ལ་ཡུལ་མེད་པ་མི་སྲིད་ལ་ཡུལ་དེས་ཤེས་པ་དེ་བསྐྱེད་པའི་ཕྱིར་སྤྱི་འཛིན་ལའང་དེ་སྐྱེད་བྱེད་ཡིད་ཀྱི་དབང་པོའི་གཟུང་ཡུལ་གྱི་དོན་རང་རྐྱ་བ་ཡོད་པར་འདོད་པ་ཡིན་པས་དེ་དགག་པ་ལ་གསུམ་གྱི། དང་པོ། མང་པོས་བཀུར་བའི་སྡེ་པ་དག་ན་རེ། སྒྲས་བརྗོད་བྱ་ནི་མིང་དང་སོགས་ཁོངས་ནས་མཚན་མ་ཡིན་ཏེ། མིང་ཞེས་པ་བརྡའ་དང་མཚན་མ་


MR20_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟོ་ལྡིར་བ་སོགས་ཀྱི་རྣམ་པ་ཅན་ཏེ། དེ་གཉིས་ནི་ལྡན་མིན་འདུ་བྱེད་ཀྱི་རྫས་ཡིན་ལ་སྒྲས་བརྗོད་བྱའང་དེ་ཡིན་ཏེ་མིང་རང་མཚན་དངོས་སུ་བརྗོད་ནས་དེ་ལས་མཚན་མ་ལ་འཇུག་དེ་ལས་དོན་ལ་འཇུག་པ་ཡིན་པས་དབང་པོ་སོགས་འབྲས་བུ་མེད་པར་མི་འགྱུར་ལ། སྒྲའི་བརྗོད་བྱ་དངོས་པོ་མེད་པར་མི་འགྱུར་རོ་ཞེ་ན། མིང་ཞེས་པའི་རྫས་དེ་འཆད་པོ་དང་ཉན་པོ་ཡི་བློ་དང་འབྲེལ་བ་ཞིག་ཡིན་ནམ། བརྗོད་བྱ་དོན་རང་མཚན་དང་རྗེས་སུ་འབྲེལ་པ་ཅན་ཞིག་ཡིན་ནམ། མིང་སོགས་དེ་བློ་དང་ཡུལ་གང་དང་ཡང་འབྲེལ་པ་མེད་པ་ཅན་ཞིག་ཡིན་ཞེས་དྲི་བ་མཛད་པའོ། །གཉིས་པ་ལ། བློ་དང་འབྲེལ་བའི་མིང་དངོས་དགག །འབྲེལ་བ་མེད་པའི་མིང་སོགས་དགག །དོན་དང་འབྲེལ་བ་དགག་པའོ། །དང་པོ་ལ། ཐལ་བ་བརྗོད་དང་སྐྱོན་སྤོང་དགག །དང་པོ། བློ་དང་འབྲེལ་བ་ཞིག་ཡིན་ན་བློ་དང་འབྲེལ་བའི་དངོས་པོ་དེ་ཙམ་བརྗོད་པར་འགྱུར་གྱི་དེས་འབྲེལ་མེད་ཀྱི་དོན་གཞན་ལ་གོ་ཞིང་འཇུག་པར་མི་འགྱུར་རོ། །གཉིས་པ་ལ། ལན་དགག་རང་ལ་མི་མཚུངས་པའོ། །དང་པོ། གལ་ཏེ་སྒྲས་བརྗོད་བྱ་དེ་དོན་ལ་འཇུག་པ་ཡིན་ཏེ། མིང་སོགས་ལྡན་མིན་དེ་དང་དོན་རང་མཚན་གཉིས་ཚུལ་འདྲ་བ་ཡི་རྒྱུ་མཚན་ལས་སྐྱེས་བུས་གཅིག་ཏུ་འཁྲུལ་ནས་འཇུག་པར་འགྱུར་རོ་ཞེ་ན། འདྲ་བ་ལ་འཁྲུལ་ན་རེས་འགའ་འཁྲུལ་གྱི་དུས་ཀུན་དང་ཡུལ་ཀུན་ལ་ཁྱད་མེད་པར་འཁྲུལ་བ་མིན་ཏེ་དབང་ཡུལ་གྱི་དོན་ཐ་དད་དུ་ཡོད་པ་དེ་ཐ་དད་དུ་དམིགས་ནས་རེས་འགའ་མ་འཁྲུལ་བའང་སྲིད་དགོས་ན། སྒྲས་བརྗོད་བྱ་རང་མཚན་དང་གཅིག་ཏུ་ནམ་ཡང་ཞེན་པ་སྐྱེ་བ་ལ་རེས་འགའ་སྒྲས་བརྗོད་བྱ་དངོས་སུ་གྱུར་པའི་མིང་སོགས་དེ་བརྗོད་པར་མཐོང་བ་


MR20_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་གནོད་དོ། །གཉིས་པ་ལ། རྣམ་བཅས་པ་ལ་དེ་མི་མཚུངས། །མིང་སོགས་རྣམ་བཅས་ཀྱང་མི་འཐད། །དང་པོ། སྒྲས་བརྗོད་བྱ་ཤེས་པའི་རྣམ་པ་ལ་འདོད་པ་ལའང་སྐྱོན་དེ་མཚུངས་སོ་ཞེ་ན། ཤེས་པའི་རྣམ་པ་བརྗོད་བྱར་འདོད་པ་ལ་སྐྱོན་དེ་མཚུངས་པར་འཇུག་པ་མིན་ཏེ། སོ་སོར་འདྲ་བར་མཐོང་ནས་འཁྲུལ་བ་མ་ཡིན་པར་ཡུལ་བུམ་པ་ལ་སོགས་པའི་རྣམ་པ་དེ་འདྲའི་བློ་སྐྱེ་བའི་ཕྱིར་བློས་བུམ་པ་རང་མཚན་ཉིད་དམིགས་པ་ལྟ་བུར་གྱུར་ནས་རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་བས་ན་རྟོག་པ་ཡིན་ཕན་ཆད་ཡུལ་རང་མཚན་དང་སྣང་བརྟག་གཅིག་ཏུ་འཛིན་པ་ཡིན་པས་རེས་འགའ་མ་འཁྲུལ་ནས་ཡུལ་ལ་མི་འཇུག་པ་མེད་ལ། གཞན་རྣམ་མེད་པའི་ལུགས་ལ་དེ་མེད་དེ། དེ་དག་གི་ལུགས་ལ་ཕྱི་རོལ་གྱི་དོན་དུ་རྣམ་པར་སྣང་བ་ཡི་བློ་ནི་ཁས་ལེན་པ་མེད་པའི་ཕྱིར་རོ། །དེས་ན་ཡུལ་ལྟར་ཤར་བའི་བློ་རྣམ་བརྗོད་བྱ་མིན་པར་རང་མཚན་གོ་བའི་མིང་སོགས་ཡོད་དུ་ཆུག་ཀྱང་དེ་བརྗོད་པས་གཞན་ལ་དུས་ཀུན་འཁྲུལ་བ་མི་འཐད་དེ། གཉིས་ཀ་ཆོས་ཐ་དད་པར་ཡོད་པ་རེ་རེ་ཡིན་པས་མཚེ་མ་ལྟ་བུའི་སྐྱེས་བུ་གཉིས་རེས་འགའ་ནོར་ཡང་ཡུལ་དུས་ཐམས་ཅད་དུ་ནོར་མི་སྲིད་པ་བཞིན་ནོ། །གཉིས་པ་ལ། དངོས་དང་དེ་ལན་འགོག་པའོ། །དང་པོ། གལ་ཏེ་མིང་སོགས་ཉམས་སུ་མྱོང་བའི་སྤྱི་འཛིན་གྱི་བློ་དེ་ཉིད་རྣམ་བཅས་སུ་ཁས་ལེན་ན་ཡང་སྣང་ཡུལ་དེ་མིང་དང་མཚན་མ་ཞེས་པའི་ལྡན་མིན་འདུ་བྱེད་ཡིན་ལ། དེ་རྣམ་ཤེས་ལས་ཐ་དད་པ་ཉིད་ཀྱི་དངོས་པོར་འདོད་ན་ཐ་དད་པ་ཡིན་པ་ལ་དེ་སྒྲུབ་ཀྱི་ཚད་མ་ཅན་མིན་ཏེ། ཡུལ་དེ་ལྡོག་པས་དེ་འཛིན་ལྡོག་པ་གྲུབ་པ་མེད་པའི་ཕྱིར་རོ། །དེ་ཡང་ཡུལ་ཀ་བ་ལྟ་བུ་ལོག་ན་ཀ་བ་འཛིན་


MR20_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མངོན་སུམ་གྱི་བློ་ལྡོག་པ་ཡིན་པས་ཀ་བ་ནི་རང་འཛིན་ཤེས་པ་བསྐྱེད་པའི་དོན་བྱེད་པར་གྲུབ་ཀྱང་སྤྱི་བློའི་སྣང་ཡུལ་དེ་གང་དུ་མེད་པ་ན་དེའི་བློ་ལྡོག་པ་ནམ་ཡང་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ནམ་དམིགས་པ་དེ་ན་དེ་ཡོད་དོ་ཞེ་ན། གང་དུ་དེ་དམིགས་མི་རུང་བའི་ཕྱོགས་དང་དུས་མེད་པས་ན་ཐམས་ཅད་དུ་ལྡོག་པ་མེད་པར་དམིགས་པར་འགྱུར་ཏེ་བུམ་པ་ཡོད་པའི་ས་ཕྱོགས་སུ་བུམ་པ་དམིགས་པ་བཞིན་ནོ། །དེ་ལ་ཡིད་མ་གཏད་པས་དུས་ཀུན་ཏུ་དམིགས་པར་མི་འགྱུར་རོ་ཞེ་ན། གང་ཤིན་ཏུ་ཉེ་བར་ཡུལ་དུ་ཡོད་པ་དེ་ལ་གོ་རིམ་སྔ་ཕྱིར་སྣང་བ་མི་སྲིད་དེ་ཁྲ་བོ་མཐོང་བ་བཞིན་ཐམས་ཅད་ཅིག་ཅར་དམིགས་དགོས་སོ། །དེས་ན་སྤྱི་བློ་ནི་བརྡ་དང་རྩོལ་བ་ལོག་མ་ལོག་གི་རྗེས་སུ་བྱེད་ཀྱི་ཡུལ་ལོག་མ་ལོག་གི་རྗེས་སུ་མི་བྱེད་དོ། །བརྡ་དང་རྩོལ་བ་ནི་ནང་གི་ཡན་ལག་ཡིན་ལ་དེ་ཡོད་ཀྱང་མིང་མཚན་མའི་ཡུལ་མེད་ན་དེ་བློ་མི་སྐྱེ་བ་དཔེར་ན་བུམ་པས་སྟོང་པའི་ཕྱོགས་སུ་བུམ་པ་ལ་ཆེད་དུ་ཡིད་གཏད་ཀྱང་བུམ་འཛིན་མངོན་སུམ་མི་སྐྱེ་བ་བཞིན་དུ་མིང་སོགས་དོན་གྱི་དངོས་པོ་དེ་ལོག་ན་ནང་གི་ཡན་ལག་ཚང་ཡང་དེ་བློ་ལྡོག་པར་གྲུབ་ན་ནི་དེ་ཉིད་བློ་དེའི་གཟུང་དོན་ཡིན་པར་འགྲུབ་ཀྱང་དེ་འདྲ་མི་སྲིད་དོ། །གཉིས་པ་ལ། ཤེས་ཀུན་དོན་ལྡན་ལ་གནོད་སྟོན། །དོན་ལྡན་རྟོག་པས་གནོད་ཚུལ་ལོ། །དང་པོ། གཟུང་དོན་མིང་སོགས་ཀྱི་དངོས་པོ་དོན་གཞན་པ་དེ་ལོག་པའམ་མེད་ཀྱང་དེ་བློ་ལྡོག་པར་མ་མཐོང་བ་ཞེས་པ་འདི་མ་གྲུབ་སྟེ། བློ་ལ་ཡུལ་གང་ཡང་མ་ཤར་ན་ནི་ཡུལ་མེད་མོད་ཤར་ཕན་ཆད་ཤེས་པ་ཡིན་ནོ་ཅོག་ཀུན་གཟུང་དོན་དང་ལྡན་པའི་ཕྱིར་ཡུལ་ཡོད་པ་འབའ་ཞིག་ཏུ་གྲུབ་པས་ན་ཤེས་པ་ལས་ཐ་དད་པའི་ཡུལ་མེད་པའི་བློ་ཞིག་ནམ་ཡང་མི་འགྲུབ་པས་ཡུལ་ལ་


MR20_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྟོས་པར་ནང་གི་ཡན་ལག་ཙམ་ལས་བློ་རང་ཉིད་ཡུལ་གྱི་རྣམ་པར་ཤར་བ་ཞེས་པ་དེ་མ་གྲུབ་པ་ཁོ་ན་འོ་ཞེ་ན། དེ་འཐད་པ་མིན་ཏེ་རྨི་ལམ་དང་སྐྲ་ཤད་སྣང་བ་སོགས་ཤེས་པ་ལས་ཐ་དད་པའི་གཟུང་དོན་ཅན་མིན་པར་རྣམ་པ་གཞན་གཟུང་དོན་མེད་པའི་ཤེས་པ་ཙམ་དུ་མཐོང་བའི་ཚད་ཕྱིར་ཤེས་པ་ཡིན་ན་རང་ལས་ཐ་དད་པའི་གཟུང་དོན་ཅན་དུ་མི་འགྲུབ་བོ། །རྨི་ལམ་སོགས་ཀྱི་ཤེས་པ་ལ་ཤེས་པ་ལས་ཐ་དད་པའི་གཟུང་དོན་མེད་པ་མ་ཡིན་ཏེ། ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྱུར་པ་དེ་བློ་དེའི་གཟུང་དོན་ཡིན་ནོ་ཞེ་ན། རྨི་སོགས་ཀྱི་ཤེས་པ་དེ་ལྡན་མིན་འདུ་བྱེད་ལས་ཀྱང་སྐྱེ་བ་མིན་ཏེ་ལྡན་མིན་ལ་གཟུགས་སུ་སྣང་བ་མེད་ཀྱང་རྨི་སོགས་ཀྱི་ཤེས་ཡུལ་དེ་ལ་སྔོ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་རྣམ་པར་སྣང་བ་ཡོད་པའི་ཕྱིར་རོ། །དེ་འདྲའི་སྣང་བ་དེ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཞེས་བྱ་བ་ཡིན་ནོ་ཞེ་ན། སྣང་ཡུལ་གཟུགས་སུ་སྣང་བའི་ཆ་ནས་དེར་འདོགས་པ་ལ་རྩོད་པ་མེད་ཀྱང་ཤེས་པ་ལས་ཐ་དད་པའི་གཟུགས་ཞེས་བྱ་བ་ཅུང་ཟད་མ་ཡིན་ཏེ། ཁང་མིག་ཆུང་ངུའི་ནང་དུ་ཉལ་བའི་མིས་ཕྱོགས་ཀྱི་གོ་ས་ཐམས་ཅད་གླང་པོ་ཆེས་གང་བར་རྨིས་ཀྱང་དེས་གཟུགས་ཅན་གཞན་འཇུག་པའི་གོ་མི་འགོག་པས་ན། དེ་འདྲའི་སྣང་བ་དེ་ལ་ཕན་ཚུན་ཐོགས་པ་མེད་པའི་ཕྱིར་ན་གཟུགས་རང་མཚན་སྔོ་སོགས་མིན་ཏེ་གཟུགས་རང་མཚན་པ་ལ་མི་ཐོགས་པ་མི་སྲིད་དོ། །དེས་ན་ནང་དེར་གླང་པོ་འོངས་པའང་མིན་ལ་ཤེས་པ་ལུས་ལས་ཕྱིར་དོན་པ་མིན་པའི་ཕྱིར། དོན་ན་ལུས་ལ་ཤེས་པ་ལྡོག་ནས་ཤི་བར་ཐལ་བའི་ཕྱིར་རོ། །གཉིད་ལོག་པའི་སྟོབས་ཀྱིས་ཡུལ་གཞན་ཐོགས་མེད་དུ་མཐོང་བ་མིན་ཏེ་དེའི་ཡུལ་རུང་བར་གནས་པ་གཞན་གྱིས་ཀྱང་མཐོང་


MR20_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐལ་བའི་ཕྱིར་རོ། །ཤེས་པ་ཆ་གཅིག་ལུས་ལ་གནས་ནས་ཆ་གཅིག་ཕྱིར་ཐོན་པ་མིན་ཏེ་རྒྱུད་གཉིས་སུ་ཐལ་བའི་ཕྱིར་རོ། །དེས་ན་སེམས་ཀྱི་སྣང་བ་ཙམ་ལས་ཡུལ་གཞན་སེམས་ལ་སྣང་པ་གང་ཡང་མིན་ནོ། །གཞན་ཡང་དེ་རང་འཛིན་ཤེས་པ་སྐྱེད་ནུས་ཀྱི་དངོས་པོ་ཞིག་ཡིན་ན། གང་གིས་སྔོ་སོགས་དེ་དམིགས་པའི་ཡུལ་དེ་ཉིད་དུ་བློ་གཏད་པའི་གང་ཟག་གཞན་རུང་བའི་ཡུལ་ན་གནས་པས་ཀྱང་ཅིག་ཤོས་ལྟར་འཛིན་རིགས་ནའང་། དེ་དག་གིས་མི་ཤེས་པ་དེ་ནི་དེ་འདྲའི་རྣམ་པ་ཤར་བའི་གང་ཟག་རང་ཉིད་ཁོ་ནས་ཤེས་ཕྱིར་སྣང་བ་དེ་རང་གི་ཤེས་པ་དེར་སྣང་བ་ཙམ་ལས་ཤེས་པ་དེ་སྐྱེད་པའི་གཟུང་དོན་གཞན་མེད་པ་ཡིན་ནོ། །རིགས་པ་དེས་ནི་མིང་མཚན་མ་སོགས་ཤེས་པ་ལས་ཐ་དད་པའི་ཡུལ་དུ་ཡོད་པར་འདོད་པའང་མི་འཐད་པར་བརྗོད་པ་ཡིན་ནོ། །གཉིས་པ། མིག་དང་རྣ་བ་ལ་སོགས་པའི་བློ་གཟུང་དོན་ལ་མ་འཁྲུལ་བར་འདོད་པ་དེ་ཉིད་གཟུང་དོན་དང་ལྡན་པ་ཡིན་པར་རྒྱུ་མཚན་གང་གིས་དེ་ལྟར་འདོད་པ་ཡིན་ཞེས་དྲིས་པ་ན། ཕ་རོལ་པོ་དེ་དག་ན་རེ། གལ་ཏེ་དེ་ནི་གཟུང་དོན་མེད་ན་དབང་སོགས་ཡོད་ཀྱང་དེའི་ཡུལ་ཅན་གྱི་བློ་སྐྱེ་བར་མ་མཐོང་ཞིང་། གཟུང་དོན་དེ་ཡོད་པ་ན་དོན་དེའི་ནུས་པས་ཤེས་པ་བསྐྱེད་པར་མཐོང་བའི་ཕྱིར་དེ་ནི་གཟུང་དོན་དང་ལྡན་པར་འདོད་དོ་ཞེ་ན། གཟུང་དོན་ཅན་གྱི་ཤེས་པ་ལ་དོན་གྱིས་སྐྱེད་པའི་བྱ་བ་བྱེད་པའི་ནུས་པ་མཐོང་བ་དེ་མིང་སོགས་ལ་མེད་པའམ་ལྡོག་པས་ན། གཞན་པ་མིང་སོགས་འཛིན་པའི་སྤྱི་བློ་ནི་གཟུང་དོན་མེད་པ་ཅན་དུ་དོན་གྱིས་ཐོབ་པར་འགྱུར་ཏེ་དོན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་དེ་རྣམ་པ་ཀུན་ཏུ་མི་འགྲུབ་པར་དོན་ལ་ལྟོས་པ་མེད་པར་ཤེས་པ་རང་གིས་གང་འདོད་དུ་སྤྲུལ་བཏུབ་པའི་ཕྱིར་རོ། །


MR20_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཤེས་ཀུན་གཟུང་དོན་ཅན་ཡིན་ན་འཁྲུལ་ཤེས་གཏན་མེད་པར་འགྱུར་བས་ན་ཟླ་བ་གཉིས་སྣང་བཞིན་དུ་ཕྱི་རོལ་དོན་གྱིས་སྟོང་པས་ཤེས་པ་གྲུབ་པ་ཡིན་ནོ། །གཉིས་པ། བློ་དང་དོན་གང་ལ་ཡང་མིང་སོགས་དེ་འབྲེལ་བ་མེད་ན་ཡང་སྒྲ་ཡིས་བརྗོད་བྱ་མིང་སོགས་དེ་ཁོ་ན་ཤེས་སུ་ཆུག་ཀྱང་། སྒྲ་དེ་དོན་རང་མཚན་ལ་འཇུག་པར་མི་འགྱུར་ཏེ་འབྲེལ་མེད་གཞན་བརྗོད་པས་གཞན་ལ་འཇུག་ན་ཧ་ཅང་ཐལ་ཏེ་ཀ་བ་བརྗོད་པས་བུམ་པའང་གོ་བར་འགྱུར་རོ། །གསུམ་པ། གལ་ཏེ་སྒྲས་བརྗོད་བྱ་མིང་སོགས་དེ་དོན་རང་མཚན་དང་འབྲེལ་བ་ཅན་ནམ་ལྡན་པ་ཡིན་ནོ་ཞེ་ན། འདས་པ་དང་མ་འོངས་པ་སྒྲས་བརྗོད་བྱ་མིན་པར་ཐལ་ཏེ། འདས་མ་འོངས་ཀྱི་དོན་དང་དེ་ལ་འབྲེལ་བའི་མིང་སོགས་དེ་ནི་ཟད་པ་སྟེ་འགག་པ་དང་མ་སྐྱེས་པའི་ཕྱིར་རོ། །འབྲེལ་བ་ཅན་མེད་པར་ནི་འབྲེལ་བ་ཡོད་པར་མི་རིགས་པར་བསྒྲུབས་ཟིན་ལ། གལ་ཏེ་འདས་མ་འོངས་ཀྱང་རྫས་སུ་འདོད་པས་སྐྱོན་མེད་སྙམ་ན། ཡོད་ན་ཅི་ཕྱིར་དམིགས་པར་མི་འགྱུར། འདས་མ་འོངས་ཀྱི་མཚན་ཉིད་ཅན་དུ་ཡོད་པས་ད་ལྟ་མི་དམིགས་སོ་ཞེ་ན། དེ་ལྟར་ན་དེ་བསྒྲིབས་པ་ཙམ་ཡིན་པས་སྒྲིབ་བྱེད་ལ་གནོད་པ་བྱུང་ན་དངོས་སུ་སྣང་བར་འགྱུར་ཞིང་། གཞན་ཡང་གཟུགས་འདས་པ་ལ་སོགས་གཟུགས་ཀྱི་དངོས་པོར་ཡོད་ན་ནི་མི་ཐོགས་པ་མི་སྲིད་ལ། དེ་འདྲའི་འདས་མ་འོངས་ཀྱི་དངོས་པོ་དེ་ཡུལ་དུས་གང་ཞིག་ན་གནས་པ་ཡིན་ཏེ། འཇིག་རྟེན་ཡིན་ཚད་ཀྱི་གོ་ན་ནི་གནས་པ་མི་སྲིད་ལ། འཇིག་རྟེན་མ་ཡིན་པའི་གོ་སྐབས་གཞན་ནི་མི་སྲིད་དོ། །གཟུགས་སོགས་ཀྱི་དངོས་པོར་མེད་ན་ནི་དེ་ཡོད་དོ་ཞེས་བཏགས་པ་དོན་མེད་ཅིང་། གལ་ཏེ་དེ་


MR20_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཏགས་རུང་ན་ནི་མོ་གཤམ་གྱི་བུ་ལ་སོགས་པ་ཡང་དངོས་པོར་ཁས་བླང་པར་བྱོས་ཤིག །དེས་ན་འདས་མ་འོངས་སོགས་སུ་བློས་བཏགས་པ་ཙམ་ལས་དོན་བྱེད་ནུས་པའི་དངོས་པོར་གང་ཡང་མེད་པ་ལ་ལྷག་པར་སྒྲོ་བཏགས་པ་ནི་ཅིར་ཡང་མི་རུང་ངོ་། །གཉིས་པ་སྤྱི་བརྗོད་བྱར་འདོད་པ་ལ། སྤྱི་རྐྱང་བརྗོད་བྱར་མི་འཐད་དང་། །འཐད་ན་རྣམ་སོགས་མི་སྣང་ཐལ། །དང་པོ་ལ། དངོས་དང་དེ་ལན་འགོག་པ་གཉིས། །དང་པོ། སྤྱི་སྨྲ་བ་རྣམས་ན་རེ། སྒྲ་ཡིས་བརྗོད་བྱ་ནི་སྤྱི་ཡན་གར་བ་ཡིན་ལ་དེ་ནི་སྒྲས་བརྗོད་པའི་ཕྱིར་སྤྱི་བློའི་ཡུལ་ཡང་དེ་ཡིན་ལ། དེ་འདྲའི་སྤྱི་དངོས་པོ་བ་དེ་ནི་དབང་པོའི་གཟུང་དོན་དུ་ཡོད་པ་ཁོ་ན་ཡིན་པས་སྒྲས་བརྗོད་བྱ་དངོས་པོར་ཡོད་ལ་གལ་ཏེ་རང་མཚན་བརྗོད་ན་དབང་སོགས་དོན་མེད་དུ་ཐལ་བ་དང་། འདས་མ་འོངས་སྒྲས་མི་བརྗོད་པར་ཐལ་བ་སོགས་གོང་གི་ཐལ་བར་འགྱུར་བ་དེ་འཇུག་པར་མི་འདོད་དོ་ཞེ་ན། དེ་འཐད་པ་མིན་ཏེ། གསལ་བ་ལས་ཐ་དད་པའི་སྤྱི༷་ནི་ཡན་གར་བ་བརྗོད་དུ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ན་སྤྱི་ཡན་གར་བ་དངོས་པོར་གྱུར་བ་ཞིག་གཞི་མ་གྲུབ་བས་དེ་མེད་པར་སྒྲ་རྟོག་འཇུག་མི་རུང་ན་སྒྲ་རྟོག་འཇུག་པ་གཏན་ནས་མི་སྲིད་པར་འགྱུར་རོ། །སྤྱི་འཛིན་པ་ན་ཡང་ཁྱད་པར་དང་བཅས་ནས་མ་བཟུང་བ་ཞིག་ན་ཁྱད་པར་གྱི་གཞི་ཉིད་དུ་མ་བཟུང་བས་སྤྱི་ཉིད་དུའང་མི་རུང་ངོ་། །གལ་ཏེ་སྤྱི་ཡན་གར་བ་དེ་བརྗོད་པ་ཡིན་དུ་ཆུག་ན་ཡང་། རང་གི་ངོ་བོ་གསལ་བ་རྣམས་ལས་ཐ་དད་པར་ཡན་གར་དུ་གནས་པ་དེ་གསལ་བ་རྣམས་དང་མཚུངས་པའང་མིན་པ་དང་། གསལ་བས་གསལ་བ་ཉིད་ཀྱང་མིན་པར་འགྱུར་ཏེ་གསལ་བ་མཐོང་ཡང་ཡན་གར་བའི་སྤྱི་མཐོང་བ་ལ་མི་ཕན་པས་


MR20_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཞན་ཡང་གསལ་བས་དེ་གསལ་བ་མིན་ཏེ་དེ་ནི་འདིའི་སྤྱིའོ་ཞེས་འབྲེལ་བ་གང་ཡང་མེད་པའི་ཕྱིར་རོ། །ཇི་ལྟར་ན་ཐ་དད་པ་འབྲེལ་བ་ཅན་ནི་སྐྱེ་བ་གཞན་དབང་ངམ། རྟོགས་པ་གཞན་དབང་གིས་ཡིན་ཏེ། སྐྱེ་བ་གཞན་དབང་ནི་མྱུ་གུ་སྐྱེ་བ་ས་བོན་སོགས་ཀྱི་གཞན་དབང་ཅན་ཡིན་པས་དེ་དག་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ཡོད་པ་ཡིན་ལ། སྤྱི་རྟག་པ་ནི་གསལ་བའི་འབྲས་བུ་མ་ཡིན་པའི་ཕྱིར་དང་གསལ་བའི་རྒྱུ་ཡང་མ་ཡིན་ནོ། །རྟོགས་པ་གཞན་དབང་ནི་རིང་པོ་ལ་ལྟོས་ཏེ་ཐུང་ངུར་རྟོགས་པ་ལྟར་ལྟོས་ནས་བཏགས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ཀྱང་། སྤྱི་གསལ་བ་ལ་མི་ལྟོས་པར་དངོས་པོར་ཡོད་པའི་ཕྱིར་རོ། །དེས་ན་གསལ་བ་དེ་སྤྱིའི་སྐྱེད་བྱེད་ཀྱི་རྒྱུ་མིན་པས་ན་སྐྱེ་བ་གཞན་དབང་ངམ་དེ་ལ་བརྟེན་ནས་བྱུང་བ་མིན་ལ། ཀ་བུམ་བཞིན་ཐ་དད་པའི་དངོས་པོ་ཡིན་པའི་ཕྱིར་གསལ་བ་དེ་སྤྱི་དེའི་རྣམ་པར་བཞག་འཇོག་གི་རྒྱུ་ཡང་མིན་པས་རྟོགས་པ་གཞན་དབང་ངམ་བརྟེན་ནས་བཏགས་པའང་མིན་པའི་ཕྱིར་འབྲེལ་བ་གང་ཡང་མེད་པས་ན་གསལ་བས་སྤྱི་གསལ་བར་ག་ལ་འགྱུར་ཏེ་བ་ལང་གི་གསལ་བས་རང་དང་འབྲེལ་མེད་ཀྱི་ཀ་བའི་སྤྱི་མི་གསལ་བ་བཞིན་ནོ། །གསལ་བ་ལ་ལྟོས་མི་དགོས་པ་དེས་ན་དེའི་ངོ་བོ་རྟག་ཏུ་དམིགས་པར་འགྱུར་ཏེ། དེས་རང་བློ་སྐྱེད་པའི་དོན་བྱེད་ནུས་པ་གང་ཞིག །དེ་རྟག་ཏུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ། གལ་ཏེ་ཡང་གསལ་བ་རྣམས་ལས་སྤྱི་ཡན་གར་བ་རང་གི་ངོ་བོ་ཡང་མངོན་སུམ་གྱི་བློ་ལ་གསལ་བ་ཡིན་པས་རྟག་ཏུ་དམིགས་པར་ཐལ་བ་མེད་དོ་ཞེ་ན། སྤྱི་དེས་བདག་ལ་དམིགས་པའི་ཤེས་པ་སྐྱེད་པའི་དོན་བྱེད་པ་ཞིག་ན། དེ་རང་གི་ངོ་བོ་ཤེས་པ་སྐྱེད་ནུས་


MR20_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དེ་རྟག་ཏུའང་ནུས་པ་ཉིད་ཡིན་ཏེ་གསལ་བ་ལ་ལྟོས་པར་མི་འཐད་དོ། །གལ་ཏེ་གསལ་བ་མེད་པའི་དུས་འགའ་ཞིག་གི་ཚེ་ན་དེ་ལ་རང་བློ་སྐྱེད་པའི་ནུས་པ་མེད་ན། སྤྱི་དེ་ནི་གསལ་བ་ཡོད་ཀྱང་རུང་མེད་ཀྱང་རུང་དུས་ཀུན་གྱི་ཚེ་ནའང་རང་འཛིན་ཤེས་པ་སྐྱེད་པའི་ནུས་པ་མེད་པར་འགྱུར་རོ། །དེའི་རྒྱུ་མཚན་ནི་སྤྱི་དེ་ཡིས་རང་བློ་སྐྱེད་པར་ནུས་པའམ་ནུས་པ་མེད་པ་ཉིད། རང་གི་ངོ་བོ་ཉིད་ཀྱིས་གང་གནས་པ་དེ་ནི་རྟག་པའི་ཕྱིར་རྐྱེན་གྱིས་བཅོས་སུ་ཡོད་པ་མིན་ན་དེའི་མི་ནུས་པའམ་ནུས་པའི་གནས་སྐབས་དེ་ཟད་པར་བྱ་བའི་ཕྱིར་མཐུན་རྐྱེན་ནམ་འགལ་རྐྱེན་གྱི་ནུས་པ་འཇུག་པ་གང་ཡོད་དེ་ཡོད་པར་མི་སྲིད་དོ། །གཉིས་པ་རྣམ་སོགས་མི་སྣང་བར་ཐལ་བ་ནི། སྤྱི་ཡི་རྣམ་པར་ཤེས་པ་དེ་དང་ངོ་བོ་ཉིད་ཀྱིས་རྗེས་སུ་འབྲེལ་པ་སྔོན་པོ་ལ་སོགས་པའི་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པའི་ཆ་ནི་བསྙོན་མེད་དུ་རྣམ་པར་ངེས་པ་གང་ཡིན་པ་དེ་ནི་སྤྱི་འཛིན་པའི་བློའི་ཡུལ་དེ་ལ་གང་གིས་སྤྲུལ་པ་ཡིན་ཏེ། སྤྱི་བློས་སྤྱི་ཡན་གར་དུ་འཛིན་པར་ཁས་བླངས་ལ། སྤྱི་ཙམ་ནི་དབྱིབས་དང་ཁ་དོག་སོགས་ཀྱིས་སྟོང་པའི་རྟག་དངོས་གཅིག་པུ་བ་ཡིན་པར་འདོད་པས་དེ་ལ་དེ་སྣང་མི་རིགས་སོ། །དེ་ལྟ་ན་བུམ་པའི་སྤྱི་མཚན་སྣང་བའི་ཚེ་ན་མདོག་དང་ལྟོ་ལྡིར་བ་སོགས་ཀྱི་རྣམ་པ་སྣང་མི་རིགས་ཏེ། སྤྱི་ལ་རྣམ་པ་དེ་དག་མེད་བཞིན་མདའ་ལ་སྒྲོ་ལྟར་སུ་ཞིག་གིས་སྤྲུལ་པ་ཡིན། དེ་བུམ་གསལ་གྱིས་སྤྲུལ་ལོ་སྙམ་ན། སྤྱི་ཡན་གར་བ་འཛིན་པ་དེས་བུམ་གསལ་གཏན་མ་བཟུང་བས་དེའི་རྣམ་པ་དེ་ལ་འབྱུང་མི་སྲིད་དེ། ཀ་བ་འཛིན་པའི་བློ་ཡུལ་དུ་བུམ་པའི་རྣམ་པ་མི་འབྱུང་བ་བཞིན་ནོ། །དེས་ན་སྒྲའི་དངོས་ཀྱི་བརྗོད་བྱ་དེ་བརྗོད་བྱའི་དོན་གང་ཡིན་པ་ལས་ཐ་དད་པའི་དངོས་པོ་རང་མཚན་ཞིག་ཡིན་པར་


MR20_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན་ཕྱི་རོལ་གྱི་དོན་ལ་འཇུག་པ་ནམ་ཡང་མི་སྲིད་ལ་དེ་བརྗོད་བྱ་གང་ཡིན་པའི་རང་མཚན་དེ་ཉིད་ཡིན་ན་དབང་པོ་སོགས་འབྲས་བུ་མེད་པ་ཁོ་ནར་འགྱུར་བས། སྒྲའི་དངོས་ཡུལ་སྤྱི་མཚན་ལ་ཞེན་པའི་དབང་གིས་ཡུལ་དུ་འཁྲུལ་བ་ལས་ཤེས་པ་ལས་ཐ་དད་པའི་དོན་གྱི་དངོས་པོ་གང་ཡང་མེད་དོ། །གསུམ་པ། གལ་ཏེ་སྒྲ་རྟོག་གིས་རང་མཚན་ཉིད་ལྐོག་གྱུར་དུ་འཇལ་བས་ན་སྒྲས་བརྗོད་བྱ་རང་མཚན་དངོས་ཡིན་ཀྱང་དབང་པོ་སོགས་ལ་བརྟེན་ནས་མངོན་སུམ་དུ་སླར་ཡང་ཤེས་པའི་དོན་ཉིད་ཡོད་པའི་ཕྱིར་ན་དབང་པོ་སོགས་དོན་མེད་པར་འགྱུར་བ་མིན་ནོ་ཞེ་ན། རྟོག་ཡུལ་དང་དབང་ཡུལ་དེ་གཉིས་ཀྱི་ཡུལ་དེ་ནི་རང་མཚན་གྱི་དངོས་པོ་གཅིག་པུ་དེ་ཁོ་ན་ཡིན་པའི་ཕྱིར་ན། སྒྲ་ལས་བྱུང་བའི་བློ་དང་སོགས་པ་ཞེས་པས་དབང་པོ་ལས་བྱུང་བའི་བློ་ལས་ཡུལ་རང་མཚན་གཅིག་པོ་དེ་ལ་གསལ་མི་གསལ་འདྲེས་མ་འདྲེས་ལ་སོགས་པའི་ཁྱད་པར་ཐ་དད་པར་སྣང་བའི་བློ་ཡོད་པ་རྒྱུ་གང་ལས་ཡིན་ཏེ་དེ་འདྲའི་ཁྱད་མེད་པར་འགྱུར་རོ། །ཡང་ན་ཡུལ་སྒྲ་དང་གཟུགས་སོགས་རང་མཚན་གཅིག་ལ་དེ་འདྲའི་ཁྱད་པར་གང་ལས་ཡིན་ཞེས་སུ་འགྲེལ་བས་བཤད་དོ། །དེ་ཡུལ་གྱི་ཁྱད་པར་གྱིས་ནི་མ་ཡིན་ཏེ་ཡུལ་རང་མཚན་གཅིག་ཡིན་པར་ཁས་བླངས་པས་སོ། །སྐྱེས་བུའི་དབང་པོ་གསལ་མི་གསལ་སོགས་ཀྱིས་མ་ཡིན་ཏེ། བློ་ལ་དེ་འདྲའི་ཁྱད་མེད་དེ་བུམ་པ་མཐོང་བཞིན་པའི་སྐབས་ཀྱི་བུམ་པར་རྟོག་པ་བཞིན་ནོ། །གཞན་ཡང་རང་མཚན་མེད་པ་འདས་མ་འོངས་དང་ལོག་ཤེས་རྣམས་ལ་དེའི་རང་མཚན་ལྐོག་ཏུ་གྱུར་པའི་ཚུལ་གྱིས་ཇི་ལྟར་གཞལ་ཏེ་གཞལ་བྱ་རང་མཚན་མེད་པས་སོ། །དེས་ན་སྤྱི་བློའི་ཡུལ་དེར་རང་མཚན་རྣམ་པ་ཀུན་དུ་ཡོད་མི་སྲིད་དོ། །


MR20_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རང་མཚན་མེད་ཀྱང་སྤྱི་བློའི་ཡུལ་དེ་ལ་རང་མཚན་དུ་ཞེན་ནས་གཞལ་བྱར་བྱེད་ཅིང་སྒྲ་རྟོག་གི་སྒོ་ནས་ཐ་སྙད་སྣ་ཚོགས་བྱེད་པ་བསླུ་མེད་དུ་ཡོད་པའི་ཕྱིར་གཞལ་བྱ་སྤྱི་མཚན་ཞེས་པ་དེ་རང་མཚན་ལས་ཐ་དད་པ་ལྟ་བུར་ཐ་སྙད་ཀྱི་ངོར་ཡོད་དེ། དེ་མེད་ན་སྒྲ་རྟོག་གི་སྒོ་ནས་ཡུལ་གཞལ་བའི་ཐ་སྙད་ཐམས་ཅད་མི་སྲིད་པའི་ཕྱིར་རོ། །དེས་ན་དེ་ལ་བརྟག་ཅིང་དཔྱད་ན་བློའི་ཡུལ་གྱི་དོན་བྱེད་པའི་དངོས་པོའམ་རྫས་སུ་མེད་ལ་མ་བརྟགས་མ་དཔྱད་པར་ཡུལ་དུ་སྒྲོ་བཏགས་པའི་སྒོ་ནས་གཞལ་བྱར་བྱས་པས་ཐ་སྙད་ཐམས་ཅད་འགྲུབ་པ་སྟེ་གནད་འདི་ཤིན་ཏུ་གལ་ཆེའོ། །གཉིས་པ་གཅིག་དང་གཞན་དུ་མེད་ཚུལ་ལ། རྟགས་ཀྱིས་རང་བཞིན་མེད་པར་བསྒྲུབ། །དེ་ལ་རྩོད་པ་སྤང་བའོ། །དང་པོ། རིགས་དང་ལྡན་པའམ་གསལ་བ་དཀར་ཟལ་ལ་སོགས་པ་ནི་རིགས་མིན་ཏེ། གང་གི་ཕྱིར་ན་གསལ་བའི་ངོ་བོ་ནི་ཐུན་མོང་མིན་པ་ཡིན་པས་གཞན་ནག་རྒུར་སོགས་ལ་རྟེན་པ་མེད་པའམ་རྗེས་སུ་མི་འགྲོ་བས་རིགས་གསལ་བ་ཀུན་ལ་རྗེས་སུ་འགྲོ་བ་དང་འགལ་ལོ། །གལ་ཏེ་རིགས་ལྡན་ལས་རིགས་ཐ་དད་དུ་གྲུབ་བོ་ཅེ་ན། དེ་གཉིས་ལྟོས་པ་མེད་ན་ནི་རིགས་དང་རིག་ལྡན་དུ་ཡང་མི་འགྱུར་ལ། ལྟོས་པའི་ཕྱིར་སྤྱི་དེ་གསལ་བའི་འབྲས་བུ་ཉིད་དུ་བརྗོད་དགོས་སོ། །དེ་ལྟར་ན་ཡང་རང་གི་རྒྱུ་ལས་གྲུབ་ཟིན་པའི་ཕྱིར་འབྲས་བུ་ད་ལྟ་བ་རྒྱུ་ལ་རག་ལས་པ་ཅུང་ཟད་མེད་པར་ཡང་། སྔར་གྱི་རྒྱུ་དེའི་འབྲས་བུ་འདིའོ་ཞེས་རྟོག་པ་ཡིས་ནི་རྒྱུ་འབྲས་སུ་འབྲེལ་བར་བྱེད་པ་ཙམ་ཡིན་གྱི་ད་ལྟ་བའི་སྟེང་ན་འབྲེལ་བ་ཞེས་པའི་རྫས་སུ་གྲུབ་པ་གཞན་ཡོད་པ་མིན་ནོ། །དེས་ན་རིགས་དང་རིགས་ལྡན་གྱི་འབྲེལ་བ་ནི་རྟོག་པས་བྱས་པ་ཙམ་ལས་སྤྱི་རང་གཉིས་ཀ་དུས་མཉམ་པའི་དངོས་པོར་ཡོད་པའི་འབྲེལ་བ་གང་


MR20_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་དོ། །གལ་ཏེ་སྤྱི་དེ་གསལ་བའི་འབྲས་བུ་མིན་པར་རྟག་པའི་དངོས་པོར་འདོད་ན་ནི། ཇི་ལྟར་ཡང་གསལ་བ་ལ་འབྲེལ་བ་ཅི་ཞིག་ཡོད་དེ་མེད་ལ་དེས་ན་འབྲེལ་མེད་ཀྱི་སྤྱི་ལས་རང་མཚན་ལ་འཇུག་པ་མི་འཐད་དོ། །དེ་ལྟར་བརྟགས་པས་སྤྱི་གསལ་གཞན་ཉིད་ཡིན་ན་དེ་གཉིས་ལ་འབྲེལ་བ་གཉིས་པོ་གང་ཡང་མེད་པ་དེ་ཕྱིར་སྤྱི་རང་བཞིན་མེད་པའམ་དངོས་པོ་མེད་པར་གྲུབ་པ་ཡིན་ཏེ། གཅིག་ཐ་དད་གང་དུའང་མེད་པས་སོ། །གཉིས་པ་ལ། མེད་པ་རིགས་སུ་ཐལ་བ་མིན། །སྤྱི་རྗེས་འགྲོ་བ་བརྟག་པས་བྱེད། །དང་པོ། སྤྱི་ཞེས་པ་དངོས་པོ་གང་ཡང་མེད་བཞིན་སྤྱིར་འཐད་ན་མེད་པ་རི་བོང་གི་རྭ་ལ་སོགས་པ་ཡང་བུམ་པ་སོགས་ཀྱི་རིགས་སུ་ཐལ་ལོ་ཞེ་ན། དེ་ལྟར་མི་འགྱུར་ཏེ་མེད་པ་ཐམས་ཅད་རིགས་ཡིན་པར་ཁས་བླངས་པ་མེད་ལ། དངོས་པོ་མེད་ཀྱང་བློ་ངོར་འབྲེལ་བ་གྲུབ་པ་ལ་རིགས་སུ་ཐ་སྙད་བཏགས་པའོ། །གལ་ཏེ་དངོས་པོ་མེད་པར་འདྲ་བས་དངོས་མེད་ཐམས་ཅད་རིགས་སུ་འགྱུར་ན་སྤྱི་དངོས་སྨྲ་བ་ཁྱོད་ལ་ཡང་བ་ལང་གི་སྤྱི་བུམ་པའི་སྤྱིར་འགྱུར་ཏེ་དངོས་པོར་འདྲ་བས་སོ། །དེ་ལ་ལྟོས་པ་མེད་པས་དེ་ལྟར་མི་འགྱུར་རོ་ཞེ་ན། འདིར་ཡང་དེ་དང་འདྲ་སྟེ་མེད་པ་རི་བོང་གི་རྭ་ལ་སོགས་པ་ནི་བུམ་པ་སོགས་ཀྱི་གསལ་བ་དེ་ལ་ལྟོས་པ་གང་ཡང་མེད་པའི་ཕྱིར་རོ། །དེ་ཡང་དོན་གྱི་ངོ་བོ་མི་ལྟོས་པ་ལྟ་ཅི་སྨོས་བློ་ངོར་སྒྲོ་བཏགས་ནས་ཀྱང་རི་བོང་གི་རྭ་སོགས་ལ་བུམ་སོགས་སུ་ཞེན་པ་མེད་དོ། །སྤྱི་རང་གི་དངོས་པོ་གསལ་བ་ལས་ཐ་དད་པར་མེད་ཀྱང་ཤེས་པའི་རྣམ་པ་ལ་སྤྱིར་བཏགས་པ་དེ་གསལ་བ་དང་ཐ་མི་དད་པར་ཞེན་ཞིང་། ཞེན་ཡུལ་རང་མཚན་ཐ་དད་པ་ལ་རྗེས་སུ་འགྲོ་བའི་སྒོ་ནས་ལྡོག་པ་དང་ལྡོག་ལྡན་ལ་བརྟེན་ནས་ཆོས་དང་ཆོས་


MR20_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་གཟུང་སྟེ་ལྟོས་པར་འཛིན་པས་ན་དངོས་པོར་གྱུར་པའི་སྤྱི་གཅིག་རྗེས་སུ་འགྲོ་བ་མེད་ཀྱང་བཏགས་པའི་སྒོ་ནས་ཡོད་པར་གྲུབ་པས་སོ། །གཉིས་པ་ལ། དངོས་དང་དེ་ལ་མི་འཐད་སྤང་། དང་པོ། དེ་ལྟར་རིགས་རང་བཞིན་མེད་པ་དེ་ཡི་ཕྱིར་རང་མཚན་གྱི་ངོ་བོ་གཞན་ལས་ལྡོག་པ་ལ་བརྟེན་ནས་རྟོག་ངོར་སྣང་བ་ཕྱི་རོལ་དོན་གྱི་ངོ་བོ་མེད་པའི་ཤེས་རྣམ་དེ་ལ་རིགས་སུ་སྒྲོ་བཏགས་པ་གང་ཡིན་པ་དེ་ལ་སྣང་བརྟག་གཅིག་ཏུ་འཁྲུལ་བའི་སྒོ་ནས་ཁྱད་པར་གསལ་བ་དེ་རྣམས་ལ་འཇུག་པའི་དོན་ཅན་དེ་ལྟ་བུ་ནི་རྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་ནི་རབ་ཏུ་བསྟན་པ་ཡིན་ནོ། །དེ་འདྲའི་སྤྱི་མཚན་དེ་ལ་ངོ་བོར་སྣང་བ་སྟེ་ཤེས་པ་ལས་ཐ་དད་པའི་ཡུལ་གྱི་ངོ་བོ་ཡོད་པ་ལྟ་བུའམ། དོན་རང་མཚན་ལ་སྤྱི་སྣང་དེ་ཉིད་དུ་འཛིན་པ་སྟེ་སྣང་བརྟག་གཅིག་ཏུ་འཛིན་པ་གང་དེ་འཁྲུལ་པ་ཡིན་ལ། དེ་འདྲའི་འཁྲུལ་བ་དེ་རྒྱུ་གང་ལས་བྱུང་ན་ཐོག་མ་མེད་པའི་དུས་ཅན་དོན་རང་མཚན་གྱི་དངོས་པོ་གཞན་དང་མ་འདྲེས་པ་མཐོང་བ་དེ་ཉིད་གོམས་པའི་བག་ཆགས་སད་པའི་སྟོབས་ཀྱིས་སྣང་བའམ་སྤྲུལ་པ་ཡིན་ནོ། །དེའི་ཕྱིར་དོན་རང་མཚན་རྣམས་ཀྱི་ནི་སྤྱི་ཞེས་བྱ་བ་གསལ་བ་ཀུན་ལ་རྗེས་སུ་འགྲོ་བ་ལྟར་སྣང་བ་གང་ཡིན་པ་དེ་ནི་ལེགས་པར་བརྟགས་ན་རང་མིན་གཞན་ལས་ལྡོག་པའི་གཞན་སེལ་བ་ཙམ་གྱི་མཚན་ཉིད་ཅན་གང་ཞིག །རྗོད་བྱེད་ཀྱི་སྒྲ་འདི་དག་གིས་དངོས་སུ་གང་བརྗོད་བྱར་གྱུར་བ་དེ་ལ་བརྟགས་ན་རང་གི་ངོ་བོ་རང་རྐྱ་ཐུབ་པ་ཅུང་ཟད་ཀྱང་མེད་དེ་ཤེས་རྣམ་ཙམ་ལས་ཡུལ་རང་གི་ངོ་བོ་ཐ་དད་པ་མེད་པ་ཅན་སྤྱི་བློ་དེ་ལ་བསམ་པའི་དབང་གིས་སྤྱི༷་ཉིད་དུ་ནི་མཐོང་ཞིང་དེ་ལྟར་སྒྲོ་བཏགས་ཏེ་ཞེན་པའི་ཕྱིར་དང་དེ་ལྟར་ཞེན་པ་དེ་ཡང་སྤྱི་བློ་དེ་དོན་རང་མཚན་ལ་འཁྲུལ་པ་སྟེ་བློ་ལ་དོན་དུ་འཁྲུལ་བའམ། སྤྱི་རང་གི་ངོ་བོ་མེད་པ་ལ་ནི་ཕྱི་


MR20_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་སྤྱིར་འདོད་པ་སྟེ་སྒྲོ་བཏགས་པ་ཡིན་ལ། དེ་ལྟར་འཛིན་པ་དེ་ཡང་ནང་གི་རྟོག་པས་བསླད་པའམ་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར་དང་། དོན་དམ་པའམ་དེ་ཁོ་ན་ཉིད་དུ་དཔྱད་ན་སྤྱི་ཞེས་བྱ་བ་དོན་རང་མཚན་གྱི་དངོས་པོར་གྱུར་པའི་ཆོས་སུ་གྲུབ་པ་མེད་པའི་ཕྱིར་དངོས་པོའི་ངོ་བོ་ཅན་མ་ཡིན་ནོ། །དེ་ལྟར་བཏགས་ཡོད་ཙམ་ལས་རང་གི་ངོ་བོ་རྫས་སུ་མེད་པས་རང་མཚན་རྣམས་དང་གཅིག་ཐ་དད་དུ་བརྗོད་བྱ་མིན་པར་གྲུབ་པ་ཡིན་ནོ། །གཉིས་པ་ལ། གཞན་བརྗོད་ཙམ་ལས་སྤྱི་དངོས་མིན། །སྒྲ་འཇུག་རྒྱུ་ལས་དངོས་ཡིན་དགག །དང་པོ། གལ་ཏེ་བུམ་སྤྱི་དང་བུམ་གསལ་ལྟ་བུ་གཅིག་ཐ་དད་དུ་བརྗོད་བྱ་མིན་ཡང་། བུམ་སྤྱི་དང་སྣམ་གསལ་ལྟ་བུ་ཐ་དད་དུ་བརྗོད་བྱ་ཡིན་པས་ན། དེ་འདྲའི་བརྗོད་བྱ་འགའ་ཞིག་ཀྱང་ཡོད་པ་ལས་རྣམ་པ་ཀུན་ཏུ་སྤྱི་དེ་གཅིག་ཐ་དད་དུ་བརྗོད་བྱ་མིན་པར་མ་གྲུབ་པས་ན་དངོས་པོ་ཡོད་པར་འདོད་དོ་ཞེ་ན། སྤྱི་དངོས་པོ་ཡིན་ན་རྣམ་པ་ཀུན་ཏུ་དངོས་པོ་གང་ལ་ལྟོས་ཀྱང་གཅིག་ཐ་དད་དུ་བརྗོད་དུ་ཡོད་དགོས་པས་ཁྱབ་སྟེ། དངོས་པོ་ཡིན་པ་རྣམས་ནི་ཇི་ལྟར་ཡང་གཅིག་དང་ཐ་དད་དུ་བརྗོད་བྱ་མིན་པ་ཉིད་མ་ཡིན་ཏེ་དེ་ལྟར་བརྗོད་དུ་ཡོད་པ་ནི་དངོས་པོའི་ཆོས་ཉིད་ཡིན་པས་སོ། །དེས་ན་བུམ་སྣམ་གྱི་སྤྱི་ཐ་དད་དུ་བརྗོད་པ་ནི་དོན་ལ་ཐ་དད་དུ་གྲུབ་པས་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ནི་ཉེར་ལེན་ཐ་དད་པའི་ཕྱིར་དངོས་པོ་ཐ་དད་ཡིན་ལ། དེ་ལ་བརྟེན་ནས་བཏགས་པའི་སྤྱི་ཡང་བཏགས་པའི་སྒོ་ནས་ཐ་དད་པར་གཟུང་བ་ཡིན་གྱི། དངོས་སུ་གཞན་ཐ་དད་པའི་དངོས་པོར་ཡོད་པ་ཉིད་དུ་བརྗོད་པར་བྱ་བ་མིན་ཏེ། བློས་ཉེར་བརྟགས་ཏེ་ཉེ་བར་བརྟགས་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་འདས་མ་འོངས་ལ་སྒྲ་འཇུག་


MR20_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མཚན་ལས་སྤྱི་དངོས་པོ་ཡིན་པ་དགག་པ་ལ། དངོས་དང་དེ་ལན་འགོག་པའོ། །དང་པོ། འདས་པ་འགགས་པ་དང་ནི་མ་འོངས་པ་མ་སྐྱེས་པའི་དོན་ལའང་སྤྱི༷་ཡི་རྒྱུ་མཚན་ཅན་གྱི་མཉན་པ་སྟེ་སྒྲ་དག་ནི་འཇུག་པར་འགྱུར་བ་ཡོད་དེ། སྔོན་གྱི་རྒྱལ་པོ་ང་ལས་ནུ་ཞེས་དང་མ་འོངས་པ་ན་འཁོར་ལོས་བསྒྱུར་བ་དུང་ཞེས་བྱ་བ་འབྱུང་བར་འགྱུར་རོ་ཞེས་པ་ལྟ་བུའོ། །དེ་ལྟར་སྒྲ་འཇུག་པ་ཡོད་ན་སྒྲའི་དངོས་ཡུལ་ནི་སྤྱི་ཡིན་པས་སྤྱི་མཚན་གྱི་རྒྱུ་མཚན་ལས་སྒྲས་དོན་དེ་དག་བརྗོད་པ་ཡིན་གྱི་གཞན་དུ་ན་སྒྲས་བརྗོད་ཀྱང་དེའི་བློ་སྐྱེ་བ་མི་འཐད་དོ། །གལ་ཏེ་དེ་ལྟར་འདས་མ་འོངས་ཀྱི་ཆོས་དེ་དག་གི་སྤྱི་ནི་བརྗོད་པ་ན། སྤྱི་དངོས་པོ་ཡིན་པའི་ལུགས་ལ་དངོས་པོར་ཡོད་པ་ཡི་སྤྱི་དེ་འདས་མ་འོངས་ཀྱི་དངོས་པོ་ད་ལྟར་མེད་པ་དེའི་ཆོས་སུ་ཇི་ལྟར་འགྱུར་ཏེ། རིགས་ལྡན་ནམ་ཆོས་ཅན་མེད་པ་ལ་ཆོས་སམ་རིགས་དེ་དེའི་ཆོས་ཡིན་པར་འགལ་ཏེ། མེད་པའི་ཆོས་སུ་ཡོད་པ་འགལ་བའི་ཕྱིར་མོ་གཤམ་བུའི་ཁ་དོག་དཀར་པོ་ཞེས་པ་བཞིན་ནོ། །གཉིས་པ། གལ་ཏེ་འདས་མ་འོངས་ལ་སྤྱི་མེད་ཀྱང་སྤྱིའི་མིང་ཉེར་བཏགས་ཙམ་དུ་འཇུག་པ་ལས་དེ་ལྟར་འདོད་དོ་ཞེ་ན། བཏགས་པ་མ་ཡིན་ཏེ། བུམ་སྒྲ་གང་ཞིག་ད་ལྟ་ཡོད་པའི་སྣམ་བུ་དང་ཀ་བ་སོགས་ལ་བཏགས་མིང་དུ་འཇུག་པ་མེད་ལ། ད་ལྟ་བ་ཡི་བུམ་པ་ཡི་དངོས་པོ་ཅུང་ཟད་ཀྱང་མེད་པ་འདས་མ་འོངས་ཀྱི་བུམ་པ་དང་ནི་ཉེ་བ་ཡི་སྒོ་ནས་བཏགས་མིང་དུ་འཇུག་པའི་རྒྱུ་མཚན་གང་ཞིག་ཡིན་ཏེ་མི་འཐད་དོ། །ཇི་ལྟར་ན་སྣམ་སོགས་ལ་རྒྱུ་མཚན་མེད་པས་བུམ་སྒྲ་མི་འཇུག་པ་དེ་བཞིན་འདས་མ་འོངས་པ་ལ་ཡང་དངོས་པོ་གང་ཡང་མེད་ན་དེ་བུམ་པའི་སྤྱི་དང་ཉེ་བའམ་འདྲ་བར་གྱུར་པའི་རྒྱུ་མཚན་གང་ཡང་མེད་དོ། །གཞན་ཡང་ཁྱོད་ཀྱིས་སྒྲ་འཇུག་པའི་རྒྱུ་མཚན་དངོས་པོ་ལས་ཐ་དད་དུ་ཡོད་པ་


MR20_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་མིང་དང་མེད་པ་ལ་བཏགས་མིང་ཞེས་འདོད་པ་འཇིག་རྟེན་གྱི་གྲགས་པ་དང་འགལ་ཏེ། ཆོས་གང་ལ་ཐོག་མར་རང་གི་མིང་དུ་བཀོད་པ་གང་ཞིག་དེ་བརྗོད་པ་ན་བློ་ནི་ཆོས་གཞན་གྱི་རྣམ་པར་འཁྲུལ་བའམ་སྒྲོ་འདོགས་པ་མེད་པར་གོ་བར་བྱ་བའི་དོན་རང་ཉིད་ལ་དྲང་པོར་འཇུག་པ་དེ་ནི་དོན་དེ་ལ་ལྟོས་ནས་རྟག་ཏུ་དེ་ཡི་དངོས་མིང་ཡིན་པ་དང་། མིང་དེ་འདྲ་བ་ཆོས་གཞན་ལ་དེར་སྒྲོ༷་འདོགས་པའི་མིང་དུ་བྱས་པ་ལ་བཏགས་མིང་ཞེས་བྱ་སྟེ། དཔེར་ན་གཅན་གཟན་གྱི་ཁྱད་པར་ཞིག་ལ་སེང་གེ་ཞེས་པ་དངོས་མིང་དང་། བྲམ་ཟེའི་ཁྱེའུ་དཔའ་རྩལ་དང་ལྡན་པའམ་དབྱིབས་སེང་གེ་འདྲ་བ་ལ་སེང་གེ་ཞེས་བརྟགས་མིང་དུ་དེ་ལྟར་བརྗོད་པའང་འཇིག་རྟེན་ན་དོན་མཐུན་དུ་གྲགས་པ་ཡོད་ན་དེ་ལས་བརྒལ་ཏེ་དངོས་བཏགས་ཀྱི་རྣམ་གཞག་གཞན་དུ་འདོད་པ་དོན་མེད་དེ། མིང་ནི་སྐྱེས་བུའི་བརྗོད་འདོད་ཀྱིས་སྦྱར་བའི་གྲགས་པ་ཙམ་ཡིན་གྱི་རྣམ་པ་གཞན་གྱིས་དཔྱད་པས་གཞན་དུ་བྱ་བར་མི་ནུས་སོ། །ནོག་ལྐོག་ཤལ་དང་ལྡན་པའི་སྲོག་ཆགས་ལ་མིང་གཞན་མི་འདོགས་པར་བ་ལང་ཞེས་པ་ཁོ་ན་འདོགས་དགོས་པའི་མིང་དོན་ལ་དངོས་པོའི་འབྲེལ་བ་ཡོད་པའི་དོན་ཅི་ཡང་མེད་ན་ཡང་འགྲོ་བ་བརྡ་སྦྱོར་བ་པོ་ཡིས་ཡུལ་གང་ལ་ཐོག་མར་མིང་དེར་གྲགས་པར་བྱ་བའི་ཆེད་དུ་བརྗོད་འདོད་ཀྱི་བསམ་པས་སྒྲ་གང་ཞིག་བཀོད་པ་དེ་ནི་དོན་དེ་ལ་ལྟོས་ནས་མིང་དེ་རང་གི་དངོས་མིང་ཡིན་ནོ། །ཡང་ན་གང་ལ་སྒྲ་བཀོད་པ་གྲགས་པས། ཞེས་བསྒྱུར་བ་བདེ་སྟེ། ཐོག་མར་སྒྲ་བཀོད་པ་དེ་དེ་ལྟར་གྲགས་པས་ན་དེ་ཡི་དངོས་མིང་ཡིན་ནོ་ཞེས་སོ། །སྔ་མ་མིང་དེར་གྲགས་ཟིན་དེ་དང་མཚུངས་པའི་ཕྱིར་སྔ་མ་དེའི་མིང་གཞན་ལ་བཏགས་པ་ན་མིང་གི་སྒོ་ནས་སྔ་མ་དེར་འཁྲུལ་པའི་རྟོག་པའམ་སྒྲོ་འདོགས་པའི་རྟོག་པ་སྐྱེད་བ་ཅན་གྱི་


MR20_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གཞན་ནི་སྔ་མ་དེ་ལ་ལྟོས་ནས་ཕལ་པའམ་བཏགས་མིང་ཡིན་ནོ། །དེ་ལྟར་ན་དངོས་བཏགས་ཀྱི་ཁྱད་པར་འདི་ནི་དོན་གྱི་དངོས་པོ་དབང་བཙན་དུ་བྱས་པ་མིན་ཏེ་སྐྱེས་བུས་བརྗོད་འདོད་ཀྱི་བརྡ་སྦྱར་ཟིན་པ་དང་། གཞན་ལ་དེ་ལྟར་སྦྱར་བ་ཙམ་དུ་གྲགས་པ་ལས་དངོས་བཏགས་ཞེས་བྱ་བ་ཡིན་ནོ། །དེས་ན་དོན་གྱི་ཁྱད་པར་ལ་མི་ལྟོས་པར་བརྗོད་འདོད་ཀྱིས་འཇུག་པ་ནི་ཡོད་པ་ལ་མེད་པའི་སྒྲ་བཏགས་པ་དང་། མེད་པ་ལ་ཡོད་པའི་སྒྲ་སྦྱོར་བ་ཡོད་དེ། ཇི་ལྟར་ན་དངོས་པོ་ནུས་པ་ཆེན་པོ་མེད་པ་ལ་མེད་དོ་ཅེའམ། དོན་མེད་ཀྱང་རྣམ་འགྱུར་ཀུན་གྱི་བྱེད་པ་པོ་ལ་གཙོ་བོ་ཞེས་དངོས་མིང་བཏགས་ནས་དེ་ལྟར་རྟོག་པ་ཇི་བཞིན་དུ་ཡུལ་གྱི་བྱ་བ་དུ་མ་བྱེད་ནུས་པའི་མི་ལའང་གཙོ་བོ་དང་བྱེད་པོ་ལ་སོགས་པའི་མིང་ངམ་མཉམ་པ་བཏགས་མིང་དུ་སྐྱེ་བོས་བྱས་པ་ཡིན་ནོ། །དེ་ལ་བུ་ཡོད་ཀྱང་དགྲ་འདུལ་བ་སོགས་ཀྱི་ནུས་པ་མེད་པ་ལ་བུ་མེད་ཅེས་དང་། དེ་བཞིན་དུ་ལོངས་སྤྱོད་ཆེན་པོ་མེད་པ་ལ་ལོངས་སྤྱོད་མེད་ཅེས་སོགས་དམན་པ་ལ་དགག་པའི་སྒྲ་སྦྱོར་བ་དང་། གཙོ་བོ་སོགས་མེད་ཀྱང་དེ་ལྟར་རྣམ་པར་རྟོག་པས་མིང་ཐོགས་ཟིན་ནས་གཞན་ལ་རྟོག་པས་དེ་ལྟར་སྦྱར་བ་བཏགས་མིང་དུ་འགྱུར་བས་ན་དངོས་བཏགས་ཀྱི་ཁྱད་པར་ནི་བརྡ་ལས་གྲགས་ཚུལ་ཙམ་གྱིས་ཕྱེ་བ་ཡིན་ནོ། །གསུམ་པ་དོན་མེད་པ་དང་མཚུངས་པ་ལ། །དངོས་དང་དེ་ཡི་ལན་འགོག་པའོ། །དང་པོ། འདི་ལྟར་བུམ་པ་ཞིག་པ་དང་མ་སྐྱེས་པ་ལ་དེ་བརྗོད་ཀྱི་སྒྲ་ལས་དེ་འཛིན་གྱི་བློ་ཅི་འདྲ་ཞིག་ཏུ་སྣང་བ་དེ་དང་འདྲ་བར་མ་ཞིག་པ་ད་ལྟར་ཡོད་པའི་བུམ་པ་ལ་སྒྲ་བློས་གཞལ་བ་ནའང་ཁྱད་མེད་དེ། དོན་རང་མཚན་ཡོད་མེད་གང་གཞལ་ཡང་རྟོག་པའི་སྣང་ཡུལ་དེ་ལ་གསལ་མི་གསལ་སོགས་


MR20_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་པས་ན་རང་གི་རྟོག་པའི་སྣང་བ་ཙམ་སྟེ་ཡུལ་གྱིས་རྣམ་པ་གཏད་པ་ཅན་མིན་གྱི། རྣ་བ་དང་མིག་ལ་སོགས་པའི་རྣམ་པར་ཤེས་པ་རང་གི་གཟུང་དོན་རང་མཚན་ཡོད་པ་ཅན་ལ་ཁྱད་མེད་པའི་རྟོག་པའི་སྣང་བ་དེ་དག་ལྟ་བུ་མེད་དེ་གསལ་བར་སྣང་བའི་ཕྱིར་རོ། །གཉིས་པ། དུས་གསུམ་གྱི་བུམ་པ་གང་ལ་དམིགས་ཀྱང་དེ་དག་གི་སྤྱི༷་ཡན་གར་བ་ཙམ་གཟུང་དོན་དུ་བྱས་ནས་འཛིན་པར་བྱེད་པའི་ཕྱིར་དོན་ད་ལྟར་ཡོད་པ་དང་མེད་པའི་སྤྱི་འཛིན་གྱི་སེམས་གཉིས་པོ་དག་ནི་སྣང་ཡུལ་མཚུངས་པ་ཡིན་ནོ་ཞེ་ན། སྤྱི་ཡན་གར་བ་དེ་འབའ་ཞིག་ནི་སྤྱི་བློས་འཛིན་པར་བྱེད་པ་སྔར་ནི། དེ་མཚུངས་མིན་དང་གསལ་བ་མིན། ཞེས་པ་ལ་སོགས་པས་རྣམ་པར་བཟློག་ཟིན་ཏོ། །བཞི་པ་སྤྱི་ཉིད་ཡིན་པས་དངོས་མེད་དུ་བསྒྲུབ་པ་ནི། གསལ་བའི་ངོ་བོ་ཕན་ཚུན་ཁྱད་པར་ཡོད་པ་ཅན་རྣམས་ནི་ཁྱད་མེད་པ་གཅིག་གི་ངོ་བོ་ཉིད་དུ་ཇི་ལྟར་འགྱུར་ཏེ། ཁྱད་ཡོད་པ་ཉིད་ཀྱིས་ཁྱད་མེད་པ་སྤངས་ཏེ་གནས་པ་ཡིན་ནོ། །གསལ་བ་གཅིག་ལའང་གནས་སྐབས་ཁྱད་ཡོད་པ་དང་རང་བཞིན་ཕན་ཚུན་རྗེས་སུ་འགྲོ་བས་ཁྱད་མེད་པའི་ངོ་བོ་ཉིད་གཉིས་སུ་ཡོད་པ་ཅི་འགལ་སྙམ་ན་ཡང་། ཁྱད་ཡོད་པ་དང་མེད་པ་ཕན་ཚུན་སྤངས་ཏེ་གནས་པ་ཡིན་པས་འགལ་བ་དེ་གཉིས་དངོས་པོ་གཅིག་ཏུ་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །གལ་ཏེ་གསལ་བ་རང་གི་ངོ་བོ་ལ་ཁྱད་ཡོད་ཁྱད་མེད་གཉིས་མི་སྲིད་ཀྱང་དེ་དག་མཚུངས་པ་ཡི་སྤྱི་ཡི་དངོས་པོ་ཉིད་དེ་ནི་གསལ་བ་དེ་དག་ལས་གཞན་ཉིད་དུ་ཡོད་ལ། དེའི་སྒོ་ནས་དེ་དག་མཚུངས་པར་རྟོགས་པ་ཡིན་ནོ་ཞེ་ན། མཁར་གཞོང་ལ་རྒྱ་ཤུག་ལྟར་ཐ་དད་དུ་ཡོད་པའི་སྤྱི་དེ་གསལ་བ་ལ་འབྲེལ་བ་གང་ཡང་མེད་དེ། བདག་གཅིག་


MR20_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་མེད་ལ་དེ་བྱུང་ཡང་མེད་པར་གོང་དུ་བཀག་ཟིན་པས་གསལ་བ་དེ་དག་གི་སྤྱིའོ་ཞེས་འབྲེལ་བ་གང་ཡང་མེད་པར་འགྱུར་རོ། །འོ་ན་ལྡོག་པ་ལ་སྤྱིར་འདོད་པ་ཁྱོད་ལའང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། ལྡོག་པ་དངོས་མེད་ནི་གསལ་བ་ལས་གཅིག་ཐ་དད་ཀྱི་རྣམ་པར་ཡོད་མི་དགོས་པས་དེ་ལ་ནི་བརྟག་པ་དེ་ལྟ་བུས་སུན་དབྱུང་བ་མེད་དེ། ལྡོག་པ་ལ་བརྟེན་ནས་བློས་སྤྱིར་བཏགས་པའི་འབྲེལ་བ་ཡོད་པའི་ཕྱིར་རོ། །དེ་ཕྱིར་གསལ་བ་ཀུན་ལ་མཚུངས་པར་རྗེས་སུ་འགྲོ་བ་ཉིད་ཀྱི་སྤྱི༷་འདི་ལ་བརྟགས་ན་བློས་དེ་ལྟར་སྒྲོ་བཏགས་པ་ཙམ་ལས་རང་ཉིད་དངོས་པོ་མེད་པའི་མཚན་ཉིད་ཅན་ཡིན་ཏེ་ཐུན་མོང་པའི་སྤྱི་ལྟར་སྣང་བ་དེ་ཉིད་ཀྱི་ཕྱིར་ནའོ། །ལྔ་པ་འབྲས་བུར་མི་འཐད་པ་ནི། སྤྱི་ཞེས་པ་ནི་དངོས་པོ་ཡིན་ན་རྒྱུ་ལས་བྱུང་བའི་འབྲས་བུ་ཡིན་ནམ་མིན། དེ་འབྲས་བུ་ཉིད་དུ་གནས་སོ་ཤེ་ན། སྐད་ཅིག་མའི་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་དུ་མ་ཡིན་པ་དང་། སྐད་ཅིག་རེ་རེ་བཞིན་འཇིག་པར་འགྱུར་བ་ཡིན་དགོས་ནའང་ཚུལ་དེ་འདྲ་ཡང་ཁྱོད་ཀྱིས་འདོད་པ་མ་ཡིན་ཏེ། སྤྱི་གཅིག་པུ་དང་རྟག་པར་འདོད་པས་སོ། །གཞན་ཡང་འབྲས་བུ་ཡིན་ན་འཇིག་པར་ངེས་པ་ཡིན་ཏེ། འཇིག་པ་ནི་དངོས་པོ་ཉིད་དུ་གྲུབ་ཙམ་དང་ནི་རྗེས་སུ་འབྲེལ་པའི་ཕྱིར་ན་རྒྱུ་ལས་བྱུང་བ་ལ་རྟག་པ་ཉིད་ཡོད་པ་སྲིད་པ་མིན་ནོ། །གལ་ཏེ་རིགས་རྣམས་ནི་འབྲས་བུ་མིན་ནོ་ཞེ་ན། དེའི་ཕྱིར་ན་གསལ་བ་རྣམས་དང་མ་འབྲེལ་བ་དང་། རྒྱུ་ལས་མ་བྱུང་བའི་ཕྱིར་དངོས་མེད་དུ་འགྱུར་བ་ཡིན་ནོ། །དྲུག་པ་བརྡ་དྲན་ལ་ལྟོས་པ་ལ། དངོས་དང་དོགས་པ་སྤང་བ་གཉིས། །དང་པོ། གཟུང་དོན་གྱི་དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡི་མིག་ཤེས་སོགས་དབང་པོའི་ཤེས་པ་གང་དེ་མིང་ངམ་བརྡ་དྲན་པ་དག་ལ་


MR20_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་དགོས་པ་མ་ཡིན་ཀྱང་། སྤྱི་འཛིན་པ་ཡི་ནི་བློ་ལ་བརྡ་དྲན་ལ་མི་ལྟོས་པར་ཡུལ་ཉིད་དེ་ལྟར་སྣང་བ་མེད་པས་སྤྱི་གཟུང་དོན་དུ་ཡོད་པས་དེའི་བློ་སྐྱེ་བ་མིན་པར་བརྡ་དྲན་སོགས་ནང་གི་ཡན་ལག་གི་སྟོབས་ལས་དེར་སྤྲུལ་པ་ཙམ་དུ་ཟད་དོ། །གཉིས་པ། དེར་མ་ངེས་ཏེ་བ་ལང་གི་དངོས་པོ་གཉིས་མཐོང་བ་ལ་དེ་འཛིན་གྱི་བློ་འགའ་ཞིག་བརྡ་ལ་མེད་ན་ཡང་། དེ་གཉིས་རིགས་ཐ་དད་མེད་པར་རྗེས་སུ་འཇུག་པའི་བློ་སྐྱེ་བས་ན་བརྡ་ལ་མ་ལྟོས་ཀྱང་སྤྱི་ཡིས་རང་བློ་སྐྱེད་པ་ཡོད་དོ་ཞེ་ན། དེ་འདྲའི་བློ་སྐྱེ་བ་གང་ཡིན་པ་དེ་ན་སྤྱི་གཟུང་དོན་དུ་ཡོད་པ་ལས་མ་ཡིན་ཏེ་དོན་བ་ལང་གི་གསལ་བ་གཉིས་པོ་ཆོས་མཚུངས་པའམ་ཉེ་བ་དང་རྗེས་སུ་འབྲེལ་བ་ཡོད་པ་ལས་བློ་དེ་ལྟར་སྐྱེ་བ་ཡིན་ནོ། །དེ་ཇི་ལྟར་ན། མིག་དང་ཀ་བའི་གཟུགས་ལྟ་བུ་ལ་ཐུན་མོང་བར་རྗེས་སུ་འཇུག་པའི་རིགས་བ་ལང་གཉིས་མཐོང་བ་ལྟ་བུ་དེ་མེད་ཀྱང་། དེ་གཉིས་མིག་གི་ཤེས་པ་ཡི་འབྲས་བུ་ཅན་ཏེ་རྒྱུ་ཡིན་ལ་དེས་ན་མིག་དང་གཟུགས་ལ་སོགས་པ་དེ་དག་མིག་ཤེས་སྐྱེད་པའི་སྒོ་ནས་ཉེ་བ་སྟེ་ལྷན་ཅིག་ཏུ་མིག་ཤེས་ཀྱི་རྒྱུ་ཞེས་འདོད་པ་བཞིན་ནོ། །དེས་ན་རྒྱུ་མཚན་གང་གིས་ཉེ་བ་སྟེ་ལྷན་ཅིག་ཏུ་ཐུན་མོང་པར་བྱེད་པ་ནི་ཐུན་མོང་པའི་ཆོས་གཅིག་དངོས་པོར་ཡོད་པས་དེ་བློ་བསྐྱེད་པ་མ་ཡིན་ཏེ། རྒྱུ་མཚན་གཞན་གྱིས་ཐུན་མོང་བར་བློས་སྦྱར་བ་ཡིན་ནོ། །དེ་ལྟ་ན་དོན་རང་གི་སྟེང་ན་ཕན་ཚུན་ཉེ་བའི་རྒྱུ་མཚན་ཡོད་པ་དེ་རིགས་དངོས་པོ་པ་མིན་ནམ་ཞེ་ན་མ་ཡིན་ཏེ། དཔེར་ན་ནོག་དང་ལྐོག་ཤལ་དང་ལྡན་པ་ལ་སོགས་པའི་རྒྱུ་མཚན་གང་གིས་དེ་མིན་གཞན་ལས་ཁྱད་པར་རྣམ་པར་ཕྱེ་བ་ཡིས་བ་ལང་རྣམས་རིགས་གཅིག་ཏུ་བཞག་པ་ཡིན་ལ། གསལ་བ་དེ་ལ་དེ་མི་ལྡན་


MR20_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་བཅད་ཅིང་གཞན་ལ་ལྡན་པ་བཅད་པ་དེ་འདྲའི་གཞན་སེལ་བའི་རིགས་དེ་དག་ཀྱང་དེ་ལྡན་ཀུན་ལ་རྗེས་སུ་འགྲོ་བ་ཡིན་ཀྱང་ཐུན་མོང་པའི་དངོས་པོ་ཞིག་རྗེས་སུ་འགྲོ་བ་གང་ཡང་མེད་དོ། །བདུན་པ་སྤྱི་ཡན་གར་མི་སྣང་བ་ལ། དངོས་དང་མ་ངེས་སྤང་པའོ། །དང་པོ། སྤྱི་འདི་ལ་རང་འཛིན་ཤེས་པ་སྐྱེད་པའི་ནུས་པ་ཡོད་པ་ཞིག་ན་གཞན་དང་མ་འདྲེས་པར་དེའི་ངོ་བོ་ཤེས་པ་ལ་ཡུལ་དུས་འགའ་ཞིག་གི་ཚེ་སྣང་བ་མེད་པ་མི་སྲིད་ལ། དེ་ལྟ་ནའང་སྤྱི་རང་ཉིད་ཀྱི་ངོ་བོ་མ་འདྲེས་པའི་རྣམ་པ་འགས་ཀྱང་སྟེ་ཆ་ཕྲ་བ་ཙམ་གྱིས་ཀྱང་རྣམ་ཤེས་ལ་སྤྱི་དེ་ཡི་དངོས་པོ་འདིའོ་ཞེས་སྣང་བ་མེད་པའི་ཕྱིར་དེའི་དངོས་པོ་ཡོད་པར་མི་འགྱུར་རོ། །གཉིས་པ། གཏན་ཚིགས་དེར་མ་ངེས་ཏེ་དབང་པོ་གཟུགས་ཅན་པ་རྣམས་ཡོད་ཀྱང་དེ་ཤེས་པ་ལ་དངོས་སུ་མི་སྣང་བར་འདོད་པའི་ཕྱིར་རོ་སྙམ་ན་དབང་པོ་ཡོད་པ་ནི་འབྲས་བུ་ཤེས་པ་འཇུག་ལྡོག་གི་རིགས་པས་གྲུབ་པ་ཡིན་ལ་སྤྱི་མེད་ན་མི་རུང་བའི་རྗེས་དཔག་ཀྱང་མེད་ལ། དབང་པོ་རྣམས་གཟུགས་ཅན་ཡིན་ཡང་མི་མཐོང་བ་ནི་ཕལ་པའི་དབང་པོའི་ཡུལ་ལས་འདས་པའི་དོན་ཡིན་གྱི། གཏན་ནས་མཐོང་མི་རུང་བ་མིན་ཏེ་གཟུགས་ཅན་ལ་གཏན་ནས་མཐོང་མི་རུང་བ་མེད་དོ། །དེས་ན་གཟུགས་ཅན་ཡིན་པའི་ཕྱིར་དབང་པོ་རྣམས་ལ་ཡང་གལ་ཏེ་དེ་ལ་མངོན་སུམ་དུ་ལྟ་བ་པོ་རྣལ་འབྱོར་པ་སོགས་ཡོད་ན། དབང་པོ་དེ་ཡི་ལུས་སམ་གཟུགས་ཇི་ལྟར་ཡིན་པ་སྣང་བར་འགྱུར་རོ། །རིགས་རྣམས་ཀྱང་ནི་དེ་དང་འདྲའོ་སྙམ་ན་མ་ཡིན་ཏེ་གསལ་བ་ལས་རིགས་ཡན་གར་དུ་མཐོང་རུང་བ་མིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་གསལ་བ་ལས་ཡན་གར་དུ་མཐོང་དུ་ཡོད་ན་གསལ་བ་ལ་རྗེས་སུ་འགྲོ་བ་མེད་པ་དང་། དབྱིབས་


MR20_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡོད་པར་ཐལ་བ་དང་། གསལ་བ་མེད་པའི་ཕྱོགས་སུ་དམིགས་པར་ཐལ་བ་དང་། མི་དམིགས་ན་དུ་མར་འགྱུར་བ་དང་། བ་ལང་གི་གསལ་བ་མེད་ཀྱང་དེ་ཡོད་པར་ཐལ་བ་སོགས་ཆེས་འགལ་བ་བརྒྱ་ཕྲག་གི་གནོད་པ་དུས་གཅིག་ཏུ་འབབ་པའི་ཕྱིར་ཡན་གར་དུ་མཐོང་མི་རུང་བས་རིགས་པས་གནོད་པ་ཡིན་ནོ། །གལ་ཏེ་ཡན་གར་དུ་སྣང་མི་རུང་ན་ཡང་གསལ་བ་མཐོང་བ་ན་སྤྱི་ཡང་མཐོང་བ་ལ་འགལ་བ་ཅི་ཡོད་སྙམ་ན་མཐོང་མི་སྲིད་དེ། བ་ལང་གི་གསལ་བ་འཛིན་པའི་ཚེ་ནའང་བདག་གིས་ཡིད་གཏད་དེ་བརྟགས་ན་ཡང་དེ་ཡི་མིང་བ་ལང་ཞེས་པའི་སྒྲ་ཙམ་དང་ནོག་ལྐོག་ཤལ་སོགས་དང་ལྡན་པའི་གསལ་བ་དེ་ཡི་ངོ་བོ་ལས་གཞན་དུ་སྤྱི་ནི་འདིའོ་ཞེས་སྣང་བ་ཅུང་ཟད་ཀྱང་མེད་པས་ན་དེ་ཇི་ལྟར་སྣང་སྟེ་མི་སྣང་ངོ་། །དེ་གསལ་བ་འཛིན་པའི་དུས་དེ་ཉིད་དུ་སྣང་རུང་ཡིན་པར་ཁས་བླངས་ལ་དེ་གསལ་བ་ཁོ་རང་མ་ཡིན་པར་ཡང་ཁས་བླངས་པས་ན། དེས་རང་འཛིན་ཤེས་པ་ལ་རྣམ་པ་གཏད་ན་དེའི་ཚེ་དེའི་རྣམ་པ་ནི་འདི་ལྟ་བུའི་ཞེས་དམིགས་དགོས་ན་དེ་མི་སྲིད་པའི་ཕྱིར་དེ་འདྲའི་རྣམ་པ་གཏོད་པའི་སྤྱི་ནི་རི་བོང་གི་རྭ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་དེ་ཕྱིར་དངོས་མེད་དུ་གྲུབ་པ་ནི། དེ་ལྟར་རིགས་པ་བདུན་གྱིས་གཏན་ལ་ཕབ་པ་དེ་ཕྱིར་སྤྱི་དེ་ནི་འབྲས་བུ་གཞན་ལྟ་ཅི་རང་འཛིན་གྱི་ཤེས་པ་སྐྱེད་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་ངོ་། །དེ་ལྟར་དོན་བྱེད་པ་དེ་མི་རུང་བའི་ཕྱིར་དེ་ལ་རང་བཞིན་གང་ཡང་མེད་དེ་དོན་བྱེད་ནུས་སྟོང་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་བཟློག་པས་རང་མཚན་དངོས་པོར་བཤད་པ་ནི། སྤྱི་ལ་ཇི་སྐད་བཤད་པ་དེ་ལས་བཟློག་པ་སྒྲའི་དངོས་ཡུལ་མིན་པ་གཅིག་ཐ་དད་དུ་ཡོད་པ་སོགས་གང་ཡིན་པ་


MR20_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རང་གི་མཚན་ཉིད་དོན་བྱེད་ནུས་པ་ཡིན་པར་འདོད་དོ། །གཉིས་པ་རིགས་ཀྱི་དབྱེ་བ་ལ། །དངོས་དང་དེ་ལ་དོགས་སྤང་ངོ་། །དང་པོ། བུམ་པ་སོགས་དང་སྐྱེ་བ་སོགས་དངོས་པོ་ལ་བརྟེན་པའི་སྤྱི་དང་། ནམ་མཁའ་དང་བུམ་མེད་སྐྱེ་མེད་སོགས་དངོས་མེད་ལ་བརྟེན་པའི་སྤྱི་དང་། ཤེས་བྱ་གཞལ་བྱ་སོགས་དངོས་དངོས་མེད་དག་གཉིས་ཀ་ལ་བརྟེན་ནས་དེ་ལྟར་གཟུང་བའི་ཕྱིར་སྤྱི༷་དེའང་སྤྱིར་བཏང་རིགས་རྣམ་པ་གསུམ་ཡོད་པ་ཡིན་ནོ། །གཉིས་པ། གལ་ཏེ་དངོས་པོ་ལ་བརྟེན་པའི་སྤྱི་དེ་ནི་དངོས་པོ་ལ་འབྲེལ་པའི་ཕྱིར་དངོས་པོའི་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དགོས་པས་ན་དངོས་པོ་ལ་བརྟེན་པའི་སྤྱི་འཛིན་པའི་བློ་དེས་དངོས་པོ་གཟུང་དོན་དུ་བྱས་ནས་ཤེས་པར་འགྱུར་བས་ན་ཡུལ་མེད་ཀྱི་ཤེས་རྣམ་ཙམ་དུ་མི་འགྱུར་རོ་ཞེ་ན། དེས་དངོས་པོ་གཟུང་དོན་དུ་བྱས་ནས་འཛིན་པ་མིན་ཏེ། དངོས་པོ་གཟུང་དོན་ཡིན་ན་དབང་པོ་སོགས་དོན་མེད་དུ་ཐལ་བ་ལ་སོགས་པས་ལན་བཏབ་ཟིན་པའི་ཕྱིར་དང་། འདས་མ་འོངས་སོགས་དངོས་པོ་མེད་པ་ལ་ཡང་སྤྱི་བློ་སྐྱེ་བའི་ཕྱིར་དེ་དག་དངོས་པོའི་ཡུལ་ཅན་ལས་རྣམ་པ་གཞན་དུ་མཐོང་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་བརྟེན་པའི་སྤྱི་དངོས་པོའི་རང་མཚན་མེད་པར་ཡང་སྐྱེ་ན་དངོས་པོ་ལ་བརྟེན་པའི་ཆོས་ཁོ་ན་ཉིད་དུ་བཞག་པའང་ཉམས་པར་འགྱུར་རོ་ཞེ་ན་དེ་དངོས་པོ་ལ་བརྟེན་པའི་སྤྱིར་བཞག་པ་མི་ཉམས་ཏེ། འདས་མ་འོངས་ཀྱི་བུམ་པའི་སྤྱི་གཞལ་བ་ནའང་སྔར་བུམ་པའི་རང་མཚན་གྱི་དངོས་པོར་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་ལྟོ་ལྡིར་བ་སོགས་ཀྱི་རྣམ་པ་ཅན་དེ་འདྲ་བྱུང་ཟིན་ཏོ། །འབྱུང་བར་འགྱུར་རོ་སྙམ་དུ་འདས་མ་འོངས་ཀྱི་བུམ་པ་དེ་ཤེས་པ་ཡིན་པའི་ཕྱིར་དངོས་པོའི་སྤྱི་མ་ཡིན་པར་ཐལ་བའི་ཉེས་པ་འདི་


MR20_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། དངོས་པོ་ལ་བརྟེན་ནས་དེ་འཛིན་པའི་བག་ཆགས་སད་པའི་བློ་སྣང་ཙམ་ཡིན་པའི་ཕྱིར་ཡུལ་ལ་ལྟོས་པ་མེད་པར་དེའི་རྣམ་ལྡན་དུ་སྐྱེ་བ་ཡིན་ནོ། །གཉིས་པ་འཇུག་ཡུལ་གཅིག་ཏུ་བསྒྲུབ་པ་ལ། དངོས་དང་དེ་ལ་རྩོད་སྤང་ངོ་། །དང་པོ། དོན་དམ་པར་རམ་མཐར་ཐུག་གི་འཇུག་ཡུལ་གྱི་དབང་དུ་བྱས་ན་རང་གི་མཚན་ཉིད་གཅིག་ཁོ་ན་གཞལ་བྱ་ཡིན་ཏེ། མངོན་སུམ་དུ་མ་ཟད་རྗེས་དཔག་གིས་ཀྱང་རང་མཚན་དེ་གཞལ་བྱར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ན་ཐ་སྙད་པའི་ཚད་མས་ཡོད་པའམ་མེད་པ་ཉིད་དུ་རྣམ་པར་དཔྱོ༷ད་པ་རྣམས་ཀྱིས་ཚད་མས་བཅད་པ་ལྟར་དོན་བྱ་བ་ནི་སྤྱི་ཙམ་ལས་མ་ཡིན་པར་རང་མཚན་དེ་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །དེ་ཡང་ཚད་མ་ཚད་མིན་ནི་ཇི་ལྟར་བཅད་པ་ལྟར་གཞལ་བྱའི་དོན་ལ་དེ་ལྟར་གྲུབ་མ་གྲུབ་ཀྱིས་རྣམ་པར་ཕྱེ་བ་ཡིན་གྱི་གཞན་གང་གིས་ཀྱང་མིན་ནོ། །དེས་ན་རང་མཚན་དངོས་སུ་མ་མཐོང་བ་གང་གཞལ་ཀྱང་བློ་ངོར་སྣང་བརྟག་གཅིག་ཏུ་བསྲེས་ཤིང་ཡུལ་དེ་ལ་ཞེན་ནས་ཡུལ་འཇལ་བར་སེམས་པ་ཡིན་པས་ན། གང་གཞལ་བ་དེ་ཡུལ་གྱི་རང་མཚན་ལ་གཞོལ་ཞིང་འབབ་པ་ཁོ་ན་ཡིན་ནོ། །སྤྱི་ལའང་དཔྱོད་པ་འཇུག་པ་མ་ཡིན་ནམ་ཅིའི་ཕྱིར་རང་མཚན་ཁོ་ན་ལ་ཡོད་མེད་དཔྱོད་སྙམ་ན། སྤྱི་ལ་དཔྱོད་པ་ན་ཡང་ཅི་སྤྱི་འདི་རང་མཚན་ཡོད་དམ་མེད་ཅེས་དཔྱོད་པ་ཡིན་ལ། དེའི་ཚེ་ཁ་ཅིག་གིས་རང་མཚན་ཡོད་པའི་དངོས་པོར་ཁས་ལེན་པ་ལ་དངོས་པོའི་གནས་ཚུལ་ཤེས་པ་དག་གིས་དེ་ལ་དངོས་པོ་མེད་ཅེས་རང་མཚན་མེད་པར་ཚད་མས་གཅོད་པ་ཡིན་ནོ། །དེས་ན་གཙོ་བོ་དང་ཡན་ལག་ཅན་གྱི་ལ་ལ་སོགས་པའང་སྣང་བརྟག་བསྲེས་ནས་དེ་ལྟ་བུའི་དོན་ཡོད་པར་སེམས་པ་ཡིན་ལ། ནམ་ཞིག་བློ་སྣང་ཙམ་ལས་བརྟག་བྱ་དོན་གྱི་ངོ་བོ་མེད་པར་ངེས་པ་ན་དེ་


MR20_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་རང་མཚན་མེད་པར་གཅོད་པ་ཡིན་ནོ། །དེའི་ཕྱིར་དངོས་མེད་དུ་དཔྱོད་པ་ཡང་དགག་བྱའི་རང་མཚན་གང་ཡང་རུང་བ་དེ་མེད་པར་དཔྱོད་པ་ཡིན་པས་རང་མཚན་ལ་བརྟེན་པ་སྟེ་གཞན་དུ་སྤྱི་ཙམ་ལ་དེར་སྣང་བ་ཙམ་ལས་དོན་བྱ་བ་གཞན་མེད་པས་ན་སྔར། དོན་བྱེད་ནུས་པ་མ་ཡིན་ལ། །དེ་འདོད་བརྟགས་པས་སོགས་ཀྱི་སྐབས་སུ་དཔྱད་པ་བཞིན་ནོ། །གཉིས་པ་ལ། ལུང་དང་རིགས་པར་འགལ་སྤང་གཉིས། །དང་པོ། གཞལ་བྱ་རང་མཚན་གཅིག་ཡིན་ན་སློབ་དཔོན་ཕྱོགས་གྱི་གླང་པོས། མཚན་ཉིད་གཉིས་གཞལ་བྱའོ། །ཞེས་གཞལ་བྱ་གཉིས་སུ་བཞེད་པ་དང་འགལ་ལོ་སྙམ་ན། སློབ་དཔོན་གྱི་བཞེད་པ་དེ་ནི་རང་མཚན་ལས་ཐ་དད་པའི་སྤྱི་མཚན་ཁོ་ན་གཞལ་བའི་དོན་མིན་ཏེ་རྗེས་དཔག་གིས་སྤྱི་མཚན་དངོས་སུ་གཞལ་ཀྱང་དེའི་སྒོ་ནས་མཐར་རང་མཚན་གཞལ་བ་ཡིན་པས་གཞལ་བྱའི་རང་མཚན་གང་ཡིན་པ་མངོན་སུམ་གྱིས་རང་གི་ངོ་བོ་རྟོགས་པ་དང་། རྗེས་དཔག་གིས་གཞན་སྤྱི་ཡི་ངོ་བོ་ཡི་རང་མཚན་དེའི་ཚུལ་རྟོགས་པའི་ཕྱིར་ཚད་མ་གཉིས་པོའི་དངོས་ཀྱི་གཞལ་བྱ་ལ་སྤྱི་རང་གཉིས་སུ་བཞེད་པ་ཡིན་ནོ། །དེ་ཡང་རང་མཚན་དེའི་ཚུལ་ལ་ཚད་མས་འཇུག་པ་ན་མངོན་སུམ་གྱིས་དངོས་སུ་མ་འཁྲུལ་བར་གཞལ་ཞིང་རྗེས་དཔག་གིས་སྤྱི་ལ་དེར་འཁྲུལ་ནས་ཞེན་པས་གཞལ་བ་ཡིན་ལ། ཚད་མ་གཉིས་ཀས་ཀྱང་ཇི་ལྟར་བཅད་པ་ལྟར་ཡུལ་རང་མཚན་ལ་དེ་ལྟར་གྲུབ་པས་མི་བསླུ་བ་ལ་འདྲ་བ་ཡིན་ནོ། །འོན་ཀྱང་དེ་གཉིས་ཀྱི་ཁྱད་པར་འདི་ཡོད་དེ་མངོན་སུམ་ལ་རང་མཚན་དངོས་སུ་སྣང་བས་སྣང་ཡུལ་ལ་མ་འཁྲུལ་ཞིང་། རྗེས་དཔག་སོགས་སྤྱི་འཛིན་པའི་བློ་ནི་རྟོག་པའི་སྣང་ཡུལ་ལ་རང་མཚན་ཇི་ལྟ་བ་བཞིན་གྱི་ངོ་བོར་མངོན་པར་ཞེན་ན་ཡང་དེ་ལྟར་


MR20_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མིན་པའི་ཕྱིར་གཞལ་བྱ་གཉིས་པ་དོན་རང་མཚན་དངོས་སུ་དེའི་ཡུལ་དུ་མེད་པ་ལ་དེ་ཡོད་པར་འཁྲུལ་པ་ཡིན་པར་བཞེད་དོ། །གཉིས་པ། གལ་ཏེ་དེ་མ་ཡིན་པ་ལ་དེར་འཛིན་པ་སྤྱི་གཞན་གྱི་ངོ་བོས་ནི་གཞན་རང་མཚན་རྟོགས་པ་ཡིན་ན་དེ་འཁྲུལ་པ་ཅན་ཡིན་ལ་དེས་ན་ཚད་མ་མིན་པར་འགྱུར་རོ་ཞེ་ན། རྗེས་དཔག་གིས་ཇི་ལྟར་བཅད་པའི་བསམ་པ་དེ་ལ་ནི་བསླུ་བ་མེད་པར་དེ་ལྟར་རང་མཚན་ལ་ཡང་གྲུབ་པའི་ཕྱིར། སྣང་ཡུལ་ལ་རང་མཚན་དུ་འཁྲུལ་པ་ཡིན་དུ་ཟིན་ན་ཡང་ཚད་མ་ཉིད་ཡིན་ཏེ་དོན་ལ་མི་བསླུ་བའི་ཕྱིར་རོ། །དེ་ཡང་རྣམ་པ་གཞན་གྱིས་ཀྱང་གཞན་མ་ནོར་བར་རྟོགས་པ་མཐོང་བས་ན་གཞན་གྱི་ངོ་བོས་གཞན་རྟོགས་ན་ཡུལ་དེ་ལ་ཚད་མ་མིན་པར་བརྗོད་པ་དོན་མེད་དེ། ཚད་མ་ནི་དོན་ཇི་ལྟར་བཅད་པ་དེ་ཙམ་ལ་མི་བསླུ་བའི་སྒོ་ནས་འཇོག་པ་ཡིན་ན་དེ་འདྲའི་གཞན་གཞན་ལ་མི་བསླུ་བ་མཐོང་བས་སོ། །ཇི་ལྟར་ན། མཐོང་བ་དང་ཐོབ་པའི་སྐད་ཅིག་ཐ་དད་ཀྱང་མངོན་སུམ་དུ་སྔོན་པོར་མཐོང་བའི་ཚད་མས་བཅད་ཟིན་ཕྱིས་མཐོང་བ་ན་ཡང་སྔོན་པོ་ཙམ་ལ་མི་བསླུ་བ་དང་། ཡུལ་གང་ན་སྨན་ལ་སོགས་པ་སྐྱེ་པར་མངོན་སུམ་མཐོང་བའི་བློ་དེ་ལ་བརྟེན་ནས་ཕྱིས་དུས་སུ་ཕྱོགས་དེར་སྨན་ཚོལ་བ་ལ་སྨན་དང་ཕྲད་པར་མི་བསླུ་བ་དང་། ཆོས་གཞན་དུ་བ་ལ་བརྟེན་ནས་མེ་རྟོགས་པ་ལྟ་བུ་སོགས་གཞན་གྱིས་གཞན་རྟོགས་པའི་འཇིག་རྟེན་ལ་བསྙོན་མེད་དུ་གྲུབ་བཞིན་དུ་སྤྱིའི་སྒོ་ནས་རང་མཚན་བཟུང་བ་ན་གཞན་གྱིས་གཞན་རྟོགས་པའི་ཕྱིར་འཁྲུལ་ཞེས་པ་རྣམ་པ་ཀུན་ཏུ་དོན་མེད་དོ། །གཞན་ཡང་གཞལ་བྱ་གཞན་གྱིས་གཞན་རྟོགས་པ་མི་འཐད་པར་བརྗོད་པའི་ཕྱོགས་འདི་ལ་ནི་ལན་ཅི་རིགས་པར་བཏབ་ཟིན་ཏེ། ཇི་ལྟར་ན་མཐར་ཐུག་གི་གཞལ་


MR20_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གཅིག་ཡིན་པའམ་སྤྱི་ཡུལ་དུ་བྱེད་པས་ན་རྗེས་དཔག་དངོས་པོའི་ཡུལ་ཅན་དུ་འགྱུར་ཟེར་བ་ལ་ནི། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་སོགས་ཀྱིས་ལན་བཏབ་ཟིན་ལ། གཉིས་ཀས་གཞལ་བྱ་རང་མཚན་ཡིན་ན་གཞལ་བྱ་གཉིས་སུ་མི་འཐད་ཅེ་ན། དེ་ནི་རང་གཞན་ངོ་བོ་ཡིས། །ཞེས་སོགས་ཀྱི་ལན་བཏབ་ལ། གཉིས་ཀའི་ཡུལ་རང་མཚན་ཡིན་ན་འཁྲུལ་མ་འཁྲུལ་མི་འཐད་ཟེར་ན། ཇི་བཞིན་མངོན་ཞེན་མིན། སོགས་ཀྱིས་ལན་བཏབ་ཟིན་ཅིང་། འཁྲུལ་བ་ཡིན་ན་དོན་རང་མཚན་ལ་མི་བསླུ་བ་མི་འཐད་ཅེ་ན། གང་ལ་དངོས་དང་འབྲེལ་ཡོད་པ། །ཞེས་སོགས། སྔར་ལེའུ་དང་པོར་ལན་བཏབ་ཟིན་ཏོ། །དེས་ན་འཁྲུལ་བ་ཡིན་ཀྱང་དོན་ཐོབ་པ་ལ་མི་བསླུ་བའི་དཔེ་འཇིག་རྟེན་རང་ལ་གྲགས་པ་བཀོད་ན། ནོར་བུ་དག་གི་འོད་ལ་ནོར་བུར་འཁྲུལ་ཏེ་ནོར་བུ་ལེན་དུ་རྒྱུག་པ་དང་། སྒྲོན་མེའི་འོད་དག་ལ་ནོར་བུའི་བློ་ཡིས་ནོར་བུ་ལེན་ནོ་སྙམ་དུ་མངོན་པར་རྒྱུག་པ་གཉིས་ཀ་འོད་ལ་ནོར་བུར་འཁྲུལ་བའི་ཕྱིར་ལོག་པའི་ཤེས་པ་ཡིན་པར་ཁྱད་མེད་ཀྱང་ཇི་ལྟར་ནོར་བུ་ཐོབ་པའི་དོན་བྱེད་མི་བྱེད་ལ་ཁྱད་ཡོད་དེ། སྒྲོན་འོད་ལ་ནོར་བུར་འཁྲུལ་བས་ནོར་བུ་མི་ཐོབ་ལ། ནོར་བུའི་འོད་ལ་འཁྲུལ་ནས་རྒྱུག་པས་ནོར་བུ་ཐོབ་པ་བཞིན་ནོ། །དེ་ལ་དཔྱད་ན་ནོར་བུ་ཉིད་མངོན་སུམ་ཚད་མས་བཅད་པའང་མིན་ལ། ནོར་བུ་ཉིད་དོ་སྙམ་དུ་ཞེན་པ་ཙམ་ལས་རྗེས་སུ་དཔག་པའང་མ་ཡིན་མོད་དེ་ལས་དོན་ཐོབ་པ་ཡང་ཡོད་ན་ཅིའི་ཕྱིར་གཞན་ཡིན་པ་ཙམ་དང་། འཁྲུལ་བ་ཡིན་པ་ཙམ་ན་དོན་ལ་བསླུ་བ་ཡིན་ནོ་ཞེས་སྨྲ་བར་རིགས་ཏེ། སྨྲ་བ་དེ་མ་ངེས་པ་དཔེ་འདིས་ཤེས་པར་བྱའོ། །ནོར་འོད་ལ་ནོར་བུར་འཁྲུལ་བ་འདིས་མི་བསླུ་བ་གང་ལ་ཐུག་ན་འབྲེལ་བ་ལས་བྱུང་བའི་ཕྱིར་འབྲས་བུའི་


MR20_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སུ་དོན་གྱིས་འགྱུར་བར་པཎ་ཆེན་ཤཱཀྱ་བློ་སོགས་བཞེད་དོ། །དཔེ་དེ་ལྟར་རྗེས་དཔག་ཐམས་ཅད་ཀྱི་སྣང་ཡུལ་དེ་ཇི་བཞིན་པ་རང་མཚན་གྱི་དོན་མེད་པར་འདྲ་ནའང་སྒྲ་མི་རྟག་རྟོགས་པའི་རྗེས་དཔག་ལྟ་བུ་དང་ནི། སྒྲ་རྟག་འཛིན་རྟོགས་པ་ལྟ་བུ་རྗེས་དཔག་དེར་སྣང་བའམ་ལྟར་སྣང་བ་དག་ལས་དོན་བྱེད་པ་རང་མཚན་གྱི་དངོས་པོའི་གནས་ཚུལ་དང་རྗེས་སུ་འབྲེལ་བ་ཅན་གྱི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུ་དེ་ནི་ཚད་མ་ཉིད་དུ་རྣམ་པར་གཞག་པ་ཡིན་ཏེ་དེའི་ཞེན་སྟངས་ལྟར་དོན་ལ་ཡོད་པའི་ཕྱིར་རོ། །གཉིས་པ་ཚད་མ་གཉིས་སུ་མ་ངེས་པར་འདོད་པ་དགག་པ་ལ། གཉིས་སུ་ངེས་པའི་གྲངས་ངེས་བསྒྲུབ། །དེ་ལས་གྲངས་གཞན་འདོད་པ་དགག །དང་པོ་ལ། གཞལ་བྱ་གཉིས་སུ་ངེས་པའི་ཚུལ། །དེ་ལས་འཇལ་བྱེད་གཉིས་སུ་ངེས། །དང་པོ་ལ། མངོན་གྱུར་མངོན་སུམ་ཚད་མས་གཞལ། །ལྐོག་གྱུར་རྗེས་སུ་དཔག་པས་འཇལ། །དང་པོ། གཞལ་བྱ་གང་ལ་ཡུལ་གཟུང་དོན་གྱི་ནུས་པ་ལས་དོན་དེ་ཡོད་ན་ཡོད་པའི་རྗེས་འགྲོ་དང་། མེད་ན་ལྡོག་པ་ཅན་གྱི་བློ་མངོན་སུམ་ནི་ཡུལ་རང་མཚན་དེ་ལ་འཛིན་པ་རང་དབང་ཅན་ཞེས་བྱ་སྟེ། དོན་དེ་ཡོད་པ་ལས་དེར་སྣང་བ་སྐྱེ་བ་ཙམ་ལས་བརྡ་དང་རྩོལ་བ་རྟགས་ལ་སོགས་པ་གཞན་གང་ལའང་མི་ལྟོས་པའི་ཕྱིར་རོ། །དེས་ན་དེ་ལྟར་གཟུང་དོན་མངོན་དུ་གྱུར་པ་དེ་ནི་རྒྱུ་མཚན་གཞན་ལ་མི་བརྟེན་པར་མངོན་སུམ་གྱི་བློས་རང་དབང་གིས་གཅོད་པ་ཡིན་ནོ། །གཉིས་པ་ལ། ལྐོག་གྱུར་འཇལ་བྱེད་རྟགས་སུ་བསྟན། །རྟགས་དེས་ཇི་ལྟར་རྟོགས་པའི་ཚུལ། །དེས་ན་དེ་འཇལ་གཅིག་ཏུ་ངེས། །དང་པོ། རང་མཚན་མངོན་དུ་གྱུར་བ་དེ་ལས་གཞན་པའི་དངོས་པོ་གང་ཞིག་དེ་ལ་རྟོག་ཅིང་


MR20_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་པོ་དེའི་ད་ལྟ་བའི་དབང་པོ་དག་གི་མངོན་སུམ་གྱི་ཡུལ་ལས་འདས་ནས་མངོན་སུམ་དུ་གཅོད་མི་ནུས་པའི་ཕྱིར་ད་ལྟ་མ་མཐོང་བ་ལྐོག་ཏུ་གྱུར་པའི་བདག་ཉིད་ཅན་གྱི་ངོ་བོ་དེ་རྟོག་པར་བྱེད་པའི་རྟེན་ནི་གཞལ་བྱ་དེ་ལས་དོན་གཞན་ཡིན་གྱི་གཞལ་བྱ་ཉིད་མ་ཡིན་ཏེ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེས་ན་གཞལ་བྱ་ལྐོག་གྱུར་དེ་རྟོགས་པའི་རྟེན་ལ་རྟགས་ཞེས་བྱ་བ་ཡིན་ནོ། །གཉིས་པ། གལ་ཏེ་ཆོས་གཞན་ཞིག་གིས་གཞན་རྟོག་པ་ཞེས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། གཞན་གང་རུང་རུང་མ་ཡིན་ཏེ་ཐམས་ཅད་ཀྱིས་ཐམས་ཅད་གོ་བར་ཐལ་བའི་ཕྱིར་རོ། །དེས་ན་རྟགས་དེ་རྟགས་ཅན་བསྒྲུབ་བྱའམ་རང་གི་རྟེན་ཚོགས་དོན་དང་འབྲེལ་བ་ཅན་ཡིན་པས་ཚུལ་གསུམ་ཚང་ན་དེ་ཚེ་ཆོས་གཞན་རྟགས་དེས་བསྒྲུབ་བྱ་གོ་བར་བྱེད་པ་ཉིད་ཡིན་ནོ། །དེ་ཡང་རང་གི་རྟེན་དང་ཇི་ལྟར་འབྲེལ་སྙམ་ན་ཤེས་འདོད་ཆོས་ཅན་དང་འབྲེལ་ཏེ་ཕྱོགས་ཆོས་གྲུབ་པ་དང་བསྒྲུབ་པའི་ཆོས་དང་མེད་ན་མི་འབྱུང་བར་འབྲེལ་ཏེ་རྗེས་འགྲོ་ལྡོག་ཁྱབ་གྲུབ་པ་སྟེ་ཚུལ་གསུམ་ཚང་ན་འབྲེལ་བའི་དབང་གིས་རྟགས་དེས་བསྒྲུབ་བྱ་འགྲུབ་པ་ལ་མི་འཁྲུལ་བ་ཡིན་ནོ། །དེ་ལྟར་ཚུལ་གསུམ་ཚང་བའི་རྟགས་ལས་བསྒྲུབ་བྱ་གོ་བ་དེ་ཡི་ཚེ་གོ་བྱེད་ཀྱི་རྟགས་དུ་བ་ལྟ་བུ་ལ་རྗེས་སུ་འགྲོ་བ་བསྒྲུབ་བྱ་མེ་ལྟ་བུ་ནི་མེ་ཙམ་གྱི་སྤྱི་ཡི་ངོ་བོ་ཉིད་དུ་རྟོགས་པ་ཙམ་ཡིན་པ་དེས་ན་ལྐོག་ཏུ་གྱུར་པ་བསྒྲུབ་བྱ་རང་མཚན་གྱི་དོན་ལ་ཡོད་པའི་ཆོས་ཐམས་ཅད་ཁྱད་པར་དུ་ཕྱེས་ནས་ནི་རྟོགས་པར་མི་འགྱུར་ཏེ། དཔེར་ན་དུ་བ་ལས་མེ་ཙམ་རྟོགས་ཀྱི་དེ་ཡི་ཁྱད་པར་རྩ་དང་ལོ་མ་ཙན་དན་གྱི་མེ་སོགས་དང་། གསལ་ཞིང་འབར་བའི་རྣམ་པ་དང་དབྱིབས་ལ་སོགས་པའི་ཁྱད་པར་སོ་སོར་ཕྱེད་པར་མི་འགྱུར་ཏེ། རྟགས་དུ་བ་ཙམ་དང་ཁྱད་པར་གྱི་ཆོས་དེ་དག་རྗེས་སུ་འགྲོ་ལྡོག་ཚད་མས་མི་ངེས་པའི་ཕྱིར་རོ། །དེས་


MR20_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྟགས་དང་འབྲེལ་བ་ཅན་རང་གི་བསྒྲུབ་བྱ་ཙམ་ལ་མི་འཁྲུལ་བ་ཡིན་ནོ། །གསུམ་པ། བསྒྲུབ་བྱ་དང་མེད་ན་མི་འབྱུང་གི་འབྲེལ་བ་ཅན་གྱི་ཆོས་སུ་གྱུར་པ་རྟགས་ལས་ནི་རང་གང་ལ་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་ཆོས་ཅན་ཤེས་འདོད་ཞུགས་པ་དེ་ལ་བསྒྲུབ་བྱ་དེར་རྟོགས་པའམ་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་རྗེས་དཔག་ཚད་མ་ཡིན་ལ། དེའི་ཕྱིར་ལྐོག་གྱུར་གྱི་དོན་ཡོད་མེད་ཡིན་མིན་དུ་སྒྲུབ་པར་བྱེད་པ་ནི་རྗེས་དཔག་དེ་གཅིག་ཏུ་ངེས་པ་ཡིན་གྱི་ཚད་མ་གཞན་མི་སྲིད་དེ། གཞལ་བྱ་རང་ཉིད་ལྐོག་གྱུར་ཡིན་པ་ལ་དེ་རྟོགས་བྱེད་གཞན་ཞིག་ལས་འོས་མེད་ཅིང་། གཞན་གང་ཡང་རུང་བས་མི་བསླུ་བར་རྟོགས་མི་ནུས་པས་རྟགས་ཡང་དག་ལ་བརྟེན་ནས་རྗེས་སུ་དཔོག་པ་ལས་མཐའ་གཞན་མི་སྲིད་པའི་རིགས་པས་ཡང་དག་པར་གྲུབ་པ་ཡིན་ནོ། །གཉིས་པ་འཇལ་བྱེད་གཉིས་སུ་ངེས་པ་ནི། ཡུལ་གཞལ་བྱ་ལ་མངོན་སུམ་དུ་གྱུར་པ་དང་ལྐོག་ཏུ་གྱུར་པ་ལས་གཞལ་བྱ་གཞན་ཕུང་གསུམ་པ་ནི་ཡོད་པ་མ་ཡིན་ཏེ། དེ་གཉིས་གཅིག་ལ་གཅིག་འདྲེ་བ་མེད་ཅིང་གཉིས་ཀ་ཡིན་པ་མི་སྲིད་ལ་དེས་ན་གཉིས་མིན་ཀྱང་མི་སྲིད་པའི་ཕྱིར་རོ། །དེ་ཕྱིར་ཡུལ་གཞལ་བྱ་གཉིས་སུ་ངེས་པ་ཉིད་ཀྱིས་ཡུལ་དེ་དག་འཇལ་བྱེད་ཀྱི་ཚད་མ་དག་ཀྱང་གཉིས་སུ་གྲངས་ངེས་པར་བཞེད་པ་དང་། གཞལ་བྱ་མངོན་ལྐོག་གཉིས་ཡོད་པར་ནི་མཐོང་བའི་ཕྱིར་ཚད་མ་ལ་གསུམ་དང་གཅིག་གི་གྲངས་སུ་འདོད་པ་ནི་རྣམ་པར་བསལ་བ་ཡིན་ནོ། །གཉིས་པ་ཚད་མ་གཉིས་སུ་མ་ངེས་པར་གྲངས་གཞན་དུ་འདོད་པ་དགག་པ་ལ། ཉུང་བ་གཅིག་ཏུ་འདོད་པ་དགག །གཉིས་ལས་མང་བར་འདོད་པ་དགག །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་ཡི་ལན། །དང་པོ། རྒྱང་འཕེན་


MR20_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་རེ། གང་མེད་པ་སྤྱི་ལ་སོགས་པ་ནི་གཞལ་བྱ་མ་ཡིན་པའི་ཕྱིར་གཞལ་བྱ་དངོས་པོར་ཡོད་པ་རང་མཚན་གཅིག་ཉིད་ཡིན་ལ་དེའི་ཕྱིར་ཚད་མ་ནི་མངོན་སུམ་གཅིག་ཁོ་ན་ཡིན་པར་འདོད་དོ་ཅེ་ན། གཉིས་པ་ལན་ལ། དོན་དམ་པ་དང་ཐ་སྙད་ལན། །དང་པོ། ཚད་མས་གཞལ་བྱ་འཇུག་ཡུལ་མཐར་ཐུག་པ་རང་མཚན་གཅིག་ཡིན་པར་ཁོ་བོའང་འདོད་དེ་གོང་དུ་བསྟན་པ་བཞིན་ནོ། །གཉིས་པ་ལ། རྗེས་དཔག་ཚད་མ་ཡིན་པར་བསྒྲུབ། །མིན་ན་ཧ་ཅང་ཐལ་བའོ། །དང་པོ་ལ། ཁས་བླངས་ཉིད་ལས་ཚད་མར་བསྒྲུབ། །ཚད་མ་མིན་པར་སྒྲུབ་བྱེད་བཀག །དང་པོ་ལ། དགག་པའི་རྟགས་ལས་ཚད་མར་བསྒྲུབ། །སྒྲུབ་པའི་རྟགས་ལས་ཚད་མར་བསྒྲུབ། །དང་པོ་ལ། དངོས་དང་དེ་ཡི་ལན་འགོག་པའོ། །དང་པོ། དོན་དམ་པར་གཞལ་བྱ་གཅིག་ཡིན་པས་འཇལ་བྱེད་མངོན་སུམ་གཅིག་ལས་ཚད་མ་གཞན་མི་འདོད་ན། མངོན་སུམ་གཅིག་པུ་ཚད་མར་སྨྲ་བ། རྒྱང་འཕེན་པ་ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་མེད་པའང་ངེས་པ་ཉིད་དུ་སྨྲ་བའི་ཕྱིར་མེད་པ་གཞལ་བྱ་ནི་མིན་ནོ་ཞེས་པ་ལ་རང་ཚིག་གིས་མ་ངེས་པ་ཉིད་ཡིན་ཏེ་འཇིག་རྟེན་ཕ་རོལ་མེད་ངེས་སུ་འཛིན་པ་དེ་ཚད་མས་གཞལ་དགོས་ལ། དེ་མངོན་སུམ་གྱིས་མེད་པར་མ་གཞལ་ན་ཚད་མ་གཞན་ཁྱོད་ཀྱི་ལུགས་ལ་མེད་པས་སོ། །གཞན་ཡང་འཇིག་རྟེན་ཕ་རོལ་མེད་ངེས་སུ་འཛིན་ན་དེའི་རྒྱུ་མཚན་ཚད་མས་དེ་ལྟར་གཅོད་དགོས་ལ་མངོན་སུམ་ཚད་མས་མེད་པ་མི་གཞལ་ན་འཇིག་རྟེན་ཕ་རོལ་མེད་ཅེས་པའི་ཚིག་ཙམ་ལས་མེད་པར་མ་ངེས་པ་ཉིད་དམ། གལ་ཏེ་འཇིག་རྟེན་ཕ་རོལ་ནི་མེད་པར་ངེས་ན་མངོན་སུམ་གྱིས་མེད་པ་མི་གཞལ་བའི་ཕྱིར་མེད་པ་དེ་ཉིད་ངེས་པ་ནི་ཚད་མ་གཞན་གཉིས་པ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་


MR20_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པ་ལ་རང་འཛིན་ཤེས་པ་སྐྱེད་པའི་དོན་བྱེད་པ་མེད་པས་ན་དབང་པོ་ལས་སྐྱེས་པའི་བློ་འཇུག་པ་མིན་ཏེ། དེའི་རྒྱུ་མཚན་དབང་སྐྱེས་ཀྱི་བློ་ནི་གཟུང་དོན་ཡོད་པ་ཅན་གྱི་སྟོབས་ལས་སྐྱེས་པ་ཡིན་པར་ངེས་པའི་ཕྱིར་རོ། །གཟུང་དོན་ཡོད་པ་ཅན་གྱི་ནུས་པ་ལ་ལྟོས་པ་མེད་པར་དབང་བློ་སྐྱེ་ན་བར་ཆོད་པ་བསྐལ་བའི་དོན་དང་། ཤིན་ཏུ་ཉེ་བ་ལ་སོགས་པ་དབང་པོས་གཟུང་དུ་མི་རུང་བའི་རྐྱེན་ཡོད་ན་ཡང་དབང་པོ་ལས་སྐྱེས་པའི་བློ་ནི་སྐྱེ་བར་འགྱུར་ཏེ་ཡུལ་གྱིས་རྣམ་པ་གཏོད་པ་མེད་པར་འཛིན་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་དབང་བློ་འདིས་རི་བོང་རྭ་ལ་སོགས་པ་ཡང་འཛིན་པར་ཐལ་ཏེ་ཡུལ་རང་ཉིད་ལ་སྣང་བའི་དོན་མེད་ཀྱང་དབང་པོས་དེ་འཛིན་པར་རིགས་པའི་ཕྱིར་རོ། །དེས་ན་མཁའ་སོགས་མེད་པ་མངོན་སུམ་གྱིས་བཟུང་ཞེས་པའང་དགག་གཞི་དབང་པོས་བཟུང་བ་ལ་བརྟེན་ནས་དགག་བྱ་མེད་པར་སྤྱི་བློས་བཟུང་བ་ཡིན་ཀྱང་རྟོག་རྟོག་མེད་ཀྱི་བྱེད་པ་ཤན་ཤོར་ནས་མངོན་སུམ་བཟུང་བར་འཁྲུལ་བ་སྐྱེ་བ་སྟེ་ཆུ་ལ་ནམ་མཁའི་གཟུགས་བརྙན་ཤར་བར་འདུག་གོ་སྙམ་དུ་རྟོག་པ་ན། ནམ་མཁའ་ལ་གཟུགས་མེད་པས་དེའི་གཟུགས་བརྙན་མི་སྲིད་ཀྱང་ཡུལ་གྱི་རྣམ་པ་ཤར་བའི་དབྱིབས་ལས་བར་སྟོང་པ་ལ་ནམ་མཁའི་གཟུགས་བརྙན་དུ་འདུ་ཤེས་པ་བཞིན་ནོ། །དེས་ན་མདུན་གྱི་གཞི་འདིར་མེད་པའི་དངོས་པོ་དུ་མ་ཡོད་ཀྱང་དེར་ཡིད་གཏད་པའི་མངོན་སུམ་རྟོག་མེད་ལ་མདུན་དུ་ཡོད་པ་དེ་ཙམ་སྣང་གི་དེ་ལས་གཞན་སྣང་མི་སྲིད་ཀྱང་རྗེས་ཀྱི་ཤེས་པས་འདི་ན་འདི་དང་འདི་མེད་དོ་སྙམ་དུ་དུ་མར་རྟོག་པ་ནི་སྤྱི་མཚན་ཡིན་གྱི་རྟོག་མེད་རང་ལ་དེ་ལྟ་བུའི་ཐ་སྙད་མེད་དོ། །གཉིས་པ་ལན་དགག་པ་ནི། གལ་ཏེ་མེད་པ་ལ་ནི་དབང་པོའི་མངོན་སུམ་ཉིད་ལྡོག་པ་ལས་ཡུལ་དེ་མེད་པར་ངེས་པ་ཡིན་ནོ་ཞེ་ན། དེ་རྒྱང་འཕེན་རང་གི་ལུགས་ལ་


MR20_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའམ་ཡང་ན་མེད་ངེས་སུ་རྟོགས་ནུས་ན་དེ་རྗེས་དཔག་ཡིན་ནོ། །ཇི་ལྟར་འགལ་ན་མེད་ངེས་སུ་འཇོག་བྱེད་མངོན་སུམ་ཚད་མ་ལོག་པ་ན་འཇལ་བྱེད་ཚད་མ་མེད་པ་ཙམ་ཡིན་ལ་ཚད་མ་མ་ཞུགས་པར་གཞལ་བྱ་འགྲུབ་ན་ཤིན་ཏུ་འགལ་ཏེ་སྔོན་འཛིན་ཚད་མ་མེད་པས་སྔོན་པོ་འགྲུབ་པ་བཞིན་ནོ། །དེ་ཡང་རང་འཛིན་གྱི་ཚད་མ་ཡོད་པས་གཞལ་བྱ་དེ་འགྲུབ་དགོས་ཀྱི་ཚད་མ་མེད་པས་གཞལ་བྱ་འགྲུབ་ན་མོ་གཤམ་གྱི་བུ་ལ་སོགས་པ་ཡོད་པར་འགྱུར་ཞིང་། དེ་ལྟ་ན་ཚད་མ་མ་ལོག་པ་དོན་གྱིས་དེའི་ཟློག་ཕྱོགས་ཡིན་པས་བུམ་པ་སོགས་མེད་པར་ཐོབ་པས་ན་ཤིན་ཏུ་འགལ་བའོ། །དེས་ན་རྗེས་དཔག་ཚད་མ་མེད་ན་མངོན་སུམ་ནི་མེད་པ་ལ་དངོས་སུ་མི་འཇུག་ཅིང་མངོན་སུམ་ལོག་པ་ཙམ་ནི་དགག་བྱ་དེ་མེད་པའི་རྒྱུ་མཚན་དུ་མི་འགྲོ་བས་ན་མེད་ངེས་ཀྱི་ཐ་སྙད་རྒྱུན་ཆད་པར་འགྱུར་བས་དགག་པར་སྨྲ་བའི་ཐ་སྙད་ཡོད་ཕན་ཆད་རྗེས་དཔག་ཚད་མ་མེད་དུ་མི་རུང་ངོ་། །གལ་ཏེ་སྣང་རུང་གི་བུམ་པ་ལྟ་བུ་མདུན་འདིར་མེད་ངེས་ཀྱི་ཐ་སྙད་མངོན་སུམ་ལོག་པས་བསྒྲུབ་ན་ནི་དེ་ཉིད་ལྡོག་པ་དང་རྗེས་འགྲོ་ཅན་གྱི་རྟགས་ཡིན་པ་ལས་འོས་མེད་དེ། དེ་འཇལ་གྱི་མངོན་སུམ་མ་སྐྱེས་པ་ཙམ་གྱིས་ཐམས་ཅད་དགག་མི་ནུས་པ་ལ་སྣང་རུང་དེ་རྒྱུ་ཡིན་ཞིང་དེའི་འབྲས་བུ་མངོན་སུམ་གྱི་བློ་མེད་པ་ལས་མེད་ངེས་ཀྱི་ཐ་སྙད་ཐོབ་པར་རྗེས་སུ་དཔག་པ་ཡིན་ནོ། །རྗེས་སུ་འགྲོ་ལྡོག་མེད་ན་མ་དམིགས་པ་ཙམ་གྱིས་མེད་པར་མི་འགྲུབ་པར་བཤད་ཟིན་ཏོ། །གཉིས་པ་སྒྲུབ་རྟགས་ལས་རྗེས་དཔག་ཡོད་པར་བསྒྲུབ་པ་ནི། རྒྱང་འཕེན་པ་ཁྱོད་གཞན་རང་གི་སློབ་བུ་སོགས་ཀྱི་སེམས་དག་ནི་ཡོད་པར་རྟོགས་པའི་ཕྱིར་ཡང་ཚད་མ་གཉིས་ཡོད་པ་ནི་གྲུབ་པ་ཡིན་ཏེ། གཞན་གྱི་སེམས་མངོན་སུམ་མ་ཡིན་ལ་དེ་ཡོད་པར་རྟོགས་པ་དེ་རྗེས་དཔག་ཡིན་ནོ། །ཇི་


MR20_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྗེས་སུ་དཔག་ན། ངག་གསོང་པོར་སྨྲ་བ་དང་གྲུབ་མཐའ་བསྟན་པ་ལ་ཤེས་ཤིང་རྗེས་སུ་འཇུག་པའི་ངག་སྨྲ་བ་དང་གཡོ་འགུལ་ལ་སོགས་ལུས་ངག་གི་ཐ་སྙད་ལ་ནི་འཇུག་པའི་ཕྱིར་འདི་ལ་སེམས་ཡོད་དོ་སྙམ་དུ་རྗེས་སུ་དཔག་པ་ཡིན་ལ། དེ་འདྲའི་ཐ་སྙད་དེ་རྒྱུ་སེམས་ལ་མ་བརྟེན་པར་འབྱུང་མི་སྲིད་པས་ན་སེམས་དེ་ཡི་ངོ་བོ་ཡང་གཞན་པ་དེའི་རྒྱུད་ན་ངེས་པར་གྲུབ་པ་ཡིན་པས་ན་རྗེས་དཔག་དེ་ལྟ་བུ་འཁྲུལ་བ་མ་ཡིན་ལ། གཞན་དུ་བ་ལས་མེ་སོགས་དཔོག་པའི་རྗེས་དཔག་ཚད་མ་ཇི་སྙེད་པའང་མེད་ན་མི་འབྱུང་གི་འབྲེལ་བའི་སྒོ་ནས་བསླུ་བ་མེད་པའི་ཕྱིར་རྟགས་དེ་འདྲ་ལས་རྗེས་སུ་དཔོག་པ་ཚད་མ་ཉིད་ཀྱང་ཡིན་པས་ན་རྗེས་དཔག་ཚད་མ་དེ་ནི་མངོན་སུམ་ལས་གཞན་དུ་གྲུབ་པ་ཡིན་ནོ། །གཉིས་པ་རྗེས་དཔག་ཚད་མ་མིན་པའི་སྒྲུབ་བྱེད་བཀག་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། གལ་ཏེ་རྗེས་དཔག་ནི་གནས་སྐབས་ལ་ལ་དག་ཏུ་ནི་འཁྲུལ་པར་མཐོང་སྟེ་སྐྱུ་རུ་ར་གཅིག་ཟོས་པ་ལས་ཡུལ་ཀུན་གྱི་སྐྱུ་རུ་ར་རོ་བསྐ་བར་དཔོག་པ་འཁྲུལ་བ་ཡིན་པ་ལ་སོགས་པ་བཞིན་དུ་འཁྲུལ་སྲིད་པའི་ཕྱིར་ཡིད་བརྟན་མེད་པས་ཚད་མ་མིན་པར་འདོད་དོ་ཅེ་ན། དེ་འདྲའི་འཁྲུལ་བ་ཅན་དེ་ནི་རྗེས་དཔག་ཚད་མ་མ་ཡིན་ཏེ། ཁྱོད་རང་གིས་ཚུལ་གསུམ་མ་ཚང་བའི་རྟགས་ལོག་པ་མཐོང་བའི་ཕྱིར་རྟགས་ཡང་དག་དེ་ཡང་རྟགས་ལོག་དེ་དང་འདྲ་བར་འཛིན་པ་ཁྱོད་རང་ཉིད་འཁྲུལ་གྱི་རྗེས་དཔག་ཚད་མ་ལ་འཁྲུལ་པ་ཡོད་པས་མིན་ནོ། །གཉིས་པ་ལ། སྒྲུབ་པའི་རྟགས་ལ་འཁྲུལ་བ་མེད། །དགག་རྟགས་འཁྲུལ་པ་མེད་པའོ། །དང་པོ། སྒྲུབ་རྟགས་ཡང་དག་ཡིན་ན་འཁྲུལ་པ་རྣམ་པ་ཀུན་དུ་ཡོད་མི་སྲིད་དེ། དུ་བ་དང་བྱས་པ་ལྟ་བུའི་རྟགས་གང་ལས་ཡུལ་དུས་འགའ་


MR20_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚེ་ལ་དང་སྒྲ་ལྟ་བུ་ཆོས་ཅན་གྱི་དངོས་པོ་འགའ་ལ་མེ་དང་མི་རྟག་པ་ལྟ་བུ་བསྒྲུབ་བྱ་དེ་ཡི་རྟོགས་པ་སྐྱེས་བུའི་བློ་ངོར་གདོན་མི་ཟ་བར་གྲུབ་པར་གྱུར་པ་དེ་ནི་བསྒྲུབ་བྱ་དེ་ལས་སྐྱེས་པའི་འབྲས་བུ་ཡིན་པའམ། ཡང་ན་དེ་དང་བདག་གཅིག་པ་ཡི་ངོ་བོར་གདོན་མི་ཟ་བར་ངེས་པའི་སྒོ་ནས་རྗེས་འགྲོ་ཁྱད་པར་ཅན་གྲུབ་ལ་གལ་ཏེ་རང་གི་རྒྱུ་མེ་ལྟ་བུའམ། རང་དང་ངོ་བོ་གཅིག་པའི་མི་རྟག་པ་ལྟ་བུ་དག་ལོག་སྟེ་མེད་པར་གྱུར་ན་རྟགས་དུ་བ་དང་བྱས་པ་ལྟ་བུའི་དོན་དེ་ནི་ཡོད་པར་སྲིད་པ་མིན་པ་ཡིས་ལྡོག་པ་གྲུབ་པ་དེ་ལྟ་བུ་དག་གི་རང་བཞིན་ཅན་དུ་མཐོང་བ་གང་ཡིན་པ་དེ་ཉིད་ད་ལྟ་མཐོང་བའི་གནས་སྐབས་དེ་ཙམ་དུ་མ་ཟད་ཡུལ་དུས་གཞན་ཐམས་ཅད་དུའང་དེ་ལྟར་ངེས་པའི་མཚན་ཉིད་ཅན་ཡིན་ཏེ་དངོས་པོའི་ཆོས་ཉིད་ཀྱིས་མེའི་ཚ་བ་ལྟ་བུ་ཡིན་པས་ལ་དུས་ལ་ལར་མ་འཁྲུལ་ཀྱང་ལ་ལར་འཁྲུལ་སྲིད་པ་རྣམ་པ་ཀུན་ཏུ་མི་སྲིད་དོ། །གཉིས་པ། བལྟར་རུང་བའི་ཆོས་རང་གི་ངོ་བོ་དུ་བ་ལྟ་བུའམ་ཡང་ན་དེ་རང་ཉིད་ཀྱི་རྒྱུ་མཚན་ཏེ་རྒྱུ་མེ་དང་ཁྱབ་བྱེད་བལྟར་རུང་བ་དག་མཐོང་བའི་རྒྱུ་གཞན་དབང་པོ་ལ་སོགས་པ་དག་ཡོད་པར་གྱུར་ཀྱང་ཡུལ་དེ་དག་སྣང་བ་མེད་པ་སྟེ་དེའི་བློ་མི་སྐྱེ་ན་ནི་བལྟར་རུང་གི་ངོ་བོ་དེ་དང་། དེ་ཉིད་དང་ལྡན་པ་སྟེ་འབྲེལ་བ་ཅན་གྱི་འབྲས་བུ་དང་ཁྱབ་བྱའང་ཇི་ལྟར་ཡོད་དེ་རྣམ་པ་ཀུན་ཏུ་མེད་ངེས་སུ་འགྲུབ་པས་དགག་རྟགས་ལ་འཁྲུལ་པ་མེད་དོ། །རྒྱུ་དང་ངོ་བོ་འདི་ཙམ་གྱིས་དགག་རྟགས་གཞན་ཀུན་ཀྱང་དོན་གྱིས་བསྡུས་པ་སྟེ་བལྟར་རུང་རང་གི་ངོ་བོ་དང་འབྲེལ་ཡུལ་ལོག་པས་འབྲེལ་ཟླའང་འབྱུང་མི་རིགས་པ་དང་། འགལ་དམིགས་ཀྱང་སྣང་རུང་མ་དམིགས་པར་མཐར་ཐུག་པ་ཡིན་ནོ། །གཉིས་པ་རྗེས་དཔག་ཚད་མ་མིན་ན་ཧ་ཅང་ཐལ་བ་ལ། དངོས་དང་དེ་ལན་དགག་པའོ། །དང་པོ། རྗེས་དཔག་ཚད་མ་ནི་འཁྲུལ་པ་ཡིན་


MR20_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྤྱིའི་ཡུལ་ཅན་ཡིན་ནོ་ཞེས་སུ་སྤྱི༷་ཡི་བློ་ནི་ཚད་མ་མིན་པར་འདོད་ན། ད་ལྟ་དབང་བློས་མངོན་སུམ་དུ་གྱུར་པ་ཇི་ཙམ་པ་དེ་ལས་གཞན་མཐའ་དག་མེད་པ་ཉིད་དུ་དོན་གྱིས་ཐོབ་པར་འགྱུར་ཏེ། དཔེར་ན་ཁྱོད་རང་གིས་འདོད་པ་འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན་ནོ། །དེ་ཡང་ད་ལྟ་རང་གིས་མངོན་སུམ་གྱི་ཡུལ་ན་མེད་པའི་རང་གི་དོན་སྙིང་དང་ཡོ་བྱད་གནས་གྲོགས་གཉེན་འཁོར་ལ་སོགས་པ་དང་། ཡུལ་དུས་གཞན་གྱི་དངོས་པོ་ཇི་སྙེད་པའང་ཡོད་པར་འཛིན་པ་ནི་སྤྱི་མཚན་འཛིན་པ་ཡིན་གྱི་རང་མཚན་འཛིན་པ་མིན་ན་དེ་ཀུན་མེད་པར་འགྱུར་ཏེ། ད་ལྟ་མངོན་སུམ་གྱིས་མ་དམིགས་པའི་ཕྱིར་སྤྱི་མཚན་གྱི་སྒོ་ནས་ཡོད་པར་འཛིན་པ་ནི་འཁྲུལ་བ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ། གལ་ཏེ་ད་ལྟ་རང་གིས་མངོན་སུམ་གྱིས་མ་བཟུང་ཡང་དེ་དག་མེད་པར་མི་འགྱུར་ཏེ། ད་ལྟ་ལྐོག་ཏུ་གྱུར་པ་རྣམས་ཀྱང་དབང་པོ་རྣམས་ཀྱིས་དུས་གཞན་དུ་ནི་མངོན་སུམ་རྟོགས་པ་ཡོད་པས་སོ་ཤེ་ན། དུས་གཞན་དུ་ན་དབང་བློས་མངོན་སུམ་རྟོགས་ན་ཡོད་ཅིང་མ་རྟོགས་ན་མེད་པའི་སྒོ་ནས་ཡོད་མེད་དུ་འཇོག་པ་དེ་འཐད་པ་མིན་ཏེ། དབང་པོ་གཟུགས་ཅན་པ་དང་ས་བོན་གྱིས་འབྲས་བུ་སྐྱེད་པའི་ནུས་པ་དང་། རྫས་ཀྱི་ནུས་པ་སོགས་ལ་དུས་ནམ་དུ་ཡང་ཕལ་བའི་དབང་པོ་ལས་སྐྱེས་པའི་བློ་ནི་དེ་ཡོད་ངེས་ཀྱི་རྟོག་བྱེད་དུ་འཇུག་པ་མི་སྲིད་པའི་ཕྱིར་ཡུལ་དུས་གཞན་དུ་དབང་བློས་མངོན་སུམ་བྱར་མེད་པ་ཐམས་ཅད་མེད་པ་ཉིད་དུ་རྟོགས་པ་ཡིན་ན་ནི་དབང་པོ་གཟུགས་ཅན་པ་དང་། ས་བོན་གྱི་ནུས་པ་སོགས་གཏན་ནས་མེད་པར་འགྱུར་ལ། དེ་ལྟ་ན་དབང་པོའི་བློ་དང་འབྲས་བུ་སྐྱེ་བ་ནི་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུ་དབང་པོ་དང་ས་བོན་གྱི་ནུས་པ་གཏན་ནས་མེད་པའི་ཕྱིར་རོ། །རྒྱུ་མེད་


MR20_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེ་ན་རྟག་ཏུ་ཡོད་མེད་དུ་ཐལ་བར་འགྱུར་རོ། །ལྷ་དབང་བློའི་འགྲེལ་བར་དབང་པོའི་ནུས་པ་མངོན་སུམ་གྱིས་མི་རྟོགས་པས་དབང་བློ་སྐྱེ་བ་རྒྱུ་མེད་དུ་འགྱུར་ཞེས་གསུངས་སོ། །སྐབས་འདིར་ས་བོན་གྱི་ནུས་པ་ས་བོན་རང་གི་རང་བཞིན་ཡིན་ཀྱང་མཐོང་བ་ཁོ་ནས་འདི་ལ་ནུས་པ་འདི་ལྟ་བུ་འདུག་གོ་ཞེས་གཅོད་མི་ནུས་པའི་དོན་ཏོ། །གཞན་ཡང་ད་ལྟ་མ་མཐོང་ཡང་ཡུལ་དུས་གཞན་དུ་མཐོང་བས་ཡོད་ན་འཇིག་རྟེན་སྔ་མ་ཡང་སྔོན་གྱི་དབང་པོས་རྟོག་སྟེ། དཔེར་ན་རང་བྱིས་པའི་དུས་ལ་སོགས་པའི་གནས་སྐབས་ཡོད་པར་འདོད་པ་བཞིན་ནོ། །འཇིག་རྟེན་ཕྱི་མ་ཡང་འབྱུང་འགྱུར་གྱི་དབང་པོའི་ཡུལ་དུ་སྣང་སྟེ། དཔེར་ན་རང་ཉིད་སང་གི་དུས་སུ་ཡོད་པར་འདོད་པ་བཞིན་ནོ། །དེ་ལྟར་དབང་པོ་རྣམས་ནི་ཕལ་པའི་མངོན་སུམ་གྱི་ཡུལ་མིན་ཀྱང་མིག་ཕྱེ་བཙུམ་ལ་སོགས་པ་བཞིན་དུ་བློ་དང་རྗེས་སུ་འགྲོ་ལྡོག་གིས་རྗེས་སུ་དཔག་པས་གྲུབ་པ་ཡིན་ལ། ས་མྱུག་ལྟ་བུའང་རྗེས་སུ་འགྲོ་ལྡོག་མཐོང་བའི་སྒོ་ནས་རྒྱུ་འབྲས་སུ་དཔག་པ་ཡིན་གྱི་ས་མྱུག་དུས་གཅིག་ཏུ་མེད་པས་ན་དབང་བློས་མཐོང་བ་ཙམ་ནི་རང་ཡུལ་དེ་ཙམ་ལས་སྔ་ཕྱི་སྦྲེལ་ནས་མཐོང་བ་མེད་དོ། །མདོར་ན་མངོན་སུམ་ཐམས་ཅད་ནི་སྤྱི་འཛིན་པའམ་སྒྲ་དོན་འདྲེས་རུང་གི་རྣམ་རྟོག་མེད་པ་ཉིད་ཀྱིས་ན་ཡུལ་རང་གི་མཚན་ཉིད་ལ་མངོན་སུམ་ཡིན་པས་གཟུང་དོན་ཡོད་པའི་ཡུལ་ད་ལྟ་བ་ལ་འཇུག་པ་ཙམ་དུ་ཟད་དེ། མངོན་སུམ་སྣང་བ་དེ་ཙམ་ལས་འཇུག་ལྡོག་དགག་སྒྲུབ་ཀྱི་རྟོག་པ་གང་ཡང་མེད་དོ། །འདས་མ་འོངས་ཀྱིས་མཚོན་པའི་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་སེམས་པ་ནི་སྤྱི་འཛིན་གྱི་རྟོག་པ་ཡིན་ཏེ། སྒྲ་དང་འདྲེས་སུ་རུང་བའི་དོན་ཅན་གྱི་རྣམ་རྟོ༷ག་མེད་པར་ནི་སྤྱི་འཛིན་པའི་བློ་སྐྱེ་བ་ནམ་ཡང་མིན་ནོ། །དེ་ཕྱིར་མངོན་


MR20_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མིན་པའི་དོན་ཡོད་མེད་དུ་སེམས་པ་ཐམས་ཅད་ཡུལ་དེ་ལ་རྗེས་དཔག་ཉིད་ཡིན་གྱི་མངོན་སུམ་མིན་ནོ། །གཉིས་པ་མང་མཐའ་འགོག་པ་ལ། རྩོད་པ་དང་ནི་ལན་གཉིས་སོ། །དང་པོ། གཞན་དག་ན་རེ། གཞལ་བྱ་གཉིས་སུ་གྲངས་ངེས་ན་སྔོན་པོ་ལ་སོགས་པའི་ཁ་དོག་དང་སྒྲ་ལ་སོགས་པ་ནི་མི་རྟག་པ་ཉིད་དུ་ཚད་མས་རྟོགས་པར་མི་འགྱུར་ཏེ། ཁ་དོག་རང་མཚན་དང་མི་རྟག་པ་སྤྱི་མཚན་ཡིན་པས་སོ། །ཁ་དོག་མི་རྟག་པར་རྟོགས་པ་དེ་ཚད་མ་ཡིན་ལ་དེ་རྟོགས་པའི་བློ་དེ་ཚད་མ་གཞན་ཕུང་གསུམ་པར་འགྱུར་ཏེ། རང་སྤྱི་འདྲེས་པའི་ཡུལ་ཡིན་པས་སོ། །ཁ་དོག་མི་རྟག་པར་རྟོགས་པ་རྗེས་དཔག་ཚད་མ་ཡིན་པའི་ངེས་པའང་མེད་དེ་མར་མེ་འགག་ཁ་མའི་གནས་སྐབས་བཞིན་དུ་ཁ་དོག་འགག་ཁ་མ་མཐོང་བ་ཙམ་གྱིས་མི་རྟག་པར་ངེས་པས་རྟགས་མེད་པར་ནི་དེ་ལྟར་རྟོགས་པ་ཡོད་པའི་ཕྱིར་རོ། །ཡང་ཁང་ནང་དུ་ཙན་དན་གྱི་མེ་ཡི་རང་མཚན་ནམ་ཁྱད་པར་མཐོང་ནས་ཁང་རྒྱབ་ཏུ་སོང་ཚེ་དུ་བ་ལས་ཁྱད་པར་ཙན་དན་གྱི་མེ་རྟོགས་པ་ལ་རྟགས་དུ་བ་དང་ནི་ཁྱད་པར་ཅན་མེ་ལ་མི་འཁྲུལ་པའི་འབྲེལ་བ་རྟོགས་པ་མེད་པའི་ཕྱིར་ན་རྗེས་དཔག་མིན་ལ་དེ་དུས་རང་མཚན་མ་མཐོང་བས་མངོན་སུམ་མིན་ཀྱང་ཡུལ་ལ་མ་འཁྲུལ་པའི་ཚད་མ་ཡིན་པས་ན་དེ་ནི་ཚད་མ་གཞན་ཡིན་ནོ། །དེ་ལྟ་ན་གཞལ་བྱ་རང་སྤྱི་གཉིས་སུ་མ་ངེས་པ་གཞན་མང་པོ་ཡོད་པའི་ཕྱིར་དེ་འཇལ་གྱི་ཚད་མ་རྣམས་ཀྱང་གཉིས་སུ་མ་ངེས་པ་མང་པོ་ཡོད་པ་ཉིད་དམ། གཞལ་བྱ་གཅིག་ལ་ཡང་ཚད་མ་དུ་མ་ཉིད་ནི་འཇུག་པའི་ཕྱིར་ཏེ་དེས་ན་གཅིག་དང་གསུམ་གྱི་གྲངས་དག་ཀྱང་སེལ་བར་མི་འགྱུར་ཏེ། དཔེར་ན་ཁྱད་པར་མཐོང་བ་ཡི་བློ་བཞིན་ཡུལ་གཅིག་ལ་ཚད་མ་དུ་མ་འཇུག་པས་ན་ཚད་མ་གཉིས་


MR20_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པས་གཞལ་བྱ་གཅིག་གི་གྲངས་མི་སེལ་ལ། ཚད་མ་གཉིས་ཀྱི་ཡུལ་སོ་སོར་ངེས་པ་ནི་མེད་དེ་རང་མཚན་ཀྱང་རྟགས་ཀྱི་སྒོ་ནས་རྟོགས་པ་ཡོད་པ་དང་། མི་རྟག་པའི་སྤྱི་མཚན་ཡང་རྟགས་མེད་པར་རྟོགས་པ་ཡོད་པའི་ཕྱིར་དང་། གཞལ་བྱ་རང་སྤྱི་གཉིས་མིན་པའི་གཞན་ཕུང་གསུམ་པ་ནི་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །གཉིས་པ་ལ། རབ་སྦྱོར་ཚད་མ་ཕུང་གསུམ་མིན། །ཡང་ཡང་ཤེས་པའི་ཕུང་གསུམ་དགག །དང་པོ་ལ། རྟགས་ལས་རྟོགས་ན་རྗེས་དཔག་ཡིན། །གཞན་དུ་ངེས་ཤེས་ཚད་མ་མིན། །དང་པོ་ལ། མདོག་འཇིག་རྟོག་ཡུལ་སྤྱི་མཚན་ཡིན། །དེ་ལ་མི་འཐད་རྩོད་པ་སྤང་། །དང་པོ་ནི། མདོ་ལས། དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ཏེ། །ཞེས་སོགས་གསུངས་པ་བཞིན་དུ་ཕ་རོལ་པོས་རང་མཚན་མཐོང་བཞིན་པ་ཉིད་ལ་མི་རྟག་པའི་སྤྱི་རབ་ཏུ་སྦྱོར་བ་དེ་ཚད་མ་ཕུང་གསུམ་པའོ་ཞེས་རྟོག་རྟོག་མེད་ཀྱི་ཡུལ་མ་ཕྱེད་པར་རྩོད་པར་ཟད་དེ། དེས་ན་རབ་སྦྱོར་ཚད་མ་གཞལ་བྱ་རང་སྤྱི་འདྲེས་པའི་ཕུང་གསུམ་ཡིན་པར་རློམ་ནས་ཚད་མས་གཞལ་བྱ་གཉིས་སུ་མ་ངེས་པའི་སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། ཁ་དོག་མི་རྟག་པའོ་སྙམ་པའི་བློ་ནི་ཁ་དོག་གི་སྤྱི༷་ལ་སྦྱོར་བ་ཡིན་གྱི་སྤྱིའི་ཡུལ་དུ་རང་མཚན་དངོས་མི་སྣང་བས་སྤྱི་འཛིན་དེས་རང་མཚན་ལ་མི་རྟག་པ་དངོས་སུ་སྦྱར་བ་མིན་པའི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ཐམས་ཅད་ཀྱང་ཤེས་པར་བྱའོ། །དེ་ཡང་རང་མཚན་ལ་མི་རྟག་པའི་སྤྱི་སྦྱར་ནས་བཟུང་ངོ་སྙམ་པ་རྣམས་ཀྱི་ཞེ་འདོད་ལ་གསུམ་སྟེ། སྒྲ་མི་རྟག་པར་རྗེས་དཔག་གིས་ངོས་ཟིན་པའི་ངོར་སྣང་བཞིན་པའི་སྔོན་པོ་སོགས་ལ་འདི་མི་རྟག་གོ་སྙམ་པ་དེ་སྣང་བཞིན་པ་དེ་ལ་བཟུང་ངོ་སྙམ་པ་ནི་བཅད་ཤེས་ཡིན་ལ། ཡུལ་འདི་


MR20_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་གོ་སྙམ་དུ་སེམས་ཀྱང་རྟོག་ཡུལ་ནི་སྤྱི་མཚན་ཡིན་པ་ལས་མ་ཉམས་པར་གནས་ལ། སྣང་བརྟག་འདྲེས་པའི་དབང་གིས་ཐ་དད་དུ་མ་ཕྱེད་པ་ཙམ་དུ་ཟད་དོ། །སྔོན་པོ་མཐོང་བཞིན་པ་ལ་རྟགས་ལས་གསར་དུ་མི་རྟག་པར་ངེས་ནའང་རྗེས་དཔག་གི་ཡུལ་ནི་སྤྱི་མཚན་ཡིན་གྱི་མཐོང་བཞིན་པའི་རང་མཚན་ཡོད་ཀྱང་དེ་དེའི་དངོས་ཡུལ་དུ་མི་བྱེད་དོ། །གལ་ཏེ་རྟགས་མེད་པར་འགག་ཁ་མའི་སྐད་ཅིག་ལ་འདི་འགག་པར་འགྱུར་རོ་སྙམ་པའམ་འགགས་སོང་ངོ་སྙམ་པ་ན་ཡང་རྟོག་པའི་ཡུལ་ནི་རང་མཚན་མིན་ཏེ་སྤྱི་མཚན་ཁོ་ན་ཡིན་ནོ། །དེ་ཡང་ཕལ་པ་རྣམས་ཀྱིས་ཕྲ་བའི་མི་རྟག་པ་ནི་རྗེས་དཔག་ཁོ་ན་ལས་རྟོགས་ལ། རགས་པའི་མི་རྟག་པ་ནི་མངོན་སུམ་གྱིས་རྟོགས་པ་ཡོད་ཀྱང་དེ་སྤྱིའི་ཡུལ་ཅན་དུ་འགྱུར་རོ། །དེ་ལྟར་མངོན་སུམ་ཚད་མ་ཡིན་ཀྱང་དེའི་ཡུལ་དུ་སྤྱི་མཚན་མེད་ལ། རྗེས་དཔག་ཚད་མ་ཡིན་ཀྱང་དེའི་དངོས་ཡུལ་སྤྱི་མཚན་ཡིན་གྱི་སྣང་བཞིན་པ་རང་མཚན་དེ་མ་ཡིན་ལ། མངོན་རྗེས་ཚད་མས་མི་རྟག་པར་བཅད་ཟིན་གྱི་ངེས་ཤེས་ནི་ཚད་མ་མིན་ཏེ་བཅད་ཤེས་ཡིན་ཅིང་དེའི་ཡུལ་ནི་སྤྱི་མཚན་ཡིན་ནོ། །གལ་ཏེ་བོད་འགའ་ཞིག་གིས་མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་ཁས་ལེན་པ་ལྟར་ན་ཡང་མངོན་སུམ་སྐད་ཅིག་གཉིས་པ་སོགས་ནི་ཚད་མར་མི་འདོད་པ་ཡིན་ནོ། །དེ་ལ་དཔྱད་པར་བྱ་བ་མང་ཡང་སྐབས་འདིར་མི་སྤྲོའོ། །དེ་ལྟར་ཚད་མའི་ཡུལ་ལ་རང་སྤྱི་འདྲེས་པའི་ཕུང་གསུམ་ནམ་ཡང་མི་སྲིད་པས་རབ་སྦྱོར་ཚད་མ་ཞེས་པ་གཞན་གང་ཡང་མེད་དོ། །གཉིས་པ་ལ། དངོས་མེད་ཆོས་སུ་འགྱུར་བ་སྤང་། །དངོས་པོའི་ཆོས་སུ་འགྱུར་བ་འཐད། །དང་པོ། མི་རྟག་པ་ཁ་དོག་གི་སྤྱི་ལ་སྦྱོར་ན་མི་རྟག་པ་


MR20_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དངོས་མེད་སྤྱིའི་ཆོས་སུ་གྱུར་བས་དེ་ངོ་བོ་མེད་པར་འགྱུར་རོ་ཞེ་ན། དངོས་མེད་ཀྱི་ངོ་བོ་དག་ཏུ་འགྱུར་བ་མིན་ཏེ་རང་མཚན་དེ་ཉིད་མི་རྟག་པ་དེ་ལྟར་གྲུབ་པས་ན་བློས་ཀྱང་དེ་འཛིན་ལ་རྟགས་ཀྱིས་ཀྱང་དེ་བསྒྲུབ་པའི་ཕྱིར་ཏེ། ཇི་ལྟར་ན་མེ་ཚ་བའི་རྣམ་ལྡན་དུ་འཛིན་པའི་སྤྱི་བློས་མེ་འདི་ནི་ཚའོ་སྙམ་པ་དེ་སྣང་བརྟག་གཅིག་ཏུ་བསྲེས་ནས་མེ་རང་མཚན་ལ་སྦྱོར་བར་ཞེན་ཀྱང་དངོས་སུ་རྟོག་ངོའི་མེ་སྣང་དེ་ལ་དམིགས་ནས་དེ་འདྲའི་སྒྲ་བློ་སྦྱོར་བར་སོང་བ་ཡིན་མོད་ཚ་བ་ནི་སྤྱིའི་ཆོས་སུ་འགྱུར་མི་དགོས་པར་མེ་ལ་གྲུབ་པ་བཞིན་ཏེ། རྟོག་བློ་དོན་མཐུན་ནི་ཡུལ་གྱི་རྣམ་པ་ཅན་ཡིན་གྱི་རྟོག་ཡུལ་རང་དབང་བ་གང་ཡང་མེད་པར་བསྒྲུབས་ཟིན་པ་ལྟར་རོ། །གཉིས་པ་ལ། རྩོད་ལན་མདོར་བསྟན་དེ་རྒྱས་བཤད། །དང་པོ། མི་རྟག་པ་ཁ་དོག་གི་སྤྱི་ལ་སྦྱོར་གྱི་རང་མཚན་ལ་མི་སྦྱོར་ན་མདའ་ལ་སྒྲོ་སྦྱར་བས་ཀ་བ་ལ་སྦྱར་བར་མི་འགྱུར་བ་ལྟར་གང་དུ་སྦྱོར་ས་གཞན་སྤྱི་དེ་ལས་གཞན་རང་མཚན་ལ་དེ་ལྟར་གྲུབ་པ་མིན་ནོ་ཞེ་ན། རང་མཚན་ལ་མི་རྟག་པ་མ་གྲུབ་པ་མིན་ཏེ། སྤྱི་བློར་ཇི་ལྟར་སྦྱར་བའི་མི་རྟག་པ་དེ་ཉིད་དོན་རང་མཚན་ལ་གྲུབ་པའི་ཕྱིར་རོ། །དེ་ཡང་སྤྱི་ཞེས་བྱ་བའི་ཡུལ་རང་རྐྱ་ཐུབ་པ་ཞིག་རང་མཚན་ལས་ཐ་དད་དུ་ཡོད་ན་དེ་ལ་སྦྱར་བས་རང་མཚན་ལ་སྦྱོར་བར་མི་འགྱུར་ནའང་། རང་མཚན་དེ་ཡི་རྣམ་པ་དང་མཚུངས་པར་བཟུང་བའི་ཡུལ་ཅན་ཤེས་རྣམ་ཙམ་ལས་སྤྱི་ཞེས་པ་གང་ཡང་མེད་པའི་ཕྱིར་བློས་ཁ་དོག་སོགས་མི་རྟག་པར་བཟུང་བ་དེ་ལྟར་ཡུལ་ལའང་གྲུབ་སྟེ་མེ་ཏོག་སྔོན་པོ་ལ་སྔོན་པོར་འཛིན་པའི་བློ་བཞིན་ནོ། །གཉིས་པ་ལ། རྟགས་སྤྱི་ཡུལ་ལ་མི་བསླུའི་ཚུལ། །བྱེ་བྲག་དགག་སྒྲུབ་མི་བསླུ་བའོ། །དང་པོ་ལ། དངོས་དང་རྩོད་པ་སྤང་བའོ། །དང་པོ། དཔོག་


MR20_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་སྒྲུབ་པའི་རྟགས་ཀྱི་དངོས་པོ་གང་ཞིག་དེས་དགག་པའམ་སྒྲུབ་པར་ནུས་པའི་རང་བཞིན་ཅི་ལྟ་བུར་གྱུར་པ་དེ་དང་འདྲ་བར་བཟུང་བའི་བློ་དེ་ནི་ཆོས་གང་ལ་དེ་སྒྲུབ་ཀྱི་རྟགས་སུ་འཛིན་པ་ཡི་སེམས་ཀྱི་རྒྱུ་མཚན་ཡིན་ཏེ། དཔེར་ན་དུ་བ་དེ་མེ་ལས་བྱུང་བའི་འབྲེལ་བ་ཅན་ཡིན་པ་དང་། བྱས་པ་དེ་མི་རྟག་པ་དང་ངོ་བོས་འབྲེལ་བ་ཡོད་པ་ནི་དོན་རང་མཚན་གྱི་རང་བཞིན་དེ་ལྟ་བུ་ཡིན་ལ། དེ་དེ་ལྟར་ཡིན་པར་ཤེས་པ་ལས་དུ་བ་དང་བྱས་པ་འདི་ནི་མེ་དང་མི་རྟག་པ་སྒྲུབ་པའི་རྟགས་ཡིན་ནོ་སྙམ་དུ་དེ་དེ་སྒྲུབ་ཀྱི་རྟགས་སུ་འཛིན་པའི་སེམས་འབྱུང་བ་ཡིན་གྱི་དངོས་པོ་ལ་སྒྲུབ་ནུས་ཀྱི་རང་བཞིན་མེད་པ་ཞིག་ན་རྟགས་སུ་མི་འཛིན་ཏེ། བུམ་པ་ཉིད་སྣམ་བུ་སྒྲུབ་པའི་རྟགས་སུ་མི་འཛིན་པ་བཞིན་ནོ། །དེ་བཞིན་དགག་རྟགས་ལ་ཡང་སྦྱར་རོ། །དེ་ལྟར་རྟགས་འཛིན་གྱི་སེམས་དེ་ལས་རྟགས་དང་འབྲེལ་བ་ཅན་དུ་གྱུར་པ་དེ་ལྟ་བུ་ཡི་དངོས་པོ་བསྒྲུབ་བྱ་ལ་རྟགས་འཛིན་དེས་བསྐྱེད་པ་སྟེ་དེ་ལ་ལྟོས་ནས་རྟགས་ཅན་གྱི་བློ་སྐྱེ་བ་ཡིན་ཏེ། གང་བྱས་པ་ལྟ་བུ་རྟགས་སུ་གཟུང་བ་ན་དེ་གང་ལ་རྟགས་སུ་སོང་བ་རྟགས་ཅན་མི་རྟག་པ་ཉིད་ཀྱི་བློ་སྐྱེ་ལ་དེ་ཡང་རྟགས་དེ་གང་ལ་ཡོད་པའི་ཆོས་ཅན་ལ་མི་རྟག་པ་དེར་གྲུབ་བོ་སྙམ་དུ་ཤེས་འདོད་ཆོས་ཅན་དེ་རྟགས་ཅན་དུ་འགྲོ་བ་ཡིན་ནོ། །དེ་ལྟར་རྟགས་དང་རྟགས་ཅན་གྱི་བློ་དེ་ནི་སྤྱི་མཚན་གྱི་སྤྱོད་ཡུལ་ཅན་ཡིན་ཀྱང་དེ་ལྟ་བུའི་བློ་སྐྱེ་བ་དེ་དངོས་པོ་ལ་དེ་འདྲའི་རྒྱུ་མཚན་མེད་ན་མི་འབྱུང་བའི་ཕྱིར་བརྒྱུད་པ་ཡིས་ནི་དངོས་པོའམ་གཞལ་བྱ་ལ་འབྲེལ་པའི་ཕྱིར་རྟགས་ཡང་དག་ལས་རྟགས་ཅན་གྱི་བློ་སྐྱེས་པའི་རྗེས་དཔག་དེ་ནི་རང་གི་སྣང་ཡུལ་ལ་རང་མཚན་དེར་སྣང་བ་ཡིས་ནི་སྟོང་ཡང་། དངོས་པོའི་ཡིན་ལུགས་ལ་སླུ་བར་བྱེད་པ་ཉིད་མ་ཡིན་ཏེ་དངོས་པོའི་སྟོབས་ཀྱིས་ཞུགས་


MR20_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་ཡིན་པའི་ཕྱིར་རོ། །གཉིས་པ། རྗེས་དཔག་ཚད་མ་དེ་དེ་ལྟར་ཡུལ་ལ་མི་བསླུ་བ་ཡིན་ན། གོང་དུ། གཉིས་པ་འཁྲུལ་པ་ཡིན་པར་བཞེད། །ཅེས་ཅི་ལ་བཤད་སྙམ་ན། །འདི་འཁྲུལ་པར་བཞག་པ་ནི་ཞེན་ཡུལ་ལམ་འཇུག་ཡུལ་རང་མཚན་ལ་འཁྲུལ་པའི་དོན་མིན་ཏེ། སྣང་ཡུལ་ལ་རང་མཚན་དུ་འཁྲུལ་པའི་ཆ་ནས་དེ་ལྟར་བཤད་པ་ཡིན་ནོ། །ཇི་ལྟར་ཞེ་ན། རྟོག་ཡུལ་གྱི་སྣང་བ་ཙམ་དོན་རང་མཚན་དེ་ཡི་ངོ་བོས་སྟོང་པ་དེ་དག་ལ་རང་མཚན་དེ་ཡི་ངོ་བོར་ཞེན་པའི་ཕྱིར་རྗེས་དཔག་དེ་རང་གིས་ཇི་ལྟར་བཅད་པའི་རང་མཚན་གྱི་དངོས་པོ་ལ་སླུ་བར་བྱེད་པ་ཉིད་མིན་ཡང་སྣང་ཡུལ་ལ་རང་མཚན་དུ་འཁྲུལ་པར་རྣམ་པར་གཞག་པ་བྱས་པ་ཡིན་ནོ། །གཉིས་པ་ལ། སྒྲུབ་རྟགས་གཞལ་བྱར་འབྲེལ་བའི་ཚུལ། །དགག་རྟགས་གཞལ་བྱར་འབྲེལ་ཚུལ་ལོ། །དང་པོ། རྗེས་དཔག་འཇུག་ཡུལ་ལ་མི་སླུ་བ་དེ་ཡི་ཕྱིར་དངོས་པོའམ་སྒྲུབ་པ་རྟོགས་པར་བྱ་བ་ལ། བསྒྲུབ་བྱ་ཁྱབ་བྱེད་དེ་ཡི་ངོ་བོ་ཉིད་དུ་གྱུར་པ་བདག་གཅིག་འབྲེལ་ཡོད་པའམ། ཡང་ན་རྟགས་དེའི་རྒྱུ་ཡིན་པ་དེ་བྱུང་གི་འབྲེལ་བ་ཡོད་པ་དག་ལས། ཁྱབ་པར་བྱ་བ་བྱས་པའམ་འབྲས་བུ་དུ་བ་ལྟ་བུ་དེ་དེ་སྒྲུབ་ཀྱི་རྟགས་སུ་འཛིན་པའི་སེམས་ཀྱི་རྒྱུ་མཚན་ཡིན་ལ། རྟགས་དེ་ཡང་རྟགས་དེ་ཅན་གྱི་བློའི་རྒྱུ་མཚན་ཡིན་པས་སྒྲུབ་རྟགས་གཉིས་པོ་ཡང་གཞལ་བྱ་དངོས་པོ་ལ་འབྲེལ་བའི་དབང་གིས་དེས་བསྒྲུབས་པ་ལྟར་དངོས་པོ་ལ་མི་བསླུའོ། །གཉིས་པ་དགག་རྟགས་ལ། །དངོས་དང་རྟགས་སུ་འགོད་ཚུལ་ལོ། །དང་པོ་ལ། རྟགས་ཆོས་འབྲེལ་ལས་དགག་པ་འགྲུབ། །འབྲེལ་མེད་དགག་པ་ལྟར་སྣང་བསྟན། །དང་པོ། དགག་ཀུན་མི་དམིགས་པ་ལས་འགྲུབ། །དེ་ལས་གཞན་དུ་དོགས་པ་སྤང་། །དང་པོ། སྒྲུབ་


MR20_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་རྣམས་དེ་ལྟར་དངོས་པོའི་དོན་ལ་འབྲེལ་བ་ཡོད་པས་མི་སླུ་བ་ཡིན་དུ་ཆུག་མོད། དགག་རྟགས་རྣམས་ཀྱིས་དགག་བྱ་མེད་པ་ཙམ་དུ་བསྒྲུབ་པས་ན་མེད་པ་དེ་ལ་དངོས་པོ་གང་ཡང་མེད་པས་རྟགས་དང་རྟགས་ཅན་གྱི་བློ་དོན་གྱི་རང་མཚན་དང་བརྒྱུད་ནས་འབྲེལ་བ་མི་འཐད་པས་དེ་རྣམས་བསླུ་བར་འགྱུར་རོ་ཞེ་ན། དགག་པ་ཉིད་ནི་སྦྱོར་བའི་རིགས་མི་འདྲ་བ་ཡོད་ན་ཡང་དོན་དུ་སྦྱོར་བ་གང་དང་གང་ཡིན་པ་ཐམས་ཅད་དུ་ཡང་དགག་བྱའི་རང་མཚན་ཚད་མས་མི་དམིགས་པ་ཙམ་ལས་དགག་པ་ཉིད་འགྲུབ་པ་ཡིན་ཏེ། སྒྲུབ་རྟགས་བཞིན་དུ་བསྒྲུབ་བྱའི་དངོས་པོ་དོན་དུ་གྲུབ་མི་དགོས་པར་སྣང་དུ་རུང་བའི་དངོས་པོ་ལ་དམིགས་བྱེད་ཀྱི་ཚད་མ་ལོག་པས་ཡུལ་དེ་མེད་པར་གྲུབ་པ་ཡིན་ཏེ་སྣང་རུང་གི་ཡུལ་དེ་ཡོད་ན་དེའི་ཡུལ་ཅན་དབང་བློ་ཡང་སྐྱེ་བ་ཡིན་པ་ལ་ཡུལ་མེད་པས་དེ་འཛིན་གྱི་བློ་ཡང་མ་སྐྱེས་པ་ན་ཡུལ་དེ་མེད་པའི་ཐ་སྙད་བྱེད་པ་གྲུབ་པ་ཡིན་ནོ། །དེ་ལྟ་ན་རྒྱང་འཕེན་པ་ལ་བརྗོད་པའི་སྐྱོན་བཞིན་ཚད་མ་ལོག་པས་གཞལ་བྱ་འགྲུབ་པ་འགལ་སྙམ་ན། སྐྱོན་དེར་མི་འགྱུར་ཏེ་འཇིག་རྟེན་ཕ་རོལ་སོགས་བསྐལ་དོན་རྣམས་ད་ལྟ་སྣང་དུ་མི་རུང་ལ་དེར་དེ་དག་དམིགས་པའི་ཚད་མ་ལོག་ཀྱང་མངོན་སུམ་ཚད་མས་མ་གཞལ་བ་ཙམ་ཡིན་གྱི་མེད་ངེས་སུ་མི་འགྲུབ་ལ། སྣང་རུང་ལ་ཚད་མས་མ་དམིགས་པ་ཙམ་གྱིས་གཞི་དེར་མེད་ངེས་སུ་འགྲུབ་སྟེ། མདུན་འདིར་བུམ་སོགས་ཡོད་པའི་འཇོག་བྱེད་ཚད་མས་གྲུབ་པ་ཡིན་པར་སྨྲ་བའི་རྟོག་ལྡན་རྣམས་ཀྱི་སྨྲ་བའམ་འདོད་པ་དེའི་དོན་གྱིས་སམ་ཤུགས་ཀྱིས་བཟློག་པ་སྟེ་ཚད་མས་མ་གྲུབ་པའམ་མ་དམིགས་པ་ཉིད་ལས་མེད་པར་འགྲུབ་པ་ཡིན་ཏེ། དངོས་འགལ་ལ་གཅིག་གི་མཚན་ཉིད་བཀག་པ་གཅིག་ཤོས་ཀྱི་མཚན་


MR20_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་འགྱུར་བའི་ཕྱིར་རོ། །ཡོད་པར་འཇོག་པ་ལ་རྒྱུ་མཚན་ཚད་མས་དམིགས་པ་ལས་གཞན་མི་སྲིད་པ་ཡིན་ན་མེད་པར་འཇོག་པའི་རྒྱུ་མཚན་ཀྱང་ཚད་མས་མ་དམིགས་པ་ལས་གཞན་མི་སྲིད་པས་སྣང་རུང་ལ་མ་དམིགས་པའི་རྟགས་ཀྱིས་མེད་པར་བསྒྲུབ་ནུས་པས་ན་དེ་ཡང་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་གྱི་དོན་དང་མ་འབྲེལ་བར་མི་འགྱུར་རོ། །དེས་ན་མི་དམིགས་པ་ཉིད་ལས་མེད་པའི་ཐ་སྙད་འགྲུབ་ཀྱི་གཞན་དུ་དགག་རྟགས་འགྲུབ་ཐབས་མེད་དོ། །གཉིས་པ་ལ། རྒྱུ་རང་བཞིན་འགལ་མ་དམིགས་འཕེན། །འགལ་འབྲས་ལ་ཡང་དེ་འདྲར་བཤད། །དང་པོ་ལ། སྤྱི་དང་བྱེ་བྲག་དོགས་པ་སྤང་། །དང་པོ། དགག་རྟགས་ལ་སྣང་རུང་རང་གི་ངོ་བོ་དེའམ་ཡང་ན་དུ་བ་ལྟ་བུ་དེ་ཡི་རྒྱུ་མེ་ལྟ་བུ་མ་དམིགས་པ་དང་། འགལ་བར་བརྗོད་པ་དེ་འགལ་བ་དམིགས་པ་རྟགས་སུ་བཀོད་པའི་དགག་རྟགས་ཡང་དག་ཏུ་མཐོང་བ་གང་ཡིན་པ་དེ་གསུམ་ཀ་ཡང་དགག་བྱ་གང་ཡིན་པ་དེ་དམིགས་པ་ཡི་ཚད་མ་ཉིད་མེད་པ་འཕེན་པར་བྱེད་པ་ཁོ་ན་ཡིན་གྱི་དེ་ལ་མི་ལྟོས་པར་དགག་པ་རང་དབང་དུ་འགྲུབ་ཐབས་མེད་དོ། །གཉིས་པ་ནི། རང་བཞིན་མ་དམིགས་པ་ནི་མ་དམིགས་པ་རྟགས་སུ་བཀོད་པ་དངོས་ཡིན་པས་དེར་ཟད་ལ། རྒྱུ་དང་འབྲས་བུ་མ་དམིགས་པ་ནི་དངོས་སུ་དགག་བྱ་རང་ཉིད་མ་དམིགས་པ་མ་བརྗོད་ཀྱང་དོན་གྱིས་འཕངས་སུ་ཆུག་ན་ཡང་། འགལ་དམིགས་ལ་རྟགས་ཀྱི་ཚིག་སྒྲུབ་པ་ཅན་ཡིན་པས་དེས་མ་དམིགས་པ་ཇི་ལྟར་འཕེན་ཏེ་དེ་མི་རིགས་སོ་ཞེ་ན། མ་དམིགས་པ་འཕེན་པ་ལས་གཞན་དུ་དངོས་པོ་མེ་ལྟ་བུ་གཅིག་གཞི་གང་དུ་ཡོད་པར་བརྗོད་པས་གཞན་གྲང་རེག་ལྟ་བུ་མེད་པ་དེ་ནི་རྒྱུ་མཚན་གང་ལས་རྟོགས་ཞེས་དྲིས་པ་ན། དེ་གཉིས་འགལ་བའི་ཕྱིར་རོ་ཞེ་ན། དེ་གཉིས་འགལ་བ་


MR20_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་པ་དེ་ཉིད་ཀྱང་ཅིས་འགྲུབ་པར་དྲིས་པ་ན། ལྷན་ཅིག་མི་གནས་པའི་དངོས་པོ་ཡིན་པའི་ཕྱིར་ཞེ་ན། ལྷན་ཅིག་མི་གནས་པ་དེ་ཡང་རྒྱུ་མཚན་གང་ལས་དེ་ལྟར་འདོད་ཅེས་དྲིའོ། །དེ་ལ་དེ་དག་ན་རེ། འགལ་ཟླ་དམིགས་པ་དེར་ཅིག་ཤོས་ཀྱི་སྣང་བ་མཐོང་དུ་མེད་པའི་ཕྱིར་རོ་ཞེ་ན། ཁོ་བོས་དགག་པ་ཐམས་ཅད་ཚད་མས་མ་དམིགས་པ་ལས་འགྲུབ་པ་ཡིན་ནོ་ཞེས་སྨྲས་པ་ལ། ཁྱོད་ཀྱིས་འགལ་དམིགས་ལ་དེ་ནི་ཚད་མ་ཉིད་མ་ཡིན་པར་འདོད་པ་མིན་ནམ། ད་ནི་དེ་ཁས་མ་བླངས་པར་འགལ་དམིགས་ཁོ་ནས་དགག་པ་རང་དབང་དུ་སྒྲུབ་མ་ནུས་པ་དེ་ལྟར་ཁོ་བོས་ཀྱང་མེད་པ་ཐམས་ཅད་སྣང་རུང་དེའི་ཡུལ་ཅན་ལྡོག་སྟོབས་ཀྱིས་གྲུབ་པ་ཙམ་ལ། རྒྱུ་མཚན་གཞན་མི་དགོས་པར་མི་དམིགས་པ་ལས་འགྲུབ་བོ་ཞེས་བཤད་པ་དེ་ཡིན་ནོ། །དེ་ཕྱིར་དགག་བྱ་དེ་མ་དམིགས་པ་ཁོ་ན་དངོས་སུ་མ་བརྗོད་པར་འགལ་དམིགས་སོགས་རྟགས་གཞན་ལྟ་བུ་རང་ཉིད་ཀྱི་མིང་ངམ་སྒྲས་བརྗོད་ན་ཡང་དགག་བྱ་དེ་དམིགས་བྱེད་ཀྱི་ཚད་མ་མེད་པ་དེ་ཉིད་མེད་པའི་སྒྲུབ་བྱེད་དུ་སོང་བ་ཡིན་གྱི། མེད་པ་དེ་ཉིད་ཀྱི་ངོ་བོ་ལ་དེ་སྒྲུབ་ཀྱི་རྟགས་གཞན་གྱིས་སྒྲུབ་པའི་ཚུལ་དུ་འཕངས་པ་ནི་གང་ཡང་མེད་དོ། །དཔེར་ན་གྲང་རེག་མེད་ཀྱང་གྲང་རེག་མེད་པ་ཉིད་ཡོད་པས་དེ་མི་དམིགས་པའི་སྒོ་ནས་བསྒྲུབ་པ་ལྟ་བུའི་ཐ་སྙད་དེ་ཡང་ལེགས་པར་དཔྱད་ན་གྲང་རེག་མེད་པ་ཡོད་ཅེས་པ་དེ་གྲང་རེག་མེད་ཅེས་པ་ཙམ་ལས་ཡོད་པ་སྦྱར་ཀྱང་དོན་ལ་ཁྱད་པར་མེད་དེ་སྔར། མེད་པ་ཡིན་ཞེས་བྱ་བ་ནི། །དངོས་པོ་མིན་ཞེས་བྱ་བའང་ཡིན། །ཞེས་གསུངས་པ་ལྟར་གོ་བར་བྱའོ། །ཡང་ན་མ་དམིགས་པ་རང་གི་སྒྲས་བརྗོད་ཀྱང་རྟགས་སུ་མི་འགྱུར་བ་མ་ཡིན་ཏེ། དགག་བྱ་དེ་ཉིད་མེད་པ་དང་མེད་པའི་


MR20_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ཅི་རིགས་པར་སྒྲུབ་པར་བྱེད་པར་ནུས་ཞེས་སོ། །དེས་ན་དགག་པ་བརྗོད་པར་འདོད་པ་གང་ལ་དགག་བྱ་མ་དམིགས་པ་དེ་ནི་ཚད་མ་མིན་པར་འདོད་པ་དེས་དགག་པ་རྣམ་པ་ཀུན་ཏུ་བརྗོད་བྱ་མིན་པར་འགྱུར་ཏེ། དེ་མེད་པར་ནི་དགག་པ་དེ་དག་འགྲུབ་པའི་ཐབས་མེད་པའི་ཕྱིར་རོ། །དེ་ལ་ཐ་སྙད་ཀྱི་ཚིག་གིས་བློ་འཕྲོག་ནས་མེད་པ་ཉིད་ལ་ཡོད་པར་ཞེན་པའི་ངོར་འགལ་རྟགས་ཀྱིས་དོན་གཞན་འགལ་ཟླ་མེད་པའི་ངོ་བོ་ཡོད་པ་དེ་སྒྲུབ་བོ་སྙམ་པ་དང་། མ་དམིགས་པས་མེད་པ་ཉིད་མངོན་སུམ་གཞལ་ལོ་སྙམ་དུ་སེམས་པས་དོན་ལ་མེད་པ་ཞེས་བྱ་བ་རྟགས་ཀྱིས་བསྒྲུབ་བྱ་རང་དབང་བ་ཞིག་དང་། མངོན་སུམ་གྱིས་གཞལ་བྱ་རང་དབང་བ་ཞིག་ཏུ་བློ་ལ་འཆར་བ་ཡིན་ལ། དེ་ལྟར་ཡིན་ན་མེད་པ་ལ་རང་འཛིན་ཤེས་པ་སྐྱེད་པའི་ནུས་པ་ཡོད་པས་དོན་བྱེད་ནུས་པར་འགྱུར་ཞིང་། རྟགས་འགལ་དམིགས་ལྟ་བུ་དངོས་པོ་ཡིན་པ་བཀོད་ན་རྟགས་ཅན་བསྒྲུབ་བྱའི་ཆོས་སུའང་འགྱུར་བས་ན་མཐར་དངོས་མེད་ཀྱང་དངོས་པོར་འགྱུར་བས་མི་འཐད་པས་ན། དེའི་ཚུལ་ཞིབ་ཏུ་དཔྱད་པ་འདི་དག་མཛད་པ་ཡིན་པས་ཤིན་ཏུ་ཞིབ་པའི་བློ་ཁོ་ནས་མྱང་བྱ་ཡིན་ནོ། །གཉིས་པ། དགག་རྟགས་ཐམས་ཅད་མ་དམིགས་པ་ལས་འགྲུབ་པ་དེས་ན་དགག་བྱ་དེ་དང་འགལ་བའི་དོན་ཅན་གྱི་འབྲས་བུ་རྟགས་སུ་བརྗོད་ནས་རྒྱུ་དང་འགལ་བ་འགོག་པ་ཡང་མི་དམིགས་པ་འཕེན་པ་དེ་ལྟར་ཡིན་པར་བཤད་པ་ཡིན་ནོ། །དེའི་ཕྱིར་དགག་རྟགས་འདི་དག་ཀུན་ལ་རྟགས་འགོད་ཚུལ་གྱི་སྦྱོར་བ་ཙམ་ཐ་དད་ཉིད་དུ་གྱུར་པ་ཡིན་གྱི་དོན་ལ་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་རྟགས་ཡང་དག་ཡིན་ཕན་ཆད་དགག་བྱ་མི་དམིགས་པར་མཐར་ཐུག་པ་ལ་ཐ་དད་ཅུང་ཟད་ཀྱང་མེད་དོ། །གཉིས་པ་དགག་རྟགས་ལྟར་སྣང་ལ། །


MR20_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དང་དེ་ཡི་འཐད་པ་གཉིས། །དང་པོ། དགག་བྱ་དང་འགལ་བ་གཉིས་པོ་གང་རུང་གྲུབ་པ་དང་། སྣང་རུང་རང་གི་ངོ་བོ་དེ་དང་ནི་ཡང་ན་དེ་འགྲུབ་བྱེད་ཀྱི་ཐབས་རྒྱུ་ཁྱབ་བྱེད་འབྲས་བུ་གསུམ་དང་བཅས་པ་བཀག་པ་མེད་པ་སྟེ། མདོར་ན་འགལ་ཟླ་གྲུབ་པ་དང་རང་དང་རང་གི་འབྲེལ་ཟླ་སྣང་རུང་བཀག་པ་མེད་པར་ནི་ཡུལ་གང་ཞིག་དགག་པའམ་མེད་ངེས་སུ་སྒྲུབ་པ་ལ་རྟགས་ལྟར་སྣང་བ་བཀོད་ནས་དེ་དེ་སྒྲུབ་ཀྱི་ཚད་མར་སྨྲ་བ་གང་ཡིན་པ་དེ་ནི་ཡང་དག་པའི་རིགས་པའི་རྗེས་སུ་འབྲང་བ་ཅན་མིན་ཏེ། དཔེར་ན་ངག་སྨྲ་བ་དང་སྐྱེས་བུ་ཉིད་དང་དབང་པོ་ལྡན་པ་ལ་སོགས་པས་ཀུན་མཁྱེན་ཡིན་པ་འགོག་པ་དང་། རྟགས་དེ་དག་གིས་འཇིག་རྟེན་གཞན་དང་ལྷ་དང་དམྱལ་བ་ལ་སོགས་པ་མེད་པར་སྒྲུབ་པ་བཞིན་ནོ། །གཉིས་པ། ཀུན་མཁྱེན་པ་དང་འཇིག་རྟེན་ཕ་རོལ་སོགས་ཕལ་པའི་དབང་པོ་ལས་འདས་པའི་དོན་རྣམས་དང་ངག་སྨྲ་བ་སོགས་རྟགས་དེ་དག་དང་འགལ་བ་གཉིས་པོ་གང་ཡང་གྲུབ་པ་མེད་པའི་ཕྱིར་རོ། །དེ་ཡང་ངག་སྨྲ་བ་སོགས་དང་ཀུན་མཁྱེན་པ་ལྟ་བུ་ཕན་ཚུན་སྤངས་འགལ་དངོས་དང་བརྒྱུད་འགལ་མིན་པ་གྲུབ་ཀྱང་ལྷན་ཅིག་མི་གནས་འགལ་ཡང་མིན་ཏེ། སྣང་བ་འཕེལ་བས་མུན་པ་འགྲིབ་པ་ལྟར་ཤེས་རབ་འཕེལ་བས་སྨྲ་བ་འགྲིབ་པར་མ་མཐོང་ཞིང་ངག་ཙམ་ནི་བརྗོད་འདོད་ཀྱིས་འཇུག་ལ་དེ་ཡང་ཤེས་རབ་འཕེལ་བ་ན་སྨྲ་བ་ལ་ཤིན་ཏུ་མཁས་པར་ཡང་མཐོང་བས་འདི་གཉིས་ལ་འགལ་བ་ཅི་ཞིག་ཡོད། དེ་བཞིན་སྐྱེས་བུ་ཡིན་པ་སོགས་ལའང་འགལ་བ་གཉིས་གང་ཡང་མེད་དོ། །འགལ་བ་མེད་ན་ཆོས་ཐ་དད་ཡིན་པ་ཙམ་གྱིས་མི་ཁེགས་ཏེ་བུམ་སྣམ་བཞིན་ནོ། །དེས་ན་གལ་ཏེ་ངག་སྨྲ་བ་པོ་ཡང་ཡིན་ལ་ཀུན་རིག་པའང་ཡིན་ན་དེ་གཉིས་ལ་གནོད་བྱ་


MR20_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་ཀྱི་ངོ་བོ་གང་ཡོད་དེ་ཅི་ཡང་མེད་དོ། །ངག་སྨྲ་བ་སོགས་ལ་ཀུན་མཁྱེན་ཡིན་པ་དེ་འདྲ་མི་དམིགས་པའི་ཕྱིར་རོ་ཞེ་ན། མ་དམིགས་པ་དེ་ཉིད་དང་པོ་ནས་སྒྲུབ་བྱེད་ཡིན་པར་ཅིས་མ་བརྗོད་དེ། འབྲེལ་མེད་དམ་རྒྱུ་མཚན་མེད་པའི་རྟགས་ལྟར་སྣང་བ་བཀོད་ནས་རང་ཉིད་བླུན་པོར་མཚོན་པར་བྱས་པས་ཅི་ཞིག་བྱ། དེ་ལྟར་དགག་རྟགས་ཀྱི་མཐའ་མི་དམིགས་པ་ལས་འགྲུབ་པ་ཡིན་ཀྱང་ཀུན་མཁྱེན་སོགས་རྒྱང་འཕེན་པ་རང་ཉིད་ཀྱིས་ནི་མི་དམིགས་པ་ནི་དེ་ལྟ་བུ་མེད་པར་ངེས་བྱེད་མིན་པར་སྔར་རབ་ཏུ་བརྗོད་ཟིན་ཏེ། ཡུལ་དུས་རང་བཞིན་གྱིས་བསྐལ་པའི་དངོས་པོ་སྣང་དུ་མི་རུང་བ་དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ་ཐ་མལ་པའི་དབང་བློ་རྟོགས་བྱེད་དུ་འཇུག་པ་མི་སྲིད་པས་ཡོད་ངེས་དང་མེད་པར་ངེས་པ་ཡོད་པ་མ་ཡིན་ནོ། །གཉིས་པ་དགག་རྟགས་འགོད་ཚུལ་ལ། །འགལ་དམིགས་སྣང་རུང་མ་དམིགས་གཉིས། །དང་པོ། འགལ་ཟླ་འགོགཔའི་རྟགས་སྦྱོར་དེ་ཆོས་ནི་ཐ་དད་པ་ཉིད་དམ་ཡང་ན་ཐ་དད་མེད་པ་ལྟ་བུ་ལ་རབ་ཏུ་སྦྱོར་ཏེ། དཔེར་ན་ཁ་བ་མེད་པར་སྒྲུབ་པ་ལ་མེ་རྟགས་སུ་བཀོད་པ་དང་། གྲངས་ཅན་པས་གཟུགས་སོགས་གཙོ་བོ་ལས་སྐྱེ་བར་འདོད་པ་ལ་རྒྱུ་དུས་ནས་ཡོད་པར་ཁས་བླངས་པ་བཀོད་པས་གནོད་པ་བཞིན་ནོ། །དེ་ལ་ཐ་མི་དད་པ་ལ་འགལ་བ་ཇི་ལྟར་སྲིད་སྙམ་ན་བདེན་ཀྱང་རྒོལ་བའི་ཞེ་འདོད་དང་བསྟུན་ཏེ་འགལ་བ་བརྗོད་པ་ལ་དེ་ལྟར་སྲིད་པས་ཡིན་ཏེ། གྲངས་ཅན་པས་འབྲས་བུ་སྔར་ཡོད་ཡིན་པར་ཁས་བླངས་ནས་དེ་མངོན་པར་གསལ་བ་ལ་སྐྱེ་བར་འདོད་ཀྱང་གང་སྔར་ཡོད་ན་ནི་ཡང་སྐྱེ་བ་དོན་མེད་ཅིང་སྐྱེ་ཡང་མི་སྲིད་ལ་སྔ་ན་མེད་པའི་ཁྱད་པར་ཡོད་ན་ནི་སྔ་ན་ཡོད་པ་དང་འགལ་བའི་ཕྱིར་དོན་ལ་སྔར་ཡོད་དང་སྔར་མེད་འགལ་ལ། སྐྱེ་བ་ནི་སྔ་ན་མེད་པ་ལ་འབྱུང་བས་ན་འགལ་བ་ཡིན་ནོ། །དེས་ན་སྤྱིར་སྐྱེ་བ་དེ་ཉིད་ཡོད་པ་དང་ཐ་མི་དད་ཡིན་ཀྱང་ཡོད་ཟིན་པ་ཡང་སྐྱེ་བ་ལ་འགལ་བའི་ཕྱིར། དེ་ལྟར་བརྗོད་པ་སྟེ་འགལ་བ་བརྗོད་པ་ཡིན་ན་ཐ་


MR20_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཁོ་ན་ལས་བརྗོད་ཚུལ་མེད་དོ་སྙམ་པ་སྤང་བའི་དོན་དུ་ཡིན་ནོ། །གཉིས་པ་ལ། སོ་སོར་བཤད་དང་དོན་བསྡུ་བ། །དང་པོ་ལ། འབྲེལ་ཟླ་མ་དམིགས་རྟགས་ཡིན་ཚུལ། །ངོ་བོ་མ་དམིགས་རྟགས་སུ་འཐད། །དང་པོ་ལ། དངོས་པོའི་འབྲེལ་ལས་རྟགས་སུ་འགྱུར། །དེས་དངོས་འབྲེལ་མེད་རྟགས་གཞན་ཁེགས། །རྟགས་དེས་རྟགས་ཅན་གོ་ཚུལ་ལོ། །དང་པོ། ཇི་ལྟར་མེ་དང་མི་རྟག་པ་སོགས་ཀྱི་དངོས་པོ་ཉིད་སྒྲུབ་པ་ལ་དུ་བ་དང་བྱས་པ་སོགས་དངོས་པོ་རྣམས་ཀྱི་དོན་སྒྲུབ་བྱེད་དུ་འདོད་པ་དེ་བཞིན་དུ་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་ཉིད་རང་ལྡོག་པ་ན་དུ་བ་དང་བྱས་པ་སོགས་འབྲེལ་ཟླར་གྱུར་པའི་དངོས་པོ་རྣམས་ལྡོག་པར་བྱེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ནོ། །གཉིས་པ། དེ་ལྟར་སྒྲུབ་པ་དངོས་པོའི་སྟོབས་ཀྱིས་ཡིན་པ་ལྟར་འབྲེལ་བ་ཅན་ལྡོག་པའང་དངོས་པོའི་སྟོབས་ཀྱིས་ཡིན་པར་བསྟན་པ་དེས་ནི་དངོས་པོ་ལ་མ་གྲུབ་པར་རང་གི་རྟོག་པས་སྦྱར་བའི་ཆོས་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་རྟགས་ཡིན་པར་སྨྲ་བ་སོགས་བསལ་བ་ཡིན་ཏེ། དེ་འདྲའི་རྟོག་པས་སྦྱར་བ་རྟགས་སུ་འགྱུར་ན་ཞེ་འདོད་ཀྱིས་བསྒྲུབ་བྱ་དང་དེ་ལས་གཞན་ཅི་ཡང་རུང་བ་ལ་རྟགས་དེ་འདྲ་སྲིད་པའི་ཕྱིར་རོ། །ཇི་ལྟར་ན་ཕྱི་རོལ་པ་དག་ན་རེ། སྒྲ་རྟག་པ་ཡིན་ཏེ། རྟག་པར་སྒྲུབ་པའི་ཕྱོགས་དང་མཐུན་ཕྱོགས་གང་རུང་ཉིད་ཡིན་པའི་ཕྱིར་ཟེར་རོ། །དེ་ལ་སྒྲ་རྟག་པ་ཕྱོགས་སམ་ཤེས་འདོད་ཆོས་ཅན་ཡིན་ཀྱང་དེ་ཙམ་གྱིས་གྲུབ་པའི་དོན་མེད་ལ། ནམ་མཁའ་རྟག་པར་བསྒྲུབ་པའི་མཐུན་ཕྱོགས་སུ་སྒྲ་རྟག་པ་ཞེ་འདོད་ཀྱིས་བཞག་པར་བྱས་ཀྱང་ཕྱོགས་སུ་བཏགས་པ་ལས་དོན་མི་འགྲུབ་ལ། སོགས་ཁོང་ནས་ཁོ་བོས་ཁས་བླངས་པའི་ཕྱིར་དང་། ལུང་ལས་བཤད་


MR20_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཞེས་པ་ལ་སོགས་པ་རང་གི་ཞེ་འདོད་ཙམ་ལས་སྒྲུབ་བྱེད་མེད་པ་ཐམས་ཅད་གཟུང་ངོ་། །རང་གི་བློས་སྦྱར་བ་དེ་འདྲས་དངོས་པོ་དེ་ལྟར་གྲུབ་ན། སྒྲ་མི་རྟག་སྟེ། ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་ཕྱིར་དང་། ལུང་ལས་བཤད་པ་སོགས་རྟགས་སུ་བཀོད་ན་མི་རྟག་པར་ཡང་འགྲུབ་པའི་ཕྱིར་ཐམས་ཅད་ཅི་ཡང་གྲུབ་པར་འགྱུར་རོ། །གསུམ་པ། འབྲེལ་བ་ཅན་གྱི་ཆོས་ལོག་པས་དེ་དང་འབྲེལ་བ་གཞན་ལོག་པ་ཤེས་པར་བྱེད་པ་དེ་ལའང་ཁྱབ་པར་བྱེད་པའི་ཆོས་ལོག་ན་ཁྱབ་བྱ་ལྡོག་པའི་གོ་བྱེད་དུ་འདོད་དེ་ཤིང་ལོག་པས་ཤ་པ་བཞིན་ནོ། །དེ་བཞིན་དུ་རྒྱུ་ལོག་པས་འབྲས་བུའང་ཡིན་ཏེ་རྒྱུ་མེད་པར་དེ་ཡོད་པ་མི་སྲིད་པའི་ཕྱིར་རྒྱུ་དེ་འབྲས་བུ་དེ་ཡོད་པའི་རྒྱུ་མཚན་གྱི་ཁྱབ་བྱེད་ཡིན་ནོ། །དེ་ཡང་གོ་བྱེད་དུ་ནམ་འགྲོ་ན་གལ་ཏེ་ཁྱབ་བྱ་རང་གི་ལྡོག་པ་དེ་མེད་པ་ཉིད་དུ་ནི་ཡུལ་དུས་ཀྱི་རྣམ་པ་འགར་བཅད་པའམ་ཁྱབ་བྱེད་ལོག་པ་རྒྱུ་མཚན་དུ་བྱས་པ་སོགས་རྣམ་པ་འགས་རྟགས་དང་རྟགས་ཅན་གྱི་རྣམ་པར་ཡོངས་སུ་བཅད་ན་གོ་བྱེད་ཡིན་ཏེ་དཔེར་ན་ཤིང་མེད་པ་ན་ཤིང་གི་བྱེ་བྲག་ཀུན་མེད་མོད། ཤིང་མེད་པའི་ཕྱིར་ཤ་པ་མེད་དོ་སྙམ་དུ་བསམ་ན་ཁྱབ་བྱེད་ལོག་པ་དེ་ཤ་པ་མེད་པའི་གོ་བྱེད་ཡིན་ལ། ཤུག་པ་མེད་དོ་སྙམ་དུ་བཟུང་ན་ཤུག་པ་མེད་པའི་གོ་བྱེད་ཡིན་པ་བཞིན་དུ་ཤེས་པར་བྱའོ། །ཤ་པ་ཞེས་པ་ཤིང་ཤ་པ་ཞེས་པ་སྟེ་ཨ་ག་རུའི་མིང་ཡིན་པར་བཤད་དོ། །གཉིས་པ་སྣང་རུང་གི་ངོ་བོ་མ་དམིགས་པ་ནི། སྣང་རུང་གི་བུམ་སོགས་མེད་པ་ལ་ནི་དེ་ཉིད་ཀྱི་དམིགས་བྱེད་ཚད་མ་མེད་པ་རྟགས་སུ་བརྗོད་པ་གང་ཡིན་པ་དེ་ནི་རྒོལ་བ་ཤིན་ཏུ་རྨོངས་པ་སྣང་རུང་མ་དམིགས་ཀྱང་མེད་པའི་ཐ་སྙད་མི་སྦྱོར་བ་གྲངས་ཅན་པས་རྒྱུ་ལ་འབྲས་གནས་སྨྲ་བ་ལྟ་བུ་སོགས་ཀྱི་དོན་དུ་མེད་ངེས་ཀྱི་ཐ་སྙད་བསྒྲུབ་


MR20_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། ཐ་སྙད་ཀྱི་ཡུལ་ལམ་དོན་མེད་པ་ཙམ་ནི་གནག་རྫི༷་མོ་ཡི་བར་ལ་རབ་ཏུ་གྲགས་པའི་ཕྱིར་དེ་རྟགས་ཀྱིས་བསྒྲུབ་པ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལ་ཕྱོགས་གང་དུ་བུམ་པ་མ་དམིགས་པའམ་དམིགས་བྱེད་ཀྱི་ཚད་མ་མེད་པ་ན་དེ་ལ་བརྟེན་ནས་འདིར་བུམ་པ་མེད་དོ་སྙམ་དུ་རང་རིག་གིས་ཉམས་སུ་མྱོང་བ་རྟགས་ལ་བརྟེན་མི་དགོས་པར་སྐྱེ་བ་ཡིན་ནའང་། གྲུབ་མཐས་བློ་བསླད་པ་དག་ལ་སྣང་རུང་མ་དམིགས་ཀྱང་མེད་ངེས་སུ་མི་འཛིན་པས་དེའི་ཐ་སྙད་མི་བྱེད་པ་ཡོད་པས་དེའི་རྨོངས་པ་བཟློག་པའི་དོན་དུ་ཡིན་ནོ། །དེས་ན་མིག་ཤེས་ཀྱིས་བུམ་པའི་གཟུགས་དམིགས་པའི་ཚེ་བུམ་པ་འདི་ནི་དབྱིབས་དང་ཁ་དོག་འདི་ལྟ་བུའོ་ཞེས་གཞན་ལ་དྲི་བཤད་མི་དགོས་པར་རང་གིས་ཉམས་སུ་མྱོང་བ་ནི་དེ་འདྲའི་བློ་སྐྱེ་བ་རང་རིག་གིས་ཉམས་སུ་མྱོང་བ་ལས་ཡིན་ལ། བུམ་པ་ལ་སྣམ་བུ་མེད་དོ་སྙམ་དུ་ཉམས་སུ་མྱོང་བ་ནི་བུམ་པ་ལ་སྣམ་བུའི་རྣམ་པའི་བློ་གང་ཡང་རང་རྒྱུད་ལ་སྐྱེ་མ་མྱོང་བ་རང་རིག་གིས་ཉམས་སུ་མྱོང་བ་ལས་ཡུལ་དེ་མེད་པའི་རྣམ་པ་ཅན་དུ་མྱོང་བ་ཡིན་ཏེ། དེས་ན་ཡོད་པ་དང་མེད་པའི་དོན་འདི་དག་བློས་མངོན་སུམ་གཅོད་དོ་སྙམ་པའི་མྱོང་བ་སུས་ཀྱང་ཁེགས་པར་མི་ནུས་པ་འདི་རང་རིག་གིས་རང་རྒྱུད་ལ་བློ་གང་ཞིག་སྐྱེས་པ་དང་མ་སྐྱེས་པ་རང་ལ་མངོན་དུ་གྱུར་པས་གཅོད་པ་ཡིན་ཏེ། རང་སེམས་ལ་གཡོ་སྒྱུ་སོགས་ཡོད་པ་དང་མེད་པ་ཉམས་སུ་མྱོང་བ་བཞིན་ནོ། །དེ་འདྲའི་ཉམས་མྱོང་དེའི་སྒོ་ནས་ཡུལ་ཡོད་མེད་སོགས་ཐ་སྙད་ཐམས་ཅད་བྱེད་དེ་སྔར། བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཞེས་གསུངས་པ་བཞིན་ནོ། །གནད་འདི་གལ་ཆེའོ། །གཉིས་པ་དོན་


MR20_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ། མི་དམིགས་པ་ཡི་རྟགས་ནི་འཆད་འགྱུར་འདི་ཙམ་ཞིག་རྣམ་པ་ཀུན་དུ་དགག་བྱ་དེ་མེད་པ་ལ་ངེས་པའི་འབྲས་བུ་ཅན་ནམ། མེད་ངེས་སུ་སྒྲུབ་ནུས་པ་ཅན་ཡིན་ཏེ། དེ་ཡང་གང་ཞེ་ན། ཡུལ་སྣང་དུ་རུང་བར་འདོད་པ་ཡི་རྒྱུ་མ་དམིགས་པའམ། རང་གི་ངོ་བོའམ། དེའི་ཁྱབ་བྱེད་དེ། དེ་གཉིས་ནི་དེའི་རང་བཞིན་ཡིན་པས་དེ་མ་དམིགས་པའམ་སྣང་བ་མེད་པ་ཉིད་ཡིན་ནོ། །འབྲས་བུ་མ་དམིགས་པ་ནི་རྒྱུ་ནུས་པ་ཐོགས་མེད་འགོག་པ་ལ་རྟགས་ཡིན་ཀྱང་སྦྱིར་རྒྱུ་ཙམ་ལ་མ་ངེས་ཤིང་བཤད་མ་ཐག་པ་གསུམ་པོ་ནི་དམིགས་བསལ་མེད་པར་དགག་རྟགས་སུ་འགྱུར་བ་ཡིན་ནོ། །གཉིས་པ་རྗེས་དཔག་ལས་གཞན་པ་ངེས་ཤེས་ཚད་མ་མིན་པ་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ། རྟགས་ལས་རྗེས་སུ་དཔག་པས་ཁ་དོག་སོགས་མི་རྟག་པ་སོགས་སུ་འཛིན་པ་ལ་ནི་བཤད་མ་ཐག་པའི་ཚུལ་རྗེས་དཔག་གིས་མི་རྟག་སོགས་རང་གི་དངོས་ཡུལ་སྦྱི་ལ་སྦྱོར་ཀྱང་རང་མཚན་ལ་མི་སླུ་བའི་ཚད་མ་ཡིན་པ་འདིར་འདོད་པས་ཁ་དོག་སོགས་མི་རྟག་པར་འཛིན་པ་རབ་སྦྱོར་ཚད་མ་ཞེས་ཕུང་གསུམ་པ་མིན་ལ། གཞན་དུ་རྟགས་ལ་མི་ལྟོས་པར་དངོས་པོ་འགག་པ་མཐོང་བའི་མངོན་སུམ་གྱིས་དྲང་བའི་ཁ་དོག་མི་རྟག་པའོ་སྙམ་དུ་འཛིན་པ་ནི་སྔར་མངོན་སུམ་ཚད་མས་གཟུང་བ་དེ་ཙམ་སླར་ཡང་དེ་ཡིན་ནོ་སྙམ་དུ་རྟོག་པས་འཛིན་པའི་ཕྱིར་དེ་ནི་བཅད་ཤེས་ཡིན་གྱི་ཚད་མ་ཉིད་དུ་འདོད་པ་མ་ཡིན་ནོ། །དེ་ཡང་དངོས་པོ་དེ་ལས་དེའི་མི་རྟག་པ་ཞེས་བྱ་བ་གཞན་དུ་མེད་དེ་དཔེར་ན་ཁ་དོག་དེ་ལས་ཁ་དོག་ཉིད་གཞན་དུ་མེད་པ་བཞིན་དུ་ཁ་དོག་དེ་སྐད་ཅིག་ལས་མི་སྡོད་པ་ཡང་དེ་ལས་གཞན་དུ་མེད་ལ་དེ་འདྲའི་ཁ་དོག་སྐད་ཅིག་ཐ་མ་ལྟ་བུ་དེ་ཡང་དབང་པོ་ཉིད་


MR20_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མངོན་སུམ་ལས་བཅད་ཤེས་ཀྱིས་སྔར་གྲུབ་ཟིན་པས་ན་བཅད་ཤེས་ལ་མི་སླུ་བའི་བྱ་བ་གསར་དུ་བྱེད་པ་མེད་པས་ཚད་མའི་མཚན་ཉིད་ཐོབ་པའི་རྒྱུ་མཚན་གང་ཡང་མེད་དོ། །གཉིས་པ་ལ། དངོས་འཇིག་གཅིག་ལ་གནོད་བྱེད་མེད། །དངོས་འཇིག་གཞན་འདོད་གནོད་བྱེད་མིན། །དང་པོ་ལ། ཐ་དད་སྒྲས་བརྗོད་མི་རུང་དང་། །རྗེས་དཔག་འཇུག་པ་མི་རུང་སྤང་། །དང་པོ། དངོས་པོ་ལས་མི་རྟག་པ་གཞན་དུ་མེད་པར་བརྗོད་པ་ལ། དངོས་པོ་དང་འཇིག་པ་གཞན་དུ་འདོད་པ་དག་ན་རེ། དེ་ལྟ་ན་དངོས་པོ་དང་མི་རྟག་པ་སྒྲ་ཐ་དད་ཀྱིས་བརྗོད་མི་རུང་བ་དང་དངོས་པོ་རྟགས་ལས་བསྒྲུབ་མི་དགོས་ལ་མི་རྟག་པ་རྟགས་ཀྱིས་བསྒྲུབ་དགོས་པ་མི་འཐད་དོ་ཞེས་ཟེར། དེ་ལ་ཁ་དོག་དང་མི་རྟག་པ་ལྟ་བུ་སྒྲ་ཐ་དད་འཇུག་པ་ནི་དོན་གྱིས་དེ་གཉིས་དུ་མའི་དངོས་པོ་ཡོད་པས་དེ་བརྗོད་བྱ་ཉིད་དུ་བྱས་པ་མིན་ཏེ། དོན་ལ་སོ་སོར་མེད་ཀྱང་ལྡོག་པའི་སྒོ་ནས་ཆོས་ཆོས་ཅན་དུ་བཞག་པ་རྟོག་པས་བསྐྱེད་པའམ་བཏགས་པའི་སྒོ་ནས་ཐ་དད་པ་ལྟ་བུའི་ཆོས་དེ་སྒྲས་བརྗོད་བྱ་ཡིན་ཏེ་རྒྱས་པར་སྔར་བསྒྲུབས་ཟིན་ཏོ། །གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད། དང་པོ། ཁ་དོག་དང་མི་རྟག་པ་དོན་ལ་སོ་སོར་ཡོད་པ་མིན་ཀྱང་མི་རྟག་པ་རྗེས་དཔག་གིས་བསྒྲུབ་དགོས་པ་མི་འགལ་ཏེ། དོན་ལ་དབྱེར་མེད་དུ་གྲུབ་ཀྱང་འཁྲུལ་རྒྱུས་ངེས་མ་ནུས་པའི་སྒྲོ་འདོགས་རྗེས་དཔག་གིས་བསལ་བའི་ཕྱིར་རོ། །ཇི་ལྟར་ན་རྟོག་ངོར་སྣང་བ་མི་རྟག་པ་ལ་སོགས་པའི་སྤྱི༷་ཡི་རྟེན་སྒྲ་དང་ཁ་དོག་ལྟ་བུའི་རང་མཚན་ནི་གྲུབ་པ་ན་མེ་གྲུབ་པ་དང་ཚ་བ་གྲུབ་པ་ལྟར་རྟོག་ངོ་ན་སྤྱི་མཚན་དུ་སྣང་བ་མི་རྟག་སོགས་ཀྱི་དོན་དེ་ཉིད་ཀྱང་ནི་རང་གི་ངོ་བོས་གྲུབ་པ་ཡིན་ལ། དེ་མངོན་སུམ་


MR20_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐོང་བ་ན་ཡང་དོན་ལ་ཐ་དད་དུ་མེད་པའི་ཕྱིར་ལྷག་མར་ལུས་པ་མེད་པ་དེ་ལ་རྗེས་དཔག་གིས་དོན་གྱི་ངོ་བོར་གསར་དུ་ཅི་ཞིག་སྒྲུབ་སྟེ་རྗེས་དཔག་ནི་ཤེས་པར་བྱེད་པའི་རྒྱུ་ཙམ་ཡིན་གྱི་དངོས་པོ་ལ་མི་རྟག་པ་སྐྱེད་པའི་རྒྱུ་མ་ཡིན་ནོ། །དེས་ན་དངོས་པོ་གྲུབ་པ་དང་མཉམ་དུ་མི་རྟག་པ་གྲུབ་ཀྱང་འཁྲུལ་རྒྱུས་བསླད་ནས་ཡིད་ངོར་མི་རྟག་པ་དེ་མ་གྲུབ་པའམ་མ་ངེས་པ་ན། སྔར་ནས་གྲུབ་ཡོད་པ་དེ་ལྟར་མི་རྟག་པ་དེ་དངོས་པོ་ལ་རབ་ཏུ་གྲུབ་པ་ཤེས་པའམ་ངེས་པར་བྱ་བའི་ཕྱིར་རྗེས་སུ་དཔོག་པ་འཇུག་པ་ཡིན་ཏེ་ཕྱིན་ཅི་ལོག་གི་སྒྲོ་འདོགས་དེ་བསལ་པའི་ཕྱིར་རོ། །གཉིས་པ་ལ། མ་ངེས་པ་ལ་རྗེས་དཔག་འཇུག །འཁྲུལ་རྒྱུ་མེད་ན་དེ་མི་དགོས། །དང་པོ་ལ། མཐོང་ཡང་ངེས་པ་མེད་པའི་ཚུལ། །དེས་ན་རྗེས་དཔག་འཇུག་པའོ། །དང་པོ་ལ། ཕྱི་དང་ནང་གི་མི་ངེས་ཚུལ། །དང་པོ་ལ། ཕྱི་ན་འཁྲུལ་རྒྱུ་ཡོད་མི་ངེས། །དེ་མེད་ན་ནི་ངེས་ཚུལ་ལོ། །དང་པོ། མངོན་སུམ་གྱིས་མཐོང་དུ་ཟིན་ཀྱང་དེ་བཞིན་དུ་མི་ངེས་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་སྔ་ཕྱི་འདྲ་བ་གཞན་བར་མ་ཆད་དུ་ནི་ཡོད་པའི་ཕྱིར་རྒྱུ་མཚན་མ་དཔྱད་པའི་སྐབས་ལ་ལར་སྐད་ཅིག་སྔ་ཕྱི་སྐྱེ་འགག་ཅན་གྱི་རང་བཞིན་ཐ་དད་པར་ཡོངས་སུ་མི་ཤེས་ཏེ་སྔ་ཕྱི་གཅིག་ཡིན་པར་བློ་འཁྲུལ་བའི་ཕྱིར། དཔེར་ན་རྩེད་མོ་མཁན་གྱིས་གོང་བུ་གཉིས་འདོར་ལེན་མྱུར་བར་འཕངས་པའི་སྒོང་གི་ཐ་དད་པ་མི་ཤེས་པར་ཕན་ཚུན་འཁྲུལ་བ་བཞིན་དུ་དངོས་པོ་སྐད་ཅིག་སྔ་ཕྱི་ཐ་དད་པ་ཡིན་ལ། མངོན་སུམ་གྱིས་ཐ་དད་པ་དེ་ཙམ་མཐོང་བ་ཡིན་ཀྱང་ཡིད་ངོར་ཐ་དད་དུ་མཐོང་བ་མེད་པར་སྔར་གྱི་དེ་འདིའོ་སྙམ་པ་གཅིག་ཏུ་འཛིན་པའི་བློ་འབྱུང་བའི་ཕྱིར་རོ། །གཉིས་པ། འདི་ལྟར་འཁྲུལ་རྒྱུ་མེད་ན་རྟགས་མེད་ན་ཡང་མཁས་ནས་


MR20_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པའི་བར་གྱི་སྐྱེ་བོས་ཀྱང་རང་གི་རྒྱུན་ཕྱིས་འབྱུང་བ་དང་ནི་འབྲེལ་པའམ་མཚམས་སྦྱོར་བ་མེད་པའི་མར་མེ་དང་སྒྲ་དང་གློག་ལ་སོགས་པ་འགག་ཁ་མ་རྣམས་ཀྱི་འཇིག་པ་ནི་མཐོང་བས་ཡོངས་སུ་གཅོད་ནུས་པ་ཉིད་ཡིན་ནོ། །དེ་ལ་འཁྲུལ་རྒྱུ་མེད་པས་མངོན་སུམ་ཁོ་ནས་མི་རྟག་པར་ངེས་པའི་ཉམས་མྱོང་སྐྱེད་ནུས་པ་ཡིན་གྱི་སྐད་ཅིག་སོ་སོ་བ་རྣམས་རང་གི་ངོ་བོས་ཐ་དད་པའི་ཕྱིར་སྔ་མའི་སྐད་ཅིག་རྣམས་ཀྱང་མཐོང་ཚུལ་དེ་དང་འདྲ་བ་ཡིན་ནོ། །གཉིས་པ་ནང་བློའི་ནུས་པ་ཞན་པས་མི་ངེས་པའི་ཚུལ་ནི། ས་བོན་ལ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་པ་སོགས་དངོས་པོའི་ནུས་པ་ནི་མངོན་སུམ་གྱིས་གཟུང་ན་ཅིའི་ཕྱིར་མི་ངེས་ཏེ་ཕྱི་ན་འཁྲུལ་རྒྱུ་མེད་པས་སོ་ཞེ་ན། དངོས་པོ་ལས་ནུས་པ་ཐ་དད་དུ་ཡོད་པ་མ་ཡིན་ཏེ། ཐ་དད་ན་དངོས་པོ་དེས་འབྲས་བུ་ནམ་ཡང་མི་སྐྱེད་ཅིང་ནུས་པ་དེ་ཡང་ཐུག་མེད་དུ་འགྱུར་རོ། །དེས་ན་མེའི་ཚ་བ་བཞིན་དུ་ནུས་པ་དངོས་པོའི་རང་བཞིན་ནམ་ཆོས་ཉིད་དུ་གྱུར་ཀྱང་དེ་ལྷན་ཅིག་བྱེད་པའི་རྐྱེན་དང་ཚོགས་པའམ་ཡུལ་དང་ཕྲད་པ་ལས་ནུས་པ་འབྱིན་པ་ཡིན་ལ། དེ་འདྲའི་འབྲས་བུ་འབྱིན་ཁ་མའི་དེ་མ་ཐག་པ་ད་ལྟ་མེད་པ་དེ་མཐོང་བ་མེད་ལ། དེས་ན་རྒྱུ་དེས་འབྲས་བུ་དངོས་སུ་འབྱིན་པ་མཐོང་བ་མེད་པའི་ཕྱིར་དངོས་པོ་དེ་ལ་ནུས་པ་དེ་དངོས་པོའི་ཆོས་ཉིད་དུ་ཡོད་དུ་ཟིན་ཀྱང་དེ་དང་དེ་ལྟ་བུར་མ་ངེས་པར་རྨོངས་པར་གྱུར་པ་རྣམས་ལ་ནུས་པ་དེ་འདི་དང་འདིའོ་ཞེས་ངེས་པར་གསལ་བ་མེད་པའི་ཕྱིར་རོ། །དེས་ན་ནུས་པ་དེ་དངོས་པོ་ལ་མཐོང་བའི་དུས་སུ་མེད་པ་མིན་ཀྱང་ཕལ་པས་དེ་བཞིན་དུ་ངེས་མི་ནུས་ཏེ་འབྲས་བུ་འབྱིན་པར་མཐོང་བའི་གནས་སྐབས་ལ་མ་བརྟེན་པར་མཐོང་བ་ཙམ་གྱིས་གཅོད་མི་ནུས་པ་ནི་དངོས་པོ་ཇི་ལྟ་བུ་ཡིན་པ་དང་མཐུན་པར་འཇུག་པའི་བློའི་


MR20_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་མཐོང་ཡང་མ་ངེས་པ་ཡོད་པ་དེའི་ཕྱིར་རྗེས་དཔག་འཇུག་པ་ནི། ཕྱི་དང་ནང་གི་འཁྲུལ་རྒྱུའི་འགལ་རྐྱེན་གནས་པའམ་མཐུན་རྐྱེན་མ་ཚང་བས་དངོས་པོ་མཐོང་བ་བཞིན་དུ་ངེས་པ་མ་ནུས་པར་དངོས་པོའི་རང་བཞིན་ལས་གཞན་དུ་སྒྲོ་བཏགས་པ་བྱུང་ན་དེ་ཉིད་བཟློག་པའི་ཆེད་དུ་ནི་རྗེས་སུ་དཔག་པ་བརྗོད་པ་དོན་ཡོད་དེ་དེ་ངེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་ཡུལ་གཅིག་ལའང་རྗེས་སུ་དཔག་པ་དུ་མ་འཇུག་སྟེ་སྒྲོ་འདོགས་པ་དུ་མ་སྲིད་པའི་ཕྱིར་རོ། །གཉིས་པ་མཐོང་བས་ངེས་ན་རྗེས་དཔག་དེ་མི་དགོས་པ་ལ། མཐོང་བས་ངེས་པ་སྲིད་པར་བསྟན། །ངེས་ཀྱང་སྒྲ་རྟོག་དུ་མ་འཇུག །རང་གིས་ངེས་པའི་རྒྱུ་མཚན་ནོ། །དང་པོ། མཐོང་བ་ཇི་ལྟ་བ་བཞིན་དུ་སྒྲོ་འདོགས་མེད་པར་རྟོགས་ནུས་པའི་འཕགས་པ་རྣམས་ལྟ་བུ་བློ་གྲོས་ཆེན་པོས་ནི་དོན་དེ་མཐོང་བ་ཙམ་ཉིད་ལས་མི་རྟག་པ་སོགས་དངོས་པོའི་རང་བཞིན་ཇི་ལྟར་གནས་པའི་རྣམ་པ་ཐམས་ཅད་ངེས་པར་བྱེད་དེ་གོམས་པ་གསལ་ཞིང་འཁྲུལ་པས་བསླད་པའི་རྨོངས་པ་དང་བྲལ་བའི་ཕྱིར་མིག་གསལ་བས་ཡུལ་ལ་ལྟ་བ་བཞིན་ནོ། །དེ་ཡང་ཕལ་པའི་མཐོང་བ་ལས་བསམ་གཏན་དང་ལྡན་པའི་མཐོང་བ་འཕགས་ཤིང་དེ་ལས་ཐེག་དམན་འཕགས་པ་དང་དེ་ལས་ཐེག་ཆེན་འཕགས་པའི་མཐོང་བ་ཁྱད་པར་འཕགས་ཤིང་། དེ་ཡང་ས་བཅུའི་ཁྱད་པར་གྱི་མཐོང་བ་གོང་དུ་འཕགས་ལ། ཡོངས་སུ་མཐར་ཕྱིན་པ་སངས་རྒྱས་ཀྱི་གཟིགས་པས་ནི་དངོས་པོའི་རང་བཞིན་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་དོན་མ་ལུས་པ་གཟིགས་པའི་སྐད་ཅིག་དེ་ལ་ཐུགས་སུ་ཆུད་དེ་དངོས་པོའི་རང་བཞིན་ལ་མི་ཤེས་པའི་སྒྲིབ་པ་མཐའ་དག་ཟད་པར་སྤངས་བའི་ཕྱིར་རོ། །གཉིས་པ། དངོས་པོ་དང་མི་རྟག་པ་


MR20_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པར་ངེས་ཟིན་ན་དངོས་པོ་དང་མི་རྟག་ཅེས་ཐ་དད་ཀྱི་སྒྲ་བློ་མི་འཇུག་པར་འགྱུར་རོ་ཞེ་ན། ལྡོག་པ་ཐ་དད་པའི་སྒྲ་བློ་ནི་དོན་ལ་ཐ་དད་དུ་ཡོད་པས་མིན་ཏེ། དངོས་པོ་གང་ཞིག་རང་མིན་པ་ཐམས་ཅད་ལས་ནི་ལྡོག་པ་ཡིས་ཐ་དད་པ་མེད་པའི་དོན་རང་མཚན་དེ་ལ་ནི་གཞན་གང་དང་གང་ལས་ལྡོག་པའི་རྒྱུ་མཚན་ཅན་གྱི་བློ་དང་། བློས་བཟུང་བ་དེ་ཇི་ལྟར་བརྡར་བཏགས་པ་ཡི་སྒྲ་ཐ་དད་པའི་རྟེན་སོ་སོ་བ་ཅན་བཞིན་དུ་འཇུག་པར་འགྱུར་ཏེ་རྟོག་པས་གང་དང་གང་ཤེས་འདོད་དང་བརྗོད་འདོད་དེ་ཙམ་སྟོན་པའི་ཕྱིར་རོ། །དེས་ན་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་ཆོས་ཉིད་བརྗོད་དུ་མེད་པ་མཉམ་གཞག་ཏུ་མྱོང་ཡང་རྗེས་ཐོབ་ཏུ་སྒྲ་དང་རྟོག་པའི་བློས་གཞན་སེལ་བའི་ཚུལ་གྱིས་གཞན་ལ་འདོམས་པ་ནི་སྒྲོ་འདོགས་པ་སེལ་བའི་དགོས་པ་ཅན་ཡིན་ལ། དེས་མཚོན་ཏེ་མི་རྟག་པར་མངོན་སུམ་གྱིས་རང་སྟོབས་ཀྱིས་ངེས་ནུས་ཀྱང་སྒྲ་རྟོག་གིས་དེ་མཚོན་ཏེ་བརྗོད་པ་འཐད་དོ། །གསུམ་པ། གཞན་དང་གཞན་དུ་འཁྲུལ་པའི་རྒྱུ་མེད་ན་རང་མཚན་མཐོང་བ་ན་དངོས་པོ་དེ་ཡིས་ནི་གཞན་ལ་རག་མ་ལས་པར་རང་གི་ངོ་བོ་ཉིད་ཀྱིས་ནི་རང་གི་གནས་ཚུལ་ཇི་ལྟར་ཡིན་པ་དང་ནི་རྗེས་སུ་མཐུན་པའི་བློ་སྐྱེད་པར་བྱེད་དེ། མིག་མ་འཁྲུལ་བས་སྔོན་པོ་མཐོང་བ་ན་སྔོན་པོ་ཉིད་དུ་ངེས་པ་རང་གིས་སྐྱེ་བ་བཞིན་ནོ། །གཉིས་པ་དངོས་འཇིག་གཞན་འདོད་ཀྱིས་མི་གནོད་པ་ལ། ཞིག་འཇིག་གཅིག་ན་རྗེས་དཔག་ཡིན། །འཇིག་པ་ཆོད་པར་འདོད་པ་འཁྲུལ། །དང་པོ། འགག་ཁ་མའི་སྐད་ཅིག་གི་རྗེས་སུ་མི་རྟག་པའི་བློ་སྐྱེ་བ་དེ་བཅད་ཤེས་ལས་ཡང་ན་འདིར་ནི་རང་གི་སྡེ་པ་ཉན་ཐོས་པ་ཁ་ཅིག་གིས་དངོས་པོ་འགགས་པའི་རྗེས་སུ་དམིགས་པའི་རིག་བྱར་གྱུར་པ་


MR20_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་དམིགས་པའི་རྟགས་ལས་འཇིག་པ་གྲུབ་པ་ཡིན་པར་འདོད་དེ། དེ་དག་གིས་སྔར་བྱུང་བའི་དངོས་པོ་ཞིག་ནས་མེད་པར་གྱུར་པ་ལ་མི་རྟག་ཅེས་ནི་བརྗོད་པ་ཡིན་ནོ། །དེ་ཡང་འདི་བས་དངོས་པོ་སྐྱེས་ཙམ་མི་རྟག་མིན་ཏེ་སྐྱེ་འཇིག་གཉིས་འགལ་བས་ཆོས་གཅིག་ལ་མི་འདུ་བས་སྔར་རྒྱུ་ལས་སྐྱེས་པ་དེ་ཕྱིས་ཞིག་པ་ལ་མི་རྟག་ཅེས་བརྗོད་ཅིང་མ་སྐྱེས་པ་ལ་འགག་པ་མི་སྲིད་པས་དངོས་པོ་ཐམས་ཅད་སྐྱེ་འཇིག་གཉིས་དང་འབྲེལ་བ་ཅན་དུ་འདོད་ཅིང་། སྐྱེ་བ་དངོས་པོ་ཡིན་པས་མངོན་སུམ་གྱིས་གྲུབ་ལ་འཇིག་པ་དངོས་མེད་མངོན་སུམ་གྱིས་མི་གྲུབ་ཀྱང་། དགག་པ་ཐམས་ཅད་མི་དམིགས་པ་ལས་འགྲུབ་པས་སྐད་ཅིག་ཐ་མའི་རྗེས་སུ་མི་དམིགས་པ་ལས་འགྲུབ་བོ་ཞེས་ཟེར་རོ། །དེའི་ལུགས་ལྟར་ན་ཡང་རབ་སྦྱོར་ཚད་མ་ཕུང་གསུམ་པ་མི་སྲིད་ལ། ཞིག་འཇིག་དོན་གཅིག་ཏུ་སོང་བས་འགག་པ་ལ་མི་རྟག་པའི་སྒྲ་བརྗོད་ཀྱང་འགལ་བ་མེད་དེ། འཇིག་པའི་ངང་ཚུལ་ཅན་དང་ཞིག་པ་གཉིས་ཀ་ལ་དེའི་སྒྲ་འཇུག་པ་ཙམ་ནི་དགག་ཏུ་མེད་དོ། །འོན་ཀྱང་ཞིག་པ་དངོས་མེད་དངོས་པོ་མ་ཡིན་ཀྱང་དངོས་པོ་ཉིད་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པས་དུས་དེ་ལ་ལྟོས་ན་ཞིག་པ་ཡིན་ལ། རང་གྲུབ་པའི་དུས་ན་ཡང་སྐད་ཅིག་གཉིས་པར་མི་སྡོད་པ་ཅན་ཡིན་པ་ནི་དངོས་པོའི་ཆོས་ཉིད་ཡིན་པས་འཇིག་པ་དོན་གཞན་དུ་འདོད་པ་དེས་དངོས་པོ་ལས་འཇིག་པ་གཞན་དུ་མེད་པར་འདོད་པ་ལ་གནོད་མི་ནུས་ཏེ། འདུས་བྱས་དང་འདུས་བྱས་ཀྱི་མཚན་ཉིད་དོན་གཞན་དུ་ཡོད་ན་འདུས་བྱས་རང་གི་ངོ་བོ་འདུས་བྱས་མིན་པར་ཐལ་ཏེ་ཚ་བ་མེ་ལས་ཐ་དད་ན་མེ་ཚ་བ་མིན་པར་འགྱུར་བ་བཞིན་ནོ། །དེས་ན་དོན་གཞན་པའི་མི་རྟག་པ་ཞེས་སུ་གྱུར་ན་རིགས་པ་ཅན་པ་འགོག་པའི་


MR20_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་དེས་ཐུན་མོང་དུ་ཁེགས་ཕྱིར་འདི་ལ་ཆེད་དུ་དགག་པ་ཡང་མ་མཛད་པར་རང་སྡེས་འདོད་པའི་རྣམ་གྲངས་ཙམ་དུ་གསུངས་ཏེ་ཞིག་པ་ལ་མི་རྟག་པའི་སྒྲ་སྦྱར་ཞིང་རྒྱུན་འགག་ཁའི་མཐར་མི་དམིགས་པའི་རྟགས་ལས་མེད་ངེས་སུ་བསྒྲུབ་པ་ཙམ་ལ་འགལ་བ་མེད་པས་དེ་ལྟར་བསྟན་ཏོ། །གཉིས་པ་ལ། ཕྱོགས་སྔའི་འདོད་པ་བརྗོད་དེ་དྲིས། །དེ་ལ་རིགས་པའི་གནོད་པ་བསྟན། །དང་པོ། མུ་སྟེགས་རིགས་པ་ཅན་པ་གང་གི་ལུགས་ལ་མཐའ་གཉིས་ཀྱིས་མཚམས་ཆོད་པའི་ཡོད་པའམ་ཡོད་པ་དེ་ལ་མི་རྟག་པ་འཕྲོད་པ་འདུ་བའི་འབྲེལ་བ་ཅན་དེ་ལྟ་བུ་བརྗོད་པའི་ངང་ཚུལ་ཅན་ནི་མི་རྟག་པ་ཉིད་ཀྱི་སྒྲ་ཡིན་པར་འདོད་པ་དེ་ལ་ཡོད་པ་དེ་ཡི་མཐའ་ཞེས་པ་དེ་དག་གང་ལ་བརྗོད་ཅེས་དྲི་བ་མཛད་དོ། །དེ་ཡང་རིགས་པ་ཅན་པའི་ཞེ་འདོད་ལ་ཡོད་པ་ཙམ་མི་རྟག་པ་མིན་ཏེ་ནམ་མཁའ་དང་ཕྱོགས་དང་བདག་ལ་སོགས་པ་རྟག་པའི་རྫས་ཀྱང་མི་རྟག་པར་འགྱུར་བའི་ཕྱིར་རོ། །དེས་ན་ཡོད་པ་གང་ཞིག་མཐའ་གཉིས་ཀྱིས་ཆོད་པ་དེ་ནི་མི་རྟག་པའོ། །དེ་འདྲའི་ཡོད་པ་ཁྱད་པར་བ་དེ་ལ་དེའི་མི་རྟག་པ་ནི་འཕྲོད་པ་འདུ་བས་འབྲེལ་བའི་ཕྱིར་དངོས་པོའི་མི་རྟག་པ་ཞེས་སོགས་འབྲེལ་བའི་ཚིག་བརྗོད་པ་འཐད་ཀྱི། འབྲེལ་བ་མེད་པ་ལ་ནི་དེ་མི་འཐད་དེ་ནམ་མཁའི་མི་རྟག་པ་ཞེས་སམ་དངོས་མེད་ཀྱི་མི་རྟག་པ་ཞེས་མི་བརྗོད་པ་བཞིན་ནོ། །དེ་འདྲའི་འབྲེལ་བ་དེ་ཡང་ཡོད་པ་ཡིན་ནོ་ཅོག་དང་མི་འབྲེལ་ཏེ་མཐའ་གཉིས་ཀྱིས་ཆོད་པའི་ཡོད་པ་ཁྱད་པར་བ་དེ་ལ་འབྲེལ་ལོ་སྙམ་དུ་སེམས་པ་ཡིན་ལ། འདི་དག་གི་དངོས་པོ་དང་མི་རྟག་པ་དོན་ལ་ཐ་དད་ཡོད་པར་འདོད་པའི་རྩ་བ་ནི་དངོས་པོའི་མི་རྟག་པ་ཞེས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་བློ་ཐ་དད་ལ་ཞེན་པའི་ཚིག་ཙམ་གྱིས་བློ་ཕྲོགས་ནས་བུམ་


MR20_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་རྟག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་དོན་མ་ཤེས་པ་ཡིན་ནོ། །གཉིས་པ་ལ། སྔ་ཕྱི་མེད་མཐར་འདོད་པ་དགག །རྒྱུ་འབྲས་གཉིས་མཐར་འདོད་པ་དགག །དང་པོ། མཐའ་ཞེས་པ་གང་ལ་བརྗོད་ཅེས་དྲིས་པ་ལ། གལ་ཏེ་དངོས་པོ་དེ་སྔ་ཕྱིར་མེད་པ་ཡིན་ཏེ་འདི་ལ་དྲི་བར་བྱ་བ་ཅི་ཞིག་ཡོད། བུམ་པ་ལྟ་བུ་མ་སྐྱེས་པའི་དུས་སུ་སྔ་ན་མེད་པ་ཡིན་ལ། ཞིག་པའི་རྗེས་སུ་ཕྱི་ན་མེད་པ་དེ་གཉིས་ཀྱི་དབུས་སུ་ཚུད་པའི་ད་ལྟའི་བུམ་པ་ཡོད་པ་དེའོ་ཞེ་ན། སྔ་ཕྱིའི་མཐའ་གཉིས་པོ་དེ་ཉིད་མི་རྟག་པ་ཅིས་མ་ཡིན་ཞེས་དྲིས་པ་ན་དེ་དག་ན་རེ། མཐའ་དེ་གཉིས་ནི་མེད་པ་ཙམ་ཡིན་ལ་ཡོད་པའི་དངོས་པོ་དེ་དང་དངོས་མེད་ལ་འབྲེལ་བ་མེད་པའི་ཕྱིར་ན་དྲུག་པ་སོགས་ཀྱི་སྒྲ་སྦྱོར་བ་མི་རུང་བའི་ཕྱིར་དེ་མི་རྟག་པ་མིན་ནོ་ཞེས་ཟེར་ཏེ། འདི་ལྟར་དངོས་པོའི་མི་རྟག་ཅེས་དྲུག་པ་དང་། དངོས་པོ་ལ་མི་རྟག་ཅེས་བདུན་པ་དང་། དངོས་པོ་ལས་མི་རྟག་པ་བྱུང་ངོ་ཞེས་ལྔ་པ་དང་། དངོས་པོ་མི་རྟག་ཅེས་ཆོས་ཅན་བརྗོད་པ་དང་། མི་རྟག་པའི་དངོས་པོ་ཞེས་མི་རྟག་པས་ཁྱད་པར་དུ་བྱས་པའི་དྲུག་པ་སྦྱོར་བ་མཐོང་ན་འབྲེལ་མེད་ལ་འབྲེལ་བ་ཅན་གྱི་སྒྲ་དེ་དག་མི་རུང་བའི་ཕྱིར་རོ་ཞེ་ན། དེ་ལྟ་ན་མཐའ་ལ་ཡང་འབྲེལ་བ་ཅན་གྱི་སྒྲ་སྦྱོར་བ་དེ་ཇི་ལྟར་རུང་སྟེ་དེ་གཉིས་མཚུངས་པའི་ཕྱིར་རོ། །དེས་ན་དངོས་པོའི་སྔར་མེད་དམ། སྔ་ན་མེད་པའི་དངོས་པོ་དང་། ཕྱི་ན་མེད་པའི་དངོས་པོ་སོགས་དང་། དངོས་པོའི་མཐའ་དང་། མཐའ་ཡིས་ཁྱད་པར་དུ་བྱས་པའི་དངོས་པོ། མཐའ་གཉིས་ཀྱིས་ཆོད་པའི་ཡོད་པ་ལ་སོགས་པ་བརྗོད་དུ་མེད་པར་འགྱུར་རོ། །མཐའ་དང་མ་འབྲེལ་བའི་ཡོད་པ་ཉིད་དང་འབྲེལ་པ་ཡང་རྟག་པའི་ཕྱིར་མཐའ་ཡིས་ཡོད་པ་དེ་ལ་ཁྱད་པར་དུ་བྱས་པའི་མི་རྟག་པར་འགྱུར་


MR20_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ཡང་ཡོད་པ་མིན་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་ཡོད་པ་རང་ཉིད་མི་རྟག་པའི་ངང་ཚུལ་ཅན་མིན་ན་གཞན་གྱིས་དེ་མི་རྟག་པར་བྱ་མི་ནུས་ཏེ། ཡོད་པའི་ངོ་བོ་ཉིད་ཀྱིས་མི་རྟག་པ་སྤངས་ཏེ་གནས་པའི་ཕྱིར་སྣང་བ་ནི་མུན་པར་ནམ་ཡང་འགྱུར་མི་སྲིད་པ་བཞིན་དུ་དེ་རྟག་པར་འགྱུར་ཏེ། དེ་དང་འབྲེལ་བ་མེད་པའི་དངོས་མེད་གཞན་ཡོད་དུ་ཟིན་ཀྱང་དེས་དེ་ལ་ཁྱད་པར་གྱི་བྱ་བ་གང་ཡང་མི་བྱེད་དེ་མཐའ་ཡི་ཁོར་ཡུག་ནམ་མཁས་ཆོད་པས་བུམ་པ་མི་འཇིག་པ་བཞིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་གྲུབ་དོན་བསྡུ། །དང་པོ། མཐའ་དངོས་པོ་མེད་པ་ཙམ་ལ་ཁོ་རང་གི་ལུགས་ཀྱི་འབྲེལ་བ་སྒྲུབ་མ་ནུས་ནས། གལ་ཏེ་རྒྱུ་སྔ་མའི་མཐའ་དང་། འབྲས་བུ་ཕྱི་མཐའ་ཡིན་པས་ན་དབུས་ཀྱི་དངོས་པོ་དང་རྒྱུ་འབྲས་དེ་དག་འབྲེལ་བ་ཡོད་པས་མཐའ་དང་འབྲེལ་བའི་ཡོད་པ་ཁྱད་པར་འགྲུབ་བོ་ཞེ་ན། སྔ་ཕྱི་བར་གསུམ་ཀ་ཡོད་པ་ཙམ་ལས་མཐའ་ཡིས་ཆོད་པའི་ཁྱད་པར་མེད་པ་ཉིད་དུ་འགྱུར་ཏེ་དེ་གསུམ་ཀ་རེ་རེ་ནས་ཀྱང་སྔ་ཕྱིར་མེད་པའི་དངོས་མེད་ལ་འབྲེལ་བ་མེད་པར་འདྲ་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་སྒྲ་དངོས་དབང་གིས་འཇུག་པར་སྨྲ་བ་རིགས་པ་ཅན་པ་དེ་ཡིས་ནི་དངོས་པོ་ཡིན་ན་སྔར་ཡོད་པ་ཡིན་པས་ཁྱབ་ཀྱི། དངོས་པོ་དང་སྔར་མེད་ལ་འབྲེལ་བ་མེད་པས་དངོས་པོ་སྔར་མེད་ཅེས་བརྗོད་པ་རྒྱུ་མཚན་མེད་པའི་སྒྲར་གྱུར་པའི་ཕྱིར་དེ་ལྟར་བརྗོད་པ་མི་རིགས་པར་འདོད་པས་ན། དངོས་པོ་སྔར་མེད་འདོད་དུ་རུང་བ་མིན་པས་དངོས་པོ་དེ་ལ་མེད་པའི་མཐའ་དེ་ཡིས་ཁྱད་པར་ཅན་དུ་བྱས་ནས་བརྗོད་པ་དེ་ཡང་མི་འགྲུབ་པའི་ཕྱིར་དབུས་ཀྱི་དངོས་པོའི་མཐའ་རྒྱུ་འབྲས་ཀྱི་དངོས་པོས་ཆོད་ཀྱང་ཀ་བུམ་སྣམ་གསུམ་བསྒྲིགས་པས་


MR20_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་བུམ་པ་མི་འཇིག་པ་བཞིན་ནོ། །དེ་ལྟར་ན་རྒྱུ་འབྲས་ཐམས་ཅད་དུས་གཅིག་ཏུ་ཡོད་པར་ཐལ་བས་རྒྱུ་འབྲས་ཀྱི་འབྲེལ་བའང་ཅུང་ཟད་ཡོད་པར་མི་འགྱུར་རོ། །གལ་ཏེ་རྒྱུ་ནི་འགགས་ལ་འབྲས་བུ་མ་སྐྱེས་པ་ཉིད་དབུས་སུ་ཚུད་པའི་ཡོད་པ་དེ་མི་རྟག་གོ་ཞེ་ན། རྒྱུ་འབྲས་སུ་བཏགས་ཀྱང་ད་ལྟར་དངོས་པོ་མེད་པ་ཡིན་པས་སྔར་གྱི་སྐྱོན་སོ་ན་གནས་སོ། །ཁོ་ན་རེ། འབྲས་བུ་ད་ལྟ་བ་དེ་ཡོད་པ་ཁོ་ན་ཉིད་ཡིན་པ་དང་དེ་ཡང་རང་གི་རྒྱུ་སྔ་མའི་དངོས་པོ་དང་འཕྲོད་པ་འདུ་བས་འབྲེལ་བར་བྱེད་པའི་ཕྱིར་ན་སྔ་མ་དེ་རྒྱུ་ཡིན་ནོ་ལོ། །འདི་ལ། འབྲེལ་བྱེད་ཕྱིར་ན་རྒྱུ་ཞེས་གྲག །ཅེས་པའི་འགྱུར་ལྟར་ནའང་ལོ་གྲག་ཟེར་གསུམ་མ་རངས་པའི་ཚིག་ཏུ་གོ་བར་བྱའོ། །སྔ་མ་རྒྱུ་ཞིག་ཟིན་དང་འབྲས་བུ་ད་ལྟ་ཡོད་པ་ལ་རྟོག་པའི་སྒོ་ནས་འབྲེལ་བ་གྲུབ་པ་ཙམ་མིན་པར་འཕྲོད་པ་འདུ་བའི་འབྲེལ་བ་ངོ་བོ་ཉིད་ཀྱིས་ཡོད་ན། རྒྱུ་འབྲས་ཉིས་ཆར་ཡོད་པ་ཉིད་དང་ཡོད་པ་དེ་དང་འབྲེལ་བ་དེ་ཡང་རྟག་པ་ཡིན་པར་འགྱུར་ཏེ། ཡོད་པ་དང་འབྲེལ་བ་ཉིས་ཆར་ད་ལྟ་ཡོད་པ་ཡིན་ལ་དེ་དག་མེད་པ་དང་འབྲེལ་བ་རྡུལ་ཙམ་མེད་པའི་ཕྱིར་རོ། །དེ་ལྟར་འདོད་ན་འོ་ན་འདི་ལ་རྒྱུ་དང་འབྲས་བུ་གང་ཡིན་ཏེ་དུས་གཅིག་པའི་བུམ་སྣམ་བཞིན་ནོ། །གནོད་པ་དེར་དོགས་ནས་གང་ཞིག་མེད་པ་དེ་བྱེད་པ་སྟེ་རྒྱུའི་དུས་ན་འབྲས་བུ་མེད་པས་འབྲས་བུ་སྔ་ན་མེད་པ་དེ་རྒྱུས་བྱེད་པ་ཡིན་ལ་འབྲས་དུས་ན་རྒྱུ་མེད་པས་ཞིག་ནས་མེད་པ་དེ་འབྲས་བུའི་བྱེད་པོ་ཡིན་ནོ་ཞེ་ན། ཁྱོད་ལྟར་ན་དངོས་པོ་དང་སྔར་མེད་པ་གཉིས་ལྡན་པ་མིན་ཏེ་ཁྱོད་ཀྱིས་དངོས་དངོས་མེད་ལ་འབྲེལ་བ་གང་ཡང་ཁས་ལེན་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡོད་པ་ཉིད་མི་རྟག་པ་མིན་ལ་ཡོད་པ་དང་དངོས་མེད་འབྲེལ་བའི་ཚིག་གིས་བརྗོད་དུ་མི་རུང་བར་འདོད་པ་དེ་ཕྱིར་དངོས་པོ་རིལ་


MR20_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ་དངོས་པོ་ཡིན་ནོ་ཅོག་འདི་ཀུན་རྟག་པ་འབའ་ཞིག་པར་འགྱུར་ཏེ། ཡོད་པ་ཐམས་ཅད་རང་གི་ངོ་བོས་མི་རྟག་པ་མིན་ལ་དངོས་མེད་གཞན་གྱིས་དེ་མི་རྟག་པར་ནམ་ཡང་བྱེད་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་སྔ་ན་མེད་པ་དང་ཞིག་ནས་མེད་པ་ལ་སོགས་པ་འདི་དག་དངོས་པོ་དེ་སྔ་ན་ཡོད་པར་འཛིན་པ་སོགས་བཟློག་པའི་རྒྱུ་མཚན་གྱི་གཞན་སེལ་བའི་སྒྲས་བརྗོད་པ་ཙམ་ཡིན་གྱི་རྟོག་པས་སྤྱི་མཚན་བརྗོད་པ་ལ་ད་ལྟའི་དངོས་པོ་འབའ་ཞིག་ལས་དངོས་པོའི་མིང་མི་འཇུག་པ་མ་ཡིན་ཏེ། ཞིག་པའི་བུམ་པ་དང་འབྱུང་འགྱུར་གྱི་བུམ་པ་དང་སྔ་ན་མེད་པའི་དངོས་པོ་དང་དངོས་པོ་སྔར་མེད་པ་སོགས་ཇི་སྙེད་བརྗོད་རུང་བ་ཡིན་ནོ། །རིགས་པ་ཅན་པའི་མི་རྟག་པ་འདོད་ཚུལ་འགོག་པའི་སྐབས་འདི་གཞན་ན་ཤིན་ཏུ་གསལ་པོར་བཤད་པ་མི་འདུག་ཀྱང་འདིར་ཆེས་གསལ་པོར་བཤད་པ་ཡིན་ནོ། །ཐ་སྙད་ཙམ་དུ་རྒྱུ་ཞིག་པ་དང་འབྲས་བུ་སྐྱེ་བ་སྲང་མདའི་མཐོ་དམན་བཞིན་དུ་བར་གཞན་གྱིས་མ་ཆོད་པས་ན། རྒྱུ་མ་ཞིག་བཞིན་དུ་བསྐྱེད་པ་དང་ཞིག་ཟིན་ནས་བསྐྱེད་པ་གཉིས་ཀ་མ་ཡིན་ཏེ། བར་མ་ཆོད་པའི་རྒྱུ་འབྲས་ཀྱི་རྟེན་འབྲེལ་བརྟག་པར་དཀའ་བ་ཡིན་ཞིང་འབྲས་དུས་ན་རྒྱུ་ཞིག་ཟིན་པ་ཡིན་ནོ། །གཉིས་པ། འབྲེལ་བ་རྫས་སུ་མ་གྲུབ་པ་དེ་ཕྱིར་མེད་པའི་དོན་ལ་འབྲེལ་བ་ཞེས་ཕྱི་རོལ་གྱི་ཆོས་སུ་ད་ལྟ་ཡོད་པར་སྒྲོ་འདོགས་པ་དངོས་པོའི་མི་རྟག་པ་སྔར་མེད་ཀྱི་དངོས་པོའི་ཞིག་པ་སོགས་བརྗོད་བྱ་ཐ་དད་ཅན་ལྟ་བུའི་བློ་ནི། ཐ་དད་དུ་མེད་པའི་དོན་རང་མཚན་གཅིག་གི་རང་བཞིན་དུ་མངོན་པར་འདོད་པ་ཅན་གྱི་ལུགས་ལ་དྲུག་སྒྲ་སོགས་ཀྱིས་ཐ་དད་པ་ལྟ་བུར་བསྟན་པ་ནི་དོན་གྱི་ངོ་བོ་ཐ་དད་དུ་ཡོད་པས་མ་ཡིན་ཏེ། དེ་འདྲའི་སྒྲ་ཀུན་ལའང་ལྡོག་པ་ཐ་


MR20_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་རྟེན་ཡོད་པ་ཅན་ཡིན་པས་སྒྲ་བློ་རྣམ་གྲངས་པར་མི་འགྱུར་ལ་དོན་ཐ་དད་དུ་ཡང་མི་འགྱུར་བ་ཡིན་ནོ། །གཉིས་པ་ཡང་ཡང་ཤེས་པ་ཚད་མ་ཡིན་པ་འགོག་པ་ལ། དགག་དང་བཞག་དང་རྩོད་སྤང་གསུམ། །དང་པོ་ལ། དངོས་དང་ཉེས་སྤོང་དགག་པའོ། །དང་པོ། ཚད་མ་མདོ་ལས། ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་པ་བཞིན་དུ་ཚད་མ་དུ་མས་དོན་གཅིག་ཡང་ཡང་ཤེས་པའམ་ངོ་ཤེས་ཚད་མ་དགག་པ་ནི། རང་མཚན་ཡིན་ནོ་ཅོག་ཀུན་སྐད་ཅིག་མ་སོ་སོར་གཞན་དང་གཞན་ཐ་དད་པ་ཡིན་པའི་ཕྱིར་ཁྱད་པར་རང་མཚན་གཅིག་ཉིད་མངོན་སུམ་མམ་རྗེས་སུ་དཔག་པས་ངོ་ཤེས་པའི་ཚུལ་གྱིས་ཡང་དང་ཡང་དུ་ཤེས་པར་བྱར་ཡོད་པ་མ་ཡིན་ནོ། །གལ་ཏེ་རང་མཚན་ལ་ཡང་ཡང་ཤེས་པ་མེད་དུ་ཆུག་ཀྱང་རང་མཚན་དེ་ལ་ཡོད་པའི་སྤྱི་རྟག་པ་དེ་རང་མཚན་གྱི་སྒོ་ནས་ཡང་ཡང་ཤེས་པ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ་ཁྱད་པར་རྣམས་ལས་མ་གཏོགས་པའི་སྤྱི་དབང་ཤེས་ཀྱིས་མཐོང་བ་མེད་ལ་སྔ་ཕྱི་གཉིས་ཀས་སྤྱི་གཅིག་མཐོང་བ་ཡིན་ན་ཡུལ་གཅིག་གི་བློ་ཡིན་པའི་ཕྱིར་འཛིན་སྟངས། ཁྱད་པར་མེད་པར་འགྱུར་ན་ཡང་། སྔར་མཐོང་བ་དེ་དང་མཚུངས་པར་ཕྱིས་ཀྱི་དེ་འཛིན་པའི་ཕྱིར། སྔར་གྱི་རང་མཚན་ནམ་ཁྱད་པར་དེའི་ཡུལ་ཅན་ཉིད་ཀྱང་མིན་ཏེ་ཡིན་ན་སྔར་མཐོང་བའི་བློ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པར་མི་རིགས་སོ། །དེས་ན་སྤྱིའི་རང་མཚན་རྟག་པ་དེ་བཟུང་བ་མ་ཡིན་གྱི་སྔ་ཕྱིའི་སྤྱི་མཚན་རྟོག་ཡུལ་དེ་བཟུང་བ་ཡིན་ནོ། །གཉིས་པ། གལ་ཏེ་སྔར་མངོན་སུམ་མཐོང་བའི་མི་ལྟ་བུ་དེ་ཉིད་ཕྱི་མ་འདིའི་སྐབས་སུ་དཔེ་ཡིན་ཏེ་སྔར་ཨ་རུ་ར་མཐོང་ཟིན་ནས་ཕྱིས་མཐོང་དུས་སྔར་ཨ་རུ་ར་ཉིད་དུ་ཤེས་


MR20_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་དེ་དཔེར་བྱས་ནས་ཕྱི་མ་འདི་ཡང་ཨ་རུ་ར་ཡིན་པར་ངོ་ཤེས་པར་བྱེད་པའི་ཕྱིར་ན་སྤྱི༷་ཙམ་འཛིན་པ་ནི་མིན་ཏེ། ཚད་མ་སྔ་མའི་སྟོབས་ཀྱིས་སླར་ཡང་ངོ་ཤེས་པ་ཡིན་ནོ་ཞེ་ན་ཚད་མ་སྔ་མས་ཤེས་ཟིན་མ་བརྗེད་པར་དཔེ་ཉིད་དུ་དྲན་ལམ་ན་ཡོད་པ་ཡིན་པའི་ཕྱིར་ཕྱི་མ་དེ་མཐོང་བ་ན་ངེས་པར་རང་ཤུགས་ཀྱིས་གྲུབ་པ་དེ་ལ་གསར་དུ་རྟོགས་བྱེད་ཀྱི་ཚད་མ་གཞན་གྱིས་ཅི་ཞིག་བྱ་སྟེ་སྔ་མས་ངེས་ཟིན་དེ་དང་ངོ་བོ་གཅིག་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་སྔར་མཐོང་བ་དེ་བར་སྐབས་སུ་བརྗེད་པའི་ཕྱིར་སྔར་གྱི་བྱེད་པ་མ་ཉམས་པའི་སྐྱོན་མེད་ཅེ་ན། གང་དྲན་ལམ་དུ་མེད་ཅིང་བརྗེད་པ་དེ་ཉིད་ཀྱི་ཕྱིར་ན་དེ་དེ་སྒྲུབ་ཀྱི་དཔེ་མ་ཡིན་ཏེ་བློ་ལ་མ་བྱུང་བ་ནི་གཞན་རྟོགས་པའི་ཡན་ལག་ཏུ་མི་འགྱུར་རོ། །གལ་ཏེ་བར་སྐབས་སུ་བརྗེད་ཀྱང་ཕྱིས་མཐོང་བ་ལ་སྔ་མ་དེ་ཡི་དངོས་པོ་ནི་ཚད་མས་གྲུབ་པའི་ཕྱིར་ཚད་མ་སྔ་ཕྱི་དུ་མས་རང་མཚན་གཅིག་པུ་ཡང་ཡང་ཤེས་པ་ཡིན་ནོ་ཞེ་ན། སྔར་གྱི་དེ་ཉིད་མ་ཡིན་པའི་དངོས་པོ་གཞན་ལ་སྔར་གྱི་དེ་ཉིད་དུ་སྒྲོ༷་འདོགས་པ་ནི་ཕྱིན་ཅི་ལོག་ཡིན་པས་བློ་དེས་གྲུབ་པ་ནི་ཚད་མ་ཅན་ཉིད་མ་ཡིན་ཏེ་འཁྲུལ་བའི་ཕྱིར་རོ། །གལ་ཏེ་སྔ་ཕྱིར་མཐོང་བའི་ཡུལ་གཅིག་ཡིན་གྱི་ཐ་དད་མེད་པས་ན་སྔར་གྱི་དེ་འདིའོ་ཞེས་ངོ་ཤེས་པའི་བློ་འཁྲུལ་པ་མ་ཡིན་ནོ་ཞེ་ན། མངོན་སུམ་དང་ནི་ཅིག་ཤོས་ཏེ་རྗེས་དཔག་གཉིས་ཀས་ཡང་ནས་ཡང་དུ་རང་མཚན་གཅིག་པུ་ཐ་དད་པ་དེ་ཙམ་ཤེས་པས་ན་དེ་གཉིས་ཡུལ་ཐ་དད་མེད་པའི་གཅིག་ཡིན་པའི་ཕྱིར་གང་རུང་གཅིག་གྲུབ་པ་སྟེ་ཡོད་ན་གཉིས་ཀ་གྲུབ་ཀྱི་ཚད་མ་གཞན་དང་གཞན་ལ་དགོས་པ་མེད་དེ་ཡུལ་རྟོགས་ཟིན་པའི་ཕྱིར་རོ། །རྟོགས་ཀྱང་དགོས་ན་ཚད་མ་ཐུག་པ་མེད་པར་འགྱུར་རོ། །


MR20_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མངོན་སུམ་ནི་སྔར་མཐོང་བ་དང་ཅིག་ཤོས་ཕྱིས་མཐོང་བར་སྦྱར་རོ། །དེས་ན་མངོན་སུམ་སྔ་མས་གྲུབ་ཟིན་པ་དེ་ལ་ཕྱི་མས་གསར་དུ་རྟོགས་རྒྱུ་མེད་དེ་ཨུཏྤལ་སྔོན་པོ་གྲུབ་ཟིན་ནས་ཡང་སྔོན་པོར་རྟོགས་སུ་མེད་པ་དང་། ལ་ལ་མེ་ཡོད་རྟོགས་ཟིན་ནས་ཡང་རྟོགས་གཉིས་པ་མེད་པ་བཞིན་ནོ། །དེས་ན་མངོན་སུམ་སྔ་ཕྱིའི་རྟོགས་ཡུལ་གཅིག་ཡིན་པར་ཁས་ལེན་པ་ལ་ཚད་མ་ཕྱི་མ་བཅད་ཤེས་འབའ་ཞིག་ལས་མི་སྲིད་ལ་བར་སྐབས་སུ་སྔ་མས་བཅད་ཟིན་གྱི་བྱེད་པ་ཉམས་ནས་བརྗེད་པ་ན་ཕྱི་མ་ཚད་མར་འགྱུར་རོ་ཞེ་ན་ཡང་། བརྗེད་པ་ན་སྔར་གྱི་དེ་ངོ་ཤེས་པའང་མི་སྲིད་ལ་མ་བརྗེད་ན་ཡུལ་གཅིག་པོ་དེ་ལ་ཚད་མ་ཕྱི་མ་དོན་མེད་དོ། །རང་ལུགས་ལ་མངོན་སུམ་གྱི་ཡུལ་ཐམས་ཅད་གཅིག་པ་མི་སྲིད་པས་མངོན་སུམ་མ་འཁྲུལ་པ་ཐམས་ཅད་རང་མཚན་དེ་ལ་ཚད་མ་ཡིན་ཞིང་། སྔར་གྱི་དེ་འདིའོ་སྙམ་པའམ། འདི་ནི་འདི་ལྟ་བུའོ་ཞེས་མཐོང་ཟིན་ངེས་པའི་བློ་ཐམས་ཅད་རྟོག་བཅས་འབའ་ཞིག་ཡིན་ནོ། །གཞན་གྱི་ཞེ་འདོད་དང་བསྲེ་བར་མི་བྱའོ། །དེས་ན་ཙན་དན་གྱི་མེ་མཐོང་བ་ལས་ཕྱིས་དུ་བའི་རྟགས་ལས་མེ་ཉིད་ད་ལྟ་ཡོད་པར་རྟོགས་ན་ནི་རྗེས་དཔག་ཡིན་ལ། དེ་ཡང་ཙན་དན་དང་འབྲེལ་བའི་དུ་བ་ཡིན་པའི་རྒྱུ་མཚན་ངེས་རུང་དུ་ཡོད་པའི་ཕྱིར་དེ་ལས་དེ་དཔག་པར་རིགས་པ་ཡིན་ནོ། །དེའི་ཚེ་མེའི་རང་མཚན་མཐོང་བ་མེད་པས་མངོན་སུམ་གྱི་དོན་ནི་གང་ཡང་མེད་དོ། །ཙན་དན་གྱི་མེ་དང་འབྲེལ་བའི་དུ་བ་ཡིན་པར་ངེས་རུང་གི། རྒྱུ་མཚན་མ་མཐོང་ན་མེ་ཙམ་དཔོག་གི་ཙན་དན་གྱི་མེར་མི་ངེས་སོ། །དེའི་སྐབས་སུ་སྔར་གྱི་མེ་དེ་ད་རུང་ཡང་གནས་སོ་སྙམ་ན་ནི་སྔ་ཕྱི་གཅིག་ཏུ་འཁྲུལ་པའི་བློ་ཙམ་ཡིན་ཞིང་། དུ་བ་སོགས་རྟགས་ལས་སྔར་གྱི་མེ་དེ་འདི་ན་


MR20_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདུག་གོ་སྙམ་པ་ནི་རྟགས་དེ་མེ་ཙམ་ལ་མ་འཁྲུལ་པ་ཡིན་པས་འབྲས་རྟགས་ཡིན་ཀྱང་སྔར་གྱི་དེ་འདིའོ་སྙམ་པ་ནི་འཁྲུལ་བ་ཡིན་ནོ། །སྔར་མངོན་སུམ་མཐོང་བ་སླར་ཡང་མཐོང་བ་ཞེས་པ་མི་སྲིད་དེ། རང་མཚན་སྐད་ཅིག་མ་ཡིན་ལ་ནམ་མཐོང་བའི་ཡུལ་དེ་ལ་མངོན་སུམ་གྱིས་རང་མཚན་གཞལ་བ་ཡིན་མོད་སྔ་ཕྱི་གཅིག་ཏུ་འཛིན་པ་ནི་རྟོག་བློ་འཁྲུལ་པ་ཡིན་ནོ། །དེ་ལྟར་དཔྱད་པས་ཚད་མ་གཉིས་པོའི་ཡུལ་མ་འདྲེས་པར་གནས་ཏེ། མངོན་སུམ་གྱི་ཡུལ་ནི་རྟག་ཏུ་རང་མཚན་ཁོ་ན་དང་། རྗེས་སུ་དཔག་པའི་ཡུལ་ནི་སྤྱི་མཚན་ཁོ་ན་དང་། རྗེས་དཔག་ཚད་མ་མིན་ཡང་མངོན་སུམ་མིན་པའི་བློ་གཞན་གྱི་ཡུལ་ཐམས་ཅད་སྤྱི་མཚན་འབའ་ཞིག་ལ་འཇུག་པས་ན་རྟོག་རྟོག་མེད་ཀྱི་ཤན་ཕྱེད་པར་གྱུར་པ་ན་ཚད་མའི་ཡུལ་ཕུང་གསུམ་པ་དང་། ཡུལ་གཅིག་ལ་ཚད་མ་དུ་མས་ཡང་ཡང་ཤེས་པ་མེད་པར་རྟོགས་ནུས་སོ། །གཉིས་པ། དོན་གཞན་སྔ་མ་དང་ཕྱི་མ་བློས་གཅིག་ཏུ་མཚམས་ནི་སྦྱོར་བ་ཡི་སྒོ་ནས་སྔར་གྱི་དེའོ་སྙམ་དུ་ཞེན་པ་དེ་རིགས་པ་ཤེས་པའི་མཁས་པས་སྔར་མཐོང་བ་དེ་དྲན་པ་ཙམ་ཡིན་པར་ཤེས་ཏེ། སྔར་མཐོང་བ་ཉིད་ལས་སྔར་གྱི་རྒྱུན་ནམ། དེ་དང་འདྲ་བ་གཞན་མཐོང་བ་ན་སྔར་མྱོང་བ་དེ་དྲན་པ་ཙམ་མོ། །དེ་ལྟ་ནའང་འདྲ་བ་ལ་གཅིག་ཏུ་འཁྲུལ་ནས་སྔར་གྱི་དེ་འདིའོ་ཞེས་གཅིག་ཏུ་སྒྲོ་འདོགས་པ་ཙམ་ཡིན་ནོ། །གསུམ་པ། གལ་ཏེ་ཕྱིས་ཀྱི་བློ་དེ་ཡང་རེས་འགའ་རྟགས་ལ་ལྟོས་པའི་ཕྱིར་དྲན་པ་ཙམ་མིན་ཏེ། དྲན་པ་ན་སྔར་མྱོང་བ་རྟགས་མེད་ཀྱང་དྲན་པ་ཡིན་ལ་ཁང་ནང་གི་ཙན་དན་གྱི་མེ་དུ་བས་དཔོག་པ་ལྟ་བུ་སོགས་རྟགས་མཐོང་བ་ལས་དེའི་བློ་སྐྱེ་བ་དང་། སྔར་མཐོང་བ་ཕྱིས་ངོ་ཤེས་པའི་རྟགས་


MR20_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་བ་ཡིན་པས་ཚད་མ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ་སྔར་གྱི་དེ་ད་ལྟ་ཡོད་པ་ལ་རྟགས་དེ་འདྲ་འཁྲུལ་ཏེ། ན་ནིང་གི་མེ་ད་ལོའི་དུ་བས་དཔོག་པའམ་ན་ནིང་དུ་བ་མཐོང་བས་ད་ལོའི་མེ་དཔོག་པ་ལྟ་བུ་ཡིན་པའི་ཕྱིར་རོ། །རྟགས་སམ་རྣམ་པ་མཚུངས་པ་མཐོང་བ་ལས་སྔར་གྱི་མྱོང་བ་སད་པར་བྱེད་པས་དེ་དྲན་རྐྱེན་དུ་སོང་ཡང་དྲན་པ་མིན་པར་མི་འགྱུར་རོ། །གཉིས་པ་མངོན་སུམ་རང་གི་ངོ་བོ་ལ། མངོན་སུམ་ཚད་མ་རང་ཉིད་བཤད། །བཟློག་པ་མངོན་སུམ་ལྟར་སྣང་བཤད། །དང་པོ་ལ། མངོན་སུམ་གྱི་ནི་མཚན་ཉིད་བཤད། །མཚན་གཞི་བཞི་པོའི་ཁྱད་པར་བཤད། །དང་པོ་ལ། རྟོག་བྲལ་ཡོངས་གཅོད་དུ་ནི་བསྒྲུབ། །རྟོག་བཅས་རྣམ་བཅད་ལ་ནི་དགག །དང་པོ་ལ། རྟོག་བྲལ་སྒྲུབ་བྱེད་རང་ལུགས་བཞག །འགྲེལ་བྱེད་གཞན་གྱི་འདོད་པ་དགག །དང་པོ་ལ། མངོན་སུམ་རྗེས་དཔག་གིས་སྒྲུབ་ཚུལ། །དང་པོ། ཚད་མ་མདོ་ལས། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་དང་། ཡིད་ཀྱང་དོན་དང་ཆགས་ལ་སོགས། །རང་རིག་རྟོག་པ་མེད་པ་ཡིན། །ཞེས་སོགས་གསུངས་པའི་དོན་བཞིན་དུ་མངོན་སུམ་ཚད་མའི་ངོ་བོ་ལ་ལོག་པར་རྟོག་པ་དགག་པའི་དོན་དུ་ཐོག་མར་མངོན་སུམ་ཐམས་ཅད་རྟོག་བྲལ་དུ་བསྒྲུབ་པ་ལ། སྤྱིར་རྟོག་པ་ལ་གསུམ་སྟེ་ངོ་བོ་ཉིད་ཀྱི་རྟོག་པ་ནི་ཤེས་པ་ཀུན་ལ་ཡོད་དེ་ཡུལ་རྟོག་ཅིང་ཤེས་པ་ཙམ་མོ། །རྟོག་དཔྱོད་ཀྱི་རྟོག་པ་ནི་རྩིང་བའི་རྣམ་པ་ཅན་ཏེ་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཡན་ཆད་ཀྱི་བློ་ལ་མེད་དོ། །འདིར་བྲལ་བྱ་ནི་གསུམ་པ་སྒྲ་དོན་འདྲེས་རུང་གི་རྣམ་པར་རྟོག་པ་དེ་ཡིན་ནོ། །དེ་ཡང་འདི་ལྟར་གྲུབ་མཐའ་ངན་པའི་


MR20_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག་ཏུ་མ་ཚུད་པའི་མཁས་པས་རང་བློ་རྣལ་དུ་བཞག་སྟེ་བརྟགས་ན། མངོན་སུམ་གྱི་བློ་རྟོག་པ་དང་བྲལ་བ་ནི་རྟགས་ལ་མི་ལྟོས་པར་རང་རིག་པའི་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ། ཇི་ལྟར་ན་སྐྱེ་བོ་ཀུན་གྱི་རྣམ་པར་རྟོག་པའམ་རྟོག་བཅས་ཀྱི་བློ་ནི་མིང་གི་རྟེན་ཅན་ཏེ་མིང་དང་འདྲེས་སུ་རུང་བ་ཡིན་ལ། བརྡ་ལ་བྱང་ནས་མིང་དོན་འདྲེས་པར་འཛིན་པ་ན་བརྡ་ཡི་སྟོབས་ཙམ་ལས་རྟོག་བློ་དེ་སྐྱེ་བ་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ་མྱོང་བས་གྲུབ་པ་ཡིན་ནོ། །ཡུལ་གྱི་རྣམ་པ་ཐམས་ཅད་ལས་ནི་སེམས་བསྡུས་ནས་རྟོག་བཅས་ཀྱི་བློ་གང་ཡང་མི་འཕྲོ་བར་ནང་གི་ཤེས་པའི་བདག་ཉིད་གཡོ་བ་མེད་པར་གནས་པའི་ཚེ་རྟོག་བཅས་ཀྱི་རྒྱུ་བ་འགགས་ནའང་མིག་གིས་གཟུགས་དག་ནི་མཐོང་བ་མི་འགག་པར་གསལ་བའི་བློ་དེ་དབང་པོ་ལས་སྐྱེས་པའི་བློ་ཡིན་ནོ། །དེས་ན་དབང་བློ་ངོ་བོ་ཉིད་ཀྱི་རྟོག་པ་དང་བཅས་པ་ཡིན་ན་སྒྲ་བློ་མི་སྐྱེ་བ་དེའི་ཚེ་དབང་བློ་ཡང་ལྡོག་པར་རིགས་ནའང་རྟོག་པ་མེད་ཀྱང་དབང་བློ་མི་འགག་པར་རང་གིས་མྱོང་བས་གྲུབ་པ་ཡིན་ནོ། །དེར་མ་ཟད་འཆད་པའི་ངག་ལྟ་བུ་ལ་རྟོག་པ་སྐྱེ་བཞིན་དུ་མཐོང་བ་མི་འགག་པར་གནས་པ་ལྟ་བུས་ཀྱང་ཤེས་པར་བྱའོ། །གལ་ཏེ་ཡིད་ཀྱི་རྟོག་པ་ནུབ་པ་དེའི་ཚེ་དབང་བློ་ལ་རྟོག་པ་ཡོད་ཀྱང་མི་ཚོར་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། ཡིད་ནང་དུ་བསྡུས་པ་དེ་ལས་སླར་ཡང་ཅུང་ཟད་རྣམ་པར་རྟོག་པ་ན་ཡང་ཁོ་བོའི་རྣམ་པར་རྟོག་པ་ནི་འདི་དང་འདི་དྲར་གྱུར་ཏོ་ཅེས་རང་གིས་རིག་པ་ཡིན་ཏེ། རང་བློ་སྔ་མ་གང་སྐྱེས་པའི་བྱེད་པ་མ་ཉམས་པའི་རྗེས་སུ་བསམ་དཔྱོད་བཏང་ན་རང་བློ་རང་གིས་མི་མཐོང་བའམ་མི་ཚོར་བ་མི་སྲིད་ཀྱང་། སྔར་བཤད་པ་ཡིད་རྟོག་ནུབ་པའི་གནས་སྐབས་ཀྱི་དབང་པོའི་ཡུལ་རྟོགས་པའམ་ཤེས་པ་ལ་ནི་མཐོང་བ་མ་


MR20_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ་དེ་ཙམ་ལས་སྤྱིའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་འདི་ལྟ་བུ་སྐྱེས་ཞེས་ཉམས་སུ་ཚོར་བ་ཅུང་ཟད་ཀྱང་མེད་དོ། །དེ་མེད་པས་རང་རིག་པའི་ཉམས་མྱོང་གིས་དབང་ཤེས་རྟོག་བྲལ་དུ་གྲུབ་པ་ཡིན་ཏེ། རང་གི་ཤེས་པ་ལ་རྟོག་པ་ཡོད་མེད་དེ་ལྟ་བུ་རང་གིས་མྱོང་བས་ཡོངས་སུ་བཅད་པ་དེས་མ་གྲུབ་ན་རང་ལ་སེམས་ཡོད་མེད་དང་བདེ་སྡུག་ཡོད་མེད་ཀྱང་རང་གིས་མི་ཤེས་པས་ཐེ་ཚོམ་ཟ་བར་འགྱུར་རོ། །གཉིས་པ་ལ། དབང་ཤེས་རྟོག་བྲལ་ཉིད་དུ་བསྒྲུབ། །མཐོང་རྟོག་གཅིག་ཏུ་འདོད་པ་དགག །དང་པོ། ཡུལ་དུས་གཅིག་ཏུ་མཐོང་བའི་ཁྱད་པར་ཏེ་རང་མཚན་ནི་གཞན་འགའ་ཞིག་ཏུ་མཐོང་བར་མི་འགྱུར་ཏེ་རང་མཚན་ནི་ཡུལ་དུས་རྣམ་པ་མ་འདྲེས་པ་ཡིན་པའི་ཕྱིར་རོ། །རང་མཚན་དེ་ལས་ཐུན་མོང་རྗེས་སུ་འགྲོ་བའི་སྤྱི༷་གཞན་ཐ་དད་པ་དོན་ལ་ཡོད་པ་མིན་ཏེ། རང་མཚན་ལས་ཐ་དད་པ་མཐོང་བའི་བློ་མེད་པའམ་སྣང་རུང་མ་དམིགས་པས་ཁེགས་པ་དང་རྗེས་དཔག་གིས་གནོད་པའི་ཕྱིར་རོ། །རང་མཚན་མ་འདྲེས་ཤིང་སྤྱི་མེད་པ་དེ་ཕྱིར་དབང་པོ་ལས་སྐྱེས་པའི་བློ་མ་འཁྲུལ་པ་ཐམས་ཅད་ཁྱད་པར་རང་མཚན་གྱི་ཡུལ་ཅན་ཡིན་ཏེ་གཟུང་དོན་ཡོད་པ་དེ་ལས་སྐྱེས་པའི་ཕྱིར་རོ། །དེ་འདྲའི་ཁྱད་པར་རང་མཚན་རྣམས་ལ་བརྡར་གྱུར་པའི་སྒྲ་དག་ནི་འཇུག་པ་སྲིད་པ་ཡོད་པ་མིན་ཏེ། ཁྱད་པར་རྣམས་གཞན་ལ་རྗེས་སུ་འགྲོ་བ་མེད་པས་ན་སྐད་ཅིག་མ་སྣང་ཙམ་དེར་ཟད་ཀྱི་དེ་ཉིད་ཤེས་བྱེད་ཀྱི་བརྡ་འཇུག་པ་ནི་མེད་པའི་ཕྱིར་རོ། །སྒྲ་རྣམས་ཀྱི་ཡུལ་དུ་གྱུར་པ་ཡང་གང་རྟོག་ཡུལ་ན་སྣང་བ་དེ་ཉིད་ཡིན་ལ། དེ་ལ་སྒྲ་དེ་རྣམས་ཉིད་ནི་སྦྱོར་བར་བྱེད་དེ་སྐྱེས་བུ་བརྡ་བྱེད་པ་པོའི་རང་དབང་གིས་རྟོག་ཡུལ་ན་སྣང་བ་ཡུལ་དུས་རྣམ་པའི་ཆ་ཐ་དད་དུ་དངོས་པོའི་དབང་གིས་བཅད་པའི་རང་དབང་མེད་པ་མ་ཡིན་པ་དེ་ལ་དོན་དེའི་མིང་འདི་ཡིན་ནོ་ཞེས་ནི་རྟོག་


MR20_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པས་མིང་དང་དོན་དུ་འབྲེལ་བ་བྱེད་པ་ལ་མིང་གདགས་པའི་གཞིར་རུང་བའི་དོན་གྱི་རྣམ་པར་སྣང་བ་ནི་གང་ཡིན་པ་དེ་དག་ཉིད་ནི་བརྡ་དེ་དང་འབྲེལ་བའམ་འདྲེས་སུ་རུང་བ་ཡིན་ན། དེ་འདྲའི་རྟོག་སྣང་དེ་ནི་དབང་པོའི་སྤྱོད་ཡུལ་མིན་ཏེ་རྟོག་པའི་སྣང་བ་ཡོད་པ་དེ་ཡི་ཚེ་ན་དབང་ཤེས་ལྟར་གསལ་བར་སྣང་བ་ཡི་དོན་སྣང་བ་ནི་མེད་པའི་ཕྱིར་རོ། །དེ་ཡང་ཕྱི་རོལ་དོན་ལ་མི་ལྟོས་པར་ནང་གི་རྟོག་སྣང་དེ་ཡོད་ཀྱང་དེ་དབང་པོའི་ཡུལ་དུ་སྣང་བ་མེད་པ་དེས་ན་དེ་དབང་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་དོན་རང་མཚན་དབང་པོའི་བློ་ལ་གསལ་བར་སྣང་བའི་ཚེ་ན་དེ་ཇི་ལྟར་སྣང་སྟེ་བརྡ་ཡུལ་ཡིན་པ་དང་མ་ཡིན་པ་གསལ་བ་དང་མི་གསལ་བ་ཐུན་མོང་དང་ཐུན་མོང་མིན་པ་སོགས་ཀྱི་ཁྱད་པར་ཡོད་པས་མིག་གི་ཡུལ་དུ་སྒྲ་མི་འགྱུར་བ་བཞིན་དུ་དབང་བློའི་ཡུལ་དུ་དེ་ཅུང་ཟད་ཀྱང་འདྲེ་མི་སྲིད་ལ། དེ་ཉིད་ཡུལ་དུ་མེད་པས་ན་ཡུལ་ཅན་དབང་བློ་ལ་རྟོག་པ་ཇི་ལྟར་ཡོད་དེ་བུམ་པ་སྣང་བའི་མིག་ཤེས་ལ་ཀ་བར་འཛིན་པ་མི་འདྲེ་བ་བཞིན་ནོ། །འདི་ལྟར་ཤེས་པ་ལ་སྣང་བ་ཐ་དད་པ་ཉིད་དུ་གྱུར་པ་དེ་ཡིས་ནི་དོན་རྣམས་གཅིག་མ་ཡིན་པར་ཁྱད་པར་བྱེད་པ་ཡིན་པས་ན་རྟོག་པའི་སྣང་ཡུལ་དང་རྟོག་མེད་སྣང་ཡུལ་དེ་དག་གོང་དུ་བཤད་པ་ལྟར་མཚན་ཉིད་ཐ་དད་པར་སྣང་བ་དེས་ན་གཅིག་མ་ཡིན་ནོ། །ཐ་དད་པར་སྣང་ཡང་ཐ་དད་དུ་མི་འགྲུབ་ན་ཐམས་ཅད་གཅིག་ཏུ་འགྱུར་རོ། །གལ་ཏེ་འདས་མ་འོངས་སོགས་དང་ལྐོག་ཏུ་གྱུར་པའི་ཡུལ་ལ་བརྡ་སྦྱར་ན་རང་མཚན་ལ་དངོས་སུ་སྦྱོར་བ་མིན་ཡང་། ད་ལྟ་བའི་རང་མཚན་མཐོང་བཞིན་པ་ལ་བརྡ་སྦྱར་ན་རང་མཚན་ལ་དངོས་སུ་ཅི་སྟེ་མི་སྦྱོར་སྙམ་ན། མིག་ལ་དོན་རང་མཚན་སྣང་བ་ཡོད་བཞིན་པ་ན་ཡང་འདི་བུམ་པའོ་ཞེས་སོགས་གཞན་གྱིས་དེའི་མིང་བསྟན་པ་གང་ཡིན་པ་


MR20_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྟོག་ཡུལ་སྒྲ་དང་འདྲེས་རུང་དེ་ཉིད་ལ་སྒྲ་ཡིས་དངོས་སུ་སྦྱོར་བར་བྱེད་ཀྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་རང་མཚན་དེ་ལ་ནི་མ་ཡིན་ཏེ་དེར་རྣམ་པ་ཀུན་དུ་བརྡ་འདོགས་མི་ནུས་པ་ཡིན་ནོ། །གལ་ཏེ་ནུས་ན་བརྡ་ཡུལ་དེ་རང་མཚན་ཡིན་པའི་ཕྱིར་ཇི་ལྟར་རང་མཚན་དེ་གཞན་གྱི་ངག་གིས་བསྟན་དུ་ཡོད་པའི་སྐབས་དེ་བཞིན་རང་མཚན་མེད་ཀྱང་གཞན་གྱི་ངག་གིས་དེ་སྟོན་ནུས་དགོས་ནའང་། མིག་སོགས་དབང་པོའི་བྱ་བ་ཡུལ་ལ་འཇུག་བཞིན་པ་མེད་པ་ལ་གཞན་གྱི་མིང་བརྗོད་པའི་ངག་ཙམ་གྱིས་རང་མཚན་དེ་གསལ་བར་སྣང་བ་མེད་པའི་ཕྱིར་མིང་གིས་དེ་དངོས་སུ་བརྗོད་མི་ནུས་པར་ཤེས་པ་ཡིན་ནོ། །གལ་ཏེ་དབང་ཡུལ་ལ་བརྡ་མ་སྦྱར་ཀྱང་རང་མཚན་འཛིན་པ་ན་སྒྲ་དོན་འདྲེས་པར་འཛིན་པ་ཡོད་དེ། དོན་དེ་ངོ་བོ་ཉིད་ཀྱིས་རང་གི་མིང་དང་འདྲེས་ནས་སྐྱེས་པས་སོ་ཞེ་ན། མིང་དོན་གྱི་འབྲེལ་བ་འདི་ནི་དོན་ལ་ངོ་བོས་མ་གྲུབ་བཞིན་སྐྱེས་བུའི་བློས་བྱས་པའི་གློ་བུར་བ་ཡིན་གྱི་སྐྱེས་བུས་མ་བྱས་པར་དོན་ལ་ངོ་བོས་ཡོད་པ་ཅན་མིན་ཏེ། གལ་ཏེ་ཡིན་ན་གཞན་གྱིས་བསྟན་པ་དང་བརྡ་གདགས་ཤིང་གོམས་པ་མེད་པར་ཡང་དོན་མཐོང་བ་ཙམ་ནས་རང་ཉིད་ཀྱིས་འདིའི་མིང་འདིའོ་ཞེས་ཤེས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ། མཐོང་རྟོག་གཅིག་མ་ཡིན་པར་བསྟན། དེ་ལ་རྩོད་པ་སྤང་བའོ། །དང་པོ། ཁ་ཅིག་ན་རེ། དབང་ཤེས་ཀྱིས་མཐོང་བ་རྟོག་བཅས་ཡིན་ཏེ་ནམ་བུམ་པ་མཐོང་བ་ན་འདི་བུམ་པའོ་ཞེས་འཛིན་པ་དང་། བརྡ་ལ་མ་བྱང་བས་ཀྱང་འདིའོ་སྙམ་དུ་འཛིན་གྱི་དེ་གཉིས་ཐ་དད་དུ་མ་དམིགས་པས་འགྲུབ་ཅིང་། གལ་ཏེ་ཐ་དད་ལ་དུས་མཉམ་པ་ཡིན་ན་ཡུལ་གཅིག་ལ་གསལ་མི་གསལ་གཉིས་སུ་དམིགས་པར་ཐལ་བ་དང་། དུས་མི་མཉམ་ན་གཅིག་གི་བར་གཅིག་གིས་ཆོད་པས་རྒྱུན་མ་ཆད་པར་


MR20_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མི་སྲིད་དོ་ཟེར་ན། སྐྱོན་དེ་མེད་དེ། རང་ལུགས་ལ་རྟོག་བཅས་དང་རྟོག་པ་མེད་པའི་ཡིད་ཡུལ་གཅིག་ལ་ཅིག་ཅར་དུ་ནི་འཇུག་པའི་ཕྱིར་གཅིག་ཏུ་འཁྲུལ་ནས་ཐ་དད་དུ་མི་ཤེས་པའི་ཕྱིར་རམ། ཡང་ན་འཇུག་པ་མྱུར་བའི་ཕྱིར་བར་མ་ཆོད་པར་སྣང་བ་འབྱུང་བར་ཁས་ལེན་པ་གཞན་གྱི་ལུགས་ལྟར་ན་དེ་གཉིས་རིམ་གྱིས་བྱུང་ཡང་དུས་གཅིག་ཏུ་བྱུང་བ་ལྟར་འཁྲུལ་བར་འདོད་པའི་ཕྱིར་རོ། །གང་ལྟར་ཀྱང་བླུན་པོ་དག་མཐོང་རྟོག་དེ་དག་ལ་ནི་ཤན་མ་ཕྱེད་པར་གཅིག་ཏུ་ཞེན་པ་ཙམ་ཡིན་གྱི་གཅིག་ནི་མ་ཡིན་ནོ། །གཉིས་པ་ལ། མགོ་སྙོམས་ཚུལ་གྱིས་རྩོད་པ་སྤང་། །དེ་ཡི་ཉེས་སྤོང་དགག་པའོ། །དང་པོ། གལ་ཏེ་མཐོང་རྟོག་ཐ་དད་ན་རྣམ་རྟོག་གིས་བར་བཅད་པས་དབང་པོའི་བྱེད་པ་མ་ཉམས་ཀྱང་མཐོང་བ་རྒྱུན་ཆད་པར་འགྱུར་ཏེ་གསལ་བ་དང་མི་གསལ་བའི་བློ་རིགས་ཐ་དད་པས་ཕན་ཚུན་གེགས་བྱེད་པ་སྲིད་པའི་ཕྱིར་རོ། །དེ་ལྟ་ནའང་མཐོང་བ་རྒྱུན་མི་འཆད་པའི་མངོན་སུམ་གྱིས་གནོད་པར་འགྱུར་རོ་ཞེ་ན། ཅིག་ཅར་དུ་འཇུག་པར་ཁས་ལེན་པ་ལ་ཡུལ་ཐ་དད་པའི་ཤེས་པ་རིགས་མི་མཐུན་པ་སྐྱེ་བ་དངོས་པོའི་ཆོས་ཉིད་ཡིན་པས་རིགས་པ་དེས་གནོད་མི་ནུས་མོད། དང་པོར་མགོ་བསྒྲེ་བའི་ལན་ནི། གཞན་མཐོང་རྟོག་གཅིག་ཏུ་འདོད་པ་ཅན་གྱི་ལུགས་ལྟར་ནའང་བུམ་པ་མཐོང་བའི་ཚེ་བ་ལང་ལ་སོགས་པ་རིགས་ནི་གཞན་ཐ་དད་པའི་རྣམ་པར་རྟོག་ཚེ་མཐོང་བ་རྒྱུན་ཆད་པ་ཇི་ལྟར་མིན་ཏེ། ཁྱབ་པ་ནི་ཁྱོད་རང་གིས་ཁས་བླངས་པས་གྲུབ་ལ། རྟགས་ནི་མངོན་སུམ་གྱིས་གྲུབ་སྟེ་བུམ་པ་མཐོང་བཞིན་བ་ལང་སོགས་ཀྱི་རྟོག་པ་སྐྱེ་པར་མཐོང་བས་སོ། །གཉིས་པ་ལན་དགག་པ་ལ། གཞན་འདོད་ཁོ་ན་དེས་མི་འགྲུབ། །ལན་དེའི་དཔེ་དོན་མི་འཐད་པའོ། །


MR20_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། གལ་ཏེ་མགལ་མེ་བསྐོར་བ་ན་ཡུལ་སྔ་ཕྱིར་རིམ་བཞིན་འཇུག་པ་ཡིན་ཀྱང་འཇུག་པ་མྱུར་བས་སྔ་ཕྱིའི་ཆ་བསྡོམས་ནས་ཟླུམ་སྐོར་བར་མ་ཆད་པའི་འཁོར་ལོ་ཉིད་དུ་ཅིག་ཅར་མཐོང་བ་བཞིན་རིགས་མི་མཐུན་པའི་རྟོག་པ་ཡུལ་མི་གསལ་བ་ཅན་གྱིས་བར་ཆོད་ཀྱང་དབང་པོའི་ཡུལ་གསལ་བར་སྣང་བ་དངོས་པོའི་ཕྱོགས་སྟོབས་དང་ལྡན་པས་བར་མ་ཆད་པ་ལྟར་མཐོང་བར་འདོད་དོ་ཞེ་ན། ལན་དེ་ལྟ་བུ་བརྗོད་པ་ནི་མི་མཛེས་ཏེ་དབང་ཤེས་རྟོག་བྲལ་དུ་འདོད་པ་གཞན་གྱི་ལུགས་ལའང་བར་མ་ཆད་པར་སྣང་བའི་རྒྱུ་མཚན་དུ་བཀོད་ན་མཚུངས་པ་ཡིན་པའི་ཕྱིར་ཅིར་ཡང་མི་རུང་ངོ་། །གཉིས་པ་ལ། དོན་དགག་པ་དང་དཔེ་དགག་པའོ། །དང་པོ་ལ། དངོས་དང་དེ་ལ་མི་འཐད་སྤང་། །དང་པོ། བར་ཆོད་ཀྱང་འཇུག་པ་མྱུར་བས་བར་མ་ཆོད་པ་ལྟར་སྣང་ངོ་ཞེས་པ་འདི་མི་འཐད་དེ། འཇུག་པ་མྱུར་བ་ཙམ་གྱིས་བར་མ་ཆོད་པ་ལྟར་སྣང་ན་ས་ར་དང་ར་ས་ལྟ་བུའི་ཡི་གེའང་སྔ་ཕྱི་མེད་པར་ཅིག་ཅར་ཐོས་པར་འགྱུར་ཏེ་བར་མ་ཆོད་པར་མྱུར་དུ་འཛིན་པ་ཡིན་པའི་ཕྱིར་རོ། །འདོད་ན་མཚོ་དང་རོ་ཞེས་སོ་སོའི་གོ་བྱེད་དུ་མི་རུང་ཞིང་མངོན་སུམ་གྱིས་བསལ་བས་འདོད་མི་ནུས་ལ། དེ་བར་མ་ཆོད་ཀྱང་རིམ་ཅན་དུ་སྣང་ངོ་སྙམ་ན་མགལ་མེ་རིམ་ཅན་དུ་མི་སྣང་ལ་འདི་སྣང་བ་ཅི་ཞིག་གིས་ཡིན་ཏེ་རྒྱུ་མཚན་མགྱོགས་པ་ཙམ་ལས་གཞན་མེད་པར་ཁྱོད་འདོད་པས་སོ། །བློ་གཉིས་ཅིག་ཅར་མི་འཇུག་པར་འདོད་པའི་ལུགས་འདིར་དོན་གཟུགས་ནས་ཆོས་ཀྱི་བར་དྲུག་པོ་ཀུན་དང་ཅིག་ཅར་དུ་འདུས་པ་ཅན་དབང་པོ་དྲུག་པོ་རྣམས་ཡོང་པ་ན་བློ་དྲུག་པོ་འབྱུང་ལ། དེ་དྲུག་གི་སྣང་ཡུལ་དེ་བར་མ་ཆད་པར་སྣང་བ་ལ་ཁྱད་མེད་ན་ཡང་ཁྱོད་ལྟར་ན་གང་རུང་རེ་ལ་གཞན་ལྔ་པོ་རྣམས་ཀྱིས་ཆོད་ན་ཡང་འཇུག་པ་མྱུར་བའི་དབང་གིས་རེ་རེ་


MR20_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡང་ཆོད་པ་མེད་པར་རང་གི་རྒྱུན་བར་མ་ཆད་པ་བཞིན་དུ་སྣང་བའི་བློ་གང་ཡིན་པ་དེ་ལྟ་བུ་སྐྱེ་བར་ཁས་ལེན་བཞིན་དུ། མིང་གི་མཐར་ཐུག་པའི་ཡི་གེ་འཛིན་པའི་ཤེས་པ་སྐད་ཅིག་མ་དང་བར་གཞན་གྱིས་ཅུང་ཟད་ཀྱང་མ་ཆོད་པར་འདྲེས་པའི་ཕྱིར་ན་ཡང་ཅིག་ཅར་སྣང་བ་དེ་མི་འབྱུང་བར་ཆོད་པར་སྣང་བ་དེ་ནི་ངོ་མཚར་ཆེ་སྟེ། དངོས་ཕྱོགས་སྟོབས་ལྡན་ལྔས་བར་ཆོད་ཀྱང་འཇུག་པ་མྱུར་བས་མ་ཆོད་པ་ལྟར་ཡུལ་ཐམས་ཅད་གཅིག་ཆར་རྒྱུན་མ་ཆད་པར་སྣང་ལ། གཅིག་གིས་བར་མ་ཆོད་པར་འཇུག་པ་མྱུར་ཀྱང་དེ་འདྲའི་འཁྲུལ་བ་མི་སྐྱེ་བ་ནི་ཤིན་ཏུ་རིགས་པའི་ཚིག་ཅིག་སྟེ་ཡ་མཚན་ཆེའོ་ཞེས་མ་རངས་པའོ། །དེ་ལ་དབང་དྲུག་ཡུལ་དྲུག་ཐམས་ཅད་དུས་གཅིག་པ་མིན་ཏེ་ཡིད་དབང་གཅིག་བུ་ནི་འདས་པ་ཡིན་མོད་ཀྱི་དོན་ལྔ་དང་དབང་ལྔ་དུས་གཅིག་ཚོགས་པ་ན་དེའི་ཕྱི་ལོགས་སུ་ཤེས་པ་ལྔ་སྐྱེ་བའི་སྐད་ཅིག་དེ་དང་མཉམ་པར་སྔར་འགགས་མ་ཐག་པའི་ཡིད་ལས་སྐྱེས་པའི་ཡིད་ཤེས་ཀྱང་ལྔ་པོ་དེ་དང་མཉམ་དུ་ཡོད་ལ་ཇི་སྲིད་དུ་དེ་ལྟར་སྐྱེ་བ་ན་རྒྱུན་འབྱུང་བའི་ཕྱིར་དོན་ལ་ཅིག་ཅར་སྐྱེ་བ་ཡོད་པའི་ཆ་ནས་གནོད་པ་སྟོན་པའོ། །དེའང་སྐྱེད་མོས་ཚལ་གྱི་བཀོད་པ་མཐོང་བཞིན་མེ་ཏོག་སོགས་ཀྱི་དྲི་ཡང་ཚོར་ལ། བུང་བའི་གླུ་ཡང་ཐོས་ཤིང་། རླུང་བསིལ་བའི་རེག་བྱ་ཡང་མྱོང་ལ། འབྲས་བུའི་རོ་མངར་བ་མྱོང་བཞིན་ཡིད་ཀྱི་དཔྱོད་པ་ཡང་རྒྱུ་བ་རྒྱུན་མ་ཆད་པ་ལྟ་བུའོ། །གལ་ཏེ་ཆེད་དུ་ཡུལ་གཅིག་ལ་ཡིད་ལྷག་པར་གཏད་པས་ཡུལ་གཞན་འཛིན་པའི་དེ་མ་ཐག་ནུས་པ་ཉམས་པར་བྱས་ན་ནི་ཐམས་ཅད་རྒྱུན་མ་ཆད་པར་མི་སྣང་ངོ་། །དོན་ལ་དེ་ལྟར་ཡིན་ཀྱང་ཐམས་ཅད་ཅིག་ཅར་སྣང་བ་རྟོགས་དཀའོ་སྙམ་ན། རེ་ཞིག་གཟུགས་མཐོང་བཞིན་སྒྲ་ཐོས་པ་རྒྱུན་མི་


MR20_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་སོགས་ལ་བསམས་ཀྱང་བློ་དུ་མ་ཅིག་ཅར་འབྱུང་བ་རྟོགས་ནུས་སོ། །དུ་མ་ཅིག་ཅར་མི་སྐྱེ་བ་ལ་གནོད་པ་ཡོད་པ་དེ་ཕྱིར་རིགས་མི་མཐུན་པའི་བློ་དུ་མ་ནི་རྐྱེན་ཚང་ན་ཅིག་ཅར་སྐྱེ་བར་འགྱུར་ཏེ། མིག་ཤེས་གཅིག་པུ་ལའང་སྔོ་སེར་སོགས་དུ་མ་ཅིག་ཅར་དམིགས་པ་ཡོད་པ་ཡིན་ནོ། །ཅིག་ཅར་སྣང་བ་སྣ་ཚོགས་འཛིན་པའི་བློ་དེ་རྒྱུད་གཅིག་གིས་བསྡུས་པ་ཡིན་པས་རིགས་མཐུན་པ་གཉིས་ལྷན་དུ་སྐྱེ་བར་མི་འགྱུར་ཏེ། བློ་སྣ་ཚོགས་ཅིག་ཅར་འབྱུང་བ་ནི་དོན་ཉེ་བའི་དབང་གིས་ཏེ་མེ་ལོང་གཅིག་ལ་རྣམ་པ་སྣ་ཚོགས་པའི་གཟུགས་བརྙན་དུས་གཅིག་ཏུ་ཤར་བ་བཞིན་ནོ། །མེ་ལོང་གཅིག་ལས་མེད་པ་ལ་གཟུགས་གཅིག་གི་གཟུགས་བརྙན་གཅིག་ལས་གཉིས་སུ་མི་འཆར་བ་བཞིན་རྒྱུད་གཅིག་གི་བློ་ལ་བློ་རིགས་མཐུན་པ་གཉིས་དུས་གཅིག་མི་སྲིད་དོ། །གལ་ཏེ་ཤེལ་ལ་ལར་མར་མེ་གཅིག་ལའང་གཟུགས་བརྙན་གཉིས་སོགས་འཆར་བ་བཞིན་དུ་རིགས་མཐུན་པ་གཉིས་ཤར་ཀྱང་ཅི་འགལ་སྙམ་ན། དོན་གཉིས་སུ་མེད་པ་ལ་གཉིས་སུ་ཤར་བ་ག་ལ་སྲིད། གལ་ཏེ་ཟླ་གཉིས་བཞིན་དུ་འཁྲུལ་ནས་ཤར་ན་ཡང་རིགས་མཐུན་པ་མ་ཡིན་ཏེ། ཤེས་པ་དེའི་ངོ་བོ་ཕ་རོལ་ཚུ་རོལ་གྱི་ཟླ་བ་གཉིས་སུ་ངེས་པའི་ཕྱིར་རོ། །དེས་ན་ཅིག་ཅར་ཤར་བའི་སྣང་བ་ཐམས་ཅད་ཡུལ་གྱི་གོ་ས་དང་རྣམ་པས་ཐ་དད་པར་འགྱུར་གྱི་ནང་རིགས་མཐུན་པ་མེད་དོ། །རྟོག་མེད་རྣམས་ནི་སྣང་བ་སྣ་ཚོགས་ཀྱི་རྐྱེན་ལས་དུ་མ་ཅིག་ཅར་འབྱུང་ཤེས་ཀྱང་རྟོག་པ་ནི་གཟུང་དོན་གྱི་དབང་ལས་མ་ཡིན་པར་ཤེས་པ་སྔ་མའི་རྒྱུ་ལས་ཡུལ་གང་ལ་གཞན་ཀུན་བཅད་ནས་དེར་རྟོག་པ་ཙམ་སྐྱེ་བ་ཡིན་པས་རྟོག་གཉིས་ཅིག་ཅར་འཇུག་པ་མེད་དེ་རིམ་བཞིན་འབྱུང་བ་ཁོ་ནའོ། །དེ་ལྟར་དུ་མ་ཅིག་ཅར་སྣང་ཡང་མཐའ་མེད་པ་མི་སྣང་སྟེ་ཕལ་


MR20_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་པོ་དང་ཤེས་པས་ཉི་ཚེ་བའི་ཡུལ་ཙམ་ལས་ཐམས་ཅད་ཁྱབ་པར་གཅོད་མི་ནུས་པའི་ཕྱིར་རོ། །གལ་ཏེ་འགལ་རྐྱེན་དང་བྲལ་བའི་དབང་པོ་ཁྱད་པར་ཅན་དང་ལྡན་ན་ཡུལ་རྒྱ་ཆེན་པོའི་སྣང་བའང་དུས་གཅིག་གཅོད་ལ་ཐམས་ཅད་མཁྱེན་པས་ཤེས་བྱ་ཐམས་ཅད་དུས་གཅིག་ལ་གཟིགས་པའང་སྲིད་དེ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས་གསུངས་པ་བཞིན་ནོ། །གོང་དུ་བཤད་པ་དེ་ལྟར་མཐོང་བ་དེ་དག་གི་སྣང་བ་ལ་ཡང་ཁྱད་པར་ཅུང་ཟད་མེད་ན་རིགས་མི་མཐུན་པའི་རྟོག་པ་སྐྱེས་པ་ལ་ལ་བར་དང་བཅས་པའོ་ཞེས་དང་། རིགས་མི་མཐུན་པའི་རྟོག་པ་སྐྱེས་པའི་ཚེ་བར་མེད་པའོ་ཞེས་འདོད་པའང་ཇི་ལྟར་ཡིན་ཏེ་རང་གི་རྟོག་པས་དེ་ལྟར་སྒྲོ་བཏགས་པར་ཟད་ཀྱི་དངོས་པོ་ལ་དེ་ལྟར་མི་སྣང་ངོ་། །གཞན་ཡང་དབང་ཤེས་ལ་མི་བརྟེན་པའི་ཡིད་ཀྱི་རྟོག་པ་འབའ་ཞིག་འབྱུང་བ་ལའང་རིམ་ཅན་དུ་འཛིན་པར་མི་འགྱུར་བར་ཅིག་ཅར་འཛིན་པར་སྣང་བར་འགྱུར་ཏེ་སྐད་ཅིག་མའི་མཐའ་ཅན་གྱི་འཇུག་པ་མྱུར་བ་དེ་ལའང་ཡོད་པའི་ཕྱིར་རོ། །གཉིས་པ། ཡུལ་ཉེ་བས་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་ན་ཡུལ་ལྔ་ཀ་ཅིག་ཅར་ཉེ་བའི་དུས་ཀུན་ཏུ་ཡང་ལྔ་ཀ་ཅིག་ཅར་འཛིན་པར་འགྱུར་རོ། །དེ་ལྟར་འདོད་མི་ནུས་ཏེ། ཡུལ་ལྔ་ཉེ་ཡང་རྣམ་པ་ཀུན་ཏུ་ལྔ་ཆར་མི་འཛིན་པར་གང་རུང་རེ་འཛིན་པར་ཡང་མཐོང་བས་གནོད་དོ་ཞེ་ན། ཡུལ་འཛིན་པ་ནི་ཡུལ་དང་དབང་པོ་ཚོགས་པ་ཁོ་ནས་བྱེད་པ་མིན་གྱི་དེ་མ་ཐག་པའི་རྐྱེན་ཡང་ཚང་དགོས་པས་ན། སྐབས་ལ་ལར་གཟུགས་མཛེས་པ་ལྟ་བུ་དེ་ལ་ཀུན་ཏུ་ཆགས་པའི་སེམས་སུ་གྱུར་པ་ཅན་དེ་ནི་སྒྲ་ལྟ་བུའི་དོན་ཉེ་བ་ལའང་འཛིན་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་དེ་ལ་ལྷག་པར་ཆགས་


MR20_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒྲ་སོགས་གཞན་འཛིན་པའི་ཤེས་པ་བསྐྱེད་པའི་ཡིད་བྱེད་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པའི་ཕྱིར་མི་འཛིན་པ་ཡིན་ནོ། །སྐྱོན་འདི་ཤེས་པ་དུ་མ་ཅིག་ཅར་སྐྱེ་བའི་ལུགས་ཁོ་ན་ལ་བརྗོད་པ་ནི་དོན་མེད་དེ། ཁྱོད་རིམ་ཅན་དུ་སྐྱེ་བར་འདོད་པས་ཀྱང་ཡུལ་ཉེ་བ་ན་ལྔ་པོ་རིམ་ཅན་དུ་མི་འཛིན་པར་གཅིག་ཁོ་ན་ཅི་སྟེ་འཛིན་ཞེས་བསམ་པར་འོས་པ་ཡིན་ནོ། །དེས་ན་རྒོལ་བ་གཉིས་ཀ་ལ་ཡང་རྩོད་པ་འདི་ཡོད་པ་ཡིན་ཀྱང་ཁོ་བོས་ནི་སྐྱོན་དེ་ལྟར་སྤོང་བར་བྱེད་པ་ཡིན་ནོ། །གཉིས་པ་དཔེ་དགག་པ། མགལ་མེ་དང་ཕྱག་ཤིང་བསྐོར་བ་ལ་སོགས་མྱུར་དུ་འཇུག་པའི་རྗེས་སུ་འགྲོ་བ་སྟེ་མྱུར་དུ་འཇུག་པ་དེ་ཡི་དབང་དུ་སོང་བས་ན་འཁྲུལ་རྒྱུ་དེས་གནོད་པ་ཅན་གྱི་མིག་དབང་གིས་བདག་རྐྱེན་བྱས་པ་ལས་ཅིག་ཅར་རྒྱུན་ཁོར་ཡུག་ཏུ་མ་ཆད་པའི་འཁོར་ལོར་འཁྲུལ་བ་འབྱུང་སྟེ། དཔེར་ན་གྲུར་ཞུགས་པའི་སྟོབས་ཀྱིས་གནོད་པ་ཅན་གྱི་མིག་དབང་ལས་རི་བོ་འགྲོ་བར་སྣང་བ་ལྟར་འཁྲུལ་བ་ཡིན་ལ་དེ་ཡང་ཟླ་གཉིས་ལྟར་གསལ་སྣང་ཅན་དུ་སྐྱེ་ཡི། འཁོར་ལོར་སྣང་བ་དེ་མངོན་སུམ་མཐོང་བ་ཡིན་གྱི་སྔ་ཕྱི་རིམ་ཅན་དུ་མཐོང་བ་ཤེས་པས་མཚམས་སྦྱོར་བ་ལས་འཁོར་ལོར་སྣང་བ་མ་ཡིན་ཏེ། རིམ་ཅན་དུ་མཐོང་བ་ནི་གཅིག་དུས་ན་གཅིག་མེད་པས་དུས་ཅིག་ཅར་གསལ་སྣང་ཡོད་མི་སྲིད་ལ། སྔར་མྱོང་བ་དྲན་ནས་དེ་ཉིད་འདིའོ་ཞེས་སྒྲོ་འདོགས་པ་ཙམ་ཡིན་ནོ། །གཉིས་པ། འགྲེལ་བྱེད་གཞན་ལུགས་དགག་པ་ལ། །དབང་སྐྱེས་རྟོག་བྲལ་རྟགས་ཡིན་དགག །ཚུལ་དེས་གཞན་ཡང་ཁེགས་ཚུལ་ལོ། །དང་པོ། ཀུན་བཏུས་ཀྱི་འགྲེལ་བྱེད་སྲིད་པའི་བདག་པོ་ལ་སོགས་པ་ལ་ལ་ན་རེ། དབང་པོ་ལས་སྐྱེས་པ་ཡིན་པའི་ཕྱིར་དང་། ལ་སོགས་པ་ཞེས་པས་མྱོང་བའི་རྣམ་པས་འཇུག་པའི་ཕྱིར་དང་། ཡིད་ལས་བྱུང་བ་མ་ཡིན་


MR20_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ན་རྒན་པོའི་དབང་བློ་ནི་དཔེར་ན་བྱིས་པའི་བློ་བཞིན་དུ་རྟོག་མེད་ཡིན་ནོ་ཞེས་འདོད་པ་དང་། དེ་ཡང་དཔེ་བསྒྲུབ་བྱས་སྟོང་པར་མི་འགྱུར་བའི་སླད་དུ་བྱིས་པའི་བློ་རྟོག་པ་མེད་པ་ཉིད་ཀྱི་རྒྱུ་མཚན་ནི། བརྡ་ཉམས་པ་སྟེ་བརྡ་བྱེད་མི་ཤེས་པ་ཉིད་ཡིན་པར་སྨྲ་བ་དེ་དག་གི་ལུགས་ལྟར་ན་ནི་བརྡ་ཉམས་པ་ཙམ་གྱིས་རྟོག་པ་མེད་པར་འདོད་པའི་ཕྱིར་བྱིས་པའི་བློ་ཐམས་ཅད་ནི་རྟོག་མེད་མངོན་སུམ་འབའ་ཞིག་ཉིད་དུ་འགྱུར་རོ། །དེ་འདོད་ཅེ་ན། བརྡ་ཡི་རྒྱུ་རྟོག་པ་སྔོན་སོང་དང་བྲལ་བའི་ཕྱིར་བྱིས་པ་དེ་ནི་ཕྱིས་རྒན་པོར་གྱུར་ཀྱང་བརྡ་བྱེད་ཀྱི་རྟོག་པ་ཡོད་པར་མི་འགྱུར་ཏེ། བརྡ་ཡི་རྒྱུ་ནི་འདྲེས་རུང་གི་རྟོག་པ་དེ་ཡིན་ལ་དེ་དག་གི་རྒྱུད་ལ་མེད་ན་ཕྱིས་ཀྱང་བརྡ་མི་ཤེས་ཏེ་དྲན་དང་མངོན་འདོད་གང་ཡང་མེད་པར་ད་ལྟའི་ཡུལ་ལ་ལྟ་བ་ཙམ་གྱིས་མངོན་སུམ་འབའ་ཞིག་ཅན་དུ་འགྱུར་རོ། །དེས་ན་ད་ལྟ་མངོན་སུམ་མ་མཐོང་བའི་ཟས་དང་གཉེན་སོགས་མངོན་པར་འདོད་པའི་བློ་བྱིས་པ་ལའང་ཡོད་པས་ན་དེ་རྟོག་པ་ཡིན་ནོ། །ཕ་རོལ་པོ་ན་རེ། གལ་ཏེ་བརྡ་ལ་མ་བྱང་བའི་ཡིད་ཡུལ་ལ་དཔྱོད་ནུས་པ་ཡོད་པ་དེས་ན་བྱིས་པ་ལ་ཡང་བརྡ་ཅན་གྱི་རྟོག་པ་དེ་ཕྱིས་སུ་འབྱུང་བར་འདོད་དེ་དེ་འདྲའི་ཡིད་དེ་རྒྱུ་ཡིན་ནོ་ཞེ་ན། བྱིས་པའི་དུས་ན་བརྡ་ལ་མ་བྱང་བའི་ཡིད་དེ་རྒན་པོའི་དུས་ན་བརྡ་ཅན་གྱི་རྟོག་པར་སོང་བ་དེ་བཞིན་དབང་སྐྱེས་ཀྱི་བློ་ལ་ཡང་རྒན་པོའི་དུས་སུ་རྟོག་བཅས་སུ་འགྱུར་རོ། །ཡང་ན་བྱིས་པའི་དུས་ན་སྒྲ་དང་འདྲེས་རུང་གི་རྟོག་པ་ཡོད་པ་དེ་བཞིན་བྱིས་པའི་དབང་ཤེས་ལ་ཡང་བརྡ་མི་ཤེས་ཀྱང་རྟོག་པ་ཡོད་པ་ལ་འགོག་བྱེད་མ་བསྟན་པས་ཅི་ཡང་མི་འགྲུབ་ཅེས་སོ། །དེས་ན་དབང་སྐྱེས་ཡིན་པའི་རྟགས་འདི་དང་བསྒྲུབ་བྱ་རྟོག་མེད་ལ་རྗེས་འགྲོ་ཁྱད་པར་བ་བསྟན་པ་མེད་ལ། མི་མཐུན་ཕྱོགས་རྟོག་བཅས་ལ་


MR20_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ལྡོག་པའི་གནོད་པ་ཅན་སྒྲུབ་མི་ནུས་པས་ན་འདི་འདྲ་བ་ཡི་རྟགས་འདི་ཡང་ལྷག་ལྡན་མ་ངེས་པ་ཡིན་ནོ། །གལ་ཏེ་དབང་སྐྱེས་རྟོག་བྲལ་ཡིན་ཏེ་དོན་རང་མཚན་གྱི་ཡུལ་ཅན་ཡིན་པའམ་སྔ་ཕྱི་གཅིག་ཏུ་འཛིན་པས་སྟོང་པའི་བློ་ཡིན་པའི་ཕྱིར་ཟེར་ན་དེ་ལྟར་བྱིས་པའི་དབང་ཤེས་ལ་རྟོག་བྲལ་དུ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཉིད་རྒན་པོའི་དབང་ཤེས་རྟོག་བྲལ་དུ་སྒྲུབ་པའི་སྐབས་འདིར་ཡང་བརྗོད་པར་བྱ་སྟེ། རྒན་བྱིས་ཀྱི་དབང་པོའི་བློ་ནི་རྟོག་བྲལ་དུ་འགྲུབ་དཀའ་སླ་སོགས་ཀྱི་ཁྱད་མེད་པར་མཚུངས་པའི་ཕྱིར་རོ། །དེས་ན་བྱིས་པས་བརྡ་མི་ཤེས་པ་ཙམ་ཞིག་གིས་རྟོག་བྲལ་དུ་སྒྲུབ་པ་ཙམ་ནི་ཅིར་ཡང་མི་རུང་ངོ་། །གཉིས་པ། དབང་སྐྱེས་ཙམ་གྱིས་རྟོག་བྲལ་སྒྲུབ་མི་ནུས་པར་བསྟན་པའི་རིགས་པ་འདིས་ནི་མྱོང་བས་འཇུག་པ་དང་ཡིད་བྱུང་མིན་པ་སོགས་ཀྱང་དེ་དང་འདྲ་བར་བཤད་པ་ཡིན་ཏེ། གཞན་ཀུན་འདྲ་ལ། དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །ཞེས་པ། དེ་བཞིན་མྱོང་བ་ལ་ཡང་འགྱུར། །ཞེས་བསྒྱུར་བས་འགྲུབ་ཅིང་། གཞན་ཡིད་བྱུང་མིན་པའང་ལྷག་ལྡན་ཏེ་འགྲུབ་མི་ནུས་པ་བཤད་མ་ཐག་པ་ལྟར་ཅི་རིགས་སུ་ཤེས་པར་བྱའོ། །གཉིས་པ་རྣམ་བཅད་དུ་རྟོག་བཅས་དགག་པ་ལ། དོན་སྦྱོར་རྟོག་པར་འདོད་པ་དགག །སྒྲ་སྦྱོར་རྟོག་པར་འདོད་པ་དགག །དང་པོ་ལ། དགག་དང་བཞག་དང་དོན་བསྡུ་གསུམ། །དང་པོ་ལ། རྟགས་འགོད་པ་དང་ཕྱོགས་ཆོས་བསྒྲུབ། །དང་པོ་ལ། ཁྱབ་པ་སྒྲུབ་དང་རྟགས་འགོད་པའོ། །དང་པོ། སྤྱིར་དོན་སྦྱོར་རྟོག་པ་ཞེས་པ་ནི་དོན་གྱིས་ཁྱད་པར་དུ་བྱས་ནས་དོན་འཛིན་པ་སྟེ། དེ་ལ་ཆོས་ཐ་དད་ཀྱིས་ཁྱད་པར་དུ་བྱས་པ་དབྱུག་པས་ཁྱད་པར་དུ་བྱས་ནས་སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པ་ལྟ་བུ་དང་། ཐ་དད་མེད་པས་ཁྱད་པར་དུ་བྱས་པ་བ་ལང་གི་རིགས་དང་


MR20_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སོགས་ཡོན་ཏན་དང་འགྲོ་བ་སོགས་བྱ་བས་ཁྱད་པར་དུ་བྱས་པའི་གོང་བུ་འཛིན་པ་ལྟ་བུའོ། །དེ་ཡང་ཕྱི་རོལ་པ་དག་གིས་གསལ་བ་མཐོང་བ་ན་དེའི་རིགས་ལ་སོགས་པའང་དབང་ཤེས་ཀྱིས་འཛིན་པར་འདོད་ཀྱང་། རིགས་དང་རིགས་ལྡན་སྦྱར་ནས་འཛིན་པ་འདི་རྟོག་པ་ཡིན་གྱི་དེ་དབང་ཤེས་ལ་མེད་པར་སྟོན་པ་ལ། དོན་གང་གིས་ཁྱད་པར་དུ་བྱས་ནས་འཛིན་པ་ལ་ཆོས་བཞི་འཛིན་དགོས་པས་ཁྱབ་སྟེ། ཁྱད་པར་བྱེད་ཆོས་དཀར་པོ་ལྟ་བུ་དང་ནི་དེ་གང་ལ་ལྡན་པ་ཁྱད་པར་གྱི་གཞི་བ་ལང་ལྟ་བུ་དང་ནི། དེ་གཉིས་ཀྱི་འབྲེལ་བ་དང་དེ་ལ་དེ་ལྟར་ཐ་སྙད་བྱེད་པ་འཇིག་རྟེན་གྱི་གཞུང་ལུགས་ཏེ་བ་ལང་ཞེས་པ་དང་དཀར་པོ་ཞེས་པ་ལྟ་བུ་ཤེས་བརྗོད་ཀྱི་ཐ་སྙད་དག་ཀྱང་ནི་བཟུང་ནས་དེ་དག་གཅིག་ཏུ་བློས་སྡོམ་པར་བྱས་ཏེ། ཁ་དོག་དཀར་པོ་ཅན་གྱི་བ་ལང་ཞེས་པ་ལྟ་བུའི་ཁྱད་པར་ཅན་དུ་དེ་ལྟར་རྟོགས་ཀྱི་དེའི་གང་ཡང་རུང་བ་རེ་མ་བཟུང་བར་གཞན་དུ་དེ་ལྟར་རྟོགས་པ་ནམ་ཡང་མིན་ཏེ། དཔེར་ན་སྐྱེས་བུ་དབྱུག་པ་ཅན་ཞེས་པ་བཞིན་ནོ། །གཉིས་པ། དོན་སྦྱོར་རྟོག་པས་དེ་ལྟར་ཕན་ཚུན་སྦྱར་ནས་རྟོགས་དགོས་པའི་ཁྱབ་པ་བསྒྲུབས་ནས་དེ་མཐོང་བ་ལ་མེད་པར་སྒྲུབ་པ་ལ། རིགས་དང་བྱ་བ་ཡོན་ཏན་སོགས་ཀྱི་བྱེ་བྲག་ན་རིགས་ལྡན་གྱི་དངོས་པོ་དེ་ལས་ཐ་དད་པར་མཐོང་བའི་སྒོ་ནས་ཐ་དད་དུ་རྟོགས་པ་མེད་པའི་ཕྱིར་རིགས་སོགས་དེ་དང་ལྡན་པའོ་ཞེས་སུ་དོན་དང་དོན་གཞན་སྦྱོར་བ་ནི་མཐོང་བ་ལ་ཡོད་པ་མིན་པ་དེས་ན་དབང་ཤེས་འདི་ལ་རིགས་སོགས་དོན་སྦྱོར་གྱི་རྟོག་པ་ཕྲ་མོའང་མེད་དོ། །སྐྱེས་བུ་དང་དབྱུག་པ་བ་ལང་གི་རྭ་དང་རྣ་བ་སོགས་མཐོང་ཡང་རྣམ་པར་མ་ཆད་པར་གནས་པའི་དོན་ཇི་ལྟར་ཡོད་པ་དེ་ཙམ་མཐོང་གི་དེ་དོན་སྦྱོར་རྟོག་པ་མ་ཡིན་ཏེ་ཡུལ་


MR20_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཙམ་མོ། །དེ་ཡང་ཐ་དད་དུ་སྣང་བ་གང་ཡང་མེད་པའི་ཡུལ་རིལ་པོ་གཅིག་ནི་སྣང་བ་མེད་ལ་ཆ་བཅས་སུ་སྣང་བ་ཙམ་ནི་དོན་དེ་ཉིད་སྣང་བ་ཙམ་དུ་ཟད་ཀྱི་ཕན་ཚུན་ཁྱད་གཞི་དང་ཁྱད་ཆོས་སུ་སྦྱར་ནས་མ་བཟུང་གི་བར་དུ་དེ་དང་དེའི་རྟོག་པ་གང་ཡང་མི་སྐྱེའོ། །གཉིས་པ་དེ་ལྟར་རྩ་བའི་གཏན་ཚིགས་བཀོད་པ་དེའི་ཕྱོགས་ཆོས་སྒྲུབ་པ་ལ། རིགས་གཞན་ཁས་བླངས་དག་གིས་གནོད། །དེ་དག་མངོན་སུམ་གྱིས་མི་འགྲུབ། །དེ་ལ་གྲགས་པས་སྒྲུབ་མི་ནུས། །དེ་བཞིན་རྗེས་དཔག་མེད་པའོ། །དང་པོ། རིགས་ནི་རིགས་ལྡན་ལས་ཐ་དད་དུ་རྟོགས་པ་མེད་པ་འདི་མ་གྲུབ་སྟེ་ཐུན་མོང་རྗེས་སུ་འགྲོ་བའི་སྤྱི་ཚད་མས་གྲུབ་བོ་ཞེ་ན། དེ་དོན་དུ་ཡོད་པར་སྒྲུབ་བྱེད་ཀྱི་ཚད་མ་གང་ཡང་མི་སྲིད་པའི་ཚུལ་དང་པོ་ཁས་བླངས་ཀྱིས་དགག་པ་ནི། གསལ་བ་དུ་མ་ལ་རྗེས་སུ་འགྲོ་བ་ཅན་གྱི་སྤྱི༷་ཡི་ཡུལ་ཅན་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ལ་ཡང་གསལ་བ་དེའི་མིང་གི་སྒྲ་དང་གསལ་བ་དེའི་ཁ་དོག་དང་དབྱིབས་ཇི་ལྟ་བར་སྣང་བ་ཡིན་ལ། དེ་ཁྱོད་ཀྱིས་འདོད་པའི་སྤྱི་དེ་མ་ཡིན་ཏེ་ཁྱོད་ཀྱིས་ཁ་དོག་དང་དབྱིབས་དང་ཡི་གེའི་རྣམ་པ་ཡིས་སྟོང་པ་ལ་བ་ལང་གི་སྤྱིའམ་བ་ལང་ཉིད་དུ་བརྗོད་དེ་སྤྱི་ནི་རྟག་གཅིག་ཆ་མེད་དུ་ཁས་བླངས་པས་སོ། །དེས་ན་ཤེས་པའི་རྣམ་པ་སྤྱིར་སྒྲོ་བཏགས་པ་དེ་བོར་ནས་རྗེས་སུ་འགྲོ་བ་ཞེས་པའི་དངོས་པོ་ཅུང་ཟད་ཀྱང་མེད་ལ་དེ་ནི་སྤྱི་མ་ཡིན་ནོ། །གཉིས་པ་ལ། གང་སྦྱོར་རིགས་ཐ་དད་མ་གྲུབ། །གང་གིས་སྦྱོར་བ་འཕྲོད་འདུ་ཡང་། །དང་པོ། རྟོག་ཡུལ་ན་སྣང་བ་དེ་ཉིད་གསལ་བ་ཐམས་ཅད་ལ་མཚུངས་པ་ཉིད་དུ་གྱུར་པའི་སྤྱི་ཡིན་ནོ་ཞེ་ན། དེ་ཡིན་དུ་ཆུག་ཀྱང་དེ་ཉིད་རྟོག་ངོར་སྣང་བ་ཙམ་ལས་མིག་ལ་སོགས་པ་དག་གི་ཡུལ་ལ་མཐོང་བ་མེད་དེ། མིག་གིས་


MR20_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་མཐོང་བ་ལས་ཐ་དད་པའི་སྤྱི་དེ་འདྲ་མཐོང་ན་དེ་གཉིས་ཀ་དབང་པོའི་ཡུལ་དུ་སྣང་དགོས་ནའང་དབང་པོའི་ཡུལ་ལ་སྣང་བ་གཉིས་ནི་མེད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །ཡུལ་གཉིས་མི་སྣང་བ་དེས་ན་ཡུལ་ཅན་དབང་ཤེས་ལ་རིགས་དང་རིགས་ལྡན་འཛིན་པའི་བློ་ཐ་དད་པ་ཇི་ལྟར་བརྟགས་ནའང་རྙེད་པར་དཀའ་སྟེ་ཀ་བ་ལ་སྣམ་བུའི་བློ་བཞིན་ནོ། །གཉིས་པ། དབང་ཡུལ་ལ་དེ་གཉིས་ཐ་དད་དུ་མི་སྣང་སྟེ་འཕྲོད་པ་འདུ་བས་གཅིག་ཏུ་བྱས་པའི་ཕྱིར་རོ་སྙམ་ན། དེ་གཉིས་ཐ་དད་དུ་མི་སྣང་ཡང་དབང་པོས་འདི་ལ་འདིའོ་ཞེས་འབྲེལ་བ་མཐོང་ན་འཕྲོད་འདུ་ཉིད་དབང་པོས་འཛིན་དགོས་ན་ཡང་། དབང་པོས་འཕྲོད་པ་འདུ་བ་འཛིན་པ་མེད་པ་ཡིན་ཏེ་ཁྱོད་ཀྱིས་ཀྱང་འཕྲོད་པ་འདུ་བ་ནི་མངོན་སུམ་གྱི་ཡུལ་མིན་པར་རྗེས་དཔག་གི་ཡུལ་ཡིན་ཞེས་ཁས་བླངས་ལ། དེ་དབང་པོས་མངོན་སུམ་འཛིན་ན་མིང་དང་མི་རྟག་པ་སོགས་དངོས་པོ་དེའི་ཆོས་ཇི་སྙེད་པའང་མཐོང་བ་ཙམ་གྱིས་ཤེས་པར་ཐལ་བའི་ཕྱིར་རིགས་པས་ཀྱང་གནོད་དོ། །རིགས་དང་རིགས་ལྡན་ཐ་དད་དུ་མི་སྣང་ཞིང་འཕྲོད་འདུའང་དབང་པོས་མ་བཟུང་བ་དེའི་ཕྱིར་ན་རིགས་དང་རིགས་ལྡན་གྱི་འབྲེལ་བ་ནི་དབང་པོས་མངོན་སུམ་མཐོང་བ་མེད་པར་གནས་པ་ཁོ་ན་ཡིན་ནོ། །གསུམ་པ་ལ། དངོས་དང་དོགས་པ་སྤང་བ་གཉིས། དང་པོ། སྣལ་མ་འདི་ལ་སྣམ་བུ་ཡོད་ཅེས་པ་དང་བ་ལང་ལ་རྭ་ཡོད་ཅེས་འཇིག་རྟེན་ན་གྲགས་ཤིང་། གྲགས་པ་ལྟར་དོན་ལ་འཕྲོད་འདུའི་འབྲེལ་བ་ཡོད་པས་ཡིན་གྱི་གཞན་དུ་ན་རྡོ་ལ་སྣམ་བུ་ཡོད་ཅེས་པ་ལྟར་གྲགས་པ་དོན་མཐུན་དུ་མི་འགྱུར་བས་འཕྲོད་འདུ་གྲུབ་པ་ཡིན་ནོ་ཞེ་ན། སྣལ་མ་འདི་ལ་སྣམ་བུ་ཡོད་པ་ཡིན་ནོ་ཞེས་པ་ལ་སོགས་པ་འབྲེལ་བའི་སྒྲ་འདི་དག་ཀྱང་རྒྱུ་


MR20_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གཞན་དང་གཞན་ལ་བརྟེན་ནས་སྐྱེས་བུ་བརྡ་བྱེད་པ་པོ་རང་གི་རྟོག་པ་དག་གིས་དེ་ལྟར་བྱས་ཀྱི་དེ་གཉིས་ཐ་དད་དུ་ཡོད་ཅིང་འཕྲོད་པ་འདུ་བའི་དབང་གིས་མ་ཡིན་ལ། གཞན་ཡང་བ་ལང་ལ་རྭ་ཡོད་པ་ཡིན་ཞེས་འཇིག་རྟེན་ན་བརྗོད་ཀྱང་རྭ་ལ་བ་ལང་ཡོད་དོ་ཞེས་འཇིག་རྟེན་ན་གྲགས་པ་མིན་ན་ཡང་། རྭ་དང་བ་ལང་ཕན་ཚུན་འཕྲོད་འདུའི་འབྲེལ་བའི་དབང་གིས་སྒྲ་དེ་ཞུགས་པ་ཡིན་ན་རྭ་ལའང་བ་ལང་ཡོད་པར་འགྱུར་ཏེ་གཉིས་ཀར་གཉིས་ཀ་འབྲེལ་བ་ལ་ཁྱད་མེད་པའི་ཕྱིར་རོ། །དོན་ལ་དེ་གཉིས་འབྲེལ་བ་མེད་ན་བ་ལང་རྭ་ཅན་ཅེས་ཅི་སྟེ་བརྗོད་སྙམ་ན། བ་ལང་ཞེས་པའི་སྒྲས་ནི་རྭ་ནས་རྨིག་པའི་བར་གྱི་ཆོས་ཅན་ལིང་ལིང་པོ་དེ་བརྗོད་བྱར་བྱས་པ་ཡིན་ལ། བ་ལང་རྭ་ཅན་ཞེས་པའི་སྐབས་སུ་བ་ལང་ཞེས་བྱ་བའི་སྒྲ་དེས་རྭ་མ་གཏོགས་པའི་ཡན་ལག་ནི་ལྷག་མ་གཞན་ཀུན་བརྗོད་འདོད་ཀྱིས་བཟུང་བ་ཙམ་ཡིན་ལ། ཡན་ལག་ལྷག་མ་དེ་ཀུན་ཀྱང་རྭ་དང་རྣམ་པར་བཅད་པ་དམིགས་པ་མེད་པའི་ཕྱིར་ཏེ་མིག་སོགས་ཡན་ལག་ཀུན་དང་ལྡན་པའི་གོང་བུ་དེ་ཡི་སྟེང་དུ་རྭ་ཡང་འབྱར་བ་ལྟར་སྣང་ཞིང་། དེ་ལྟ་བུ་བརྗོད་འདོད་ཀྱིས་བརྗོད་པ་ཡིན་གྱི་བ་ལང་ལས་ཐ་དད་པར་ཡོད་ཅིང་དེ་གཉིས་འཕྲོད་འདུས་མི་གྱེས་པར་འབྲེལ་བར་བྱས་པ་མ་ཡིན་ཏེ། བ་ལང་ལ་མིག་ཡོད་ཅེས་པའི་སྐབས་སུ་མིག་ལས་གཞན་པ་བ་ལང་གི་སྒྲས་ཡུལ་དུ་འགྲོ་བ་སོགས་བ་ལང་གི་ཡན་ལག་ཇི་སྙེད་པ་ལ་སྦྱར་ཀྱང་ཚུལ་དེ་འདྲ་བས་ན་ཡན་ལག་ཇི་སྙེད་པ་ལས་ཐ་དད་པའི་བ་ལང་ཞེས་པ་དོན་དུ་ཇི་ལྟར་གྲུབ་སྟེ་འདི་དག་རྟོག་པས་དེ་ལྟར་བརྡ་བྱས་པ་ཙམ་དུ་ཟད་དོ། །གཉིས་པ། འབྲེལ་བ་དོན་ལ་མེད་པ་མི་འཐད་དེ། སྔར་གྱི་སྣལ་མ་གང་ན་ཡོད་དྲིས་པ་ན། དེ་འདི་ཡིན་ནོ་ཞེས་སྣམ་བུའི་རང་མཚན་ལ་མཛུབ་མོ་འཛུགས་པ་དང་།


MR20_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུའི་དུས་ན་སྣལ་མ་འདིའོ་ཞེས་སྣལ་མ་རེ་རེ་ནས་བསྟན་དུ་ཡོད་པས་ན་རྟོག་པས་སྒྲོ་བཏགས་པ་ལ་རང་མཚན་དངོས་སུ་བསྟན་དུ་ཇི་ལྟར་ཡོད་ཅེ་ན། སྔར་གྱི་སྣལ་མ་དེ་རྣམས་ཀྱི་སྣམ་བུ་ནི་འདིའོ་ཞེས་བརྗོད་པ་ནི་སྔར་གྱི་སྣལ་མ་དེ་ཐག་པས་འདུས་བྱས་པ་ལས་ཕྱིས་འབྱུང་བའི་འབྲས་བུ་སྣམ་བུར་དམིགས་ནས་སྔར་གྱི་སྣལ་མ་དེ་དང་གཅིག་ཏུ་སྒྲོ་བཏགས་ཏེ་དེ་སྐད་བརྗོད་པ་ཙམ་ཡིན་གྱི་ཇི་ལྟ་བུར་ཡང་སྔར་གྱི་སྣལ་མ་དང་ད་ལྟའི་སྣམ་བུ་དུས་གཅིག་ཏུ་ཡོད་པ་མིན་ཏེ། སྣལ་མའི་རང་བཞིན་མ་འགྱུར་བཞིན་དུ་སྣམ་བུ་མེད་ལ་སྣམ་བུའི་དུས་ན་སྔར་གྱི་སྣལ་མའི་རང་བཞིན་ལས་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལྟར་ན་སྣལ་མ་ལ་སྣམ་བུ་ཡོད་ཅེས་ཇི་ལྟར་གདགས་སྙམ་ན། བརྡ་བྱེད་པ་པོ་འགའ་ཡིས་རྒྱུ་སྣལ་མ་དེ་འདུས་བྱས་ན་འབྲས་བུ་འབྱུང་རུང་ཡིན་པས་རྒྱུ་ལ་འབྲས་བུར་སྒྲོ༷་བཏགས་པ་ཡིན་གྱི་རྒྱུ་འབྲས་དུས་མཉམ་དུ་མི་སྲིད་དེ། གལ་ཏེ་ཡོད་ན་སྣལ་མས་ཀྱང་ལྷག་སྐྱོབ་ཀྱི་བྱ་བ་བྱེད་པས་ཐགས་སུ་བྲན་པ་སོགས་དོན་མེད་དོ། །འམ་ནི་ཕྱི་མ་དང་སྡུད་པའི་ཚིག་གོ། །ཁོ་ན་རེ། དེ་མི་འཐད་དེ་ཁྱོད་ལྟར་ན་འབྲས་དུས་ན་རྒྱུ་འགགས་པས་ཁྱབ་ཀྱང་སྣམ་བུའི་དུས་ན་སྣལ་མ་རེ་རེ་ནས་ཀྱང་བསྟན་དུ་ཡོད་པས་སྣལ་སྣམ་དུས་གཅིག་ཏུ་ཇི་ལྟར་མེད་ཟེར་ན། སྣལ་མ་རྣམས་ཐགས་སུ་བྲན་ནས་འདུས་བྱས་པ་ན་ལྷག་སྐྱོབ་ཀྱི་བྱ་བ་བྱེད་པའི་དངོས་པོ་ལིང་པོར་སྣང་བ་དེ་སྣམ་བུ་ཡིན་ཞིང་སྣལ་མ་རྣམས་རེ་རེ་ནས་བསལ་བའི་ཤུལ་ན་སྣམ་བུ་ཞེས་བྱ་བ་གང་ཡང་མེད་དོ། །དེ་ལྟ་ནའང་སྣམ་བུ་ཞེས་པ་སྣལ་མ་ཚོགས་པའི་སྤྱི་མིང་དུ་བྱས་ནས་སྣལ་མ་ཞེས་པའི་སྒྲ་ཡི་རྟེན་ནི་དམིགས་བསལ་ཏེ་སྟོན་པ་ན་ཚོགས་ཅན་གྱི་བྱེ་བྲག་སྣལ་མ་གཅིག་ནི་ལོགས་སུ་


MR20_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཀར་བར་བྱས་ལ། དེ་འདྲའི་རྒྱུ་མཚན་ཙམ་ལ་བརྟེན་ནས་འབྲས་བུ་སྣམ་བུ་ལ་སྣལ་མ་ཡོད་པ་ཡིན་ན་ཞེས་པའི་སྒྲ་འཇུག་པར་འགྱུར་ཏེ། དེ་ཡང་གོང་དུ་བ་ལང་ལ་བརྗོད་པ་བཞིན་བརྗོད་འདོད་ཀྱིས་དེ་ལྟར་བརྗོད་པར་ཟད་ཀྱི་སྣལ་སྣམ་ཐ་དད་དུ་དུས་མཉམ་པར་ཡོད་པ་མིན་ནོ། །འོ་ན་ཡན་ལག་སྣལ་མ་རེ་རེ་ནས་མངོན་སུམ་གྲུབ་ཀྱང་དེ་ལས་མ་གཏོགས་པར་ཡན་ལག་ཅན་སྣམ་བུ་མེད་ན་ལྷག་སྐྱོབ་ཀྱི་བྱ་བ་མི་བྱེད་པ་ཁྱོད་ལའང་མཚུངས་ཤིང་། སྣམ་བུའི་མིང་ཡང་སྣལ་མ་ལ་བཏགས་མིང་དུ་འགྱུར་ལ་དེ་ཡང་དེའི་སྔོན་དུ་སྣམ་བུའི་དངོས་མིང་ནམ་ཡང་མ་གྲུབ་པས་ན་བཏགས་མིང་དེ་ཡང་མི་སྲིད་དེ། བ་ལང་གི་དངོས་མིང་སྔོན་དུ་མ་གྲུབ་ན་ཁུར་བུ་སོགས་ལ་གདགས་སུ་མེད་པ་བཞིན་ནོ། །དེས་ན་ཡན་ལག་སྣལ་མ་དང་ཡན་ལག་ཅན་སྣམ་བུ་དུས་གཅིག་ཏུ་ཡོད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ་ཡན་ལག་ཅན་དང་ཡན་ལག་ཅེས་བྱ་བ་ནི་ཕན་ཚུན་ལྟོས་ནས་བཏགས་པ་ཡིན་གྱི་དོན་ལ་ཐ་དད་དུ་གྲུབ་པ་གང་ཡང་མེད་དོ། །དེས་ན་ལྷག་སྐྱོབ་ཀྱི་དོན་བྱེད་པའི་དངོས་པོ་གང་ཞིག་སྣམ་བུ་ཞེས་བྱ་བའི་ཐ་སྙད་ཀྱི་ཡུལ་དེ་དངོས་པོར་ཡོད་པ་ཡིན་ལ། དེ་ཡང་ཚོགས་ཅན་སྣལ་མ་ཕན་ཚུན་ལྷག་སྐྱོབ་ཀྱི་བྱ་བ་བྱེད་པ་སོགས་ལ་ཕན་གདགས་བྱ་དང་ཕན་འདོགས་བྱེད་དུ་གནས་པ་ཉིད་དམ། སྣལ་མ་ཕན་ཚུན་རྣམ་པར་ཆད་པ་མེད་པར་ལིང་པོར་སྣང་བ་ཉིད་ལ་སྣམ་བུ་ཞེས་པའི་མིང་འཇུག་ལ། མིང་དེས་ཀྱང་དོན་གཞན་གྱི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་བ་མེད་པ་ཅན་གྱི་ཡུལ་དེའི་ཤེས་པ་སྐྱེད་ཅིང་། དེ་ཡང་བརྡ་བྱེད་པ་པོས་ཐོག་མར་བཏགས་པ་ཡིན་པས་དང་པོ་ཡི་བརྡ་དེ་ལྟ་བུ་ལ་དེའི་སྤྱོད་ཡུལ་ལམ་བརྗོད་བྱར་སོང་བ་གང་ཡིན་པ་ལྷག་སྐྱོབ་སོགས་ཀྱི་དོན་བྱེད་པའི་དངོས་པོ་དེ་ལ་མིང་དེ་དངོས་


MR20_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཡིན་པའི་ཕྱིར་སྣམ་བུའི་མིང་ནི་བརྗོད་བྱ་དེ་ལ་དངོས་མིང་ཡིན་གྱི་བཏགས་མིང་མིན་ལ་ལྷག་སྐྱོབ་ཀྱི་དོན་མི་བྱེད་པ་མ་ཡིན་ཏེ་སྣལ་མ་གཅིག་སྣམ་བུ་མ་ཡིན་པའི་ཕྱིར་རོ། །བཞི་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། དངོས་པོ་ལས་ནི་ཐ་དད་པ་ཅན་གྱི་རིགས་དང་བྱ་བ་ཡོན་ཏན་ཡན་ལག་ཅན་ལ་སོགས་པ་གྲུབ་པ་ལ་ནི་རྗེས་སུ་དཔག་པ་མེད་དེ་དེ་གཉིས་ཐ་དད་དུ་གྲུབ་ན་འདིའི་རིགས་སོ་ཞེས་སོགས་འབྲེལ་བ་མེད་པར་འགྱུར་བའི་ཕྱིར་ཐ་དད་ཀྱང་ཡིན་ལ་རྟོག་པས་བཏགས་མི་དགོས་པར་དོན་ལ་འབྲེལ་བའི་མཐུན་དཔེ་ཡང་དག་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ན་མཐུན་དཔེར་འདོད་པ་དབྱུག་པ་ཅན་དང་རྭ་ཅན་ལ་སོགས་པ་ཐམས་ཅད་ལའང་ཕན་འདོགས་བྱ་བྱེད་ཀྱི་འབྲེལ་བ་འགྲུབ་པ་ནི་སྐྱེས་བུའི་བློས་ཕར་བཏགས་པ་ཀུན་རྫོབ་པ་ལས་ཐ་སྙད་འདོགས་པ་ཡིན་གྱི་དངོས་པོའི་སྟེང་ན་ཁྱད་པར་བྱ་བྱེད་དུ་ཡོད་པ་མིན་ཏེ། དབྱུག་པ་དང་སྐྱེས་བུ་ཡན་གར་དུ་མཐོང་བ་ལ་འབྲེལ་བ་མེད་དེ་ཀ་བུམ་བཞིན་དང་། བར་མ་ཆད་པར་སྣང་ན་ཡང་དངོས་པོའི་རྣམ་པ་དེ་ལྟ་བུར་སྣང་བར་ཟད་ཀྱི་ཐ་དད་པའི་རྣམ་པར་བཟུང་ཞིང་། དེ་ལའང་བར་མ་ཆད་པར་སྣང་བ་སོགས་ཀྱི་རྒྱུ་མཚན་ལས་འབྲེལ་བ་བློས་མ་བཏགས་ཀྱི་བར་དུ་མཐོང་བ་ཙམ་གྱིས་འབྲེལ་བ་གང་ཡང་སྒྲུབ་མི་ནུས་ཏེ་སྣང་བ་ཙམ་ལས་དཔྱོད་པ་མེད་པའི་ཕྱིར་རོ། །དེས་ན་མཐོང་བ་ན་བར་མ་ཆད་པའི་སྣང་བ་ཇི་ཙམ་པ་དེ་ཙམ་མཐོང་གི་དོན་ལ་དོན་སྦྱར་བ་ཞེས་པའི་འབྲེལ་བ་ཅི་ཡང་མེད་དོ། །གཉིས་པ་ལ། དམ་བཅའ་བརྗོད་དང་དེ་དག་གི། འཐད་པ་ལེགས་པར་བསྒྲུབ་པའོ། །དང་པོ། བ་ལང་གི་རིགས་དང་བ་ལང་གི་དཀར་པོ་བ་ལང་གི་འགྲོ་བའི་བྱ་བ་སྣལ་མའི་སྣམ་བུ་ལ་


MR20_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འདི་དག་བརྗོད་འདོད་ཀྱི་རྟོག་པས་ཐ་དད་པ་ལྟར་བསྟན་ནས་འབྲེལ་བ་སྒྲུབ་པ་ཙམ་ཡིན་ཀྱང་ལྡོག་པ་ཐ་དད་དོན་ལ་དབྱེར་མེད་པའི་ཚུལ་ལ་རྨོངས་པའི་ཕྱི་རོལ་པ་རྣམས་ཚིག་གིས་བསླུས་ཏེ་ཚིག་ཐ་དད་ཀྱི་དོན་བཞིན་དོན་ལ་འབྲེལ་ཡུལ་གཉིས་ཐ་དད་དུ་གྲུབ་ཅིང་འཕྲོད་པ་འདུ་བས་འབྲེལ་བ་ཡིན་པར་རློམ་པ་དེ་དག་ལ་བརྒལ་བ། ཚིག་གི་དོན་དྲུག་གི་དངོས་པོ་ཞེས་པ་དང་། ཁང་བཟང་གི་འཕྲེང་བ་ཞེས་པ་དང་། ཁང་བཟང་གི་གྲོང་ཁྱེར་ལ་སོགས་པ་རྣམས་ཀྱི་སྒྲ་ཡང་གཞི་དེ་དག་ལས་གཞན་པར་གྱུར་པའི་དོན་གྱི་བརྗོད་བྱ་ལ་ལྟོས་པ་མིན་པར་མཐོང་ན་ཚིག་ཐ་དད་པའི་བརྗོད་བྱ་མཐའ་དག་དོན་ལ་ཐ་དད་ཡིན་པར་སེམས་པ་ནི་དོན་མེད་དོ་ཞེས་དགོངས་པའོ། །དེ་ལ་རིགས་པ་ཅན་པ་རང་གི་ལུགས་ལ། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་པའི་ཚིག་གི་དོན་དྲུག་པོ་འདིས་ཤེས་བྱ་ཐམས་ཅད་བསྡུས་པའི་ཕྱིར་འདིར་མ་འདུས་པའི་དངོས་པོ་ཡོད་པར་མི་འདོད་ལ། དེ་ལྟ་ན་ཚིག་གི་དོན་དྲུག་གི་དངོས་པོ་ཞེས་པ་དེ་ཚིག་དོན་དྲུག་ལས་ཐ་དད་པའི་དངོས་པོར་མི་འགྱུར་ན་ནི་དེ་ཆོས་དང་ཆོས་ཅན་གྱི་སྒྲས་བསྟན་པ་དོན་མེད་ལ། ཐ་དད་པའི་དངོས་པོར་གྱུར་ན་ནི་ཚིག་གི་དོན་དྲུག་གིས་ཐམས་ཅད་བསྡུས་པར་སྨྲ་བའང་ཉམས་སོ། །ཁང་བཟང་གི་ཕྲེང་བ་ཞེས་པ་དེ་ཁང་བཟང་ལས་གཞན་པའི་དངོས་པོ་ཕྲེང་བ་ཞེས་པ་ཡོད་ན་དེ་ཡང་དོན་དྲུག་པོ་གང་དུའང་མ་འདུས་པར་འགྱུར་ཏེ། འདི་ལྟར་ཁང་བཟང་ཞེས་པ་རྫས་མིན་ཏེ་རྡོ་ཤིང་སོགས་རིགས་མི་མཐུན་པའི་རྡུལ་གྱིས་ཡན་ལག་ཅན་གྱི་རྫས་མི་རྩོམ་པར་ཁས་བླངས་པའི་ཕྱིར་ཁང་བཟང་རྫས་མིན་ལ། འཕྲེང་བ་ནི་ཡོན་ཏན་ཡིན་པས་ཡོན་ཏན་རྫས་ལ་བརྟེན་པར་ཁས་བླངས་པའི་ཕྱིར་ཁང་བཟང་གི་ཕྲེང་


MR20_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་པ་མི་འབྲེལ་བར་འགྱུར་རོ། །གཉིས་པ་ལ། ཁང་བཟང་ཕྲེང་བ་ལྡན་པ་མིན། །རིགས་ཀྱང་ཡིན་པ་དགག་པ་དང་། །བཏགས་པར་འདོད་ཀྱང་མི་འཐད་པའོ། །གལ་ཏེ་ཁང་པ་བཟང་པོའི་ཕྲེང་བ་ཞེས་པའི་སྒྲ་དེ་རྡུལ་རིགས་མི་མཐུན་པའི་ཚོགས་ལ་ཡོན་ཏན་ལྡན་པ་ཞེས་བྱ་བ་ཡོད་པས་ལྡན་པ་ཡིན་ནོ་ཞེ་ན། ཁང་པ་ལྡན་པ་ཡིན་དུ་ཆུག་ཀྱང་ཁང་བཟང་དེ་ཡི་འཕྲེང་བ་ཞེས་བྱ་བ་དེ་ནི་དོན་དྲུག་གི་ཅི་ཞིག་ཡིན་ཏེ་ཡོན་ཏན་ལ་ཡོན་ཏན་མི་བརྟེན་པར་ཁྱོད་ཀྱིས་ཁས་བླངས་ན་འདིར་ནི་ཁང་བཟང་གི་འཕྲེང་བ་དང་ཁང་བཟང་གི་གྲོང་ཁྱེར་ཞེས་ཆོས་དང་ཆོས་ཅན་དུ་འབྲེལ་བའི་སྒྲས་བརྗོད་པའི་ཕྱིར་རོ། །དེ་ཙམ་དུ་མ་ཟད་ཁང་པ་བཟང་པོ་ཞེས་པའི་བཟང་པོའི་སྒྲ་ཡུལ་གང་ཡིན་སོགས་དཔྱད་པར་བྱ་བ་ཡིན་ནོ། །གཉིས་པ། ཁང་བཟང་ལྡན་པ་ཡིན་པས་དེ་ལ་ཡོན་ཏན་གཞན་ཕྲེང་བ་ཞེས་བྱ་བ་ཡོད་པར་མི་རུང་བས། གལ་ཏེ་ཕྲེང་བ་ཞེས་པ་དེ་ལྡན་པ་དེའི་རིགས་ཡིན་ཏེ་རིགས་ནི་ཡོན་ཏན་ལ་ཡང་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ཁང་པ་གཅིག་ཀྱང་དཔེར་ན་ཤ་པ་གཅིག་ལའང་ཤིང་ཞེས་བརྗོད་དུ་རུང་བ་བཞིན་དུ་འཕྲེང་བ་ཞེས་བརྗོད་པར་འགྱུར་ཏེ། ཁང་བཟང་ནི་ལྡན་པ་ཡིན་ལ་ཕྲེང་བ་ནི་དེའི་རིགས་ཡིན་པས་ལྡན་པ་ཡོད་ཙམ་ནས་དེའི་རིགས་ཡོད་པས་ཁྱབ་པའི་ཕྱིར་རོ། །འདོད་མི་ནུས་ཏེ་ཁང་བཟང་གཅིག་ལ་ཁང་བཟང་གི་ཕྲེང་བ་ཞེས་བརྗོད་པ་མེད་དོ། །གཞན་ཡང་ཁང་བཟང་གི་འཕྲེང་བ་མང་པོ་ལ་ཁང་བཟང་གི་ཕྲེང་བའི་ཕྲེང་བ། ཁང་བཟང་གི་ཕྲེང་བ་ཆེན་པོ། ཁང་བཟང་གི་ཕྲེང་བ་མང་པོ་སོགས་དེ་ཡི་སྒྲ་ཅི་ལྟར་བརྗོད་དེ། ཕྲེང་བ་ཕྱི་མའི་སྒྲ་དང་ཆེན་པོ་དང་མང་པོ་སོགས་ཡོན་ཏན་གྱི་སྒྲ་མིན་པར་རིགས་ཀྱི་སྒྲར་འགྱུར་ལ། དེ་ཡང་ཁང་བཟང་གི་རིགས་ཙམ་


MR20_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་དུ་མེད་པས་ན་རིགས་ལ་རིགས་གཉིས་པ་མེད་པའི་ཕྱིར་དེ་བརྗོད་པ་དོན་མེད་དུ་འགྱུར་རོ། །གསུམ་པ་ལ། གཞན་གྱིས་འདོད་པའི་དངོས་བཏགས་བཀག །གྲུབ་དོན་རང་ལུགས་དངོས་བཏགས་བཞག །དང་པོ་ལ། ཕན་ཚུན་མཚུངས་པར་སྟོན་པ་དང་། །རང་ཚིག་འགལ་བའི་དཔེ་སྟོན་པའོ། །དང་པོ། ཁང་བཟང་གི་ཕྲེང་བ་དང་ཁང་བཟང་གི་གྲོང་ཁྱེར་སོགས་ལ་ནི་ཆེན་པོ་དང་མང་པོ་ལ་སོགས་པའི་སྒྲ་ནི་སྔ་མ་ལས་བརྗོད་དོན་ཐ་དད་དུ་མེད་ཀྱང་ཉེར་བརྟགས་ཙམ་ལས་འཇུག་པ་སྟེ་བཏགས་མིང་ཡིན་ནོ་ཞེས་འདོད་པ་གང་ཡིན་པ་དེ་མི་འཐད་དེ། ཁྱོད་རི་སོགས་ལ་ཆེན་པོ་ཞེས་པའི་སྒྲ་དངོས་དབང་གིས་འཇུག་པའི་མིང་ཡིན་པར་འདོད་པ་དེ་དང་འདི་འཇུག་ཚུལ་ལ་ཁྱད་ཅི་ཡང་མེད་པར་རྣམ་ཤེས་ཀྱི་གཟུང་བར་བྱ་བ་ཉིད་དེ། ཁྱད་མེད་པར་ཉམས་སུ་མྱོང་བའི་ཕྱིར་ཁང་བཟང་གི་ཕྲེང་བ་ལྟ་བུ་ལ་ཆེན་པོ་སོགས་ཀྱི་སྒྲ་ཉེར་བརྟགས་མིན་ཏེ་ཁང་བཟང་གི་ཕྲེང་བ་ཆེན་པོ་ཉམས་སུ་མྱོང་བ་ནི་ཡོད་ལ། དེ་མེད་ན་རི་སོགས་ལའང་ཇི་ལྟར་ཡོད་དེ་མེད་པར་འགྱུར་རོ། །དེས་ན་དེ་གཉིས་ཀ་དངོས་བཏགས་ཡིན་མིན་རྣམ་པ་ཀུན་ཏུ་མཚུངས་སོ། །གཞན་ཡང་མེ་ཏོག་རྒྱས་པ་ཅན་གྱི་ནགས་ཞེས་བྱ་བ་གྲངས་ཀྱི་མཚན་ཉིད་ཅན་གྱི་ནགས་ལ་མེ་ཏོག་མེད་ཀྱང་ཤིང་གི་རྫས་ལ་མེ་ཏོག་ཡོད་ལ། མེ་ཏོག་དང་གྲངས་གཉིས་རྫས་ལ་འཕྲོད་པ་འདུ་བ་ལ་བརྟེན་ནས་ནགས་ལ་མེ་ཏོག་འབྲེལ་བར་བཏགས་ཞེས་ཁྱོད་འདོད་ཀྱང་ཕྲེང་བ་ཆེན་པོ་ལ་དེ་འདྲའི་འབྲེལ་བར་གདགས་པའི་ས་བོན་ཀྱང་མེད་དེ། ཁང་བཟང་དང་ཕྲེང་བ་རྫས་མིན་པར་འདོད་ཅིང་ཕྲེང་བ་དང་ཆེན་པོ་སོགས་ཁང་པའི་རྡོ་ཤིང་སོགས་རེ་རེའི་རྫས་ལ་མེད་པའི་ཕྱིར་རོ། །གཉིས་པ། ཁྱེད་རང་གི་མིང་དེ་དངོས་སུ་འཇུག་པའམ་


MR20_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མིང་དུ་མངོན་པར་འདོད་པ་ནི་རི་ཆེན་པོ་དང་དབྱུག་པ་ཅན་ལ་སོགས་པ་དག་ལའང་ཁྱད་གཞི་དང་ཁྱད་ཆོས་དོན་ལ་ཐ་དད་དུ་ཡོད་པའི་རྒྱུ་གཞན་དང་གཞན་ལས་སྒྲ་གཞན་དང་གཞན་འཇུག་པ་མིན་པ་ཉིད་དེ་ནི་བཏགས་པར་འདོད་པ་འདི་དང་མཚུངས་ཏེ་ལྡོག་པ་ཐ་དད་པ་ཙམ་ལས་དོན་ཐ་དད་པར་མི་འགྲུབ་བོ། །གལ་ཏེ་ངེས་པར་དངོས་མིང་ལ་བརྗོད་བྱ་རང་མཚན་པ་རེ་ངོས་སྐལ་དུ་ཐོབ་པ་ཡོད་དགོས་ན། རྫས་ལ་སོགས་པ་དྲུག་པོ་རྣམས་ལ་ནི་ཐུན་མོང་དུ་ཚིག་གི་དོན་ཞེས་པའི་སྒྲ་གཅིག་འཇུག་པ་དེ་རྒྱུ་གཞན་གང་ལ་ལྟོས་པར་མཐོང་སྟེ། དྲུག་པོ་མ་ཡིན་པའི་འཇུག་ཡུལ་གཅིག་ཡོད་ན་ཚིག་གི་དོན་བདུན་པའང་སྲིད་པར་འགྱུར་ལ་དྲུག་ལས་གཞན་མེད་ན་དེ་ལ་དེ་ཡང་བཏགས་མིང་དུ་འགྱུར་རོ། །དེ་བཞིན་དུ་བུམ་པ་ཞེས་པའི་སྒྲ་ད་ལྟའི་བུམ་པ་ལ་དངོས་མིང་ཡིན་ན་ཟངས་བུམ་སོགས་བྱེ་བྲག་གང་ཡང་མིན་པའི་བུམ་པའི་རིགས་ལ་དངོས་མིང་དུ་གྱུར་པ་དེ་བྱེ་བྲག་ལ་བཏགས་མིང་དུ་འགྱུར་རོ། །ཁོ་ན་རེ། མི་འགྱུར་ཏེ་ཚིག་གི་དོན་ཞེས་པ་དང་བུམ་པ་ཞེས་པའི་སྒྲས་ནི་རིགས་བརྗོད་ལ། རིགས་དེ་གང་ལ་ཡོད་པ་ཀུན་ལ་དངོས་མིང་ཡིན་ནོ་ཞེ་ན། བུམ་པའི་རིགས་ཞེས་བརྗོད་པ་ན་བུམ་པའི་སྒྲ་རྫས་ཀྱི་ཡུལ་ཅན་མིན་པར་འགྱུར་ཏེ་སྔ་ཕྱི་གཉིས་ཀ་རིགས་ཁོ་ནའི་ཡུལ་དུ་འགྱུར་རོ། །དེས་ན་དེ་འདྲ་ཅིར་ཡང་མི་རུང་ངོ་། །གཉིས་པ་ལ། དངོས་དང་བཏགས་པའི་ཁྱད་པར་ཕྱེ། །དེས་ན་སྒྲ་རྟེན་གྲུབ་མི་དགོས། དང་པོ། བཤད་མ་ཐག་པ་དེའི་ཕྱིར་དངོས་བཏགས་ཀྱི་ཁྱད་པར་འདི་བརྗོད་བྱ་ཕྱི་རོལ་གྱི་དོན་ཡོད་པ་དང་མེད་པའི་དངོས་པོའི་དབང་གིས་ཕྱེ་བ་རྣམ་པ་ཀུན་ཏུ་མི་འཐད་དེ། དོན་ལ་མི་ལྟོས་པར་སྐྱེས་བུའི་བརྗོད་འདོད་ཀྱིས་རྟོག་ཡུལ་གང་ལ་


MR20_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་བརྡ་གང་ཞིག་ཇི་ལྟར་སྦྱར་བ་དེ་ཉིད་དེ་ལྟར་གྲགས་པ་ཙམ་ལས་དེའི་མིང་དུ་གྲུབ་པ་གང་ཡིན་པ་དེ་བརྗོད་བྱ་དེ་ཡི་དངོས་མིང་དང་། སྔ་མ་གྲགས་ཟིན་གྱི་དོན་དེ་དང་མཚུངས་པའི་ཕྱིར་ཕྱིས་ཀྱི་དོན་གང་ལ་སྔ་མའི་མིང་དེ་སྐད་བཏགས་ཤིང་བརྗོད་པ་ནི་ཕལ་པ་སྟེ་བཏགས་མིང་ངོ་། །དེ་དག་ཀྱང་དོན་གྱི་རྒྱུ་མཚན་ཅན་མིན་པར་བརྗོད་འདོད་ཀྱིས་ཡིན་པ་ནི། འདི་ལྟར་དངོས་པོ་ཡོད་པ་ལ་ཡང་བྱ་བ་སྒྲུབ་ནུས་ཆེན་པོ་དང་མི་ལྡན་པས་དངོས་མེད་ཀྱི་མིང་བཏགས་པ་བུ་ངན་པ་ལ་བུ་མེད་ཅེས་འདོད་པ་ལྟ་བུ་མཐོང་བའི་ཕྱིར་རོ། །གཉིས་པ། དོན་གང་ལ་མིང་དེར་གྲགས་པ་ནི་དངོས་པོ་རང་གི་སྟོབས་ལས་མ་ཡིན་ཏེ། བརྡ་གང་བཏགས་པ་དེ་ཡི་རྗེས་སུ་འགྲོ་བ་ཅན་ནོ། །བརྡ་དེ་ཡང་དངོས་པོ་ལ་རག་མ་ལས་པར་སྐྱེས་བུ་བརྡ་འདོགས་པ་པོའི་བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་ལ། དོན་གྱི་རྒྱུ་མཚན་ཅན་མིན་ན་བརྡ་ཅིའི་ཕྱིར་འདོགས་ཟེར་ན། ཕྱིས་ཐ་སྙད་བྱེད་པའི་དོན་དུ་བྱས་པ་ཙམ་སྟེ། དཔེར་ན་ཡི་གེའི་ལྕི་ཡང་བཀོད་ཚུལ་གྱི་སྡེབ་སྦྱོར་ལ་མེ་ཏོག་ཕྲེང་འཛིན་སོགས་མིང་བཏགས་ཀྱང་དོན་ལ་མེ་ཏོག་གི་ཕྲེང་བ་བཟུང་བ་ཡོད་དགོས་པ་མིན་པ་དང་། སྒྲ་ཡི་ཆ་སྟེ་རང་བཞིན་དང་རྐྱེན་གྱི་ཆ་ཤས་སུ་གྱུར་པའི་ཡི་གེ་ལ། བྱིངས་དང་། མིང་དང་། རྐྱེན་དང་། དེ་རེ་རེ་ལའང་ནང་གི་དབྱེ་བ་ཐ་དད་པའི་མིང་འདོགས་ཚུལ་མང་པོ་ཡོད་ཀྱང་། དེ་ཐམས་ཅད་བཏགས་མིང་འབའ་ཞིག་མ་ཡིན་ལ་མིང་རེ་རེ་བཞིན་དུ་བརྗོད་དོན་ཐ་དད་པ་རེ་རེ་སོ་སོར་ཡོད་པའང་མིན་ཏེ། དཔེར་ན་སི་གཅིག་ལའང་རྐྱེན། རྣམ་དབྱེ། རྣམ་དབྱེ་དང་པོ། རྣམ་དབྱེའི་རྐྱེན། རྣམ་དབྱེ་དང་པོའི་གཅིག་ཚིག་ལ་སོགས་པ་སོ་སོར་བརྗོད་ཀྱང་ལྡོག་པ་ཐ་དད་


MR20_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་བ་སོ་སོར་སྟེར་མོད་དོན་ཐ་དད་པའི་བརྗོད་བྱ་རེ་རེ་མི་དགོས་པ་བཞིན་ནོ། །གཉིས་པ་གཞན་གྱི་འདོད་པ་དོན་སྦྱོར་རྟོག་པ་བཀག་ནས་རང་ལུགས་བཞག་པ་ལ། སྒྲ་ཡིས་བརྗོད་བྱ་གཞན་སེལ་ཡིན། །དེ་ཉིད་བརྗོད་བྱར་འགྱུར་ཚུལ་ལོ། །དང་པོ། ཕྱི་རོལ་པ་རྣམས་ན་རེ། དེ་ལྟར་མཐོང་བ་ལ་དོན་སྦྱོར་རྟོག་པ་མེད་ན་བ་ལང་དཀར་ཟལ་དང་ནག་པོ་མཐོང་བ་ལ་རིགས་གཅིག་ཏུ་འཛིན་པར་མི་འགྱུར་ཞིང་། རིགས་མེད་པའི་ཕྱིར་སྒྲས་ཀྱང་རང་མཚན་གོ་བར་མི་འགྱུར་རོ་ཞེ་ན། རིགས་མེད་ཀྱང་རིགས་གཅིག་ཏུ་རྟོག་པའི་ཤེས་པ་འབྱུང་སྟེ། གསལ་བ་རྣམས་ཐ་དད་ཀྱང་གང་ཞིག་གསལ་བ་རང་གི་དངོས་པོའི་ཆོས་ཉིད་ཀྱིས་གཟུགས་སོགས་མཚུངས་པའི་དབང་གིས་ན་སྔར་མཐོང་བའི་དངོས་པོ་དེ་འདྲའི་རྣམ་ཤེས་སྐྱེད་པའི་རྒྱུ་ཡི་ནི་གཟུང་དོན་དེ་དག་ལ་ཡུལ་ཅན་ཤེས་པ་དེས་ཡུལ་རྣམ་པ་ཅི་ལྟ་བུ་ཡིན་པ། དེ་ལྟར་རྟོགས་པར་འགྱུར་བ་ནི་ཆོས་ཉིད་ཡིན་ནོ། །དེས་ན་གསལ་བ་རྣམས་ཐ་དད་ཀྱང་མཚུངས་པའི་སྒོ་ནས་ཐ་དད་མིན་པ་རིགས་གཅིག་ཡིན་པར་ནི་རྟོགས་པའི་སྤྱི་འཛིན་གྱི་ཤེས་པའི་རྒྱུ་བྱེད་པའང་ཡིན་ལ། ཡུལ་ཅན་བུམ་འཛིན་གྱི་དབང་ཤེས་ལྟ་བུའང་རང་མཚན་སོ་སོའི་ཡུལ་ཅན་ཐ་དད་པ་ཡིན་ནའང་སྔ་མ་དེ་བཞིན་དུ་བུམ་པའི་ཡུལ་ཅན་དུ་མཚུངས་པའི་ཕྱིར་བུམ་འཛིན་ཤེས་པ་ཞེས་རིགས་གཅིག་ཏུ་རྟོགས་པའི་ཤེས་པ་འབྱུང་བའི་རྒྱུ་བྱེད་པ་དངོས་པོའི་ཆོས་ཉིད་ཡིན་ཏེ་སྔར་རྒྱས་པར་བསྟན་པ་བཞིན་ནོ། །དེ་ཕྱིར་དོན་དེ་ཡི་འབྲས་བུ་མེད་པ་དེ་མིན་རྣམ་པར་བྲལ་བའམ་གཞན་སེལ་བ་ཙམ་ཁྱད་པར་ཀུན་ལ་རྗེས་སུ་འགྲོ་བ་ཡིན་གྱི་རྗེས་སུ་འགྲོ་བའི་སྤྱི་དངོས་པོ་པ་གཅིག་ཡོད་པ་མ་ཡིན་ནོ། །གཞན་སེལ་དེ་གསལ་བའི་དངོས་པོ་རྣམས་ལ་


MR20_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དེ་ཡི་ཕྱིར་དངོས་པོ་ལ་མཉན་པ་གཅིག་ཐུན་མོང་དུ་འཇུག་པ་དེ་ནི་གཞན་སེལ་བ་དེ་ཡི་མཐའ་ཅན་ཏེ་དེ་ལ་མཐར་ཐུག་པ་ཡིན་ནོ། །འོ་ན་དངོས་པོའི་གཞན་སེལ་ལ་རེག་པས་སྒྲས་རང་མཚན་བརྗོད་པར་འགྱུར་ལ། དེ་ལྟར་ན་སྔར་རྣམ་པར་རྟོག་པའི་གཟུགས་བརྙན་སྒྲས་བརྗོད་བྱར་བཤད་པ་དང་། རང་མཚན་བརྗོད་བྱ་མིན་པར་བཤད་པ་དོན་མེད་དོ་ཞེ་ན། འདི་ལྟར་ཕྱི་རོལ་གྱི་རང་མཚན་དོན་བྱེད་ནུས་པ་གང་ཞིག་རང་མིན་རྣམ་པར་གཅོད་པའི་དོན་ལ་དངོས་སུ་རེག་པ་མེད་ཀྱང་རྗོད་བྱེད་ཀྱི་སྒྲ་དེ་ནི་བརྗོད་བྱ་དེར་སྣང་བ་རྣམ་པར་རྟོག་པའི་གཟུགས་བརྙན་དེ་དང་འབྲེལ་བ་ལྟར་སྣང་ལ། རྟོག་སྣང་དེ་ནི་རང་མཚན་དེ་ཡི་གཞན་སེལ་མཐར་ཐུག་པ་ཅན་རྣམས་དང་སྣང་བརྟག་བསྲེས་ནས་ཞེན་པའི་དབང་གིས་འབྲེལ་བ་དེས་ན་སྒྲས་རང་མཚན་གོ་བ་ནི་དོན་གྱི་གཞན་སེལ་ལ་མཐར་ཐུག་པའི་ཕྱིར་མཉན་པའམ་སྒྲ་ནི་བརྗོད་བྱ་ལས་གཞན་སེལ་བར་བྱེད་པའམ་དོན་གྱི་གཞན་སེལ་སྟོན་པར་བྱེད་པ་ཡིན་པར་བརྗོད་དོ། །གཉིས་པ་ལ། སྣང་བརྟག་ཕྱེ་ན་དེ་དངོས་མེད། །སྣང་བརྟག་བསྲེས་པས་བརྗོད་བྱར་རུང་། །དང་པོ། དོན་བུམ་པ་ལ་སོགས་པ་འདི་དག་རང་གི་ངོ་བོ་ཉིད་ཀྱིས་གཞན་ཀུན་ལས་ལྡོག་པ་ཅན་ཡིན་ལ། དེའི་དབང་གིས་དེ་མཐོང་བ་ན་ཡང་ཐུན་མིན་དེ་ལྟ་བུའི་ངོ་བོར་སྣང་ཞིང་། ཇི་ལྟར་སྣང་བའི་རྣམ་པ་དེ་ལྟ་བུ་རྟོག་ཡུལ་ན་ཡོད་པ་དེ་ལ་བུམ་པ་ཞེས་པའི་བརྡ་བྱས་པས་མིང་དོན་བསྲེས་ཏེ་གོམས་པ་ན་དངོས་པོ་རང་གི་ལྡོག་པ་ཇི་ལྟ་བ་བཞིན་དུ་བུམ་པ་ཞེས་པའི་སྒྲ་དག་གི་རྐྱེན་ལས་ཤེས་པ་ལ་གཞན་ཕྱི་རོལ་ལྟོ་ལྡིར་བ་ཅན་གྱི་གཟུགས་བརྙན་སྣང་བ་གང་དེའང་དོན་རང་མཚན་གྱི་བདག་ཉིད་མིན་ཀྱང་བློ་སྣང་དེ་ལ་ཡུལ་དེ་ཉིད་དུ་འཁྲུལ་བ་འབྱུང་ཞིང་དེ་འདྲའི་སྣང་བ་དེ་ཡང་སྔར་ཡུལ་དེ་ལྟ་བུ་ཉམས་


MR20_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱོང་བའི་བག་ཆགས་ལས་བྱུང་བ་ཡིན་ནོ། །གཙོ་བོ་ལ་སོགས་པའང་བདེ་སོགས་གཞན་མྱོང་བའི་རྣམ་པ་ལས་དེར་སྒྲོ་བཏགས་པའི་བློ་ཉིད་འབྱུང་བ་སྔར་བཤད་པ་བཞིན་ནོ། །དེས་ན་རང་གི་སྡེ་པ་ཁ་ཅིག་དོན་དམ་པར་སྒྲའི་བརྗོད་བྱ་ཡོད་དེ། ཤེས་པའི་རྣམ་པ་དེ་ཙམ་ཞིག་ནི་བུམ་པ་ཞེས་པའི་མཉན་པས་བརྗོད་པ་ཡིན་ནོ་ཞེ་ན། དེས་དོན་ལྟོ་ལྡིར་བའི་དངོས་པོ་རང་མཚན་གྱི་ཆ་གང་ཞིག་རྟོགས་པར་འགྱུར་ཏེ། ནང་གི་བློ་རྫས་དེ་ཙམ་བརྗོད་བྱར་བྱེད་པའི་བུམ་པ་ཞེས་ནམ་བརྗོད་པ་ན་སྣང་བརྟག་གཅིག་ཏུ་མི་འཁྲུལ་བར་བློ་སྣང་ཙམ་པོ་དེ་ལ་གོ་བ་ཞིག་ན། རང་སེམས་ཀྱི་ཉམས་མྱོང་བརྗོད་པ་ཙམ་ལས་ཕྱི་རོལ་གྱི་ཆུ་སྐྱོར་བའི་དངོས་པོ་ལེན་པ་སོགས་ལ་མི་འཇུག་པར་འགྱུར་རོ། །དེ་ལྟར་ཕྱི་རོལ་གྱི་བུམ་པ་དེ་དེའི་མིང་གིས་མ་རྟོགས་ན་ཕྱི་རོལ་གྱི་དོན་དེ་ཤེས་པར་བྱེད་པའི་དོན་ནམ་ཆེད་དུ་སྦྱར་བ་ཅན་གྱི་བརྡ་བྱེད་པ་ནི་དོན་མེད་པར་འགྱུར་ཏེ། མངོན་འདོད་ཀྱི་བརྗོད་བྱ་དེ་ལ་ནམ་ཡང་མི་གོ་བའི་ཕྱིར་རོ། །འཁྲུལ་ནས་འཇུག་གོ་ཞེ་ན་དོན་དམ་པར་བརྗོད་བྱ་མ་ཡིན་ཏེ་ཐ་སྙད་དུ་འགྱུར་རོ། །དེས་ན་སྒྲ་འདི་དག་གིས་དོན་གོ་བ་ཙམ་ནི་འཇིག་རྟེན་ན་མྱོང་བས་གྲུབ་པ་ཡིན་ལ། རྗོད་བྱེད་ཀྱི་སྒྲས་ཕྱི་རོལ་དོན་གྱི་ཆ་དག་ནི་ཅི་ཞིག་བརྗོད་པར་འདོད་ཅེས་འདྲི་བ་དེ་ལ་དོན་དེའི་དེ་མིན་གཞན་སེལ་བའི་ཆ་དེ་ཙམ་བརྗོད་པ་ཡིན་ཞེས་བརྗོད་པར་བྱ་སྟེ། དོན་རང་མཚན་དངོས་དང་དེ་ལ་རྗེས་སུ་འགྲོ་བའི་རིགས་དང་ཤེས་པའི་རང་མཚན་གང་ཡང་བརྗོད་བྱར་མི་འཐད་ལ། རྗོད་བྱེད་ཀྱི་སྒྲས་དེ་མིན་བསལ་བ་ཙམ་གོ་བར་བྱེད་ནུས་པའི་ཕྱིར་རོ། །དེ་ཡང་བུམ་སྒྲས་བུམ་མིན་བཅད་པས་བུམ་པ་ཙམ་གྱི་ལྡོག་པ་སྟོན་ལ་བུམ་མིན་བཅད་པ་དོན་ལ་ཡོད་པ་ཡིན་ནོ། །དེས་ན་ཞེན་པའི་དབང་


MR20_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རང་མཚན་བརྗོད་བྱར་འགྲོ་བའང་རྣམ་བཅད་ཀྱི་གནད་འདི་ལ་མཐར་ཐུག་པ་ཡིན་ནོ། །དེ་ལྟར་དཔྱད་ན་ཕྱི་དོན་རྐྱང་པ་དང་ནང་གི་བློ་རྣམ་ཡན་གར་བ་རེ་རེ་བརྗོད་བྱ་ཡིན་ན་བརྡ་དོན་གྲུབ་པ་མི་སྲིད་ལ། དེ་གཉིས་ལས་ཐ་དད་པའི་བརྗོད་བྱ་དེ་ནི་གཞན་ཕུང་གསུམ་པ་ཡང་མི་སྲིད་མོད། ཤིང་སྒྲས་ཤིང་མིན་ལས་ལོག་ཙམ་གྱི་གཞན་སེལ་བརྗོད་དོ་ཞེས་བྱ་སྟེ། དངོས་པོ་ལ་དེ་མིན་གཅོད་པ་ཙམ་འདི་གོ་བྱ་ཡིན་པར་གྲུབ་བོ། །དེ་ཡང་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་ནོ། །དེ་ཙམ་དུ་མ་ཟད་སྤྱི་ཞེས་པ་ཡང་གཞན་སེལ་དེ་ལ་མཐར་ཐུག་སྟེ། ལེགས་པར་དཔྱད་ན་རྟོག་པས་བཟུང་བའི་རྣམ་པ་དེ་ཡང་ཕྱི་དོན་ལ་མེད་ན་དེ་བརྗོད་པ་ནི་ཅི་ལྟར་ཕྱི་རོལ་གྱི་དོན་ལ་བརྟེན་པའམ་འབྲེལ་བ་ཡིན་ཏེ་དོན་ལ་འབྲེལ་བ་གང་ཡང་མེད་དོ། །གསལ་བ་ཀུན་ལ་མཚུངས་པར་འཇུག་པའམ་རྗེས་སུ་འགྲོ་བ་ཅན་གྱི་སྒྲས་བརྗོད་བྱ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་ཅན་དེ་ནི་གང་ཡིན་ཞེས་དཔྱད་ན། གཞན་དག་ནི་སྤྱི་ཞེས་བྱ་བ་ཡིན་པར་འདོད་ཀྱང་དེ་ནི་མི་སྲིད་ལ་དོན་གསལ་བ་རྣམས་ཕན་ཚུན་འདྲ་བ་ཅན་གྱི་དངོས་པོར་གནས་པ་དེ་ལ་བརྟེན་ནས་དེའི་འབྲས་བུ་རིགས་གཅིག་ཏུ་རྟོགས་པའི་སྤྱི་བློ་སྐྱེས་པའི་རྟོག་ཡུལ་གྱི་སྣང་བ་དེ་ཙམ་ཡིན་པར་གྲུབ་ལ། དེ་འདྲའི་བློ་སྣང་དེ་ནི་ཡུལ་དོན་གྱི་དངོས་པོ་དེ་དག་མཐོང་ཞིང་གོམས་པ་མཐུ་བརྟས་པས་སྤྲུལ་པ་ཙམ་དུ་གྱུར་པ་དེའང་དོན་དམ་པར་གསལ་བ་རྣམས་ལ་རྗེས་སུ་འགྲོ་བ་ཅུང་ཟད་ཀྱང་མེད་པ་ཅན་ཡིན་ཏེ། རང་གི་ནང་གི་བློ་ལས་ཐ་དད་པ་མེད་པའི་ཕྱིར་དོན་གཞན་ལ་རྗེས་སུ་འགྲོ་བར་མི་འགྱུར་རོ། །དེ་ལྟར་བརྟགས་ཤིང་དཔྱད་ནས་སྣང་བརྟག་ཕྱེ་ན་སྤྱི་དང་བརྗོད་བྱའི་དངོས་པོ་རང་མཚན་པ་གང་ཡང་མི་འགྲུབ་བོ། །གཉིས་པ། དོན་རང་མཚན་དེ་ཡི་


MR20_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་སྒྲོ༷་བཏགས་པའི་རྟོག་ཡུལ་དེ་ཉིད་རྟོགས་པ་ཡིས་དོན་དེ་ཉིད་གཞན་ཀུན་ལས་བཟློག་པ་ཡིན་པའི་རྣམ་པར་རྟོག་པའི་ཕྱིར་ཡང་ལོག་ལྡོག་གཅིག་གིས་གཅིག་གྲུབ་ཅིང་བློ་ངོར་སྣང་བརྟག་བསྲེས་པ་དེ་ཡི་དབང་དུ་བྱས་ནས་སྒྲ་དོན་ནམ་སྒྲས་བརྗོད་བྱ་གང་ཡིན་ཞེས་དཔྱད་པའི་སྐབས་སུ་རྟོག་པའི་སྣང་ཡུལ་དེ་ཉིད་ཡིན་པར་འདོད་ཅེས་བརྗོད་པ་དང་གཞན་སེལ་བརྗོད་བྱ་ཡིན་ཞེས་པ་ལ་ནི་འགལ་བ་མེད་དེ། སྤྱི་འཛིན་ཤེས་པ་གང་ཞིག་སྒྲ་ཡིས་ངེས་པར་སྤྲུལ་པ་དེ་དག་གཞན་ཀུན་ལས་ལོག་པར་སྣང་བ་ཉིད་ཀྱིས་ན་ཕྱི་རོལ་དོན་གྱི་ཆ་ལ་འདི་རྗེས་སུ་འགྲོ་བ་ལྟར་སྣང་བ་ཡིན་ཏེ། གཞན་ལས་ལོག་པ་ནི་དངོས་པོ་རང་རང་གི་ཆོས་ཉིད་ཡིན་པས་རྗེས་སུ་འགྲོ་བ་ཡིན་ནོ། །དེ་ལྟར་བརྗོད་བྱ་དང་རྗེས་སུ་འགྲོ་བ་ལྟ་བུའི་གནད་ཐམས་ཅད་ཀྱང་དོན་གྱི་གཞན་སེལ་ལ་མཐར་ཐུག་ཅིང་བློའི་གཞན་སེལ་གྱིས་མཚམས་སྦྱར་ནས་འཇུག་པ་ཡིན་པས་མཉན་པ་ནི་དེ་ལྟ་བུར་གཞན་སེལ་བར་བྱེད་པ་ཡིན་ནོ། །དེ་ཕྱིར་རང་མཚན་མཐོང་བཞིན་འདིའི་མིང་འདིའོ་ཞེས་བརྡ་བྱེད་པ་ཡི་དུས་ན་ཡང་དོན་རང་ཉིད་མཐོང་བའམ་ཤེས་ཤིང་ཐོབ་པར་འགྱུར་བའི་འབྲས་བུའམ་དགོས་པ་ཅན་དེ་དེའི་ཆེད་དུ་བརྡ་བྱེད་པ་ཡིན་པས་ན། ཇི་ལྟར་བསྟན་པའི་དོན་དེ་དང་མིང་དེ་འབྲེལ་བའི་ཕྱིར་རང་མིན་བཅད་པའི་གཞན་སེལ་ཉིད་སྒྲ་དང་འབྲེལ་བར་འགྱུར་གྱི་རང་མཚན་དང་འབྲེལ་བ་མ་ཡིན་ཏེ། དེ་ནི་ཕྱིས་དངོས་སུ་ཤེས་པ་སོགས་བྱར་མེད་དེ་སྐད་ཅིག་དེ་ཉིད་དུ་འགག་པས་ན་མིང་དང་འབྲེལ་བ་མེད་དོ། །མིང་བཏགས་པ་དེ་ནི་ཕྱིས་ཀྱང་དེ་འདྲའི་དོན་ལ་འབྲེལ་ཞིང་མིང་ལས་དོན་དེ་ཤེས་ཤིང་འཇུག་པའང་ཡོད་དོ། །དེས་ན་དངོས་པོ་གང་བརྟེན་ནས་མིང་བཏགས་པ་ན་མིང་དེ་དེ་མ་ཡིན་པའི་རིགས་


MR20_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་འཇུག་པར་མ་མཐོང་བ་ལ་ལྟོས་པ་སྟེ་མི་འཇུག་པའི་ཕྱོགས་ལ་ལྟོས་ནས་དེ་མི་འཇུག་པ་ཐོབ་དགོས་པ་དང་། རང་དང་རིགས་མཐུན་པའི་དངོས་པོ་ལ་ལར་མིང་དེ་མཐོང་བ་ལ་ལྟོས་པ་དེ་རིགས་མཐུན་དེ་ལ་ལྟོས་ནས་འཇུག་པ་ཡིན་ཏེ། མདོར་ན་མིང་དེའི་འཇུག་པ་དང་མི་འཇུག་པ་ནི་རིགས་མཐུན་མི་མཐུན་གྱི་ཕྱོགས་གཉིས་ལ་ལྟོས་པ་ཡིན་པའི་ཕྱིར། ལྟོས་པ་དེ་སོ་སོ་ནས་བསྟན་མི་དགོས་པར་རིགས་མཐུན་ལ་འཇུག་རིགས་མི་མཐུན་ལ་མི་འཇུག་པ་ཅིག་ཅར་གྲུབ་པ་དེ་ནི་དངོས་པོ་དེའི་གཞན་སེལ་བ་ཙམ་སྒྲ་དང་འབྲེལ་བའི་དབང་གིས་འགྱུར་གྱི་ལ་ལར་འཇུག་ལ་ལར་མི་འཇུག་པ་དེ་ནི་དངོས་པོའི་རང་མཚན་དང་འབྲེལ་བ་ལ་མི་རུང་སྟེ། བུམ་པའི་རང་མཚན་གཅིག་ལ་མིང་ཐོགས་ན་འདི་མ་ཡིན་པ་གཞན་བ་ལང་སོགས་ཀྱང་བུམ་པར་འགྱུར་རམ་སྙམ་དུ་མི་མཐུན་ཕྱོགས་ལ་འཇུག་པ་ཡང་མི་ཁེགས་ལ། ཡང་ན་མཐོང་བ་འདི་ཁོ་ན་བུམ་པའོ་ཞེས་པ་ལས་བུམ་པ་གཞན་ལ་མིང་དེ་འཇུག་པ་རང་ཤུགས་ཀྱིས་མི་འགྲུབ་ལ། འདི་ནི་འདི་འདྲའི་མཐུན་ཕྱོགས་མཐའ་དག་ལ་འཇུག་ཅེས་རིགས་མཐུན་པ་མཐའ་དག་སྟོན་པ་དང་། མི་མཐུན་པ་མཐའ་དག་བསྟན་ནས་འདི་ལ་མི་འཇུག་ཅེས་བསྟན་པར་ནི་སུས་ཀྱང་མི་ནུས་པས་སྒྲ་དང་རང་མཚན་འབྲེལ་མི་ནུས་ཏེ། རང་མཚན་ལ་བརྡ་སྦྱར་ཡང་མིང་ཐོགས་ཡུལ་གཞན་སེལ་ཙམ་དུ་གྲུབ་པའི་གནད་ཀྱིས་ཕྱོགས་གཉིས་མཐོང་བ་མེད་པར་འཇུག་ལྡོག་ཅིག་ཅར་འགྲུབ་པའི་དོན་དེ་ལྟ་བུ་ཡིན་པར་རིགས་པའི་ལམ་གྱིས་མཐོང་ངོ་། །གསུམ་པ་དོན་བསྡུ། གོང་དུ་བཤད་པ་དེ་ཕྱིར་རིགས་དང་ཡོན་ཏན་ལ་སོགས་པ་ལས་ཐ་དད་པའི་དེ་ལྡན་ཞེས་བྱ་བ་ནི་དོན་གྱི་སྟེང་ན་ཡོད་པ་མིན་ཏེ་དོན་ལ་ཐ་དད་དུ་མི་སྣང་བའི་ཕྱིར་རོ། །

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


MR20_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཁྱད་གཞི་བུམ་པ་སོགས་དོན་དང་ཁྱད་ཆོས་སྔོ་བསངས་སོགས་དེ་དག་ལ་འདི་འདིའིའོ་ཞེས་པའི་མཉན་པ་སྟེ་སྒྲ་འཇུག་པ་ནི་དོན་ལ་ཐ་དད་དུ་ཡོད་པ་དེ་ལ་དེ་བརྗོད་ཀྱི་སྒྲ་དེ་ལྟར་འབྲེལ་པའམ་རྟེན་པ་མིན་ཏེ་གཞན་ལས་ནི་ལྡོག་པ་ཉིད་ལ་དེ་དང་དེའི་སྒྲ་ཐ་དད་པ་སྦྱོར་གྱི་དོན་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་རིགས་སོགས་ཐ་དད་གཅིག་ཏུ་སྦྱོར་བ་ནི་རྟོག་པས་སྦྱར་གྱི་དོན་ལ་དེ་ལྟ་བུ་མི་སྲིད་པས་དོན་རང་མཚན་སྣང་བའི་དབང་ཤེས་ལ་དེ་འདྲའི་རྟོག་པ་མེད་དོ། །གཉིས་པ། མིང་སྦྱོར་རྟོག་པ་དགག་པ་ལ། །མཐོང་ལ་རྟོག་པ་མེད་ཚུལ་བརྗོད། །ཡོད་ན་ཧ་ཅང་ཐལ་བའོ། །དང་པོ། མཐོང་རྟོག་རྣམ་པ་འགལ་བར་བསྒྲུབ། །རྟོག་བཞིན་མཐོང་ལ་རྟོག་པ་མེད། །དང་པོ། མིང་སྦྱོར་རྟོག་པ་ནི་དབང་ཤེས་ཀྱིས་བུམ་པ་ལྟ་བུའི་དོན་མཐོང་བའི་ཚེ་བུམ་པའི་མིང་དང་བཅས་པ་འཛིན་པར་འདོད་པ་ཡིན་ནོ། །དེ་ལྟ་བུ་མི་འཐད་དེ། མིང་འཛིན་པའི་རྟོག་པ་ནི་དོན་གང་ཡིན་པའི་བརྡ་དྲན་པ་ཡི་རྒྱུ་མཚན་ཅན་གྱི་བློ་ཡིན་ལ། དེ་ཡང་འདྲེས་པའི་རྣམ་པ་ལ་དམིགས་པ་ཅན་ཡིན་པས་སྔ་ཕྱིར་མཐོང་བ་གཅིག་ཏུ་སྲེ་བར་བྱེད་པའི་བདག་ཉིད་ཅན་ཡིན་ལ། དེ་དང་འགལ་བ་སྔ་ཕྱི་གཅིག་ཏུ་འཛིན་པས་སྟོང་པ་ཡི་མིག་ཤེས་སོགས་རང་མཚན་མཐོང་བའི་དབང་ཤེས་ལ་ནི་མིང་གིས་བསྐྱེད་པའི་རྟོག་པ་དེ་ཇི་ལྟར་ཡོད་དེ། དེས་རང་དུས་ཀྱི་སྣང་བ་མ་འདྲེས་པ་དེ་ཙམ་འཛིན་གྱི་སྔ་ཕྱི་བསྲེ་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང་གཞན་དུ་ཧ་ཅང་ཐལ། །དང་པོ། མཐོང་བཞིན་པའི་དངོས་པོ་དེ་མ་ཡིན་པ་འདས་སོགས་དོན་གཞན་ལ་རྟོག་པ་འཇུག་བཞིན་པའི་སེམས་ཡོད་པ་ཅན་གྱི་ཡང་དེའི་སྐབས་སུ་མིག་གིས་རྟོག་ཡུལ་དེ་མ་ཡིན་པའི་


MR20_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དག་མཐོང་བ་རྒྱུན་མི་འཆད་པར་གྱུར་པ་དེར་ནི་གསལ་བར་མཐོང་བཞིན་པ་དེ་ཡི་བརྡ་མི་འཛིན་ཏེ། རྟོག་གཉིས་ཅིག་ཅར་མི་འཇུག་པར་མྱོང་བས་གྲུབ་པས་སོ། །དེས་ན་མཐོང་བཞིན་པ་དེ་ལ་དེ་ཁོ་རང་གི་བརྡ་དེས་བསྐྱེད་པའི་རྟོག་པའང་མེད་དེ། ཀ་བ་ལ་རྟོག་བཞིན་བུམ་པ་མཐོང་བ་ན་བུམ་སྣང་ཙམ་ལས་བུམ་པའོ་སྙམ་དུ་རྟོག་པ་མེད་དོ། །གཉིས་པ། དབང་ཤེས་ཡིན་ནོ་ཅོག་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཡིན་ན་ཧ་ཅང་ཐལ་ཏེ། ཡུལ་གང་ལ་དེ་ཡི་བརྡར་གྱུར་པའི་སྒྲ་ནི་ངེས་པར་འགོད་པ་ན་བརྡ་ཡུལ་གང་ཡིན་པ་དེ་ལ་རྟོག་པ་སྐྱེ་བར་འགྱུར་བ་ཡིན་པ་དེས་ན་དབང་སྐྱེས་ཀྱི་བློ་ཡང་ཡུལ་རང་མཚན་མེད་ཀྱང་བརྡ་དང་རྩོལ་བ་ཙམ་གྱི་རང་གི་འདོད་པ་ཡིས་གར་ཡང་འཇུག་པར་འགྱུར་ཏེ་དཔེར་ན་རྟོག་བཅས་ཀྱི་བློ་བཞིན་ནོ། །དེ་ལྟ་ན་ཕྱི་རོལ་གྱི་དོན་དངོས་སུ་གསལ་བར་མཐོང་བར་མི་འགྱུར་ཏེ། འདོད་པས་འཇུག་པ་ཙམ་གྱི་ཡུལ་ཅན་ཡིན་གྱི་གཟུང་དོན་ལ་ལྟོས་མི་དགོས་པའི་ཤེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གཟུང་དོན་མཐོང་བ་ན་དེའི་བརྡ་འཛིན་གྱི་གཟུང་དོན་མེད་པར་ཡིད་རྟོག་བཅས་བཞིན་དུ་མི་འཛིན་ནོ་ཞེ་ན། དེ་གཟུང་དོན་གྱི་ཡུལ་ཅན་ཡིན་ན་བརྡ་ལ་ཅི་ཞིག་ལྟོས་ཏེ་དོན་རང་གི་ངོ་བོ་སྣང་བ་ཙམ་དུ་ཟད་དོ། །དེ་ལྟར་མིན་ན་སུ་ཡང་བརྡ་ལ་རྨོངས་མི་སྲིད་དེ་བརྡ་མི་ཤེས་པ་དུད་འགྲོ་སོགས་ཀྱི་དབང་ཤེས་ཀྱིས་ཀྱང་བརྡ་འཛིན་པས་བརྡ་བྱེད་པ་ལ་མི་ལྟོས་པར་ཀུན་ཤེས་པར་ཐལ་ལོ། །འདིར་ནི་སྒྲ་དོན་འདྲེས་འཛིན་ཁོ་ནས་ཆོག་གི་འདྲེས་རུང་མི་དགོས་ཏེ་མིང་དང་དངོས་སུ་སྦྱོར་བ་ལ་འདྲེས་རུང་ཙམ་གྱིས་མི་འཐུས་པའི་ཕྱིར་རོ། །གཉིས་པ་ཤེས་པ་ཐམས་ཅད་རྟོག་བཅས་ཡིན་ན་ཧ་ཅང་ཐལ་བ་ལ། ཡུལ་ཅན་འཛིན་རྣམ་མྱོང་མེད་ཐལ། །སྤྱོད་ཡུལ་རང་མཚན་མི་རྟོགས་པའོ། །


MR20_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། རང་རིག་མེད་པར་ཐལ་བ་དང་། །དེས་ན་ཧ་ཅང་ཐལ་བ་བརྗོད། །དེ་ཕྱིར་རྟོག་མེད་གྲུབ་ཚུལ་ལོ། །དང་པོ་ལ། རང་རིག་མེད་པས་མྱོང་མི་འཐད། །དེ་ཡི་ཉེས་སྤོང་ལན་དགག་པའོ། །དང་པོ། གཟུགས་མཐོང་བ་ལ་གཟུགས་སོ་ཞེས་རྟོག་པ་དང་བཅས་པར་མཐོང་བ་ཡིན་ན་གཟུགས་དེ་འཛིན་པའི་བློ་ནི་འདི་ལྟ་བུའོ་ཞེས་ནི་དུས་དེར་ཅི་ལྟར་མཐོང་སྟེ་གཟུགས་མཐོང་བའི་རྟོག་བཅས་དང་གཟུགས་འཛིན་གྱི་བློ་མཐོང་བའི་རྟོག་བཅས་གཉིས་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །གཟུགས་འཛིན་པའི་བློ་དེ་རང་བློས་མངོན་སུམ་མཐོང་བ་མི་སྲིད་དོ་ཞེ་ན། ཡུལ་ཅན་བློ་འདི་དང་འདི་ལྟ་བུ་བྱུང་ངོ་ཞེས་བློ་དེ་ཡི་རྣམ་པ་རང་གིས་ཉམས་སུ་མྱོང་བའང་བསྙོན་མེད་དུ་ཡོད་ན། དེ་མ་མྱོང་ཞེས་ཇི་ལྟར་དགག་པར་ནུས་ཏེ། ཐ་སྙད་དཔྱོད་པའི་སྐབས་འདིར་རྟགས་དང་ལོ་རྒྱུས་སོགས་ལ་ལྟོས་མི་དགོས་པར་མྱོང་སྟོབས་ཀྱིས་ཡུལ་གང་ལ་སྒྲོ༷་འདོགས་གཅོད་ནུས་པ་འདི་མངོན་སུམ་དུ་མ་གྱུར་ན་སྔོན་པོ་ལའང་མིག་ཤེས་མངོན་སུམ་དུ་མི་འགྱུར་རོ། །ཡུལ་སྔོན་པོ་མངོན་སུམ་གྱིས་མྱོང་བ་འདི་དང་འདྲ་བར་རང་བློ་གང་སྐྱེས་པ་འདི་ལའང་སོམ་ཉི་ཟ་མི་དགོས་པར་ལྐོག་ཏུ་མ་གྱུར་པ་འདི་ལྟ་བུར་གྲུབ་བཞིན་རང་རིག་མེད་ཅེས་པ་ནི་རྫས་ལག་ན་ཐོགས་བཞིན་བདག་གིས་མ་ཁྱེར་རོ་ཞེས་སྨྲ་བ་ལྟ་བུའི་མངོན་སུམ་ལ་བསྙོན་འདིང་བའི་རྫུན་པོ་ཆེའི་བས་གཏོང་བ་ནི་འཇིག་རྟེན་དུ་ཡང་མི་མཛེས་ན་རིགས་པ་སྨྲ་བ་ལ་ལྟ་ཅི་སྨོས། དེས་ན་དེ་ལྟ་བུ་སྨྲ་བར་མི་ནུས་སོ། །མཐོང་མྱོང་གི་ཐ་སྙད་བསྙོན་མེད་འདི་ཙམ་ལས་དབུ་མའི་གཞུང་ན་བསྟན་པ་ལྟར་དོན་དམ་དཔྱོད་པས་དཔྱད་ན་མི་འགྲུབ་པ་ནི་གཞན་རིག་ལའང་མཚུངས་སོ། །དེ་ལྟ་ན་གཟུགས་འཛིན་མྱོང་བ་དེ་ནི་ཤེས་པ་ཐམས་ཅད་རྟོག་


MR20_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སུ་སྨྲ་བ་ཁྱོད་ལྟར་ན་རྟོག་མེད་ཅི་ལྟར་ཡིན་ཏེ་རྟོག་བཅས་སུ་འགྱུར་རོ། །གཉིས་པ་ལ། རང་མྱོང་འགོག་དང་གཞན་མྱོང་འགོག །དང་པོ། གཟུགས་འཛིན་དེ་ཉིད་ཀྱིས་རང་གིས་རང་མྱོང་བ་ཡིན་ན་ནི་ཁྱོད་ལྟར་ན་དེ་གཉིས་ཀ་ཡང་རྟོག་བཅས་ཡིན་ན་རྟོག་གཉིས་ཅིག་ཅར་མཐོང་བ་མེད་པས་དེ་ལྟར་མྱོང་མི་སྲིད་དོ། །གཉིས་པ་ལ། དུས་མཉམ་དང་ནི་མི་མཉམ་གཉིས། །དང་པོ། རྟོག་གཉིས་ཅིག་ཅར་མི་སྲིད་པར་བསྟན་པ་དེས་ནི་གཟུགས་འཛིན་ཤེས་པ་རང་དང་དུས་མཚུངས་པའི་རྣམ་པར་ཤེས་པ་གཞན་གྱིས་དེ་མྱོང་བ་མེད་པར་ཡང་བསྟན་པ་ཡིན་ཏེ་སྐྱེས་བུ་གཅིག་གི་རྒྱུད་ཀྱི་ཤེས་པ་ལ་རྟོག་གཉིས་ཅིག་ཅར་སྐྱེ་མི་སྲིད་པས་སོ། །གཞན་ཡང་རྟོག་པ་མེད་དུ་ཆུག་ནའང་གཞན་གྱིས་མྱོང་བ་ཡིན་ན་ཐུག་མེད་དུ་འགྱུར་བའི་ཚུལ་འོག་ཏུ་རྒྱས་པར་སྟོན་པར་འགྱུར་རོ། །གཉིས་པ། གལ་ཏེ་གཟུགས་འཛིན་དེ་རང་གིས་མྱོང་བ་དང་དུས་མཉམ་པའི་ཤེས་པ་གཞན་གྱིས་མྱོང་བ་གཉིས་ཀ་མིན་ཡང་འདས་པ་དེ་དྲན་པ་ཙམ་ཡིན་ནོ་ཞེ་ན། དོན་རིག་མ་མྱོངས་པར་འདས་པ་ལ་ནི་ཕྱིས་དྲན་པར་འགྱུར་བ་ཞེས་པ་དེ་མི་འཐད་དེ། སྔར་ནམ་ཡང་ཉམས་སུ་མྱོང་བ་མེད་པ་ལ་དྲན་པ་དེ་ཇི་ལྟར་སྐྱེ་སྟེ་དྲན་རྒྱུ་མེད་པའི་ཕྱིར་རོ། །མ་མྱོངས་ཀྱང་དྲན་ན་ཐམས་ཅད་དྲན་པར་ཐལ་ལོ། །འོ་ན་སྔར་འདས་པའི་འཁོར་ལོས་སྒྱུར་བ་དང་སངས་རྒྱས་ལ་སོགས་པ་ཇི་ལྟར་དྲན་ཞེ་ན། དེ་འདྲ་ལ་དྲན་པ་ཞེས་མི་བྱ་སྟེ་འདས་པའི་དུས་ཀྱི་དངོས་པོ་ལ་རྟོག་པ་ཞེས་བྱའོ། །དེ་འདྲ་བ་ནི་མ་འོངས་པའི་དངོས་པོ་ལ་ཡང་ཡོད་པ་ཡིན་ནོ། །སྐབས་འགའ་ཞིག་ཏུ་འདས་པའི་རྟོག་པ་ཐམས་ཅད་ལ་དྲན་པའི་མིང་གིས་བཏགས་པ་ཡོད་ན་ཡང་སྐབས་འདིར་བཤད་པ་རང་གིས་ཉམས་སུ་མྱོང་བ་དྲན་པ་དང་མི་འདྲ་སྟེ་བྱེ་བྲག་གི་མིང་


MR20_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལ་བརྟགས་པ་ཙམ་དུ་ཤེས་པར་བྱའོ། །དེ་ཡང་དངོས་པོ་འདས་པ་ཡིན་པ་ལ་ཁྱད་མེད་ཀྱང་སྔར་རང་གིས་མྱོང་བའི་དངོས་པོ་རྣམས་ད་ལྟ་དྲན་དུ་ཡོད་ལ། གཞན་དྲན་དུ་མེད་པའི་ཁྱད་པར་མྱོང་བས་གྲུབ་པ་འདི་ལ་བརྩད་དུ་ཅི་ཞིག་ཡོད། གཉིས་པ་རང་རིག་མེད་ན་ཧ་ཅང་ཐལ་བ་ལ། རང་གཞན་བློ་གཉིས་རྟོགས་ཚུལ་གཅིག །དོན་རིག་འདས་པ་སྒྲུབ་བྱེད་མེད། །དང་པོ། རང་བློ་རང་གིས་ཉམས་སུ་མྱོང་བ་མེད་ན་གཟུགས་འཛིན་སོགས་རང་བློའི་ངོ་བོ་ཅི་ལྟ་བུ་ཡིན་པ་དང་། དེ་རང་རྒྱུད་ལ་སྐྱེས་སམ་མ་སྐྱེས་སོགས་ཡོངས་སུ་གཅོད་པའི་བློ་དང་། གཞན་གྱི་རྒྱུད་ལ་དེ་ལྟ་བུའི་བློ་ཇི་ལྟར་སྐྱེས་པ་སོགས་ཡོངས་སུ་གཅོད་ཚུལ་གྱི་ངོ་བོ་ལ་གཅོད་ནུས་མི་ནུས་ཀྱི་ཁྱད་མེད་པར་གཅིག་པར་འགྱུར་ཏེ། རང་གི་བློ་ཡིན་ཀྱང་རུང་ཉམས་སུ་མ་མྱོངས་པ་དེ་ནི་ཇི་ལྟ་བུ་ཡིན་པ་སོགས་ཤེས་པར་མི་ནུས་ཏེ། རང་གི་དོན་སྙིང་དང་གཞན་གྱི་དོན་སྙིང་གི་དབྱིབས་སོགས་ཇི་འདྲ་བ་དཔྱད་པའི་ཚེ་ན་གཅོད་ནུས་མི་ནུས་ལ་ཁྱད་མེད་པ་བཞིན་ནོ། །དེས་ན་དེ་བཞིན་གཤེགས་པས་ཀྱང་གཞན་གྱི་རྒྱུད་ཚོད་གཞན་གྱིས་མི་བཟུང་བར་གསུངས་ཀྱི་རང་གི་རྒྱུད་ཚོད་ཀྱང་རང་གིས་མི་ཟིན་པར་མ་གསུངས་པ་འདིས་ཀྱང་རང་རིག་ཡོད་པར་བསྟན་པ་ཡིན་ནོ། །གཉིས་པ་ལ། དངོས་དང་གཞན་གྱི་ལན་འགོག་པ། དང་པོ། དེ་ལྟར་རང་རིག་མེད་ཅིང་དུས་མཉམ་པ་དང་མི་མཉམ་པའི་ཤེས་པ་གཞན་གྱི་མངོན་སུམ་དུ་མ་གྲུབ་ན་རང་རྒྱུད་ལ་དོན་རིག་པ་སྔར་བྱུང་ནས་འདས་པ་དེ་ཡོད་པར་སྒྲུབ་པའི་རྗེས་དཔག་ཀྱང་མེད་དེ། རང་གི་རྒྱུད་ལ་དེ་འདྲའི་དོན་རིག་ཡོད་པ་ནམ་ཡང་མ་མཐོང་བས་དོན་རིག་སྒྲུབ་པའི་མཐུན་དཔེ་ཡང་དག་པ་དག་དང་བྲལ་ཞིང་དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཡང་ནི་ཡོད་པ་མིན་ཏེ་དེ་ལྟ་ན་དེ་ཅིས་


MR20_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྟེ་གྲུབ་པར་མི་འགྱུར་རོ། །གང་གི་ཕྱིར་རྟགས་མི་སྲིད་པ་ཡིན་ཞེ་ན། ཕྱོགས་ཆོས་གྲུབ་པའི་རྟེན་དུ་གྱུར་པ་ཆོས་ཅན་དོན་རིག་དེ་ལ་ནི་ནམ་ཡང་དེ་འཛིན་གྱི་བློས་མངོན་སུམ་དུ་གཞལ་བ་མ་ཡིན་པས་ན་དེ་རྟགས་ཅན་མིན་ཏེ་སྒྲུབ་རྟགས་ནི་འབྲེལ་བའི་དབང་གིས་འགྲུབ་པ་ཡིན་ན་འབྲེལ་ཡུལ་ནམ་ཡང་མཐོང་མ་མྱོང་བ་དེ་ལ་རྟགས་སུ་གྱུར་པ་ཅི་ཡིན་པའང་ཤེས་པར་མི་འགྱུར་རོ། །དེས་ན་ཀུན་ཏུ་ཐ་སྙད་པའི་ཚད་མའི་སྐབས་ན་ཡུལ་སྔོ་སོགས་གཞན་རིག་མངོན་སུམ་གྱིས་གྲུབ་པས་བརྩད་དུ་མེད་པ་བཞིན་ཡུལ་ཅན་ཤེས་པ་རང་རིག་གིས་གྲུབ་པས་མྱོང་བའི་ཐ་སྙད་འདི་ལ་བརྒལ་བརྟག་བྱར་མེད་པ་ཡིན་གྱི་ཡུལ་ཅན་ཚད་མས་མ་གྲུབ་པར་ཡུལ་ཚད་མས་གྲུབ་པར་སྨྲ་བ་ནི་མིག་མི་འདོད་ལ་སྔོན་པོ་མཐོང་བར་འདོད་པ་དང་འདྲའོ། །ཡུལ་ཅན་ཚད་མས་གྲུབ་པར་འདོད་ན་ནི་མངོན་རྗེས་གང་རུང་གིས་འགྲུབ་དགོས་ལ་མངོན་སུམ་སྔོན་དུ་མ་སོང་བའི་རྗེས་དཔག་ཁོ་ནས་འདི་མི་འགྲུབ་ཚུལ་བཤད་མ་ཐག་པ་ལྟར་ལ། མངོན་སུམ་གྱིས་གྲུབ་ན་ནི་རང་རིག་མ་གཏོགས་པར་གཞན་རིག་གིས་མི་འགྲུབ་ཚུལ་བཤད་མ་ཐག་པ་དང་འོག་ཏུ་རྒྱ་ཆེར་འཆད་པར་འགྱུར་རོ། །གཉིས་པ། ཤེས་པ་ཐམས་ཅད་རྟོག་བཅས་སུ་ཁས་ལེན་པའི་ལུགས་ལ་གཟུགས་མཐོང་བཞིན་པའི་རྒྱུན་མ་འགག་པའི་སྐབས་སུ་རྟོག་གཉིས་ཅིག་ཅར་འཇུག་པ་མི་སྲིད་པས་ན། གལ་ཏེ་དོན་རིག་འདས་པ་དེ་ཡི་ངོ་བོར་ནི་སྣང་བ་ཅན་རང་གི་ཕྱི་ལོགས་དེ་མ་ཐག་ཏུ་བྱུང་བར་གཞན་གྱིས་མ་ཆོད་པའི་བློས་དཔེར་ན་མདོ་སྡེ་བའི་ལུགས་ལ་ཡུལ་དབང་ཤེས་གསུམ་ཚོགས་པའི་དེ་མ་ཐག་ཏུ་གཟུགས་སོགས་སྐད་ཅིག་སྔ་མ་དེ་འགགས་ཀྱང་དེའི་རྣམ་པ་འཛིན་པའི་ཤེས་པ་འབྱུང་བ་བཞིན་དུ་རང་རྒྱུད་ཀྱི་དོན་རིག་དེ་ཡང་བློ་གཞན་དེས་འཛིན་པར་འགྱུར་རོ་ཞེ་ན། དེས་རང་གི་སྔ་ལོགས་སུ་བྱུང་བའི་


MR20_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རིག་དེ་འཛིན་དུ་ཆུག་མོད། དེའི་སྔ་མར་བྱུང་བའི་བློ་ཇི་སྙེད་པ་དེ་ནི་འཛིན་པར་མི་འགྱུར་ཏེ། དེ་རྣམས་ནི་མ་བཟུང་བར་འགགས་ཟིན་པའི་ཕྱིར་རོ། །དེ་ལྟར་འདོད་མི་ནུས་ཏེ། རང་བློ་གང་ཇི་སྙེད་སྐྱེས་པའི་གོ་རིམ་བཞིན་དྲན་པ་སྐྱེ་བ་ཡོད་པའི་མངོན་སུམ་གྱིས་གནོད་དོ། །གསུམ་པ་དེ་ལས་རྟོག་མེད་གྲུབ་ཚུལ། དེ་ལྟར་དཔྱད་པས་རང་རིག་མེད་པ་མི་རུང་ལ། དེ་རྟོག་བཅས་ཡིན་ན་མི་འཐད་པའི་ཚུལ་རིགས་པས་གྲུབ་པ་དེས་ན་རང་རིག་རྟོག་མེད་དུ་གྲུབ་ལ། ཇི་ལྟར་གཟུགས་འཛིན་རང་གི་ཡུལ་ཅན་གྱི་རྣམ་ཤེས་མ་འཁྲུལ་པའི་ཉམས་མྱོང་དེ་ལ་རྟོག་པ་མེད་པར་གྲུབ་པ་དེ་བཞིན་རང་མཚན་བརྡ་བྱ་བར་མི་ནུས་པའི་ཡུལ་ཅན་གཟུགས་འཛིན་ལ་སོགས་པ་གཞན་ཡང་རྟོག་པ་མེད་པར་འགྱུར་རོ། །གཉིས་པ་སྤྱོད་ཡུལ་རང་མཚན་མི་རྟོག་པར་ཐལ་བ་ལ། དངོས་དང་དེ་ཡི་ལན་འགོག་པའོ། །དང་པོ། ཤེས་པ་ཀུན་རྟོག་བཅས་སུ་སྨྲ་བ་ཁྱེད་ལྟར་ན། འདྲེས་པ་སྤྱི༷་བརྗོད་པའི་ངང་ཚུལ་ཅན་གྱི་སྒྲ་དང་རྟོག་པའང་སྒྲ་དེ་དང་དོན་གཅིག་པ་སྤྱི་ཙམ་གྱི་ཡུལ་ཅན་ཡིན་ན་དང་། སྐྱེས་བུའི་ཤེས་པ་ལ་རྟོག་པ་མེད་པ་མེད་པར་འདོད་ན་ནི་ཤེས་པ་ཐམས་ཅད་སྤྱི་འབའ་ཞིག་གི་ཡུལ་ཅན་དུ་གྱུར་པས་ཁྱད་པར་རང་མཚན་བློ་གང་གིས་རྟོགས་པར་འགྱུར་ཏེ། རང་ཡུལ་སྤྱི་དེ་སྤངས་ནས་རང་མཚན་རྟོགས་པའི་བློ་མི་སྲིད་པར་འགྱུར་བ་ནི་དཔེར་ན་སྒྲ་བློ་བཞིན་ནོ། །གཉིས་པ་ལ། རྟོག་མེད་ཡོད་ན་འདོད་པ་གྲུབ། །ཡོད་ཀྱང་རྟོག་པར་རྟེན་པ་མིན། །དང་པོ། གལ་ཏེ་རྟོག་བཅས་སྤྱི་ཡི་ཡུལ་ཅན་ཁོ་ན་མིན་ཏེ་རྟོག་མེད་རང་མཚན་ཡུལ་དུ་བྱེད་པའི་བློ་འགའ་ཞིག་ཀྱང་ཡོད་དོ་ཞེ་ན། རྟོག་མེད་དེ་དང་རྐྱེན་གསུམ་པོ་མཚུངས་པའི་རྒྱུ་ཅན་ཡིན་པས་དབང་ཤེས་མ་འཁྲུལ་པ་ཐམས་ཅད་ཀྱང་དེ་བཞིན་རྟོག་པ་མེད་པར་


MR20_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། འབྲས་བུའི་བདག་ཉིད་ཐ་དད་པ་ནི་རྒྱུ་ཐ་དད་པའི་དབང་ལས་ཡིན་པའི་ཕྱིར་རོ། །དེས་ན་གཟུང་དོན་རང་མཚན་ལས་སྐྱེས་པ་དེ་ནི་སྤྱིའི་ཡུལ་ཅན་མིན་པ་ལ་ཁྱད་པར་གང་ཡང་མེད་པར་འགྱུར་རོ། །གཉིས་པ་ལ། རྒྱུ་ལས་མཐོང་རྟོག་ཐ་དད་བསྒྲུབ། །དེ་ཕྱིར་ལྟོས་པ་མི་འཐད་པ། །དེས་ན་དབང་ཤེས་རྒྱུ་གཞན་ཁེགས། །དང་པོ། མངོན་སུམ་མཐོང་བ་དང་རྟོག་པའི་བློ་ཐ་དད་པ་ཡིན་ཏེ་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་རོ། །ཇི་ལྟར་ན་རྟོག་པ་ནི་ཕྱི་རོལ་དོན་ལ་ལྟོས་པ་མེད་པར་མིང་བརྡ་ཙམ་དྲན་པ་ལས་ཡིད་ཡུལ་དུ་སྣང་བ་དེ་སྦྱོར་བའམ་སྐྱེད་པ་ཡིན་ལ། རྒྱུ་དེ་ལས་དེ་སྐྱེ་བ་དེ་བཞིན་དུ་བརྡ་ལ་ལྟོས་པ་མེད་པར་དོན་རང་མཚན་གྱི་དངོས་པོའི་ནུས་པ་ཉིད་ལས་མིག་བློར་འགྱུར་བ་ཡིན་ནོ། །དེས་ན་རྒྱུ་ཐ་དད་པའི་འབྲས་བུ་དེ་གཅིག་ལ་གཅིག་འདྲེ་བ་མེད་དེ་གྲོ་དང་ནས་ཀྱི་ས་བོན་ལས་བྱུང་བའི་མྱུ་གུ་བཞིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་ཉེས་སྤོང་དགག །དང་པོ། གལ་ཏེ་ཡུལ་གཟུགས་རང་མཚན་ནི་རང་གི་བརྡ་དྲན་པ་ལ་ལྟོས་ནས་དབང་པོའི་བློ་དག་ལ་སྐྱེད་པའི་ནུས་པ་ཡོད་པར་འགྱུར་གྱིས་བརྡ་དྲན་དང་མ་ཚོགས་ན་རང་ཁོ་ནས་ལྟོས་པ་མེད་པར་དབང་བློ་སྐྱེད་པ་མ་ཡིན་ནོ་ཞེ་ན། ཇི་ལྟར་རྟགས་འཛིན་སེམས་སྐྱེ་བ་ནི་རྟགས་ཀྱི་དངོས་པོ་མཐོང་བ་ཙམ་ལས་མ་ཡིན་པར་རྟགས་སུ་དྲན་པ་མེད་ན་མི་འབྱུང་བ་དེ་བཞིན་འདིར་ཡང་གཟུགས་ཀྱི་བློ་སྐྱེ་བ་ནི་གཟུགས་ཀྱི་བརྡ་དྲན་པ་ཁོ་ན་ཉིད་ལ་འགྱུར་གྱི་གཞན་ལ་མེད་པར་འགྱུར་དགོས་ཀྱང་བརྡ་མ་དྲན་པ་དང་བརྡ་མི་ཤེས་པ་དག་ལའང་གཟུགས་མཐོང་བ་ཙམ་གྱིས་དེ་བློ་སྐྱེ་བར་མཐོང་བས་བསལ་བ་ཡིན་ནོ། །གཞན་ཡང་གཟུགས་དེ་མཐོང་བ་གཞན་དྲན་བྱེད་དུ་འགྱུར་གྱི་རང་ལ་རྟོག་པར་མི་འགྱུར་ཞེས་ཀྱང་བཤད། གལ་ཏེ་བརྡ་དྲན་པ་དེ་ནི་དོན་དེ་མཐོང་བ་ཙམ་དང་རང་ཆས་


MR20_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲེལ་ནས་སྐྱེ་བའི་ཕྱིར་བརྡ་དྲན་མེད་པ་མི་སྲིད་དོ་ཞེ་ན། དེ་འབྲེལ་ནས་སྐྱེ་བ་དེའི་ཕྱིར་གཟུང་དོན་ཉེ་བར་མེད་ཀྱང་བརྡ་དྲན་པ་ཙམ་ལས་དབང་བློ་སྐྱེ་བར་འགྱུར་བའམ། དེ་མི་སྐྱེ་ན་ནི་ལྷན་ཅིག་སྐྱེ་བའི་ངེས་པ་མེད་པས་གཟུགས་མཐོང་བའི་བློ་ཡོད་ཀྱང་བརྡ་དྲན་སྐྱེ་བ་མིན་ལ། ཡུལ་དབང་ཡིད་བྱེད་ཚོགས་པའི་དུས་དེར་མི་སྐྱེ་བར་དེ་ལས་དུས་གཞན་ཕྱིས་སུ་བརྡ་ནམ་དྲན་པ་དེ་ཉིད་དུ་ཡང་སྐྱེ་བར་འགྱུར་ཏེ། ཡུལ་ཉེ་བ་ན་ཡོད་ལ་དབང་པོ་གཏད་ཀྱང་སྐབས་ལ་ལར་ཡིད་དོན་གཞན་ལ་རྣམ་པར་གཡེང་ནས་མཐོང་བའི་དངོས་པོ་དེའི་བརྡ་མི་འཛིན་པ་སྲིད་པའི་ཕྱིར་རོ། །ཡིད་ཀྱིས་བརྡ་མི་འཛིན་པ་དེའི་ཚེ་མངོན་སུམ་གྱི་ཡུལ་དེའི་བློ་འགག་དགོས་ཀྱང་དེ་མི་འགག་པར་མངོན་སུམ་མཐོང་ཞིང་སླར་ཡང་དེའི་བརྡ་དྲན་པ་ནའང་ཡུལ་མཐོང་བ་སྔར་དང་ཁྱད་མེད་པས་ན་དབང་བློ་བརྡ་དྲན་པ་ལ་ཅུང་ཟད་ཀྱང་ལྟོས་པ་མེད་དོ། །གཉིས་པ་ལ། ཐལ་པ་འགོད་དང་དེའི་ལན་འགོག །དང་པོ། གལ་ཏེ་ཡུལ་གཟུགས་གཅིག་པུ་དེ་ཉིད་རིམ་གྱིས་བརྡ་དྲན་གྱི་བློ་དང་དབང་བློ་གཉིས་ཀའི་རྒྱུ་ཡིན་ནོ་ཞེ་ན། དེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན། དང་པོ་ལྟར་ན་སྔ་ཕྱིར་ཁྱད་པར་ཐ་དད་པ་མེད་ཕྱིར་སྔར་ཉིད་དུ་དབང་བློ་སྐྱེད་པར་འགྱུར་རོ། །རྟག་པ་མིན་ཀྱང་སྔ་ཕྱི་གཟུགས་ཉིད་དུ་འདྲ་བས་ཐལ་བ་འདི་རྟག་མི་རྟག་ཐུན་མོང་ལ་འཇུག་གོ། །གཉིས་པ་ལྟར་དབང་བློའི་བློ་རྒྱུ་སྔ་མ་བརྡ་དྲན་གྱི་བློ་སྐྱེད་པའི་གཟུགས་དེ་ལས་གཞན་པའི་སྐད་ཅིག་ཕྱི་མ་ཞིག་ཡིན་ན་དེ་ལ་དྲན་པ་དོན་མེད་དུ་འགྱུར་ཏེ། དེས་དྲན་པ་ལ་མི་ལྟོས་པར་རང་བློ་སྐྱེད་པའི་ཕྱིར། བརྡ་དྲན་པ་ནི་ཇི་ལྟར་བརྡར་བཏགས་པ་དེ་ཉིད་བློ་ངོར་གྲུབ་པའི་དོན་དུ་འདོད་པ་དང་། ཁྱད་པར་རང་མཚན་ནི་བརྡར་བཏགས་པ་མེད་པར་འཛིན་པ་ཡིན་ན་ཁྱད་པར་འཛིན་པ་དེ་


MR20_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྡ་དྲན་པ་ལ་དོན་ནམ་དགོས་པ་ཅི་ཡོད་དེ་གང་ཡང་ལྟོས་པ་མེད་དོ། །བཤད་མ་ཐག་པའི་ཁྱད་པར་དེ་ལྟ་བུ་མེད་ན་ནི་དེ་གཉིས་ཀྱི་དབྱེ་བའང་མི་འཐད་པར་འགྱུར་རོ། །གཉིས་པ། བརྡ་དྲན་དོན་མེད་པ་མ་ཡིན་ཏེ་ཁྱད་པར་དེས་བརྡ་དྲན་སྐྱེད་པ་ཡིན་ལ་དེ་ནི་སྤྱིའི་ཡུལ་ཅན་ཡིན་ནོ་ཞེ་ན། བརྡ་དྲན་རྟོག་པ་དེ་སྤྱི༷་ཙམ་ཡན་གར་དུ་འཛིན་པ་ཡི་བློ་ཡིན་ན་ནི་རང་ཡུལ་ཡན་གར་དུ་ཡོད་པ་དེ་ལས་དེ་འཛིན་སྐྱེ་ཡི་ཁྱད་པར་ལ་ལྟོས་པ་མི་རུང་ངོ་། །དེས་ན་བརྡ་དྲན་པ་ནི་སྔ་ཕྱི་སྲེ་བའི་རྟོག་ཡུལ་གྱི་སྣང་བ་དེ་ཙམ་རྟོག་ངོར་སྐྱེད་པ་ཡིན་གྱི་དེ་ལ་རྒྱུ་རང་མཚན་མི་དགོས་ཏེ། ཡུལ་མེད་ཀྱང་ནང་གི་རྩོལ་བ་དང་བརྡ་ཙམ་གྱིས་སྐྱེ་བ་ཡིན་ལ་ཡུལ་མཐོང་བ་ན་དེའི་བརྡ་དྲན་ཀྱང་རྟོག་པའི་བག་ཆགས་སད་རྐྱེན་ཙམ་དུ་འགྲོ་ཡི་དབང་ཤེས་ལ་དེ་འདྲེ་བ་མེད་དེ། དུ་བ་མཐོང་བས་མེ་དྲན་ཀྱང་དུ་བ་མཐོང་བའི་མངོན་སུམ་གྱི་ཡུལ་དུ་མེ་མེད་པ་བཞིན་ནོ། །གསུམ་པ་དབང་ཤེས་རྒྱུ་གཞན་ཁེགས་པ་ནི། བརྡ་དྲན་སོགས་ལ་མི་ལྟོས་པ་དེའི་ཕྱིར་མིག་དབང་དང་གཟུགས་དག་ལ་བརྟེན་ནས་མིག་གི་བློ་སྐྱེ་བར་འགྱུར་ཏེ་བློ་སྐད་ཅིག་མ་རྒྱུན་གྱིས་འབྱུང་བ་གང་ལ་དེ་མ་ཐག་རྐྱེན་ནི་བློ་རང་གི་སྔ་མར་གང་ཡོད་པ་དེ་ཙམ་ཡིན་པས་གཞན་དུ་མ་སྨྲོས་ལ། རྒྱུ་གཞན་ནི་དབང་ཡུལ་གཉིས་པོ་འདི་ཙམ་དུ་ཟད་ཀྱི་བརྡ་དྲན་སོགས་གཞན་གང་ཡང་རྒྱུར་མི་དགོས་པས་ན་དབང་བློས་ནི་ཡུལ་རང་མཚན་ཙམ་གསལ་པོར་འཛིན་པའི་ཕྱིར་སྤྱི་དང་འདྲེས་ནས་བཟུང་བ་མེད་ལ། དེའི་ཕྱིར་དེ་ལ་སྤྱིའི་ཡུལ་ཅན་གྱི་རྟོག་པ་གང་ཡང་མེད་དོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ། །རྟོག་བྲལ་མངོན་སུམ་བཞི་པོ་བཤད། །བྲལ་བྱ་རྟོག་པ་བསྟན་མཇུག་བསྡུ། །དང་པོ་ལ། དབང་པོའི་མངོན་སུམ་ཡིད་མངོན་སུམ། །རང་རིག་རྣལ་འབྱོར་མངོན་སུམ་བཞི། །


MR20_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ། དབང་ཤེས་ཐ་སྙད་ལོག་རྟོག་དགག །སྤྱོད་ཡུལ་ལོག་པར་རྟོག་པ་དགག །དང་པོ་ལ། རྩོད་པ་དང་ནི་ལན་གཉིས་སོ། །དང་པོ། གལ་ཏེ་མངོན་སུམ་གྱི་ཤེས་པ་སྐྱེད་པ་ལ་དབང་པོ་བཞིན་དུ་ཡུལ་གཟུགས་ལ་སོགས་པའང་དེ་སྐྱེད་པའི་ནུས་པ་ཅན་ཡིན་ན། འོ་ན་ཅི་ཕྱིར་ཡུལ་དབང་གཉིས་ཀ་ལ་རག་ལས་ཏེ་སྐྱེ་བ་ཡི་ཤེས་པ་དེ་ནི་དབང་པོའི་སྒོ་ནས་བརྗོད་ཀྱི་ཡུལ་དེས་ཁྱད་པར་བྱས་ནས་མི་བརྗོད་པ་ཅི་ཡིན་ཞེ་ན། གཉིས་པ་ལན་ནི། དབང་པོའི་སྒོ་ནས་བསྟན་པའི་ཐ་སྙད་དེ་བཏགས་ན་ཤེས་པ་དེ་ཐུན་མིན་དུ་གོ་བར་བྱེད་པ་ཉིད་མཐོང་ནས་དེ་འདྲའི་ཐ་སྙད་ངེས་པར་སྦྱར་བ་ཡིན་ཏེ། སྐྱེས་བུ་བརྡ་བྱེད་པ་རྣམས་ནི་ཡུལ་གོ་བར་བྱེད་པ་ཉིད་ཀྱི་བརྡ་སྦྱར་གྱི་གོ་མི་ནུས་པ་ལ་མི་འཇུག་སྟེ་བརྡ་བྱེད་པ་ནི་དོན་དེ་གོ་བའི་སླད་དུ་ཡིན་པས་སོ། །དེས་ན་དབང་པོའི་སྒོ་ནས་བསྟན་པའི་ཐ་སྙད་དེ་ལ་གོ་བར་བྱེད་པ་དེ་ཡོད་དེ། དབང་པོ་གཟུགས་ཅན་པ་ལྔ་ལས་སྐྱེས་པའི་ཤེས་པ་ལ་དབང་ཤེས་ཞེས་དང་། བྱེ་བྲག་ཏུ་མིག་ཤེས་ཞེས་བཏགས་པ་ལྟ་བུ་དབང་པོའི་སྒོ་ནས་བཏགས་ན་ཐ་སྙད་ཀྱི་ཡུལ་ཤེས་པ་དེ་དང་དེ་གོ་ནུས་ཀྱི་ཡུལ་གྱི་སྒོ་ནས་བཏགས་ན་དེ་ལྟ་མིན་ཏེ། ཡུལ་ཤེས་དང་གཟུགས་ཤེས་ཞེས་སོགས་བརྗོད་ན་གཞན་ཡིད་དང་ཡང་ཐུན་མོང་གི་མིང་དུ་འགྱུར་བའི་ཕྱིར་རོ། །དེས་ན་དེ་འདྲའི་ཐ་སྙད་དེ་ཤེས་པ་དེ་ལ་སྦྱར་བར་བྱ་བའམ་སྦྱར་བའི་འོས་ཡོད་པའང་ཐ་སྙད་དེ་ཡི་རང་གི་ཆོས་ཡིན་ཏེ་རྣ་རྒྱན་རྣ་བ་ལ་རུང་བ་ལྟ་བུའོ། །དེ་ཕྱིར་དབང་པོའི་སྒོ་ནས་བཏགས་པའི་ཐ་སྙད་དེ་ཤེས་པ་ལྔ་པོ་འདི་ལ་ནི་སྦྱར་བར་བྱ་བ་ཡིན་ནོ་ཞེས་པ་རང་བཞིན་གྱི་རྟགས་ཡིན་ཏེ་དབང་པོའི་སྒོ་ནས་བཏགས་པའི་ཐ་སྙད་འདི་ཆོས་ཅན་ཤེས་པ་འདི་ལ་སྦྱར་དུ་རུང་བ་ཡིན་ཏེ་འདིའི་གོ་བྱེད་ཡིན་པའི་


MR20_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དཔེར་ན་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ཞེས་པ་རང་བཞིན་གྱི་རྟགས་ཡིན་ཏེ། ཐ་སྙད་དེ་ལྟ་བུ་གོ་བྱེད་དེའི་རྗེས་སུ་འགྲོ་ཞིང་ཁྱབ་པར་བྱེད་པའི་རང་བཞིན་སྦྱར་དུ་རུང་བ་དེ་ནི་ལོག་པའི་ཕྱིར་ནི་ཁྱབ་བྱ་གོ་བྱེད་ཡིན་པ་དེ་ཡང་ལྡོག་པར་འགྱུར་ཏེ། དཔེར་ན་གང་སྦྱར་དུ་མི་རུང་བ་དེ་དེའི་གོ་བྱེད་མ་ཡིན་ཏེ། མིག་ཤེས་ལ་གཟུགས་ཤེས་དང་། རྔ་སྒྲ་ལ་དབྱུ་གུའི་སྒྲ་ཞེས་དང་། ནས་ཀྱི་མྱུ་གུ་ལ་ས་ལས་སྐྱེས་པའི་མྱུ་གུ་ཞེས་བཏགས་པ་བཞིན་ནོ། །དེ་འདྲའི་སྦྱར་དུ་མི་རུང་བ་ཅན་གྱི་བརྡའི་མི་མཐུན་ཕྱོགས་ལ་གོ་བྱེད་དེ་ཡང་ཡོད་པར་མི་སྲིད་ལ། གང་གོ་བྱེད་ཡིན་པ་དེ་ལ་སྦྱར་དུ་རུང་བ་ཡིན་པས་ཁྱབ་པ་ཡིན་ནོ། །དེས་ན་ཚད་མ་མདོ་ལས། ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་སོ། །གཉིས་པ་ལ། ཡུལ་རང་མཚན་ལ་ལོག་རྟོག་དགག །ཡུལ་མིན་ཡུལ་དུ་འདོད་པ་དགག །དང་པོ་ལ། ལུང་དོན་ལོག་པར་རྟོག་པ་བསལ། །ལུང་གི་དོན་བཞིན་བསྒྲུབ་པའོ། །དང་པོ་ལ། མདོ་ཡི་ལུང་དོན་གཞན་འདོད་འགོག །དབྱིག་གཉེན་ལུང་དོན་བཤད་པའོ། །དང་པོ། དབང་ཤེས་ཀྱི་ཡུལ་དུ་སྤྱི་ཡོད་པར་སྨྲ་བ་རྣམས་ན་རེ། ཆོས་མངོན་པ་ལས་ཀྱང་། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཅན་ཡིན་ནོ། །ཞེས་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་མདོར། དེར་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་གསུངས་པས་དབང་བློའི་ཡུལ་སྤྱི་ཡིན་ཏེ་དེའི་རྒྱུ་མཚན་རྡུལ་ཕྲ་རབ་དབང་པོ་ལས་འདས་པ་ན་ནམ་ཡང་དབང་པོའི་ཡུལ་དུ་མི་འགྱུར་བས་བསགས་པ་དབང་པོའི་ཡུལ་ཡིན་ལ། བསགས་པ་དག་ནི་རྡུལ་དུ་མ་ཚོགས་པ་ཙམ་ཡིན་པས་དེ་ནི་


MR20_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་སྤྱི་ཡིན་ཏེ། གཞན་དུ་རྡུལ་ཕྲན་རེ་རེའི་ངོ་བོ་ནི་སྔར་དང་ཁྱད་མེད་པས་ན་དབང་པོའི་ཡུལ་དུ་གྱུར་པ་མི་འཐད་ལ། འདི་ནི་དབང་པོའི་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་སྤྱི་དེ་ལ་དམིགས་པའི་དབང་པོའི་བློ་ནི་སྤྱི་དེ་ཡི་ཡུལ་ཅན་གྱི་བློ་ཡིན་ལ། དེའི་ཕྱིར་གདོན་མི་ཟ་བར་ཡང་དབང་བློ་རྣམས་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བ་ཡིན་ཏེ་སྤྱིའི་ཡུལ་ཅན་ཡིན་པས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ་སྤྱི་དང་རགས་སྣང་ཞེས་བྱ་བ་རྡུལ་རྣམས་ལས་དོན་གཞན་དུ་གྱུར་པ་དབང་པོ་སྐྱེད་ནུས་ཀྱི་རྫས་ཅུང་ཟད་ཀྱང་མེད་དོ། །འོ་ན་བསགས་པ་ན་དམིགས་པ་ཇི་ལྟར་ཡིན་ཞེ་ན། དབང་འདས་ཀྱི་རྡུལ་ཕྲ་རབ་ཡུལ་རྣམ་པར་རང་པ་ཅན་དུ་གནས་ན་དབང་བློ་མི་སྐྱེད་པ་དེ་དག་དོན་གཞན་རྡུལ་ཕྲ་རབ་རྣམས་དང་ནི་ཕན་ཚུན་རྐྱེན་དང་རྐྱེན་ཅན་དུ་འདུས་ཤིང་མངོན་པར་འབྲེལ་བའི་ཕྱིར་དབང་ཤེས་སྐྱེད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་ཅན་གཞན་གྱི་གནས་སྐབས་གང་ཞིག་ཏུ་གྱུར་བའམ། དེ་ལྟ་བུར་སྐྱེ་བར་འགྱུར་བ་དེ་དག་ལ་བསགས་པ་ཞེས་བཤད་པ་ཡིན་གྱི་བསགས་པ་ཞེས་བྱ་བའི་སྤྱི་དང་ཡན་ལག་ཅན་གྱི་རྫས་ཐ་དད་པ་གང་ཡང་མེད་དོ། །དེ་འདྲའི་ཚོགས་པའི་སྐབས་ཀྱི་རྡུལ་དབང་ཤེས་སྐྱེད་ནུས་ཀྱི་ཁྱད་པར་དང་ལྡན་པ་དེ་དག་ནི་དེ་འཛིན་གྱི་ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན་ཏེ། རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ཚོགས་པ་ན་དབང་ཤེས་སྐྱེད་པ་ནི་ཡུལ་དབང་ཡིད་བྱེད་ཚོགས་པས་ཤེས་པ་སྐྱེད་ཀྱི་མ་ཚོགས་ན་མི་སྐྱེད་པ་བཞིན་ནོ། །གཉིས་པ། སློབ་དཔོན་དབྱིག་གཉེན་གྱིས། མིག་གིས་གཟུང་བར་བྱ་བ་ཉིད་ལ་སོགས་པས་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དེ་དག་རྣམ་པར་ཤེས་པ་ཚོགས་ལྔར་འདོད་ཀྱི། རྫས་ཀྱི་མཚན་ཉིད་ལ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་འདི་དང་ཀུན་བཏུས་


MR20_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀས་དབང་ཤེས་ནི་སྤྱིའི་ཡུལ་ཅན་དུ་གསུངས་སོ་སྙམ་ན། ལུང་གི་དོན་དེ་ལྟར་མ་ཡིན་ཏེ། དེ་ཡང་ཆོས་མངོན་པ་ལས། འགའ་ཞིག་གི་ཚེ་སྔོན་པོ་གཅིག་པུས་ཀྱང་མིག་ཤེས་སྐྱེད་ལ། འགའ་ཞིག་གི་ཚེ་སྔོ་སེར་སོགས་ཚོགས་པས་མིག་ཤེས་སྐྱེད་དེ་ཞེས་བཞག་པ་ལ། གལ་ཏེ་གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་ཚོགས་པ་འཛིན་ན་དེ་ཇི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཞེས་བརྒལ་བ་ན། དེ་ལ་ལན་དུ་སློབ་དཔོན་དབྱིག་གཉེན་གྱིས། སྔོ་སེར་སོགས་སོ་སོ་བའམ་ཚོགས་པ་ཡིན་ཀྱང་རུང་། མིག་ཤེས་སྐྱེ་བར་བྱེད་པའི་ངོ་བོ་དེ་ཙམ་སྐྱེ་མཆེད་ཀྱི་རང་མཚན་ཡིན་ཏེ་རིགས་མཐུན་པ་དེ་དག་སྐྱེ་མཆེད་ཀྱི་རྫས་གཅིག་ཅེས་བྱའོ། །དེ་ལྟར་འཛིན་པ་དེ་ནི་ཁྲ་བོ་མཐོང་བའི་ཚེ་སྔོ་སེར་སོགས་དེ་ཐམས་ཅད་སྐྱེ་མཆེད་ཀྱི་རང་མཚན་གཅིག་ཏུ་རུང་གི་དེའི་ཚེ་ན་སྔོ་སོགས་རྫས་སོ་སོའི་རང་མཚན་རེ་རེ་ཡུལ་དུ་བྱེད་པའི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གཅིག་ཁོ་ནར་ངེས་པ་མ་ཡིན་ཏེ་ཐམས་ཅད་ཅིག་ཅར་འཛིན་ནོ། །ཞེས་གསུངས་པ་ལ་རྒོལ་བའི་བསམ་པར་སྔོ་སོགས་རེ་རེ་ནས་མི་འཛིན་པར་སྤྱི་འཛིན་པར་བཤད་དོ་སྙམ་དུ་ལོག་པར་རྟོག་པའོ། །དེ་ལྟར་སྤྱིའི་ཡུལ་ཅན་དུ་བཤད་པ་ནི་རྡུལ་ཕྲན་གཞན་དག་དང་ཚོགས་པ་མེད་པར་ནི་དབང་པོ་སྐྱེད་ནུས་ཀྱི་རྡུལ་ཕྲན་ཁྱད་པར་བ་དེ་ཡང་མེད་ལ་དེ་འདྲའི་རྡུལ་ཚོགས་པ་དབང་པོ་སྐྱེད་ནུས་སུ་གྱུར་པ་དེ་ཡུལ་རུང་བར་གནས་པ་ན་ཤེས་པ་དེ་རྡུལ་ལྟ་བུའི་ཡུལ་གྱི་ཆ་ཤས་གཅིག་ཁོ་ན་ལ་སྐྱེ་ཞིང་གཞན་ལ་མི་སྐྱེ་བར་ངེས་པ་མིན་པར་དེར་ཚོགས་པ་ཀུན་ལ་འདྲ་བར་སྐྱེ་བའི་ཕྱིར་རྡུལ་ཚོགས་པའམ་ཐུན་མོང་སྤྱི༷་ཡི་སྤྱོད་ཡུལ་ཅན་དུ་བཤད་ཀྱི་ཚོགས་པའམ་སྤྱི་ཡན་གར་བ་དབང་པོའི་གཟུང་དོན་དུ་བཤད་པ་མིན་ནོ། །དེས་ན་ཕལ་པའི་དབང་པོས་རྡུལ་ཕྲ་རབ་ཡན་གར་དུ་བཟུང་


MR20_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནམ་ཡང་མེད་ལ། ཚོགས་པ་ན་སྐྱེ་མཆེད་ཀྱི་རྫས་དབང་ཡུལ་ཡིན་ཀྱང་དེས་ཀྱང་ཕྲ་རབ་བཟུང་བ་མ་ཡིན་ཏེ་ཆ་དང་བཅས་པ་ཇི་སྙེད་པ་གཟུང་བར་ནུས་པའི་བར་དུ་འཛིན་པ་ཡིན་ཅིང་། དེ་ལའང་ཆ་རྣམས་ལས་མ་གཏོགས་པའི་རགས་པ་མེད་པས་མཐར་ཕྲ་རབ་དང་རགས་པ་གཉིས་ཀ་དབང་ཡུལ་དུ་མི་འཐད་པས་དེར་སྣང་བ་ཙམ་དུ་གྲུབ་པར་འགྱུར་གྱི་ཕྱི་དོན་མི་འགྲུབ་པར་འོག་ཏུ་སྟོན་པར་འགྱུར་རོ། །གཉིས་པ། ལུང་གི་དོན་བཞིན་བསྒྲུབ་པ་ལ། །ལོག་རྟོག་འགོད་དང་དེ་བསལ་བ། །དང་པོ། གལ་ཏེ་དབང་ཤེས་ཀྱི་གཟུང་དོན་སྐྱེ་མཆེད་གཅིག་ཡིན་པར་གྱུར་ན་ཡང་དེ་ལིང་པོར་སྣང་བའི་སྤྱིའམ་ཡན་ལག་ཅན་གྱི་རྫས་ཆ་མེད་གཅིག་ཡིན་གྱི། དུས་ཅིག་ཅར་དུ་ཆ་དུ་མ་འཛིན་པ་མ་ཡིན་ནོ་ཞེ་ན། གཉིས་པ་ལན་ལ། ཏིལ་སོགས་ཅིག་ཅར་འཛིན་མེད་ཐལ། །ཁྲ་བོ་ཅིག་ཅར་འཛིན་མེད་ཐལ། །ནོག་སོགས་ཅིག་ཅར་འཛིན་མེད་ཐལ། །སྣ་ཚོགས་གཞན་དུ་ཤེས་མེད་ཐལ། །དང་པོ་ལ། དངོས་དང་དེ་ཡི་ཉེས་སྤོང་དགག །དང་པོ། དུ་མ་ཅིག་ཅར་འཛིན་མི་སྲིད་ན་ཏིལ་དང་ཡུངས་ཀར་འབྲས་ལ་སོགས་པ་ཐ་དད་པའི་འབྲུ་སྣོད་གཅིག་ཏུ་བླུགས་པ་མ་འབྱར་བ་ལ་ཇི་ལྟར་ཅིག་ཅར་འཛིན་པར་སྣང་བ་ཡིན་ཏེ། སྣང་བ་དེ་ལྟ་བུ་མངོན་སུམ་གྱིས་གྲུབ་པ་དགག་མི་ནུས་ལ། རིགས་ཐ་དད་པའི་རྫས་སིལ་བུར་གནས་པ་དེ་ལ་ཡན་ལག་ཅན་གཅིག་ཏུ་གྱུར་བའང་གཞན་གྱིས་ཁས་མི་ལེན་ནོ། །གཉིས་པ། འདི་ལ་སོ་སོར་བཟུང་ཡང་བློ་འཇུག་པ་མགྱོགས་པ་ཡིས་ཅིག་ཅར་སྣང་བའི་འཁྲུལ་བ་བྱུང་བ་ཡིན་ནོ་ཞེ་ན། སྔར། ཡི་གེའང་ཅིག་ཅར་དམིགས་པར་འགྱུར། སོགས་ཀྱིས་དེ་མི་རིགས་པར་བཤད་ཟིན་ཏོ། །གཞན་ཡང་ཏིལ་སོགས་ནམ་མཁའ་ནས་ཕྱར་ཏེ་


MR20_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་འབབ་པ་དེ་ཉིད་ལ་ཇི་ལྟར་རིམ་མིན་ཅིག་ཅར་དུ་འཛིན་པའི་སྣང་བ་འབྱུང་བར་མི་འགྱུར་ཏེ་མགྱོགས་པར་འཛིན་པ་དེ་ལའང་ཡོད་པའི་ཕྱིར་རོ། །གཞན་ཡང་ཡུལ་འཛིན་པའི་བློ་རྣམས་དག་ནི་ཐམས་ཅད་ཀྱང་སྐད་ཅིག་གིས་འཇུག་པའི་དུས་ཤིན་ཏུ་མྱུར་བའི་ངོ་བོར་མཚུངས་པ་ཡིན་ན། ཇི་ལྟར་བློའི་ཡུལ་དེ་དག་ལ་འགའ་ཞིག་རིམ་མིན་ཅིག་ཅར་དུ་སྣང་བ་དང་། གཞན་ནི་རིམ་པ་དང་ལྡན་པར་སྣང་བར་གང་གིས་འགྱུར་ཏེ་རིམ་མིན་དུ་སྣང་བའི་རྒྱུར་འདོད་པ་མགྱོགས་པ་དེ་ནི་དེ་ཀུན་ལ་ཡོད་པའི་ཕྱིར་རོ། །དེ་ཕྱིར་དོན་ཀུན་འཛིན་པ་ལ་བློ་མགྱོགས་པར་འཇུག་པ་ཅན་འདི་ནི་རིམ་མིན་ཅིག་ཅར་དུ་སྣང་བར་ཐལ་བར་འགྱུར་རོ། །གཉིས་པ་ལ། ཁྲ་ལས་དོན་ཉིད་དུ་མར་བསྒྲུབ། །དེ་ལ་རྩོད་པ་སྤང་བའོ། །དང་པོ། གཅིག་ན་ཁྲ་བོ་སྣང་མི་རུང་། །སྣང་བས་དུ་མར་བསྒྲུབ་པའོ། །དང་པོ། དུས་གཅིག་ཏུ་དུ་མ་མི་སྣང་ན་ཕྱེ་མ་ལེབ་ཁྲ་བོ་དང་རྨ་བྱའི་མདོངས་དང་རས་ཁྲ་བོ་ལ་སོགས་པ་གཟུགས་མི་འདྲ་བ་དུ་མའང་ཇི་ལྟར་སྣང་བར་འགྱུར་ཏེ་ཁྲ་སྣང་རྒྱུན་ཆད་པར་འགྱུར་རོ། །གཉིས་པ་ལ། དོན་དེ་དུ་མ་ཡིན་པས་བསྒྲུབ། །བློ་ལ་སྣ་ཚོགས་སྣང་བས་བསྒྲུབ། །དང་པོ་ལ། སྣ་ཚོགས་གཅིག་པར་གནོད་པ་བརྗོད། །དེ་ལན་བཅོས་མ་བཅོས་ཁྱད་དགག །དང་པོ། གལ་ཏེ་ཕྱེ་མ་ལེབ་ཁྲ་སོགས་མཐོང་བ་དེ་དུ་མ་ཅིག་ཅར་སྣང་བ་མིན་ཏེ་ཁ་དོག་སྣ་ཚོགས་པ་དེ་ཡན་ལག་ཁྲ་བོ་གཅིག་གི་རྫས་སུ་གཅིག་པས་ཁྲ་བོ་ཙམ་གྱི་རྫས་གཅིག་སྣང་བ་ཡིན་ནོ་ཞེ་ན། རྨ་བྱའི་མདོངས་བཀྲ་བ་དེ་བས་ཀྱང་ངམ་དུ་མ་མི་འཛིན་པར་འདོད་པ་མངོན་སུམ་དང་འགལ་བར་སྨྲ་བ་དེ་བས་ཀྱང་ཆེས་ཤིན་ཏུ་སྣ་ཚོགས་གཅིག་པར་སྨྲ་བ་འདི་ནི་ངོ་མཚར་ཆེ་སྟེ། དུ་མ་དང་གཅིག་ཕན་ཚུན་འགལ་བའི་གཞི་མཐུན་ཁས་ལེན་པར་བཟོད་པའི་ཕྱིར་རོ། །


MR20_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་གང་སྣ་ཚོགས་སུ་སྣང་བ་དེ་ནི་གཅིག་པའི་རང་བཞིན་མིན་ཏེ། དཔེར་ན་པདྨ་རཱ་ག་དང་ཆུ་ཤེལ་བཻཌཱུཪྻ་མུ་ཏིག་ལ་སོགས་པའི་ནོར་བུའི་གཟུགས་སྣ་ཚོགས་ཕུང་པོར་སྤུངས་བ་དེ་བཞིན་ནོ། །གཉིས་པ། གལ་ཏེ་ནོར་བུའི་ཕུང་པོ་ནི་རིགས་མི་མཐུན་པས་ཡན་ལག་ཅན་གྱི་རྫས་སོ་སོར་དབྱེ་བར་ནུས་པས་གཅིག་མིན་ཀྱང་མ་བཅོས་པའི་ཁྲ་བོ་ཕྱེ་མ་ལེབ་ཀྱི་ཁ་དོག་དང་རྨ་བྱའི་མདོངས་ལྟ་བུ་ཡན་ལག་ཅན་གྱི་རྫས་གཅིག་ཡིན་པས་སོ་སོར་དབྱེ་མི་ནུས་པས་གཅིག་ཡིན་ནོ་ཞེ་ན། སྔོ་སེར་སོགས་འདི་དང་འདིའོ་ཞེས་སོ་སོར་རྣམ་པར་དབྱེ་བ་ནི་མ་བཅོས་པའི་ཕྱེ་མ་ལེབ་ཁྲ་དང་བཅོས་མའི་སྣམ་ཁྲ་ལ་སོགས་པ་དག་ལའང་མཚུངས་ཏེ་མ་འདྲེས་པར་གནས་ན་དབྱེ་མི་ནུས་ཞེས་པ་དོན་ཅི་ཡང་མེད་དོ། །གལ་ཏེ་ཕྱེ་མ་ལེབ་སོགས་ཀྱི་ཁྲ་བོ་དེ་ལ་ཡན་ལག་གི་གཟུགས་སྔོ་སེར་སོགས་འབའ་ཞིག་དེ་ལྟར་དབྱེ་ནུས་པར་མཐོང་ཡང་ཡན་ལག་ཅན་ཁྲ་ཙམ་ལ་དབྱེ་མི་ནུས་ཞེ་ན། གལ་ཏེ་སྔོ་སོགས་ཡན་ལག་དབྱེ་ནུས་པ་དེ་རྣམས་སྤངས་པ་ཡི་ཡན་ལག་ཅན་ཁྲ་བོ་གཞན་དབྱེ་མི་ནུས་པ་མཐོང་བ་ནི་ཁྱོད་ལ་ངོ་མཚར་ཆེ་སྟེ། མོ་གཤམ་གྱི་བུ་མཛེས་ཤིང་ལྟ་ན་སྡུག་པ་མཐོང་བ་བཞིན་དུ་འགྱུར་རོ། །གལ་ཏེ་བཅོས་མའི་ཁྲ་བོ་འདི་དག་ཡན་ལག་ཅན་མེད་པས་རིམ་ཅན་དུ་དམིགས་ལ་མ་བཅོས་པའི་ཁྲ་བོ་ལ་ཡན་ལག་ཅན་ཡོད་པས་ཅིག་ཅར་དམིགས་སོ་ཞེ་ན། འདི་ལྟར་བཅོས་ཀྱང་རུང་མ་བཅོས་ཀྱང་རུང་རིགས་མཐུན་ནམ་མི་མཐུན་པར་འདོད་པ་གང་ཡིན་ཀྱང་ཁ་དོག་སྣ་ཚོགས་པ་ཅན་གྱི་ཁྲ་བོ་དམིགས་པ་ན་དུས་ཅིག་ཅར་དམིགས་པ་དང་། དོན་སྔོན་པོ་ལ་སོགས་གཞན་གྱི་རྣམ་པ་ཐ་དད་པར་མཐོང་བ་ནི་མཚུངས་ཏེ་ཁྱད་མེད་པར་རྟོགས་པའི་བློ་འབྱུང་བ་དག་ལས་བཅོས་མའི་ཁྲ་བོ་གཅིག་ནི་རིམ་བཞིན་


MR20_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་ལྡན་ཞིང་དོན་ཐ་དད་པ་དུ་མ་མང་པོ་ཡོད་པ་དང་། མ་བཅོས་པའི་ཁྲ་བོ་གཅིག་ནི་དུས་ཀྱང་རིམ་མིན་དུ་དམིགས་ལ་དོན་ཀྱང་ཐ་དད་མེད་པར་གཅིག་ཡིན་པ་ཅིས་འགྲུབ་སྟེ་ཚད་མ་གང་ཡང་ཡོད་པར་མི་སྲིད་དོ། །གཉིས་པ་བློ་ལ་སྣ་ཚོགས་སྣང་བས་བསྒྲུབ་པ་ལ། རྟགས་འགོད་པ་དང་མ་ངེས་སྤང་། །དེས་ན་རྟོག་མེད་ཀྱང་འགྲུབ་པའོ། །དང་པོ་རྟགས་འགོད་པ་ནི། ཁྲ་བོ་མཐོང་བའི་ཚེ་དེ་འཛིན་བློ་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་ཅན་གྱི་ངོ་བོའི་ཕྱིར་དེའི་ཡུལ་དོན་རྣམས་ཀྱང་གཅིག་མིན་ཏེ་སྣ་ཚོགས་པའི་ངོ་བོ་ཉིད་དུ་འགྱུར་རོ། །གལ་ཏེ་བློ་ལ་སྣང་བ་སྣ་ཚོགས་ཤར་ཀྱང་བློ་དེ་ཕྱི་དོན་ཐ་དད་པར་འཇོག་པའི་རྒྱུ་མཚན་མིན་ནོ་ཞེ་ན། ཡུལ་ཀ་བུམ་སོགས་ཀྱང་ཐ་དད་པར་བཞག་པ་འདི་རྒྱུ་མཚན་གང་གིས་འགྲུབ་སྟེ། བློ་ལ་ཐ་དད་དུ་སྣང་ཡང་དེས་དེ་མི་འགྲུབ་པའི་ཕྱིར་ན་ཐ་དད་པའི་ཆོས་གཅིག་ཀྱང་བཞག་ཏུ་མེད་པར་འགྱུར་རོ། །གཉིས་པ་རྟགས་དེ་མ་ངེས་པ་སྤང་བ་ལ། དུ་མར་སྣང་རྒྱུ་གཞན་ཡོད་དགག །དུ་མར་སྣང་བ་འཁྲུལ་བ་དགག །དང་པོ། བློ་ལ་དུ་མར་སྣང་ཡང་རུང་དོན་ལ་དུ་མར་མེད་དེ་ཡན་ལག་ཅན་གྱི་རྫས་གཅིག་ཁོ་ན་ཡིན་པའི་ཕྱིར། དུ་མར་སྣང་བ་འཁྲུལ་ཏེ་ཟླ་བ་གཉིས་མེད་ཀྱང་གཉིས་སུ་སྣང་བ་བཞིན་ནོ། །ཡན་ལག་ཅན་ཁྲ་བོ་ཉིད་མེད་པར་ཡན་ལག་ཉིད་ཀྱང་མེད་དེ་མ་ཚོགས་པའི་སྔོ་སོགས་བཞིན་ནོ། །དེས་ན་ཡན་ལག་ཅན་ཡོད་པའི་དབང་གིས་ཁྲ་བོར་སྣང་བ་ཡིན་ནོ་ཞེ་ན། རྡུལ་རིགས་མི་མཐུན་པ་རྣམས་ཀྱིས་ཡན་ལག་ཅན་གྱི་རྫས་རྩོམ་པ་མེད་པར་ཁས་བླངས་པའི་ཕྱིར་བཅོས་མའི་རི་མོ་ཁྲ་བོ་ལ་སོགས་ཀྱི་བློ་ལ་སྣ་ཚོགས་སུ་སྣང་བ་འབྱུང་བ་མིན་པར་ཐལ་ཏེ་དེ་ལ་ཡན་ལག་ཅན་མེད་པའི་ཕྱིར་རོ། །རི་མོར་བྲིས་པའི་ཕྱེ་མ་ལེབ་ཁྲ་བོ་དང་ཕྱེ་མ་


MR20_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལེབ་དངོས་ཀྱི་ཁྲ་བོ་སོགས་ལ་སྣ་ཚོགས་སུ་སྣང་བ་ལ་ནི་ཁྱད་པར་གང་ཡང་མེད་པར་སྣང་བ་ཡིན་ནོ། །གལ་ཏེ་རྡུལ་རིགས་མི་མཐུན་པ་ལ་ལྡན་པ་ཡོད་པས་དེའི་དབང་གིས་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན། ལྡན་པ་ནི་ཡོན་ཏན་ཡིན་ལ་དེ་ལ་གཟུགས་མེད་པའི་ཕྱིར་ལྡན་པ་ལས་སྣ་ཚོགས་སུ་སྣང་བ་མིན་ཏེ། མིག་ལ་སྣང་བ་ནི་གཟུགས་ཡིན་ལ་གཟུགས་དེའང་ཡོན་ཏན་གྱི་བྱེ་བྲག་ཏུ་ཁྱོད་རང་འདོད་པའི་ཕྱིར་རོ། །དེས་ན་ཡན་ལག་ཅན་རྫས་སུ་མེད་ན་ཁྲ་བོ་གཅིག་ཏུ་མི་སྣང་བར་འདོད་པ་དོན་མེད་དོ། །ཐ་དད་དུ་སྣང་བ་མ་གྲུབ་ན་ཁྲ་བོ་ཉིད་ཀྱང་མི་འགྲུབ་སྟེ། ཁ་དོག་གཅིག་གམ་ཁ་དོག་མེད་པ་ལ་ཁྲ་བོ་ཞེས་ནམ་ཡང་མི་སྲིད་དོ། །གལ་ཏེ་ཡན་ལག་ཅན་ཁྲ་བོ་ཡོད་པ་དེ་དང་འདྲ་བའི་ཕྱིར་བཅོས་མའི་ཁྲ་བོ་ལ་ཉེ་བར་བརྟགས་པ་ཙམ་ལ་བརྟེན་པའོ་ཞེ་ན། བཏགས་པའང་མིན་ཏེ་བཅོས་པ་དང་མ་བཅོས་པ་གཉིས་ཀའི་ཡང་ཁ་དོག་རེ་རེ་ནི་སྣ་ཚོགས་པ་མིན་པའི་ཕྱིར་ཁྲ་བོ་ཞེས་བྱའི་ཡན་ལག་ཅན་ནམ་ཡང་ཐ་དད་དུ་མ་གྲུབ་ན་གང་ལ་དངོས་དང་གང་ལ་བཏགས་པ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ། ཁྲ་བོ་མཐོང་ཚེ་སྔོ་སེར་སོགས་རིམ་བཞིན་དུ་ནི་བཟུང་བ་ལའང་ཕྱིས་ནི་སྣ་ཚོགས་གཅིག་ཏུ་བློ་ཡིས་བསྲེས་ནས་འཛིན་པ་ཡིན་ནོ་ཞེ་ན། དེ་མིན་ཏེ་ཁྱོད་ལྟར་ན་ནམ་ཡང་བློ་གཅིག་གིས་དོན་དུ་མ་མི་འཛིན་པར་འདོད་པའི་ཕྱིར་སོ་སོར་བཟུང་བའི་ཕྱིས་ཀྱང་དུ་མ་གཅིག་གིས་འཛིན་པར་མི་སྲིད་དོ། །གལ་ཏེ་ཅིག་ཅར་གསལ་བར་སྣང་བའི་ཚུལ་གྱིས་འཛིན་པའི་བློ་ཡོད་ན་དུ་མ་ཅིག་ཅར་མི་འཛིན་པའི་ཕྱོགས་བཏང་བར་འགྱུར་རོ། །གསུམ་པ། ཡན་ལག་ཅན་ཞེས་པའི་རིལ་པོ་གཅིག་སྣང་བ་མེད་ཅིང་། ཡན་ལག་རྣམ་པར་མ་ཆད་པ་


MR20_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཅིག་ཅར་མཐོང་བ་ཡོད་པ་དེ་ཕྱིར་བློ་གཅིག་ལ་དོན་དུ་མ་སྣང་བ་ཅན་ཡིན་པ་གང་གི་ཕྱིར་ཁྲ་བོ་མཐོང་བའི་ཚེ་དེའི་ནང་གི་སྔོན་པོ་ལྟ་བུ་དོན་གཅིག་ལ་སྔོན་པོའོ་སྙམ་དུ་རྟོག་པ་སྐྱེ་བཞིན་པའི་རང་བཞིན་དང་མ་འདྲེས་པའི་དཀར་པོ་ལ་སོགས་པ་དག་གསལ་པོར་མཐོང་བ་མ་འགགས་པར་ཡོད་པ་དེ་ཕྱིར་ཡང་དབང་ཤེས་རྟོག་པ་མེད་པར་གྲུབ་པ་ཡིན་ནོ། །གཉིས་པ་ཁྲ་སྣང་ལས་དོན་དུ་མར་སྒྲུབ་པའི་སྐབས་ལ་རྩོད་སྤང་ལ། ཤེས་གཅིག་སྣ་ཚོགས་མི་སྣང་བའི་། །རྩོད་པ་འགོད་དང་དེའི་ལན་གཉིས། །དང་པོ། སྣ་ཚོགས་སྣང་བ་ཅན་གྱི་ཕྱི་དོན་རྣམས་ལ་གལ་ཏེ་གཅིག་ཉིད་ཡིན་པ་མི་རིགས་པ་ཡིན་ན། མ་བརྟགས་པའི་ངོར་རེ་ཞིག་གཅིག་བུའི་བློ་དེ་ཉིད་ཀྱང་སྔོ་སོགས་རྣམ་པ་སྣ་ཚོགས་སུ་ནི་ཅི་ལྟར་སྣང་སྟེ། གཅིག་དང་དུ་མ་འགལ་བ་ནི་དངོས་པོ་གང་ལ་རུང་བ་མིན་པའི་ཕྱིར་དོན་ལ་མི་རུང་ན་ཤེས་པ་ལའང་མི་རུང་ལ་ཤེས་པ་ལ་དེ་རུང་ན་དོན་ལའང་རུང་བར་འགྱུར་རོ་ཞེ་ན། གཉིས་པ། དོན་དམ་སྣ་ཚོགས་སུ་མ་གྲུབ། །ཐ་སྙད་སྣ་ཚོགས་ཀྱང་མི་འགལ། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། དོན་དམ་པར་ཤེས་པའང་སྣ་ཚོགས་པ་ཅན་གྱི་གཅིག་མ་ཡིན་པར་འདོད་པས་སྐྱོན་དེ་ཡོད་པ་མ་ཡིན་ཏེ། ཇི་ལྟ་ཇི་ལྟར་དོན་ནམ་ཡུལ་དུ་སྣང་བ་འདི་ལ་འདིའི་གྲུབ་ཚུལ་རིགས་པས་ལེགས་པར་བསམ་པ་ན་དེ་ལྟ་དེ་ལྟར་སྣང་ཙམ་ལས་བདེན་པའི་རྣམ་པ་དང་བྲལ་བ་ཡིན་ནོ་ཞེས་མཁས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་གང་གསུངས་པ་དེ་ནི་དངོས་པོ་རང་གི་གནས་ཚུལ་གྱི་སྟོབས་ལས་འོང་བ་ཡིན་ནོ། །དེས་ན་ཡང་དག་པའི་དོན་དུ་སྣ་ཚོགས་སུ་སྣང་བ་གང་ཡང་དཔྱད་མི་བཟོད་པས་ན་སྣ་ཚོགས་གཅིག་པའི་ངོ་བོར་གྱུར་པའི་བློ་དང་དོན་གང་ཡང་ཁས་མི་


MR20_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ནོ། །གལ་ཏེ་བློ་གཅིག་ལ་སྣ་ཚོགས་སུ་སྣང་བ་ཡོད་ན་དེ་ལས་ཅིར་འགྱུར་ཞེས་དྲིས་པ་ན་དེ་ཡོད་ན་སྣ་ཚོགས་པ་ཅན་གྱི་དོན་ཀྱང་གྲུབ་པར་འགྱུར་རོ་ཞེས་རྒོལ་བའི་བསམ་པའོ། །བློ་དེ་ལའང་གཉིས་སྣང་གིས་བསླད་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་སྣ་ཚོགས་སུ་གྲུབ་པར་མི་འགྱུར་བར་འདོད་པས་ན་བློ་ལ་སྣ་ཚོགས་སུ་སྣང་བ་ཡོད་པ་ཙམ་གྱིས་དོན་གྲུབ་པར་མི་འགྱུར་རོ། །གལ་ཏེ་བློ་ལ་ཇི་ལྟར་སྣང་བའི་དོན་རྣམས་སྣང་བ་ལྟར་གྱི་བདག་ཉིད་འདིར་གྲུབ་པར་འདོད་ན་དེ་ལ་ངས་དགག་པ་ཅི་ཞིག་བྱ་སྟེ་དངོས་པོའི་སྟོབས་ཀྱིས་གྲུབ་པ་ལ་དགག་མི་ནུས་པའི་ཕྱིར་རོ། །འདིའི་ཤུགས་ཀྱིས་གལ་ཏེ་མ་སྣང་བ་ཞིག་ན་བདག་གིས་དགག་ཏུ་ཅི་ཡོད་དེ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །དེས་ན་སྣང་ཡང་དེ་ལྟར་མ་གྲུབ་པ་ཞིག་ལ་མི་བདེན་པར་དགག་པ་འཇུག་སྟེ་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། མེད་སྣང་དག་ལས་གང་རུང་ཞིག །མེད་ན་འཁྲུལ་དང་མ་འཁྲུལ་དང་། །དེ་བཞིན་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་བ་མི་འཐད་དོ། །ཞེས་གསུངས་པ་བཞིན་ནོ། །ཚིགས་བཅད་འདི་ལ་འགྲེལ་པ་སོ་སོས་འཆད་ཚུལ་མང་ཡང་འདིར་བློ་རྣམ་གཉིས་ཀྱི་དགོངས་པ་བཞིན་བཤད་པའོ། །གཉིས་པ་རྒྱས་བཤད་ལ། །ཐ་དད་མེད་པའི་སྟོང་ཉིད་བསྒྲུབ། །དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། གཟུང་འཛིན་གཉིས་པོ་སྟོང་པར་བསྒྲུབ། །དེས་ན་སྣ་ཚོགས་སྣང་བ་འཁྲུལ། །དང་པོ་ལ། ཕྱི་དོན་ལ་ལྟོས་གཟུང་འཛིན་མེད། །ནང་ཤེས་ལ་ལྟོས་གཟུང་འཛིན་མེད། །དང་པོ། སྣང་ཡུལ་གང་དང་གང་ཡིན་པ་དཔྱད་ན། མ་གྲུབ་པ་དེ་ཕྱིར་གཟུང་


MR20_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དང་འཛིན་པའི་ཤེས་པ་ལ་ཆ་དུ་མ་ཚོགས་པའི་རགས་སྣང་ལིང་པོ་གཅིག་པུ་བ་ཡོད་པ་མིན་ཏེ། རགས་པ་དེ་ཡི་བདག་ཉིད་ནི་ཆ་ཤས་གཅིག་ལ་ཡོད་པ་བཀག་པ་ཉིད་ཀྱི་ཕྱིར་དང་། ཆ་དུ་མ་ཚོགས་པའི་མང་པོ་ལ་ཡང་ཡོད་པ་མ་ཡིན་ཏེ་གཅིག་ལ་མེད་པ་དེ་ནི་མང་པོ་ལ་ཇི་ལྟར་ཡོད་དེ། རེ་རེ་ལས་ཐ་དད་པའི་མང་པོ་ཞེས་བྱ་བ་གང་ཡང་མེད་པས་སོ། །དེས་ན་རགས་སྣང་ནི་ཡན་ལག་ལས་གཅིག་དང་ཐ་དད་གང་དུའང་མ་གྲུབ་པའི་ཕྱིར་བཏགས་པ་ཙམ་ལས་བདེན་པར་གྲུབ་པ་གང་ཡང་མེད་དོ། །གང་སྣང་བ་དེ་ནི་ཆ་མེད་པའི་ཡན་ལག་གཅིག་པུར་གྱུར་པ་མེད་པའི་ཕྱིར་སྣང་བ་རྣམས་བརྟག་མི་བཟོད་པ་ཁོ་ན་ཡིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་གྲུབ་དོན་ནོ། །དང་པོ། ཕྱི་དོན་རགས་སྣང་བརྟགས་ན་མི་འཐད་པས་མེད་དུ་ཆུག་ནའང་ཤེས་པ་ལ་སྔོ་སོགས་སུ་སྣང་བ་བསླུ་མེད་དུ་མྱོང་བས་གྲུབ་པའི་ཕྱིར་དེ་གྲུབ་པར་འགྱུར་རོ་སྙམ་ན། ཤེས་པས་ཡུལ་སྔོ་སོགས་ཉམས་སུ་མྱོང་བས་ཡོངས་སུ་གཅོད་པ་ནི་ནང་ཤེས་པ་ཉིད་དེར་སྣང་བ་ཙམ་ཡིན་ལ། དེ་ཡང་ཤེས་པ་དེའི་ངོར་སྣང་བ་དེ་འཛིན་པས་གཟུང་བར་བྱ་བའི་ཕྱི་རོལ་ལྟར་གནས་པ་འདི་ནི་ཆ་གཞན་གཟུང་རྣམ་དུ་བཏགས་པ་ཡིན་ཞིང་། དོན་ལ་གཟུང་འཛིན་ཐ་དད་པ་མེད་པ་ཅན་གསལ་རིག་གི་ཤེས་པ་ཙམ་གྱི་ངོ་བོར་གྱུར་པ་ཡི་རང་བཞིན་གཅིག་ལ་ཐ་དད་པའི་རྣམ་པར་སྣང་བ་ནི་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱིས་བསླད་པ་ཉིད་དེ་ཟླ་བ་གཉིས་སྣང་ལྟ་བུ་ཡིན་ནོ། །དེ་ལ་གཟུང་བ་མེད་ཀྱང་འཛིན་པ་ཡོད་དོ་ཞེ་ན། གཟུང་འཛིན་གང་རུང་གཅིག་ནི་མེད་པའམ་མ་གྲུབ་པས་ཀྱང་གཉིས་ཀའང་ཉམས་པར་འགྱུར་བ་ཡིན་ཏེ། དེ་གཉིས་ལྟོས་བཅས་ཡིན་པས་རེ་རེ་ཡན་གར་དུ་ཡོད་པ་མི་སྲིད་དོ། །གཉིས་པ། གཟུང་འཛིན་གཉིས་


MR20_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་གྲུབ་པ་དེ་ཕྱིར་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡི་རང་རིག་རང་གསལ་གང་ཡིན་པ་དེ་ནི་གཉིས་སྣང་ཅན་གྱི་ཀུན་ཏུ་རྟོག་པ་དེ་ཡིའང་དེ་ཁོ་ན་ཉིད་ཡིན་ཏེ་དེའི་གནས་ཚུལ་མཐར་ཐུག་པ་དེ་ཡིན་པའི་ཕྱིར་རོ། །གཉིས་པ་ཐ་དད་དུ་སྣང་བ་འཁྲུལ་བ་ནི། ཕྱི་དང་ནང་གི་དངོས་པོ་རྣམས་ཡུལ་དང་ཡུལ་ཅན་ཐ་དད་དུ་གནས་པ་འདི་ནི་གཟུང་འཛིན་དེ་ཐ་དད་པ་ལྟ་བུར་སྣང་བ་དེ་ལ་བརྟེན་ནས་བཞག་པ་ཁོ་ན་ཡིན་ཏེ། བློའི་དབང་གིས་བཞག་པ་མ་གཏོགས་པའི་གཅིག་ཐ་དད་ལ་སོགས་པ་གང་ཡང་འགྲུབ་ཐབས་མེད་དོ། །དེ་ལྟར་གཟུང་འཛིན་ཐ་དད་པར་བཞག་པ་དེ་ནི་དངོས་པོ་ལ་མ་གྲུབ་བཞིན་རྨོངས་པས་བསླད་པ་ཟླ་གཉིས་ལ་སོགས་པར་སྣང་བ་ཉིད་ལྟ་བུ་ཡིན་ན། དོན་དུ་ཡུལ་དང་ཡུལ་ཅན་དེ་དག་གཞན་དང་གཞན་དུ་ཡོད་པའང་ནང་གི་བསླད་པའི་དབང་གིས་འགྲུབ་ཀྱི་དོན་ལ་མི་འགྲུབ་པས་ན་ཐ་དད་པ་ལྟར་སྣང་བ་དག་ཀྱང་བསླད་པར་འགྱུར་གྱི་དོན་ལ་ཐ་དད་དུ་མེད་དེ། ཟླ་བ་གཉིས་སྣང་བསླད་པ་ཡིན་པས་ཕྱི་རོལ་ཟླ་བ་གཉིས་ཐ་དད་དུ་ཡོད་པ་ལྟར་སྣང་བའང་བསླད་པ་ཡིན་གྱི་མ་བསླད་པར་ཡོད་པ་མི་སྲིད་པ་བཞིན་ནོ། །གཉིས་པ་རྩོད་སྤང་ལ། ཤེས་ཉིད་སྟོང་པར་གསུངས་པའི་ལུང་། །སྟོང་ན་སྣང་བའི་རིགས་འགལ་སྤང་། །དང་པོ་ལ། ཕྱི་དོན་ཁས་མི་ལེན་པའི་ལན། །ཁས་བླང་བ་ཡི་ལུང་དོན་བཤད། །དང་པོ། གལ་ཏེ་གཉིས་སྟོང་གི་རང་རིག་ཙམ་ཡོད་ན་སངས་རྒྱས་ཀྱིས་མདོ་ལས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་རང་མཚན་གྱིས་སྟོང་པར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་གཟུང་བ་དང་འཛིན་པའི་རྣམ་པ་འདི་གཉིས་ལས། འདི་ལྟར་གཟུང་བ་ལ་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དང་མཉན་པར་བྱ་བ་སྒྲ་ལ་སོགས་པ་དང་། འཛིན་


MR20_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོ་སོར་རྣམ་པར་རིག་པ་རྣམ་ཤེས། ཉམས་སུ་མྱོང་བས་ཚོར་བ། མཚན་མར་འཛིན་པ་འདུ་ཤེས་སོགས་སུ་བཞག་པ་དེ་དག་གཟུང་འཛིན་མེད་ན་གང་མཐོང་ལ་གང་གིས་མཐོང་བ་སོགས་མཚན་ཉིད་ཀྱང་མི་སྲིད་པས་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་གཞན་ཞིག་ནི་ཅི་ཡང་ཡོད་པ་མ་ཡིན་ཏེ། ཆོས་གང་དང་གང་གི་མཚན་ཉིད་རྣམ་པར་དབྱེ་བ་དེ་ནི་གཟུང་བ་དེ་ལ་འཛིན་པས་དེ་ལྟར་ཐ་སྙད་འདོགས་པ་ཡིན་པ་དེས་ན་གཉིས་ཀྱིས་སྟོང་པ་སོ་སོ་རང་གིས་རིག་པ་ལ་ཤེས་བརྗོད་འཇུག་གསུམ་གྱི་མཚན་ཉིད་མ་ལུས་པ་ནུབ་ཅིང་སྟོང་པའི་ཕྱིར་ཆོས་ཐམས་ཅད་ནི་རང་བཞིན་མེད་པར་རབ་ཏུ་བཤད་པ་ཡིན་ཏེ། གང་ཅིར་སྣང་བ་ལ་དེ་དང་དེ་ལྟར་བཏགས་པའི་སྤྲོས་པ་མ་ལུས་པ་ཤིན་ཏུ་ཞི་བ་དེ་ཁོ་ན་ཉིད་ཙམ་གྱིས་རབ་ཏུ་ཕྱེ་བའོ། །དེ་ལྟ་ནའང་དེ་ཁོ་ན་ཉིད་དེ་སོ་སོ་རང་གིས་རིག་པའི་ཡེ་ཤེས་དེ་མེད་པ་ཞིག་ན་དེ་ཁོ་ན་ཉིད་མཐོང་བའི་ཡུལ་ཅན་མི་སྲིད་པས་སུས་ཀྱང་དེ་ཁོ་ན་ཉིད་མངོན་དུ་བྱ་བར་མི་རིགས་པས་ན་དེ་འདྲའི་གཉིས་སྟོང་གི་རང་རིག་དེ་ཉིད་དེ་ཁོ་ན་ཉིད་ཡིན་གྱི་ཅི་ཡང་མེད་པ་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ཙམ་དེ་ཁོ་ན་ཉིད་མ་ཡིན་ནོ། །གཉིས་པ། ཕྱི་དོན་ཁས་ལེན་པའི་ལུགས་ཀྱིས་མཚན་ཉིད་མེད་པའི་དོན་ནི། གཟུགས་སོགས་ཕུང་པོ་དང་མིག་སོགས་སྐྱེ་མཆེད་དང་ཁམས་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་གིས་དུ་མ་སྤུངས་པ་དང་སྐྱེ་བའི་སྒོ་དང་རིགས་ཀྱི་དོན་ཅན་སོགས་ཀྱི་མཚན་ཉིད་ཐམས་ཅད་མཚོན་བྱ་སོ་སོའི་བྱེད་པ་ཡི་ཁྱད་པར་ཅན་ལས་བཏགས་པ་ཙམ་ཡིན་ལ། དེའང་དེ་ཁོ་ན་ཉིད་དུ་དཔྱད་ན་མཚན་མཚོན་ཐ་དད་དུ་བློས་བཏགས་པ་ཙམ་ལས་ཡང་དག་པར་གྲུབ་པ་མིན་པ་དེས་ཀྱང་ཆོས་དེ་དག་རང་གི་མཚན་ཉིད་དང་བྲལ་བ་ཞེས་འདོད་པ་ཡིན་ནོ། །གཉིས་པ་རིགས་འགལ་སྤང་བ་ལ། །སྟོང་ཡང་གཉིས་སུ་སྣང་བ་འཐད། །དེ་ལ་མ་


MR20_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་སྤང་བའོ། །དང་པོ། དེ་ལྟར་གཉིས་ཀྱིས་སྟོང་པའི་རང་རིག་པ་ཙམ་དུ་ཡེ་ནས་གྲུབ་པ་ཡིན་ན་གཉིས་མེད་པ་ལ་གཉིས་སུ་ཇི་ལྟར་སྣང་ཞེ་ན། བསླད་པ་མེད་ན་མི་སྣང་བ་བདེན་ཀྱང་བསླད་པའི་དབང་གིས་མེད་ཀྱང་སྣང་བ་ཡོད་པ་ནི་འདི་ལྟར་ཐོག་མ་མེད་པ་ནས་གནས་པའི་ཉོན་མོངས་པ་ཅན་མིན་པའི་མ་རིག་པ་གང་ཞིག་གཟུང་འཛིན་གཉིས་སུ་སྣང་ཞིང་མངོན་པར་ཞེན་པ་དག་གིས་རྒྱུད་བསླད་པའི་བདག་ཉིད་ཅན་ལ། དོན་ཇི་ལྟ་བའི་དོན་སྣང་གི་བག་ཆགས་གང་ཞིག་རང་ཉིད་སད་པའི་རྐྱེན་ནང་ཤེས་པའི་བྱེ་བྲག་འགའ་ཞིག་ལ་ལྟོས་ནས་ནང་གི་རྣམ་པར་རིག་པ་ཙམ་གཉིས་མེད་ཀྱི་དེ་བཞིན་ཉིད་མིན་པའི་རྣམ་པ་གཉིས་སྣང་ཅན་དུ་སྐྱེ་བར་འགྱུར་ཏེ། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་དང་སྦྲང་མ་ཟླ་གཉིས་སྣང་བ་ལ་སོགས་པ་བཞིན་ནོ། །དེས་ན་ཚུ་རོལ་གཉིས་སྣང་ཅན་གྱི་སྤྱོད་ཡུལ་ལས་འདས་པའི་ཕ་རོལ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་མིན་པའི་སྐྱེ་བོ་ཐམས་ཅད་ཀྱིས་གཉིས་སྟོང་གི་དེ་ཁོ་ན་ཉིད་དེ་ནི་ཚུལ་བཞིན་རིག་པ་མ་ཡིན་ཏེ། གཟུང་དང་འཛིན་པའི་བསླད་པ་དག་ཡེ་ནས་མེད་པ་ཡི་སོ་སོའི་སྐྱེ་བོ་དེ་ནི་མེད་པའི་ཕྱིར་རོ། །གལ་ཏེ་བསླད་པ་དེ་མེད་ན་སོ་སྐྱེ་དེ་ཡང་ནི་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་བདེ་བ་ལ་སོགས་པ་ཡུལ་མེད་པར་རང་གི་ངོ་བོར་མྱོང་དུ་ཟིན་ཀྱང་འཁྲུལ་བས་བསླད་ནས་ཇི་བཞིན་རྟོགས་པར་མི་ནུས་ཏེ་སྐད་ཅིག་མ་མཐོང་བ་ལ་སོགས་པ་བཞིན་ནོ། །དེ་ལྟར་ཡང་ཆོས་ཉིད་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང་། །དེ་མི་སྣང་བས་ཆོས་ཉིད་སྣང་། །ཞེས་གསུངས་པ་བཞིན་ནོ། །དེས་ན་འཁྲུལ་བས་བསླད་པ་ཐམས་ཅད་ལོག་པའི་སངས་རྒྱས་ལ་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་འགྱུར་གྱི་བསླད་པ་དང་བཅས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་རྫོགས་པར་མངོན་དུ་


MR20_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མི་ནུས་པར་གསུངས་སོ། །དེ་ལྟ་བུར་གཉིས་ཀྱིས་སྟོང་པའི་རང་རིག་པ་དེ་བཞིན་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ནི་སེམས་ཙམ་པའི་ལུགས་ཀྱི་བདག་མེད་གཉིས་ཡོངས་སུ་རྫོགས་པའི་ཆོས་ཉིད་དེ། འོད་སྲུང་གིས་ཞུས་པའི་མདོ་ལས། ཡོད་ཅེས་བྱ་བ་མཐའ་གཅིག་གོ། །མེད་ཅེས་བྱ་བ་འདི་ནི་མཐའ་གཅིག་ཡིན་ནོ། །ཞེས་སོགས་གཟུང་བ་དང་འཛིན་པ་རྟག་དང་མི་རྟག །སྐྱེ་སྐྱེ་མེད་སོགས་ལ་སྦྱར་ནས། མཐའ་འདི་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་བརྟག་ཏུ་མེད་པ། བསྟན་དུ་མེད་པ། གནས་མེད་པ། སྣང་བ་མེད་པ། རྣམ་རིག་མེད་པ། གནས་མེད་པ་ཞེས་བྱ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་པ་ཡིན་ལ། དེ་དག་གི་དོན་ཆོས་ཉིད་རྣམ་འབྱེད་དུ། །སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོ་ཡུལ་དང་རྣམ་རིག་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །དེས་ན་འདིས་ནི་བརྟག་མེད་པ། །བསྟན་དུ་མེད་པ་གནས་མེད་པ། །སྣང་བ་མེད་ཅིང་རྣམ་རིག་མེད། །གནས་མེད་པ་ཞེས་བྱ་བ་སྟེ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ། བསླད་པ་མེད་ན་གཉིས་སུ་སྣང་བ་མེད་པ་དེར་མ་ངེས་ཏེ་བསླད་པ་ཐམས་ཅད་དང་བྲལ་བ་སངས་རྒྱས་ཀྱིས་ཀྱང་ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་རབ་ཏུ་བསྟན་པར་མཛད་པའི་ཕྱིར་ཕྱི་དོན་གཟིགས་ནས་དེ་ལྟར་གསུངས་སོ་ཞེ་ན། གཉིས་སྣང་གི་བསླད་པ་དང་བྲལ་བ་དེས་གཉིས་སྣང་ཅན་གྱི་སེམས་ཅན་དག་གི་བསམ་པ་དང་བསྟུན་ཏེ། དེ་ཁོ་ན་ཉིད་ཀྱི་དོན་གཉིས་སུ་མེད་པའི་ཆོས་ཉིད་སྟོན་པ་རེ་ཞིག་བཏང་སྙོམས་སུ་མཛད་པ་ཅན་སངས་རྒྱས་ཀྱིས་ནི། དཔེར་ན་གླང་པོ་ཆེས་ཕ་རོལ་མཐོང་ཡང་ཆེད་དུ་མི་ལྟ་བར་མ་མཐོང་བ་


MR20_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱེད་པ་དང་མཚུངས་པར་དེ་ཁོ་ན་ཉིད་གཟིགས་ཀྱང་དེ་བསྟན་རུང་ཁོང་དུ་ཆུད་པར་མི་ནུས་པ་རྣམས་ལ་དེ་ཉིད་གཟིགས་ཀྱང་མ་གཟིགས་པ་ལྟར་གླང་ཆེན་གྱི་གཟིགས་སྟངས་ཉིད་མཛད་ནས་འཇིག་རྟེན་མཐུན་འཇུག་གི་ཐུགས་ནི་འབའ་ཞིག་གིས་ཕྱི་རོལ་གྱི་དོན་གཟུགས་སོགས་ལའང་དཔྱོ༷ད་ཅིང་མཚན་ཉིད་རྣམ་པར་གཞག་པ་ལ་འཇུག་པར་མཛད་དེ། དགེ་སློང་དག་ཇི་ལྟར་སྣང་བ་རྟོག་པར་གྱིས་ཤིག །ཇི་ལྟར་སྣང་བ་ལས་བཟློག་པར་འཛིན་པར་མ་བྱེད་ཅིག་ཅེས་གསུངས་པ་ལྟ་བུའོ། །དེ་ལྟར་བསྟན་ནས་རིམ་གྱིས་དེ་ཁོ་ན་ཉིད་ལ་དྲང་བར་མཛད་པ་ཡིན་ནོ། །གཉིས་པ་ཐ་སྙད་ཀྱི་ལན་ལ། ཤེས་པ་གཅིག་ཏུ་བཞག་པར་འཐད། །ཕྱི་དོན་དེ་དང་མི་མཚུངས་པའོ། །དང་པོ། དོན་དམ་པར་ཤེས་པ་སྣ་ཚོགས་སུ་སྣང་བ་བསླད་པ་ཡིན་གྱི་ཡང་དག་པ་མ་ཡིན་པར་གྲུབ་ཏུ་ཆུག་ཀྱང་། ཐ་སྙད་དུ་སྣ་ཚོགས་སུ་སྣང་བའི་ཤེས་པ་གཅིག་ཡོད་རུང་ན་དོན་ལའང་དེ་རུང་བར་འགྱུར་རོ་ཞེ་ན། སྤྱིར་དུ་མ་ལ་གཅིག་ཏུ་བཏགས་པ་ཙམ་རུང་བ་ནི་དོན་ཤེས་གང་ལའང་མི་དགག་མོད། འོན་ཀྱང་ཐ་སྙད་ཀྱི་སྐབས་སུ་ཤེས་པ་གཅིག་ལ་སྣ་ཚོགས་སྣང་བ་དང་། སྣ་ཚོགས་པ་ཅན་གྱི་དོན་གཅིག་མི་འདྲ་སྟེ། ཁྲ་འཛིན་དབང་པོའི་ཤེས་པ་གཅིག་ལ་དུས་ཅིག་ཅར་སྔོ་སེར་སོགས་སྣ་ཚོགས་པ་སྣང་བ་དེ་ནི་དབང་པོ་ལས་སྐྱེས་པའི་ཤེས་པ་གཅིག་པུ་དེ་ཡིས་དེ་ལྟར་ཉམས་སུ་མྱོང་བ་ཡིན་གྱི་དུས་ཀྱི་སྔ་ཕྱི་དང་རྒྱུད་ཀྱི་ཁྱད་པར་གཞན་དང་གཞན་མེད་དོ། །དེ་ལྟར་ན་སྔོ་སོགས་སྣང་བ་དེ་དག་ཤེས་པའི་ཁྱད་པར་གཞན་དང་གཞན་དུ་ཤེས་པའི་ངོ་བོ་ལ་ཡན་གར་དུ་རྟེན་པ་མེད་དེ། དེ་དུས་ཀྱི་སེར་སྣང་ཤེས་པ་ལོགས་སུ་བཅད་ནས་སྔོ་སྣང་ཤེས་པ་འདིའོ་ཞེས་བསྟན་པར་མི་ནུས་པས་ཤེས་པ་གསལ་རིག་གིས་མྱོང་བ་ཙམ་ལས་ཐ་དད་དུ་


MR20_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ནས་མཐོང་ནུས་པ་མ་ཡིན་པའི་ཕྱིར་རོ། །སྐྱེས་བུའི་རྒྱུད་ཀྱི་མིག་ཤེས་དེས་ཡུལ་གང་ཉེ་བ་སྣ་ཚོགས་དེ་བཞིན་དུ་འཛིན་ནུས་ཀྱི་སྔོ་སོགས་སོ་སོར་འཛིན་པའི་ཤེས་པ་སོ་སོ་བ་རེ་རེ་མི་དགོས་པས་ན་ཤེས་པ་གཅིག་གིས་སྣ་ཚོགས་འཛིན་ཞེས་བྱ་སྟེ། མེ་ལོང་གཅིག་ལ་སྣ་ཚོགས་འཆར་ཞེས་པ་བཞིན་ནོ། །དེ་ལྟ་བུ་སོ་སོར་རྣམ་པ་ཆད་པ་མེད་པའི་དོན་གཅིག་མི་སྲིད་དེ་སྔོན་པོས་སྔོ་འཛིན་ཁོ་ན་སྐྱེད་ཀྱི་སྔོན་པོ་གཅིག་གིས་སྣ་ཚོགས་སྐྱེད་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ། སྔོ་སོགས་རྣམ་པར་དབྱེ་བ་ནི། །སྣམ་ཁྲ་ལ་སོགས་དག་ལའང་མཚུངས། །ཞེས་པ་བཞིན་དུ་ཤེས་པ་ལའང་སྔོ་སོགས་མཐོང་བ་སོ་སོར་དབྱེ་བར་ཅི་སྟེ་མི་ནུས་ཏེ་ཡུལ་ཁྲ་བོ་མཐོང་བའི་བཀོད་པ་བཞིན་དུ་དེ་འཛིན་ཀྱང་དེ་ལྟར་དབྱེའོ་ཞེ་ན། དེ་ལྟར་སྤྱི་བློས་དེ་ཡུལ་དུ་བྱས་ནས་དཔྱོད་པ་དེ་ཡི་ཚེ་འདི་སྔོན་པོ་མཐོང་བའི་ཤེས་པའོ། །འདི་སེར་པོ་མཐོང་བའོ། །འདི་གྲུ་བཞི་མཐོང་བའོ། །ཞེས་སོགས་རྣམ་པར་དབྱེ་བ་ནི་ཕྱི་རོལ་གྱི་དོན་དེ་དང་དེ་ལྟ་བུའི་ཆ་ལ་འཇུག་པར་འགྱུར་གྱི་ཤེས་པའི་ངོ་བོ་ལ་རྣམ་པར་བཅད་ནས་ཐ་དད་དུ་བྱས་པ་མེད་དེ་ཤེས་པ་ཡུལ་ཐ་དད་པ་ན་རིས་སུ་ཆད་པར་གནས་པ་ཅན་གྱི་ངོ་བོ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡུལ་བཞིན་དུ་ངེས་པར་ཐ་དད་དུ་དབྱེ་ནུས་ན། ཤེས་པ་ལ་ཁ་དོག་དང་དབྱིབས་སུ་དབྱེ་བར་ནུས་ཤིང་མཐའ་ཡི་མཚམས་ཀྱང་དབྱེ་བར་ནུས་ལ། དེ་མ་ནུས་ན་ཁ་དོག་དང་དབྱིབས་ལ་སོགས་པས་ཐ་དད་པར་དབྱེ་བ་དེའང་དོན་ལ་འབབ་ཀྱི་ཤེས་པ་ལ་འཇུག་པར་མི་འགྱུར་ཏེ། དཔེར་ན་རྟ་གླང་གཅིག་མིན་ཀྱང་རྨི་ལམ་གྱི་རྟ་གླང་གི་སྣང་བ་ཤེས་པ་ལས་ཐ་དད་དུ་མེད་ལ། དེའི་ཕྱིར་སྣང་བ་དེ་གཉིས་ཀ་ཤེས་པའི་རྫས་ཡིན་པར་འགལ་བ་མེད་ཅིང་དུས་མཉམ་པའི་ཤེས་པས་མྱོང་བ་ན་རང་རིག་པའི་ངོར་སོ་སོར་སྣང་ཡང་མྱོང་བྱེད་རང་རིག་པ་གཅིག་ལས་སོ་སོར་


MR20_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དུ་མེད་པས་ཤེས་པ་གཅིག་ཉིད་གཟུང་འཛིན་སྣ་ཚོགས་སུ་སྣང་བ་འཐད་དོ། །དེས་ན་ཕྱི་དོན་ཡོད་པ་གཞིར་བཞག་གི་སྟེང་ནས་གཞལ་ན་གཟུང་རྣམ་འཛིན་རྣམ་གཉིས་སུ་མ་ཕྱེས་པར་མ་བརྟགས་འཇིག་རྟེན་དང་མཐུན་པར་སྤྱིར་བློ་གཅིག་གིས་དུ་མ་ཅིག་ཅར་རྟོགས་སོ་ཞེས་པའི་ཐ་སྙད་དེ་ལ་མི་འཐད་པ་མེད་དེ། སྐྱེས་བུ་གཅིག་གི་རྒྱུད་ཀྱི་བློ་ཐ་དད་དུ་མ་ཆད་པ་དེ་ལ་དུ་མ་ཅིག་ཅར་སྣང་བ་མྱོང་བས་གྲུབ་ཅིང་། ཡུལ་སོ་སོ་བཞིན་དུ་བློ་ཐ་དད་པར་ཡོངས་སུ་ཆད་པ་རེ་རེས་མཐོང་ན་སྣ་ཚོགས་བློ་གཅིག་གིས་དུས་ཅིག་ཅར་མྱོང་བའི་རྣམ་པ་འདི་མེད་དགོས་ནའང་ནང་དུ་ཤེས་པ་གསལ་རིག་ཆ་ཐ་དད་དུ་མེད་པ་གཅིག་གིས་མྱོང་བར་རང་རིག་གིས་གྲུབ་པ་དེས་ན་བློ་གཅིག་གིས་སྣ་ཚོགས་མཐོང་ཞེས་པའི་ཐ་སྙད་འཐད་དེ། གཞན་དུ་ན་སྐྱེས་བུ་དུ་མས་མྱོང་བ་བཞིན་དུ་ཐ་དད་པར་འགྱུར་གྱི་རྒྱུད་གཅིག་གིས་ཤེས་པས་མྱོང་བ་ཉིད་ཀྱི་ཐ་སྙད་མེད་པར་འགྱུར་རོ། །དེ་ལ་སྐབས་འདིར་གཞུང་འདིའི་དགོངས་པ་སྣ་ཚོགས་གཉིས་མེད་དུ་སྨྲ་བ་རྣམས་ཀྱིས་ཚིག་འདི་ལ་བརྟེན་ནས་དེ་ལྟར་སྨྲ་བ་ཡིན་ནོ། །དེ་ལ་སྣ་ཚོགས་གཉིས་མེད་པ་ནི་གཟུང་རྣམ་སྣ་ཚོགས་ཡོད་ཀྱང་འཛིན་རྣམ་གཅིག་གི་ངོ་བོར་འདོད་པ་ཡིན་ན། རིགས་པ་འདིས་འཛིན་རྣམ་གཅིག་ཡིན་པར་བསྒྲུབ་ན་གཟུང་རྣམ་ཡང་གཅིག་ཏུ་འགྱུར་ཏེ། ཤེས་པའི་རྫས་ཡིན་པས་ཁྱད་པར་གཞན་མི་རྟེན་པ་དེ་ལའང་ཡོད་པས་དེ་ལྟར་ན་སྒོ་ང་ཕྱེད་ཚལ་བའང་ཐ་སྙད་སྐྱོན་མེད་པར་འགྱུར་རོ། །དེས་ན་རིགས་པ་འདི་ནི་བློ་གཅིག་ཏུ་ཁས་ལེན་པ་དང་དོན་གཅིག་ཏུ་ཁས་ལེན་པ་ཐ་སྙད་དུ་མི་འདྲ་བའི་ཚུལ་ཙམ་སྟོན་པ་ཡིན་གྱི་སྣ་ཚོགས་གཉིས་མེད་པའི་ཚུལ་སྒྲུབ་པ་ནི་མ་ཡིན་ནོ། །དེས་ན་ཇི་སྲིད་གཟུང་རྣམ་སྣ་ཚོགས་སུ་སྣང་བ་ཡོད་ན་དེའི་འཛིན་རྣམ་


MR20_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་སྙེད་དུ་སྣང་སྟེ། དེ་ལ་གཅིག་ནི་མེད་པས་ཀྱང་། །གཉིས་ཀ་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་པ་དང་ཚུལ་མཚུངས་སོ། །དེ་འདྲའི་གཟུང་རྣམ་དང་འཛིན་རྣམ་སྣ་ཚོགས་པ་དེ་ལའང་ཕྱི་དོན་བཞིན་དུ་ཆ་ཐ་དད་གཅད་དུ་མེད་པར་གསལ་རིག་གི་ཤེས་སྣང་ཙམ་དུ་ཟད་ཅིང་། གཟུང་འཛིན་གཉིས་སུའང་མ་གྲུབ་པས་ན་གནས་ཚུལ་ལ་གཉིས་སྟོང་གི་རང་རིག་ཙམ་དུ་གྲུབ་པ་ཡིན་ནོ། །ཡང་རྒྱན་གྱི་ལུགས་ལྟར་ན། དངོས་རྣམས་ཐ་དད་གནས་པ་ལ་སོགས་པའི་ཚིགས་བཅད་གསུམ་གྱིས་རིམ་པ་ལྟར། དབུ་མ་དང་། རྣལ་འབྱོར་སྤྱོད་པ་པ་དང་། ཉན་ཐོས་པའི་ལུགས་ཀྱི་སྟོང་ཉིད་བསྟན་པར་ཡང་བཞེད་ཅིང་། ཡང་གཞན་དག་གཟུང་འཛིན་གྱིས་སྟོང་པའི་རང་རིག་ཙམ་བསྒྲུབས་པ་ལ་བརྟེན་ནས་གཞུང་འདིའི་དགོངས་པ་རྣམ་རྫུན་ལྟར་དུ་བཞེད་པའང་ཡོད་དོ། །དེ་ལ་གཞུང་འདིས་ཐ་སྙད་དཔྱོད་པའི་ཚད་མ་གཙོ་བོར་སྟོན་པ་ཡིན་པས་སྣང་བ་ཐབས་ཀྱི་ཆ་འཆད་པ་ལ་གཉིས་སྟོང་གི་རྣམ་རིག་ཙམ་འཁོར་འདས་ཀྱི་སྣང་གཞི་དང་འཆར་གཞིར་གྲུབ་པས་དེ་ཙམ་གཙོར་བཏོན་ནས་སེམས་ཙམ་གྱི་གྲུབ་མཐའི་རྣམ་གཞག་གསལ་པོར་སྟོན་པ་ནི་གཞུང་ཉིད་ཀྱིས་གསལ་བས་བསྙོན་དུ་མེད་ལ། སེམས་ཙམ་དེ་ལའང་དོན་དམ་པར་གཉིས་སྟོང་གི་རྣམ་ཤེས་གྲུབ་པར་སྨྲ་བ་ལ་སུ་ཡང་མི་མཐུན་པ་མེད་པས་གཉིས་སྟོང་དུ་སྒྲུབ་པ་ཙམ་གྱིས་རྣམ་རྫུན་པ་ཡིན་པར་མི་གྲུབ་ཅིང་། རྣམ་བདེན་རྫུན་ནི་གཉིས་སྣང་དང་བཅས་པ་ཐ་སྙད་ཀྱི་སྐབས་སུ་ཤེས་པ་ལ་རྣམ་པ་ཡོད་མེད་དུ་བཞེད་པའི་ཁྱད་པར་ཙམ་ཡིན་ཅིང་ཐ་སྙད་དུ་རྣམ་མེད་དུ་ཉམས་སུ་མྱོང་བ་མི་འཐད་པས་གཞུང་འདིར་རྣམ་བཅས་སུ་བཞེད་པ་ནི། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་


MR20_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཤེས་ལས་ཐ་དད་མ་ཡིན་ན། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་དང་། གལ་ཏེ་སྤྱི་ནི་ཤེས་ངོ་བོའི་། །དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་དང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོགས་གཞུང་གི་སྐབས་ཀུན་ཏུ་གསལ་ལོ། །དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། །ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །ཞེས་གསུངས་སོ། །རྣམ་བཅས་པ་དེ་ལ་བཞེད་པ་གསུམ་ཡོད་པའི་ཐ་སྙད་དུ་སྐྱོན་མེད་པར་དངོས་པོའི་སྟོབས་ཀྱིས་འོང་བ་ནི་གཟུང་འཛིན་གྲངས་མཉམ་པ་ཡིན་ཏེ་གཞན་དུ་བཤད་ཟིན་པའི་ཕྱིར་འདིར་རྒྱས་པར་མི་སྤྲོའོ། །ཤེས་པ་གང་ཞིག་དོན་རང་མཚན་གྱི་དངོས་པོ་སྣ་ཚོགས་ཇི་ལྟར་སྣང་བ་དེ་དེ་ལྟ་བུ་ཉིད་དུ་མྱོང་བ་ཡིན་ཏེ། ཡུལ་སྔོན་པོ་གཅིག་གི་རྣམ་པ་གཏད་ན་སྔོན་པོར་སྣང་ཞིང་ལྔ་ཀས་རྣམ་པ་གཏད་ན་ལྔ་ཀར་སྣང་བ་སོགས་བློ་གཅིག་ལ་ཡུལ་རུང་བ་ན་གནས་པ་སྣ་ཚོགས་ཅིག་ཅར་སྣང་བའི་ཕྱིར་ན་དེ་ལྟར་སེམས་ཀྱི་རྣམ་པ་ནི་སྣ་ཚོགས་པ་ཡང་གསལ་རིག་གི་ཤེས་པ་གཅིག་གི་ངོ་བོར་འགྱུར་བ་ཡིན་ནོ། །དེས་ན་སེམས་ལ་རྣམ་པ་སྣ་ཚོགས་པ་མེད་ཅེས་མི་བྱ་ཞིང་རྣམ་པ་སྣ་ཚོགས་པ་སེམས་གསལ་རིག་གཅིག་གི་རང་བཞིན་ལས་ཐ་དད་དུ་མེད་ཅེས་བྱ་བ་ཡིན་ནོ། །དེའི་ཕྱིར་སེམས་གཅིག་སྣ་ཚོགས་སུ་སྣང་བ་ནི་ཐ་སྙད་ཤིན་ཏུ་འཐད་དེ། གནས་སྐབས་སུ་དབང་ཤེས་ལྟ་བུ་ལ་སྦྱར་ཡང་དོན་གྱིས་གནས་དོན་ལུས་ཀྱི་སྣང་བ་ཐམས་ཅད་སེམས་ཙམ་དུ་འདོད་པ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །གཉིས་པ་ལ། ཐལ་བ་འགོད་དང་མ་ངེས་སྤང་། །དང་པོ། སྣང་བ་སྣ་ཚོགས་པའི་སེམས་གཅིག་


MR20_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རུང་བ་དེ་བཞིན་ཕྱི་རོལ་གྱི་རས་ཁྲ་བོ་ལྟ་བུའི་ཁ་དོག་ལ་སོགས་པའི་གཟུགས་ནི་ཡན་ལག་ཅན་ཆ་མེད་པ་གཅིག་གི་རང་བཞིན་ཡིན་ན། ཤེས་པ་གཅིག་ལ་གཟུང་རྣམ་སྣ་ཚོགས་དབྱེར་མེད་པ་དེ་བཞིན་གཅིག་ལས་ཐ་དད་དུ་བྱར་མེད་ཅིང་རྣམ་པར་དབྱེ་བ་མེད་པར་འགྱུར་དགོས་ནའང་སྔོན་པོ་བསྒྲིབས་པས་གཞན་མི་སྒྲིབ་པ་དང་། སྔོན་པོ་མཐོང་བས་གཞན་མི་མཐོང་བ་སོགས་རང་འཛིན་ཤེས་པ་བསྐྱེད་པ་ལ་རྣམ་པ་ཀུན་ཏུ་ནུས་པ་ངེས་ཤིང་ཐ་དད་པའི་མཚན་ཉིད་ལ་རྟེན་པར་མཐོང་གི་ཤེས་པ་གཅིག་གིས་སྣ་ཚོགས་འཛིན་པ་བཞིན་དུ་ཡུལ་གཅིག་གིས་སྣ་ཚོགས་སྐྱེད་པར་མི་བྱེད་པས་གནོད་དོ། །གཉིས་པ་ལ། གནོད་སྤོང་གི་ལན་དགག་པའི་དབང་དུ་བྱས་ཏེ་ཕ་རོལ་པོས་སོ་སོར་དབྱེ་བར་ནུས་པ་ནི་ཡན་ལག་ལ་ཡིན་གྱི་ཡན་ལག་ཅན་ལ་མིན་ནོ་ཞེ་ན་དབྱེ་བར་ནུས་པ་ཐ་དད་པ་ཅན་ཡན་ལག་ནི་རེ་རེ་ནས་རྣམ་པར་བསལ་བ་ན་དབྱེ་མི་ནུས་པའི་ཐ་དད་པ་མེད་པ་གཞན་ཡན་ལག་ཅན་ཞེས་པ་ནི་མཐོང་བ་མེད་པས་ན་ནམ་མཁའི་མེ་ཏོག་དང་འདྲའོ། །སྒྲུབ་བྱེད་འགོག་པའི་དབང་དུ་མཛད་ནས་ཕ་རོལ་པོའི་ཡན་ལག་ཅན་མེད་ན་ཡན་ལག་སིལ་བུ་བ་དབང་འདས་ཀྱི་རྡུལ་ཕྲན་དེ་ལས་ཁྱད་མེད་པས་དབང་པོའི་ཡུལ་དུ་སྣང་བ་མི་འཐད་དོ་ཞེ་ན། གལ་ཏེ་ཁྱོད་ལྟར་ན་ཡང་དབང་པོ་དང་ཡུལ་དང་བདག་དང་ཡིད་ལ་སོགས་པ་ཐ་དད་པ་རེ་རེས་དབང་ཤེས་མི་བསྐྱེད་ཀྱང་ཚོགས་པ་ན་བསྐྱེད་པར་འདོད་པ་བཞིན་རྡུལ་དུ་མ་ཚོགས་ནས་མཐོང་རུང་གི་ཁྱད་པར་སྐྱེས་པར་གྱུར་པ་མང་པོ་དག་ཅིག་ཅར་དབང་བློ་ཡི་རྒྱུར་འགྱུར་ཡང་འགལ་བ་དག་ནི་ཅི་ཞིག་ཡོད་དེ་ཡོད་པར་མི་འགྱུར་རོ། །གལ་ཏེ་དབང་ཡིད་ལ་སོགས་པ་དེ་དག་རྒྱུ་ཡིན་གྱི་གཟུང་ཡུལ་མ་ཡིན་པས་མི་མཚུངས་ལ། རྡུལ་ཕྲན་དེ་དག་རྒྱུ་ཡིན་ཀྱང་གཟུང་ཡུལ་ནི་ཡན་ལག་ཅན་ཡིན་པས་དེ་དང་མི་འདྲའོ་ཞེ་ན། རང་


MR20_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཤེས་པ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡི་དངོས་པོ་མ་གཏོགས་པ་གཟུང་བ་ཞེས་བྱ་གཞན་ཅིའང་མེད་དེ། ཤེས་པ་སྐྱེད་པའི་རྒྱུ་མ་ཡིན་ན་གཟུང་ཡུལ་ཡང་མིན་ཏེ་འབྲེལ་བ་མེད་པར་ཡུལ་དུ་འགྱུར་ན་ནི་ཐམས་ཅད་ཐམས་ཅད་ཀྱི་གཟུང་ཡུལ་དུ་འགྱུར་རོ། །རྒྱུ་ཡིན་ཀྱང་གཟུང་ཡུལ་མིན་པ་ཡོད་དེ་དབང་ཤེས་ལ་དབང་པོ་བཞིན་ནོ་ཟེར་ན། དེ་ལ་ཡུལ་ཅན་བློ་ནི་ཡུལ་གང་གི་རྣམ་པ་ཉིད་དུ་སྣང་བ་དེ་ནི་བློ་དེ་ཡི་བཟུང་བར་བརྗོད་པ་ཡིན་ལ་དེ་ནི་ཤེས་པ་དེ་སྐྱེ་བའི་རྒྱུ་ཡང་ཡིན་པས་དེ་ལྟར་དབང་ཤེས་སྐྱེད་པའི་རྒྱུར་གྱུར་པའི་རྡུལ་ཕྲན་ཁྱད་པར་བ་དུ་མ་བློ་ཡི་གཟུང་ཡུལ་དུ་ཅིག་ཅར་ཡོད་པ་ལ་འགལ་བ་མེད་དོ། །གསུམ་པ་ནོག་སོགས་ཅིག་ཅར་མི་འཛིན་པར་ཐལ་བ་ལ། དངོས་དང་དེ་ཡི་ལན་འགོག་པའོ། །དང་པོ། ཇི་ལྟར་ཁྱོད་དུ་མ་ཅིག་ཅར་མི་འཛིན་པ་ལྟར་ན་རང་གི་ཡན་ལག་ནོག་དང་ལྐོག་ཤལ་མིག་དང་རྣ་བ་ལ་སོགས་པ་དང་བཅས་པར་ཅིག་ཅར་དུ་བ་ལང་གི་ཡན་ལག་ཅན་གཟུང་བ་ཡིན་ཏེ། ཡན་ལག་ཏུ་མ་ཚང་བར་དམིགས་པ་དང་ལྷན་ཅིག་པའི་ཡན་ལག་ཅན་ནམ་ཡང་མི་འཛིན་པར་ཐལ་ལོ། །དེ་ལྟར་འདོད་ན་ལྐོག་ཤལ་ལ་སོགས་ཡན་ལག་མཐོང་བ་མེད་པར་ནི་བ་ལང་དུ་ཤེས་པ་ཡང་མཐོང་བ་ནམ་ཡང་མེད་དོ། །གཉིས་པ། གལ་ཏེ་ཁྱད་གཞི་དེ་ལ་ཁྱད་ཆོས་དུ་མ་ཡོད་པ་ལས་གང་ཡང་རུང་བ་གཅིག་དང་། ཁྱད་གཞི་ལྷན་ཅིག་འཛིན་ཏེ་འཕྲོད་འདུས་འབྲེལ་བས་དབྱེར་མེད་པར་གནས་པའི་ཕྱིར་རོ། །དེས་ན་རྭ་མཐོང་བ་ན་ཁྱད་ཆོས་སམ་ཡོན་ཏན་དེ་དང་གཙོ་བོ་བ་ལང་དག་ལྷན་ཅིག་རྟོགས་པའམ་ཡང་ན་བ་ལང་གི་དབྱིབས་ཀྱི་ཡོན་ཏན་དེ་དང་ཁྱད་གཞི་གཙོ་བོ་བ་ལང་དག་ཅིག་ཅར་རྟོགས་པར་འདོད་ན་ཡང་དུས་ཅིག་ཅར་རྭ་དང་རྨིག་པ་ལ་སོགས་པའི་ཡན་ལག་རྫོགས་པར་འཛིན་པ་མིན་


MR20_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་དག་ནི་རྫས་དུ་མ་ཡིན་ལ་རྫས་དེ་མ་བཟུང་གི་བར་དུ་དེ་དག་གི་ཡོན་ཏན་དབྱིབས་ཀྱང་མི་འཛིན་ལ་ཡན་ལག་སོ་སོའི་དབྱིབས་ཐམས་ཅད་ཚང་བར་མ་བཟུང་བར་བ་ལང་གི་དབྱིབས་རིལ་པོ་འཛིན་པ་མི་སྲིད་པས་དབྱིབས་ཀྱི་ཡོན་ཏན་དང་ལྷན་ཅིག་བ་ལང་ཇི་ལྟར་འཛིན་ཏེ་མི་འཛིན་ནོ། །ཡང་རྭ་ལྟ་བུའི་ཡན་ལག་གཅིག་དང་གཙོ་བོ་བ་ལང་ལྷན་ཅིག་འཛིན་སྙམ་པའང་གྱི་ན་སྟེ། རྭ་འཛིན་དུ་ཆུག་ཀྱང་དེ་དང་ལྷན་ཅིག་པའི་བ་ལང་དབང་པོས་ཇི་ལྟར་བཟུང་སྟེ་རྭ་ཁོ་ན་ལས་ཡན་ལག་ལྷག་མ་མ་མཐོང་བས་རྭ་ཡན་གར་དུ་མཐོང་བ་ཙམ་ལས་བ་ལང་མཐོང་བ་མི་སྲིད་དོ། །གལ་ཏེ་སྔོ་སོགས་ཡོན་ཏན་དང་གཡོ་འགུལ་སོགས་བྱ་བ་བ་ལང་ཉིད་ལ་སོགས་པ་སྤྱི་རྣམས་ནི་རང་གི་རྫས་ལ་འཕྲོད་པ་འདུ་བ་ལས་རྫས་གཞན་ལའང་ལྡན་པས་འབྲེལ་ཏེ། དཔེར་ན་རྣ་བའི་སྤྱི་རྣ་བ་དང་འཕྲོད་པ་འདུ་བས་འབྲེལ་གྱི་རྨིག་པ་ལ་མ་འབྲེལ་ཀྱང་རྣ་བ་དང་རྨིག་པ་སོགས་ལྡན་འབྲེལ་ཡོད་པས་ཐམས་ཅད་བརྒྱུད་ནས་འབྲེལ་བའི་ཕྱིར་ལྡན་པ་ལས་གཅིག་བཟུང་བས་ཡན་ལག་ལྷག་མ་རྣམས་ཀྱང་འཛིན་པ་ཡིན་ནོ་ཞེ་ནའང་འཐད་པ་མིན་ཏེ། ལུས་མ་མཐོང་བར་སྤུ་ཉག་མ་གཅིག་དང་རྭའི་རྩེ་མོ་ཙམ་མཐོང་བས་ཡན་ལག་ལྷག་མ་ཀུན་ཀྱང་འཛིན་པར་ཐལ་བའི་ཕྱིར་ཧ་ཅང་ཐལ་ཆེས་སོ། །དེས་ན་ཁྱད་པར་དང་ནི་ཁྱད་པར་ཅན་ཞེས་བྱ་བ་རྟོག་པའི་ངོར་ཡོད་ཀྱི་རྟོག་མེད་ཤེས་པ་ལ་མི་སྣང་སྟེ། བརྗོད་པར་འདོད་པའི་རྒྱུ་མཚན་ཙམ་ལས་འཇུག་པའི་གཞན་དབང་ཅན་བཏགས་པ་ཡིན་པའི་ཕྱིར་ཏེ་སྐབས་ཀྱི་རྭ་ལ་སོགས་པ་གང་ཡང་རུང་བ་ཞིག་ཡན་ལག་གམ་ཁྱད་པར་བྱེད་ཆོས་ཉིད་དུ་ཉེར་བཟུང་སྟེ་ཉེ་བར་བཟུང་བ་གང་ཡིན་པ་དེ་ཉིད་ཀྱིས་ནི་ཁྱད་པར་ཅན་དེ་འཛིན་པར་འགྱུར་བ་ཙམ་ཡིན་ཏེ། དཔེར་ན་བ་ལང་རྭ་ཅན་ཞེས་པའི་སྐབས་སུ་རྭ་ཁྱད་ཆོས་སུ་བརྗོད་


MR20_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྨིག་པ་ཅན་གྱི་བ་ལང་ཞེས་བརྗོད་པར་འདོད་པའི་ཚེ་རྭ་ཡང་ཁྱད་གཞིའི་ཁོངས་སུ་བསྡོམས་ནས་རྨིག་པ་ཉིད་ཁྱད་ཆོས་སུ་བརྗོད་ལ་དེ་བཞིན་ཡན་ལག་ལྷག་མ་ཐམས་ཅད་ལའང་འདྲའོ། །དེ་ལྟར་གོས་དཀར་པོ་བགོས་ཤིང་དབྱུག་པ་ཐོགས་པའི་སྐྱེས་བུ་རལ་པ་ཅན་ལའང་རེས་འགའ་དབྱུག་པ་ཅན་དང་། རེས་འགའ་གོས་དཀར་པོ་ཅན་དང་། རེས་འགའ་རལ་པ་ཅན་ལ་སོགས་པར་བཏགས་པ་བཞིན་བརྗོད་འདོད་ཀྱི་རྟོག་པས་དེ་ལྟར་བཞག་པར་ཟད་དོ། །བཞི་པ་སྣ་ཚོགས་གཞན་དུ་མི་ཤེས་པར་ཐལ་བ་ལ། ཐལ་བ་དངོས་དང་གཞན་གྱི་ཡང་། །དེ་ལྟར་ཁས་ལེན་དགོས་པའོ། །དང་པོ་ལ། དངོས་དང་གཞན་གྱི་ལན་འགོག་པ། །དང་པོ། དུ་མ་ཅིག་ཅར་མི་འཛིན་པར་འདོད་ན་ཕྱི་རོལ་པ་ཁྱེད་ཅག་བུམ་པ་སོགས་རྫས་ཀྱི་རང་གི་དངོས་པོ་ཙམ་ནི་བུམ་སོགས་གཞན་དག་ལས་ཐ་དད་མེད་པར་གྱུར་བའི་ཕྱིར་ཏེ། འདི་ལྟར་ཁྱེད་ཅག་རྫས་ལས་ཡོན་ཏན་སོགས་ཐ་དད་དུ་འདོད་ལ། རྫས་གང་ལ་འདི་ནི་བུམ་པའོ་འདི་ནི་སྣམ་བུའོ་ཞེས་ཐ་དད་པར་བྱེད་པ་ནི་རྫས་དེའི་ཡོན་ཏན་དང་རིགས་ལ་སོགས་པས་བྱེད་པ་ཡིན་པར་འདོད་ན། རྫས་འཛིན་པ་དེའི་ཚེ་ཡོན་ཏན་ལ་སོགས་པ་ཐ་དད་དུ་བྱེད་པ་ཡི་ཆོས་དེའང་མ་བཟུང་བའི་ཕྱིར་བུམ་སྣམ་སོགས་རྫས་གཞན་དང་གཞན་མཐོང་དུ་ཟིན་ན་ཡང་དེ་གཉིས་ཐ་དད་དུ་མི་འབྱེད་པར་བློ་གཅིག་གི་རྣམ་པར་སྐྱེ་བར་འགྱུར་རོ། །གཉིས་པ། དེ་ལྟར་མི་འགྱུར་ཏེ་དང་པོ་ཆོས་ཅན་རྫས་བཟུང་ནས་ཕྱིས་སུ་དེའི་ཡོན་ཏན་ལ་སོགས་པའི་ཁྱད་པར་གྱི་ཆོས་ཀྱང་ནི་གཟུང་བའི་ཕྱིར་བུམ་སྣམ་སོགས་ཀྱི་རྫས་གཅིག་ཏུ་མི་འཛིན་གྱི་སོ་སོའམ་དུ་མ་ཉིད་དུ་རྟོགས་པར་འགྱུར་རོ་ཞེ་ན། རིམ་གྱིས་ཆོས་གཞན་དང་གཞན་འཛིན་པར་


MR20_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་དུ་ཆུག་མོད། དེ་ལྟ་ཡིན་ན་ཡང་འདི་ནི་ཁྱད་གཞི་འདི་དག་གི་ཁྱད་པར་གྱི་ཆོས་སོ་ཞེས་ཆོས་དང་ཆོས་ཅན་གྱི་འབྲེལ་བ་འཆོལ་བར་འགྱུར་ཏེ། སྣམ་བུའི་ཆོས་བུམ་པའི་ཡིན་པ་དང་། བུམ་པའི་ཆོས་སྣམ་བུའི་རྣམ་པར་འཆོལ་བར་འགྱུར་ཏེ་དུས་མཉམ་པར་ནམ་ཡང་མ་མཐོང་བ་སོ་སོར་གཞན་དང་གཞན་མཐོང་བ་ཙམ་ནི་འདི་འདིའིའོ་ཞེས་འབྲེལ་བ་ངེས་པར་མི་ནུས་ཏེ་བུམ་སྣམ་ཀ་བ་ལ་སོགས་པ་རིམ་ཅན་དུ་མཐོང་བ་བཞིན་ནོ། །གལ་ཏེ་སྔ་མའི་རྗེས་ཐོག་དེ་མ་ཐག་ཏུ་མཐོང་བས་འབྲེལ་བ་འཆོལ་བར་མི་འགྱུར་རོ་སྙམ་ན། རྗེས་ཐོག་ཏུ་མཐོང་བ་ཙམ་གྱིས་མ་ངེས་ཏེ་ཀ་བ་མཐོང་བའི་དེ་མ་ཐག་ཏུ་བུམ་པ་མཐོང་བ་བཞིན་ནོ། །དེས་ན་གཞན་དང་གཞན་དུ་མཐོང་བ་ལ་འབྲེལ་བ་ངེས་བྱེད་ཡོད་ན་དེ་བྱུང་དུ་འགྱུར་གྱི་རྫས་ཀྱི་འབྲས་བུ་མ་ཡིན་པ་རིགས་ལ་སོགས་པའི་འབྲེལ་བ་དེ་ནམ་ཡང་ངེས་པར་མི་ནུས་སོ། །གཉིས་པ། དུ་མ་དུས་གཅིག་འཛིན་པ་དེ་གཞན་གྲངས་ཅན་གྱིས་ཀྱང་ཁས་བླང་དགོས་ཏེ། དེ་དག་གི་སྒྲ་ལ་སོགས་པ་རྣམ་འགྱུར་རྣམས་ཡོན་ཏན་གསུམ་གྱི་བདག་ཉིད་དུ་འདོད་པས་ན་དུ་མ་ཉིད་ཡིན་པའི་ཕྱིར་ཅིག་ཅར་དུ་མ་འཛིན་པར་གྲུབ་པ་ཡིན་ནོ། །དེ་དུ་མ་ཉིད་ཡིན་ཀྱང་དུ་མ་ཅིག་ཅར་འཛིན་མི་དགོས་སྙམ་པ་གྱི་ན་སྟེ། བཀོད་པ་ཅན་རྡུལ་མུན་སྙིང་སྟོབས་གསུམ་ནི་ཤིན་ཏུ་ཕྲ་བའི་རྡུལ་གཅིག་ལའང་མེད་པ་མི་སྲིད་པར་འདོད་པས་ན་དེ་གསུམ་མ་བཟུང་བར་དེའི་བཀོད་པ་སྒྲ་སོགས་འཛིན་པར་མི་རུང་བའི་ཕྱིར་ཏེ། བཀོད་པ་ཅན་སོར་མོ་མ་བཟུང་བར་དེའི་བཀོད་པ་ཁུ་ཚུར་དང་སྡིག་མཛུབ་སོགས་འཛིན་པར་མི་སྲིད་པ་བཞིན་ནོ། །གཉིས་པ་ཡུལ་མིན་པ་སྤྱི་སོགས་དབང་ཡུལ་དུ་འདོད་པ་དགག་པ་ལ། ལྡོག་ཆ་དབང་ཤེས་ཡུལ་མ་ཡིན། །དཀར་སོགས་ཡོད་ཀྱང་དེས་མི་གནོད། །དེ་ལ་མ་ངེས་སྤང་


MR20_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དང་པོ། ཚད་མ་མདོ་ལས། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོག་སྲིད་མ་ཡིན། །རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་གསུངས་པ་བཞིན་དུ་འཆད་པ་ལ། ཕྱི་རོལ་པ་རྣམས་དེ་མིན་ལས་ལོག་པའི་གཞན་སེལ་བ་ཙམ་ལས་བརྟགས་པའི་རིགས་ལ་སོགས་པ་འདི་དག་ལྡོག་པའི་ཆ་ཙམ་ཡིན་པར་ཁོང་དུ་མ་ཆུད་ནས་དེ་དག་དབང་པོའི་མངོན་སུམ་གྱི་ཡུལ་ཡིན་ཞེས་འདོད་དོ། །དེ་མ་ཡིན་ཏེ་སྒྲ་ལ་སོགས་པ་ཆོས་ཅན་གང་ཞིག་རང་མིན་པ་ཐམས་ཅད་ལས་ལྡོག་པར་གྱུར་པ་ནི་དངོས་པོའི་ཆོས་ཉིད་དེ་སྔར་ཇི་སྐད་བསྟན་པ་བཞིན་ནོ། །དེ་འདྲའི་དོན་གང་ལ་ཆོས་གཞན་གང་དང་གང་ལས་ལོག་པ་དེ་ཙམ་ལས་ཐ་དད་པའི་ཆར་སྒྲ་བློས་བརྟགས་པའི་སྒོ་ནས་ཐ་དད་པ་ཅན་དེ་ནི་དུ་མའི་ངོ་བོ་ཅན་ཉིད་ཡིན་ནོ། །དེ་ལྟར་སྒྲ་གཅིག་ལའང་བྱས་པ་དང་མི་རྟག །བེམ་པོ་ལ་སོགས་པ་རང་མིན་པའི་ཆ་ཇི་སྙེད་པ་ལས་ལྡོག་པའི་ཆ་ནས་ཐ་དད་པར་བརྟགས་པའི་རང་བཞིན་ཙམ་གྱིས་ཐ་དད་པ་སྣ་ཚོགས་སུ་སྣང་བ་དེ་དག་ནི་སྒྲ་རྟོག་གི་ངོར་སྣ་ཚོགས་སུ་ཡོད་ཀྱི། རྟོག་པ་མེད་པའི་སེམས་ཡུལ་སྐྱེ་མཆེད་ཀྱི་རྫས་གཅིག་གི་ཡུལ་ཅན་དེར་སྣང་བ་ཙམ་འཇལ་གྱི་ཁྱད་གཞི་དང་ཁྱད་ཆོས་སུ་སྦྱར་བ་སོགས་དོན་གཅིག་ལ་རྣམ་གྲངས་སྣ་ཚོགས་སུ་འཛིན་པ་མིན་པ་ཅན། རང་དུས་དེ་ཡི་དངོས་པོ་ཡུལ་དུས་རྣམ་པ་མ་འདྲེས་པའི་སྟོབས་ལས་བྱུང་བ་རེས་འགའ་བ་ཡི་ཤེས་པ་དེ་ཡི་སྤྱོད་ཡུལ་དུ་འདྲེས་པ་སྒྲ་བློའི་ཡུལ་དུ་གྱུར་པའི་ལྡོག་པ་དེ་ལྟ་བུ་ཡོད་པ་མིན་ནོ། །གཉིས་པ། གལ་ཏེ་ཟླ་བ་ལྟ་བུ་མཐོང་བ་ན་དངོས་པོ་རང་གི་སྟེང་ན་དཀར་པོ་མ་ཡིན་པ་ལས་ལོག་པའི་དཀར་པོ་ཉིད་དང་། དེ་བཞིན་དུ་ཟླུམ་པོ་ཉིད་དང་། རི་བོང་གི་མཚན་མ་ཉིད་ལ་སོགས་པ་ཡོད་པ་མ་ཡིན་ནམ་ཇི་ལྟར་


MR20_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབང་པོས་དེ་ཡི་ལྡོག་པ་མི་མཐོང་སྙམ་ན། དོན་རང་ཉིད་ལ་དཀར་པོ་ལ་སོགས་པའི་ཆོས་ཇི་སྙེད་པ་དེ་དག་ཡོད་པར་གྱུར་ཀྱང་ཆ་རྣམ་པར་མི་ཕྱེ་བར་ཡུལ་རང་མཚན་གྱི་དངོས་པོ་ཇི་ལྟ་བར་སྣང་བའི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་ཅི་འདྲ་བ་དེ་ནི་སྒྲ་ཡིས་བརྗོད་ནུས་པ་མིན་ཏེ། རང་མིན་མཐའ་དག་ཡོངས་སུ་གཅོད་པའི་ངོ་བོར་གྱུར་པ་དོན་དེ་ཉིད་དེར་སྣང་བ་ཙམ་དུ་གྱུར་པ་ལས་ཆ་ཤས་སུ་ཕྱེ་བའི་ལྡོག་པ་གང་གིས་ཀྱང་དེ་ཇི་བཞིན་དུ་མཚོན་པར་མི་ནུས་སོ། །དེས་ན་སྒྲ་བྱུང་གི་ཤེས་པའམ་ལྡོག་པའི་ཡུལ་ཅན་གྱི་རྟོག་པ་དང་། རང་མཚན་གྱི་ཡུལ་ཅན་གྱི་མངོན་སུམ་ཤེས་པའི་རང་བཞིན་ཐ་དད་པའི་ཕྱིར་གཅིག་གི་ཡུལ་གཅིག་ལ་མི་སྣང་སྟེ། གསལ་བ་དང་མི་གསལ་བ། འདྲེས་པ་དང་མ་འདྲེས་པ། ཆ་སྣ་ཚོགས་པ་དང་སྣ་ཚོགས་མིན་པར་སྣང་བའི་སྒོ་ནས་ཐ་དད་པའི་ཕྱིར་རོ། །གསུམ་པ་ལ། གཅིག་ཀྱང་ཐ་དད་སྣང་ལན་དགག །གཅིག་པའི་སྒྲུབ་བྱེད་ངོ་ཤེས་དགག །དང་པོ། གལ་ཏེ་སྒྲ་བློ་དང་དབང་པོའི་བློ་རྣམས་དོན་གཅིག་ཉིད་ཀྱི་ཡུལ་ཅན་ཡིན་ཡང་རྟེན་ཡིད་དབང་དང་མིག་དབང་སོགས་སྣ་ཚོགས་ཡིན་པས་གསལ་མི་གསལ་ལ་སོགས་པ་དེར་འགྱུར་བ་ཡིན་ནོ་ཞེ་ན། ལུགས་དེ་ལྟར་ན་དེ་ནི་རྣ་བ་ལ་སོགས་པའི་དབང་ཤེས་ལྔའི་སེམས་ཀྱང་ཡུལ་སྒྲ་ལ་སོགས་པའི་ཐ་དད་པའི་དོན་ཅན་ཡིན་པ་དེ་གང་ལས་འགྲུབ་སྟེ། ཡུལ་ཐམས་ཅད་གཅིག་ཡིན་ཀྱང་རྟེན་དབང་པོའི་སྒོ་ནས་སོ་སོར་མཐོང་ངོ་ཞེས་དོན་གྱིས་འཐོབ་པར་འགྱུར་རོ། །རྟོག་པ་དང་དབང་ཤེས་གཉིས་སེམས་ཀྱི་རྟེན་ནི་གཞན་དང་གཞན་ཡིན་པ་ལས་སྐྱེས་སུ་ཆུག་ཀྱང་། ཡུལ་གཟུང་དོན་གཅིག་ཉིད་ཀྱི་དངོས་པོ་དེ་ལ་རང་བཞིན་གསལ་མི་གསལ་སོགས་སྣ་ཚོགས་སུ་སྣང་བ་དེ་ནི་རྒྱུ་མཚན་གང་ལས་ཡིན་ཏེ། ཡུལ་རང་མཚན་


MR20_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་པོ་དེ་ཉིད་མངོན་སུམ་གཞལ་བའི་བློ་ལ་ཡུལ་རང་གི་རང་བཞིན་ལས་སྣ་ཚོགས་སུ་སྣང་བ་མི་རིགས་ཏེ་མིག་མ་འཁྲུལ་བ་གཉིས་ཀྱིས་མེ་ཏོག་སྔོན་པོ་གཞལ་བ་བཞིན་ནོ། །གལ་ཏེ་མིག་སེར་ཅན་དང་མིག་སྐྱོན་མེད་པས་དུང་ལ་བལྟས་པ་བཞིན་དུ་འགྱུར་ན་དེ་མངོན་སུམ་མ་འཁྲུལ་བར་ཡང་མི་འགྱུར་རོ། །དེས་ན་རང་མཚན་གཅིག་ལ་རྟེན་གྱི་སྒོ་ནས་ཐ་དད་དུ་མཐོང་ཞེས་པ་དེ་མི་འཐད་དེ། བློ་མ་འཁྲུལ་བའི་མྱོང་བས་ཐ་དད་པར་མཐོང་བ་དེ་ཡུལ་ཐ་དད་ཡིན་ཏེ་ཀ་བུམ་དང་སྒྲ་དང་གཟུགས་ལ་སོགས་པ་བཞིན་ནོ། །གཉིས་པ། སྤྱི་མངོན་སུམ་མཐོང་བ་ཡོད་དེ་བ་ལང་མངོན་སུམ་མཐོང་བའི་ཕྱིས་ངོ་ཤེས་པ་ཡོད་པའི་ཕྱིར་ཏེ། སྔར་དཀར་ཟལ་མཐོང་བ་ན་ཕྱིས་དམར་ཟལ་མཐོང་བའི་ཚེ་རང་མཚན་ཐ་དད་ཀྱང་སྔར་མཐོང་བ་ཉིད་ཀྱིས་དེ་ངོ་ཤེས་པའི་ཕྱིར་སྤྱི་མཐོང་བས་ཡིན་གྱི་གཞན་དུ་དེ་ལ་ངོ་ཤེས་པའི་རྒྱུ་མཚན་མི་སྲིད་དོ་ཞེ་ན། དེར་མ་ངེས་ཏེ་དབང་ཤེས་ཀྱིས་མཐོང་བ་ཡི་རང་མཚན་དངོས་སུ་རྟོགས་པ་མེད་པར་ཡང་ནི་འདས་མ་འོངས་སོགས་ལ་སྒྲ་བརྗོད་པ་དང་དེ་དེའི་རྣམ་རྟོག་ཀྱང་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། དང་པོར་སྤྱི་མངོན་སུམ་གྱིས་མཐོང་བ་ལས་ཕྱིས་བ་གླང་ལ་སོགས་པའི་ངོ་ཤེས་ཀྱི་རྟོག་པ་སྐྱེ་བ་ནི་བཀག་པའམ་བཟློག་པ་ཡིན་ཞིང་། སྤྱི་ནི་མ་མཐོང་ཡང་རྟོག་ཡུལ་ན་ཡོད་པའི་རྣམ་པ་མཚུངས་པ་རྣམས་ལ་རིགས་གཅིག་ཏུ་རྟོག་པ་ཡིན་ཏེ། འདས་པའི་མི་རྣམས་ལ་མིའོ་སྙམ་དུ་འཛིན་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །དེས་ན་མཐོང་རྟོག་ཡུལ་གཅིག་པ་མེད་པས་ན་འདྲ་བ་མཐོང་བ་ལ་རིགས་གཅིག་ཏུ་རྟོག་པ་ནི་མཐོང་བ་ཁོ་ནས་མ་ཡིན་ནོ། །གང་དག་གིས་བ་ལང་ལ་སོགས་མཐོང་བ་ལ་ཐུན་མོང་རྗེས་སུ་འགྲོ་བའི་རིགས་དང་རང་


MR20_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ་སོགས་པ་ཡོད་པར་ནི་བརྡ་ཐུན་མོང་བའི་བརྗོད་པ་འཇུག་པ་དང་རིགས་གཅིག་པའི་རྣམ་རྟོག་སྐྱེ་བ་དག་གི་ཕན་ཚུན་རྗེས་སུ་འགྲོ་བ་ལས་རྗེས་སུ་དཔོགས་པ་གང་ཡིན་པ་དེ་ཡང་རྟོག་པ་དང་དབང་ཤེས་ཡུལ་ཐ་དད་པར་བསྟན་པའི་རིགས་པ་འདི་ཡིས་སུན་ཕྱུང་ངོ་། །འོ་ན་མཐོང་ཟིན་ནས་སླར་ངོ་ཤེས་ཀྱིས་མྱོང་བ་ཅི་ཡིན་སྙམ་ན། དབང་ཤེས་ཀྱི་མཐོང་བ་དེ་ནི་རང་མཚན་སོ་སོ་ཐ་དད་པ་ཉིད་ཡིན་ཡང་རིགས་གཅིག་ཏུ་ངོ་ཤེས་པ་ཞེས་བྱ་བ་ཡི་རྣམརྟོག་གཅིག་ནི་སྤྱིའི་དབང་གིས་མ་ཡིན་ཏེ། དངོས་པོ་མཚུངས་པའི་རང་བཞིན་གྱིས་བྱེད་པ་ཡིན་ཞེས་སྔར་རྒྱས་པར་བརྗོད་ཟིན་ཏོ། །གཉིས་པ་ཡིད་མངོན་ལ། ཡིད་མངོན་མི་འཐད་རྩོད་པ་བཀོད། །དེ་ལ་ལན་གྱི་བྱེ་བྲག་བརྗོད། །དང་པོ། མུ་སྟེགས་རྣམ་ཕུག་པ་ན་རེ། སྔར་དབང་ཤེས་ཀྱི་མྱོང་བ་ནི་སླར་ཡང་འཛིན་པ་ཡིན་ན་ཚད་མ་སྔ་མས་བཅད་ཟིན་འཛིན་པའི་ཕྱིར་དྲན་པ་ལ་སོགས་པ་བཞིན་དུ་ཡིད་ནི་ཚད་མ་ཉིད་མ་ཡིན་ལ། གལ་ཏེ་དབང་ཤེས་ཀྱིས་མ་མཐོང་བ་གཞན་ཡིད་མངོན་གྱིས་འཛིན་ན་དེ་ལ་མི་ལྟོས་པའི་ཕྱིར་ལོང་བ་ལ་སོགས་པ་ཡིས་ཀྱང་ཡིད་ཀྱིས་གཟུགས་ལ་སོགས་པའི་དོན་མངོན་སུམ་མཐོང་བར་འགྱུར་པས་ཡིད་ཀྱི་མངོན་སུམ་མི་འཐད་དོ་ཞེས་ཟེར་རོ། །གཉིས་པ་ལན་ལ། ཐལ་བ་དང་པོའི་ལན་དང་ནི། །དེ་བཞིན་ཐལ་བ་གཉིས་པའི་ལན། །དེ་ལ་མི་འཐད་རྩོད་པ་སྤང་། །དང་པོ། སློབ་དཔོན་ཕྱོགས་གླང་གི་སློབ་མ་ཁ་ཅིག་གིས། ཡིད་མངོན་ཅེས་དབང་ཤེས་ཀྱིས་བཟུང་ཟིན་པ་སླར་ཡང་འཛིན་ནོ་ཞེས་ཟེར་ཡང་དེ་མ་ཡིན་ཏེ། འདིས་བཟུང་ཟིན་འཛིན་པ་མ་ཡིན་པས་ཐལ་བ་དང་པོའི་གནོད་པ་མེད་དོ། །དེ་ལ་འདིས་དབང་པོས་བཟུང་ཟིན་སླར་ཡང་འཛིན་ཅེས་པ་མི་འཐད་དེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དབང་ཤེས་ཀྱི་


MR20_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་དོན་དེ་སྐད་ཅིག་མ་ཡིན་ནམ་མིན། སྐད་ཅིག་མ་ཡིན་ན་དབང་ཤེས་ཀྱི་གཟུང་དོན་དེ་སྐད་ཅིག་མ་ཉིད་ཀྱི་ཕྱིར་དབང་ཤེས་རང་ཉིད་ཀྱིས་བཟུང་ཟིན་པའི་རྗེས་སུ་འགགས་པས་ན་ཡིད་མངོན་སྐྱེ་བའི་དུས་སུ་འདས་པ་ཡི་དོན་དེ་ད་ལྟ་བའི་ཡིད་ཤེས་ཀྱིས་མངོན་སུམ་མཐོང་བ་ཡོད་པ་མ་ཡིན་ཞིང་། གཟུང་དུ་མེད་ན་སླར་ཡང་བཟུང་ཞེས་པ་ཅི་ལྟར་ཡིན་ཏེ་སྔ་ཕྱིའི་ཤེས་པ་གཉིས་ཀྱིས་ཡང་ནས་ཡང་དུ་བཟུང་བའི་སྐད་ཅིག་མ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡིད་མངོན་གྱིས་གཟུང་བྱ་དེ་སྐད་ཅིག་མ་མིན་ན་ནི་མངོན་སུམ་ཐམས་ཅད་སྐད་ཅིག་མའི་ཡུལ་ཅན་ཡིན་པ་ལས་འདས་ནས་ཡིད་མངོན་ཚད་མ་དེའི་མཚན་ཉིད་ནི་ཁྱད་པར་བ་དང་བཅས་པ་འདི་ལྟ་བུའོ་ཞེས་བརྗོད་བྱར་འགྱུར་དགོས་ན་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡུལ་སྐད་ཅིག་མ་ཡིན་ཀྱང་ཡིད་ཀྱི་དབང་པོས་བཟུང་ཟིན་འདས་པ་དེ་དྲན་པར་བྱེད་པ་ཙམ་ཡིན་ན་དྲན་པ་གཞན་ཐམས་ཅད་མངོན་སུམ་ཚད་མར་མི་འདོད་ལ་འདི་ཚད་མ་ཡིན་པའི་ཁྱད་པར་བརྗོད་དགོས་སོ། །གཞན་ཡང་བཅད་ཟིན་པ་སླར་ཡང་འཛིན་ན་དེ་ཚད་མ་ཉིད་དུ་མི་འཐད་དེ། བྱེད་པ་ཚད་མ་སྔ་མས་ཡུལ་དེ་ཉིད་དུ་ཡོངས་སུ་གཅོད་པའི་བྱ་བ་བསྒྲུབས་ཟིན་པ་ཅན་གྱི་གཞལ་བྱའམ་ལས་སུ་བྱ་བ་ལ་ནི་སྔ་མའི་བྱ་བ་བྱས་ཟིན་ནམ་རྟོགས་ཟིན་དེ་ལས་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པ་དེ་ལ་ནི། མིག་སོགས་དབང་པོ་ལས་སྐྱེས་པ་ཅན་ནམ་གཞན་ཡིད་མངོན་དག་ནི་སྔར་མ་ཤེས་པ་དེ་ཡི་གསལ་བྱེད་དམ་ཤེས་བྱེད་དམ་སྒྲུབ་པར་བྱེད་པར་ཇི་ལྟར་འདོད་དེ། ཤིང་བཅད་ཟིན་པ་ལ་སླར་ཡང་སྟ་རེས་གཅོད་པའི་བྱ་བ་འཇུག་ཏུ་མེད་པ་བཞིན་ནོ། །གལ་ཏེ་ཕྱི་རོལ་པ་དག་གི་ལུགས་ལྟར་ཡུལ་རྟག་པ་གཅིག་ཉིད་ཚད་མ་དུ་མས་ཡང་ནས་ཡང་དུ་ཤེས་སོ་སྙམ་ན། གཟུང་དོན་


MR20_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་པོ་རྟག་པ་དེ་ལས་སྐྱེ་བའི་བློའང་སྔ་ཕྱི་ཐམས་ཅད་དུས་ཅིག་ཅར་འབྱུང་བར་འགྱུར་ཏེ། སྔ་ཕྱི་ཁྱད་མེད་པའི་གཟུང་དོན་ཉིད་བློའི་སྐྱེད་བྱེད་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་གཟུང་དོན་གཅིག་པོ་དེས་ཀྱང་སྔ་ཕྱིའི་དབང་པོ་དང་ཡིད་བྱེད་ལ་སོགས་པའི་ལྷན་ཅིག་བྱེད་རྐྱེན་སྔ་ཕྱིར་རིམ་ཅན་དུ་བྱུང་བ་ལ་ལྟོས་ནས་རང་འཛིན་ཤེས་པ་རིམ་ཅན་དུ་སྐྱེད་དོ་སྙམ་ན། དེ་ལྟར་རུང་བ་མིན་ཏེ་རྟག་པ་དེ་རྐྱེན་གཞན་གྱིས་ཁྱད་པར་དུ་བྱ་རུང་བ་མིན་པས་ན་རང་ལས་གཞན་པའི་རྐྱེན་དེ་དག་ལ་ལྟོས་པ་འགལ་བའི་ཕྱིར་རོ། །དེས་ན་ཡིད་མངོན་གྱིས་དབང་པོས་བཅད་ཟིན་སླར་ཡང་འཛིན་པ་མ་ཡིན་པས་ཚད་མ་ཉིད་དུ་མི་འཐད་པའི་སྐྱོན་ནམ་ཡང་མེད་དོ། །གཉིས་པ། དབང་པོས་གཟུང་བ་སླར་ཡང་འཛིན་མི་སྲིད་པ་དེ་ཕྱིར་དབང་པོའི་རྣམ་པར་ཤེས་པའི་སྐད་ཅིག་སྔ་མ་འགགས་མ་ཐག་པའི་དེ་མ་ཐག་རྐྱེན་ལས་བྱུང་བ་ཅན་ཡིད་ཤེས་ནི་དབང་མངོན་སྔ་མས་བཟུང་བ་ལས་ཡུལ་གཞན་པ་སྐད་ཅིག་གཉིས་པ་དེ་ཉིད་འཛིན་པར་བྱེད་པ་དེ་ཕྱིར་ལོང་བས་མཐོང་བ་སོགས་སུ་ཐལ་བ་མིན་ཏེ། དབང་མངོན་གྱི་དེ་མ་ཐག་རྐྱེན་མེད་པར་དེ་མི་འབྱུང་བས་སོ། །གསུམ་པ་ལ། ཡུལ་མ་ངེས་པར་ཐལ་བ་སྤང་། །དབང་དོན་རྒྱུ་རྐྱེན་མི་རུང་སྤང་། །དང་པོ། དབང་མངོན་སྔ་མས་བཟུང་བ་དེ་ཁོ་ན་ཡིད་དེས་མི་འཛིན་ན་དབང་མངོན་དང་ཡིད་མངོན་ཡུལ་གཅིག་ཡིན་པའི་ངེས་པ་མེད་དེ། དབང་མངོན་དེ་མ་ཐག་རྐྱེན་དུ་སོང་བའི་ཡིད་དེས་ཆོད་པ་དང་བསྐལ་བ་ལ་སོགས་པའི་ཡུལ་གཞན་ཡང་འཛིན་པར་འགྱུར་རོ་ཞེ་ན། དེ་མ་ཡིན་ཏེ་རང་དོན་རྗེས་འགྲོའི་སྟེ་ཡུལ་སྔོན་པོ་ལྟ་བུ་དང་དུས་མཉམ་པའི་དབང་པོ་དང་ཤེས་པའི་སྐད་ཅིག་མ་གསུམ་ཚོགས་པའི་རྗེས་ཐོག་དེ་ཉིད་དུ་སྔོ་འཛིན་སྐད་ཅིག་དང་པོ་སྐྱེ་བའི་ཕྱིར། སྔོ་འཛིན་དབང་མངོན་དེ་ནི་རང་གི་


MR20_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་དོན་སྐད་ཅིག་སྔ་མའི་རྗེས་སུ་འགྲོ་བ་ཡིན་ལ། སྔོ་འཛིན་སྐད་ཅིག་དང་པོ་དེ་རང་དང་དུས་མཉམ་པའི་སྔོན་པོའི་སྐད་ཅིག་དང་ཚོགས་པ་ན་རང་དང་དུས་མཉམ་པའི་དོན་དེ་ལ་ལྟོས་པ་ཅན་ཏེ་དེ་དང་ཚོགས་ནས་ཡིད་མངོན་སྐྱེད་པ་ཡིན་པས་སྔོ་འཛིན་སྐད་ཅིག་དང་པོ་དེས་ཡིད་བསྐྱེད་པ་ལ་དེ་དང་དུས་མཉམ་པའི་ཡུལ་དེ་དེའི་ཡིད་མངོན་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་ནོ། །དེ་ལྟ་བུའི་དབང་སྐྱེས་ཀྱི་བློ་ནི་སྔོ་འཛིན་ཡིད་མངོན་སྐད་ཅིག་དང་པོའི་མེད་ན་མི་འབྱུང་གི་རྒྱུ་ཡིན་ནོ། །དེ་ཡི་ཕྱིར་ན་ཡིད་མངོན་འདི་དག་གི་གཟུང་ཡུལ་ནི་སྔོ་འཛིན་དབང་མངོན་སྐད་ཅིག་དང་པོའི་གཟུང་བ་དེ་མ་ཡིན་ཏེ། སྔོ་འཛིན་སྐད་ཅིག་དང་པོ་རང་དང་དུས་མཉམ་པའི་སྔོན་པོའི་སྐད་ཅིག་དེ་ཡིན་པས་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་ཡུལ་ལས་གཞན་པའི་སྐད་ཅིག་མ་འཛིན་པ་ཡིན་ན་ཡང་། དབང་མངོན་གྱི་ཡུལ་གྱི་རིགས་འདྲ་དེ་ལ་ངེས་པ་ཉིད་དུ་འཛིན་པར་འདོད་པ་ཡིན་ཏེ། དབང་མངོན་ལ་རྣམ་པ་གཏོད་བྱེད་ཀྱི་ཡུལ་དེ་ལ་ཡིད་ཀྱང་ཕྱོགས་ནས་སྐྱེ་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་སྔོ་འཛིན་སྐད་ཅིག་དང་པོ་དང་དུས་མཉམ་པ་སྔོན་པོའི་སྐད་ཅིག་མ་དེ་ནི་སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་དང་། ཡིད་མངོན་སྐད་ཅིག་དང་པོ་གཉིས་ཀས་བཟུང་བ་ཡིན་ཀྱང་དུས་མཉམ་པའི་ཕྱིར་གཉིས་ཀའང་བཅད་ཤེས་སུ་མི་འགྱུར་བར་ཚད་མར་འཐད་དེ་དཔེར་ན་སྔོན་པོ་གཅིག་སྐྱེས་བུ་གཉིས་ཀྱི་མིག་ཤེས་ཚད་མས་དུས་མཉམ་པར་དམིགས་ན་གཉིས་ཀ་ཚད་མ་ཡིན་ཏེ་གང་རུང་བཅད་ཤེས་སུ་མི་འགྱུར་བའམ། སྐྱེས་བུ་གཅིག་གིས་སྒྲ་དང་གཟུགས་དུས་མཉམ་པར་དམིགས་ཀྱང་མངོན་སུམ་གཉིས་ཀ་ཚད་མ་ཡིན་པའམ། མིག་གཡས་གཡོན་གཉིས་ཀས་སྔོན་པོ་གཅིག་


MR20_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཀྱང་གང་རུང་རེ་ལས་སྐྱེས་པ་ཚད་མ་མིན་ཞེས་སྨྲ་བར་མི་ནུས་པ་དང་འདྲའོ། །གལ་ཏེ་དེ་ལྟ་ན་ཡུལ་གཅིག་ལ་དམིགས་པའི་སྐྱེས་བུ་གཅིག་གི་རྒྱུད་ཀྱི་བློ་ཡིན་པའི་ཕྱིར་ཚད་མ་གཅིག་ཏུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ་ཡུལ་ཙམ་ཐ་དད་མེད་ཀྱང་རྟེན་ཐ་དད་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་དཔེར་ན་སྒྲ་ཤེས་དང་གཟུགས་ཤེས་བཞིན་ནོ། །རྒྱུད་ཐ་དད་ལས་སྐྱེས་པའི་ཕྱིར་ཤེས་རྫས་ཐ་དད་དུ་བཞག་ཀྱང་དུས་མཉམ་པའི་སྐྱེས་བུ་གཅིག་གི་བློ་ལ་རང་རིག་པ་གསལ་རིག་ཙམ་གྱི་ཤེས་པའི་རང་བཞིན་གཅིག་ལས་རྒྱུད་ཐ་དད་དུ་མི་འགྱུར་ཏེ། སྔར་བློ་གཅིག་ལ་དུ་མར་སྣང་ཡང་གཅིག་ཏུ་བཞག་རུང་བར་བསྟན་པ་བཞིན་ནོ། །དེས་ན་དབང་ཡིད་ཀྱི་མངོན་སུམ་འདི་ལ་སྤེལ་མར་སྐྱེ་བ་དང་། དབང་མངོན་སྐད་ཅིག་དང་པོ་ཕན་ཆད་ཡིད་མངོན་ཁོ་ན་ཡིན་པ་དང་། དབང་མངོན་གྱི་རྒྱུན་མཐར་སྐྱེ་བ་དང་། དབང་མངོན་སྐད་ཅིག་དང་པོ་ཕན་ཆད་རྒྱུན་འགྲོགས་ནས་སྐྱེ་ཞིང་མཐར་དབང་མངོན་སྐད་ཅིག་ཐ་མའི་དུས་སུ་ཡིད་མངོན་སྐད་ཅིག་ཐ་མ་སྐྱེ་བར་འདོད་པའི་ལུགས་བཞི་ལས་ཕྱི་མ་འདི་ཁོ་ན་ལྟར་ཁས་བླང་བར་བྱ་བ་ཡིན་ནོ། །དེ་ལ་གཟུགས་འཛིན་ཡིད་མངོན་སོགས་ཡོད་པ་ནི་ལུང་ལས་མ་གཏོགས་པར་རིགས་པའི་སྒྲུབ་བྱེད་གང་ཡང་མི་སྲིད་ལ། དབང་ཡིད་འགྲོས་ནས་སྐྱེ་བ་འདི་ལུགས་ཐ་ཆད་ཡིན་ཞེས་དཔེ་ལ་ལར་སྣང་ཡང་། གཟུགས་སོགས་ལྔ་ཀ་ཐུན་མོང་དུ་ཤེས་པ་འདི་ཡིད་ཡིན་གྱི་གཞན་དུ་དབང་ཤེས་ལྔས་ནི་རང་ཡུལ་སོ་སོ་བ་ལས་གཞན་འཛིན་པ་མི་སྲིད་དོ། །གང་དུ་མིག་དེ་ཡུལ་ལ་མི་ལྟ་བར་བཙུམ་པ་སོགས་ཀྱི་སྐབས་ན་མིག་བློའི་མངོན་སུམ་མེད་པ་བཞིན་གཞན་ཀུན་ལའང་འདྲ་ཞིང་། དབང་ཤེས་ལྔས་གཟུགས་སོགས་ཀྱི་རང་མཚན་ཇི་


MR20_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཐོང་བ་ཕྱིས་སུ་དྲན་པར་བྱེད་པ་དེ་ཡིད་མིན་ན་གཞན་གང་ཞིག་ཡིན། ཡུལ་མཐོང་བའི་དབང་ཤེས་ལྔ་ལས་གཞན་དུ་དེ་དུས་མཐོང་མཁན་ཡིད་ཤེས་མི་དགོས་ན་དེ་དུས་ཀྱི་ཡིད་དང་དབང་ཤེས་ཐ་དད་མེད་པར་འགྱུར་རོ། །དེས་རང་གིས་མ་མྱོང་བར་གཞན་གྱིས་མྱོང་བ་དྲན་ན་ནི་ཧ་ཅང་ཐལ་ལ། རྒྱུད་གཅིག་པས་དྲན་ན་ནི་མིག་བློས་ཀྱང་སྒྲ་དྲན་པར་འགྱུར་རོ། །དབང་ཤེས་ལ་དེ་ལྟར་ཕན་ཚུན་དྲན་པ་མེད་དེ་རང་ཡུལ་སོ་སོ་ལ་ངེས་པའི་ཕྱིར་སྙམ་ན། གཟུགས་སོགས་ཡུལ་ལྔའི་རང་མཚན་གསལ་པོར་མཐོང་བའི་ཡིད་མངོན་ཡོད་པར་གྲུབ་སྟེ་གཟུགས་སོགས་ཡུལ་ལྔ་ཇི་ལྟར་མྱོང་བ་དེ་བཞིན་དྲན་པའི་ཤེས་པ་མྱོང་བས་གྲུབ་པས་སོ། །དེ་འདྲའི་ཡིད་མངོན་དེ་ཡང་དབང་མངོན་དང་སྤེལ་ནས་སྐྱེ་བ་མིན་ཏེ་དབང་པོ་དང་ཡུལ་ཚོགས་པའི་སྐད་ཅིག་གི་རྒྱུན་བར་མ་ཆད་པའི་སྐབས་ན་ཤེས་པ་སྔ་མ་སྔ་མའི་དེ་མ་ཐག་རྐྱེན་ཡང་ཡོད་པས་རྒྱུ་མ་ཚང་བ་མེད་པས་དབང་མངོན་རྒྱུན་མ་ཆད་པར་སྐྱེ་བ་ལ་གེགས་གང་ཡང་མེད་ཅིང་། དབང་ཤེས་དང་སྣང་ཡུལ་རྒྱུན་མི་འཆད་པར་དམིགས་པས་ན་སྤེལ་མའམ་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཁོ་ན་སྐྱེ་བའི་སྒྲུབ་བྱེད་མེད་དོ། །གལ་ཏེ་དབང་མངོན་རྫོགས་པའི་རྒྱུན་མཐར་ཡིད་མངོན་སྐད་ཅིག་གཅིག་ཁོ་ན་སྐྱེ་སྟེ། དབང་མངོན་ཡོད་པའི་དུས་ན་དབང་མངོན་གྱིས་གེགས་བྱས་ནས་ཡིད་མངོན་མི་སྐྱེའོ་ཞེ་ན། དེ་ནི་ཤིན་ཏུ་ཐ་ཆད་དེ་མིག་གིས་གཟུགས་སྣ་ཚོགས་བར་མ་ཆད་དུ་འཛིན་པ་ན་ཡིད་མངོན་སྐྱེ་བའི་གོ་བཀག་ནས་མཐར་གཟུགས་ཀྱི་སྣང་བ་མ་འགགས་པ་དེའི་བར་དུ་ཡིད་མངོན་མི་སྐྱེ་ལ། དེ་ལྟ་ན་གར་ལ་ལྟ་བ་ལ་སོགས་པའི་སྐབས་སུ་དབང་མངོན་བར་མ་ཆད་དུ་སྐྱེ་བ་ན་དབང་མངོན་རྫོགས་པའི་རྒྱུན་གྱི་མཐར་


MR20_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མངོན་གཞན་གྱིས་གོ་མ་བཀག་པའི་ཡིད་མངོན་སྐྱེ་བའི་དུས་དེ་གང་ཞིག་ཡིན་ཏེ་བཞག་པར་མི་ནུས་ལ། ཡིད་མངོན་སྐད་ཅིག་མས་དབང་མངོན་རྒྱུན་རྫོགས་ཁའི་ཡུལ་སྐད་ཅིག་མ་ཙམ་ལས་གཞན་མ་མཐོང་ན་ཡུལ་ཡུན་རིང་པོར་མཐོང་བའི་རྣམ་པའང་ཇི་ལྟར་དྲན་ཏེ། དེ་འདྲའི་སྐད་ཅིག་མས་ཕན་ཅི་ཡང་མི་ཐོགས་པས་དེ་ལྟར་ན་གཟུགས་སོགས་ཡུལ་ལྔ་གསལ་པོར་མཐོང་བའི་ཡིད་མངོན་མེད་པར་ཁས་བླངས་ཀྱང་རུང་བར་འགྱུར་རོ། །དེས་ན་དབང་ཡིད་མངོན་སུམ་འགྲོས་གཉིས་པ་ཅན་དུ་ངེས་པར་ཁས་བླང་བར་བྱ་ལ། དུས་མཉམ་པའི་དབང་ཡིད་དེ་དག་གསལ་རིག་གི་ཤེས་པ་གཅིག་གིས་དུས་མཉམ་པར་མྱོང་བའི་རང་རིག་གི་ཆ་ནས་མངོན་སུམ་འགྲོས་གསུམ་པའོ་ཞེས་སུའང་བཞེད་མོད། རང་རིག་ནི་ཤེས་པ་ཀུན་ལ་ཡོད་པས་དེའི་འགྲོས་མ་བརྩིས་ཀྱང་འགལ་བ་མེད་མོད་དབང་ཡིད་མངོན་སུམ་ནི་འགྲོས་གཉིས་པ་ཅན་དུ་སྐྱེ་བར་གཞུང་གིས་གྲུབ་ལ། དེ་དག་ཕན་ཚུན་གེགས་བྱེད་པ་ཅན་མ་ཡིན་ཏེ་འགལ་བའི་རྒྱུ་མཚན་གང་ཡང་སྒྲུབ་མི་ནུས་པས་དཔེར་ན་མིག་དང་རྣ་བའི་མངོན་སུམ་དུས་གཅིག་ཏུ་སྐྱེ་བ་བཞིན་ནོ། །དེ་དག་ནི་མདོ་ཙམ་བརྗོད་པ་ཡིན་ནོ། །དེ་ལྟ་ནའང་ཡུལ་གཟུགས་སོགས་ངེས་པ་ནི་དབང་ཤེས་ཀྱི་མཐུས་ཡིན་ཏེ། ཤེས་པ་དེ་དག་གི་རྟེན་དབང་པོ་ཉིད་རང་གི་རིགས་འདྲ་ལས་རིགས་འདྲ་བར་མ་ཆད་དུ་རྒྱུན་ཡོད་པས་དེ་ལས་སྐྱེས་བའི་ཤེས་པའི་སྟོབས་ཀྱིས་སམ་དེ་ལ་བརྟེན་ནས་ཡིད་ཤེས་ཀྱིས་ཡུལ་ངེས་ཀྱི། རྣམ་ཤེས་སྔ་མ་འགགས་མ་ཐག་པ་ལས་ཡིད་དབང་རང་ལ་དེ་འདྲའི་རྟེན་ལོགས་སུ་མེད་པས་ན་ཡིད་ཁོ་ནས་ཡུལ་གཟུགས་སོགས་མི་ངེས་ཏེ། དེ་ནི་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ལ་ངེས་པར་


MR20_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པས་ན་ཡུལ་ངེས་པ་ནི་དབང་པོའི་ཤེས་པས་ངེས་པ་ཉིད་དུ་མིང་ཐོབ་སྟེ། ཡུལ་སྔོན་པོ་ཡིན་པར་མིག་ཤེས་ཚད་མས་གྲུབ་ཅེས་བྱའི་ཡིད་ཤེས་ཀྱིས་གྲུབ་ཅེས་མི་བྱ་བ་ནི་ཡུལ་སྔོན་པོ་གཅོད་པ་ལ་དབང་ཤེས་ནི་རང་དབང་གིས་འཇུག་ལ། ཡིད་ནི་དབང་ཤེས་དེ་ལ་ལྟོས་དགོས་པའི་ཕྱིར་དེས་གྲུབ་པར་སོང་བ་ཡིན་ནོ། །གཉིས་པ་ལ། རྩོད་པ་འགོད་དང་དེ་ཡི་ལན། །དང་པོ། གཟུགས་སོགས་ཤེས་པའི་གཟུང་ཡུལ་ཤེས་པ་རང་དང་དུས་མཉམ་པ་དེ་ཡིན་པར་རློམ་པ་དག་ན་རེ། འབྲས་བུ་ཤེས་པ་དེ་དང་དེ་བྱེད་པ་གཟུང་ཡུལ་གཉིས་དུས་མཚུངས་པ་མེད་པ་ཅན་སྔ་ཕྱིར་གྱུར་པ་ཡིན་ན་མི་འཐད་དེ། དངོས་པོ་རྣམས་ཀྱི་བྱེད་པ་ནི་རང་ཉིད་ཡོད་པའི་དུས་སུ་བྱེད་པ་ཡིན་ཏེ་མེ་ཡོད་པའི་དུས་སུ་ཚ་བ་ཡིན་གྱི་མེ་འགགས་ནས་ཚ་བ་བྱེད་པ་མི་སྲིད་པ་བཞིན་ནོ། །དེ་ལྟ་ནའང་ཁྱོད་ཀྱིས་ནི་སྔོན་པོ་རང་ཉིད་འཛིན་པའི་ཤེས་པ་སྐད་ཅིག་དང་པོ་དེ་དང་དུས་མཉམ་པ་ཅན་གྱི་དོན་སྔོན་པོའི་སྐད་ཅིག་དག་ནི་ཇི་ལྟར་ཡིད་མངོན་སྐད་ཅིག་དང་པོ་བསྐྱེད་པའི་དེ་མ་ཐག་རྐྱེན་དབང་པོའི་ཤེས་པ་དེ་ཡི་ལྷན་ཅིག་བྱེད་པ་ཡིན་ཏེ་ཡིད་མངོན་སྐད་ཅིག་དང་པོ་སྐྱེ་བའི་སྐབས་སུ་དེ་འགགས་ཟིན་པའི་ཕྱིར་ཞེ་ན། ཞེས་སམ། ཡང་ན་མིག་ཤེས་སྐད་ཅིག་དང་པོའི་སྔ་ལོགས་སུ་ཡིད་བྱེད་དེ་དང་དུས་མཉམ་པར་ཚོགས་པའི་དོན་དེ་དབང་ཤེས་སྐད་ཅིག་དང་པོའི་ལྷན་ཅིག་བྱེད་པ་ཇི་ལྟར་ཡིན་ཞེས་སྦྱར་ཡང་འདྲ་སྟེ། དོན་ལ་ཤེས་པའི་གཟུང་དོན་སྔར་བྱུང་བ་མི་འཐད་ཅེས་རྒོལ་བ་ཡིན་ནོ། །གཉིས་པ་ལ། རྒྱུ་འབྲས་དུས་མི་མཉམ་པར་བསྟན། །དེ་ལ་གཟུང་བར་འཇོག་པ་འཐད། །དང་པོ། རྒྱུ་ཞེས་བྱ་བ་ནི་འབྲས་བུའི་སྔར་མེད་པ་ནི་མ་ཡིན་ཏེ། རྒྱུ་མེད་པར་གྱུར་ན་འབྲས་བུའི་སྔར་


MR20_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དེ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་སྐྱེ་བར་མི་འགྱུར་ཏེ་ས་བོན་མེད་པ་བཞིན་ནོ། །ཡང་ན། སྔར་མེད་ནུས་པ་མེད་ཕྱིར་དང་། །ཞེས་འདོན་ནོ། །ཕྱིས་འབྲས་བུ་ཡོད་ཟིན་ནས་ཀྱང་རྒྱུ་དེས་ཕན་པ་གང་ཡང་ཉེ་བར་མི་སྦྱོར་བའི་ཕྱིར་ཏེ། རང་གྲུབ་ཟིན་པ་དེ་གཞན་གང་ལའང་རག་ལས་མེད་པ་ཡིན་ནོ། །དེས་ན་རྒྱུ་སྔར་མེད་པ་ལས་མི་སྐྱེ་ཞིང་དུས་མཉམ་དུ་ཡོད་པ་ལས་མི་སྐྱེ་བ་དངོས་པོའི་ཆོས་ཉིད་ཡིན་པས་རྒྱུ་ཡིན་ནོ་ཅོག་རྣམས་ཐམས་ཅད་ནི་སྔར་ཡོད་ཡིན་པས་ཁྱབ་ལ། འབྲས་དུས་ན་འགག་པས་ཁྱབ་པ་ཡིན་ནོ། །དེ་ཡི་ཕྱིར་ན་དུས་མཉམ་པའི་ཡུལ་དབང་ཤེས་གསུམ་ཚོགས་པ་དེ་ཕྱི་མ་ཕྱི་མའི་རྒྱུ་ཡིན་གྱི་སྔོན་པོ་རང་ཉིད་འཛིན་པའི་བློ་ཉིད་དུ་གྲུབ་ཟིན་པ་དེ་དང་བཅས་པ་སྟེ་དུས་མཉམ་པར་ལྷན་ཅིག་ཡོད་པའི་དོན་དེ་དུས་མཉམ་པའི་བློ་དེའི་གཟུང་དོན་མིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་འཐད་པའོ། །དང་པོ། གཟུང་ཡུལ་འཛིན་པ་གཉིས་དུས་ཐ་དད་པས་ན་འཛིན་པ་དེས་སྣང་ཡུལ་ཇི་ལྟར་འཛིན་ཏེ། འཛིན་པ་པོ་དང་འཛིན་པར་བྱ་བའི་ཡུལ་ནི་དུས་མཉམ་པ་ཁོ་ན་སྟེ། དཔེར་ན་བུམ་པ་ལག་པས་གཟུང་བ་བཞིན་ནོ་ཞེ་ན། མ་བརྟགས་པར་དུས་མཉམ་པ་ལ་གཟུང་བར་ཐ་སྙད་བཏགས་ཀྱང་ལེགས་པར་དཔྱད་ན་དུས་མཉམ་པ་ལ་ཕན་འདོགས་ཀྱི་འབྲེལ་བ་མི་འཐད་པས་རྒྱུ་འབྲས་ཀྱི་སྐྱེད་ཚུལ་ཁོང་དུ་ཆུབ་པའི་རིགས་པ་ཤེས་པ་ཡིས་ཤེས་པའི་རྣམ་པ་དེ་དང་དེ་ལྟ་བུ་འཇོག་ནུས་པའི་རྒྱུ་ཉིད་ལ་ནི་གཟུང་བར་ཤེས་པ་ཡིན་ཏེ། དེའི་མེད་ན་མི་འབྱུང་གི་སྐྱེད་བྱེད་ཡིན་པས་སོ། །གཉིས་པ། སྔོ་འཛིན་མིག་ཤེས་སྐྱེ་བ་ལ་དབང་པོ་སོགས་རྒྱུ་དུ་མ་ཉིད་ཡོད་ན་ཡང་འབྲས་བུ་ཤེས་པ་དེ་ནི་རྒྱུ་དེའི་ནང་ནས་གང་གི་རྗེས་སུ་བྱེད་པའི་རྣམ་པར་


MR20_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་གང་ཡིན་པ་དེ་ནི་ཡུལ་སྔོན་པོ་དེ་ཡི་ངོ་བོའམ་རྣམ་པ་དེ་རང་གི་སྔ་ལོགས་ཀྱི་གཟུང་དོན་སྔོན་པོ་དེ་ཡིས་བཞག་པ་ཞེས་བྱ་སྟེ། མེ་ལོང་གི་གཟུགས་བརྙན་དེ་རྒྱུ་གཞན་ཡོད་ཀྱང་གཟུགས་དེས་བཞག་པའོ་ཞེས་བརྗོད་པ་ལྟ་བུ་དང་། འབྲས་བུ་དེས་རང་གི་རྒྱུའི་རྣམ་པ་བཟུང་བའི་ཆ་ནས་རྒྱུ་དེ་ཉིད་གཟུང་ཞེས་བརྗོད་པ་ཡིན་ཏེ། བུ་ཕ་ཡི་གཟུགས་དང་འདྲ་བ་ལ་བུས་ཕ་ཡི་གཟུགས་བཟུང་ཞེས་འཇིག་རྟེན་ན་གྲགས་པ་ལྟ་བུ་སྟེ་བུའི་ལག་པས་དུས་ཅིག་ཅར་ཕའི་གཟུགས་བཟུང་བ་མ་ཡིན་པ་ལྟ་བུའོ། །དེས་ན་ད་ལྟ་གསལ་པོར་སྣང་བཞིན་པ་འདི་ནི་གཟུང་རྣམ་ཉིད་དུ་གྲུབ་པ་ཡིན་ནོ། །གསུམ་པ་རང་རིག་མངོན་སུམ་ལ། །མྱོང་བ་རང་རིག་རྟོག་བྲལ་བསྒྲུབ། །དེ་ལ་ལོག་པར་རྟོག་པ་དགག །དང་པོ། བདེ་བ་དང་སྡུག་བསྔལ་ཆགས་སྡང་ལ་སོགས་པ་དབང་པོ་ལ་མི་ལྟོས་པར་གསལ་བར་མངོན་སུམ་མྱོང་ལ་བདེ་སོགས་དེ་ཡི་བདག་ཉིད་དེ་རང་མཚན་ནི་གཞན་མི་རྟེན་པ་སྟེ། རང་དུས་ཀྱི་སྣང་བ་དེ་ཉིད་ལས་ཐ་སྙད་ཀྱི་དུས་ན་མི་གནས་པའི་ངང་ཚུལ་ཅན་ནོ། །དེའི་ཕྱིར་དེ་འདྲའི་རང་མཚན་ལ་བརྡ་བྱེད་པར་ནི་ནུས་པ་མ་ཡིན་ཏེ་ཤེས་པ་རང་ཉིད་ཁོ་ནས་རིག་པར་བྱ་བ་ཙམ་མོ། །དེ་ཕྱིར་བདེ་སོགས་དེ་དག་གཉིས་སུ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་རང་རིག་པ་ནི་མངོན་སུམ་ཡིན་ལ། བརྗོད་པ་སྒྲ་དང་རྗེས་སུ་འབྲེལ་བ་ཅན་མ་ཡིན་པས་རྟོག་མེད་དུ་གྲུབ་བོ། །གཉིས་པ་ལ། བདེ་སོགས་ནང་གི་བེམ་པོ་དང་། །ཕྱི་ཡི་བེམ་པོར་འདོད་པ་དགག །དང་པོ་ལ། འདོད་པ་བརྗོད་དང་དེའི་ལན་བསྟན། །དང་པོ། མིག་ཤེས་སོགས་གཞན་རིག་ཀྱང་རང་རིག་པར་མི་བྱེད་པ་ཡིན་ན་བདེ་བ་སོགས་ནི་སེམས་མེད་ཡིན་པས་གཞན་ཡང་རིག་པར་བྱེད་པ་


MR20_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པ་དེ་དག་གིས་རང་གི་ངོ་བོ་དེ་བས་ཀྱང་ཅི་ལྟར་རིག་སྟེ་མི་རིག་མོད། འོན་ཀྱང་བདེ་བ་ཉམས་སུ་མྱོང་བ་འདི་ནི་ནང་དུ་བདག་གི་དོན་གཅིག་ལ་འཕྲོད་པ་འདུ་བས་འབྲེལ་ཞིང་བརྟེན་པ་ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་ལམ་རིག་པར་བྱ་བ་ཡིན་ཏེ། བདག་ལ་བརྟེན་པའི་ཡོན་ཏན་ཡིད་དེས་བདེ་བ་སོགས་ཀྱང་དམིགས་པ་ན་བདག་དང་ཡིད་དང་བདེ་བ་འདྲེས་པ་ལྟར་འཛིན་པ་སྟེ། དོན་ལ་བདེ་སོགས་ནི་ནང་དུ་བདག་ལ་ཡོད་པའི་ཡོན་ཏན་ཞིག་ཡིན་ནོ་ཞེས་འགའ་ཞིག་སྟེ་བྱེ་བྲག་པ་བདག་གིས་དེ་སྐད་ཟེར་རོ། །དེ་ལ་འདི་སྐབས་ཕྱི་དང་ནང་གི་བེམ་པོ་ཞེས་པ་རང་ལུགས་ལ་རྡུལ་དུ་གྲུབ་པ་ལ་བེམ་པོར་འདོད་པ་དེ་མ་ཡིན་ཏེ། ཕྱི་རོལ་པ་འདི་པས་ཤེས་པ་དང་ཤེས་པ་མེད་པ་གཉིས་སུ་ཕྱེ་བའི་ཤེས་པ་མེད་པ་ལ་བེམ་པོར་འདོད་པ་དེ་ཙམ་ཡིན་ནོ། །གཉིས་པ་དེ་དགག་པ་ལ། བདེ་སོགས་བློ་ལས་གཞན་མིན་བསྒྲུབ། །དེ་མྱོང་གཞན་མེད་རང་རིག་ཡིན། །དང་པོ་ལ། ཁྱབ་བསྒྲུབ་རྟགས་འགོད་ཕྱོགས་ཆོས་བསྒྲུབ། །དང་པོ་ཁྱབ་པ་བསྒྲུབ་པ་ནི། །འབྲས་བུ་ཡིན་ནོ་ཅོག་ཀུན་ཀྱང་རིགས་གཅིག་པ་དེ་དང་། དེ་མིན་པ་རིགས་མི་མཐུན་པའི་རང་བཞིན་ཅན་ཀུན་ནི་ཅི་ལས་བྱུང་བ་ཡིན་ན། རིགས་འདྲ་བ་དེ་ཉིད་ཀྱི་རྒྱུ་དང་དེ་མིན་པའི་དངོས་རྒྱུས་བསྐྱེད་པ་ཁོ་ནའི་དབང་གིས་ཏེ་རྒྱུ་ཐ་དད་པ་ལས་ཐ་དད་དུ་སྣང་ཞིང་ཐ་མི་དད་པ་ལས་རིགས་གཅིག་ཏུ་འགྱུར་ཏེ། འཇིམ་པ་དང་སྣལ་མའི་རྒྱུ་ལས་བུམ་པ་དང་སྣམ་བུ་བཞིན་ནོ། །དེ་ལྟར་ཁྱབ་པ་བསྒྲུབས་ནས། གཉིས་པ་རྟགས་འགོད་པ་ནི། དབང་ཡིད་ཀྱི་གཙོ་སེམས་རྣམ་པར་ཤེས་པ་འབྱུང་བའི་རྒྱུ་དེ་དག་ལས་སྐྱེ་ཡི་གཞན་མིན་པ་སྟེ་གཞན་ལས་སྐྱེས་པ་མིན་པ་འཁོར་སེམས་བྱུང་ཚོར་བ་བདེ་བ་ལ་སོགས་པ་དེ་ཅིས་ཤེས་


MR20_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ཏེ། རྒྱུ་གཅིག་གི་འབྲས་བུའི་ངོ་བོར་དབྱེར་མེད་པའི་ཕྱིར་རོ། །གསུམ་པ་ལ། དབང་ཡིད་གཉིས་རྐྱེན་གསུམ་ལས་སྐྱེ། །དེ་ལས་གཞན་པའི་རྒྱུ་ལས་མིན། །དེ་ལ་ཧ་ཅང་ཐལ་བ་སྤང་། །དང་པོ། ཚོར་བ་བདེ་སོགས་རྣམ་ཤེས་སྐྱེད་པའི་རྒྱུ་དེ་ལས་སྐྱེ་བར་རྟགས་མ་གྲུབ་སྟེ། བདག་གི་ཡོན་ཏན་འདུ་བྱེད་པ་ལས་དབང་ཤེས་སྐྱེ་ལ། བདག་གི་ཡོན་ཏན་འབད་རྩོལ་དང་ཆོས་མིན་སོགས་ལས་བདེ་སོགས་ནང་གི་བེམ་པོའི་ངོ་བོར་སྐྱེའོ་ཟེར་ན། དེ་མ་ཡིན་ཏེ་ཡུལ་གཟུགས་ལྟ་བུའི་དོན་རུང་བ་ན་ཡོད་པ་དང་བཅས་པ་དང་། བདག་རྐྱེན་དབང་པོ་བསླད་པ་དང་བྲལ་བའི་ཤེས་པ་སྐྱེ་བའི་རྟེན་དུ་རུང་བ་དང་། གཉིད་དང་བསླད་པ་སོགས་དང་བྲལ་ནས་ཡུལ་གྱི་བདག་ཉིད་ཇི་ལྟའི་རྣམ་ལྡན་དུ་སྐྱེ་བའི་སེམས་དེ་མ་ཐག་རྐྱེན་ཏེ། དེ་ལྟར་རྐྱེན་གསུམ་པོ་དེ་གང་དུ་ཡོད་པ་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ངེས་པར་སྐྱེ་བར་མཐོང་ལ། གཟུགས་སོགས་འཛིན་པའི་ཡིད་དང་དེའི་འཁོར་གྱི་བདེ་སོགས་ཀྱང་དེ་དང་མཚུངས་པ་སྟེ་རྐྱེན་གསུམ་ལས་སྐྱེ་བ་ཡིན་ནོ། །གཉིས་པ། དེ་ལྟར་རྐྱེན་གསུམ་ལས་སྐྱེ་བར་དམིགས་ཀྱང་དེའི་དུས་ན་ནང་གི་བདེ་སོགས་མངོན་དུ་གྱུར་པ་ཡིན་པ་མི་ཁེགས་སོ་སྙམ་ན། རྐྱེན་གསུམ་པོ་དེ་དག་མེད་པ་དང་ཡོད་པ་ན་ཡུལ་དུས་འགའ་ཞིག་གི་ཚེ་གང་ཟག་འགའ་ལ་སེམས་བྱུང་བདེ་བ་ལ་སོགས་དང་། གཙོ་སེམས་དབང་བློ་ལ་སོགས་པ་དེ་དག་རིམ་བཞིན་སྐྱེ་བ་དང་མི་སྐྱེ་བར་མཐོང་བ་དེའི་ཕྱིར་རྐྱེན་གསུམ་པོ་དེ་ལས་བདེ་སོགས་དེ་སྐྱེ་ཡི་གཞན་བདག་གི་ཡོན་ཏན་འདུ་བྱེད་པ་སོགས་ལས་མིན་ཏེ། རྐྱེན་གསུམ་པོ་སྤངས་ནས་དེ་ལས་སྐྱེ་བ་ནམ་ཡང་མ་མཐོང་ལ། རྐྱེན་གསུམ་


MR20_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ན་དེ་ཙམ་གྱིས་སྐྱེ་བར་ནུས་པས་ན་གཞན་ལ་རག་མ་ལས་པར་མཐོང་བའི་ཕྱིར། བདེ་སོགས་རྐྱེན་གསུམ་པོ་འདི་ཁོ་ནའི་འབྲས་བུ་ཡིན་གྱི་གཞན་གྱི་མ་ཡིན་ཏེ་རྗེས་སུ་འགྲོ་ལྡོག་ནམ་ཡང་མ་མཐོང་བས་སོ། །གལ་ཏེ་རྗེས་སུ་འགྲོ་ལྡོག་ངེས་པ་ཅན་དུ་མཐོང་བའི་རྒྱུ་བོར་ནས་རྒྱུ་གཞན་རྟོག་ན་འཇིམ་སོགས་བུམ་པའི་རྒྱུ་མ་ཡིན་པར་སྣམ་སོགས་དེའི་རྒྱུར་འདོད་པ་དང་མཚུངས་པར་འགྱུར་རོ། །གཞན་ཡང་བདེ་སོགས་སེམས་ཀྱི་ངོ་བོ་མྱོང་བ་མིན་པར་ཐ་དད་དུ་མྱོང་བའམ་མཐོང་བ་ཙམ་ཡིན་ན་འདས་པའི་གདུང་བ་སོགས་དྲན་པའམ་བུམ་སོགས་མཐོང་བ་བཞིན་དུ་བདེ་བས་ཕན་པ་དང་གདུང་བས་གནོད་པར་མི་འགྱུར་རོ། །གསུམ་པ། རྒྱུ་མཚུངས་པས་བདེ་སོགས་དང་བློ་གཅིག་ཡིན་པ་ལྟར་རྐྱེན་གསུམ་ལས་སྐྱེས་པའི་བློ་ཐམས་ཅད་བདེ་སྡུག་སོགས་སྐྱེ་ཚུལ་ལ་ཁྱད་མེད་པར་འགྱུར་བས་ན་རྐྱེན་གསུམ་ཙམ་ལས་བདེ་སོགས་མ་ཡིན་ཏེ། ནང་བདག་གི་ཡོན་ཏན་ཡིན་ནོ་ཞེ་ན། རྐྱེན་གསུམ་ལས་སྐྱེ་བ་ཙམ་དུ་མཚུངས་ཀྱང་རྐྱེན་དེ་དག་ཉིད་ཀྱི་ཁྱད་པར་མི་འདྲ་བ་ལས་བདེ་སྡུག་ལ་སོགས་པ་སྟེ་བཏང་སྙོམས་དང་བཅས་པ་རྣམས་མི་འདྲ་བར་ཐ་དད་དུ་སྐྱེ་བ་ཡིན་ཏེ། དམིགས་རྐྱེན་ཡིད་འོང་དང་ཡིད་མི་འོང་དང་ནང་གི་ཡིད་བྱེད་ཀྱི་ཁྱད་པར་ལས་འགའ་ཞིག་ལ་གནོད་པ་འགའ་ཞིག་ལ་བདེ་བར་འཆར་ཏེ་ཡིད་ལོག་དང་ཆགས་ལྡན་ལ་བུད་མེད་ལྟ་བུ་དང་། དབང་པོའི་ཁྱད་པར་གྱིས་ཀྱང་མི་འདྲ་བ་སྟེ་རི་དྭགས་མེའི་གཙང་སྦྲ་ཅན་དང་ཕལ་པ་ལ་མེ་བཞིན་ནོ། །དེ་དག་ནི་རྒོལ་བ་གཉིས་ཀར་གྲུབ་པའི་དཔེར་བྱ་ན་དབང་ཡུལ་ལས་སྐྱེས་པར་འདྲ་ཡང་ཡིད་བློ་དེ་ཉིད་ཀྱི་ནི་ཁ་ཅིག་ཡུལ་དེ་ལ་གསལ་བས་འཇུག་པ་དང་ལ་ལ་མི་གསལ་བའི་རྣམ་པ་དང་ལ་ལར་ཐེ་ཚོམ་དུ་འགྱུར་པ་


MR20_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དེས་ན་སྔོན་གྱི་ལས་ཀྱི་འདུ་བྱེད་པ་ལས་བདེ་བ་དང་སྡུག་བསྔལ་མྱོང་འགྱུར་གྱི་རྐྱེན་ཇི་ལྟར་རིགས་པར་ཚོགས་པར་བྱེད་པ་ཡིན་ནོ། །གཉིས་པ་བདེ་སོགས་དེ་མྱོང་བ་གཞན་མེད་པར་རང་རིག་ཡིན་པ་ལ། དཔྱད་ན་བདེ་སོགས་རང་རིག་ཡིན། །ཐ་སྙད་དེ་ཡིས་དོན་རིག་འཐད། །དང་པོ་ལ། དབང་ཡིད་རིམ་འཇུག་དང་ཅིག་ཅར། །ཕྱོགས་ལ་བདེ་སོགས་གཞན་མྱོང་དགག །དང་པོ་ལ། ཡུལ་ཅན་བློ་ལ་བརྟགས་ནས་དགག །གཟུང་ཡུལ་དོན་ལ་བརྟགས་ནས་དགག །དང་པོ་ལ། དོན་བདེ་རེ་རེ་འཛིན་པ་དང་། །གཉིས་ཀ་འཛིན་པའི་ཕྱོགས་དགག་པའོ། །དང་པོ་ལ། དབང་ཤེས་རང་དུས་བདེ་མི་འཛིན། །སྤེལ་ནས་འཛིན་པ་མི་འཐད་པའོ། །དང་པོ། བདེ་སོགས་ཉམས་སུ་མྱོང་བ་ནི་བསྙོན་མེད་དུ་གྲུབ་ལ་དེ་ཡང་མྱང་བྱ་མྱོང་བྱེད་ཐ་དད་དུ་ཡོད་ན་མི་འཐད་པས་རང་རིག་པའི་ཚུལ་གྱིས་མྱོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་བདེ་སོགས་མྱོང་བར་མི་སྲིད་དེ་འདི་ལྟར་དབང་ཤེས་དང་ཡིད་ཤེས་དུས་གཅིག་ཏུ་མི་སྐྱེ་བར་འདོད་པ་དང་སྐྱེ་བར་འདོད་པ་གཉིས་ཀ་ལྟར་ཡང་བདེ་བ་འཛིན་པ་མི་འཐད་པའི་ཕྱིར་རོ། །དང་པོ་ལྟར་ན། གཟུགས་ལ་སོགས་པའི་དོན་གང་ཞིག་དབང་པོའི་གཟུང་ཡུལ་དུ་ཉེ་བས་དོན་དེ་འཛིན་གྱི་བློ་དང་ནི་ལྷན་ཅིག་ཚོར་བ་བདེ་བ་ལ་སོགས་པ་དེ་དག་སྔ་ཕྱི་མེད་པར་སྐྱེ་བར་འགྱུར་བ་མྱོང་བས་གྲུབ་པ་ཡིན་ལ། དེ་འདྲའི་གཟུང་དོན་དེ་བོར་ནས་ནི་ནང་བདག་གི་ཡོན་ཏན་བདེ་བ་ལ་སོགས་པ་ཉིད་དབང་མངོན་དེས་ནི་ཇི་ལྟར་རྟོགས་པར་འགྱུར་ཏེ། ཡུལ་ཉེ་བ་བོར་ནས་རང་གི་ཡུལ་མ་ཡིན་པ་ནང་གི་དོན་ལ་ཅི་ལྟར་དམིགས་ཏེ་དམིགས་མི་སྲིད་དོ། །གལ་ཏེ་མ་དམིགས་ན་དབང་པོས་ཡུལ་ལ་


MR20_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པའི་བདེ་བ་དེ་ནི་སུས་ཀྱང་ཚོར་བ་མི་སྲིད་དེ། ཡུལ་ཉིད་བདེ་བའི་རྒྱུ་མ་ཡིན་པར་འདོད་པའི་ཕྱིར་རོ། །དེས་ན་ཡུལ་ལ་དབང་ཤེས་སྐྱེ་བཞིན་པའི་སྐབས་ཀྱི་བདེ་བ་དེ་ཡུལ་དེས་བསྐྱེད་པའི་སེམས་བྱུང་མིན་ན་དེ་རང་དུས་ན་དེ་ལྟར་སྐྱེ་བ་མི་འཐད་ལ་ཡིད་ཀྱང་དེ་དུས་མི་སྐྱེ་བར་ཁྱོད་འདོད་པས་སོ། །གཉིས་པ། གལ་ཏེ་དོན་བདེ་བ་ཅིག་ཅར་མི་འཛིན་ཡང་དབང་ཤེས་ཀྱི་དོན་དང་ཡིད་ཤེས་ཀྱིས་བདེ་བ་རིམ་གྱིས་སྤེལ་མར་འཛིན་ནོ་ཞེ་ན། དོན་དེ་དང་བདེ་བའི་མྱོང་བ་གཉིས་ཀའང་བར་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་ཏེ། ཕན་ཚུན་གཅིག་གི་བར་གཅིག་གིས་ཆོད་པའི་ཕྱིར་རོ། །ཆོད་ཀྱང་འཇུག་པ་མགྱོགས་པའི་ཕྱིར་བར་མ་ཆད་པ་ལྟར་སྣང་ངོ་ཞེ་ན། མགྱོགས་པ་དེ་གཉིས་ཀ་ལའང་མཚུངས་པའི་ཕྱིར་དོན་སྣང་བར་མ་ཆད་དུ་སྣང་ན་དེའི་དབང་གིས་ཅིག་ཤོས་བདེ་བ་ལྟ་བུའི་མྱོང་བ་མེད་པར་འགྱུར་བ་ཅིས་མ་ཡིན་ཏེ། གང་བར་མེད་པར་སྣང་བ་དེ་དག་གིས་ཅིག་ཤོས་ལ་སྐད་ཅིག་གི་ཆའམ་རྡུལ་ཕྲ་རབ་ཙམ་གྱི་སྣང་བའི་གོ་ཡང་མི་འབྱེད་པའི་ཕྱིར་རོ། །དེ་ལྟར་ཡིན་བཞིན་གཉིས་ཀའི་སྣང་བ་རྒྱུན་མི་འཆད་ན་ནི་ཅིག་ཅར་དུ་སྣང་བར་གདོན་མི་ཟ་སྟེ་སྔོ་སེར་ལྷན་ཅིག་དམིགས་པ་བཞིན་ནོ། །བར་ཆོད་པས་ཆོད་པར་སྣང་བ་བསྐྱེད་མི་ནུས་པ་མགྱོགས་པའི་དབང་གིས་འཁྲུལ་པ་ཡིན་དུ་ཆུག་ནའང་འཁྲུལ་བའི་སྣང་བ་དེའི་དབང་གིས་ཅིག་ཤོས་སྒྲིབ་པར་མི་བྱེད་པ་མི་རིགས་ཏེ། མགལ་མེ་བར་མ་ཆད་དུ་སྣང་བའི་ཁྱུད་འཁོར་དེར་མགལ་མེ་ལས་གཞན་མི་སྣང་བ་བཞིན་ནོ། །གཉིས་པ་དོན་བདེ་གཉིས་ཀ་ཤེས་པ་གཅིག་གིས་འཛིན་པའི་ལུགས་དགག་པ་ནི། དོན་དང་ནང་གི་བདེ་བ་དབང་པོས་ཅིག་ཅར་དམིགས་པའི་ཕྱིར་དུས་སྔ་ཕྱི་མེད་པ་དང་


MR20_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་བར་མ་ཆད་དུ་སྣང་བ་ཡིན་ནོ་ཞེ་ན། དེ་ལྟར་དབང་ཤེས་གཅིག་གིས་རང་ཡུལ་དང་གཞན་ཡུལ་གཉིས་ཤེས་པ་མ་ཡིན་ཏེ། དབང་པོའི་སེམས་ནི་རང་གི་ཡུལ་གང་ཡིན་པ་དེ་ལ་མཐའ་གཅིག་ཏུ་ངེས་པའི་ཕྱིར་དེ་ལྟ་མ་ཡིན་ན་རེས་འགའ་རྣ་བས་ཀྱང་གཟུགས་འཛིན་པར་འགྱུར་བ་སོགས་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ཡང་ནང་བདག་གི་ཡོན་ཏན་ནི་ཡིད་ཤེས་ཁོ་ནའི་ཡུལ་ཡིན་ན་དེ་ཕྱི་དོན་ལ་དམིགས་པའི་མིག་སོགས་དབང་པོའི་ཤེས་པས་ཇི་ལྟར་དམིགས་ཏེ་དམིགས་པར་མི་སྲིད་པ་དང་། གཞན་ཡང་དབང་ཤེས་ཀྱི་གཟུང་ཡུལ་ལ་དོན་གང་ཡིན་པ་དེ་ཙམ་ལས་གཞན་པའི་བདེ་སོགས་མེད་ཀྱང་དོན་དེ་དག་ལས་བདེ་སོགས་ཀྱི་མྱོང་བ་སྐྱེ་བའི་ཕྱིར་བདེ་སོགས་དེ་ལ་དབང་ཤེས་སྐྱེད་པའི་ནུས་པ་གྲུབ་པ་མེད་པའི་ཕྱིར་ཏེ། བདེ་བ་ནང་སེམས་ཀྱི་ཆོས་ཡིན་པ་ལས་ནམ་ཡང་ཕྱི་རོལ་གྱི་དོན་ལ་ཡོད་པར་དམིགས་མི་སྲིད་པས་དེ་གཟུང་དོན་དུ་བྱས་ནས་དབང་ཤེས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་དོན་ལ་བརྟག་པ་ལ། །ཡན་གར་དུ་ནི་འཛིན་པ་དགག །ལྷན་ཅིག་ཉིད་དུ་འཛིན་པ་དགག །དང་པོ། དོན་དང་བདེ་བ་འདི་དག་སོ་སོར་དམིགས་པ་ཡིན་ནམ་ལྷན་ཅིག་དམིགས་པ་ཡིན། དང་པོ་ལྟར་དོན་དང་བདེ་བ་གཉིས་ཀྱིས་སོ་སོ་སོ་སོར་ཏེ་ཡན་གར་བ་ཡང་རང་འཛིན་ཤེས་པ་སྐྱེད་ནུས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་སྔོ་སེར་སོགས་རེ་རེས་ཀྱང་དབང་ཤེས་སྐྱེད་པ་བཞིན་དུ་དོན་ཡུལ་དུ་མེད་པར་བདེ་སོགས་ཡན་གར་བ་འབའ་ཞིག་ཀྱང་ཡིད་ཤེས་ཀྱིས་འཛིན་པར་འགྱུར་རིགས་ནའང་། བདེ་སོགས་དེ་སྐྱེད་པའི་རྒྱུའི་རང་བཞིན་དུ་གྱུར་པའི་དོན་གཟུགས་ལ་སོགས་པ་ནི་དབང་ཤེས་ཀྱིས་མ་བཟུང་བར་བདེ་སོགས་དེ་


MR20_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་གར་དུ་ཡིད་ཤེས་ཀྱིས་མྱོང་བར་ནི་མི་རིགས་སོ། །གཉིས་པ་ལ། ཐལ་བ་དངོས་དང་དེ་བསྒྲུབ་པའོ། །དང་པོ། དོན་མ་བཟུང་བར་བདེ་སོགས་མྱོང་བ་མི་སྲིད་པ་ནི་དོན་དང་བདེ་བ་སོགས་ལྷན་ཅིག་ཉིད་དུ་འཛིན་པས་ཡིན་ནོ་ཞེ་ན། བདེ་སོགས་ཀྱི་ནི་དབང་ཤེས་ལ་ཕན་པའི་ནུས་པ་ཅི་ཞིག་བྱས་ཏེ། གང་གི་ཕྱིར་ན་བདེ་བ་དེས་བསྐྱེད་པའི་དབང་པོའི་བློ་ནི་ཁྱོད་མི་འདོད་པའི་ཕྱིར་ཏེ་དབང་པོ་ནི་དོན་གྱི་ཡུལ་ཅན་ཡིན་ལ་བདེ་བ་ནི་ནང་བདག་གི་ཡོན་ཏན་ཡིན་པས་དེ་ལྷན་ཅིག་ཡོད་པ་མི་སྲིད་ལ། ཡོད་དུ་ཆུག་ཀྱང་དབང་པོ་དེ་མི་འཛིན་ཏེ་གཟུགས་དང་རོ་ལྷན་ཅིག་ཡོད་ཀྱང་མིག་གིས་རོ་མི་འཛིན་པ་བཞིན་ནོ། །གཉིས་པ་ལ། དོན་མེད་མྱོང་བ་མི་འཐད་དང་། །དེས་ན་ཡུལ་གྱི་བདེ་མི་མྱོང་། །དང་པོ། དབང་ཤེས་ཀྱིས་ཀྱང་བདེ་བ་མྱོང་བར་འདོད་དོ་ཞེ་ན། ཁྱོད་ལྟར་ན་ཕྱི་དོན་གཟུགས་སོགས་ལ་བདེ་སོགས་ཡོད་པར་མི་འདོད་པས་དེ་དབང་ཤེས་ཀྱི་གཟུང་དོན་དུ་མེད་པར་ཡང་ནི་བདེ་བ་ལ་སོགས་པ་མིག་ལ་སོགས་པའི་ཤེས་པ་རྣམས་ཀྱིས་མྱོང་ན་ནི་དབང་ཤེས་དེ་ཟླ་གཉིས་དང་སྐྲ་ཤད་སྣང་བའི་བློ་ལ་སོགས་པ་བཞིན་དུ་འཁྲུལ་བློ་འབའ་ཞིག་ཏུ་གྱུར་ནས། གཟུགས་སྒྲ་སོགས་དང་བུད་མེད་སོགས་ཀྱི་མཛེས་མི་མཛེས་ལ་སོགས་པའི་ཁྱད་པར་ནམ་ཡང་མིག་ལ་སོགས་པའི་ཤེས་པ་དག་གིས་མི་འཛིན་པར་འགྱུར་ཏེ། དོན་ཇི་ལྟ་བ་བཞིན་དུ་མི་མཐོང་བར་སྣ་ཚོགས་སུ་འཛིན་པར་འགྱུར་རོ། །འགྲེལ་པ་རྣམས་སུ་དོན་གཟུགས་སོགས་མེད་པར་བདེ་སོགས་ཡན་གར་དུ་འཛིན་ན་གཟུགས་སོགས་བདེ་བའི་རྟེན་ཡིན་མིན་གྱི་ཁྱད་པར་དབང་མངོན་གྱིས་གཅོད་མི་ནུས་པའི་དོན་དུའང་བཤད་དོ། །གལ་ཏེ་མིག་ལ་སོགས་པའི་གཟུང་དོན་


MR20_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདེ་སོགས་མེད་པ་ནི་མ་ཡིན་ཏེ་ནང་བདག་གི་ཡོན་ཏན་བདེ་བ་སོགས་རྒྱུའམ་ཡན་ལག་ཏུ་གྱུར་པ་གང་ཞིག་ཤེས་པ་སྐྱེད་པར་ནུས་པའི་རང་བཞིན་ཅན་དེ་དབང་ཤེས་འདི་ཡི་གཟུང་དོན་དུ་ཡོད་དེ་བདག་ནི་ཁྱབ་པའི་ཕྱིར་དེའི་ཡོན་ཏན་རྣམས་ཀྱང་དེར་དམིགས་སོ་ཞེ་ན། དེ་ལྟ་ན་དབང་ཤེས་རྣམས་ནང་བདག་གི་ཡོན་ཏན་གྱི་ཡུལ་ཅན་དུ་གྱུར་པས་ན་རྟག་ཏུ་ཉེ་བའི་དོན་དེ་འབའ་ཞིག་འཛིན་པར་འགྱུར་གྱི་ཕྱི་རོལ་གྱི་དོན་ནམ་ཡང་མཐོང་བར་མི་འགྱུར་ཏེ། དེའི་གཟུང་དོན་ནང་གི་ཡོན་ཏན་དེ་དག་ཡིན་པས་རང་གི་གཟུང་དོན་བོར་ནས་གཞན་འཛིན་པར་མི་རིགས་སོ། །གཉིས་པ། ཉེས་པ་དེར་དོགས་ནས་དབང་ཤེས་ཀྱིས་དོན་ཁོ་ན་འཛིན་པ་ཡིན་གྱི་བདེ་བ་མི་འཛིན་ཏེ་དེའི་དོན་མ་ཡིན་པའི་ཕྱིར་རོ་ཞེ་ན་ནི། ཡུལ་གཟུགས་ལ་སོགས་པ་དེ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་ནམ་ཡང་མྱོང་བར་མི་འགྱུར་ཏེ། གཟུགས་མཐོང་བཞིན་དུ་ནང་གི་བདེ་བ་མྱོང་བའི་ཡིད་མེད་པར་ཁྱོད་འདོད་ཅིང་དབང་ཤེས་རང་གིས་ནི་བདེ་བ་མི་མྱོང་བའི་ཕྱིར་རོ། །དེ་ལྟ་ན་སུ་ཡང་འདོད་ཡོན་ལ་ལོངས་སྤྱོད་པ་མི་སྲིད་དོ། །གཉིས་པ་དབང་ཡིད་ཅིག་ཅར་འཇུག་པར་འདོད་པ་ལ་གནོད་པ་སྟོན་པ་ལ། ཐལ་བ་བརྗོད་དང་དེའི་ལན་འགོག །དང་པོ། ཡུལ་དོན་དེ་དང་ནི་ནང་གི་བདེ་སོགས་དེ་ཡོད་པ་ལས་དབང་ཡིད་ཀྱི་བློ་གཉིས་པོ་ནི་ཅིག་ཅར་སྐྱེ་བ་ཡིན་པས་ཡུལ་མྱོང་བཞིན་བདེ་བ་མྱོང་བ་མེད་པར་མི་འགྱུར་རོ་ཞེ་ན་ནི། དུས་ཅིག་ཅར་ཡིད་དུ་འོང་མི་འོང་གི་དོན་གཉིས་ནི་ཡུལ་དུ་ཡོད་པ་ན་བདེ་སྡུག་དག་ནི་ཅིག་ཅར་རིག་པར་འགྱུར་རོ། །གཉིས་པ་ལ། ཕ་རོལ་ལན་བརྗོད་དེ་ཉིད་འགོག །དང་པོ། བདེ་སྡུག་སོགས་ཡུལ་ཡོད་པ་ཙམ་གྱིས་མི་སྐྱེ་སྟེ་ནང་གི་ཉེར་ལེན་ཡིད་ཀྱི་ཤེས་པ་ཡང་རྒྱུ་ཡིན་པས་དེ་ཡོད་ན་སྡུག་བསྔལ་ལ་སོགས་པ་


MR20_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཡིན་ལ། ཉེར་ལེན་དུ་གྱུར་པའི་ཤེས་པ་གཅིག་པོ་དེ་ནི་བདེ་བའི་ཉེར་ལེན་དུ་གྱུར་པའི་ཚེ་ན་སྡུག་བསྔལ་གྱི་ཉེར་ལེན་དུ་མི་འགྱུར་ཏེ། དེའི་ཕྱིར་འགལ་བ་ཡི་ཉེར་ལེན་མིན་པར་འདོད་པའི་ཕྱིར་བདེ་སྡུག་ཅིག་ཅར་དམིགས་པའི་སྐྱོན་དེ་མེད་ཅེ་ན། གཉིས་པ་ལ། གནོད་པ་བརྗོད་དང་ཉེས་སྤོང་དགག །དང་པོ། བདེ་སོགས་ཤེས་པ་ཡིན་ན་དེ་ལྟར་ཡིན་དུ་ཆུག་ཀྱང་ཁྱོད་ལྟར་ན་བདེ་སོགས་ཤེས་པར་མི་འདོད་ལ་དེའི་ཕྱིར་རྒྱུ་མཚན་གང་གིས་ན་རྣམ་པར་ཤེས་པ་ནི་བདེ་སོགས་མི་ཤེས་པ་དེ་ཡི་ཉེར་ལེན་གྱི་རྒྱུ་ཅི་ལྟར་ཡིན་ཏེ་མི་རིགས་སོ། །གཉིས་པ། ཉེས་པ་དེ་བཟློག་ཏུ་མེད་པར་མཐོང་ནས་ཤེས་པ་བདེ་སོགས་ཀྱི་ཉེར་ལེན་གྱི་རྒྱུ་མ་ཡིན་ཀྱང་བདག་པོ་ཡི་རྐྱེན་ཉིད་དུ་འགྱུར་བ་ཡིན་ནོ་ཞེ་ན། བདག་པོའི་རྒྱུ་དེ་ནི་འབྲས་བུ་འགལ་བ་དག་ལའང་གཉིས་ཀའི་རྒྱུར་མཐོང་སྟེ། དཔེར་ན་ཉི་མའི་སྣང་བ་གཅིག་ཉིད་མཚན་མོར་རྒྱུ་བ་འུག་པ་སོགས་དང་དེ་ལས་གཞན་པ་མི་ལ་སོགས་པའི་དབང་པོ་དག་ལ་རིམ་པ་བཞིན་གཟུགས་མཐོང་བ་དང་མི་མཐུན་པ་སྟེ་མི་མཐོང་བ་དང་། མཐུན་པ་སྟེ་མཐོང་བའི་བདག་རྐྱེན་ཅིག་ཅར་བྱེད་པ་བཞིན་ནོ། །གཉིས་པ་ཐ་སྙད་དུ་དེ་ཡིས་དོན་རིག་འཐད་པ་ནི། བདེ་སོགས་ཤེས་པ་ཡིན་པ་དེ་ཕྱིར་དབང་ཤེས་འཁོར་གྱི་བདེ་སོགས་རང་ཉིད་ལ་རྣམ་པ་གཏོད་བྱེད་ཕྱི་དོན་གྱི་རྣམ་པ་མེ་ལོང་ལ་གཟུགས་བརྙན་ལྟར་འཕོས་པའི་དོན་ནི་སྣང་བ་དང་། དེ་འདྲའི་སྣང་བ་དེ་ཡང་དུས་མཉམ་པའི་ཤེས་པ་དེས་གསལ་པོར་མྱོང་བའི་ཕྱིར་ན་འཇིག་རྟེན་ན་དོན་མྱོང་བར་ཐ་སྙད་འདོགས་ཏེ། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཞེས་ནི་ཐ་སྙད་བཏགས། །ཞེས་པ་བཞིན་ནོ། །ལེགས་པར་དཔྱད་ན་ཕྱི་རོལ་གྱི་དོན་ནི་དངོས་སུ་མྱོང་བ་མིན་ལ། གཉིས་སུ་མེད་པའི་ཤེས་པ་རང་གི་བདག་ཉིད་གསལ་


MR20_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གི་ཚུལ་གྱིས་ཡུལ་གྱི་རྣམ་པ་ལྟར་རིག་པར་བྱེད་པ་འདི་དག་ནི་རང་གི་སྔ་ལོགས་སུ་བྱུང་བ་རྣམ་པ་གཏོད་བྱེད་ཀྱི་དོན་ལས་དེ་དང་འདྲ་བར་སྐྱེས་པ་ཙམ་དུ་ཟད་དོ། །འདིས་དོན་དངོས་སུ་མྱོང་བར་སྣང་བ་བསྙོན་དུ་མེད་པའི་ཡུལ་སྣང་བཞིན་པ་འདི་ནི་དོན་གྱི་བདག་ཉིད་དུ་སྣང་བ་གཟུང་རྣམ་དེ་ཡིན་ལ། གཟུང་རྣམ་དེ་དག་གི་རང་གི་བདག་ཉིད་དུ་གྱུར་པ་སྟེ་དོན་ལ་ཤེས་པ་གཞན་མིན་པའི་འཛིན་རྣམ་དེས་མྱོང་བ་ཡིན་ཏེ། ཕྱི་རོལ་གྱི་སྔོ་སོགས་མཐོང་བཞིན་པའི་ཚེ་ཡུལ་སྔོན་པོ་ཕྱི་ན་ཡོད་པ་ལྟ་བུ་དེ་གཟུང་རྣམ་དང་། དེ་འཛིན་ཤེས་པ་ནང་ན་ཡོད་པ་ལྟ་བུ་དེ་འཛིན་རྣམ་སྟེ་དེ་གཉིས་དོན་ལ་ཐ་དད་དུ་མེད་ཀྱང་བསླད་པའི་དབང་གིས་གཉིས་སུ་སྣང་བ་ཡིན་ནོ། །དེ་ལྟར་རྣམ་པ་གསལ་པོར་མྱོང་བ་དེས་ན་དོན་སྔོ་སོགས་དབང་ཤེས་ཀྱིས་མྱོང་བར་བཤད་དེ། དོན་དམ་པར་ནི་དམིགས་པ་གཟུགས་ལ་སོགས་པ་ཉིད་ནི་རྣམ་པ་དེར་སྣང་བ་ཙམ་ཡིན་པའོ། །དེ་ལྟར་ཡུལ་ཡུལ་ཅན་གཉིས་སུ་སྣང་ཡང་དོན་ལ་གཉིས་སུ་མེད་ལ་མྱོང་བ་མ་འགགས་པར་གསལ་བའི་ཕྱིར་ན་རང་རིག་པར་གྲུབ་པ་ཡིན་ནོ། །གཉིས་པ་གྲངས་ཅན་པས་བདེ་སོགས་ཕྱིའི་དོན་དུ་འདོད་པ་འགོག་པ་ལ། འདོད་པ་བརྗོད་དང་དེ་འགོག་པའོ། །དང་པོ། འགའ་ཞིག་སྟེ་གྲངས་ཅན་པས་ནི་བདེ་སོགས་ཕྱི་རོལ་ན་དེ་ཙམ་ལྔའི་བདག་ཉིད་དུ་གནས་པ་ཉིད་དང་ནི་དེ་ཡང་སེམས་མེད་པ་དང་རང་ལས་གཞན་པར་གྱུར་པའི་ཤེས་པས་གཟུང་བར་སྨྲ་སྟེ་ཞེས་སོ། །གཉིས་པ་ལ། གཞན་གྱིས་གཟུང་བྱར་མི་འཐད་དང་། ཕྱི་རོལ་ཡིན་པ་མི་འཐད་དང་། །སེམས་མེད་ཡིན་པ་མི་འཐད་པའོ། །དང་པོ་ལ། ཡུལ་དང་བདེ་སོགས་ཐ་དད་དང་། །གཅིག་ཏུ་འདོད་ཀྱང་མི་འཐད་པའོ། །དང་པོ།


MR20_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཅན་པ་དེ་ཡི་ཡང་དབང་པོའི་བློས་དུས་ཅིག་ཅར་དོན་དང་བདེ་བ་གཉིས་ཀ་འཛིན་པར་མི་རིགས་སོ། །ཇི་ལྟར་ན་སྔོན་པོ་ཉམས་སུ་མྱོང་བ་དེ་ནི་དེ་ཉིད་མྱོང་བ་ཡིན་གྱི་དེ་ལས་གཞན་པའི་བདེ་བ་ལ་སོགས་པ་མྱོང་བ་མ་ཡིན་ཏེ། དེ་གཉིས་རྣམ་པ་མི་འདྲ་བའི་ཕྱིར་དཔེར་ན་བདེ་བ་དང་སྡུག་བསྔལ་མྱོང་བ་ལྟ་བུའོ། །གཉིས་པ། ཡུལ་སྔོ་ལ་སོགས་པའི་རང་བཞིན་ནི་བདེ་བ་སོགས་དང་གཅིག་པའི་ཕྱིར་བས་ཆུ་ལས་མ་འདས་པ་བཞིན་དུ་ཡིན་པས་སྔོ་སོགས་བཟུང་བ་ན་དེ་བཟུང་བ་ཙམ་གྱིས་དེའི་བདེ་སོགས་ཀྱང་འཛིན་པས་ཁྱབ་པས་དབང་ཤེས་ཀྱིས་དོན་དང་བདེ་བ་ཅིག་ཅར་འཛིན་ནོ་ཞེ་ན། དེ་མ་ཡིན་ཏེ་ཆོས་གང་ལ་ཐ་དད་དུ་སྣང་བ་ཅན་དུ་མ་འཁྲུལ་བའི་སེམས་ཀྱིས་ནི་གཟུང་བ་དེ་ཅི་ལྟར་ཐ་མི་དད་པ་ཡིན་ཏེ་ཀ་བུམ་བཞིན་ནོ། །གཟུགས་སོགས་དབྱིབས་དང་ཁ་དོག་ཏུ་སྣང་བ་དང་ཚོར་བ་སིམ་གདུང་བར་མར་སྣང་བ་ཡང་ཐ་དད་དུ་བློ་མ་འཁྲུལ་བས་དམིགས་སུ་ཡོད་པས་དེ་གཉིས་གཅིག་མ་ཡིན་ནོ། །ཐ་དད་དུ་དམིགས་ཀྱང་གཅིག་ཏུ་འགྱུར་ན་ཤེས་རིག་གི་སྐྱེས་བུ་དང་བེམ་པོ་ཡང་གཅིག་ཏུ་འགྱུར་རོ། །འོ་ན་གཟུང་རྣམ་འཛིན་རྣམ་གཉིས་སུ་སྣང་ཡང་གཅིག་ཏུ་འདོད་པ་མིན་ནམ་ཞེ་ན། དེ་བསླད་པའི་སྣང་བ་ཡིན་པའི་ཕྱིར་ཤེས་པ་ལས་ཐ་དད་པའི་ཡུལ་གྱི་རྣམ་པ་དོན་དམ་པར་མི་འདོད་ལ། ཁྱོད་ནི་དོན་བདེ་གཉིས་ཀ་དོན་དམ་པར་འདོད་པས་མི་མཚུངས་སོ། །ངེད་ཀྱིས་ཀྱང་དོན་དམ་པར་ཡོན་ཏན་གསུམ་ཁོ་ནར་འདོད་དོ་ཞེ་ན། བདེ་སྡུག་འགལ་བ་དག་གཅིག་ཏུ་ཅི་ལྟར་འགྱུར་ཏེ་མི་འགྱུར་བས་མཐར་མ་བསླད་པའི་རང་བཞིན་གཅིག་པ་གང་ཡང་རྙེད་པར་མི་འགྱུར་རོ། །གཉིས་པ་བདེ་སོགས་ཕྱི་རོལ་ཡིན་པ་མི་འཐད་པ་ལ། ཐལ་བ་འགོད་དང་དེ་


MR20_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དགག །དང་པོ། བདེ་སོགས་ཕྱི་རོལ་ན་ཡོད་པ་ཁོ་ན་ཡིན་ན་ཕྱི་དོན་དེར་ཁྱད་པར་ཡོད་པ་མིན་ཡང་ནང་གི་བློ་གོམས་པ་ཡི་ནི་ཁྱད་པར་ལས་དོན་གཅིག་ལས་སྐྱེས་བུའི་བློ་ལ་དགའ་བ་དང་ཡོངས་སུ་གདུང་བ་ཁྱད་པར་ཡོད་པ་ཅན་དུ་ནི་མི་འགྱུར་བར་ཐམས་ཅད་ལ་ཡུལ་གཅིག་པུ་དེས་བདེ་སོགས་ཤས་ཆེ་ཆུང་མེད་པར་སྐྱེད་དགོས་ཀྱང་ནང་གི་གོམས་པའི་ཁྱད་པར་ལས་སྣ་ཚོགས་སུ་མཐོང་བས་ན་བདེ་བ་དོན་ལ་ཡོད་པ་འཐད་པར་མི་འགྱུར་རོ། །གཉིས་པ། གལ་ཏེ་ནང་གི་བློ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་དེ་ཡང་བདེ་སོགས་ཀྱི་བདག་ཉིད་ཡིན་པས་གོམས་པས་ནང་བློ་ཡི་བདེ་བ་དེ་ཁྱད་པར་དུ་འགྱུར་བས་ན་ཕྱི་དོན་ལ་ཁྱད་མེད་ཀྱང་བློ་ལ་བདེ་སོགས་མྱོང་ཚུལ་གྱི་ཁྱད་ཡོད་པ་མི་འགལ་ལོ་ཞེ་ན། ནང་གི་གོམས་པས་འཕེལ་བར་འགྱུར་བའི་བདེ་སོགས་འདོད་པ་དེ་ལྟར་ན་དེ་ནི་ཕྱི་དོན་གཟུགས་ལ་སོགས་པ་དེ་བདེ་སོགས་ཀྱི་བདག་ཉིད་ཡིན་ནོ་ཞེས་པ་དེ་ཅི་ལྟར་རྟོགས་ཏེ། བདེ་སོགས་ནམ་མྱོང་བ་ན་བློས་མྱོང་བར་སྣང་གི་བློ་ལ་མི་ལྟོས་པར་མྱོང་བ་མི་སྲིད་ལ་བདེ་སོགས་དེ་ནི་ནང་ནའང་ཡོད་པར་འདོད་པའི་ཕྱིར་ནམ་མྱོང་བ་ན་དེ་ནང་གི་ཡིན་པར་དམིགས་ཀྱི་འདི་ནི་ནང་གི་མ་ཡིན་ཏེ་ཕྱིའི་བདེ་བའོ་ཞེས་ཤེས་པར་མི་འགྱུར་རོ། །གལ་ཏེ་རེག་བྱ་འཇམ་པ་ལ་སོགས་པ་ཡུལ་གྱིས་བྱས་པ་དེ་ཕྱིའི་བདེ་བའོ་སྙམ་ན། དེ་ཡང་ནང་དུ་བློ་ལ་མྱོང་གི་བློ་ལས་ཕྱི་རོལ་དུ་མྱོང་མི་ཤེས་པས་ཕྱི་རོལ་གྱི་བདེ་བ་ནམ་ཡང་ཤེས་པར་མི་འགྱུར་རོ། །གལ་ཏེ་ཕྱི་རོལ་ཡུལ་ལས་སྐྱེས་པའི་བདེ་བ་མྱོང་ཡང་ནང་གི་བདེ་བ་དང་འདྲེས་པས་སོ་སོར་དབྱེ་མི་ནུས་པ་ཡིན་ཏེ། ཕྱི་ནང་གི་བདེ་སོགས་རིགས་ནི་ཐ་དད་པ་དག་གཟུང་བ་དང་འཛིན་པར་རུང་བ་ཡིན་ཏེ་


MR20_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གཅིག་པའི་ཕྱིར། གཟུང་འཛིན་དུ་འཐད་དེ། ནང་དུ་བློ་ལ་བདེ་བ་ཡོད་ཀྱང་ཕྱི་རོལ་རེག་བྱ་འཇམ་པ་བདེ་བའི་རང་བཞིན་མ་ཡིན་ན་དེ་བདེ་བའི་ངོ་བོར་མི་འཛིན་ཏེ་ནག་པོ་ལ་དཀར་པོར་འཛིན་དུ་མེད་པ་བཞིན་དང་། དེ་བཞིན་དུ་ཕྱི་ན་བདེ་བ་ཡོད་ཀྱི་ནང་དུ་མེད་ན་རང་གིས་མྱོང་བར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ཤེས་རིག་གི་སྐྱེས་བུ་ནི་ཡུལ་ཀུན་གྱི་འཛིན་བྱེད་དུ་མི་འགྱུར་ཏེ་སེམས་མེད་བེམ་པོའི་རང་བཞིན་གཙོ་བོ་རྣམ་འགྱུར་དང་བཅས་པ་ཐམས་ཅད་ལས་རིགས་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །སྐྱེས་བུ་འཛིན་པ་པོར་མི་འགྱུར་བ་དེས་ན་རྣམ་འགྱུར་ཀུན་ལ་ལོངས་སྤྱོད་པ་པོའམ་ཟ་བ་པོ་ཡིན་པ་ཉིད་ཀྱང་ཉམས་པར་འགྱུར་རོ། །བཤད་མ་ཐག་པའི་རིགས་པ་འདིས་ནི་ཕྱི་དང་ནང་གི་བདེ་བ་དག་རིགས་མི་མཐུན་ན་རྒྱུ་དང་འབྲས་བུ་ཉིད་དུ་མི་འགྱུར་རོ་ཞེས་བརྗོད་པའང་བསལ་བ་ཡིན་ཏེ། དེ་འདྲའི་གཏན་ཚིགས་དེ་རང་གིས་འདོད་པ་སྐྱེས་བུས་མ་ངེས་པར་བསྟན་པའི་ཕྱིར་རོ། །གཞན་ཡང་ཁྱོད་ལྟར་ན་གཟུང་བ་ཕྱིའི་བདེ་སོགས་དང་འཛིན་པ་ནང་བློ་ཡི་བདེ་སོགས་རྒྱུ་དང་འབྲས་བུ་མ་ཡིན་ཏེ། དེ་གཉིས་ཀ་ཤེས་པ་མེད་པར་འདྲ་བས་ན་གཟུང་བ་དང་འཛིན་པ་ཡི་མཚན་ཉིད་གང་ཡང་མེད་པའི་ཕྱིར་རོ། །མིག་དབང་གིས་གཟུགས་འཛིན་པ་དང་ས་མྱུག་རྒྱུ་འབྲས་སུ་འགྱུར་བས་མ་ངེས་སོ་སྙམ་ན། མིག་དབང་ནི་འཛིན་པའི་ཤེས་པའི་རྒྱུ་ཡིན་གྱི་དབང་པོ་དེ་ཉིད་འཛིན་པར་མི་འདོད་པས་མ་ངེས་པ་མིན་ལ། ས་བོན་དང་མྱུ་གུའི་རྒྱུ་འབྲས་ནི་གཟུང་འཛིན་མ་ཡིན་ཏེ་བེམ་པོར་གྱུར་པའི་རྒྱུ་འབྲས་སོ། །ཤེས་པ་ལ་ཡུལ་རྒྱུར་གྱུར་བ་ནི་གཟུང་འཛིན་གྱི་རྒྱུ་འབྲས་ཡིན་དགོས་སོ། །གལ་ཏེ་བློ་དང་ཡུལ་ལ་གཟུང་འཛིན་གྱི་སྒོ་ནས་རྒྱུ་འབྲས་སུ་གྱུར་པ་དེ་མེད་ན་ཡུལ་མྱོང་བ་མི་


MR20_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པས་གཟུང་བ་ཡུལ་གྱིས་ཕན་བཏགས་པའི་སྒོ་ནས་འཛིན་པ་སྐྱེད་པ་དེ་ཡོད་དོ་ཞེ་ན། དེ་འདྲའི་རྒྱུ་འབྲས་སུ་གྱུར་བའི་གཟུང་འཛིན་དེ་ནི་གཞན་ཤེས་རིག་གི་སྐྱེས་བུ་ལའང་ཡོད་པར་འགྱུར་ཏེ་ཡུལ་གྱི་ཟ་བ་པོ་ཡིན་པར་འདོད་པའི་ཕྱིར་རོ། །དེ་ལྟར་ན་སྐྱེས་བུ་ལ་གཟུང་ཡུལ་གྱི་འབྲས་བུའི་ཁྱད་པར་རིམ་བཞིན་སྐྱེ་བས་རྟག་པ་ཡིན་པ་ཉམས་པར་འགྱུར་རོ། །དེས་ན་ཆེན་པོའམ་བློ་དང་བདེ་བ་ཕན་ཚུན་རྒྱུ་འབྲས་སུ་འགྱུར་མི་འགྱུར་གྱི་ཚུལ་ཤེས་རིག་གི་སྐྱེས་བུ་ལའང་བསྐལ་པའི་བར་དུ་མཚུངས་སོ། །གསུམ་པ་བདེ་སོགས་སེམས་མེད་ཡིན་པ་མི་འཐད་པ་ལ། བདེ་སོགས་ཤེས་པ་ཡིན་པར་བསྒྲུབ། །དེ་ཡི་སྒྲུབ་བྱེད་མ་ངེས་སྤང་། །དང་པོ། གོམས་པ་ལས་འབྱུང་བ་དེ་ཕྱིར་བདེ་སོགས་དེ་ནི་ཕྱི་རོལ་མ་ཡིན་ཏེ་ནང་བློ་ཉིད་ཀྱི་ཆོས་ཡིན་པ་དང་། ནང་དུ་རྣམ་པར་ཤེས་པ་རང་གིས་དངོས་སུ་མྱང་བྱ་ཉིད་ཡིན་པའི་ཕྱིར་སེམས་ཡིན་ནོ། །དེ་ལ་ཁྱབ་པ་ཡོད་དེ། ཡུལ་གང་གི་རང་བཞིན་ཉམས་སུ་མྱོང་བ་མ་ཡིན་པ་དེ་ནི་དེ་ཡིས་མྱོང་བ་མ་ཡིན་ཏེ། དཔེར་ན་སྔོན་པོ་མྱོང་བས་སེར་པོ་མྱོང་བ་མ་ཡིན་པ་བཞིན་ནོ། །དེས་ན་བློས་མ་མྱོང་ན་ཕར་ཞོག་མྱོང་བ་ཡིན་ན་དེ་དང་དེའི་རང་བཞིན་ཇི་ལྟ་བུ་ཡིན་པ་ཉིད་མྱོང་གི་རང་བཞིན་བོར་ནས་མྱོང་ཚུལ་གཞན་མེད་དེ། ཚ་བ་བོར་ནས་མེ་མྱོང་མི་སྲིད་པ་བཞིན་ནོ། །དེས་ན་སྔོན་པོ་ཉམས་སུ་མྱོང་བ་ན་མྱོང་བ་ཉིད་ཤེས་པའི་ངོ་བོ་ཡིན་ཏེ་གལ་ཏེ་མིན་ན་མ་མྱོང་བར་འགྱུར་རོ། །དེས་ན་གསལ་ཞིང་རིག་པའི་ཚུལ་གྱིས་མྱོང་བ་དེ་ཤེས་པའི་རང་བཞིན་མ་ཡིན་པར་ཡུལ་གྱི་རང་བཞིན་ཡིན་ན་དེ་དང་ཤེས་པ་ལ་འབྲེལ་བ་ཅི་ཞིག་ཡོད། རུང་བ་ན་གནས་པའི་ཡུལ་དེ་རྗེན་ཅེར་དུ་མྱོང་ངོ་སྙམ་ན། ཡུལ་


MR20_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ན་གནས་པ་དང་ཡུལ་ཅན་དེ་འབྲེལ་ལ་བསྐལ་པའི་ཡུལ་དང་མི་འབྲེལ་བ་རྒྱུ་མཚན་གང་གིས་ཡིན་ཏེ། ཡུལ་ཅན་ཤེས་པ་ནི་རིག་པ་ཙམ་ཡིན་ལ་དེ་ལ་ཡུལ་གྱི་རང་བཞིན་མྱོང་བའི་རྣམ་པ་ནི་མེད་པར་འདོད་པས་ན་ཡུལ་ཉེ་བས་ཕན་འདོགས་པ་དང་བསྐལ་བས་ཕན་མི་འདོགས་པ་མེད་པས་ཡུལ་ད་ལྟ་བ་བཞིན་ཐམས་ཅད་ཅིག་ཅར་མངོན་དུ་འགྱུར་རོ། །བསྐལ་བ་རྣམས་མངོན་དུ་མི་འགྱུར་ན་རུང་བ་ན་གནས་པ་རྣམས་ཀྱང་དེ་བཞིན་མི་སྣང་བར་འགྱུར་ཏེ། བློ་ལ་བློ་ཡི་མྱོང་བ་ཞེས་པའི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་མྱོང་བ་ཡོད་ན་མྱོང་བ་དེ་ཉིད་དེ་དུས་ལས་སྔ་ཕྱིར་མེད་པའི་བློ་དེའི་ཁྱད་པར་ཡིན་པས་དེ་ཉིད་བློ་ཉིད་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་བློ་ལ་ཡུལ་དེའི་རྣམ་པ་ཤར་བ་ལ་མྱོང་བ་ཞེས་པ་དང་མ་ཤར་བ་མ་མྱོང་བ་ཡིན་པས་མྱོང་བ་ཡོད་པ་ན་བློ་ཉིད་ཀྱི་ངོ་བོར་ཉམས་སུ་མི་མྱོང་བར་མྱོང་ཚུལ་གཞན་མེད་དེ། བློ་ཉིད་ཀྱིས་མ་མྱོང་བ་ནི་གཏན་མ་ཤར་བ་དང་ཁྱད་མེད་པར་འགྱུར་རོ། །དེས་ན་གསལ་ཞིང་རིག་པར་མྱོང་བའི་རྟགས་ཀྱིས་སྣང་བ་སེམས་སུ་འགྲུབ་པ་ཡིན་ཏེ། ཚུལ་འདི་ལྟར་དབུ་མ་རྒྱན་དུའང་། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ། བདེ་ཤེས་མིན་ཀྱང་མྱོང་བའི་ལན། །དེ་ལ་གནོད་པ་སྟོན་པའོ། །དང་པོ། གལ་ཏེ་ཕྱི་རོལ་བདེ་སོགས་དེ་ཡི་རང་བཞིན་དངོས་མིན་པ་གང་ཞིག་ཡུལ་ཅན་མྱོང་བས་ནི་བློའམ་ཆེན་པོ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུ་ལ་གནས་པའི་གཟུགས་བརྙན་དེ་རིག་པ་ཡིན་ལ། དེ་ཡང་སྐྱེས་བུ་ལ་ཡུལ་གྱི་རྣམ་པ་ཤར་མི་དགོས་ཏེ་བློ་ལ་གནས་པའི་གཟུགས་བརྙན་རྣམ་མེད་རྗེན་ཅེར་དུ་འཛིན་ནོ། །དེ་ལྟ་ནའང་ཕྱི་རོལ་


MR20_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡུལ་དང་ནང་གི་མྱོང་བའམ་སྐྱེས་བུ་གཉིས་ཆ་མ་ཕྱེད་པར་ངས་མྱོང་ངོ་སྙམ་དུ་འཁྲུལ་བར་གྱུར་པ་ཡིན་གྱི་བདེ་སོགས་ཤེས་པའི་ངོ་བོར་མྱོང་བ་མ་ཡིན་ནོ་ཞེ་ན། གཉིས་པ་ལ། སྣང་རུང་མ་དམིགས་པ་ཡིས་བཀག །དེ་ལ་མ་ངེས་གཞན་ལན་དགག །རང་ལ་མཚུངས་པའི་རྩོད་པ་སྤང་། །དང་པོ། ཤེས་པས་ཡུལ་མྱོང་བ་ལ་མངོན་སུམ་དུ་མྱོང་བ་དང་། སྔར་མྱོང་བ་དྲན་པའི་རྣམ་པ་ཅན་གྱི་མྱོང་བ་སྟེ་རྟོག་མེད་དང་རྟོག་པའི་ཤེས་པས་མྱོང་ཚུལ་གཉིས་པོ་ལས་མ་གཏོགས་པའི་ཤེས་པ་དང་ཡུལ་གྱི་བར་ན་གནས་པ་འདི་འདྲའི་བློ་ཞེས་པ་ལ་བརྟེན་ནས་མྱོང་བ་གང་ཞིག་ཡིན་ཏེ། དེ་ཡོད་ན་ཉམས་སུ་མྱོང་བས་དམིགས་རིགས་པ་ལ་མངོན་རྗེས་ཀྱི་ཚད་མས་མ་དམིགས་པས་ཁེགས་སོ། །དབང་པོ་གཟུགས་ཅན་པ་བཞིན་དུ་བློ་མེད་ན་ཡུལ་མི་འཛིན་པའི་རྗེས་དཔག་མེད་དེ་བློ་ཉིད་ཀྱིས་འཛིན་པར་གྲུབ་པའི་ཕྱིར་རོ། །དེས་ན་ཡུལ་འཛིན་པ་ལ་དབང་ཡུལ་ཡིད་བྱེད་གསུམ་ལས་གཞན་པའི་བློ་ལ་སོགས་པ་ནི་མཚོན་དང་རྨའི་རྒྱུར་སྡོང་དུམ་འདོད་པ་དང་འདྲའོ། །ཡུལ་ཡིད་འོང་དེ་དང་ཡིད་མི་འོང་བ་དེ་ལྟ་བུའི་དོན་ལ་བརྟེན་ནས་སུ་ནང་གི་བློས་བདེ་བ་དང་སྡུག་བསྔལ་དང་སོགས་སྒྲས་བཏང་སྙོམས་རྣམས་མྱོང་བ་ན་བདེ་སོགས་དེ་དག་གི་མྱོང་བ་གཅིག་པུ་ཉིད་འབྱུང་བར་འགྱུར་བ་རང་རིག་པས་མཐོང་གི་ཡུལ་ཤེས་ཀྱི་བར་དུ་བློའམ་ཆེན་པོ་ཞེས་པ་གཞན་ལ་བརྟེན་ནས་མྱོང་བ་སྐྱེ་བ་ནི་ཚད་མས་མ་མཐོང་ངོ་། །གཉིས་པ། ཡུལ་བདེ་བ་དང་ཤེས་པ་ཐ་དད་ཀྱང་ཡུལ་འཛིན་པ་ན་ལྕགས་གོང་དང་ནི་མེ་འདྲེས་པ་བཞིན་དུ་བློ་དང་ཡུལ་འདྲེས་པས་བསླད་པའི་ཕྱིར་མྱོང་བའི་ངོར་རྣམ་དབྱེར་མེད་པར་སྣང་བ་ཙམ་དུ་ཟད་དོ་ཅེ་ན། དཔེ་


MR20_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་གྲུབ་སྟེ། ལྕགས་ཀྱི་རྒྱུན་གྱི་སྐད་ཅིག་ལ་ལྷན་ཅིག་བྱེད་པ་མེ་དང་ཕྲད་པའི་ཚེ་ཚ་རེག་དང་ལྡན་པའི་རྫས་ཀྱི་གོང་བུར་སྐྱེས་ཀྱི་སྐབས་དེ་ན་ཐ་དད་དུ་ཡོད་པ་མིན་ལ། དོན་ཡང་མི་འཐད་དེ། མྱོང་བ་མ་འཁྲུལ་པས་གཅིག་ཏུ་དམིགས་ཀྱང་དེར་མི་འགྲུབ་པ་དེ་ལྟ་ཡིན་ན་དངོས་པོ་ཀུན་ལ་ཡང་ཐ་དད་པར་བཞག་པ་དང་ཐ་དད་མིན་པ་གཅིག་ཏུ་བཞག་པ་ཉམས་པར་འགྱུར་རོ་ཞེས་དམ་བཅས་ནས། དེའི་དོན་སྒྲུབ་པ་ལ། འདི་ལྟར་བུམ་པ་གཅིག་ལ་བུམ་པའི་རྫས་གཅིག་གི་ངོ་བོར་ཐ་དད་མེད་པར་མྱོང་བ་བཞིན་ཡུལ་དེ་གཅིག་ཡིན་པར་གྲུབ་ན། དེ་ལྟར་མྱོང་བ་ལ་མ་འཁྲུལ་བས་གཅིག་ཏུ་དམིགས་པ་ཀུན་ཀྱང་གཅིག་ཏུ་འགྲུབ་ཀྱི་གང་འགྲུབ་པ་མིན་པར་འགྱུར་ཏེ་རྒྱུ་མཚན་འདྲ་བས་སོ། །གལ་ཏེ་གཅིག་ཏུ་དམིགས་ཀྱང་དེས་མི་འགྲུབ་པར་དོན་དེ་ཐ་དད་པ་ཅན་དུ་གྲུབ་ནས་གཅིག་ཏུ་སྣང་བ་འདི་དེ་ཡི་སྒྲུབ་བྱེད་མིན་ན་ནི། ཐ་དད་དུ་སྒྲུབ་བྱེད་ཐ་དད་དུ་དམིགས་པ་དེ་ཡང་འགྲུབ་པ་མ་ཡིན་ཏེ། ཐ་དད་དུ་དམིགས་ཀྱང་གཅིག་ཡིན་པ་མི་ཁེགས་པས་དེ་གཉིས་ལ་ཚད་མ་ཡོད་མེད་རྣམ་པ་ཀུན་ཏུ་མཚུངས་པར་འགྱུར་རོ། །དེས་ན་ཁྱོད་ཀྱིས་སྡུག་བསྔལ་དང་ཕྱི་དོན་དཀར་པོ་ལ་སོགས་པ་བློ་ལ་ཐ་དད་དུ་སྣང་ཡང་ཐ་དད་མ་ཡིན་པ་གཅིག་ཏུ་འདོད་ལ། བློ་དང་མྱོང་བ་ནི་ཐ་དད་མེད་པར་སྣང་ཡང་ཐ་དད་ཡིན་པར་འདོད་པ་དེ་ལྟར་ན་ཆོས་ཀུན་ལ་འདི་དག་ཐ་དད་པའོ་ཞེས་དང་འདི་ཐ་དད་མེད་པའོ་ཞེས་འཇོག་པའི་རྒྱུའམ་རྟེན་དུ་གྱུར་པ་ཅི་ཞིག་སྟེ། གཅིག་ཐ་དད་དུ་འཇོག་པ་ནི་བློ་མ་འཁྲུལ་པ་ལ་སྣང་བའི་སྒོ་ནས་འཇོག་དགོས་ན་བློ་ལ་སྣང་བས་དེ་མི་འགྲུབ་ན་གཞན་པའི་འཇོག་བྱེད་སྲིད་པ་གསུམ་ན་མི་རྙེད་པའི་ཕྱིར་རོ། །གསུམ་པ། སྐྱོན་དེ་ཁྱེད་རང་ལའང་མཚུངས་ཏེ་ཁྱོད་ཀྱིས་སེམས་གཅིག་ལའང་འཁོར་སེམས་བྱུང་དུ་མ་ཡོད་པར་འདོད་མོད་


MR20_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བློ་མ་འཁྲུལ་བའི་མྱོང་བ་ལ་གཙོ་སེམས་དང་འཁོར་ཐ་དད་དུ་མི་སྣང་བས་སོ་ཞེ་ན། དེ་མི་མཚུངས་ཏེ་སེམས་དང་སེམས་བྱུང་དུས་མཉམ་པའི་སེམས་དེའི་རྫས་སུ་ཐ་དད་མེད་ཀྱང་ལྡོག་པ་ཐ་དད་པའི་སྒོ་ནས་ཡིན་ཏེ། སེམས་གཅིག་ལའང་ཡུལ་ལ་གཡོ་བའི་སེམས་པ་བདེ་སོགས་མྱོང་བའི་ཚོར་བ་མཚན་མར་འཛིན་པའི་འདུ་ཤེས་སོགས་ཀྱི་ཆ་མེད་པ་མི་སྲིད་ལ། དེ་དག་ཐ་དད་པར་མྱོང་དགོས་པའང་མ་ཡིན་ནོ། །སེམས་ཀྱི་རྒྱུན་གྱི་དབང་དུ་བྱས་ནས་སེམས་བྱུང་སྣ་ཚོགས་སུ་བཞག་པ་ནི་དུས་གཅིག་ཏུ་ཐམས་ཅད་མེད་ཀྱང་རིམ་གྱིས་འབྱུང་བར་མངོན་སུམ་གྲུབ་ཏེ། འདི་ལྟར་དགེ་མི་དགེའི་སེམས་བྱུང་ལ་སོགས་པ་ལྟ་བུའོ། །དེས་ན་དུས་གཅིག་གི་ཚེ་བདེ་བ་ལྟ་བུའི་སེམས་བྱུང་གཅིག་ཆེས་གསལ་བས་གཞན་སོ་སོར་མི་སྣང་བར་བསྒྲིབས་པར་གྱུར་ན་ཡང་གཞན་མེད་པ་ནི་མ་ཡིན་ཏེ་ཉི་མས་རྒྱུ་སྐར་བཞིན་ནོ། །དེ་ཡོད་པར་ཅིས་ངེས་ན། སེམས་ཀྱི་ཁྱད་པར་ཏེ་མི་འདྲ་བའི་སེམས་བྱུང་དུ་མ་དག་ནི་སྐབས་ཅིག་ཅར་མངོན་དུ་མ་གྱུར་ཀྱང་སེམས་ཀྱི་རྒྱུན་དག་ལ་ཡུལ་དུས་འགའ་ཞིག་གི་ཚེ་ཐ་དད་པར་ནི་མཐོང་བ་འབྱུང་བའི་ཕྱིར་མཚན་མོའི་རྒྱུ་སྐར་བཞིན་ནོ། །དེས་ན་སེམས་བྱུང་མི་འདྲ་བ་ཐ་དད་པ་དུ་མ་ཡོད་པ་ཙམ་གྱི་རྣམ་གཞག་ནི་མྱོང་བས་གྲུབ་པ་ཡིན་གྱི་ནམ་ཡང་མ་དམིགས་པ་མིན་ནོ། །ཤེས་པ་དང་བདེ་བ་ནི་ནམ་ཡང་ཐ་དད་དུ་དམིགས་སུ་མེད་པས་སེམས་བྱུང་དུ་མ་དང་མི་འདྲའོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ། །རྣལ་འབྱོར་མངོན་སུམ་རང་བཞིན་བཤད། །དེ་དག་ལེགས་པར་བསྒྲུབ་པའོ། །དང་པོ། ཚད་མ་མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་གསུངས་པ་བཞིན་དུ། ཤེར་ཏིང་དང་ལྡན་པའི་རྣལ་འབྱོར་


MR20_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་པ་གང་ཞིག །སྔར་ལེའུ་གཉིས་པར་བཤད་པ་ལྟར་བདེན་པ་བཞི་པོ་དེ་དག་གི་རྣམ་པ་མངོན་སུམ་མཐོང་བའི་བློ་དེ་བསྒོམ་པ་ལས་བྱུང་བའི་རྣལ་འབྱོར་མངོན་སུམ་ཡིན་ཞེས་བྱ་སྟེ། གཞན་རྣལ་འབྱོར་པའི་རྒྱུད་ཀྱི་བློ་ཡིན་ཚད་ལ་རྣལ་འབྱོར་མངོན་སུམ་ཞེས་མི་བྱ་སྟེ་རྣལ་འབྱོར་བའི་རྒྱུད་ཀྱི་བློ་ཡིན་ཀྱང་མིག་ལ་སོགས་པའི་ཤེས་པ་ནི་དབང་པོའི་མངོན་སུམ་ཡིན་ནོ། །རྣལ་འབྱོར་མངོན་སུམ་དེའི་ཡུལ་དུ་དོན་གྱི་སྣང་བ་དེ་རྟོག་པའི་དྲ་བ་རྣམ་པར་བསལ་བའི་ཚུལ་གྱིས་སྣང་བས་ན་གསལ་བ་ཉིད་དུ་སྣང་བ་ཡིན་པས་མངོན་སུམ་ཡིན་ལ་སྒྲ་དོན་དང་མ་འདྲེས་པའི་རྟོག་མེད་ཀྱང་ཡིན་ནོ། །གཉིས་པ་ལ། གསལ་བར་སྣང་བ་འཐད་པའི་དཔེ། །གསལ་བར་སྣང་ན་རྟོག་མེད་ཡིན། །གོམས་ལས་གསལ་སྣང་འབྱུང་བར་བསྒྲུབ། །དང་པོ། ད་ལྟ་དབང་ཡུལ་ལ་མི་སྣང་བ་དེ་ནི་ཇི་ལྟར་གོམས་ཀྱང་རྟོག་མེད་ཀྱི་ཡུལ་དུ་གསལ་སྣང་འབྱུང་མི་རིགས་སྙམ་ན། དེ་ལྟར་མ་ཡིན་ཏེ་འདི་ལྟར་འདོད་པ་ཤིན་ཏུ་གོམས་པས་ཡིད་འཁྲུལ་པ་ན་ཡུལ་བུད་མེད་སོགས་དངོས་སུ་སྣང་བ་ལྟར་ཡད་ཡུད་དུ་འབྱུང་བ་དང་། འཇིགས་པ་གོམས་པས་སེམས་འཁྲུལ་བ་ན་སྦྲུལ་དང་འདྲེ་ལ་སོགས་པའི་གཟུགས་གསལ་པོར་སྣང་བ་དང་། བུ་ཤི་བའི་མྱ་ངན་གྱིས་རྒྱུད་བརླམས་པས་བུ་ཉིད་མཐོང་བ་ལ་སོགས་པ་སྟེ། བརླམས་པ་ནི་དེ་དག་གིས་རྒྱུད་བསླད་པ་སྟེ། ལྷ་དབང་བློའི་འགྲེལ་བཤད་ན། །འདོད་དང་མྱ་ངན་འཇིགས་སྨྱོ་དང་། །རྐུན་པོ་རྨི་སོགས་ཀྱིས་བསླད་པ། །ཞེས་བརླམས་པ་སྨྱོ་བའི་དོན་དུ་བཤད། དོན་དུ་འདོད་པའམ་མྱ་ངན་རྣམ་འཇིགས་པ་སྟེ་རྒྱུ་གསུམ་པོ་དེས་རྒྱུད་བརླམས་ནས་སྨྱོ་བར་གྱུར་པ་ན་ཡུལ་དེའི་གསལ་སྣང་འབྱུང་བ་བཞིན་ཞེས་སོ། །རྒྱུ་དེ་དག་དང་གཞན་ཡང་


MR20_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་པོ་འོང་ངམ་སྙམ་དུ་བློ་དོགས་པ་བཅས་བཞིན་གཉིད་པ་ན་གོམས་པ་དེས་འཕངས་བའི་རྨི་ལམ་དུ་རྐུན་པོ་རྨི་བ་དང་། སོགས་པའི་སྒྲས་མྱུར་བར་བསྐོར་བ་དང་འཆི་ལྟས་ལ་སོགས་ཀྱིས་ཤེས་པ་བསླད་པས་མདུན་ན་གནས་པ་བཞིན་དུ་ནི་དོན་ཡང་དག་པ་ཉིད་དུ་ཡོད་པ་མིན་པ་ཡང་གསལ་བར་སྣང་བ་མཐོང་བར་འགྱུར་བས་ན་གོམས་པ་ལས་གསལ་སྣང་འབྱུང་བ་འཐད་པ་ཡིན་ནོ། །གཉིས་པ་ལ། དངོས་དང་མ་ངེས་རྩོད་པ་སྤང་། །དང་པོ། དེ་འདྲའི་གསལ་སྣང་ཅན་གྱི་ཡུལ་དེ་ན་རྟོག་མེད་དུ་མཐོང་བ་ཡིན་ཏེ་བརྡ་དང་འདྲེས་སུ་མི་རུང་བ་ཡིན་ནོ། །གང་བརྡ་དང་འདྲེས་སུ་རུང་བའི་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་སྣང་ཡུལ་དེ་ནི་དོན་གསལ་བར་སྣང་བ་ཅན་མ་ཡིན་ལ། འདི་ནི་གསལ་བར་སྣང་བའི་ཕྱིར་རྟོག་མེད་དུ་གྲུབ་བོ། །གཉིས་པ། རྨི་ལམ་ནི་ཡུལ་མེད་པས་རྟོག་མེད་མ་ཡིན་ལ་རྟོག་པ་ཡིན་ཀྱང་གསལ་སྣང་ཅན་ཡིན་པས་རྟོག་པ་ལ་གསལ་སྣང་མེད་པར་མ་ངེས་སོ་སྙམ་ན། རྨི་ལམ་རྟོག་བཅས་མ་ཡིན་ཏེ་ཡིད་རྟོག་མེད་འཁྲུལ་ཤེས་ཡིན་ནོ། །དེ་ཡིན་པའི་རྒྱུ་མཚན་རྨི་ལམ་ན་ཡང་དེ་དུས་ཀྱི་རང་ཡུལ་གསལ་བར་སྣང་ལ། སྔར་གྱི་དངོས་པོ་དྲན་པ་དེ་ནི་མི་གསལ་བར་དྲན་གྱི་རང་དུས་ཀྱི་གསལ་སྣང་དེ་འདྲའི་དོན་དང་ལྡན་པ་མིན་པར་དྲན་པ་ཡིན་ནོ། །གསུམ་པ་ལ། གོམས་ལས་གསལ་སྣང་འབྱུང་ཚུལ་སྤྱི། །ཚད་མ་ཡིན་མིན་ཕྱེ་སྟེ་བཤད། །དང་པོ། མི་གཙང་བ་སྟེ་མི་སྡུག་པ་བསྒོམས་པ་དང་ཟད་པར་ས་ལ་སོགས་པའི་ཏིང་འཛིན་ཆེས་གོམས་པ་ན་དོན་དངོས་སུ་ཡང་དག་པར་ཡོད་པ་མིན་པ་ཡི་ཀེང་རུས་དང་། ཡུལ་མཐའ་དག་ས་ལ་སོགས་པར་སྣང་བའང་ཡུལ་ཕྱི་དོན་དུ་མེད་


MR20_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནང་གི་བསྒོམས་པ་ཡི་སྟོབས་ཀྱིས་སྤྲུལ་པ་གང་ཞིག་རྟོག་མེད་དང་། གསལ་བར་སྣང་བ་ཅན་དུ་མཐོང་ན་ཡུལ་དང་མཐུན་པར་ཡིད་ལ་བྱས་པ་ལ་གོམས་པ་རྫོགས་པའི་ཚེ་གསལ་སྣང་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །གོམས་ན་གསལ་སྣང་འབྱུང་བ་ཡིན་པ་དེ་ཕྱིར་མི་རྟག་སོགས་ཡང་དག་པ་དང་ཀེང་རུས་སོགས་ཡང་དག་མིན་པ་གང་དང་གང་ཤིན་ཏུ་བསྒོམས་པར་གྱུར་པ་དེ་དག་བསྒོམས་པ་ཡོངས་སུ་རྫོགས་པ་ན་བསྒོམ་བྱ་དེ་མངོན་དུ་གསལ་བར་སྣང་བ་ཡི་མི་རྟོག་པའམ་རྟོག་པ་མེད་པའི་བློ་འབྱུང་བའི་འབྲས་བུ་ཅན་ཡིན་ནོ། །གཉིས་པ། དེ་ལྟར་གོམས་པས་གསལ་སྣང་འབྱུང་བ་དེ་ལ་ཡང་གོམས་པ་ལས་གསལ་སྣང་བྱུང་བའི་བློ་ཡིན་ནོ་ཅོག་རྣལ་མངོན་ཚད་མ་མིན་ཏེ། ཚད་མ་གང་ཡིན་ན་སྔར་བཤད་པ་བདེན་བཞིའི་དངོས་པོ་མི་རྟག་པ་ལ་སོགས་པ་བཞིན་དུ་ཡུལ་གྱི་གནས་ཚུལ་དང་མཐུན་པར་སྣང་བའི་བསྒོམས་བྱུང་མངོན་སུམ་གང་ཞིག་དོན་ལ་བསླུ་བ་མེད་པ་ཅན་གང་ཡིན་པ་དེ་དག་བསྒོམས་པ་ལས་བྱུང་བའི་རྣལ་འབྱོར་མངོན་སུམ་ཚད་མར་འདོད་ལ། ལྷག་མ་མི་སྡུག་པའི་སྣང་ཡུལ་སོགས་ནི་གསལ་བར་སྣང་ཡང་ཚད་མ་མིན་ཏེ་རྣམ་པ་གཞན་དུ་ཡིད་ལ་བྱེད་པ་ཙམ་གྱིས་སྤྲུལ་པ་ཡིན་པས་ཉེ་བར་བསླད་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཕྱི་དོན་ལ་ལྟོས་ནས་ཡིན་གྱི་ཟད་པར་སོགས་འཁྲུལ་སྣང་ཡང་མ་ཡིན་ཏེ་རང་སྣང་ཙམ་དུ་ངེས་ཀྱི་ཡུལ་དེ་ཉིད་དུ་གྲུབ་པར་མི་འཛིན་པས་རང་རིག་གི་སྣང་ཡུལ་དུ་མ་འཁྲུལ་བའོ། །དེ་བཞིན་དུ་ཟླ་བ་གཉིས་སྣང་ཡང་དོན་ལ་ལྟོས་ནས་འཁྲུལ་གྱི་རང་རིག་གི་སྣང་ཡུལ་ཙམ་ལ་འཁྲུལ་པ་མིན་པ་བཞིན་ནོ། །གཉིས་པ་བྲལ་བྱ་རྟོག་པ་བསྟན་ཏེ་མངོན་སུམ་ཚད་མ་བཞི་པོའི་མཇུག་བསྡུ་བ་ནི། ཚད་མ་མདོ་ལས།


MR20_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེར་རྟོག་ཕྱིར། །ཞེས་གསུངས་པ་ལྟར། མངོན་སུམ་ལ་བྲལ་བར་བྱ་རྒྱུའི་རྟོག་པ་ནི་ཤེས་པ་གང་ཞིག་ཡུལ་གང་ལ་ལྟོས་ནས་དེ་ཡི་སྒྲ་དོན་འཛིན་པ་དེ་འདྲེས་རུང་ངམ་འདྲེས་འཛིན་དུ་གྱུར་པ་དེ་ནི་ཡུལ་དེ་ལ་ལྟོས་ནས་ཡུལ་དེར་རྟོག་པ་ཡི་བློ་ཞེས་བྱ་བ་ཡིན་གྱི། རྟོག་པ་རང་གི་ངོ་བོ་མྱོང་བ་གསལ་རིག་གི་ཆ་ནས་སྒྲ་དོན་འདྲེས་པ་མིན་ཏེ། དེ་དུས་ཀྱི་གཟུང་རྣམ་དེ་ཡང་ཤེས་པའི་རང་མཚན་ཡིན་ལ་འཛིན་རྣམ་ཡང་དེ་ལ་རྟོག་མེད་ཡིན་ཏེ་དེ་ལྟར་རང་རིག་པའི་མངོན་སུམ་རྟོག་མེད་དོ། །དེ་ཕྱིར་རང་རིག་གམ་ཤེས་པ་དེ་ཡི་ངོ་བོ་ལ་རྟོག་པ་དང་རྟོག་མེད་ཀྱི་ཡུལ་གང་སྣང་ཡང་ཐམས་ཅད་ཀུན་རང་རིག་པའི་མངོན་སུམ་དུ་འགྱུར་བས་རང་རིག་མངོན་སུམ་གྱིས་མ་བསྡུས་པའི་ཤེས་པ་གང་ཡང་མི་སྲིད་དོ། །གཉིས་པ་བཟློག་ཕྱོགས་ལྟར་སྣང་ལ། །དོན་གྱི་དབྱེ་བ་བཞི་རུ་བཤད། །མདོ་ལས་བདུན་སྨྲོས་དགོས་པ་བཤད། །དང་པོ། དེ་ཡང་མངོན་སུམ་ལྟར་སྣང་བཤད་པའི་སྐབས་འདིར། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་རྟོག་པ་དྲུག་དང་རྟོག་མེད་གཅིག་དང་བདུན་དུ་བཤད་དེ། འཁྲུལ་ཤེས་ནི་སྨིག་རྒྱུ་ལ་ཆུར་སྒྲོ་འདོགས་པ་ལྟ་བུའོ། །ཀུན་རྫོབ་ཤེས་པ་ནི་མཐོང་བའི་ཡུལ་དེ་ཉིད་ལ་མིང་དང་རིགས་སོགས་སྦྱར་ནས་རྟོག་པ་ཐམས་ཅད་དོ། །རྗེས་དཔག་ནི་རྟགས་འཛིན་གྱི་སེམས་སོ། །རྗེས་སུ་དཔག་པ་ལས་བྱུང་བ་ནི་རྟགས་ཅན་འཛིན་པའི་སེམས་སོ། །དྲན་པ་ནི་འདས་པ་ལ་རྟོག་པའོ། །མ་འོངས་པ་རྟོག་པ་ལ་


MR20_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་འདོད་ཅེས་བྱའོ། །དེ་དྲུག་ནི་རྟོག་པ་ཡིན་ནོ། །རབ་རིབ་ལ་སོགས་པས་རྟེན་དབང་པོ་ཉམས་པ་ལས་བྱུང་བའི་མེད་པ་གསལ་སྣང་རྣམས་ནི་མངོན་སུམ་ལྟར་སྣང་བ་དངོས་སོ། །དེ་དག་ཀྱང་སྐབས་འདིར་རྣམ་པ་བཞི་དག་ཏུ་སྡུད་དེ། འཁྲུལ་ཤེས་ལ་དོན་གཞན་དུ་སྒྲོ་འདོགས་པའི་ཤེས་པ་ཞེས་བྱ་ཞིང་། ཀུན་རྫོབ་ཤེས་པ་ལ་བརྡ་རྟེན་ཅན་གྱི་ཤེས་པ་ཞེས་བྱ་ལ། གཞན་བཞི་ལ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་ཤེས་པ་ཞེས་རྟོག་པའི་ཤེས་པ་རྣམ་པ་གསུམ་དང་། རྟོག་མེད་འཁྲུལ་ཤེས་ལ་རྟེན་བསླད་པ་ལས་བྱུང་བ་ཅན་གྱི་ཤེས་པ་ཞེས་བྱ་སྟེ་དེ་ལྟར་རྟོག་པ་མེད་པ་ནི་གཅིག་ཡིན་ནོ། །དེ་ཡང་རྟེན་དབང་པོ་ལ་འཁྲུལ་རྒྱུས་བསླད་པའི་དབང་གིས་ཡུལ་དེ་དག་སྣང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། རྟོག་པ་དྲུག་བཤད་དགོས་པ་དང་། །རྟོག་མེད་གཅིག་བཤད་དགོས་པའོ། །དང་པོ་ལ། དགོས་པ་དངོས་དང་དེའི་འཐད་པ། །དང་པོ། མངོན་སུམ་ལྟར་སྣང་དུ་རྟོག་པ་ཅི་ལ་སྟོན་སྙམ་ན། དབང་པོ་ལས་སྐྱེས་པའི་མངོན་སུམ་མིན་པར་གྲུབ་པའི་དོན་དུ་འཁྲུལ་ཤེས་དང་ཀུན་རྫོབ་ཤེས་པ་གཉིས་ཕྱེ་སྟེ་བཤད་པ་ཡིན་ལ། དེ་གཉིས་མངོན་སུམ་མིན་པར་སུས་ཀྱང་མི་འདོད་དམ་སྙམ་ན་མ་ཡིན་ཏེ། འདི་གཉིས་ལ་མངོན་སུམ་དུ་འཁྲུལ་པ་མཐོང་བའི་ཕྱིར་རོ། །འོ་ན་ཕྱི་མ་བཞི་ཅི་ལ་བཤད་སྙམ་ན། རྗེས་དཔག་སོགས་བཞི་ནི་རྟོག་པར་གྲུབ་ཟིན་ཀྱང་འདིར་བརྗོད་པ་ནི་སྔ་མ་གཉིས་པོ་ཉིད་རྟོག་པ་ཡིན་པར་བསྒྲུབ་པའི་དབང་བསྟན་པའི་ཕྱིར་རོ། །དེ་ཡང་དང་པོ་གཉིས་རྟགས་ལ་ལྟོས་པ་དང་ཕྱི་མ་གཉིས་མི་ལྟོས་པའི་ཆ་ནས་བསྟན་པ་ཡིན་ནོ། །གཉིས་པ་ལ། འཁྲུལ་བའི་རྒྱུ་མཚན་བཤད་པ་དང་། དེ་ཉིད་དཔེ་ལས་རྟོགས་ཚུལ་ལོ། །


MR20_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། བརྡ་རྟེན་ཅན་གྱི་རྟོག་པ་དང་དོན་གཞན་ལ་སྒྲོ༷་འདོགས་པའི་རྣམ་པར་རྟོག་པ་དག་ནི་མངོན་སུམ་མཐོང་བ་དང་ཉེར་འཇུག་སྟེ་ཉེ་བར་ལྷན་ཅིག་ཏུ་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར་རྟོག་རྟོག་མེད་ཀྱི་ཤན་མ་ཕྱེད་པ་འགའ་ཡི་ཚེ་དབང་ཤེས་སུ་འཁྲུལ་བའི་རྒྱུ་དེ་ཡིན་ནོ། །ཇི་ལྟར་ན་འབྱུང་བ་འདུས་པའི་རྣམ་པ་སྔོ་ཞིང་གཡོ་བ་སོགས་ཀྱི་སྨིག་རྒྱུ་མཐོང་བའི་ཚེ་སྔར་མཐོང་བའི་ཆུ་དང་རྣམ་པ་འདྲ་བས་ཆུའོ་སྙམ་དུ་དོན་གཞན་ཆུ་ཉིད་དུ་ཡིད་ཀྱིས་སྒྲོ་འདོགས་པ་ཡིན་ལ། དེའི་ཕྱིར་རིགས་པ་ཅན་པས་དབང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་ཐ་སྙད་དུ་བྱ་བ་མིན་པ་སྨྲོས་པས་ཟླ་གཉིས་སོགས་བཅད་ལ། དེས་སྨིག་རྒྱུ་ཆུར་འཛིན་མི་ཆོད་པས་མཚན་ཉིད་ཀྱི་ཟུར་དུ་འཁྲུལ་པ་མེད་པར་ཞེན་པའི་བདག་ཉིད་ཅེས་པས་དེ་གཅོད་པར་འདོད་པས་འཁྲུལ་ཤེས་དེ་དབང་སྐྱེས་སུ་འདོད་དོ། །གཞན་ཡང་བུམ་པ་མཐོང་བའི་ཚེ་བུམ་པ་ཉིད་དང་། འདེགས་པ་སོགས་བྱ་བ་དང་། སྔོ་སོགས་ཡོན་ཏན་གྱི་རྣམ་པར་དེ་དང་དེའོ་སྙམ་དུ་ལྡོག་ཆ་ནས་སྦྱར་ཏེ་འཛིན་པའི་རྟོག་པ་མངོན་སུམ་ལ་ཡོད་པར་སྨྲ་བ་ཕྱི་རོལ་པ་དག་གིས་སྤྱི་མངོན་སུམ་གྱི་ཡུལ་ཡིན་པ་དང་། རགས་པ་དང་རྒྱུན་གཅིག་ཏུ་རྟོག་པའི་བློས་ས་བོན་གྱི་རོའོ་སྙམ་པ་དང་འབྲས་བུའི་རྒྱུའོ་སྙམ་པ་སོགས་དོན་སྦྱོར་དང་མིང་སྦྱོར་གྱི་རྟོག་པ་མངོན་སུམ་ལ་ཡོད་པར་འདོད་པ་བཞིན་ནོ། །གཉིས་པ། ཇི་ལྟར་གཞལ་བྱའི་རང་མཚན་ལྐོག་ཏུ་གྱུར་པའི་དོན་ཅན་དྲན་པ་དང་ལ་སོགས་པས་མངོན་འདོད་དང་རྗེས་དཔག་དང་དེའི་འབྲས་བུར་བཅས་པའི་རྟོག་པ་བཞི་པོ་འདི་རང་ཡུལ་འཛིན་པ་བརྡ་ལ་ལྟོས་པའི་ངང་ཚུལ་ཅན་ཡིན་པས་མངོན་སུམ་གྱི་ཡུལ་དུ་གྱུར་པའི་དོན་རང་མཚན་ལ་འཛིན་པར་མི་བྱེད་པ་དེ་ལྟར་སྔར་ཉམས་སུ་མྱོང་བའི་བརྡ་དང་དེའི་དོན་དྲན་པ་མེད་པར་ནི་བུམ་པ་ལ་སོགས་པ་དག་ལ་སྤྱི་དང་ཡོན་


MR20_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་སོགས་སུ་ཤེས་པ་དང་། སྨིག་རྒྱུ་ལ་ཆུར་ཤེས་པ་སོགས་ཡོད་པ་མིན་པས་དེ་ཡང་ནི་རྟོག་པར་འགྱུར་གྱི་མངོན་སུམ་ཡིན་པ་ལས་ནི་ཡོངས་སུ་ཉམས་པར་འགྱུར་བ་ཤེས་པར་བྱེད་དོ། །གཉིས་པ་ལ། མདོ་ཡི་དགོངས་པ་རང་ལུགས་བཤད། །འགྲེལ་བྱེད་གཞན་གྱི་འདོད་པ་དགག །དང་པོ། མངོན་སུམ་སྟོན་པའི་སྐབས་འདིར་ནི་བཞི་པ་རྟོག་མེད་འཁྲུལ་ཤེས་ནི་དམིགས་བསལ་ཏེ། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་པ་ནི་མངོན་སུམ་དུ་གསལ་བར་སྣང་བ་ཅན་ཡིན་ཡང་ཡུལ་མེད་པའི་ཕྱིར་མངོན་སུམ་ཚད་མ་ལ་ལྟོས་ནས་མངོན་སུམ་ལྟར་སྣང་བར་འགྱུར་བས་ན་དེ་ནི་སྐབས་འདིར་བསྟན་བྱའི་གཙོ་བོ་ཡིན་ལ། དེའང་བདག་རྐྱེན་དབང་པོ་ཕྱི་དང་ནང་གི་འཁྲུལ་རྒྱུས་ཉེར་གནོད་ཅན་ལས་སྐྱེས་པ་ཡིན་པར་བརྗོད་དོ། །དེ་ལ་ཡང་རབ་རིབ་འབའ་ཞིག་ཙམ་མདོར་གསུངས་པ་ནི་ཉེར་གནོད་གཞན་ཡང་མཚོན་པར་བྱེད་པ་ཡི་སླད་དུ་ཡིན་ཏེ་འཁྲུལ་རྒྱུས་རྟེན་དབང་པོ་ལ་གནོད་པ་ཅན་མཐའ་དག་ཀྱང་སྡུད་པ་ཡིན་ནོ། །གཉིས་པ་ལ། ཕྱོགས་སྔའི་འདོད་བརྗོད་དེ་འགོག་པའོ། །དང་པོ། རབ་རིབ་ཀྱིས་བསླད་པའི་ཟླ་གཉིས་སྣང་བ་ལ་སོགས་པ་དེ་ཡང་ཡིད་ཀྱི་རྟོག་པ་ཡིན་ནོ་ཞེས་ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་གིས་ཟེར་ཏེ། དེ་དག་གིས་རྟོག་བྲལ་ཙམ་མངོན་སུམ་ཚད་མའི་མཚན་ཉིད་ཡིན་པར་བསམས་ནས་ཟླ་གཉིས་སོགས་རྟོག་བྲལ་སྒྲུབ་པའི་ལོག་པའི་དཔེ་ཡིན་ཏེ། མིག་གི་དབུས་ན་རབ་རིབ་གནས་པའི་ཟུར་གཉིས་སུ་རིམ་གྱིས་མཐོང་བ་ན་ཅིག་ཅར་དུ་ཡོད་པར་ཡིད་ཀྱིས་སྒྲོ་བཏགས་པ་ཡིན་ཏེ་ཐག་པ་ལ་སྦྲུལ་དུ་འཛིན་པ་བཞིན་ནོ་སྙམ་པའོ། །གཉིས་པ་དེ་དགག་པ་ལ། ཡིད་རྟོག་ཡིན་ལ་ལུང་རིགས་འགལ། །དེ་ཕྱིར་རྟོག་མེད་ཡིན་མཇུག་བསྡུ། །དང་པོ་ལ། ལུང་དང་རིགས་པར་འགལ་བ་གཉིས། །དང་པོ་ལ། དངོས་དང་ཉེས་སྤོང་ལན་


MR20_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པའོ། །དང་པོ། ཟླ་བ་གཉིས་སྣང་སོགས་ཡིད་རྟོག་ཏུ་འདོད་པ་སློབ་དཔོན་གྱི་དགོངས་པ་མིན་ཏེ། རྩོད་གྲུབ་ཀྱི་དམིགས་རྐྱེན་ལ་བརྟག་པའི་སྐབས་སུ་སྔོ་འཛིན་མ་འཁྲུལ་བའི་དབང་ཤེས་དང་། ཟླ་བ་གཉིས་སྣང་ལ་སོགས་པ་རྟོག་མེད་འཁྲུལ་བའི་བློའི་སྐབས་སུ་དབང་པོའང་རྒྱུ་ཡིན་པའི་ཕྱིར་དམིགས་པར་ཐལ་ལོ་ཞེས་བྱ་བའི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་འདི་དང་ནི་ཟླ་བ་གཉིས་སྣང་སོགས་ཡིད་རྟོག་ཏུ་འདོད་པ་དེ་དག་འགལ་ལོ། །དེའང་རྩོད་གྲུབ་མཁན་པོའི་བཞེད་པར་དབང་ཤེས་ཀྱི་དམིགས་རྐྱེན་ཕྱི་དོན་དངོས་ཡིན་པར་འདོད་པ་ལ་སློབ་དཔོན་གྱིས་ཕྱི་དོན་དེ་ཇི་ལྟར་སྣང་བ་ལས་དབང་ཤེས་སྐྱེའམ། དེ་ལས་གཞན་དུ་སྣང་། དང་པོ་ལྟར་ན། དེ་དག་གི་ལུགས་ལ་དབང་ཤེས་ལ་ཡུལ་ལྔ་རགས་པ་སྣང་བར་འདོད་པས་ན་རགས་པ་རྫས་སུ་མེད་པས་རང་འཛིན་སྣང་བ་སྐྱེད་པའི་རྐྱེན་དུ་མི་རུང་ལ། ཕྱི་དོན་དངོས་ནི་རགས་པར་མེད་ཀྱང་རྡུལ་ཕྲ་རབ་ཀྱི་རྫས་སུ་ཡོད་པས་རྒྱུ་རྡུལ་ཉིད་ཀྱི་སྟོབས་ལས་དམིགས་པ་ཡིན་ནོ་ཞེ་ན། དོན་རང་ཉིད་ལ་དབང་ཤེས་སྐྱེད་པའི་ནུས་པ་མེད་པར་རྒྱུ་ཡིན་པ་ཙམ་གྱིས་དམིགས་པ་ཡིན་ན་སྔོ་འཛིན་དང་ཟླ་གཉིས་སྣང་བའི་ཤེས་པ་ལའང་དབང་པོ་རྒྱུ་ཡིན་པའི་ཕྱིར་དེ་ཡང་དམིགས་རྐྱེན་དུ་འགྱུར་རོ་ཞེས་སྐྱོན་བརྗོད་པར་མཛད་པས་ན་སྔོ་འཛིན་བཞིན་དུ་ཟླ་བ་གཉིས་སྣང་སོགས་ཀྱང་དབང་པོ་ལས་སྐྱེས་པར་གསུངས་པ་འདིས་དབང་ཤེས་སུ་གྲུབ་པ་ཡིན་ནོ། །གཉིས་པ། གལ་ཏེ་དབང་པོའང་བརྒྱུད་པས་ཡིད་ཀྱི་རྒྱུ་ཡིན་ཏེ་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ཅན་ཡིན་པས་སྐྱོན་དེ་མེད་ཅེ་ན། བརྒྱུད་པའི་རྒྱུ་ཡིན་ཀྱང་དེ་སྟོན་པ་སྐབས་སུ་མ་བབས་ཏེ་རྩོད་གྲུབ་ཀྱི་དབང་པོའི་ཤེས་པའི་དམིགས་པའམ་སྤྱོད་ཡུལ་དག་དཔྱད་པ་ཡི་སྐབས་འདི་ལ་ཡིད་ཀྱི་ནི་རྒྱུ་གང་


MR20_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་བཤད་པ་སྐབས་སུ་བབས་པར་ཅི་ལྟར་འགྱུར་བ་ཡིན་ཏེ་འབྲེལ་བ་མེད་པས་དེ་བརྗོད་པར་མི་རིགས་སོ། །གཉིས་པ་ལ། དབང་ཤེས་ཡིན་ལ་སྒྲུབ་བྱེད་འགོད། །ཡིད་རྟོག་ཡིན་ལ་གནོད་བྱེད་སྟོན། །དང་པོ། ཚུལ་འདིས་དབང་ཤེས་སུ་འགྲུབ་པར་འགྱུར་རོ་སྙམ་དུ་ཐུགས་ལ་བཞག་ནས་དབང་པོའི་ཤེས་པ་གང་ཞིག་དབང་པོ་ལ་རྟེན་པའི་དོན་གང་ཡིན་ཞེས་འདྲི་བར་མཛད་པའོ། །ཕ་རོལ་པོ་ན་རེ། གལ་ཏེ་ཤེས་པ་གང་ཞིག་རང་གི་རྟེན་དབང་པོ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་ནོ་ཞེ་ན། དེ་ནི་ཟླ་གཉིས་སོགས་ལ་མཚུངས་པའི་ཕྱིར་དབང་ཤེས་སུ་འགྱུར་རོ། །གལ་ཏེ་རྟེན་དབང་པོ་གསལ་མི་གསལ་སོགས་སུ་འགྱུར་བས་ཤེས་པ་དེའང་དེ་ལྟར་འགྱུར་བ་དང་ལྡན་པ་དེ་དབང་པོ་ལ་རྟེན་པའི་དོན་ཡིན་ཞེ་ན། དེ་ཡང་ཟླ་བ་གཉིས་སྣང་ལ་སོགས་པ་འདི་ཉིད་ལ་ཡོད་ན་ཞེས་སམ། ཡང་ན་ཟླ་བ་གཉིས་སྣང་སོགས་ནི་དབང་པོ་རྣལ་མ་ལས་འགྱུར་བ་དང་ལྡན་པས་དབང་པོ་ལ་མི་རྟེན་ནོ་ཞེ་ན། དེ་ནི་འགྱུར་བའི་དབང་པོ་ལ་རྟེན་པ་འདི་ཉིད་ཀྱི་ངོ་བོར་འགྱུར་བས་ཅིའི་ཕྱིར་དབང་པོ་ལ་བརྟེན་ནས་སྐྱེས་པའི་ཤེས་པར་མི་འདོད་པར་དབང་ཤེས་མིན་ཞེས་འགོག་སྟེ་འགོག་པའི་རྒྱུ་མཚན་མེད་དོ། །གཉིས་པ་ལ། ཧ་ཅང་ཐལ་བ་མང་དུ་འཕེན། །ཐལ་བ་ཐ་མར་མ་ངེས་སྤང་། །དང་པོ། ཟླ་གཉིས་སོགས་སུ་སྣང་བ་འདི་རྟོག་མེད་དབང་ཤེས་འཁྲུལ་སྣང་མིན་པར་ཡིད་རྟོག་འཁྲུལ་བ་ཡིན་ན་ཟླ་གཉིས་དང་སྐྲ་ཤད་སོགས་ཀྱི་སྣང་བ་འདིར་ཡང་ཐག་པ་ལ་སྦྲུལ་སོགས་སུ་འཁྲུལ་པ་ལ་སོགས་པ་བཞིན་དུ་དབང་པོའི་འགྱུར་བ་ཡོད་ན་ཡང་ཡིད་མ་འཁྲུལ་བས་ཟླ་གཉིས་སོགས་མེད་པར་ངེས་ཙམ་གྱིས་དེའི་སྣང་བའང་ལྡོག་པར་འགྱུར་བར་ཐལ་ལ། ཡང་རྟེན་དབང་པོའི་བསླད་པ་རབ་རིབ་ལ་སོགས་པ་ནི་ལོག་ཀྱང་འདི་


MR20_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལ་མི་རྟེན་པར་བདག་ཏུ་རྟོག་པ་ལ་སོགས་པ་བཞིན་དུ་ཡིད་ཀྱིས་སྒྲོ་བཏགས་པས་ན་སྣང་བ་དེ་ལྡོག་པར་མི་འགྱུར་ཞིང་། སྦྲུལ་འཛིན་དེ་བཞིན་གང་ཟག་གཞན་གྱི་རྒྱུད་ལ་ནི་འདི་ན་ཟླ་གཉིས་དང་སྐྲ་ཤད་ལ་སོགས་པ་གང་ཡིན་པ་དེ་འདུག་གོ་ཞེས་བརྗོད་པ་དག་གིས་མིག་མི་གསལ་བ་དང་ཡིད་གཏད་པ་སོགས་རྐྱེན་ཚོགས་པ་འགའ་ཞིག་གི་ཚེ་སྣང་བ་དེ་འཇོག་པར་ཐལ་ཏེ། མུན་པ་ཚབ་ཚུབ་དང་སྦྲུལ་ཡོད་པའི་ཕྱོགས་སུ་དོགས་པ་ཟ་བ་ལ་འཁྱིལ་ལུགས་སོགས་འདྲ་བའི་ཐག་པ་བསྟན་ནས་སམ། མ་བསྟན་ཀྱང་འདི་ན་སྦྲུལ་འདུག་ཅེས་བརྗོད་པས་སྦྲུལ་འཛིན་སྐྱེ་བ་བཞིན་ནོ། །གཞན་ཡང་སྒྲོ་འདོགས་པ་ནི་སྔར་མཐོང་བ་ལ་ལྟོས་པས་ན་སྐྲ་ཤད་སོགས་ཀྱང་དེར་སྒྲོ་འདོགས་པ་ཡིན་ན་སྔར་སྐྲ་ཤད་སོགས་མཐོང་བ་དྲན་པ་ལ་ལྟོས་པར་འགྱུར་ཞིང་། སྔར་མ་མཐོང་བར་དུ་སྒྲོ་མི་འདོགས་ཀྱང་མིག་ལ་སྐྱོན་ཡོད་པ་ན་མིག་ཕྱེ་བ་ཙམ་གྱིས་དེ་སྣང་བ་ལས་སྔོན་མཐོང་བ་ལ་མི་ལྟོས་སོ། །གལ་ཏེ་ལྟོས་ན་ཐོག་མའི་སྐྲ་ཤད་ནམ་ཡང་མི་འཛིན་པར་ཐལ་བ་དང་། རྟོག་བཅས་འཁྲུལ་བ་ཡིན་ན་དེར་རྟོག་པ་ཙམ་ལས་མངོན་སུམ་དུ་ཡོངས་སུ་གསལ་བར་སྣང་བ་ཉིད་དུ་མི་འགྱུར་བར་ཐལ་ལོ། །གཉིས་པ་ནི། རྟོག་བཅས་ཡིན་ཡང་གསལ་སྣང་མེད་པར་མི་འགྱུར་ཏེ་རྨི་ལམ་བཞིན་ནོ་སྙམ་ན། རྨི་ལམ་གྱི་སྣང་བ་རྟོག་བཅས་ཀྱི་སྣང་བ་མ་ཡིན་ཏེ། གཉིད་ལོག་པའམ་སད་པ་ན་ཡང་ཡུལ་གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི་རྟོག་མེད་ཡིན་ལ། སད་རྨི་གཉིས་ཀར་ཡང་གསལ་པོར་སྣང་བ་དེ་ལྟ་མིན་ན་རྟོ༷ག་པ་ཡིན་ནོ། །གསུམ་པ་མཇུག་བསྡུ་ནི། སྣང་ཡུལ་མངོན་སུམ་ཡིན་པ་དེ་ཕྱིར་ཟླ་བ་གཉིས་སྣང་ལ་སོགས་དེ་རྟོག་པ་མེད་ན་ཡང་མངོན་སུམ་ཚད་མ་ཡིན་པ་ཉིད་ནི་བཀག་པ་སྟེ་འཇུག་ཡུལ་ལ་བསླུ་


MR20_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྣང་བ་ལྟར་ཐོབ་པར་མི་རུང་བའི་ཕྱིར་རོ། །རྟོག་བྲལ་དམིགས་ཀྱིས་བསལ་བ་དེ་དོན་དུའང་མངོན་སུམ་ལྟར་སྣང་ལ་རྟོག་རྟོག་མེད་གཉིས་སུ་ཕྱེ་ནས་བཤད་པས་འཁྲུལ་པ་ཟློག་པར་མཛད་པ་ཡིན་ནོ། །གཉིས་པ་ཚད་མའི་འབྲས་བུ་ལ། །ཚད་མའི་འབྲས་བུ་དོན་གཞན་མིན། །དེ་ཡི་སྒྲུབ་བྱེད་རྒྱས་པར་བརྗོད། །དང་པོ་ལ། སྣང་ཚུལ་ཚད་འབྲས་གཞལ་གསུམ་ཕྱེ། །གནས་ཚུལ་དོན་ལ་དབྱེ་བ་མེད། །དང་པོ་ལ། མ་བརྟགས་འཇིག་རྟེན་དང་མཐུན་སྤྱི། །བརྟགས་ནས་བསྟན་བཅོས་མཐུན་བྱེ་བྲག །དང་པོ་ལ། དགག་དང་གཞག་དང་རྩོད་སྤང་གསུམ། །དང་པོ་ལ། དོན་འདྲ་སྒྲུབ་བྱེད་ཚད་མར་བསྒྲུབ། །དེ་ཕྱིར་ཚད་འབྲས་གཅིག་པ་ཡིན། །དེ་ལ་མི་འཐད་རྩོད་པ་སྤང་། །དང་པོ་ལ། སྒྲུབ་བྱེད་ཉིད་འཇོག་འཐད་སྤྱི་སྟོན། །དེ་དག་བྱེ་བྲག་སྐབས་ལ་སྦྱར། །དེ་ལ་རྩོད་པ་སྤང་བའོ། །དང་པོ། ཚད་མའི་མདོ་ལས། བྱ་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཚད་མ་དང་འབྲས་བུ་འདི་དག་ཕྱི་རོལ་པ་རྣམས་ཀྱིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་འདོད་པ་ནམ་ཡང་མི་འཐད་ལ། རང་ལུགས་སུ་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཙམ་ཡིན་ཞིང་། དེ་ལའང་མ་བརྟགས་པར་འཇིག་རྟེན་གྲགས་པ་དང་མཐུན་པར་ཚད་འབྲས་གཞལ་གསུམ་བཞག་པ་དང་། དངོས་པོའི་གནས་ཚུལ་དང་མཐུན་པར་བརྟགས་ནས་བསྟན་བཅོས་ལྟར་དེ་གསུམ་བཞག་པ་གཉིས་ལས། དང་པོ་ནི། བྱ་བྱེད་ལས་གསུམ་གྱི་རང་བཞིན་ལས་དེ་གསུམ་དུ་འཇོག་སྟེ་རྟོགས་པར་བྱ་བའམ་ལས་སུ་བྱ་བ་ཡུལ་གཟུགས་སོགས་གཞལ་བྱ། རྟོགས་པར་བྱེད་པ་ནི་བློ་ལ་གཟུགས་སོགས་ཀྱི་རང་བཞིན་སྣང་བ་འཇལ་


MR20_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཚད་མ་སྟེ་འདི་ལ་སྐབས་འདིར་དོན་དང་འདྲ་བ་ཞེས་བྱའོ། །ཡུལ་ཅན་དེས་ཡུལ་རྟོགས་པའི་བྱ་བ་ལས་དོན་རྟོགས་ཞེས་བྱ་སྟེ་དེ་ནི་ཚད་མའི་འབྲས་བུའམ་འདི་ལྟར་ཚད་མའི་འབྲས་བུ་ནི་དོན་རྟོགས་པའོ་ཞེས་སྤྱིར་གྲགས་ཤིང་གྲུབ་པ་རང་ཡིན་ནོ། །དེ་ལྟ་ན་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་ལ། འདི་ལྟར་འཇིག་རྟེན་ན་བྱ་བ་གང་ཡང་རུང་བ་འགའ་ཞིག་དངོས་པོ་འདིས་སྒྲུབ་པར་བྱེད་ཅེས་ཏེ་སྒྲུབ་བྱེད་དུ་རྣམ་པར་འཇོག་པ་ནི་སྐབས་ཀྱི་ལས་དེ་དང་བྱེད་པོ་ཕན་ཚུན་ལྟོས་ནས་དེར་བརྟགས་ཀྱི་བྱེད་པོ་དེའི་ལས་སུ་བྱ་བ་ཀུན་སྐབས་དེའི་ལས་སུ་འཇོག་པ་མ་ཡིན་ལ། ལས་དེ་དག་ལ་མཁོ་བ་ཅན་གྱི་ནི་སྒྲུབ་བྱེད་དག་ཐམས་ཅད་ཀྱང་སྐབས་དེའི་བྱེད་པ་པོ་ཉིད་དུ་བཟུང་དགོས་པ་མ་ཡིན་ཏེ། སྐབས་དེའི་བྱེད་པོར་གྱུར་པ་གང་ལས་འབྲས་བུ་གང་ཞིག་བར་མ་ཆོད་པར་འབྱུང་བ་ཡིན་པའམ་རྣམ་འཇོག་གི་རྒྱུ་གང་ལས་རྣམ་པར་གཞག་བྱའི་འབྲས་བུ་གང་འགྲུབ་པ་ཡིན་པའི་ཆ་ནས་བྱེད་པ་དེ་ནི་ལས་སམ་འབྲས་བུ་དེ་ཡི་སྒྲུབ་བྱེད་དུ་འཇོག་པ་ཡིན་ཏེ་གཞན་དུ་རྣམ་གཞག་ཐམས་ཅད་འཆོལ་བར་འགྱུར་ཞིང་། གཞན་ཡང་བྱེད་པ་གཅིག་གིས་ལས་སུ་བྱ་བ་ཀུན་སྒྲུབ་ནུས་ན་ཐམས་ཅད་དུ་ཐམས་ཅད་འགྲུབ་པར་འགྱུར་ལ། ལས་སུ་བྱ་བ་གཅིག་ལ་སྒྲུབ་བྱེད་མཐའ་དག་དགོས་ན་གཅིག་ཀྱང་འགྲུབ་པར་མི་འགྱུར་རོ། །དེས་ན་རང་རང་གི་ངོས་སྐལ་གྱིས་ཕྱེ་བས་ཐུན་མོང་མིན་པའི་སྒྲུབ་བྱེད་དང་བསྒྲུབ་བྱ་དག་གི་ཐ་སྙད་བྱེད་པ་ཡིན་ནོ། །གཉིས་པ་ལ། དོན་འདྲ་བ་ལས་གཞལ་བྱ་རྟོགས། །དེ་ལས་གཞན་གྱིས་དེ་མི་ནུས། །དེས་ན་དེ་དག་སྒྲུབ་བྱེད་ཡིན། །དང་པོ། དེ་ལ་དོན་དང་འདྲ་བའི་ཤེས་པ་འདི་དོན་འདི་དང་འདི་ཞེས་འབྱེད་པའི་ཚད་མ་ཡིན་ཏེ་དེའང་ཇི་ལྟར་འདྲ་ན། དོན་དེ་འདི་ལྟ་བུའོ་ཞེས་ཤེས་པ་རང་གིས་ཉམས་སུ་


MR20_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་ཙམ་དུ་ནི་དོན་དང་འདྲ་བའི་བདག་ཉིད་ཅན་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ། །དེ་འདྲའི་ཤེས་པ་མ་འཁྲུལ་བ་དེ་ནི་ཡུལ་ཅན་གང་གི་ལས་སུ་བྱ་བའམ་གཞལ་བྱ་དག་ནི་མི་འདྲ་བ་སོ་སོ་ལ་འདི་དང་འདི་ལྟ་བུའོ་ཞེས་རྣམ་པར་འབྱེད་ཅིང་དེ་ལྟར་འཇོག་པར་བྱེད་པ་དེ་ཡི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་སྔོན་པོ་གཞལ་བྱ་སྔོ་འཛིན་མིག་ཤེས་ཚད་མ་ཡིན་པ་བཞིན་ནོ། །གཉིས་པ། བྱེ་བྲག་པ་སོགས་ནི་རྒྱུ་དབང་པོ་ལ་དོན་དང་ཕྲད་མ་ཕྲད་དང་གསལ་མི་གསལ་གྱི་ཁྱད་ཡོད་པའི་དབང་གིས་དོན་འབྱེད་པ་ཡིན་ནོ་ཞེས་ཟེར་ཡང་དེ་མ་ཡིན་ཏེ། ཡུལ་གང་དང་གང་ལ་དབང་པོ་ཕྲད་པ་ན་ཤེས་པ་ཡི་བདག་ཉིད་དམ་ངོ་བོ་ཡུལ་དེ་དང་དེའི་སྣང་བ་ཅན་དུ་འགྱུར་བ་མིན་ན་རྒྱུ་དབང་པོ་ལ་སོགས་པ་དག་ལ་འདྲ་མི་འདྲའི་ཐ་དད་ཡོད་དུ་ཟིན་ཀྱང་དེ་ཙམ་གྱིས་ཐ་དད་པ་ཉིད་ཀྱི་ལས་སམ་གཞལ་བྱ་ལ་ཐ་དད་པའི་རྣམ་འབྱེད་མི་ཐོབ་པའམ་མེད་པ་ཅན་རྒྱུ་འདི་ནི་དོན་སོ་སོར་འདི་དང་འདི་ཞེས་ཐ་དད་པར་ནི་ངེས་པར་བྱེད་པ་མིན་ཏེ་བློ་རང་ཉིད་མ་གཏོགས་པར་བློའི་རྒྱུ་ཙམ་གྱིས་ཐ་དད་བྱེད་པར་ནམ་ཡང་མི་ནུས་སོ། །གསུམ་པ། དོན་འདྲ་དེ་ལས་གཞན་དག་གིས་ཀྱང་དོན་དེ་འདིའོ་ཞེས་གཅོད་པའམ་འཇོག་པར་མི་ནུས་པ་དེ་ཕྱིར་ཤེས་སྣང་འདི་ཡི་བདག་ཉིད་ཐ་དད་པ་གང་ལས་ཤེས་པ་འདི་ནི་ཡུལ་འདིའི་དོན་རྟོགས་པའོ་ཞེས་བྱེད་པ་དོན་སྣང་ངམ་དོན་འདྲ་དེ་ཡི་ནི་ལས་སུ་བྱ་བའམ་གཞལ་བྱ་གང་ཡིན་པ་དེ་ངེས་ཏེ་རྟོགས་པར་འགྱུར་བས་ན། ལས་སུ་བྱ་བ་དེ་ཡི་སྒྲུབ་བྱེད་ཀྱི་ཚད་མ་ཡིན་པ་ཅན་དུ་གྲུབ་པ་ཡིན་ནོ། །དོན་དུ་སྣང་བ་འདི་ཉིད་དོན་དངོས་མ་ཡིན་ནམ་དོན་འདྲ་ཞེས་སུ་ཅི་ལ་བཏགས་སྙམ་ན། དོན་ཉེ་བ་ལས་ཤེས་པ་ལ་དེའི་སྣང་བ་སྔ་ན་མེད་པའི་ཁྱད་པར་སྐྱེས་པ་ནི་དོན་འཇལ་བྱེད་ཡིན་པས་ཤེས་པ་ཡིན་ལ། དོན་གྱི་རྣམ་པ་ཇི་ལྟ་བུར་བཟུང་བས་


MR20_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་འདྲ་ཞེས་བཏགས་ཏེ་དོན་དང་འདྲ་བ་ཙམ་གྱི་ཤེས་པ་སྐྱེས་པའང་མེད་ན་དོན་ཉེ་ཡང་རུང་ཤེས་པ་ལ་ཡུལ་གྱིས་ཁྱད་པར་ཅི་ཞིག་བྱས་ཏེ་ཅི་ཡང་མ་བྱས་པར་འགྱུར་ལ། དེ་ལྟ་ན་ཤེས་པ་དེ་ཡུལ་གྱི་འཇོག་བྱེད་དུའང་མི་རུང་སྟེ་སྔོ་འཛིན་མ་སྐྱེས་པར་ནི་ཡུལ་སྔོན་པོ་འདི་ནའོ་ཞེས་ཤེས་པར་མི་འགྱུར་རོ། །ཡུལ་རྗེན་ཅེར་བུ་འཛིན་ནོ་སྙམ་ན། དེ་ལྟར་འཛིན་དུ་ཆུག་ཀྱང་ཡུལ་བཟུང་ཞེས་པ་དེ་ཇི་ལྟར་བཟུང་བ་ཡིན། སྣང་ནས་འཛིན་ནོ་ཞེ་ན། སྣང་བ་དེ་ཡུལ་ཉིད་ཡིན་གྱི་ཤེས་པ་ལ་མེད་པ་ཡིན་ནམ་ཤེས་པ་ལའང་སྣང་བ་ཞེས་པའི་ཁྱད་པར་སྐྱེས་པ་ཞིག་ཡོད་པ་ཡིན། དང་པོ་ལྟར་ན། ཡུལ་ཉེ་བ་དང་བསྐལ་པའི་དོན་ཐམས་ཅད་ཅིག་ཅར་སྣང་བའམ་ཡང་ན་གཅིག་ཀྱང་སྣང་བར་མི་འགྱུར་ཏེ། ཡུལ་ཅན་ཤེས་པ་ནི་ཡུལ་དང་ཉེ་བའི་དབང་གིས་སྣང་བ་ཞེས་པའི་ཁྱད་པར་གང་ཡང་མ་སྐྱེས་པར་འདོད་པས་སོ། །གཉིས་པ་ལྟར་ན། ཤེས་པའི་ངོས་ན་ཡུལ་ཉེ་བའི་དབང་གིས་སྔ་ན་མེད་པའི་ཁྱད་པར་སྣང་བ་སྐྱེས་པ་དེ་ལ་དོན་འདྲ་ཞེས་བཏགས་པ་སྟེ། དོན་སྣང་དེའི་དབང་གིས་གང་སྣང་བའི་ཡུལ་དེ་ལ་བློ་དེ་ཚད་མར་འགྲོ་དགོས་པ་ཡིན་ནོ། །དེ་ལྟ་མིན་ན་བློ་ནི་ཡུལ་གང་ལའང་ཚད་མར་འགྱུར་བའི་ཐབས་གཏན་མེད་ལ། འགྱུར་ན་ནི་བློ་གཅིག་ཀྱང་ཐམས་ཅད་ཀྱི་ཚད་མར་འགྱུར་ཏེ། ཡུལ་གྱིས་བྱས་པའི་ཁྱད་པར་འདི་ལ་ཁས་མི་ལེན་པའི་ཕྱིར་རོ། །དེས་ན་དོན་འདྲ་ཞེས་པ་འདི་ལེགས་པར་དཔྱད་ན་གཟུང་རྣམ་ལས་འོས་མེད་ཀྱང་འདིར་དེ་འདྲའི་དཔྱད་པ་ཞིབ་མོ་མ་བཅུག་པར་དོན་དང་རྗེས་སུ་མཐུན་པའི་བློ་སྐྱེ་བ་ཙམ་ལ་དོན་འདྲ་ཞེས་བཏགས་པ་སྟེ་དེ་ཙམ་ནི་ཕྱི་ནང་སུས་ཀྱང་ཐུན་མོང་དུ་ཁས་མི་ལེན་པའི་འོས་མེད་དོ། །གསུམ་པ་དོན་འདྲ་སྒྲུབ་བྱེད་དུ་བཞག་པ་དེ་ལ་རྩོད་སྤང་ནི། ཡུལ་གཞལ་བ་ལ་དོན་འདྲ་ཉིད་


MR20_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་མ་ཡིན་ཏེ་དོན་དང་འདྲ་བའི་ཤེས་པ་ཉིད་ཀྱང་དབང་པོ་གསལ་མི་གསལ་སོགས་ཀྱི་སྒོ་ནས་ཐ་དད་དུ་འགྱུར་བས་གཞན་དབང་ཅན་ཡིན་པའི་ཕྱིར་དབང་པོ་ཉིད་ཡུལ་གཞལ་བ་ལ་གཙོ་བོ་ཡིན་ཞིང་དེས་ན་དོན་རྟོགས་པའི་སྒྲུབ་བྱེད་ཅིས་མ་ཡིན་ཞེ་ན་དབང་པོ་གསལ་མི་གསལ་དང་རྟེན་བསླད་མ་བསླད་ཡུལ་ཉེ་རིང་ཡིད་བྱེད་གོམས་པ་ཤས་ཆེ་ཆུང་སོགས་ཀྱི་རྣམ་པ་འགས་དེ་ལས་སྐྱེས་པའི་ཤེས་པའི་རང་བཞིན་ནི་གསལ་མི་གསལ་སོགས་ཐ་དད་པར་ནི་བྱེད་ན་ཡང་ཐ་དད་པར་བྱས་པ་དེ་ཙམ་གྱིས་ཐ་དད་པར་བྱེད་པའི་རྒྱུ་དབང་པོ་ལ་སོགས་པ་དོན་དང་གཞལ་བྱ་འཇལ་བྱེད་དུ་འབྲེལ་བ་མ་ཡིན་ཏེ། གསལ་བའམ་མི་གསལ་བའི་ཤེས་པ་འདི་ནི་ལས་སུ་བྱ་བ་སྣང་ཡུལ་གྱི་དོན་དང་འབྲེལ་བར་བྱེད་པ་ནི་གསལ་བའམ་མི་གསལ་བར་སྣང་བའི་དོན་གྱི་ངོ་བོ་ལས་གཞན་མིན་པའི་ཕྱིར་བློ་དེ་ཡུལ་དེའི་རྟོགས་བྱེད་དུ་གྲུབ་སྟེ། མིག་གསལ་བ་ལ་སྔོ་སེར་གཉིས་ཀ་ཡང་གསལ་བར་སྣང་མི་གསལ་བ་ལ་གཉིས་ཀའང་མི་གསལ་བར་སྣང་ཡང་། རང་ཡུལ་ལ་རང་བློ་ཇི་ལྟར་གྱུར་བ་དེ་རྟོགས་བྱེད་དུ་འགྲོ་ཡི་དབང་པོའི་ཁྱད་པར་ཡོད་ཀྱང་དབང་པོ་རང་ཉིད་ཀྱིས་ཡུལ་ནམ་ཡང་གཅོད་མི་ནུས་པའི་ཕྱིར་ཏེ། མགར་བ་མཁས་མི་མཁས་ཡོད་ཀྱང་དེས་བྱས་པའི་གྲིས་ཤིང་གཅོད་པ་བཞིན་ནོ། །དེས་ན་ཡུལ་འཇལ་བར་བྱེད་པའི་གཙོ་བོ་ཤེས་པ་ཡིན་གྱི་དེའི་རྒྱུ་དབང་པོ་ལ་སོགས་པ་མིན་ནོ། །གཉིས་པ་ཚད་མ་དང་འབྲས་བུ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་འདོད་པ་ནི། དོན་འདྲ་ཚད་མར་འཐད་པ་དེ་ཕྱིར་བྱེད་པ་དོན་འདྲ་དེ་ལ་གཞལ་བྱ་རྟོགས་པ་ཡི་བྱ་བ་ཡོད་པའི་ཆ་ནས་དེ་ཉིད་ཚད་འབྲས་སུ་འཇོག་པ་ཡིན་ལ། དེ་ལ་གཞལ་བྱ་རྟོགས་པའི་བྱ་བ་ཡོད་པའི་སྒྲུབ་བྱེད་ནི་གཞལ་བྱའི་རང་བཞིན་ཉིད་བློ་ལ་མངོན་དུ་སྣང་བ་འདི་ཙམ་ཡིན་ནོ། །


MR20_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་འཛིན་འདིས་ཡུལ་སྔོན་པོ་རྟོགས་པའི་བྱ་བ་ཇི་ལྟར་བྱས་ཞེས་དྲི་བ་ན། འདིས་ཇི་ལྟར་བཅད་པ་ལྟར་གཞལ་བྱ་སྔོན་པོ་ཐོབ་པ་ཉིད་ཀྱི་ཆ་ནས་ཡུལ་ཅན་འདི་ལ་ཡུལ་རྟོགས་པའི་བྱ་བ་ཡོད་པར་གྲུབ་སྟེ། སྟ་རེ་འདི་ལ་ཤིང་གཅོད་པའི་བྱ་བ་ཡོད་དོ་སྙམ་པ་ལ། ཤིང་ཆོད་པར་སྣང་བ་ཉིད་ལས་གཞན་སྒྲུབ་བྱེད་བཙལ་ཀྱང་མི་རྙེད་པ་བཞིན་ནོ། །དེས་ན་འཇིག་རྟེན་ཐ་སྙད་ཀྱི་བྱ་བྱེད་དེ་ནི་དོན་འདྲ་འདི་ལའང་ཡོད་དེ་བསྙོན་དུ་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཡུལ་སྣང་བ་ཉིད་ཀྱིས་ཡུལ་ཅན་ལ་དེ་རྟོགས་པའི་བྱ་བ་ཡོད་པར་མ་གྲུབ་པར་བྱ་བ་དེ་སྒྲུབ་པར་བྱེད་པ་གཞན་ཞིག་ཡོད་དགོས་པ་ཡིན་ན། འཇལ་བྱེད་ཤེས་པ་དེ་ནི་དེ་ཡི་གཞལ་བྱའམ་ལས་སུ་བྱ་བ་སྔོ་སོགས་དོན་དེ་དང་ནི་ནམ་ཡང་འབྲེལ་པ་མི་འགྲུབ་སྟེ། དེ་འཇལ་གྱི་ཤེས་པ་ཉིད་ལ་ཡུལ་དེ་རྟོགས་པའི་བྱ་བ་མེད་པའི་ཕྱིར་དབང་པོ་ལ་སོགས་པ་བཞིན་ནོ། །ཤེས་པ་ཉིད་ཀྱིས་ཡུལ་རྟོགས་པའི་བྱ་བ་མི་བྱེད་ཕན་ཆད་ཡུལ་རྟོགས་པའི་སྒྲུབ་བྱེད་གཞན་སྲིད་པ་གསུམ་ན་རྙེད་པར་མི་འགྲུབ་བོ། །ཇི་ལྟར་བྱེད་པོ་སྟ་རེ་ལས་ཐ་དད་པར་འཕར་བ་དང་འབབ་པའི་བྱ་བ་ཐ་དད་དུ་མ་མཐོང་ངམ་སྙམ་ན། སྟ་རེ་དང་ཤིང་ཕྲད་ནས་ཆོད་པའི་བྱ་བ་ནི་སྟ་རེ་ཉིད་ལས་གཞན་དུ་མེད་དེ། ཡོད་ན་སྟ་རེས་ཤིང་མི་གཅོད་པར་ཐ་དད་པའི་བྱ་བ་དེས་གཅོད་པར་འགྱུར་ནའང་དེ་འདྲ་སྣང་རུང་མ་དམིགས་པས་ཁེགས་ཤིང་། ནམ་མཁར་འཕར་བའི་སྟ་རེ་སྐད་ཅིག་མ་དེ་ཤིང་དང་མ་ཕྲད་པས་མི་གཅོད་ལ་འཕར་བ་དང་འབབ་པར་སྣང་བ་ནི་ཡུལ་ཐ་དད་པའི་སྟ་རེའི་སྐད་ཅིག་མངོན་སུམ་དམིགས་པར་ཟད་ཀྱི་སྟ་རེ་ལས་ཐ་དད་པའི་བྱ་བ་དམིགས་པའང་མ་ཡིན་ཏེ་རྒྱུན་ལས་བཏགས་པར་ཟད་དོ། །དེས་ན་ནམ་མཁར་ཕྱར་བ་སོགས་བརྒྱུད་པའི་རྒྱུ་ཡིན་ཀྱང་ཤིང་གཅོད་པའི་སྒྲུབ་བྱེད་དངོས་ནི་ཤིང་དང་ཕྲད་པའི་སྐད་ཅིག་


MR20_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གཞན་མ་ཡིན་ནོ། །དེ་ལྟར་ན་དོན་འདྲའམ་དོན་སྣང་གི་ཤེས་པ་དེ་ཡང་ཚད་མའི་འབྲས་བུ་དོན་རྟོགས་པ་དེ་ཡི་བདག་ཉིད་ཡིན་པ་དེས་ན་ཚད་མའི་འབྲས་བུ་ནི་ཚད་མ་ཉིད་ལས་དོན་གཞན་དུ་གྱུར་པ་མིན་ནོ། །འདི་སྐབས་དོན་གྱི་ངོ་བོ་ཞེས་པ་དང་གཞལ་བྱའི་རང་བཞིན་ཞེས་པ་དོན་འདྲ་ལ་བྱས་ཏེ་དེ་དང་དོན་རྟོགས་གཉིས་སྒྲུབ་བྱེད་དང་བསྒྲུབ་བྱར་བཤད་པ་མང་ཡང་། དོན་ལ་གཞལ་བྱའམ་དོན་གྱི་ངོ་བོར་སྣང་བའི་ཤེས་པ་དོན་འདྲ་ཡིན་ཀྱང་། འདིར་བློ་ཡུལ་གྱི་དོན་དེ་ཉིད་ལ་མ་བརྟགས་པར་ཡུལ་ཉིད་དུ་ཞེན་པ་ལྟར་གྱིས་བསྒྲུབ་པ་ཡིན་པས་ཤིན་ཏུ་ཕྲ་བའི་གནད་འདི་ན་གསལ་པོར་བཀྲལ་བ་ཡིན་ནོ། །གསུམ་པ་ཚད་འབྲས་གཅིག་པ་དེ་ལ་རྩོད་སྤང་ནི། དོན་འདྲ་ཉིད་ལ་རང་ལས་ཐ་དད་པའི་བྱ་བ་གཞན་མེད་ན་བྱེད་པོ་ཉིད་དུའང་མི་འཐད་ལ། གལ་ཏེ་རྒྱུ་འབྲས་སུ་འཐད་ན་བསྐྱེད་བྱ་སྐྱེད་བྱེད་དུ་འགྱུར་བས་གཅིག་ཡིན་པ་ཉམས་སོ་ཞེ་ན། འདི་གཉིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཐ་དད་པ་མ་ཡིན་ལ་རྣམ་པར་བཞག་འཇོག་གི་བྱེད་པོ་དང་བྱ་བ་ལྟར་མངོན་པའི་ཆ་ནས་རྒྱུ་འབྲས་ཀྱི་རྣམ་གཞག་རུང་སྟེ། འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་དེ་ལྟར་རིགས་པ་ཡིན་ནོ། །ཇི་ལྟར་ཞེ་ན། དོན་གཟུགས་སོགས་དེ་ཡི་བདག་ཉིད་རང་ཡུལ་དུ་བྱས་ནས་འཛིན་པའི་ཤེས་པ་དོན་འདྲ་དེ་ནི་གཞལ་བྱའི་དོན་དེ་རྟོགས་པ་ཡི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་བྱ་བ་བྱེད་པར་བསྙོན་མེད་དུ་གྲུབ་པས་ན། ཚད་མ་རང་གི་ལས་སུ་བྱ་བ་གཞལ་བྱ་དེ་ལ་ནི་དེ་རྟོགས་པའི་བྱ་བ་བྱེད་པ་དང་བཅས་པ་ལྟ་བུར་སྣང་བས་ན་དེ་ཡུལ་རྟོགས་པའི་བྱེད་པོའང་ཡིན་ལ་ཡུལ་རྟོགས་པའི་བྱ་བའང་བྱས་པ་ལྟ་བུར་སྣང་གི་ཡང་དག་པར་དཔྱད་ན་དོན་དང་འདྲ་བའི་བདག་ཉིད་དེ་རང་ཉིད་སྐྱེས་པ་ཙམ་དུ་ཟད་ཀྱི་གཞན་ལ་བྱ་བ་གང་ཡང་བྱེད་པའི་བྱེད་པ་པོ་མིན་


MR20_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གཞལ་བྱ་གཟུགས་སོགས་ལའང་དེས་ཅི་ཡང་མ་བྱས་ཏེ་དུས་མཉམ་པ་ལ་ཕན་གདགས་བྱ་མེད་པས་བྱ་བ་མི་བྱེད་ལ་མི་མཉམ་པ་ལས་སུ་བྱ་བའི་ཡུལ་དུ་མེད་དོ། །དེ་བཞིན་དུ་རང་གི་འབྲས་བུར་བཞག་པ་དེ་ལའང་བྱ་བ་མི་བྱེད་དེ་བྱེད་པོ་དང་བྱ་བའི་ཐ་དད་དུ་མེད་པས་སོ། །དེ་ནི་འདི་ཙམ་དུ་མ་ཟད་རྒྱུ་འབྲས་ཐམས་ཅད་ལའང་མཚུངས་ཏེ་ཆོས་ཐམས་ཅད་བྱེད་པ་པོ་མེད་པ་ཡིན་ནོ། །འོན་ཀྱང་རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་ལ་བྱ་བྱེད་ལས་གསུམ་དུ་སྒྲོ་བཏགས་ཤིང་བསྐྱེད་བྱ་སྐྱེད་བྱེད་ཀྱང་རྒྱུན་ལས་བཏགས་པ་ཙམ་སྟེ་འབྲས་བུའི་དུས་ན་ས་བོན་འགགས་པ་ལ་བྱེད་པ་པོར་བཏགས་པའམ་ས་བོན་གྱི་དུས་ན་མྱུ་གུ་མ་སྐྱེས་པ་ལ་ལས་སུ་བྱ་བར་བཏགས་པ་ཙམ་ཡིན་ནོ། །དཔྱད་པའི་ཚེ་དེ་ལྟར་བྱེད་པོར་མ་གྲུབ་ན་ཡང་རྣམ་པར་བཞག་འཇོག་གི་ཐ་སྙད་ལས་འདི་ལྟར་གཞལ་བྱ་རྟོགས་པའི་བྱ་བ་བྱེད་པར་སྣང་བ་དེ་ཡི་དབང་གིས་བྱེད་པོ་དང་བྱ་བ་དེར་བཞག་པའི་ཕྱིར་དོན་དང་འདྲ་བ་བྱེད་པ་པོ་ཚད་མ་ཡིན་ལ། དོན་རྟོགས་པའི་བྱ་བ་འབྲས་བུའོ་ཞེས་བརྗོད་པ་མི་འགལ་ཏེ། དཔེར་ན་འབྲས་བུ་ནི་རང་གི་རྒྱུ་རྣམས་ཀྱི་བདག་ཉིད་དང་འདྲ་བར་འབྱུང་བའི་ཕྱིར་འབྲས་བུ་ཉིད་དུ་གྲུབ་པ་ཙམ་ལས་འབྲས་བུ་དེ་ལ་རྒྱུའི་གཟུགས་དངོས་སུ་འཛིན་པའི་བྱ་བ་ད་ལྟ་ལྡན་པ་ཉིད་མ་ཡིན་ཡང་འཇིག་རྟེན་ན་འབྲས་བུ་དེས་རྒྱུ་ཡི་གཟུགས་འཛིན་ནོ་ཞེས་བྱ་བ་ལྡན་པ་ལྟ་བུར་བརྗོད་པའི་ཐ་སྙད་སྐྱོན་མེད་པ་ཡོད་དེ། དཔེར་ན་བུས་ཕའི་གཟུགས་བཟུང་ངོ་ཞེས་བརྗོད་པའི་ཚེ་ལས་སུ་བྱ་བ་ཕའི་གཟུགས་བྱེད་པ་པོ་བུས་འཛིན་པའི་བྱ་བ་ད་ལྟ་བ་གསུམ་ཐ་དད་དུ་མེད་ཀྱང་འདོགས་པ་བཞིན་ནོ། །གཉིས་པ་གཞན་ལུགས་དགག་པ་ལ། །སྤྱིར་བཀག་པ་དང་སོ་སོར་དགག །དང་པོ། དོན་འདྲ་ལས་གཞན་ཚད་མར་མི་འཐད་ཅིང་ཚད་མ་དང་འབྲས་བུ་ཐ་དད་དུ་མི་འཐད་


MR20_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཕྱིར་དཔྱོད་པ་པ་དག་གིས་དོན་ལ་ལྟ་བའམ་མཐོང་བའི་ཤེས་པ་ནི་རྣམ་པར་འཇོག་བྱེད་ཀྱི་ཚད་མ། དེ་ལས་སྐྱེས་པའི་ཕྱིར་སྤྱི་སོགས་རྟོགས་པ་ཚད་མའི་འབྲས་བུར་འདོད་པ་དང་། རྒྱལ་དཔོག་པས་དབང་པོ་གཟུགས་ཅན་ཚད་མ། དེ་ལས་སྐྱེས་པའི་གཟུགས་སོགས་རྟོགས་པ་ཚད་འབྲས། རིགས་པ་ཅན་པས་དབང་དོན་འབྲེལ་བའམ་འཕྲད་པ་ཚད་མ། དེ་ལས་སྐྱེས་པའི་གཟུགས་སོགས་རྟོགས་པ་ཚད་འབྲས། ཞེས་དང་། གཞན་ཡང་། སྤྱི་དང་ཡོན་ཏན་སོགས་ཁྱད་པར་འཛིན་པའི་བློ་ཚད་མ། དེས་བསྐྱེད་པའི་ཁྱད་པར་ཅན་གྱི་རྫས་འཛིན་པ་ཚད་མའི་འབྲས་བུའོ་ཞེས་འདོད་པ་དེ་དག་གིས་ཚད་མའི་མཚན་ཉིད་རྣམ་པར་མ་ཤེས་པ་སྟེ། འདི་ལྟར་དོན་མཐོང་བ་ཞེས་དང་དབང་པོ་དང་དབང་དོན་འབྲེལ་བ་དང་ཁྱད་པར་གྱི་ནི་བློ་དེ་དག་ནི་ཚད་མའི་བྱ་བའམ་འབྲས་བུ་དོན་རྟོགས་ལ་ནི་ཆོད་པ་སྟེ་སྔ་ཕྱིར་གྱུར་པར་འདོད་པའི་ཕྱིར་མཐོང་བ་ལ་སོགས་པ་རང་དུས་ན་དོན་རྟོགས་པ་མེད་པར་འདོད་པས་ན་གང་གཞལ་བྱ་མ་རྟོགས་པ་དེ་ནི་ཚད་མ་ཉིད་དུ་མི་འདོད་དེ། དེས་གཞལ་བྱ་གང་དུའང་མ་བཅད་པའི་ཕྱིར་འཇལ་བྱེད་དུ་མི་རུང་སྟེ། བསྐལ་བའི་དོན་ལ་ཐ་མལ་བའི་བློ་བཞིན་དུ་འགྱུར་བར་ཟད་དོ། །གལ་ཏེ་དེ་དུས་ཡུལ་མ་རྟོགས་ཀྱང་རྒྱུ་འདི་དག་གི་སྒོ་ནས་རྟོགས་པར་བྱེད་པའི་ཕྱིར་ཚད་མར་འཐད་དོ་སྙམ་ན། དེ་ལྟར་མ་ཡིན་ཏེ་གཞལ་བྱའི་དོན་རྟོགས་པའི་བྱ་བ་བྱེད་པ་དེ་ལ་ནི་ཕན་འདོགས་པར་བྱེད་པ་རྣམས་ཐམས་ཅད་བྱ་བ་དེའི་དོན་དུ་ཉེ་བར་སྦྱོར་ན་ཡང་རྒྱུ་ཙམ་གྱིས་དོན་རྟོགས་པའི་བྱ་བ་དེ་མི་ནུས་ཀྱང་། རྒྱུ་ཚོགས་པ་ཐ་མའི་མཐར་སྐྱེས་པའི་བློ་གང་ཞིག་དངོས་སུ་ཡུལ་དེའི་ངོ་བོ་མ་འདྲེས་པའམ་གཞན་ལས་ཐ་དད་པར་བྱེད་ནུས་པ་གང་ཡིན་པ་དེ་ནི། ཡུལ་དེ་ཡོད་མེད་ཡིན་མིན་དུ་འཇོག་པ་ཡི་སྒྲུབ་བྱེད་དམ་དོན་རྟོགས་པའི་བྱ་བ་དེ་ཡི་སྒྲུབ་བྱེད་དམ་པ་སྟེ་སྒྲུབ་བྱེད་ཡང་དག་པར་འདོད་པ་ཡིན་གྱི་དེའི་


MR20_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་རྒྱུ་མཐའ་དག་ཡུལ་ཇི་བཞིན་གཞལ་བའི་ཚད་མར་ཁས་ལེན་པ་དོན་མེད་དེ། བཀྲེས་པ་སེལ་བའི་ཕྱིར་འབྲས་ཟ་བ་ལ་ས་བོན་གྱི་ཕྱི་མོ་ཚོལ་བ་དང་མུན་པ་སེལ་ཕྱིར་མར་མེ་སྦར་བ་ལ་སྣུམ་དང་སྡོང་བུ་སོགས་ཀྱི་འབྱུང་ཁུངས་དཔྱད་པ་བཞིན་ནོ། །གཉིས་པ་ལ། དབང་པོ་ཚད་མ་ཡིན་པ་དགག །ཁྱད་པར་ཤེས་པ་ཚད་ཡིན་དགག །དབང་དོན་འབྲེལ་བའི་ཚད་མ་དགག །དང་པོ། འདི་ལྟར་དབང་པོ་གཟུགས་ཅན་པ་རྣམས་ནི་རང་འབྲས་ཤེས་པ་ཀུན་གྱི་མཚུངས་པ་སྟེ་ཐུན་མོང་གི་རྒྱུ་ཙམ་ཡིན་བའི་ཕྱིར། དོན་འདྲ་ལ་དོན་སོ་སོར་རྟོགས་པའི་བྱ་བ་ཡོད་པ་འདི་འདྲ་བ་དབང་པོ་རྣམས་ལ་ཡུལ་འཇལ་བྱེད་ཀྱི་ཚད་མའི་བྱ་བ་ཡོད་པ་མིན་ཏེ། འདི་ལྟར་མིག་དབང་ནི་སྔོ་འཛིན་དང་སེར་འཛིན་སོགས་ཐམས་ཅད་ཀྱི་རྒྱུ་ཙམ་ཡིན་གྱི་རང་གི་ངོ་བོ་ཙམ་ལ་ཡུལ་སོ་སོར་འབྱེད་པའི་ནུས་པ་གང་ཡང་མེད་དོ། །ཁོ་ན་རེ། དབང་པོ་ཡང་ཐ་དད་པ་མེད་པ་མ་ཡིན་ཏེ་ཡུལ་སོ་སོ་དང་ཕྲད་པའི་སྐབས་ཀྱི་དབང་པོ་དེ་ཡུལ་དེའི་རྟོགས་བྱེད་ཡིན་ལ། དེར་མ་ཟད་དབང་པོ་གསལ་མི་གསལ་སོགས་ཀྱི་ཁྱད་པར་ཡང་ཐ་དད་དུ་ཡོད་པས་སོ་ཞེ་ན། དེ་འདྲའི་རྟེན་གྱི་དབང་པོ་ཐ་དད་དུ་ཡོད་ཀྱང་དབང་པོ་རང་ཉིད་ལ་ཡུལ་འབྱེད་པའི་ནུས་པ་མེད་ལ། དོན་འདྲ་ལས་ཐ་དད་དུ་རྟོགས་པ་མེད་ན་སྔོ་སེར་སོགས་ཐ་དད་དུ་འདི་དང་འདིའོ་ཞེས་སམ། ཡུལ་འདིའི་ཡུལ་ཅན་ཚད་མ་ནི་འདིའོ་ཞེས་བྱ་བ་དེ་རྒྱུ་མཚན་གང་ལས་ཡིན་ཏེ་ཅུང་ཟད་ཀྱང་བཞག་པར་མི་ནུས་སོ། །དེས་ན་དོན་འདྲའི་ཤེས་པ་དེ་ཡོད་ན་དེ་ལྟར་དམིགས་ཕྱེད་ནུས་ཀྱི་གཞན་དུ་བསྐལ་པར་བསམ་ཀྱང་ཚད་མ་དང་དེའི་ཡུལ་གྱི་འབྲེལ་བ་བྱ་མི་ནུས་ཏེ་ལོང་བ་བརྒྱུད་པ་འབའ་ཞིག་ཏུ་ཟད་དོ། །རིགས་པ་འདིའི་ནི་ལྷག་མ་ལྟ་བ་སོགས་ཚད་མར་འདོད་པའང་ཚུལ་དེ་དང་འདྲ་བར་བཤད་པ་ཡིན་ཏེ། བྱེ་བྲག་པ་སོགས་ཡུལ་ལྟ་བའི་ཤེས་པ་ཚད་མ། དེ་ལས་


MR20_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོགས་ཀྱིས་ཁྱད་པར་དུ་བྱས་པའི་དངོས་པོ་ངེས་པ་ཚད་མའི་འབྲས་བུ། དེ་ལས་ཞེན་པ། དེ་ལས་ཡུལ་ལེན་པ་ལ་འཇུག་པ། དེ་ལས་ཡུལ་ཐོབ་པ། དེ་ལས་འདོད་པ་གྲུབ་པའི་བདེ་བ་མྱོང་བའི་བར་རིམ་བཞིན་སྔ་མ་སྔ་མ་ཚད་མ་དང་། དེ་ལ་ལྟོས་ནས་ཕྱི་མ་ཕྱི་མ་འབྲས་བུའོ་ཞེས་ཟེར་བ་ཀུན་ཀྱང་ཚད་མ་རང་ཉིད་ལ་བྱ་བ་མེད་པའི་ཕྱིར་རྒྱུ་ཙམ་གྱིས་གཞལ་བྱ་གཅོད་པར་མི་ནུས་ལ། དོན་འདྲ་ཉིད་ལས་ཡུལ་ཡོངས་སུ་གཅོད་པའི་བྱ་བ་བྱེད་པའི་ཕྱིར་ཚད་མའི་ཡུལ་གཅིག་ལ་ཚད་མ་དུ་མས་ཡང་ཡང་བཅད་དུ་མེད་ལ། དོན་འདྲ་མེད་པར་ནི་གང་གིས་ཀྱང་མི་ནུས་པའི་ཕྱིར་རྣམ་བཞག་དེ་ལྟ་བུ་འབྲས་མེད་ཀྱི་ངལ་བ་ལོང་བས་ལོང་བ་ཁྲིད་པའི་དཔེ་བཞིན་ནོ། །གཉིས་པ་ལ། བཀག་དང་རང་ལ་མི་མཚུངས་པའོ། །དང་པོ། དོན་འདྲ་མ་གཏོགས་པར་ཁྱད་ཆོས་དང་ཁྱད་པར་ཅན་འཛིན་པ་ཚད་མ་དང་འབྲས་བུར་འཇོག་པ་མི་འཐད་དེ། ཡུལ་གཞལ་བྱ་གང་ཡིན་པ་དེ་ཡི་དངོས་པོར་སྣང་བ་ཅན་གྱི་བློ་དོན་འདྲ་ཞེས་པ་དེ་མེད་ན་ཁྱད་པར་སྔོ་སོགས་འཛིན་པ་ཅན་གྱི་བློ་ཞེས་པ་དེ་ཡང་འདི་དང་འདི་ལྟ་བུའོ་ཞེས་ཐ་དད་པར་དམིགས་ཕྱེད་པ་མེད་པར་འགྱུར་ཏེ། མིག་འཛུམས་ནས་མདུན་གྱི་བུམ་པའི་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་འཛིན་པར་འདོད་པ་བཞིན་ནོ། །བློ་གཞན་ཁྱད་པར་ཅན་འཛིན་པ་དག་ཀྱང་དེ་བཞིན་དུ་ཡིན་ཏེ། དོན་འདྲ་མེད་ན་ཁྱད་པར་ཅན་ཅི་ལྟ་བུ་ཡིན་པའང་ཤེས་པར་མི་ནུས་པ་ཡིན་ནོ། །དོན་འདྲ་ཡོད་ན་ནི་དོན་དེ་ཉིད་སྣང་བའི་ཤེས་པ་དེས་ཡུལ་དེ་གཞལ་བྱའི་བྱ་བ་བྱེད་པས་ན་ཁྱད་པར་དང་ཁྱད་ཅན་འཛིན་པ་སོ་སོར་ཕྱེ་བ་དོན་མེད་དོ། །གཞན་ཡང་དོན་རྟོགས་པའི་བྱ་བ་དང་ནི་དེའི་སྒྲུབ་བྱེད་ཚད་མ་གཉིས་གཞལ་བྱའི་ཡུལ་ཐ་དད་པའང་ཁྱོད་མི་འདོད་པའང་ཡིན་ལ། ཐ་དད་དུ་འཐད་པའང་མ་ཡིན་ཏེ་ཁྱད་པར་ཁོ་ན་འཛིན་ན་བུམ་པ་མ་བཟུང་བར་དེའི་དབྱིབས་དང་ཁ་དོག་


MR20_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དང་། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་འཛིན་ན་དབྱིབས་དང་ཁ་དོག་སོགས་ཀྱིས་སྟོང་བའི་བུམ་པ་འཛིན་དགོས་ནའང་དེ་འདྲ་རྣམ་པ་ཀུན་ཏུ་མི་སྲིད་པར་ཟད་དོ། །དེ་ལྟར་ཁྱད་པར་དང་ཁྱད་ཅན་འཛིན་པའི་ཡུལ་ཐ་དད་མིན་པར་གྲུབ་ཅིང་འདོད་པས་ན་དེ་གཉིས་ཀྱི་གཞལ་བྱ་དོན་གཅིག་ཡིན་ནོ་ཞེ་ན། སྔ་ཕྱི་གཉིས་སུ་འཛིན་པ་དོན་མེད་དེ་དང་པོར་འཛིན་པའི་དུས་སུའང་ཡུལ་རྟོགས་པའི་ཕྱིར་རོ། །དེར་མ་ཟད་ཡུལ་གཅིག་པོ་དེ་འཛིན་པའི་ངོ་གཉིས་སྔ་ཕྱི་རིམ་བཞིན་འགྱུར་བའང་མེད་པར་འགྱུར་ཏེ། ཚད་མ་སྔ་མས་ཡུལ་རྟོགས་ཟིན་པས་ན་ཡང་བསྣན་ནས་ཅི་ཞིག་རྟོགས་ཏེ། བཏགས་ཟིན་བཏགས་པ་དང་གྲུབ་ཟིན་སྒྲུབ་པའི་དཔེ་བཞིན་ཕྱི་མ་ལ་ལས་སུ་བྱ་བ་མེད་པའི་ཕྱིར་འབྱུང་དོན་མེད་དེ། འབྱུང་ན་ཤིང་བཅད་ཟིན་ལ་སྟ་རེས་སླར་ཡང་གཅོད་དགོས་པའི་ཐུག་པ་མེད་པར་འགྱུར་རོ། །ཐ་དད་པའི་བློ་གཉིས་ཡང་ནས་ཡང་དུ་སྐྱེ་བའང་མི་རིགས་ཏེ་ཡུལ་གཅིག་པུ་དེས་རང་ལ་དམིགས་པའི་བློ་དུ་མ་བསྐྱེད་ན་ཅིག་ཅར་བསྐྱེད་པར་འགྱུར་ཏེ། རྒྱུ་ལ་ཁྱད་མེད་པའི་ཕྱིར་རིམ་ཅན་དུ་བསྐྱེད་པའི་དོན་གང་ཡང་མེད་དོ། །ཉེས་པ་དེར་དོགས་ནས་ཁྱད་པར་དང་ཁྱད་པར་ཅན་འཛིན་པའི་བློ་གཉིས་ནི་ཅིག་ཅར་འབྱུང་བར་འགྱུར་བ་འདོད་ན། དུས་མཉམ་པའི་ཕྱིར་རྒྱུ་དང་འབྲས་བུའམ་བསྒྲུབ་བྱ་སྒྲུབ་བྱེད་ཡིན་པ་ཉིད་མེད་པར་འགྱུར་ཏེ་ཕན་འདོགས་པ་མི་སྲིད་པས་སོ། །གཉིས་པ་དུས་མཉམ་པའི་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་རུང་ན་ཁྱོད་ལའང་མཚུངས་ཏེ་ཁྱོད་ཀྱིས་ཚད་མ་དང་འབྲས་བུ་སྔ་ཕྱིར་ཡོད་པར་མི་འདོད་པས་སོ་ཞེ་ན། མི་མཚུངས་ཏེ། ངེད་ཀྱི་ལུགས་ལ་ཚད་མ་དང་འབྲས་བུ་དེ་ནི་ཡུལ་འཇལ་བ་དང་དོན་རྟོགས་པའི་བྱ་བྱེད་ཀྱི་རྣམ་གཞག་ལ་བརྟེན་ནས་ནི་ལྡོག་པའི་ཆ་དག་ལས་བསྒྲུབ་བྱ་སྒྲུབ་བྱེད་དུ་བཞག་པ་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་ཁས་མི་ལེན་པའི་ཕྱིར་


MR20_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གསུམ་པ་ལ། ཐལ་བ་འགོད་དང་དེའི་ལན་དགག །དང་པོ། དབང་དོན་འབྲེལ་བ་ཙམ་ཚད་མར་འདོད་པ་རིགས་པ་ཅན་པ་ན་རེ། ཁོ་བོ་ཅག་གི་ལུགས་ལ་འབྲེལ་བ་རྣམ་པ་དྲུག་ཡོད་དེ། སྦྱོར་བའི་འབྲེལ་བ་དང་། སྦྱོར་བར་འདུ་བ་དང་། སྦྱོར་བའི་འདུ་བར་འདུ་བ་དང་། འདུ་བའི་འབྲེལ་བ་དང་། འདུ་བར་འདུ་བའི་འབྲེལ་བ་དང་། སྦྱོར་བ་དང་ཁྱད་པར་ཁྱད་པར་ཅན་གྱི་འབྲེལ་བའོ། །དེ་དག་རིམ་བཞིན་མིག་གི་དབང་པོ་སོགས་དང་དོན་ཕྲད་པ་དང་། བུམ་པ་རང་གི་ཆོས་གཟུགས་སོགས་འདུ་བ་དང་། བུམ་པའི་གཟུགས་ལ་བུམ་པའི་གཟུགས་ཉིད་དང་། རྣ་བ་དང་སྒྲ་འདུ་བ་དང་སྒྲ་ལ་སྒྲ་ཉིད་འདུ་བ་དང་། མིག་དབང་ས་ཕྱོགས་དང་འབྲེལ་བའི་ཚེ་ཕྱོགས་དེར་བུམ་པ་མེད་པ་ཁྱད་པར་གྱི་ཆོས་སུ་འབྲེལ་བ་ལྟ་བུར་འདོད་དོ། །ཉིད་ཀྱི་སྒྲ་སྦྱར་བ་རྣམས་དེ་དག་གི་སྤྱི་ལ་གོ་བར་བྱའོ། །དེས་ན་དབང་དོན་མ་ཕྲད་པ་ན་ཤེས་པ་ཡུལ་དེའི་འཇལ་བྱེད་དུ་མི་འཇུག་པ་ལ་ཕྲད་ནས་འཇུག་པའི་ཕྱིར་དབང་དོན་སྦྱོར་བ་ཉིད་ཚད་མའོ་ཞེས་ཟེར། དེ་ལ་དོན་འདྲ་ལས་དོན་རྟོགས་པ་མིན་པར་འབྲེལ་བའི་དབང་གིས་ཡིན་ན་མིག་དབང་བུམ་གཟུགས་དང་འབྲེལ་བ་ན་བུམ་པའི་རེག་བྱ་དང་སྤྱི་ལ་སོགས་པ་ཀུན་ཀྱང་དེར་འབྲེལ་ནས་ཡོད་པའི་ཕྱིར། བུམ་འཛིན་མིག་ཤེས་ལ་བུམ་པའི་ཆོས་ཇི་སྙེད་པ་བདག་ཉིད་ཀུན་གྱིས་འབྲེལ་བ་ཡིན་དགོས་ན་ཡང་མིག་ཤེས་དེས་བུམ་པའི་གཟུགས་ཁོ་ན་འཛིན་པ་ལྟ་བུའི་ཆོས་འགའ་ཞིག་ནི་དམིགས་བསལ་ཏེ་རྟོགས་པར་འགྱུར་བའི་ངེས་པ་དེར་ནི་མི་འགྱུར་ཏེ། འབྲེལ་བའི་དབང་གིས་ཡུལ་འཇལ་བར་ཁས་བླངས་ལ་འབྲེལ་བ་ལ་ནི་བྱེ་བྲག་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་འབྲེལ་བ་དེ་ལ་ཐ་དད་པ་མེད་ཀྱང་རྒྱུ་མཚན་གང་ལས་བུམ་པའི་གཟུགས་ནི་འདི་ལྟ་བུ་རེག་བྱ་ནི་འདི་ལྟ་བུའོ་ཞེས་དོན་གྱི་ཆོས་ཐ་དད་པར་རྟོགས་པ་དོན་འདྲ་དེ་ཡུལ་བུམ་པ་འདིའི་རྟོགས་བྱེད་


MR20_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ཉིད་ཡིན་གྱི་འབྲེལ་བས་ནི་དེ་རྟོག་པའི་དོན་གང་ཡང་བྱེད་མི་ནུས་ཏེ་དབང་པོའི་སྐབས་སུ་དཔྱད་པ་བཞིན་ནོ། །གཉིས་པ། དེ་ལྟར་སྦྱོར་འབྲེལ་གྲུབ་པའི་ཚེ་བུམ་པ་ལ་ཁྱད་པར་གྱི་ཆོས་ཇི་སྙེད་པ་འབྲེལ་དུ་ཟིན་ཀྱང་ཐམས་ཅད་བློ་གཅིག་གིས་ཡུལ་དུ་མི་བྱེད་དེ་བློའི་ཡུལ་སོ་སོར་ངེས་པ་ནི། བདག་གི་ཡོན་ཏན་དུ་གྱུར་པ་བློ་གོམས་པ་འདུས་བྱས་པ་ཞེས་བྱ་བ་ལས་ནི་ཡུལ་སོ་སོ་ལ་ངེས་པར་བྱེད་པ་སྟེ་ནང་གི་ཡིད་བྱེད་བཞིན་ནོ་ཞེ་ན། དེ་འཐད་པ་མིན་ཏེ་དོན་འདྲ་དེའི་དངོས་པོ་མེད་ན་འདུས་བྱས་པ་ལས་ཡུལ་སོ་སོར་ངེས་ཞེས་པ་དེ་ཡང་གཞག་ཏུ་མེད་པའི་ཕྱིར་ཏེ། དོན་འདྲ་མེད་ཀྱང་འདུས་བྱས་ལས་སོ་སོར་ངེས་ན་དོན་དང་འདྲ་བའི་བློ་མ་སྐྱེས་པའི་སྔོན་ནས་ཀྱང་ཡུལ་སོ་སོ་ངེས་པར་འགྱུར་བ་ཡོད་དགོས་ཀྱང་། ཡུལ་གྱི་རྗེས་སུ་ཞུགས་པའི་བློ་མེད་པའི་སྔོན་དུ་ཡུལ་ངེས་པ་ནི་ལོང་བས་གར་གྱི་ལྟད་མོ་མཐོང་ཞེས་པའི་དཔེ་དང་འདྲ་བར་ཟད་དོ། །དོན་འདྲ་ཡོད་ན་ནི་དེས་ཡུལ་སོ་སོར་རྣམ་པར་འབྱེད་པའི་ཕྱིར་བདག་གི་ཡོན་ཏན་འདུས་བྱས་དེའི་རྒྱུར་བརྟགས་པ་དོན་མེད་དེ། མིག་ལྡན་གྱིས་གཟུགས་ལྟ་བ་ལ་ལག་ན་ཐོགས་པའི་དབྱུག་པ་འདིས་གཟུགས་སོ་སོར་མཐོང་བར་བྱས་ཞེས་པ་བཞིན་ནོ། །གསུམ་པ་རྩ་བའི་རྩོད་སྤང་ནི། གལ་ཏེ་ཁྱེད་ལྟར་ན་བྱ་བ་དོན་རྟོགས་དང་བྱེད་པ་དོན་འདྲ་གཉིས་བློ་གཅིག་ཡིན་པས་ཚད་མ་དང་འབྲས་བུ་གཅིག་པར་འདོད་པ་འགལ་ལོ་ཞེ་ན། སྨྲ་བ་དེ་མི་བདེན་ཏེ། ཐ་སྙད་དུའང་ཐ་དད་མེད་པའི་གཅིག་ཡིན་ཞེའམ། དོན་དམ་པར་ཐ་དད་མེད་པས་འགལ་ཞེས་ཟེར། དང་པོ་ལྟར་ན་གཅིག་པར་མ་གྲུབ་སྟེ་བྱ་བ་དང་བྱེད་པའི་ལྡོག་པའི་ཆོས་ཐ་དད་བ་ཉིད་དུ་ཁས་ལེན་པའི་ཕྱིར། གཉིས་པ་ལྟར་ན་དོན་ནམ་ངོ་བོ་ལ་དངོས་སུ་ཐ་དད་མེད་པར་འདོད་དེ་དོན་མ་ནོར་བར་འཇལ་བའི་བློ་དེ་ལས་ཚད་མ་དང་འབྲས་བུ་ཞེས་བྱ་བ་ཐ་དད་དུ་མ་གྲུབ་


MR20_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ལྟར་ཐ་སྙད་དང་དོན་དམ་པའི་དབང་དུ་བྱས་ཏེ་རྣམ་པར་འཇོག་པ་དེ་འཐད་དེ། འདི་ཙམ་དུ་མ་ཟད་འཇིག་རྟེན་ན་ཡོངས་སུ་གྲགས་པའི་བྱ་བ་དང་བྱེད་པའི་ཐ་སྙད་དག་ཇི་སྙེད་ཡོད་པ་ཐམས་ཅད་བཤད་མ་ཐག་པ་དེ་ལྟར་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ། །ཕ་རོལ་པོ་ན་རེ། བྱ་བྱེད་ཐམས་ཅད་དེ་ལྟར་གནས་པ་མ་ཡིན་ཏེ། སྟ་རེ་སོགས་ལས་བྱ་བ་ཐ་དད་དུ་དམིགས་པ་དང་། ས་བོན་གྱི་བྱ་བ་འབྲས་བུས་རྟོགས་པ་དང་། མེའི་བྱ་བ་དུ་བས་རྟོགས་པ་བཞིན་ནོ་ཟེར་ན། དེ་འདྲ་བྱ་བ་དང་བྱེད་པ་ཐ་དད་དུ་འདོད་པའི་དངོས་པོ་རྣམས་ལ་ཡང་དོན་རང་གི་སྟེང་ན་བྱ་བྱེད་ཐ་དད་དུ་ཡོད་པས་མ་ཡིན་ཏེ། ཕན་ཚུན་སྦྱར་ནས་རྟོགས་པས་བྱ་བྱེད་ཐ་དད་དུ་སྒྲོ༷་འདོགས་པས་ནི་འཇུག་པ་ཙམ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་སྟ་རེ་སོགས་ཀྱི་བྱ་བ་ནི་སྔར་དཔྱད་ཟིན་པ་བཞིན་ཏེ། སྟ་རེ་ལས་ཐ་དད་པའི་འཕར་འབབ་སོགས་ཀྱི་བྱ་བ་མེད་ལ། ཤིང་ལས་ཐ་དད་པའི་དུམ་བུར་སོང་བ་མེད་དེ་ཤིང་དང་སྟ་རེ་ཚོགས་པའི་རྒྱུ་རྐྱེན་ལས་དངོས་པོའི་རྣམ་པ་སྔ་མ་ལས་གཞན་དུ་སྐྱེས་པའི་ཆ་ནས་སྟ་རེ་ལས་བྱ་བ་ཐ་དད་དུ་སྒྲོ་བཏགས་པ་ཡིན་ལ། རྒྱུ་ལས་ཐ་དད་པའི་ནུས་པ་དང་བྱ་བ་ཞེས་བྱ་བ་གང་ཡང་མེད་དེ་རྒྱུ་ཉིད་ཀྱི་སྐད་ཅིག་འགགས་པའི་རྗེས་སུ་འབྲས་བུ་སྐྱེས་པ་ལ་འབྲས་བུ་སྐྱེད་པའི་ཆ་ནས་རྒྱུའི་བྱ་བ་ཞེས་རྒྱུ་ལས་ཐ་དད་ལྟ་བུར་སྒྲོ་འདོགས་པ་ཡིན་ནོ། །དེས་ན་ཡང་དག་པར་དཔྱད་ན་བྱེད་པ་པོས་བྱིན་གྱིས་བརླབས་ནས་ལས་སུ་བྱ་བ་བསྒྲུབ་པ་དང་། དངོས་པོ་དེ་ལས་ཐ་དད་པའི་བྱ་བ་སོགས་མེད་པར་རྐྱེན་ཉིད་འདི་པ་ཙམ་འབའ་ཞིག་ཏུ་ཟད་དོ། །གཉིས་པ་བརྟགས་ནས་བསྟན་བཅོས་དང་མཐུན་པའི་ཚད་འབྲས་ལ། གནས་ཚུལ་ནང་གི་གཟུང་འཛིན་ཕྲ། །སྣང་ཚུལ་དོན་ལྟོས་ལུགས་ཚད་འབྲས། །དང་པོ་ལ། གཟུང་འཛིན་རྫས་གཞན་འདོད་པ་བཀག །གཟུང་འཛིན་རྫས་གཅིག་ཉིད་དུ་བསྒྲུབ། །དང་པོ་ལ།


MR20_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ནས་དགག་པ་བརྗོད་མདོར་བསྟན། །དེ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ། དངོས་དང་དེ་ལན་དགག་པ་གཉིས། །དང་པོ། ཚད་མ་མདོ་ལས། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་ནི་དེའི་འབྲས་བུ། །འཛིན་དང་རྣམ་རིག་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་གསུངས་པ་ལྟར། སྣང་ཚོད་ཉམས་སུ་མྱོང་བ་བསྙོན་དུ་མེད་པའི་བདག་ཉིད་འདི་དག་གིས་གནས་ཚུལ་ཇི་ལྟར་ཡིན་པ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པས་ལེགས་པར་དཔྱད་ནས་ཕྲ་བ་ནང་གི་གཟུང་འཛིན་ལ་གཞལ་བྱ་དང་ཚད་མར་འདོད་པ་སེམས་ཙམ་པའི་ལུགས་ཀྱི་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་འབྲས་བུར་གནས་པ་འདི་ཙམ་ཐ་སྙད་ལ་དཔྱོད་པའི་གྲུབ་དོན་མཐར་ཐུག་ཏུ་གནས་པ་ཡིན་པས་དེ་བཤད་པ་ལ། ཐོག་མར་ཕྱི་དོན་འདོད་པ་མདོ་སྡེ་པ་ལ་དོན་རིག་པ་ཞེས་བྱ་བ་དེ་གང་ཡིན་ཞེས་དྲི་བ་མཛད་པའོ། །དེའི་ལན་དུ། སྐྱེས་བུའི་རྒྱུད་ཀྱི་བློས་སྔོ་སེར་སོགས་སོ་སོར་རིག་པའི་མངོན་སུམ་གང་ཡིན་པ་འདི་ཉིད་དོ་འདི་ལ་ཅི་ཞིག་དྲི་བར་བྱ་ཞེ་ན། སྔོ་སོགས་མྱོང་བའི་མངོན་སུམ་ཙམ་ལ་དྲི་བ་མེད་པ་བདེན་ཀྱང་མངོན་སུམ་མྱོང་བ་དེ་ནི་རྒྱུ་མཚན་གང་གིས་ཕྱི་རོལ་གྱི་དོན་སྔོན་པོ་སོགས་རིག་པ་ཡིན་པར་འདོད་དེ་ཇི་ལྟར་རིག་ཅེས་འདྲི་བར་མཛད་པའོ། །དེ་ལ་ལན་དུ། རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་དེས་མེ་ལོང་ལ་གཟུགས་བརྙན་བཞིན་དུ་གཏད་པའི་བློ་ཡི་རྣམ་པ་དེ་ནི་ཕྱི་དོན་དང་འདྲ་བ་ལས་དོན་དེ་རིག་པ་ཞེས་སུ་འདོད་པ་ཡིན་ནོ་ཞེ་ན་དོན་དངོས་སུ་མ་མྱོངས་བར་དེ་དང་འདྲ་བ་ཙམ་མྱོང་དུ་ཟིན་ཀྱང་དེས་དོན་རིག་ཅེས་པ་འཁྲུལ་པར་འགྱུར་ཏེ། མིག་བློ་ཆོས་ཅན། དོན་རིག་ཡིན་ཏེ། འདྲ་བའི་ཕྱིར། ཞེས་བཀོད་པ་ན་འདྲ་བ་ཡིན་པ་ཙམ་གྱིས་འདྲ་ཡུལ་གཞན་རིག་པའི་ཁྱབ་པ་འཁྲུལ་པ་ཡིན་ཏེ། འདྲ་ཡུལ་གྱི་དོན་ནི་


MR20_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་མྱོང་མི་ཤེས་པས་འདྲ་བ་ཡིན་ནམ་མིན་རྗེས་སུ་དཔག་པར་བྱ་བ་ཡིན་ལ། རྗེས་སུ་དཔག་པས་ཀྱང་མི་འགྲུབ་ཚུལ་འོག་ཏུ་འཆད་པར་འགྱུར་རོ། །དེ་ལ་དོན་སྨྲ་བ་ན་རེ། ཕྱི་དོན་ཡོད་པ་ལ་རྩོད་པ་ཅི་ཞིག་ཡོད་དེ། ཕྱི་དོན་མེད་པ་ཞིག་ན་འོན་ཏེ་གཟུགས་ལ་སོགས་པ་ནང་གི་ཤེས་པ་ལས་ཐ་དད་པའི་ཕྱི་དོན་དུ་མངོན་སུམ་གྱིས་འདི་ལྟར་མྱོང་བ་དེ་རྒྱུ་མཚན་གང་ལས་ཡིན་ཞེས་ཟེར་རོ། །འདི་ལྟར་ནང་ལས་ཐ་དད་པའི་ཕྱི་རོལ་ལྟར་སྣང་བ་མངོན་སུམ་མྱོང་བ་འདི་ནི་ཅི་ཞིག་ཅེས་ཁྱོད་ལ་དྲི་བ་མ་ཡིན་ཏེ། འདི་ནི་སུ་ལའང་བསླུ་མེད་བསྙོན་མེད་དུ་གྲུབ་བོ། །ཁོ་བོས་གང་དྲི་ན་འདི་ལྟར་ཕྱི་རོལ་དུ་སྣང་བ་འདི་ཡང་ཤེས་པའི་རྣམ་པ་ཡིན་ན་འདི་ཉིད་ཀྱིས་ནི་ཕྱི་དོན་ཇི་ལྟར་རིག་ཅེས་ཕྱི་རོལ་ལྟར་མྱོང་བ་དེ་ཉིད་ལ་རྣམ་པར་དཔྱོ༷ད་པ་བྱས་ཏེ་ཁྱོད་ལས་ཤེས་པར་འདོད་པས་ཁྱོད་རང་ལ་དྲི་བ་ཡིན་ན། ཕྱི་རོལ་མངོན་སུམ་མྱོང་བ་འདི་ཅི་ཞིག་ཅེས་ཚུར་ལ་མ་གྲུབ་པ་ཉིད་གྲུབ་པར་རློམ་ནས་འདྲི་བར་འོས་པ་མ་ཡིན་ནོ། །གཉིས་པ་ལ། འདྲ་བ་ཙམ་གྱིས་དོན་མི་འགྲུབ། །སྐྱེས་ལ་འདྲ་བས་ཀྱང་མི་ནུས། །སྐྱེས་འདྲ་ངེས་གསུམ་ཚོགས་ཀྱང་མིན། །དང་པོ་ལ། འདྲ་བ་མེད་དང་ཡོད་ཀྱང་འཁྲུལ། །དང་པོ། འདི་ལྟར་ཕྱི་དོན་གྱི་སྒྲུབ་བྱེད་ནི་དོན་རིག་ཡིན་པར་འདོད་པ་རྣམས་ལ་བློ་ལ་ཕྱི་དོན་གྱི་རྣམ་པ་སྣང་བ་འདིས་ཕྱི་དོན་ཇི་ལྟར་འགྲུབ་ཅེས་དྲིས་པ་ལ། དོན་དང་འདྲ་བར་གྱུར་པའི་ཤེས་པ་འདིས་ཕྱི་དོན་ཡོད་པར་འགྲུབ་བོ་ཞེས་ཟེར་བ་ལ། རྣམ་པ་འདི་ཕྱི་དོན་དང་འདྲ་བར་མ་གྲུབ་སྟེ། དེ་ལ་རྣམ་པ་འདི་ཕྱི་དོན་དང་འདྲ་ན་ཕྱི་དོན་རགས་པ་དང་འདྲའམ་ཕྲ་བ་དང་འདྲ། དང་པོ་ལྟར་ན། ཕྱི་དོན་བུམ་པ་ལྟ་བུ་ཆ་མེད་པ་རགས་པའི་གོང་བུ་གཅིག་གི་རྣམ་པར་མེད་དེ་ཆ་ཐ་དད་དུ་དམིགས་པ་ཡིན་ལ། དུ་མ་གཅིག་གི་ངོ་བོར་གྱུར་པ་མེད་དེ་འགལ་བའི་ཕྱིར་རོ། །དེ་ཡང་ཐ་སྙད་ཙམ་དུ་སྔར་བཤད་པ་བཞིན་རྡུལ་ཕྲ་རབ་དབང་འདས་ཀྱི་ཡུལ་རྣམས་ཕྲད་


MR20_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་དབང་པོ་ལ་སྣང་རུང་གི་ཁྱད་པར་སྐྱེས་པ་ཙམ་ནི་རྒྱང་རིང་བའི་སྤུ་རེ་རེ་ནས་དབང་པོའི་ཡུལ་དུ་མི་འགྱུར་ཡང་། སྤུ་མང་དུ་ཚོགས་པའི་གཡག་རྔ་ལྟ་བུས་དབང་ཤེས་བསྐྱེད་པ་ཙམ་ལ་བསྙོན་དུ་མེད་ཀྱང་དེ་ཙམ་གྱིས་རགས་པར་མེད་པའི་རྡུལ་ཕྲ་རབ་དབང་ཡུལ་དུ་སོང་བ་མ་ཡིན་ཏེ། རྡུལ་ཕྲ་རབ་གཉིས་ཚོགས་པ་ཡན་ཆད་རགས་པར་གཏོགས་པས་ན་ཆ་མེད་པའི་རྡུལ་གྱི་སྣང་བ་ནི་ནམ་ཡང་དམིགས་མི་སྲིད་པས་བློ་ལ་སྣང་བའི་རྣམ་པ་འདི་རགས་སྣང་སྟེ་ཇི་ལྟ་ཇི་ལྟར་ཕྱེ་ཡང་སྣང་བ་མ་འགགས་ཀྱི་བར་དུ་ཆ་བཅས་སུ་མཐོང་གི་ཆ་མེད་པའི་ཕྲ་རབ་སྣང་བ་མི་སྲིད་པས་ཕྱི་དོན་ཕྲ་བ་དང་རགས་པ་གང་ཡང་སྣང་མི་ཤེས་པས་ཕྱི་དོན་ཉིད་ཤེས་པ་ལ་སྣང་བ་ཞེས་པ་དེ་བརྟགས་ན་ཆུ་ཤིང་གི་སྡོང་པོ་བཤིག་པ་བཞིན་དུ་དོན་དང་བྲལ་བར་འགྱུར་ལ། ཕྱི་དོན་མ་གྲུབ་ཀྱང་དོན་སྔོ་སོགས་སུ་སྣང་བ་འདི་ཙམ་གྲུབ་པ་ལ་བསྙོན་དུ་མེད་པས་ཤེས་པ་ཉིད་དེར་སྣང་བ་ཙམ་དུ་དངོས་སྟོབས་ཀྱིས་གྲུབ་པ་ཡིན་ལ། དེའི་ཕྱིར་ཕྱི་དོན་རགས་པར་མེད་ལ། རྡུལ་ཕྲན་ཆ་མེད་དུ་ཡོད་ན་རྡུལ་ཕྲ་རབ་དེ་དག་ཆ་མེད་པ་ཡིན་པ་ལ་རྒྱུ་མཚན་གང་གིས་ན་དེ་རང་གི་གནས་ཚུལ་དང་མི་མཐུན་པར་འདི་ལྟར་བློ་ལ་སྣང་བའི་ཚེ་ན་རགས་པར་སྣང་བ་ཡིན་ལ། དེའི་རགས་སྣང་གི་རྣམ་པ་འདི་ཕྱི་དོན་རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་པ་དེ་འདྲར་ཏེ་དེ་དང་འདྲ་བར་བྱེད་པ་ཅི་ཡིན། ཞེས་པ་སྟེ་སྡེབ་སྦྱོར་བསྡེབ་ན། རྡུལ་ཕྲན་དེ་དག་རགས་པར་སྣང་། །དེ་དང་གང་གིས་འདྲ་བར་བྱེད། །ཅེས་པའི་དོན་ཡིན་ནོ། །ཕྱི་དོན་ཡོད་པར་འཇོག་བྱེད་རྣམ་པ་འདི་ནི་ཕྱི་དོན་དང་མི་འདྲ་བ་དེ་ཕྱིར་ཕྱི་དོན་རྡུལ་དུ་མའི་བདག་ཉིད་ཅན་ནང་གི་ཤེས་པ་ལས་ཐ་དད་དུ་འདོད་པ་དེ་ནི་དོན་གྱི་དངོས་པོར་ཡོད་པ་མིན་ཏེ། རྣམ་པའི་རྒྱུར་གྲུབ་པ་དངོས་སྟོབས་ཀྱི་དཔྱད་པས་ཁེགས་པའི་ཕྱིར་རོ། །གཉིས་པ། གལ་ཏེ་ཕྱི་དོན་ཡོད་ཅིང་རྣམ་པ་


MR20_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་དང་འདྲ་བ་ཡིན་དུ་ཆུག་ན་ཡང་ཤེས་རྣམ་དེ་ཕྱི་དོན་དེ་རྣམ་འཇོག་གི་ཚད་མར་འདོད་པ་ནི་འཁྲུལ་པ་ཅན་ཡིན་པས་བློ་དེ་ཉིད་ཕྱི་དོན་དེ་མྱོང་བ་ཡི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་པར་ནུས་པ་མ་ཡིན་ཏེ། ཤེས་པའི་རྣམ་པ་ཉམས་སུ་མྱོང་བས་དེ་དང་འདྲ་བ་ཅིག་ཤོས་མྱོང་བར་མི་འགྲུབ་སྟེ་དེ་གཉིས་ཐ་དད་དུ་ཡོད་པ་གང་ཞིག་ནང་གི་དེ་མྱོང་བ་ལ་ཕྱི་རོལ་གྱི་དོན་མྱོང་བར་འཇོག་པ་འཁྲུལ་པའི་ཕྱིར་ཏེ། མཚེ་མ་ཅིག་ཤོས་མཐོང་བས་ཅིག་ཤོས་འདི་ལྟ་བུའོ་ཞེས་བཞག་མི་ནུས་པ་བཞིན་ནོ། །གཉིས་པ། འདྲ་བ་ཙམ་ཁོ་ནས་དོན་རིག་པར་འཇོག་པ་མ་ཡིན་ཏེ། རྣམ་པ་འདི་དོན་དེ་དང་འདྲ་བ་དང་དོན་དེ་ལས་བྱུང་བ་གཉིས་ཀ་ཡིན་པས་ན་གལ་ཏེ་དེ་ལྟ་བུའི་སྐྱེས་ལ་འདྲ་བ་ཡིན་པའི་རྣམ་པ་དེ་ཕྱི་རོལ་གྱི་དོན་མྱོང་བའི་ཤེས་པའམ་དོན་རིག་གི་མཚན་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་དམིགས་རྐྱེན་གྱི་དོན་སྔ་མ་དང་མཚུངས་པ་ཅན་གྱི་རྣམ་པར་ཤེས་པ་དེ་ནི་རང་གི་མཚུངས་པ་དེ་མ་ཐག་པའི་བློ་རིག་པའམ་མྱོང་བའི་ཚད་མར་འགྱུར་ཏེ། མེ་ཏོག་སྔོན་པོ་ལྟ་བུ་གཅིག་དམིགས་རྐྱེན་དུ་ཡོད་པའི་ཤེས་པ་སྐད་ཅིག་མ་གཉིས་སྐྱེས་པ་ན་ཕྱི་མ་དེ་སྔ་མ་དང་འདྲ་ཞིང་། སྔ་མ་དེ་ལས་སྐྱེས་པའང་ཡིན་པའི་ཕྱིར་རོ། །དེས་ན་དེ་ལས་སྐྱེས་པ་དང་འདྲ་བ་ཡིན་དུ་ཆུག་ཀྱང་དངོས་པོ་ཐ་དད་པ་ལ། ཡང་དག་པར་ན་གཅིག་མྱོང་བས་ཅིག་ཤོས་མྱོང་བར་ནམ་ཡང་མི་རིགས་སོ། །གང་ཞིག་བློས་ཡང་དག་པར་མ་མྱོང་བ་དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་མི་སྲིད་དེ་མོ་གཤམ་གྱི་བུ་བཞིན་ནོ། །བློ་ཕྱི་མ་དེ་ནི་དེ་མ་ཐག་པའི་བློ་དང་འདྲ་བ་དང་སྔ་མ་ལས་སྐྱེས་པ་ཙམ་ཡིན་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ལ། རྣམ་པ་དང་དོན་ཆེས་འདྲའོ་སྙམ་ན། བློ་དང་དོན་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ་ཆོས་ཐ་དད་ལ་རྣམ་པ་ཐམས་ཅད་ཀྱིས་རྗེས་སུ་སོང་བ་མི་སྲིད་པའི་ཕྱིར་ཏེ། གལ་ཏེ་སོང་ན་བློ་དང་དོན་གཅིག་ཏུ་འགྱུར་རོ། །གསུམ་པ་རྣམ་པ་དེ་དོན་རིག་ཡིན་པའི་


MR20_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་ནི་སྐྱེས་ལ་འདྲ་བ་ཁོ་ནར་མ་ཟད་དེ་དེ་ཉིད་དོན་རིག་ཡིན་པར་ངེས་པའི་ཕྱིར་རོ། །ཇི་ལྟར་ན། ཕྱི་དོན་གཟུགས་འདི་མཐོང་ངོ་། །སྒྲ་འདི་ལྟར་ཐོས་སོ། །དེ་བཞིན་དྲི་ཚོར་བ་ལ་སོགས་པ་ཞེས་བྱ་བར་ཡུལ་གང་ལ་ཡུལ་ཅན་གྱི་བློ་ནི་ཞུགས་ཤིང་དེ་དེའི་རྟོགས་བྱེད་དུ་ངེས་པ་དེ་ནི་བློ་དེས་ཡུལ་དེ་མྱོང་བ་ཡིན་པའི་སྒྲུབ་བྱེད་ཡིན་ནོ་ཞེ་ན། འདི་འདིའི་མྱོང་བྱེད་དོ་ཞེས་དངོས་སྟོབས་ཀྱིས་ངེས་པ་ཡོད་ན་དེ་ལྟར་ཡིན་དུ་ཆུག་ཀྱང་། རྒྱུ་མཚན་གང་གིས་ངེས་པ་དེ་དོན་རིག་དེ་ཡི་སྒྲུབ་བྱེད་ཡིན་པར་འདོད་པ་ན་སྣང་བ་ཡུལ་དེ་དང་ཡུལ་ཅན་བློས་མཐོང་བ་དེ་དག་གི་ཉེ་བ་སྟེ་འབྲེལ་བ་དེ་ཉིད་དཔྱད་པར་བྱ་བ་ཡིན་ཏེ། དོན་དང་དོན་རིག་དེ་དག་ཡུལ་དང་ཡུལ་ཅན་དུ་འབྲེལ་བ་ལ་བརྟེན་ནས་ཡུལ་ལ་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པ་ཡི་ཡུལ་འདིའི་ཡུལ་ཅན་ནི་འདིའོ་ཞེས་ངེས་པ་དེ་སྐྱེ་དགོས་པ་ཡིན་གྱི་འབྲེལ་བ་ཉིད་གཏན་ལ་མ་ཕེབས་པར་འདི་འདིའོ་ཞེས་ངེས་པ་འདྲེན་མི་སྲིད་དེ་བུམ་སྣམ་བཞིན་ནོ། །དེ་ལྟར་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་དཔྱད་པ་ན་མེད་ན་མི་འབྱུང་གི་འབྲེལ་བ་ཁོང་དུ་ཆུབ་མི་ནུས་ཏེ། དོན་རང་ཉིད་ནི་ནམ་ཡང་ཤེས་པས་རྣམ་པ་ལས་ཐ་དད་པར་མ་དམིགས་ལ། མེད་ན་མི་འབྱུང་གི་འབྲེལ་བ་རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ་ཟླ་གཉིས་དང་རྨི་ལམ་གྱི་སྣང་བ་བཞིན་ནོ། །ཐོགས་རེག་ཡོད་པ་དང་ལས་མཐུན་པར་སྣང་བ་ཀུན་གྱིས་ཐུན་མོང་བར་དམིགས་པ་སོགས་ལས་རྗེས་སུ་དཔག་མི་ནུས་ཏེ། རྨི་ལམ་ན་ཡང་ཐོགས་བཅས་དང་། བརྟན་པར་སྣང་བ་དང་། ལས་མཐུན་པའི་རྒྱུ་ལས་ཐུན་མོང་དུ་སྣང་བ་དང་། བག་ཆགས་མཐུན་པའི་དབང་གིས་ཐུན་མོང་དུ་སྣང་བ་ལས་ཁྱད་པར་ཅི་ཞིག་ཡོད་དེ། གང་ལྟར་ཀྱང་སོ་སོའི་ནང་གི་སྣང་བ་ནི་གཅིག་མ་ཡིན་ལ། ཐུན་མོང་བ་ལྟར་སྣང་བའི་རྒྱུ་ནི་གཉིས་ཀར་འདྲ་བར་ཟད་པས་ན་བག་ཆགས་བརྟན་བྱུང་གི་ཤེས་པ་ཉིད་ཕྱི་རོལ་གྱི་དངོས་པོ་བརྟན་པ་ལྟར་སྣང་བ་དེ་ལ་དོན་དུ་བརྟགས་པ་ལས་གཞན་མེད་དེ། ཡུལ་མྱོང་བ་བསྙོན་དུ་མེད་པ་འདི་གྲུབ་ཕན་ཆད་འདི་རང་སྣང་ཙམ་དུ་འགྲུབ་པ་ནི་ཐ་སྙད་མཐོང་ཐོས་སོགས་ཀྱི་གནས་ཚུལ་ཇི་ལྟར་ཡིན་པ་དངོས་སྟོབས་ཀྱིས་གསལ་བར་འོང་


MR20_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་ཐ་སྙད་ཀྱི་གནས་ཚུལ་མཐར་ཐུག་ལ་དེ་ཁོ་ན་ལྟར་གནས་པ་ཡིན་གྱི་ཡང་དག་པར་དཔྱད་ན་སེམས་ཀྱང་མ་གྲུབ་པའི་ཕྱིར་ཕྱི་དོན་དང་མགོ་མཉམ་ལ་ཐ་སྙད་དུ་ཕྱི་དོན་ཀྱང་གྲུབ་བོ་ཞེས་གསུངས་པ་ནི་གནས་ཚུལ་དོན་དམ་སྟོང་པ་ཉིད་ལ་བྱས་ནས་སྣང་ཚུལ་ཐ་སྙད་ལ་ཇི་ལྟར་སྣང་བ་ལྟར་དཔྱད་པ་མ་གཞུག་པའི་དབང་དུ་མཛད་པ་ཡིན་ལ། སྣང་ཚུལ་ཐ་སྙད་རང་ལ་དཔྱད་ན་སེམས་ཀྱི་སྣང་བ་ཙམ་དུ་གྲུབ་པ་ནི་ཁེགས་པར་མི་ནུས་ཏེ། དོན་དམ་དཔྱོད་པས་དཔྱད་ན་སེམས་ཀྱང་མི་འགྲུབ་པ་ནི་ཡིན་མོད་ཀྱི་དེས་སྣང་བ་སེམས་སུ་མི་འགྲུབ་པ་ཡང་མ་ཡིན་ཏེ་དོན་དམ་དཔྱོད་པས་དཔྱད་ན་མིག་དང་མིག་ཤེས་གཉིས་ཀ་བདེན་པར་མ་གྲུབ་ཀྱང་ཐ་སྙད་དུ་སྔོ་སོགས་མཐོང་བ་ནི་མིག་ཤེས་ཡིན་གྱི་དབང་པོ་མ་ཡིན་པ་ལ་གནོད་པ་མེད་ཀྱི་གཉིས་ཀ་ཡུལ་མཐོང་བ་ལ་མགོ་མཉམ་པར་མི་འགྱུར་བ་བཞིན་ནོ། །གཉིས་པ་ལ། གཟུང་འཛིན་རྫས་གཞན་མེད་པར་བསྒྲུབ། །དེ་ཡི་རྣམ་གཞག་འཐད་པར་སྟོན། །དེ་ཕྱིར་རང་རིག་གྲུབ་དོན་བསྡུ། །དང་པོ། ཤེས་པ་དེ་ཡི་སྔོན་པོ་སོགས་ཉམས་སུ་མྱོང་བ་དེ་ནི་ཤེས་པ་རང་གི་བདག་ཉིད་དུ་འདོད་དེ། དེ་ཡང་ཤེས་པ་རང་ལས་གཞན་དུ་གྱུར་པ་འགའ་ཞིག་གི་རང་བཞིན་དུ་གྱུར་པ་གང་ཡང་མིན་ནོ། །དེས་ན་མངོན་སུམ་གྱིས་དོན་མྱོང་བ་ལྟར་སྣང་བ་ན་ཡང་མིག་ཤེས་ཀྱིས་སྔོན་པོ་མངོན་སུམ་དུ་སོ་སོར་རིག་པར་བྱ་བ་ཡིན་པས་ན་སྔོ་འཛིན་དེ་ཡི་མྱང་བྱ་སྔོན་པོ་དེ་ནི་ཤེས་པ་དེའི་བདག་ཉིད་ཡིན་ཏེ། གསལ་རིག་གི་ཚུལ་གྱིས་སོ་སོར་རིག་པར་བྱ་བ་དེ་ནི་ཤེས་པ་དེའི་ངོ་བོ་མ་ཡིན་པ་གཞན་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་ཤེས་པས་ཉམས་སུ་མྱང་བར་བྱ་བ་ཤེས་པ་རང་ལས་རྫས་གཞན་དུ་མེད་ལ། མྱང་བྱ་དེ་ལའང་མྱོང་བ་གཞན་དུ་ཡོད་པ་མིན་པས་གཟུང་འཛིན་རྫས་ཐ་དད་དུ་མེད་དེ་གནས་ཚུལ་ལ་ཤེས་པ་ཉིད་ཡུལ་གྱི་རྣམ་པར་རང་གསལ་བ་ཙམ་དུ་ཟད་དོ། །གལ་ཏེ་སྔོན་པོ་དེ་ཕྱི་དོན་ཡིན་པ་ཁེགས་


MR20_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྔོ་འཛིན་ལས་སྔོན་པོ་ཐ་དད་དུ་སྣང་བ་ཉམས་སུ་མྱང་བའི་ངོར་གྲུབ་པ་འདི་ཁེགས་པར་མི་ནུས་པས་གཟུང་འཛིན་རྫས་ཐ་དད་དུ་ཡོད་པ་མི་ཁེགས་སྙམ་ན། གཟུང་བ་དང་འཛིན་པ་ཆ་གཉིས་སུ་ཐ་དད་པར་ཡོད་ན། དེར་ཡང་མྱང་བྱ་དེ་མྱོང་བྱེད་ཀྱིས་ཇི་ལྟར་མྱོང་ཞེས་ཕྱི་དོན་དང་དེ་འཛིན་ལ་བརྩད་པ་མཚུངས་པའི་ཕྱིར་ཏེ། ཤེས་པ་རང་ལས་ཐ་དད་པའི་ཡུལ་ཤེས་པས་མྱོང་བ་ལ་རྣམ་མེད་དུ་མྱོང་ན་འབྲེལ་བ་མེད་ཅིང་། རྣམ་བཅས་སུ་མྱོང་ན་རྣམ་པ་ཐུག་པ་མེད་པ་དང་འདྲ་བ་ཙམ་ལས་ཡུལ་མྱོང་བར་མི་འགྱུར་བ་ཡིན་ནོ། །དེས་ན་དོན་དམ་པར་གང་དང་ཅི་སྣང་བ་ཐམས་ཅད་དེ་དང་དེའི་རྣམ་པར་ཤེས་པ་དེ་ནི་རང་ཉིད་གསལ་བ་ཙམ་ཡིན་ནོ། །གཉིས་པ་ལ། རང་རིག་པ་ལ་མྱོང་བ་འཐད། །གཞན་རིག་པ་ལས་དེ་མི་འཐད། །གཉིས་མེད་ཀྱང་གཉིས་སྣང་བ་འཐད། །དང་པོ། དངོས་དང་རང་མྱོང་བ་ཡི་དཔེ། །དང་པོ། ཕྱི་དོན་མེད་ན་འདི་ལྟར་ཕྱི་དོན་ཉམས་སུ་མྱོང་བ་འདི་ཅི་ལྟར་ཡིན་ཞེ་ན། འདི་ལྟར་ཉམས་སུ་མྱོང་བ་བསླུ་མེད་འདིའི་ཕྱིར་ན་བློ་ཉིད་མྱོང་བ་ཡིན་གྱི་བློས་གསལ་པོར་ཉམས་སུ་མ་མྱོང་ན་བློ་རང་གིས་མྱོང་བ་ཞེས་པར་ཡང་མི་འགྱུར་རོ། །ཇི་ལྟར་ན་ཤེས་པ་དེ་ཡི་དངོས་པོ་དེ་སྔོ་སོགས་ཀྱི་རྣམ་པར་སྐྱེས་པའམ་གསལ་བའི་ཕྱིར་ན་སྔོ་སོགས་ཀྱི་རང་བཞིན་ཉམས་སུ་མྱོང་བའང་དེ་ཡིན་གྱི་ཤེས་པ་ཡུལ་གྱི་རྣམ་པར་ཤར་བ་འདི་བོར་ནས་ཡུལ་གྱི་རང་བཞིན་མྱོང་བ་ཞེས་བྱ་བ་ནི་རྣམ་པ་ཀུན་ཏུ་མི་སྲིད་དོ། །དེས་ན་ཡུལ་སྔོ་སོགས་ཀྱི་རང་བཞིན་ཞེས་བྱ་བ་བློ་ཡུལ་ན་གསལ་པོར་གནས་པ་འདི་ལས་གཞན་པ་ཅུང་ཟད་ཀྱང་མེད་ལ། འདི་ནི་ཤེས་པ་ཉིད་ཀྱི་རྣམ་པ་ཡིན་པས་ཡང་དག་པར་ན་ཤེས་པ་རང་གི་ངོ་བོ་མྱོང་བར་གྱུར་ཀྱང་སྣང་ཚུལ་ལ་ཤེས་པ་ལས་གཞན་པའི་སྔོ་སོགས་ཤེས་པས་མྱོང་བར་སྣང་བ་ཡིན་ཏེ་རྨི་ལམ་གྱི་སྔོ་སོགས་བཞིན་ནོ། །གཉིས་པ། རལ་གྲིས་རང་གིས་རང་མི་གཅོད་པ་


MR20_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤེས་པས་རང་གིས་རང་རིག་པ་མི་སྲིད་སྙམ་ན། ཡང་དག་པར་དཔྱད་ན་རིག་བྱ་རིག་བྱེད་དུ་མེད་པའི་ཕྱིར་བྱ་དང་བྱེད་པའི་དངོས་པོར་མེད་པར་འདོད་ཀྱང་དེ་ཙམ་གྱིས་རང་རིག་པ་མེད་པ་མ་ཡིན་ཏེ། དོན་དམ་པར་གཟུང་བ་དང་འཛིན་པ་ཐ་དད་དུ་མེད་པར་ཤེས་པ་གསལ་རིག་གི་ངོ་བོར་སྐྱེས་པའི་མྱོང་བ་འདི་ནི་བསླུ་མེད་བསྙོན་མེད་དུ་གྲུབ་པས་ན་འདི་མི་གསལ་ཞེས་སུས་ཀྱང་བརྗོད་པར་ནུས་པ་མ་ཡིན་ནོ། །ཤེས་པ་གསལ་ཞིང་རིག་པ་ཙམ་དུ་གྲུབ་པ་ལ་བསྙོན་འདིང་དུ་མེད་ཀྱང་མིག་གིས་རང་མཐོང་དུ་མི་རུང་བ་ལྟར་ཤེས་པས་ཕྱི་དོན་ཤེས་ཀྱི་ཤེས་པ་རང་ཉིད་རང་གིས་ཤེས་མི་སྲིད་དོ། །ཞེས་སུ་སྨྲ་བར་ནུས་པ་ཡང་མ་ཡིན་ཏེ། སྐྱེས་བུའི་རྒྱུད་ཀྱི་ཤེས་པ་སྔོ་སོགས་ཤེས་པ་བཞིན་དུ་སྔོ་འཛིན་ཡང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པར་མྱོང་བ་དང་དྲན་པས་གྲུབ་པ་ལ་བསྙོན་དུ་མེད་དོ། །ལྷག་པར་ཡང་ཡུལ་རྣམ་མེད་དུ་མྱོང་བ་རྣམས་ཀྱི་ལྟར་ན་ཁ་ཕྱིར་བལྟས་ཀྱི་བློས་དོན་མྱོང་དུ་ཆུག་ཀྱང་དོན་དེ་ལས་སྐྱེས་པའི་བདེ་སྡུག་ལ་སོགས་པ་ནང་བློ་ཡི་ངོ་བོར་གྱུར་པ་ཇི་སྙེད་པ་དེ་རང་གི་བློས་མངོན་སུམ་ཉམས་སུ་མྱོང་ཞེས་བརྗོད་དམ་མི་མྱོང་ཞེས་བརྗོད། མྱོང་ན་དུས་མཉམ་པར་མྱོང་ངམ་འདས་པའི་རྗེས་སུ་མྱོང་། དང་པོ་ལྟར་ན། མངོན་སུམ་གྱི་ཡུལ་དུ་གསལ་བར་སྣང་བ་དེ་ལ་མྱོང་བྱེད་ཤེས་པ་གཞན་ཡོད་པར་ཁས་ལེན་ནམ་མི་ལེན། ལེན་ན་སྔོན་པོ་འཛིན་པའི་དུས་སུ་ཁ་ཕྱིར་བལྟས་སྔོན་པོ་རིག་པ་གཅིག་དང་། ནང་བལྟས་སྔོ་འཛིན་ཁོ་ན་རིག་པའི་བློ་གཉིས་སོགས་ཐུག་མེད་དུ་འགྱུར་རོ། །མི་ལེན་ན་བདེ་སོགས་མངོན་སུམ་མྱོང་བ་མེད་པར་འགྱུར་རོ། །འདས་པ་འཛིན་ནོ་ཞེ་ན། རྣམ་མེད་པ་དེ་དག་གི་ལུགས་ལ་གསལ་བར་སྣང་བའི་ཡུལ་དེ་ད་ལྟ་བ་མིན་ན་དེ་ཇི་ལྟར་གསལ་བར་སྣང་སྟེ་དེས་ན་རང་རིག་པ་ནི་ཐ་སྙད་དུ་མེད་དུ་མི་རུང་ངོ་། །ནང་གི་བློ་ནི་རང་རྒྱུད་ཀྱི་བློ་ཡིན་པས་རང་ལ་བློ་དེ་སྐྱེས་པ་དེ་ཙམ་ལས་རང་གིས་རང་རིག་མ་རིག་གི་ཐ་སྙད་དཔྱད་མི་དགོས་སོ་སྙམ་ན། རང་བློའི་ཡུལ་ནི་རང་གི་ཡུལ་

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


MR20_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ཡུལ་དེ་མཐོང་བ་ཙམ་ལས་རིག་མ་རིག་གི་ཐ་སྙད་བྱེད་མི་དགོས་པར་འགྱུར་བར་མཚུངས་ཀྱང་ཁྱེད་ཅག་ཤེས་པ་འདིས་གཞན་རིག་གོ་ཞེས་སུ་ཐ་སྙད་བྱེད་པ་ནི་མཐོང་ངོ་། །གཞན་རིག་ཅེས་པ་དེ་ཅི་ལྟ་བུ་ཡིན་ཞེས་གཞལ་ན་དོན་ཉམས་སུ་མྱོང་བ་དེ་ཙམ་ལས་གཞན་ཡོད་པ་མིན་ན་དེ་ནི་ནང་གི་བློ་ལའང་མཚུངས་པའི་ཕྱིར་མ་བརྟགས་མ་དཔྱད་པར་ཐ་སྙད་ལ་འཇུག་པར་འདོད་ན་ཡང་རང་རིག་ཆེད་དུ་དགག་པ་ནི་དོན་མེད་དེ། འཇིག་རྟེན་རྒན་པོའི་ཐ་སྙད་ལའང་རང་སེམས་རང་གིས་ཤེས་ཞེས་བརྗོད་པར་མཐོང་ངོ་། །དེའི་ཕྱིར་ཇི་ལྟར་ན་སྒྲོན་མེ་དེ་ནི་གསལ་བ་དེ་ཡི་བདག་ཉིད་དུ་སྐྱེས་པའི་ཕྱིར་གསལ་བྱེད་ཡིན་ལ། དེ་དེ་ལྟར་རྐྱེན་གཞན་ལ་ལྟོས་པ་མེད་པར་རང་ཉིད་རབ་ཏུ་གསལ་བ་ཉིད་དུ་བྱེད་པ་སྟེ། རང་གང་ན་གནས་པ་དེ་ཉིད་དུ་རང་མངོན་པར་བྱེད་པ་ཡིན་པ་དེས་ན་སྒྲོན་མེ་ནི་གཞན་བུམ་སོགས་ཀྱི་གསལ་བྱེད་ཡིན་པར་མ་ཟད། རང་གི་ངོ་བོའང་གསལ་བར་བྱེད་ཅེས་འདོད་ལ། དེ་འདྲའི་ཐ་སྙད་དེ་དག་དོན་མཐུན་ཡིན་པ་དེ་ལྟར་བློ་ཡིས་བདག་ཉིད་རིག་པ་ཅན་ཡང་ཡིན་ཏེ། བློ་བེམ་པོ་སོགས་མི་གསལ་བའི་རང་བཞིན་ལས་ལོག་སྟེ་གསལ་བར་སྐྱེས་པ་ཙམ་གྱིས་ཡུལ་དང་ཡུལ་ཅན་གཉིས་ཀ་སྣང་བར་བྱེད་པ་ཡིན་པས་དེ་ལྟར་འདོད་དེ། ཡང་དག་པར་ན་མར་མེས་མར་མེ་ཡུལ་དུ་བྱས་ནས་གསལ་བ་ནི་མ་ཡིན་ཀྱང་མར་མེ་རང་ཉིད་ལ་རང་ཉིད་ལས་གསལ་བྱེད་གཞན་མི་དགོས་པ་ནི་བསྙོན་མེད་དུ་གྲུབ་པ་ཡིན་ལ། རང་གིས་རང་ཉིད་གསལ་ཞེས་བཏགས་པའང་དོན་དེ་ལྟ་བུའི་རྗོད་བྱེད་ཡིན་པས་དེ་འདྲའི་ཐ་སྙད་དགག་དུ་མེད་དོ། །འདི་ལ་ལྷ་དབང་བློའི་འགྲེལ་པའི་འགྱུར་ལྟར་ན། ཇི་ལྟར་གསལ་བྱེད་རང་ངོ་བོ། །གསལ་བ་ཡིན་པའི་བདག་ཉིད་ཕྱིར། །གསལ་བར་བྱེད་པ་ཉིད་དུ་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །ཞེས་སོ། །གཉིས་པ། ཤེས་པ་དེ་ཡི་རིག་བྱ་


MR20_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རང་ལས་དོན་གཞན་པ་ཡིན་ན་ཚོར་བྱ་དང་ཚོར་བྱེད་དུ་འཐད་པར་དཀའ་སྟེ། རྣམ་པ་མེད་པ་ལ་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཅུང་ཟད་ཀྱང་མེད་པས་བློས་མྱོང་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་ལ། ཡུལ་དབང་ཤེས་གསུམ་ཚོགས་པ་བློ་ཡི་རྒྱུར་ཁས་ལེན་པའང་མི་རུང་སྟེ། ཡུལ་ད་ལྟ་བ་རྣམ་མེད་དུ་འཛིན་པར་འདོད་པ་ལ་དེ་དུས་ཀྱི་དབང་ཡུལ་ཤེས་གསུམ་དུས་མཉམ་པས་ཕན་ཚུན་གཅིག་གི་རྒྱུ་གཅིག་མ་ཡིན་པས་དོན་རིག་གི་ཤེས་པ་འདི་ཡང་དབང་པོ་དང་ཡུལ་ལ་བརྟེན་ནས་སྐྱེས་པའི་རྟེན་འབྱུང་གི་ངང་ཚུལ་ལས་ཀྱང་འདའ་བའི་ཕྱིར་རང་བྱུང་བར་འགྱུར་རོ། །ཡུལ་དབང་ཤེས་གསུམ་ཚོགས་པ་སྔ་མའི་སྟོབས་ཀྱིས་འདི་བསྐྱེད་པ་ཡིན་ན་ནི། ད་ལྟའི་ཤེས་པ་དེ་དོན་སྔ་མས་བཞག་པའི་རྣམ་པ་ཙམ་དུ་འགྱུར་གྱི་རང་དུས་ཀྱི་དེ་ལ་དམིགས་པར་མི་འགྱུར་བས་ཅིས་ཀྱང་རྣམ་བཅས་སུ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན་སྔོན་པོ་མྱོང་བ་བློ་ཡི་ངོ་བོ་མ་ཡིན་པར་ཡུལ་ཉིད་ཇི་ལྟར་མྱོང་བར་འགྱུར་ཏེ། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཁས་ལེན་པ་ཤཱཀྱའི་རིང་ལུགས་འཛིན་པ་རྣམས་ཀྱིས་དེ་ལྟར་ཤིན་ཏུ་བསམ་པར་འོས་པ་ཡིན་གྱི་ཐ་སྙད་ལ་སྤོམ་ཡོར་དུ་བྱས་པས་ནི་ཐ་སྙད་ཀྱི་རྟེན་འབྲེལ་ཟབ་མོ་ཁོང་དུ་ཆུབ་མི་ནུས་སོ། །གསུམ་པ་གཟུང་འཛིན་གཉིས་སུ་མེད་ཀྱང་གཉིས་སུ་སྣང་བ་འཐད་པ་ནི། གཟུང་འཛིན་ཐ་དད་དུ་མེད་ན་མཁས་ནས་བྱིས་པའི་བར་ལ་དེ་གཉིས་སུ་སྣང་ནས་ཁོ་བོའི་བློས་དོན་འདི་དང་འདི་ལྟ་བུ་ཤེས་སོ་ཞེས་གཟུང་འཛིན་ཐ་དད་པར་ཅི་སྟེ་བརྗོད་ཅེ་ན། དོན་དམ་པར་རིག་བྱ་གཟུང་བ་དང་རིག་བྱེད་འཛིན་པའི་རྣམ་པ་ཐ་དད་པར་གྲུབ་པ་མེད་ཀྱང་མིག་བསླད་པ་དག་གི་སྐྲ་ཤད་དང་ཟླ་གཉིས་སོགས་ཤེས་པའི་ངོར་ཡུལ་དང་ཡུལ་ཅན་ཐ་དད་པ་ལྟ་བུར་སྣང་ཞིང་ཁོ་བོས་སྐྲ་ཤད་འདི་ལྟར་མཐོང་ངོ་ཞེས་སོགས་ཀྱི་ཐ་སྙད་བརྗོད་པ་བཞིན། གང་གི་ཚེ་ན་གཟུང་བ་དང་འཛིན་པ་གཉིས་སུ་རྣམ་པར་ཕྱེ་བའི་མཚན་ཉིད་དུ་


MR20_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ནི་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་བག་ཆགས་ཀྱིས་རྣམ་པར་བསླད་པ་ལས་བྱུང་བ་ཅན་ཡིན་ལ། ཇི་ལྟར་འཁྲུལ་པས་གཟུང་བ་དང་འཛིན་པ་ཐ་དད་པ་ལྟར་མཐོང་བར་གྱུར་པ་དེ་ལྟར་སྣང་བ་ཙམ་པོ་དེ་ཡི་ངོར་བྱས་ནས་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་འདི་ཡི་ཐ་སྙད་རྣམ་པར་གཞག་པར་བྱས་པ་དེ་ཡི་ཚེ་གཟུང་བ་དང་འཛིན་པ་ཡི་མཚན་ཉིད་ཐ་དད་པ་འདི་ལ་ནི་གཉིས་སུ་མེད་ན་གཉིས་སུ་སྣང་བ་མི་འཐད་ཅེས་དང་། གཉིས་སུ་སྣང་ན་གཉིས་སུ་མེད་པ་མི་འཐད་ཅེས་བརྩད་བར་བྱ་བ་མིན་ཏེ། གནས་ཚུལ་དང་སྣང་ཚུལ་ལམ། ཡང་དག་པའི་དོན་དང་ཡང་དག་པ་མིན་པའི་ཚུལ་ལམ། དོན་དམ་པ་དང་ཐ་སྙད་ཀྱི་ཚུལ་ལས་ཁས་ལེན་གྱི་རྣམ་གཞག་དེ་ལྟར་གྲུབ་པ་ཡིན་ནོ། །དེས་ན་གཉིས་སུ་སྣང་བའི་ངོར་བྱས་ནས་ཕྱི་རོལ་གྱི་གཟུགས་ལ་སོགས་པར་ཐ་སྙད་འདོགས་པའང་མི་འགལ་བར་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་ཀྱང་ཐ་སྙད་དུ་སྐྱེ་བ་ལ་སོགས་པར་འདོགས་པ་མི་འགལ་བ་བཞིན་ནོ། །གསུམ་པ་གྲུབ་དོན་བསྡུ་བ་ལ། དངོས་དང་དེ་ཡི་འཐད་པ་བསྒྲུབ། །དང་པོ། གོང་དུ་ཇི་ལྟར་བསྟན་པ་ལྟར་ཕྱི་དོན་ཚད་མས་མི་འགྲུབ་པ་དེས་ན་ཤེས་པ་ལས་གཞན་པའི་ཡུལ་ཤེས་པས་རིག་པ་མེད་པའི་ཕྱིར་རང་རིག་པ་ནི་ཚད་མའི་འབྲས་བུ་ཡིན་པར་འདོད་དོ། །གཉིས་པ་ལ། བློ་མྱོང་འཐད་ཀྱི་དོན་མྱོང་མིན། །དེ་ལ་མི་འཐད་རྩོད་པ་སྤང་། །དེ་ཕྱིར་བློ་མྱོང་ཉིད་གྲུབ་པའོ། །དང་པོ། ཕྱི་དོན་ལ་མངོན་པར་ཞེན་པ་རྣམས་ན་རེ། གལ་ཏེ་བློ་ཉིད་ཉམས་སུ་མྱོང་བར་འདོད་པ་བཞིན་དུ་ཕྱི་རོལ་གྱི་དོན་འདི་ཡང་བློས་མྱོང་བར་གྱུར་ན་ཉེས་པ་ཅི་ཞིག་ཡོད་དེ། དོན་ཉམས་སུ་མྱོང་བ་མངོན་སུམ་པ་འདི་ཡོད་བཞིན་དུ་དོན་མི་མྱོང་ཞེས་བཀག་པས་ཡོན་ཏན་ལྷག་པོ་གང་ཡང་མི་ཐོབ་ལ། དོན་མྱོང་ཞེས་པ་དང་བློ་མྱོང་ཞེས་པ་མཚུངས་པར་འགྱུར་ཏེ་དེའི་ཕྱིར་དོན་མྱོང་བར་ཁས་ལེན་ནོ་ཟེར་ན་


MR20_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བློས་མྱོང་བར་ཚད་མས་གྲུབ་པ་ཞིག་ན་དོན་མྱོང་བར་གྱུར་ཀྱང་ཉེས་པ་ཅི་ཡང་མེད་མོད། ཁོ་བོས་ནི་དོན་མྱོང་བ་ལ་ཉེས་པ་ཆེ་བ་དང་བློ་མྱོང་བ་ཡོན་ཏན་དུ་མཐོང་ནས་དོན་མི་མྱོང་ཞེས་བཀག་པ་མ་ཡིན་ཏེ། ཉེས་པ་ཡོད་དུ་ཟིན་ཀྱང་དངོས་པོའི་སྟོབས་ཀྱིས་གྲུབ་ན་དེ་སུས་ཀྱང་དགག་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པའི་རྗེས་སུ་འབྲངས་ནས་ཤེས་པ་ལས་ཐ་དད་པའི་དོན་དེ་ཤེས་པས་ཇི་ལྟར་མྱོང་ཞེས་གཞིག་པའི་ཚེ་དོན་མྱོང་བར་མི་འགྲུབ་ལ། ཤེས་པ་ཉིད་ཡུལ་གྱི་རྣམ་པ་གསལ་རིག་ཙམ་དུ་མྱོང་བར་ཚད་མས་གྲུབ་པས་དེ་ལྟར་སྨྲ་བ་ཡིན་མོད། ཁྱོད་ཀྱིས་དོན་མྱོང་ངོ་ཞེས་ཁས་ལེན་ནའང་ཅི་དགར་རག་སྟེ། འོན་ཀྱང་ཕྱི་རོལ་གྱི་དོན་ནི་མྱོང་བར་གྱུར་པ་ཞེས་པའི་ཚིག་འདི་ཉིད་ཀྱིས་ནི་དམ་བཅའ་བ་ཙམ་ནུས་ཀྱང་དོན་བདེན་པ་ཅི་ཞིག་བརྗོད་པར་འགྱུར་ཞེས་བསམ་པར་བྱ་བ་ཡིན་ནོ། །དེ་ལྟར་བསམ་པ་ན་བློ་རྣམ་པ་མེད་པས་ཡུལ་རྗེན་ཅེར་དུ་མྱོང་བ་ཞིག་ན་བློ་ལ་ནི་ཡུལ་གྱིས་བྱས་པའི་རྣམ་པ་མེད་ཅིང་ཡུལ་དོན་གཞན་དུ་གྱུར་པ་དེ་གཉིས་ལ་འབྲེལ་བ་ཅུང་ཟད་ཀྱང་མེད་པས་དེས་དེ་ཤེས་སོ་ཞེས་པ་དེ་འདི་ལྟར་ཤེས་པ་ཡིན་ཞེས་བརྗོད་པར་རིགས་པ་ཡིན་གྱི་ནམ་མཁའ་ལ་ཚོན་སྣ་ཚོགས་ཀྱིས་ཤིན་ཏུ་མཛེས་པའི་རི་མོ་བྲིས་ཞེས་བརྗོད་པ་ཙམ་གྱིས་ནི་བདེན་པའི་དོན་གང་ཡང་བརྗོད་པར་མི་འགྱུར་རོ། །འོ་ན་ཁྱོད་ཀྱིས་ཀྱང་བློ་ཇི་ལྟར་ཉམས་སུ་མྱོང་ཞེ་ན། བློ་ནི་སྔོན་པོ་ལ་སོགས་པའི་རྣམ་པར་གསལ་བ་དེ་ཙམ་གྱིས་ཉམས་སུ་མྱོང་བར་འགྲོ་སྟེ། འདི་ནི་རང་གི་བློ་ཉིད་ཀྱིས་གྲུབ་ལ་དེ་འདྲའི་མྱོང་ཚུལ་དེ་ཕྱི་དོན་རྗེན་པར་མྱོང་བ་ལ་ཡོད་པར་མི་རིགས་ཏེ་བློ་དང་ཤིན་ཏུ་འབྲེལ་བ་མེད་པས་ཡུལ་གྱི་རང་བཞིན་ཇི་ལྟར་ཡང་མྱོང་པ་བསམ་པར་ནུས་པ་མ་ཡིན་ནོ། །གལ་ཏེ་བློ་ལ་རྣམ་པ་མེད་ན་མྱོང་བ་མི་འཐད་དུ་ཆུག་མོད། བློ་ནི་ཡུལ་དེ་ཡི་རྣམ་པ་ཅན་དུ་སྐྱེ་བ་ན་རྒྱུ་མེད་པར་མི་འབྱུང་བས་ན་རྣམ་པ་དེ་གང་ལ་རྗེས་སུ་ཞུགས་པ་ཅན་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་དེ་ནི་ངེས་པར་ཡོད་དོ་


MR20_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན་རྣམ་པ་ཡོད་ལ་དེ་རྒྱུ་མེད་པར་མི་འབྱུང་བ་ནི་བདེན་ཀྱང་དེ་འདྲའི་རྣམ་པ་བསྙོན་དུ་མེད་པ་དེ་ནི་ཕྱི་དོན་ལས་སྐྱེ་བའམ། ཕྱི་དོན་མིན་པའི་རྒྱུ་གཞན་ནང་གི་བག་ཆགས་ལས་སྐྱེ་ཞེས་འདི་ནི་དཔྱད་པར་རིགས་པ་ཡིན་གྱི། དེའི་རྒྱུར་ཕྱི་དོན་ཡོད་ངེས་པར་གྲུབ་པ་ནི་མ་ཡིན་ཏེ་དེ་རྒྱུ་གཞན་ནང་གི་བག་ཆགས་སད་པ་ལས་ཀྱང་འབྱུང་བ་ལ་རིགས་པས་གནོད་པ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པ་འདི་ནི་ཕྱི་དོན་གྱི་སྟོབས་ཁོ་ན་ལས་སྐྱེའམ་ནང་བློ་ཡི་འདུ་བྱེད་ལས་འབྱུང་ཞེས་བསམ་པ་ན་ཕྱི་དོན་ལས་སྐྱེ་བར་རིགས་པས་ནམ་ཡང་མཐོང་མི་སྲིད་དེ། དེའི་རྒྱུ་མཚན་ཕྱི་དོན་ཉིད་ནམ་ཡང་བློས་དམིགས་མི་སྲིད་པས་ན་དེ་རྒྱུ་ཡིན་པར་ཚད་མ་གང་གིས་ཀྱང་སྒྲུབ་མི་ནུས་ཏེ་མོ་གཤམ་གྱི་བུ་མོ་མཐོང་མི་སྲིད་པ་ཡུལ་གྱི་བདག་པོའི་རེག་བདེ་སྐྱེད་པའི་རྒྱུར་སྒྲུབ་པ་བཞིན་ནོ། །ཕྱི་དོན་ཇི་ལྟར་མི་མཐོང་སྙམ་ན། ཡུལ་གང་དང་གང་ཡིན་ཀྱང་བློས་མཐོང་བའི་ཁྱད་པར་ཏེ་འདི་དང་འདིའོ་ཞེས་པའི་རྣམ་པ་དེ་དང་བྲལ་བ་ན་ཡུལ་ཡན་གར་དུ་ནི་ནམ་ཡང་མི་འཛིན་ལ། ཡུལ་གང་ཡང་རུང་བ་དེ་བློས་ནམ་འཛིན་པ་ན་བློའི་རྣམ་པ་དེ་ཡང་འཛིན་པའི་ཕྱིར་སྔོན་པོར་སྣང་བ་ལ་སོགས་པའི་གང་སྣང་ཅི་སྣང་བ་ཐམས་ཅད་བློ་ལ་སྣང་བའམ་བློས་མཐོང་བ་ཙམ་ཡིན་གྱི་བློ་ལ་སྣང་བ་ཁ་དོག་དང་དབྱིབས་དང་རྡུལ་དུ་གྲུབ་པ་དང་། ཕྱི་རོལ་ན་རྟག་ཏུ་བརྟན་པར་ཡུལ་གཅིག་ཏུ་གནས་པ་དང་། གཡོ་བ་ལ་སོགས་པའི་བྱ་བ་གང་ཅི་མཐོང་བ་ཐམས་ཅད་བློ་ལ་སྣང་བ་ཙམ་དུ་བྱེ་བྲག་མེད་ཅིང་། དེ་ལས་བརྒལ་བའི་ཕྱི་རོལ་ཡན་གར་བའི་དོན་ཡོད་པ་ནམ་ཡང་སྣང་བ་མིན་ན་ཇི་ལྟར་དོན་མྱོང་བ་དང་དོན་ཡོད་པར་འགྱུར་ཏེ། དོན་ཡོད་པའི་རྒྱུ་མཚན་འདི་ཞེས་བཞག་ཏུ་མེད་པར་འགྱུར་རོ། །གཉིས་པ། འདི་ལྟར་སྔོ་སོགས་མྱོང་བ་ནི་བློ་ཡི་རྣམ་པ་ཁོ་ན་མྱོང་བ་མིན་ཏེ། དབང་པོ་དང་ཡིད་བྱེད་ཚང་ན་ཡང་སྐབས་འགར་


MR20_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་འཛིན་ཤེས་པ་སོགས་མི་སྐྱེ་བ་ནི་དམིགས་རྐྱེན་མ་ཚང་བས་ཡིན་ལ། དེ་ལྟ་མིན་ན་བུམ་འཛིན་མིག་ཤེས་སོགས་དོན་སྣང་གི་བློ་རྣམས་ཡུལ་དུས་རེས་འགའ་བར་མི་འགྱུར་ཏེ། བུམ་པ་ཡོད་མེད་ཀྱིས་ཕྱོགས་ཀུན་ཏུ་ཡང་ངེས་པ་མེད་པར་སྐྱེ་བར་འགྱུར་རོ་ཞེ་ན། འདི་ནི་མེ་ཆེན་པོ་འབར་བ་ལ་ཤིང་གི་ར་བ་བསྐོར་བ་ལྟ་བུ་སྟེ། འདི་ལྟར་བུམ་པ་ཡོད་པ་དང་མེད་པའི་ཕྱོགས་ལ་སོགས་པས་མཚོན་ནས་གང་སྣང་བ་ཐམས་ཅད་སེམས་ཙམ་དུ་སྨྲ་བ་ལ་བུམ་པ་མེད་པའི་ཕྱོགས་སུ་བུམ་པ་མི་དམིགས་ལ། ཡོད་པའི་ཕྱོགས་སུ་དམིགས་པས་དེ་ན་ཕྱི་དོན་བུམ་པ་ཡོད་པར་འཇོག་པ་ནི་རྨི་ལམ་གྱི་སོ་ནམ་བྱེད་པ་དང་འདྲའོ། །དེ་ཡང་རྨི་ལམ་ན་སྔ་ན་མེད་པའི་དོན་གྱི་ཁྱད་པར་སོ་སོ་སོ་སོ་མཐོང་ནས་དེ་དང་དེ་ལ་བློ་གསར་དུ་སྐྱེ་བ་དང་། སྔར་མཐོང་བ་སླར་ཡང་མཐོང་ཞིང་རང་གཞན་གཉིས་ཀས་ལོངས་སྤྱོད་པ་ལྟར་སྣང་བ་སོགས་ཉིན་སྣང་ཇི་ལྟ་བར་འཆར་དུ་རུང་མོད་དེས་ཕྱི་དོན་འགྲུབ་པར་མི་འགྱུར་རོ། །བག་ཆགས་བརྟན་བྱུང་གི་ཤེས་པ་དོན་ལྟར་སྣང་བ་འདི་ལ་ཕྱི་རོལ་དོན་དུ་གྲུབ་པ་ཅི་འདྲ་བའི་དོན་བྱེད་པར་སྣང་བ་ཡོད་པ་ཡིན་ལ། བག་ཆགས་མཐུན་པ་དག་གིས་ཀྱང་དེ་ཁོ་ན་ལྟར་ལོངས་སྤྱོད་པར་སྣང་སྟེ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་བསམ་གྱིས་མི་ཁྱབ་པའོ། །ཤེས་པའི་རྣམ་པ་ལ་འདི་ཞེས་ཚད་གཟུང་བ་མེད་པས་བག་ཆགས་ཀྱི་ཁྱད་པར་ཡང་ཚད་མེད་པ་ལས་གང་དང་གང་སད་པ་དེ་ཙམ་མངོན་དུ་སྣང་སྟེ། རྨི་ལམ་ན་ཡང་ཡུལ་དུས་ངེས་པ་ལྟ་བུར་སྣང་གི་ཐམས་ཅད་དུ་སྣང་བ་མིན་པ་བཞིན་ནོ། །དེས་ན་འདིར་ཡང་ནང་བློ་ཡི་ཁྱད་པར་སྔ་མ་སྔ་མ་འགའ་ཞིག་ནི་དོན་སྣང་གི་བློ་ཕྱི་མ་ཕྱི་མ་འགའ་ཞིག་གི་བག་ཆགས་རབ་ཏུ་སད་པར་བྱེད་པའི་རྒྱུ་ཡིན་པ་དེ་ཕྱིར་བློ་ནི་ཡུལ་དུས་འགའ་ཞིག་ཏུ་རྣམ་པར་ངེས་པ་ཅན་དུ་སྐྱེ་བར་གནས་ཀྱི་ཕྱི་རོལ་གྱི་དོན་ལ་ལྟོས་ནས་དེ་ལྟར་སྣང་བ་མ་ཡིན་ནོ། །ཡུལ་ལ་ངེས་


MR20_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟོས་ན་ཡུལ་གཅིག་ལ་སོ་སོའི་སྣང་བ་མི་འདྲ་བ་ཡང་མེད་པར་འགྱུར་ལ། ཡུལ་མེད་པ་གསལ་སྣང་ཡང་མི་སྲིད་ཅིང་། ཡུལ་ཆུང་ངུའི་གོར་ལས་སྣང་གི་སེམས་ཅན་གྱི་འཇིག་རྟེན་བཀོད་པ་སྣ་ཚོགས་པ་དང་། རྨི་ལམ་གྱི་སྣང་བ་དང་། དུས་ཐུང་ངུར་རིང་པོར་སྣང་བ་སོགས་གཏན་མེད་པར་འགྱུར་རོ། །འདིར་ཤཱཀྱ་བློའི་འགྲེལ་བཤད་ལས། རྣམ་པར་ཤེས་པ་འགའ་ཞིག་ཅེས་བྱ་བ་ནི་འཇུག་ཤེས་གང་ཡང་རུང་བའོ། །ནང་གི་བག་ཆགས་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་ཤེས་ལ་གནས་པའི་ནུས་པའོ། །རབ་ཏུ་སད་པར་བྱེད་པ་ནི་ཁྱད་པར་ཅན་གྱི་རྣམ་ཤེས་བསྐྱེད་པར་བྱ་བ་ལ་ནུས་པ་ཐོགས་པ་མེད་པར་སྐྱེད་པར་བྱེད་པའོ། །ཞེས་གསུངས་སོ། །གསུམ་པ། འདི་ལྟར་ཡུལ་ཐ་དད་དུ་ཕྱིན་པ་ན་དེ་དང་དེའི་ཡུལ་གྱི་བཀོད་པ་སྔ་ནས་ཡོད་པ་དེ་དག་མཐོང་བ་བཞིན་ཡུལ་ཕྱི་དོན་དུ་མྱོང་བས་གྲུབ་པ་ཡིན་ན་དེ་མེད་ཅེས་ཅི་ལྟར་སྨྲ་བར་ནུས་སྙམ་ན། ཡུལ་ཐ་དད་པ་ནམ་མཁའ་རབ་འབྱམས་ཀྱི་ཞིང་སོ་སོའི་བཀོད་པ་གང་ཡང་རུང་བ་དེ་དང་འདྲ་བ་མཐོང་བའི་དོན་སྣང་གི་བག་ཆགས་དེ་ན་གནས་པ་རྣམས་དང་མཐུན་པར་སད་པ་ན་དེ་འདྲའི་སྣང་བ་ཐ་དད་པ་མི་འདྲ་བ་མྱོང་བ་ཡིན་ཏེ། དེ་འདྲའི་དོན་སྣང་གི་བག་ཆགས་སད་པའི་ཕྱིར་རྨི་ལམ་དུ་ཡུལ་ཐ་དད་མང་པོ་འགྲིམ་པའི་སྣང་བ་བཞིན་ནོ། །དེ་ལྟ་ན་ཡང་སྣང་བ་དེས་ཕྱི་དོན་གྲུབ་པར་མི་འགྱུར་ཏེ་བློ་ཉིད་ཚུལ་གཉིས་སུ་སྣང་བ་ཡོད་པའི་ཕྱིར་རོ། །དེ་ཡང་ཕྱི་དོན་ལ་ལྟོས་པ་མེད་པར་ནང་གི་བག་ཆགས་སད་པ་ཙམ་གྱིས་སྣང་བ་སྣ་ཚོགས་སུ་འཆར་བ་དེ་ཕྱིར་བློ་གཅིག་པུ་ལ་ཡང་གཟུང་བ་ཡུལ་ལྟར་སྣང་བ་དང་འཛིན་པ་བློ་ལྟར་སྣང་བའི་གཟུང་འཛིན་གྱི་ཚུལ་གཉིས་སུ་སྣང་བ་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ན་གཟུང་བ་དང་འཛིན་པའི་ཚུལ་གཉིས་སུ་རང་དུས་ཀྱི་བློ་རྟོག་པ་མེད་པས་དེ་ལྟར་མྱོང་བ་དང་། ཕྱིས་ཀྱི་རྟོག་པས་དེ་ལྟར་


MR20_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཉིས་ཡོད་པ་དྲན་པས་བློ་འདི་ཡི་ཚུལ་རྣམ་པ་གཉིས་འགྲུབ་པ་ཡིན་ནོ། །ཚུལ་གཉིས་ཡོད་པ་དེའི་ཕྱིར་གཟུང་བ་དེ་འཛིན་པས་ཉམས་སུ་མྱོང་བ་རང་རིག་ཉིད་ནི་ཚད་མའི་འབྲས་བུ་སྟེ་ཀུན་ཏུ་ཐ་སྙད་པའི་ཚད་མའི་སྐབས་འདིར་མཐོང་ཐོས་ལ་སོགས་པ་ཉམས་སུ་མྱོང་བ་འདི་ཙམ་གྱིས་ཐ་སྙད་ཀྱི་དོན་འཇོག་པ་ཡིན་ནོ། །གཉིས་པ་སྣང་ཚུལ་དོན་ལ་ལྟོས་པའི་ཚད་འབྲས་ལ། དོན་ཡོད་ཀྱང་རང་རིག་འབྲས་ཡིན། །དེ་ལ་མི་འཐད་སྤང་བའོ། །དང་པོ་ལ། དོན་ཡོད་ཀྱང་དེ་དངོས་མི་སྣང་། །དེ་ཕྱིར་རང་རིག་འབྲས་བུར་འཐད། །དང་པོ་ལ། གནས་ཚུལ་བློ་ཉིད་མྱོང་བ་ཡིན། །སྣང་ཚུལ་དོན་ལྟར་ཞེན་པ་སྐྱེ། །དེ་ལས་གཞན་དུ་མི་འཐད་པའོ། །དང་པོ་ནི། ཚད་མ་མདོ་ལས། ཡང་ན་རང་རིག་འབྲས་བུ་སྟེ། །དེ་ཡི་ངོ་བོ་ལས་དོན་ངེས། །ཡུལ་གྱི་སྣང་བ་ཉིད་དེ་འདིའི་། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་གསུངས་པ་བཞིན་དུ་སྣང་ཚུལ་ཕྱི་རོལ་དོན་ལྟར་སྣང་བའི་དབང་དུ་བྱས་ཏེ་མདོ་སྡེ་པའི་ལུགས་ལྟར་ན་ཡང་ཕྱི་དོན་གཞལ་བྱ་དང་། གཟུང་རྣམ་ཚད་མ། འཛིན་རྣམ་ཀྱིས་གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་འགྱུར་ཏེ། བཤད་མ་ཐག་པ་དེ་ལྟར་བློ་ལ་ཚུལ་གཉིས་གྲུབ་པ་དེའི་ཕྱིར་གང་ཅི་སྣང་ཅི་མྱོང་ཡང་བློ་ཉིད་ཀྱི་མྱོང་བ་ཙམ་སྟེ། འདི་ལྟར་གང་གི་ཚེ་སྔོ་སོགས་རྣམ་པར་རིག་པ་ཡི་རྣམ་པ་འདི་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡི་ཡུལ་ཤེས་པ་ལས་གཞན་པའི་ཕྱི་དོན་འདོད་པའམ། མི་འདོད་པ་ནང་གི་བག་ཆགས་ཙམ་དུ་སྨྲ་བའི་ལུགས་གཉིས་ཀས་ཀྱང་བློས་ཡུལ་ནམ་འཛིན་པ་ན་ནི་ཕྱི་རོལ་གྱི་དོན་དེ་ཡི་དངོས་པོར་མ་གྲུབ་པ་ཤེས་པའི་རྣམ་པ་ཙམ་པོ་དེ་ནི་དེ་ལྟར་མྱོང་བ་ལས་འོས་མེད་པ་ཡིན་ནོ། །ཚིགས་བཅད་འདི་འགྱུར་འདི་ལྟར་ན་འདི་འདྲར་འཆད་དགོས་ཀྱང་བློ་རྣམ་གཉིས་འགྲེལ་པ་དང་ཅུང་མི་འདྲ་བར་སྣང་ངོ་། །ཡང་ན་འདོད་པ་དང་མི་འདོད་པ་ནི་རྣམ་པའི་རྒྱུ་


MR20_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེ་ཉིད་ཡིད་དུ་འོང་བ་དང་མི་འོང་བར་མཐོང་བ་དེ་གཉིས་ཀས་ཀྱང་གང་རུང་ཁོ་ན་དེའི་དངོས་པོར་མ་གྲུབ་པའི་བློ་རྣམ་མྱོང་བ་ཡིན་ཞེས་སྦྱར་རོ། །གཉིས་པ། དེ་ལྟར་བློ་ཉམས་སུ་མྱོང་བ་འབའ་ཞིག་ཏུ་ཟད་ཀྱང་བག་ཆགས་བརྟན་བྱུང་གི་ཤེས་པ་དོན་ལྟར་སྣང་བ་ལས་དོན་དུ་ཞེན་པ་སྐྱེ་སྟེ། གང་གི་ཚེ་བག་ཆགས་བརྟན་བྱུང་གི་ཤེས་པའི་ཆ་གཟུང་རྣམ་ལ་དོན་དུ་ནི་བཞག་པའི་ཕྱིར་དབང་པོའི་ཤེས་པ་ནི་ཕྱི་རོལ་དོན་གྱི་ཡུལ་དང་བཅས་པ་ལྟ་བུར་སྣང་བ་དེ་ཡི་ཚེ་གནས་ཚུལ་ལ་དབང་པོ་དང་ཡུལ་དག་ཀྱང་ཤེས་པ་ཉིད་དེར་སྣང་བ་ཙམ་ལས་གཞན་དུ་མེད་ཀྱང་ཤེས་པ་བདག་ཉིད་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་ལ་བློ་འཁྲུལ་པས་ཕྱི་རོལ་གྱི་དོན་དུ་བརྟགས་ཤིང་། རྗེས་ཀྱི་ཤེས་པས་ཀྱང་དེ་ལྟར་རྣམ་པར་ངེས་པར་བྱས་ནས་ཞེན་པར་འགྱུར་ཏེ་རྨི་ལམ་གྱི་དབང་པོ་དང་ཡུལ་བཞིན་ནོ། །དེའི་ཚེ་དེའི་ངོར་བྱས་ན་དོན་རིག་པའམ་དོན་རྟོག་པ་དེ་ཉིད་ཚད་འབྲས་སུ་བཞག་ཀྱང་ཡང་དག་པར་དཔྱད་ན་རང་རིག་འབྲས་བུ་ཡིན་ཏེ། དོན་འདྲ་ཞེས་པ་གཟུང་རྣམ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། །གསུམ་པ་ལ། ཐལ་བ་འགོད་དང་འདོད་མི་ནུས། །དང་པོ། གལ་ཏེ་ཕྱི་རོལ་དོན་གྱི་དངོས་པོ་འདི་དག་གི་ངོ་བོའམ་བདག་ཉིད་དེ་དག་སྐྱེས་བུ་ལྟ་བ་པོའི་འདོད་པ་སྟེ་ཡིད་དང་མཐུན་པའི་རྣམ་པར་མྱོང་བ་དང་། རྣམ་པ་གཞན་མི་འདོད་པ་རྒྱབ་ཀྱིས་ཕྱོགས་པ་ཉིད་དུ་མྱོང་བར་གྱུར་ན། འདོད་པའམ་མི་འདོད་པ་དག་ཏུ་སྣང་བ་དེས་ཀྱང་དོན་རིག་པར་ནི་འགྱུར་བ་ཡིན་པར་འདོད་ཀྱི་གང་རུང་རེས་མ་མཐོང་ཞེས་ནི་སྨྲ་མི་ནུས་ཏེ། གཉིས་ཀ་དོན་རང་མཚན་གྱི་ཡུལ་ཅན་དུ་ཁྱད་མེད་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་དོན་ནི་ཡོད་དུ་ཆུག་ན་ཡང་རང་གིས་ཇི་ལྟར་ཉམས་སུ་མྱོང་བ་ཉིད་དེ། ཡུལ་དེ་དག་དེ་ལྟ་བུར་གནས་པ་ཉིད་དུ་ངེས་པའི་བདག་ཉིད་དུ་འདོད་ལ། དེ་ལྟར་འདོད་མི་འདོད་དུ་སྣང་བ་དེ་ཡུལ་རང་གི་ངོ་བོས་རྗེན་


MR20_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཅེར་དུ་སྣང་བ་མ་ཡིན་ཏེ། ཡུལ་གཅིག་འདོད་པ་དང་མི་འདོད་པའི་རྣམ་པ་དུ་མའི་བདག་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་ཡང་སྐྱེས་བུ་གཅིག་མཐོང་བ་ན་དགྲ་གཉེན་སོ་སོས་ཡིད་དུ་འོང་མི་འོང་དུ་མཐོང་བ་དང་། དེ་བཞིན་དུ་གཟུགས་དང་སྒྲ་ལ་སོགས་པའི་དངོས་པོ་ལ་ཡུལ་ཅན་སོ་སོའི་དབང་ཤེས་ཀྱིས་མཐོང་བ་ན་དབང་ཤེས་དེ་དང་རྗེས་སུ་མཐུན་པ་དང་མི་མཐུན་པར་སྣང་བ་དང་ཡིད་རྟོག་མེད་ལའང་དེ་ལྟར་སྣང་བ་མི་འདྲ་བ་ཡོད་པ་གྲུབ་ལ། ཇི་ལྟར་སྣང་བ་དེ་ཡུལ་རང་གི་ངོ་བོ་རྗེན་ཅེར་བ་དེ་ལ་གྲུབ་དགོས་པས་ན་བློ་ཡི་རྣམ་པ་མེད་པར་ཡུལ་རང་ཉིད་རྗེན་པར་སྣང་བ་ཡིན་ན་ཐམས་ཅད་ལ་འདྲ་བར་སྣང་བ་ལས་ཁྱད་པར་ཐ་དད་པ་ཡོད་པར་མི་རིགས་སོ། །གཉིས་པ་ལ། བསལ་བ་བརྗོད་དང་དེའི་ལན་འགོག །དང་པོ། ཡུལ་གྱི་ངོ་བོ་ལ་དེ་ལྟར་འདོད་མི་འདོད་ཀྱི་རྣམ་པ་ཐ་དད་བར་གྲུབ་པར་འདོད་ཅེས་ཁས་བླངས་ན་ཡང་འདོད་མི་འདོད་ཇི་ལྟར་གནས་པ་གཉིས་པོ་དེ་དག་གཅིག་ཅར་སྣང་གི་ཐ་དད་པར་སྐྱེས་བུ་སོ་སོ་ལ་སོ་སོའི་སྣང་བ་རེ་རེ་ནི་མྱོང་བར་མི་འགྱུར་རོ། །འདི་ནི་དོན་གྱིས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པ་དང་རིགས་པ་འགྲོ་ལུགས་གཅིག་ཀྱང་འདིར་དོན་མེད་པའི་སྒྲུབ་བྱེད་དུ་ནི་མ་བཀོད་དེ་དོན་ཡོད་དུ་ཆུག་ཀྱང་སྣང་བ་ཐ་དད་ཡོད་པ་བསྙོན་དུ་མེད་པས་ན་དོན་མྱོང་བ་འདི་ཤེས་པ་ལས་འོས་མེད་ཅེས་པའི་དོན་ཡིན་ནོ། །གཉིས་པ་ལ། ལས་ཀྱིས་ཅིག་ཤོ༷ས་བསྒྲིབས་པ་དང་། །རྟོག་པས་གཉིས་སུ་སྣང་ལན་དགག །དང་པོ། ཡུལ་མཐོང་བ་པོ་དེས་གང་མ་མཐོང་པ་དེ་ནི་རང་གི། ལས་ཀྱིས་བསྒྲིབས་པའི་ཕྱིར་གཉིས་ཀ་མཐོང་བ་མིན་ནོ་ཞེ་ན། དེ་ལྟ་ན་ཕྱི་དོན་ཡོད་པ་ཅན་གྱི་དབང་གིས་དེ་དང་དེ་བློས་རྟོགས་པར་མི་འགྱུར་ཏེ། འདི་ལྟར་དབང་ཤེས་སྐྱེད་པའི་རྒྱུར་འདོད་པ་སྣང་བ་དུ་མའི་བདག་ཉིད་ཅན་གྱི་དངོས་པོ་དེ་ཡུལ་ཉེ་བ་ན་ཡོད་བཞིན་དུ་དེ་ལ་དམིགས་པའི་བློས་གང་


MR20_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གཅིག་གི་བདག་ཉིད་དག་ཏུ་མཐོང་བར་བྱེད་པ་ན་མ་མཐོང་བ་དེ་ནི་དོན་ཡིན་དུ་ཟིན་ཀྱང་ཇི་ལྟར་ན་དོན་རང་ཉིད་ཤེས་པས་མཐོང་བར་བྱེད་པར་འགྱུར་བ་ཡིན་ཏེ། ཡུལ་རུང་བ་ན་གནས་ཀྱང་དེ་ཤེས་པ་བསྐྱེད་པའི་རྒྱུ་མི་བྱེད་དོ། །དེ་ལྟར་ན་མཐོང་བར་གྱུར་པ་དེ་ཡང་དོན་གྱི་སྟོབས་ལས་སྣང་བ་ཡིན་མིན་ལ་ཐེ་ཚོམ་ཟ་སྟེ་དོན་ཁོ་རང་གི་དངོས་པོ་ལ་འདོད་པ་དང་མི་འདོད་པ་ཆ་སོ་སོར་དབྱེར་མེད་པ་ངོ་བོ་ཉིད་ཀྱིས་ཡོད་པ་ལ། དེའི་རྣམ་པ་དང་མི་མཐུན་པར་སྣང་བ་དེ་དོན་རང་གི་སྟོབས་ཀྱིས་སྣང་བ་མིན་པར་གྲུབ་པས་ན་ཟླ་གཉིས་ལ་སོགས་པ་བཞིན་དུ་ཡུལ་ངེས་པར་ཡོད་པར་ཡང་མི་འགྱུར་རོ། །དཔེ་འགའ་ན་མ་མཐོང་བ་ཞེས་ལས་ཀྱི་དབང་གིས་སྣང་བ་དེ་ལས་གཞན་བསྒྲིབས་སོ་ཞེ་ན། ལས་དེས་དོན་དེ་ཉིད་རང་ངོར་སྣང་བ་དེ་གཅིག་པུའི་རྣམ་པར་སྣང་བར་བྱེད་ན་མ་མཐོང་བ་ཞེས་པ་ལས་དེ་ཇི་ལྟར་ཕྱི་དོན་མཐོང་བར་བྱེད་པའི་རྒྱུ་ཡིན་ཏེ། དོན་དུ་མའི་བདག་ཉིད་ཅན་དེ་དངོས་སུ་མི་སྣང་བར་རྣམ་པ་གཞན་དུ་འཁྲུལ་བར་བྱེད་པའི་རྒྱུར་འགྱུར་རོ། །དེ་ལྟ་ན་རང་ལ་སྣང་བ་དེ་ཡང་སོ་སོའི་ལས་སྣང་ཙམ་ལས་དོན་ཐུན་མོང་བ་ཡོད་པར་མི་འགྱུར་བའི་དོན་དུའང་བཤད་དོ། །གཉིས་པ། གལ་ཏེ་ཡུལ་གཅིག་ལ་འདོད་དང་མི་འདོད་པར་སྣང་བ་ནི་ཡིད་ཀྱི་རྟོག་པ་ཙམ་ཡིན་ཏེ། གོམས་པའི་དབང་གིས་ཆགས་ལྡན་དང་ཡིད་ལོག་གིས་བུད་མེད་མཐོང་བ་བཞིན་ཡིན་གྱི་དོན་རང་ཉིད་འཛིན་པའི་དབང་པོའི་བློ་ལ་འདྲ་མི་འདྲར་སྣང་བ་མིན་ཏེ་དབང་ཤེས་མ་འཁྲུལ་བ་ཐམས་ཅད་ཀྱིས་དོན་དེ་ཉིད་རྗེན་པར་འཇལ་ལོ་སྙམ་ན། དབང་ཤེས་དེ་ལའང་འཆི་ལྟས་ཀྱིས་ཟིན་པ་དང་མིག་སེར་དང་སྲོག་ཆགས་སོ་སོའི་དབང་པོའི་ཁྱད་པར་ལ་སོགས་པར་གཅིག་གིས་མཐོང་བ་ལྟར་ངེས་པ་མེད་པར་གང་རུང་གི་མཐོང་བའམ་སྔར་མཐོང་བ་དང་མཚམས་སྦྱོར་བ་མེད་པའམ་མི་མཐུན་པའི་སེམས་གཞན་དང་གཞན་མཐོང་བ་ཡིན་པས་དབང་ཤེས་ལའང་དོན་ཇི་ལྟར་ཡིན་པ་རྗེན་པར་སྣང་བར་མ་ངེས་སོ། །དེ་ཡང་དབང་པོ་ལ་རབ་རིབ་སོགས་ཀྱིས་བསླད་པ་མེད་ཀྱང་ཡུལ་མཐོང་བ་མི་འདྲ་བ་དང་སོ་སོའི་དབང་ཤེས་ལ་བདེ་བ་དང་


MR20_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྐྱེད་པའི་རྣམ་ལྡན་དུ་འགྱུར་བ་དུ་མར་མཐོང་སྟེ། འཆི་ལྟས་སུ་སྔར་རང་གི་བུ་ཡིད་དུ་འོང་བ་མཐོང་བ་ཕྱིས་མི་འདོད་པའི་རྣམ་པར་མཐོང་བ་སོགས་དང་། དེ་བཞིན་དུ་སྒྲ་གཅིག་ལའང་ཉན་ཤེས་རྗེས་སུ་ཞུགས་པ་དང་རྒྱབ་ཀྱིས་ཕྱོགས་པའི་ངང་ཚུལ་ཅན་དུ་སྐྱེ་བ་སོགས་དང་། སྲོག་ཆགས་འགའ་ཞིག་གི་དབང་པོ་ལ་བདེ་བ་སྐྱེད་པ་དེས་ལ་ལར་སྡུག་བསྔལ་སྐྱེད་པར་བྱེད་པ་ཡོད་དོ། །དེ་དག་ཡིད་ཀྱིས་འདོར་ལེན་བྱེད་པ་ཁོ་ནར་མ་ངེས་ཏེ་དུད་འགྲོ་སོགས་ལའང་སྔར་བཟའ་མ་མྱོང་བའི་ཟས་བྱིན་པ་ན་ལྕེ་ཤེས་བདེ་བའི་རྣམ་པས་མྱོང་ཞིང་བཟའ་བ་དང་འགའ་ཞིག་འདོར་བ་བཞིན་ནོ། །འདིར་ནི་དེ་ཙམ་གྱི་ཆ་བསྟུན་ནས་གསུངས་ཀྱང་དེས་མཚོན་པར་དཔྱད་ན། མིག་སེར་ཅན་གྱིས་དུང་སེར་པོར་དམིགས་པའང་དམིགས་རྐྱེན་དུང་མེད་ན་སྣང་བ་དེ་མི་འབྱུང་བ་ཡིན་མོད་དུང་གི་དབྱིབས་དུ་ཇི་ལྟ་བར་སྣང་ཡང་ཁ་དོག་སེར་པོ་ཅན་དུ་དམིགས་པ་ན་དེ་འདྲའི་དུང་སེར་པོ་ཕྱི་དོན་དུ་གྲུབ་མ་མྱོང་ཡང་སེར་པོ་དང་རྫས་ཐ་དད་དུ་མེད་པའི་དབྱིབས་སྣང་དེ་ཡང་ཤེས་པའི་རྣམ་པ་མིན་ན་དོན་རང་གི་ངོ་བོ་ལ་གྲུབ་པར་འགྱུར་རོ། །དེས་ན་ཕྱི་དོན་རང་གི་ངོ་བོ་ཤེས་པས་རྗེན་པར་འཛིན་པའི་ལུགས་ལ་ནི་ཡུལ་ལ་འཁྲུལ་པའི་གསལ་སྣང་འབྱུང་མི་སྲིད་དེ། ཇི་ལྟར་སྣང་བ་དོན་དེའི་རང་བཞིན་ཉིད་ཡིན་པས་དོན་རང་ལ་སྣང་བ་དེ་ལྟ་བུའི་ཆོས་འགལ་བ་གནས་པ་མི་སྲིད་དོ། །འདི་ལྟ་བུ་མངོན་སུམ་ལྟར་སྣང་བ་དབང་པོ་བསླད་པ་ལས་བྱུང་བ་ཡིན་ཀྱང་ཇི་ལྟར་དུང་སེར་པོར་སྣང་བ་ཡུལ་དུང་གི་རང་བཞིན་ཕྱི་དོན་གྱི་ངོ་བོར་སྣང་བ་དེ་ཤེས་སྣང་ཙམ་དུ་གྲུབ་པ་ན། དུང་དཀར་སྣང་ཡང་དེ་དང་འདྲ་སྟེ་སྣང་ཚུལ་དོན་ལྟར་སྣང་བ་ལ་ཁྱད་པར་མེད་པ་མྱོང་བས་གྲུབ་པ་ལ་དཔག་ནས་ཤེས་པའི་རྣམ་པ་ཡོད་པར་ཁོང་དུ་ཆུབ་པར་བྱའོ། །དེ་ལྟ་ནའང་རེ་ཞིག་ཕྱི་དོན་ཁས་ལེན་པའི་དབང་དུ་བྱས་ན་དུང་དཀར་སྣང་དང་སེར་སྣང་གཉིས་ཀ་ཤེས་པའི་རྣམ་པར་ཁྱད་མེད་ཀྱང་སེར་སྣང་ནི་འཁྲུལ་


MR20_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསླད་ལ། དཀར་སྣང་ནི་མ་བསླད་པའི་ཕྱིར་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་དུང་རང་ཉིད་དཀར་པོ་ཉིད་དུ་ཡོད་ཅེས་བརྗོད་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ལྗོན་ཤིང་འགྲོ་སྣང་ལ་སོགས་པ་འཁྲུལ་སྣང་ཀུན་དང་ལས་སྣང་གི་སྣང་བ་མི་འདྲ་བ་ཀུན་ཀྱང་རྣམ་པ་སོ་སོར་མྱོང་བ་བསྙོན་དུ་མེད་ལ། རྣམ་པ་གཏོད་བྱེད་ཀྱི་བལྟ་བྱ་ཐུན་མོང་བ་དེ་སོ་སོས་ཇི་ལྟར་མཐོང་བ་དེ་དང་དེའི་བདག་ཉིད་དུ་ཡོད་ན་མཐོང་བ་ཐམས་ཅད་ཚད་མར་འགྱུར་བའི་ཕྱིར་འདི་ལ་ཡུལ་གྱི་གནས་ཚུལ་གང་ཡིན་དང་། ཡུལ་ཅན་གང་ཚད་མ་ཡིན་པའི་རྣམ་གཞག་བཞག་ཏུ་མེད་པར་འགྱུར་རོ། །ཇི་ལྟར་རང་རང་སོ་སོས་མཐོང་བ་དེས་དོན་དེ་དང་དེ་ལྟ་བུར་རིག་པའི་ཐ་སྙད་བྱེད་ཀྱང་ཡུལ་གྱི་སྣང་བ་དེ་ལ་བརྟན་མི་བརྟན་དང་། ཡུལ་ཅན་མཐོང་བ་དེ་ལ་བསླད་པ་ཞུགས་མ་ཞུགས་ཀྱི་ཆ་ལས་ཚད་མ་དང་ཚད་མིན་གྱི་བློར་འཇོག་སྟེ་དུང་དཀར་འཛིན་དང་སེར་འཛིན་བཞིན་ནོ། །དེས་ན་ཕྱི་དོན་འདོད་པའི་སྐབས་འདིར་དོན་རིག་ཚད་མས་གཞལ་བྱ་དེ་འགལ་བ་སྣ་ཚོགས་པའི་དངོས་པོ་ཅན་དུ་ཚད་མས་གྲུབ་པར་ནམ་ཡང་བཞག་ཏུ་མི་རུང་བས་རེ་ཞིག་དུང་དཀར་པོ་ཉིད་དུ་གྲུབ་ཅེས་མཐའ་གཅིག་ཏུ་ཁས་ལེན་པ་ལྟར་དགོས་པས་ན་གཞན་དང་གཞན་དུ་སྣང་བ་ནི་རྣམ་པ་ཙམ་དུ་ཁས་མི་ལེན་པར་ཡུལ་རང་གི་དངོས་པོ་རྗེན་ཅེར་དུ་སྣང་བ་ལྟར་ན་སོ་སོ་ལ་ཇི་ལྟར་སྣང་བ་དེ་ཡུལ་དེ་ལ་དེ་ལྟར་གྲུབ་པར་འགྱུར་རོ། །གལ་ཏེ་མ་གྲུབ་པ་ཞིག་ན་སོ་སོའི་བག་ཆགས་ཀྱི་སྣང་བ་ཙམ་ལས་བལྟ་བྱ་ཐུན་མོང་བའི་ཕྱི་དོན་ཀྱང་གྲུབ་པར་མི་འགྱུར་ཏེ། སོ་སོའི་བག་ཆགས་ཀྱི་དབང་གིས་སམ་ལས་སྣང་གིས་མཐོང་བ་དེ་མིན་པའི་ཐུན་མོང་བ་ནི་འདི་ཡིན་ནོ་ཞེས་སུས་ཀྱང་བཞག་པར་མི་ནུས་སོ། །འདི་ནི་ཐ་སྙད་དཔྱོད་པའི་ཚད་མའི་སྐབས་སུ་གལ་ཆེ་བས་ཤིན་ཏུ་བསམ་པར་བྱ་བ་ཡིན་ནོ། །གཉིས་པ་རང་རིག་འབྲས་བུ་ཡིན་པ་ནི། སྔར་ཚད་འབྲས་དང་པོའི་སྐབས་སུ་དོན་རྟོགས་པ་ཙམ་ལ་ཚད་འབྲས་


MR20_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་ཀྱང་ལེགས་པར་དཔྱད་ན་དེ་རང་རིག་ལས་འོས་མེད་པ་ཡིན་ཏེ། དེའི་ཕྱིར་ཕྱི་དོན་འདོད་པའི་ལུགས་ལའང་རང་རིག་འབྲས་བུ་ཡིན་པར་འགྱུར་རོ། །ཇི་ལྟར་ན། དོན་མྱོང་བ་འདི་ནི་བློ་ལ་གནས་པའི་རྣམ་པ་མྱོང་བ་ཡིན་གྱི་དོན་རྗེན་པར་མྱོང་བ་མིན་པ་དེ་ཕྱིར་ཕྱི་རོལ་གྱི་དོན་སྔོ་སོགས་གཞལ་བྱ་ཉིད་དུ་འདོད་པའི་ལུགས་ལའང་ཤེས་པ་རང་ཉིད་ཉམས་སུ་མྱོང་བའི་རང་རིག་འདི་ནི་ཚད་མའི་འབྲས་བུ་ཡིན་པར་རིགས་ཏེ་རྒྱུ་མཚན་གང་གི་ཕྱིར་ན་ཇི་ལྟར་སྔོ་སོགས་སུ་སྣང་བའི་རྣམ་པ་འདི་ཡི་རང་བཞིན་ཤེས་པ་རང་ཉིད་ཀྱིས་ཉམས་སུ་མྱོང་བ་དེ་ལྟར་ཕྱི་རོལ་གྱི་དོན་ནི་དེ་ལྟར་རྣམ་པར་ངེས་པར་བྱེད་ཀྱི་གཞན་དུ་ཕྱི་དོན་འདི་དང་འདི་ལྟ་བུ་ཞེས་ངེས་པ་མི་སྲིད་དོ། །དེས་ན་དོན་ཡོད་ཀྱང་རང་རིག་འབྲས་བུ་ཡིན་ན་དོན་མི་འདོད་པའི་ལུགས་ལ་ལྟ་ཅི་སྨོས་ཞེས་ཤེས་པར་འགྱུར་རོ། །གཉིས་པ་ཕྱི་དོན་འདོད་པའི་ལུགས་ལ་རང་རིག་ཚད་འབྲས་ཡིན་པ་མི་འཐད་པའི་རྩོད་སྤང་ལ། འཛིན་རྣམ་ཚད་མར་ཐལ་བ་སྤང་། །ཕྱི་དོན་གཞལ་བྱར་མི་འཐད་སྤང་། །དང་པོ་ལ། བསམ་པའི་དབང་གིས་འཛིན་རྣམ་མིན། །མིན་ཀྱང་རང་རིག་འབྲས་མི་འགལ། །དང་པོ། གལ་ཏེ་ནང་གི་ཤེས་པ་མྱོང་བ་ཙམ་ཕྱི་རོལ་ལ་ཚད་མར་འགྱུར་ན་འཛིན་རྣམ་དེ་ཕྱི་རོལ་ལ་ཚད་མར་འགྱུར་ཏེ། གཟུང་བ་སྔོན་པོར་སྣང་བ་དེ་ལ་འཛིན་རྣམ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། ཕྱི་དོན་འདོད་པ་དེའི་ཚེ་དོན་དུ་སྣང་བ་གཟུང་རྣམ་འདི་ཉིད་ནི་ཕྱི་རོལ་ལ་ཚད་མ་ཉིད་དུ་འགྱུར་བ་ཡིན་གྱི་འཛིན་རྣམ་མ་ཡིན་ཏེ། འཛིན་རྣམ་དེ་ཡོད་དུ་ཟིན་ཀྱང་ནི་དེའི་ཡུལ་ནང་གི་བློའི་རྣམ་པ་དེ་ཡིན་གྱི་དོན་གཞན་པ་ཕྱི་དོན་མིན་པའི་ཕྱིར་ཕྱི་རོལ་ལ་འཛིན་རྣམ་བདག་ཉིད་ནི་ལྟོ༷ས་པར་བྱ་བ་མིན་ཏེ། ཁ་ནང་ལྟའི་ཤེས་པ་ཡིན་པའི་ཕྱིར་རོ། །འདིར་སྡེབ་སྦྱོར་གོ་བདེར་བསྡེབས་ན། དེ་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་འཛིན་པའི་བདག་ཉིད་དེ། །ཡོད་དུ་ཟིན་ཀྱང་དོན་གཞན་གྱི། །


MR20_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་ལྟོས་པ་མིན་ཕྱིར་རོ། །ཞེས་པ་ཡིན་ནོ། །འོ་ན་གཟུང་རྣམ་ཡང་ཕྱི་དོན་ལ་ཚད་མར་མི་འགྱུར་ཏེ་དེས་ཀྱང་ཕྱི་དོན་དངོས་སུ་མི་འཛིན་པའི་ཕྱིར་རོ་ཞེ་ན། དེས་ཕྱི་དོན་དངོས་སུ་མི་འཛིན་པར་འདོད་ཀྱང་རྒྱུ་མཚན་གང་གི་ཕྱིར་ན་ཇི་ལྟར་དོན་སྔོན་པོ་ལ་སོགས་པའི་བདག་ཉིད་དེ་ལྟ་བུར་ཤེས་པ་རང་ངོ་ལ་གནས་པ་དེ་ལྟ་བུར་ཕྱི་དོན་ལ་མངོན་པར་ཞེན་པའི་བསམ་པའི་དབང་གིས་ཕྱི་དོན་འདི་ནི་བློ་ལ་ཇི་ལྟར་སྣང་བ་དེ་ལྟར་དུ་གནས་སོ་ཞེས་ངེས་པར་བྱེད་པ་ཡིན་ལ། དོན་སྣང་དེ་ཡི་བདག་ཉིད་ནི་རིག་པ་ཡིན་པ་དེ་ཕྱིར་དེ་ཉིད་དོན་རིག་པའམ་ཤེས་པ་ཞེས་སུ་འདོད་དེ། འདི་ལྟར་སྣང་བ་དེ་བློ་རང་ཉིད་དོན་ལྟ་བུར་སྣང་བ་ཡིན་གྱི་དོན་གྱི་བདག་ཉིད་རྗེན་པར་སྣང་བ་ཉིད་མ་ཡིན་ཀྱང་ཕྱི་དོན་དེ་ཡི་སྒྲུབ་བྱེད་དམ་ཚད་མ་ཡིན་ཏེ། བློ་ལ་ནི་གནས་པའམ་སྣང་བའི་དོན་གྱི་རྣམ་པ་རྒྱུའི་དོན་རྟོགས་པའི་བྱ་བ་དེ་བྱེད་པའི་ཕྱིར་རོ། །དེ་གང་གི་ཕྱིར་ན་ཇི་ལྟར་སྔོ་སོགས་ཀྱི་དོན་དེ་ནི་བློ་ལ་གནས་པ་དེ་ལྟར་ཕྱི་དོན་དེ་ཡང་རབ་ཏུ་གསལ་བར་རྟོགས་པ་ཡིན་ནོ། །གཉིས་པ། དེ་ལྟར་ན་རང་རིག་འབྲས་བུར་མི་འགྱུར་ཏེ་གཟུང་རྣམ་རང་ཉིད་ཀྱིས་དོན་རྟོགས་པའི་བྱ་བ་བྱེད་པའི་ཕྱིར་སྔར་དོན་རྟོགས་ཚད་འབྲས་སུ་བཤད་པ་བཞིན་ནོ། །བྱ་བ་མི་བྱེད་ན་ནི་དེ་ཚད་མར་ཡང་མི་རུང་སྟེ་དེ་ལ་དོན་རྟོགས་པའི་བྱ་བ་མེད་པའི་ཕྱིར་རོ། །གཞན་ཡང་འཛིན་རྣམ་ཚད་མར་མི་འགྱུར་བ་ནི་དེས་ཕྱི་དོན་ཡུལ་དུ་མི་བྱེད་པས་ཡིན་ན་རང་རིག་ཀྱང་དོན་རིག་གི་ཚད་འབྲས་སུ་མི་འགྱུར་ལ། ཚད་མ་དང་འབྲས་བུ་ནི་ཡུལ་ཐ་དད་པའང་མི་འདོད་པའི་ཕྱིར་ན་དོན་སྨྲ་བའི་ལུགས་ལ་རང་རིག་ཚད་འབྲས་སུ་ཇི་ལྟར་བཞག་ཅེ་ན། ཕྱི་དོན་འཇོག་པ་ནི་གཟུང་རྣམ་དེ་ཡི་བདག་ཉིད་ཡིན་པའི་ཕྱིར་དོན་དུ་ཤེས་པ་ཉིད་སྔོ་སོགས་སུ་སྣང་བ་ཉིད་ཤེས་པ་རང་གིས་ཉམས་སུ་མྱོང་བའི་རང་རིག་པ་ཙམ་ལས་དོན་དངོས་སུ་རིག་པ་མེད་པ་ཡིན་ཡང་ཕྱི་དོན་ལྐོག་ན་མོའི་ཚུལ་དུ་འདོད་པ་དེ་ཡི་དབང་དུ་བྱས་ནས་ཁ་ཕྱིར་


MR20_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཀྱི་དོན་རིག་པར་འདོད་དེ། ཕྱི་དོན་ཁས་ལེན་ཕན་ཆོད་དེའི་སྒྲུབ་བྱེད་བློ་ལ་སྣང་བ་འདི་ལས་གཞན་མི་སྲིད་པའི་ཕྱིར་རོ། །དེ་ཕྱིར་ཚད་མ་གཟུང་རྣམ་དང་འབྲས་བུ་རང་རིག་གཉིས་ཀའི་ཡུལ་ཐ་དད་པའང་མིན་ཏེ། གཟུང་རྣམ་གྱིས་ཕྱི་རོལ་སྔོན་པོ་ཇི་ལྟར་རྟོགས་པའི་བྱ་བ་བྱས་སྙམ་ན། སྔོན་པོ་ཉིད་དུ་གསལ་བར་ཉམས་སུ་མྱོང་བ་དེ་ཙམ་གྱིས་བྱ་བ་བྱས་པ་ཡིན་ལ། ཉམས་སུ་ཅི་ལྟར་མྱོང་ན་སྔོན་པོ་དང་སྔོ་འཛིན་གཉིས་སུ་སྣང་བ་ལྟར་བསླད་པའི་དབང་གིས་སྣང་ཡང་། གཟུང་འཛིན་རང་གི་ངོ་བོ་ལ་དཔྱོ༷ད་པ་ན་ཡུལ་དང་ཡུལ་ཅན་གཉིས་སུ་མ་གྲུབ་པའི་སྔོན་པོ་ཉིད་ཀྱི་རྣམ་པར་གསལ། ཙམ་གྱི་རང་རིག་པ་དེ་ཕྱི་དོན་ཡོད་པའི་དབང་དུ་བྱས་ན་ཡང་འབྲས་བུ་ཡིན་པར་བཤད་དེ། སྔོན་པོ་ཉིད་ཀྱི་རྣམ་པར་སྐྱེས་པའི་བློ་དེས་སྔོན་པོ་རྟོགས་པའི་བྱ་བ་བྱས་པ་ཡིན་ནོ། །དེས་ན་ཕྱི་དོན་ཡོད་པ་ལྟར་སྣང་བའི་ངོར་ཁ་ཕྱིར་བལྟས་དང་ནང་བལྟས་ཀྱི་ཚུལ་གཉིས་སུ་ཕྱེ་བ་དང་། བསླད་པའི་སྣང་བ་ལ་ལྟོས་ནས་གཟུང་འཛིན་གཉིས་སུ་ཕྱེ་བ་ལྟར་ཐ་དད་པའི་ཚུལ་དུ་བཤད་ན་ཡང་ཤེས་པ་ཁ་ཕྱིར་བལྟས་ཏེ་ཤེས་པ་ལས་གཞན་པའི་ཡུལ་མྱོང་བའང་མེད་ལ། གཟུང་རྣམ་ལས་གཞན་པའི་འཛིན་པ་ཡན་གར་དུ་མེད་པའི་ཕྱིར་དོན་རིག་པར་འདོད་པ་དེ་ཡང་དོན་དམ་པར་རང་རིག་དེ་ཡི་བདག་ཉིད་ཡིན་པའི་ཕྱིར་ཤེས་པས་ཉམས་སུ་མྱོང་བ་ཐམས་ཅད་ནི་ཤེས་པ་ཉིད་དེ་དང་དེར་གསལ་ཙམ་གྱིས་རང་རིག་པ་ལས་རྣམ་པ་ཀུན་ཏུ་མི་འདའ་བའི་ཕྱིར་རོ། །འདི་དག་གི་ཤན་ལེགས་པར་མ་ཕྱེད་ན་བློ་ཐམས་ཅད་རང་རིག་ཏུ་འགྱུར་ཚུལ་མི་ཕྱེད་པས་ཞིབ་ཏུ་བསམ་པར་བྱ་བ་གལ་པོ་ཆེའོ། །གཉིས་པ་ཕྱི་དོན་གཞལ་བྱར་མི་འཐད་པའི་རྩོད་སྤང་ལ། དོན་ནི་རྒྱུ་ཕྱིར་གཞལ་བྱ་ཡིན། །རྒྱུ་མིན་སྣང་བས་རྩོད་པ་མེད། །དང་པོ། ཤེས་པ་རྣམ་བཅས་སུ་སྨྲ་བ་ལྟར་ན་ཤེས་པ་ལ་སྣང་བ་ནི་དོན་མ་ཡིན་ལ། དོན་ནི་རྣམ་པ་དེའི་རྒྱུ་ཅན་


MR20_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རང་གི་རྒྱུ་ཙམ་གཞལ་གྱི་ཕྱི་དོན་ཉིད་གཞལ་བྱར་མི་འགྱུར་རོ་ཞེ་ན། རྒྱུ་གཞལ་ཀྱང་དོན་མ་གཞལ་བར་མི་འགྱུར་ཏེ། རྣམ་པ་དེ་ཕྱི་དོན་རང་མཚན་དེ་དང་འདྲ་བའམ་གཞན་ནང་གི་བག་ཆགས་འཇོག་བྱེད་དང་འདྲའང་རུང་སྟེ་རྒྱུ་ཡི་སྟོབས་ལས་ཤེས་པ་ཉིད་སྔོ་སོགས་ཀྱི་རྣམ་པ་དེ་ལྟར་སྣང་བ་ཙམ་ནི་བསྙོན་དུ་མེད་པ་ཡིན་ལ། དེ་འདྲའི་རྒྱུ་ནི་དོན་ཡང་ཡིན་ཏེ་ཤེས་པ་ལ་རྣམ་པ་འཇོག་པའི་རྒྱུ་ལས་གཞན་དུ་གྱུར་པའི་དོན་ཞེས་བྱ་བ་ཅི་ཡང་མེད་དེ། ཤེས་པ་ཉིད་མི་བསྐྱེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དོན་དུ་ཡང་མི་འཐད་དོ། །རྒྱུ་མ་ཡིན་པའི་གཟུང་དོན་ཡོད་ན་དུས་མཉམ་པ་དེ་ཡིན་དགོས་ན་དེས་ཤེས་པ་ལ་ཕན་མི་འདོགས་པར་བསྒྲུབས་ཟིན་པས་ན་དེ་འདྲའི་དོན་ནི་གཞལ་བྱ་ཉིད་དུ་འདོད་དེ། དེ་ཡང་དམིགས་རྐྱེན་གྱི་དོན་ལས་ཤེས་པ་སྐྱེའོ་ཞེས་དེའི་རྒྱུར་འདོད་པ་འདི་ནི་ཇི་ལྟར་སྣང་བ་འདི་ཡི་ངོར་བྱས་ནས་མ་བརྟགས་མ་དཔྱད་པར་འཇུག་པ་ཡིན་པས་ཉེས་པ་གང་ཡང་མེད་དོ། །གཉིས་པ། ཇི་ལྟར་ཟླ་གཉིས་དང་རྨི་ལམ་གྱི་རྟ་གླང་ལ་སོགས་པའི་རྣམ་པ་འགའ་ཞིག་ལྟར་རང་དུས་ན་དོན་གྱི་དངོས་པོ་ཉིད་དངོས་སུ་སྣང་བ་མེད་པར་ཤེས་པ་ཉིད་དོན་ལྟ་བུར་སྣང་བ་ཅན་དེ་ཇི་ལྟར་ཕྱི་དོན་འཛིན་པ་ཡིན་ཏེ་དེ་ལྟར་བཞག་པ་མི་འཐད་པར་འགྱུར་རོ་ཞེ་ན། དེ་ནི་ཁྱོད་ཤིན་ཏུ་བདེན་ཏེ་ཁོ་བོས་ཀྱང་ཕྱི་དོན་ཡོད་པ་ལྟ་བུར་སྣང་བ་འདིའི་ངོར་བྱས་ནས་མ་བརྟགས་པར་ཕྱི་དོན་ལས་སྐྱེས་པའི་རྣམ་པ་འདིས་ཕྱི་དོན་འཇལ་ལོ་ཞེས་བརྗོད་ཀྱི། ཡང་དག་པར་དཔྱད་ན་ཤེས་པས་ཕྱི་དོན་འཛིན་པ་དེ་འདྲ་ངས་ཀྱང་མི་ཤེས་ཏེ། ནམ་ཡང་ཕྱི་དོན་ཤེས་པས་འཛིན་པར་མི་གྲུབ་པའི་ཚུལ་གོང་དུ་བསྟན་པ་བཞིན་དུ་དངོས་པོའི་དོན་ལ་གནས་སོ། །གཉིས་པ་དོན་ལ་ཚད་འབྲས་གཞལ་གསུམ་དབྱེ་བ་མེད་པ་ལ། གསུམ་དུ་སྣང་བ་འཁྲུལ་པར་བསྟན། །དོན་ལ་དབྱེ་བས་སྟོང་པར་


MR20_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ། །དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། བསླད་པའི་དབང་གིས་གསུམ་དུ་སྣང་། །དེ་ལ་བརྟེན་ནས་ཐ་སྙད་འདོགས། །དང་པོ། ཚད་འབྲས་གཞལ་གསུམ་པོ་བློ་ཡི་བདག་ཉིད་ཙམ་དུ་རྣམ་པར་དབྱེར་མེད་ཀྱང་མཐོང་བ་ཕྱིན་ཅི་ལོག་པ་དང་ལྡན་པ་རྣམས་ཀྱིས་གཟུང་བ་གཞལ་བྱ་དང་། འཛིན་པ་ཚད་མ་དང་། དེས་དེ་ཉམས་སུ་མྱོང་བ་འབྲས་བུ་རང་རིག་དག་དང་གསུམ་པོ་ཐ་དད་དུ་ལྡན་པ་བཞིན་དུ་སྒྲོ་བཏགས་ནས་དེ་དང་དེ་ལྟར་ཐ་སྙད་བྱེད་ཅིང་རྟོགས་པར་འགྱུར་ཏེ། དཔེར་ན་དབང་པོ་སྔགས་དང་རྫས་དང་ཏིང་འཛིན་སོགས་ཀྱིས་བསླད་པ་རྣམས་ལ་འཇིམ་པའི་དུམ་བུ་དང་ཤིང་བུ་རྡེའུ་སོགས་རྟ་གླང་ལ་སོགས་པ་དེ་ཡི་གཟུགས་དང་བྲལ་བ་ཡང་རྣམ་པ་གཞན་རྟ་གླང་ལ་སོགས་པ་ཉིད་དུ་སྣང་བ་བཞིན་ནོ། །དེ་འཁྲུལ་སྣང་མ་ཡིན་ཏེ་སྔགས་དང་རྫས་ལ་སོགས་པའི་རྒྱུ་རྐྱེན་གྱིས་སྣང་བ་དེར་སྐྱེས་པའོ་སྙམ་ན་མ་ཡིན་ཏེ། འཇིམ་དུམ་ལ་སོགས་པ་དེ་དག་དེར་སྐྱེས་པ་ཡིན་ན་རང་གི་ངོ་བོ་འགྱུར་དགོས་ཀྱང་སྔགས་སོགས་འཁྲུལ་རྒྱུ་དེས་མ་བསླད་པའི་མིག་ཅན་གྱིས་འཇིམ་དུམ་སོགས་རང་གི་དངོས་པོ་དེ་ལས་གཞན་རྟ་གླང་ལ་སོགས་པ་དེ་ལྟར་མཐོང་བ་མེད་པའི་ཕྱིར་རོ། །གཉིས་པ། དཔེར་ན་ཐག་རིང་པོའི་མྱ་ངམ་གྱི་ཐང་ན་གཟུགས་ཆུང་ངུ་ཡང་ཆེན་པོར་སྣང་བ་བཞིན་དུ་དོན་ལ་གཟུང་བ་དང་འཛིན་པ་དང་དེས་དེ་རིག་པ་གསུམ་དག་སོ་སོར་ཡོད་པ་མིན་ཡང་བློ་ངོར་གཞལ་བྱ་དང་འཇལ་བྱེད་ཚད་མ་དང་། དེས་དེ་གཞལ་པའི་རང་རིག་པ་འབྲས་བུར་གནས་པ་ཡི་ཚུལ་གསུམ་པོ་འདི་ནི་བློ་ངོར་ཇི་ལྟར་རྗེས་སུ་སྣང་བ་བཞིན་དུ་དེ་དང་དེའི་ཐ་སྙད་བྱས་པ་ཡིན་ནོ། །ཡང་ན། ཇི་ལྟར་སྣང་བཞིན་རྗེས་སུ་བྱས། །ཞེས་སོ། །གཉིས་པ་དོན་ལ་དབྱེ་བས་སྟོང་པར་བསྒྲུབ་པ་ནི། སྣང་ཚུལ་ལ་བརྟེན་ནས་སྒྲོ་བཏགས་ཏེ་གསུམ་དུ་ཕྱེ་བ་དེ་ལྟ་མིན་ན་འདི་ལྟར་རྣམ་པ་སྣ་ཚོགས་པ་ཉིད་ཀྱི་ངོ་བོར་སྣང་བ་ཅན་བློ་ཡི་དངོས་པོ་གཅིག་ལ་དེ་གསུམ་གྱི་རྣམ་པ་ཇི་ལྟར་སྣང་བ་དེ་ལྟར་


MR20_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་འགྱུར་ཏེ། སྣང་བ་ཐ་དད་པའི་ཚུལ་དེ་ལྟར་བདེན་པར་གྱུར་ན་གཅིག་པ་ཉིད་དེ་ཉམས་པར་འགྱུར་བའི་ཕྱིར་རོ། །དེ་ཡང་རང་ལ་རང་ཡུལ་དུ་བདེན་ན་ཡུལ་དང་ཡུལ་ཅན་དང་དེ་རིག་པ་གསུམ་དུ་གནས་པས་དེ་གསུམ་ཐ་དད་དུ་འགྱུར་ལ། དེ་ལྟ་ན་ཀ་བུམ་སྣམ་གསུམ་བཞིན་དུ་ཆོས་ཐ་དད་པ་ཡིན་དུ་ཆུག་ཀྱང་། བློས་ཡུལ་མྱོང་བའི་ཐ་སྙད་ནི་གཏན་ལྡོག་པར་འགྱུར་ཏེ་དེ་གསུམ་བློ་གཅིག་གི་ངོ་བོར་འབྲེལ་བ་ནམ་ཡང་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །དེས་ན་དུ་མར་བདེན་པ་མི་སྲིད་ལ་དེ་གསུམ་གཅིག་ཏུ་བདེན་ནོ་སྙམ་ན། དུ་མར་སྣང་བའི་རྣམ་པ་གཞན་ལ་རང་མིན་པ་གཞན་ཉིད་ཡིན་པ་ཉམས་པའི་ཕྱིར་དང་། བདེ་སྡུག་དང་སྔོ་སེར་གྱི་རྣམ་པ་དང་ཡུལ་དང་ཡུལ་ཅན་དུ་སྣང་བ་དེ་དག་ཀྱང་སྣང་བ་དེའི་ངོར་ཐ་དད་དུ་སྣང་གི་རང་བཞིན་གཅིག་ཏུ་མཐོང་བ་མེད་པའི་ཕྱིར་སྣ་ཚོགས་པ་གཅིག་གི་ངོ་བོར་བདེན་པ་མིན་ནོ། །ཐ་དད་དུ་སྣང་བ་ཡིན་གྱི་དེ་མ་ཡིན་པར་བློ་ཡི་དངོས་པོ་ལ་ཐ་དད་མེད་པར་མཐོང་ན་ནི་དེའི་ཕྱིར་གཞལ་བྱ་སྔོ་སེར་སོགས་སྣང་བ་ཐམས་ཅད་ཀྱང་ཐ་དད་མེད་པར་རིལ་གཅིག་ཏུ་ངེས་པར་འགྱུར་དགོས་ཀྱང་དེ་མི་འཐད་པའི་ཕྱིར་རོ། །དེ་ལྟར་དོན་དམ་དཔྱོད་པའི་རིགས་པ་གང་གིས་ཕྱི་ནང་གཟུང་འཛིན་གྱིས་བསྡུས་པའི་དངོས་པོ་འདི་དག་ལ་རྣམ་པར་དཔྱད་ན་གནས་ལུགས་དེ་ཁོ་ན་ཉིད་དུ་ན་དེ་ལ་དངོས་པོ་ཉིད་དུ་གྲུབ་པ་གང་ཡང་མེད་དེ། གང་གི་ཕྱིར་ན་སྣང་བ་དེ་དག་ལ་གཅིག་བདེན་དང་དུ་མའི་རང་བཞིན་དུ་བདེན་པ་གང་ཡང་མེད་པའི་ཕྱིར་གཉིས་སྟོང་གི་རང་བཞིན་ཅན་དུ་གྲུབ་སྟེ། ཇི་ལྟ་ཇི་ལྟར་གཉིས་སུ་སྣང་བའི་ངོ་བོ་ལ་དཔྱད་ན་དེ་ལྟ་དེ་ལྟར་དཔྱད་མི་བཟོད་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་གཉིས་སུ་སྣང་བ་ནི་འཁྲུལ་བའི་སྣང་བ་སྣང་ཡང་མི་བདེན་པ་སྒྱུ་མ་དང་སྨིག་རྒྱུ་རྨི་ལམ་ལ་སོགས་པ་བཞིན་དུ་ཁོང་དུ་ཆུབ་པར་བྱས་ནས་གཉིས་སུ་མེད་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་ལ་འཇུག་པར་བྱའོ། །གསུམ་


MR20_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩོད་སྤང་ལ། རིགས་པ་དང་ནི་ལུང་འགལ་སྤང་། །དང་པོ་ལ། དེ་གསུམ་རྫུན་པར་མི་འཐད་དང་། །འཐད་ན་གསུམ་བཞག་མི་འཐད་རྩོད། །དང་པོ་ལ། རྩོད་པ་དང་ནི་དེ་ཡི་ལན། །དང་པོ། གཟུང་འཛིན་དུ་སྣང་བ་ཐམས་ཅད་བརྫུན་ན་བདེན་པ་གཅིག་ཀྱང་མི་སྲིད་པས་རྫུན་པའི་དཔེ་ཡང་མི་སྲིད་དེ། རྫུན་པ་ནི་བདེན་པ་ལ་ལྟོས་ནས་རྫུན་པར་བཞག་དགོས་ཀྱི་ཐམས་ཅད་རྫུན་པ་ལ་གང་གང་གི་དཔེར་རུང་སྟེ་དེས་ན་ཐམས་ཅད་བདེན་པར་ཡང་དོགས་པར་འགྱུར་ལ། ཕན་ཚུན་ཆོས་མཐུན་པ་ཉིད་མཐོང་བ་ལས་སྨིག་རྒྱུ་ལ་ཆུ་དང་ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་པ་ལྟར་དེ་ཡི་བདག་ཉིད་མིན་ལ་དེ་ཡི་བདག་ཏུ་ཞེན་པས་འཇིག་རྟེན་པ་དག་གི་འཁྲུལ་བ་སྐྱེ་བ་ཡིན་ལ། དེ་ལྟར་བདེན་རྫུན་ནི་ཕན་ཚུན་ལྟོས་པས་བཞག་པའོ། ཁྱོད་ཀྱི་ལུགས་འདི་ལ་དེ་འདྲའི་རྫུན་པའི་རྣམ་གཞག་དེ་མེད་དེ། སྐད་ཅིག་མི་སྡོད་པར་འགྲོ་བ་འདི་ལའམ་འཇིག་རྟེན་འདི་ལ་བདེན་པ་དེ་ཡི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་ཏེ་གང་སྣང་བ་གཟུང་འཛིན་གྱིས་བསྡུས་པ་ཐམས་ཅད་རྫུན་པར་འདོད་པའི་ཕྱིར་རོ། །དེས་ན་ཐམས་ཅད་བརྫུན་ནོ་ཞེས་པ་འདི་ལ་ཇི་ལྟར་ཡིད་ཆེས་ཏེ་དཔེ་ཇི་ལྟ་བུར་རྫུན་པར་འགྱུར་རོ་སྙམ་དུ་དོགས་པ་ཟའོ་ཟེར་ན། བདེན་པ་སྔོན་སོང་ལ་ལྟོས་ནས་རྫུན་པར་བསྒྲུབ་པའི་དཔེ་འགོད་མི་དགོས་ཏེ། རང་ཉིད་རྫུན་པའི་དཔེ་རབ་རིབ་ཀྱི་སྣང་བ་ལ་སོགས་པས་བསྒྲུབ་པར་ནུས་སོ། །ཐོག་མ་མེད་པ་ནས་ཞུགས་པ་ནང་གི་བསླད་པ་མ་རིག་པ་ལས་བྱུང་བའི་གཟུང་འཛིན་གཉིས་སུ་སྣང་བ་གང་ཡིན་པ་དེ་ནི་དངོས་པོའི་རང་བཞིན་ཇི་ལྟ་བ་བཞིན་དུ་མི་མཐོང་བར་ཕྱིན་ཅི་ལོག་ཏུ་སྣང་བའི་ཉེས་པ་ཅན་རྨོངས་པ་དེ་ལས་བྱུང་བས་ན། རང་གི་ངོ་བོར་སྣང་ཙམ་ནས་རང་གི་རང་བཞིན་གྱིས་ནི་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་འདི་ལྟ་བུའང་ཡོད་པ་ཡིན་གྱི་གཞན་བདེན་པ་ལས་གཞན་དུ་སྒྲོ་འདོགས་པའི་རྫུན་པ་ཁོ་ན་ཡིན་མི་དགོས་སོ། །དཔེ་ཇི་ལྟར་ན་ཆོས་མཐུན་པ་མཐོང་


MR20_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཞན་ལ་གཞན་དུ་སྒྲོ་འདོགས་པ་དང་། གཙོ་བོ་ལ་སོགས་བཞིན་དུ་ཁྱད་པར་དུ་ཞེན་པས་སྒྲོ་འདོགས་པ་ལ་སོགས་པ་ཅན་ཉིད་ལ་ལྟོས་པ་མེད་པར་ནི་རང་གི་ངོ་བོ་ཉིད་ཀྱིས་འཁྲུལ་བ་རབ་རིབ་ཀྱི་དབང་གིས་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པར་སྣང་བ་བཞིན་དུ་ཡང་དག་པར་དཔྱོད་པའི་རིགས་པས་དོན་ལ་མ་གྲུབ་པར་རྟོགས་པ་ནི་སུས་ཀྱང་བཟློག་ཏུ་མི་བཏུབ་པ་ཡིན་ནོ། །གཉིས་པ་དེ་གསུམ་རྫུན་པ་ཡིན་ན་འཛིན་རྣམ་གྱིས་གཟུང་རྣམ་གཟུང་བའི་ཕྱིར་འཛིན་རྣམ་རང་རིག་གི་སྒྲུབ་བྱེད་དུ་འདོད་པ་དང་། ཚད་འབྲས་གཞལ་གསུམ་བཞག་ནས་ཇི་ལྟར་སྣང་བ་ཐམས་ཅད་མཐར་རང་རིག་པའི་མྱོང་བ་ཙམ་དུ་སྒྲུབ་པ་ཡང་རྫུན་པ་སྟེ་འཁྲུལ་བར་འགྱུར་རོ་ཞེ་ན། དོན་དམ་པར་དེ་གསུམ་དུ་མ་གྲུབ་པས་རྫུན་པ་ཡིན་ཀྱང་འགལ་བ་མེད་ལ། ཐ་སྙད་དུ་ཚད་འབྲས་གཞལ་གསུམ་བཞག་པ་དང་། ཉམས་སུ་མྱོང་བ་ཐམས་ཅད་རང་རིག་པ་ཙམ་དུ་གནས་པ་ནི་སྣང་ཚུལ་ཐ་སྙད་ཀྱི་དབང་དུ་རྫུན་པར་མི་འགྱུར་ཏེ། རང་རིག་པའི་ཐ་སྙད་འཇོག་པ་དེ་ལ་ཡང་ཇི་ལྟར་སྣང་བ་འདི་དེར་སྣང་བའི་བློ་གཟུང་རྣམ་ཙམ་དུ་དངོས་སྟོབས་ཀྱིས་གྲུབ་ལ། དེ་ནི་རང་གི་ཤེས་པས་ཡོངས་སུ་གཅོད་པ་དེ་ནི་འཛིན་པའི་རྣམ་པར་འདོད་པ་སྟེ། འདི་ཡང་ཐ་སྙད་དུ་མངོན་སུམ་གྱིས་གྲུབ་པ་ཡིན་ལ། གཟུང་འཛིན་གཉིས་པོ་དེ་ཡང་བློ་ཐ་དད་པས་ཐ་དད་པ་མྱོང་བ་ནི་ཕྱི་དོན་མྱོང་བ་ལ་དཔྱོད་པ་དང་འདྲ་བར་མྱོང་མི་སྲིད་པས་ན་འཛིན་པ་དེ་ཡང་རིག་བྱ་དེ་ཡི་བདག་ཉིད་ཡིན་པའི་ཕྱིར་བདག་ཉིད་རིག་པ་ཡིན་པ་དེ་ཕྱིར་འཛིན་རྣམ་དེ་ནི་རང་རིག་དེ་ཡི་སྒྲུབ་བྱེད་ཡིན་ཏེ། དེར་རྣམ་པར་འཇོག་པའི་རྒྱུ་མཚན་ཡིན་པས་སོ། །དཔེར་ན་དོན་སྨྲ་བ་དག་གི་ཡང་འདོད་ཆགས་སོགས་ཤེས་པ་རང་གིས་མྱོང་བར་འདོད་པ་བཞིན་ནོ། །དེ་ལྟར་ཤེས་པ་རང་གི་བདག་ཉིད་ཡུལ་དུ་བཞག་པ་སྟེ། སྔོན་


MR20_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྣང་བའི་རྣམ་པ་ནི་ཤེས་པ་ལས་འོས་མེད་པར་གྲུབ་པའི་ཚུལ་དེ་ལྟ་ན་དེ་ལ་ལྟོས་ནས་གཟུང་རྣམ་གྱི་ཆ་གཞལ་བྱ་དང་། དེ་འཛིན་པ་ལྟར་སྣང་བའི་འཛིན་རྣམ་འཇལ་བྱེད་དང་། དེས་དེ་ཉམས་སུ་མྱོང་བར་གྲུབ་པའི་རང་རིག་འབྲས་བུར་གནས་པ་ཡི་ཚུལ་གསུམ་དུ་ཡོད་པ་འདི་ནི་གཉིས་སྣང་ཅན་གྱི་ཤེས་པས་ཡུལ་གཟུང་ངོ་ཅོག་ཀུན་ལ་སྦྱར་བར་བྱ་བ་ཡིན་ཏེ་ཐམས་ཅད་དེ་ལྟ་བུའི་ཚུལ་དུ་སྣང་ངོ་། །དེ་ལྟར་ཡུལ་གང་དང་གང་ཤེས་པ་དེ་ལའང་ཤེས་པ་རང་གིས་ཉམས་སུ་མྱོང་བའི་བདག་ཉིད་ཁོ་ན་ལས་མ་འདས་པའི་ཕྱིར། ཤེས་པ་དེ་དག་ནི་རང་གི་བདག་ཉིད་མྱོང་བར་རུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་པས་རྒྱུ་མཚན་གཞན་བརྟག་ཏུ་མེད་ལ། དེ་ལྟར་མྱོང་རུང་བ་ཉིད་དུ་ཚད་མས་གྲུབ་པ་ཉིད་དེ་ནི་ཡུལ་འཇལ་བྱེད་ཀྱི་བློ་ཡིན་པས་ཚད་མ་དང་། ཤེས་པ་དེའི་བདག་ཉིད་གཞལ་བྱའང་ཡིན་ལ་གཉིས་སུ་སྣང་ཡང་དོན་ལ་བློ་དེའི་རྣམ་པར་གསལ་ཙམ་གྱི་མྱོང་བ་ཉིད་ཀྱི་ཆ་ནས་རང་རིག་པ་དེ་འབྲས་བུའང་ཡིན་ཏེ། འདི་དག་ནི་སྣང་བ་བསླུ་མེད་ཀྱི་ཐ་སྙད་ལ་དེ་ལྟར་གྲུབ་པ་ཡིན་པས་དེ་ཁོ་ན་ལྟར་གནས་སོ། །གཉིས་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་བདེ་བ་ལ་སོགས་པ་རང་རིག་པའི་ཚད་མར་བཤད་ལ། འདིར་ནི་འཛིན་རྣམ་རང་རིག་གི་འཇོག་བྱེད་དུ་བཤད་པ་མི་འགལ་ལམ་ཞེ་ན། དེ་གཉིས་དོན་གཅིག་སྟེ་གཞལ་བྱ་ཤེས་པ་རང་གི་བདག་ཉིད་ལ་འཛིན་པའི་རྣམ་པ་ཞེས་པའི་མིང་ཅན་ནང་དུ་ཤེས་པ་ཡོངས་སུ་གཅོད་པའི་བདག་ཉིད་དེ་ནི་ཤེས་པ་ཉིད་མྱོང་བར་བྱེད་རུང་བ་ཉིད་ཅེས་བྱ་བའི་ཆ་ནས་ཚད་མ་དང་། ཡུལ་ཀྱང་བདག་ཡིན་པས་རང་རིག་ཡིན་པའི་ཕྱིར་འཛིན་རྣམ་དེ་རང་རིག་ཅེས་ནི་རབ་ཏུ་བཤད་དེ། དེའི་ཡུལ་ལ་ལྟོས་ནས་ཚད་མའང་ཡིན་ཞིང་བློ་ཚུལ་གཉིས་སུ་སྣང་བའི་སྒོ་ནས་རང་གིས་རང་འཛིན་པར་རུང་བའི་ཕྱིར་དེ་ལས་རང་རིག་ཏུ་འཇོག་པའི་འཐད་པ་འགྲུབ་པའང་ཡིན་ལ།


MR20_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་སྣང་ཡང་དོན་ལ་གཉིས་སུ་མེད་པར་བློ་གཅིག་ཉིད་དེར་སྣང་བ་ཙམ་དུ་ཟད་པས་འཛིན་རྣམ་ཡན་གར་བ་རང་རིག་ཏུ་འགྱུར་གྱི་གཟུང་རྣམ་ལ་རང་རིག་མེད་པ་དང་། འཛིན་རྣམ་ལ་འཛིན་རྣམ་གཞན་མེད་ཀྱང་རང་རིག་མེད་པར་མི་འགྱུར་བའི་རྣམ་གཞག་ཐམས་ཅད་བདེ་བླག་ཏུ་གྲུབ་པ་ཡིན་ཏེ། མཛུབ་མོས་ཟླ་བ་བསྟན་པ་ན་མཛུབ་མོའི་རྩེ་ཁོ་ནར་ལྟ་བ་ལྟར་ཚིག་གི་ཤན་གྱིས་བློ་མི་འཁྲུལ་བར་དོན་ལ་ཞིབ་ཏུ་བསམ་ན་རང་རིག་གི་གནད་ཁོང་དུ་ཆུད་པར་འགྱུར་རོ། །གཉིས་པ་སྒྲུབ་བྱེད་བཤད་པ་ལ། །ཤེས་པ་ཚུལ་གཉིས་བསྒྲུབ་པ་དང་། །ཤེས་པས་རང་ཉིད་རིག་པར་བསྒྲུབ། །དང་པོ་ལ། ཤེས་པ་གཉིས་ལ་བརྟེན་ནས་བསྒྲུབ། །དུས་ཕྱིས་དྲན་པའི་རྟགས་ལས་བསྒྲུབ། །དང་པོ་ལ། ཚུལ་གཉིས་སྒྲུབ་པའི་འཐད་པ་སྟོན། །ཚུལ་གཉིས་མི་འདོད་ལ་གནོད་སྟོན། །དང་པོ་ལ། ཕྱི་དོན་ཁས་བླངས་ནས་བསྒྲུབ་དང་། །ཕྱི་དོན་ཁས་མ་བླངས་ནས་བསྒྲུབ། །དང་པོ་ལ། ཡུལ་ཤེས་ལ་བརྟེན་ཚུལ་གཉིས་བསྒྲུབ། །དེ་ཤེས་ལ་བརྟེན་ཚུལ་གཉིས་བསྒྲུབ། །དང་པོ་ལ། གཟུང་དོན་ཡོད་པའི་ཤེས་པ་དང་། །མེད་པར་བརྟེན་ནས་བསྒྲུབ་པའོ། །དང་པོ་ལ། ཤེས་ཉིད་ཡུལ་གྱི་རྣམ་ལྡན་སྐྱེ། །དཔེ་ལས་དེ་དོན་བསྒྲུབ་པའོ། དང་པོ། སྤྱིར་ཤེས་པ་ཚུལ་གཉིས་དང་རང་རིག་སྒྲུབ་པ་འདི་དག་ཚད་མ་མདོ་ལས། །ཡུལ་ཤེས་པ་དང་དེ་ཤེས་པའི་། །དབྱེ་བས་བློ་ཡི་ཚུལ་གཉིས་ཉིད། །དུས་ཕྱིས་དྲན་པ་ལས་ཀྱང་དེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བར་འདི་མེད་ཕྱིར་རོ། །ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུག་མེད་དེ་ལའང་དྲན་པ་སྟེ། །དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་མཐོང་ཕྱིར་རོ། །ཞེས་གསུངས་པའི་དོན་འཆད་པ་ལ། ཐོག་མར་ཕྱི་དོན་ཁས་ལེན་པ་མདོ་སྡེ་པའི་ལུགས་ལ་བརྟེན་ནས་བློ་ཚུལ་གཉིས་བསྒྲུབ་པ་ལ། འདི་ལྟར་ཡུལ་གཟུགས་


MR20_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་ལས་ནི་བྱུང་བ་ཡི་སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་དག་གཟུགས་སོགས་དེ་ལས་གཞན་དབང་ཡིད་སོགས་རྒྱུ་ཡིན་ན་ཡང་། དངོས་པོའི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་རྣམ་པ་འགས་ཤེས་པ་དེ་ནི་ཡུལ་གྱི་རྣམ་པར་སྐྱེ་བར་འགྱུར་གྱི་རྒྱུ་གཞན་གྱི་རྣམ་པར་ནི་མ་ཡིན་ནོ། །གཉིས་པ། དཔེར་ན་ཕ་མའི་བཟའ་བཏུང་གི་ཟས་ཟོས་པ་བཅུད་དུ་སྨིན་པ་དང་ཟླ་མཚན་དང་ལྡན་པའི་དུས་སུ་བབ་པ་དང་ལས་ལ་སོགས་པ་ཡང་བུ་སྐྱེ་བ་ཡི་རྒྱུ་ཡིན་ན་ཡང་བུ་དེ་ནི་ཕ་མ་གང་རུང་གཅིག་གི་གཟུགས་འཛིན་པར་འགྱུར་གྱི་གཞན་ཟས་སོགས་འགའི་རྣམ་པ་འཛིན་པ་མ་ཡིན་པ་བཞིན་ཏེ། མངལ་གནས་དེ་བུའམ་བུ་མོ་གང་རུང་དང་བྱད་ཀྱི་རྣམ་པ་སོགས་ཕ་མ་དང་ཆ་འདྲ་བ་སྐྱེ་བ་དེ་བཞིན་དུ་ཡུལ་གཟུགས་སོགས་དེ་ལས་གཞན་དབང་ཡིད་དང་ནི་ཡུལ་དག་ནི་དབང་པོའི་ཤེས་པ་དེ་ཡི་རྒྱུ་ཉིད་དུ་མཚུངས་ན་ཡང་། ཡུལ་གྱི་རྣམ་པར་སྐྱེས་པ་དེ་ཆས་ཏེ་དེ་ཡི་ཆ་ནས་གཟུགས་སོགས་ཤེས་པ་དེ་ཡི་ཡུལ་ཉིད་ཡིན་པར་འདོད་དེ། རྣམ་པ་གཏོད་བྱེད་ཀྱི་ཡུལ་དེ་མེད་པར་ནི་དེ་འདྲའི་རྣམ་ལྡན་གྱི་ཤེས་པ་དེར་མི་འགྱུར་བས་ཡུལ་ཅན་མེད་ལ། དེ་མེད་པར་ཕྱི་རོལ་གྱི་ཡུལ་ཤེས་པར་མི་འགྱུར་རོ། །དེས་ན་གཟུང་བ་ཕྱི་རོལ་གྱི་དོན་དང་ལྡན་པའི་ཤེས་པ་ལའང་དུས་མཉམ་པ་ལ་རྒྱུ་འབྲས་སུ་མི་རུང་བས་རྒྱུ་ཡུལ་གྱིས་བྱས་པའི་རྣམ་པ་ཅན་ཏེ། མེ་ལོང་ལ་གཟུགས་ཀྱི་དབང་གིས་གཟུགས་བརྙན་སྣང་བ་བཞིན་ནོ། །གཉིས་པ་ལ། དངོས་དང་དེ་ལན་དགག་པའོ། །དང་པོ། གཟུང་དོན་རང་མཚན་དང་ཡུལ་ཡུལ་ཅན་དུ་ལྡན་པའི་སེམས་ལ་ནི་དོན་རྗེན་ཅེར་དུ་སྣང་ངོ་སྙམ་དུ་དོན་གྱི་རྣམ་པ་མེད་པར་ཐུག་ཕྲད་དུ་འཛིན་པར་ཁྱོད་དོགས་པ་སྐྱེ་ན་ཡང་། ད་ལྟ་བའི་དོན་ཡུལ་དུ་མེད་པ་འདས་པའི་དོན་ནི་འཛིན་པ་ལ་ཡུལ་དང་ཡུལ་ཅན་ལྟ་བུར་སྣང་བ་བསྙོན་དུ་མེད་པ་འདིས་གཟུང་རྣམ་དང་འཛིན་རྣམ་གྱི་ཚུལ་གཉིས་དང་། དེས་རང་


MR20_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གྲུབ་པ་ཡིན་ཏེ་དེ་ལ་གཟུང་རྣམ་མེད་ན་འདས་དོན་ཐུག་ཕྲད་དུ་འཛིན་པར་ཐལ་བ་དང་། རང་རིག་མེད་ན་དེ་འདྲའི་བློ་ཉམས་སུ་མྱོང་བ་མེད་པར་ཐལ་ལོ། །གཉིས་པ་ལ། དྲན་པས་རིགས་དོན་གཞན་འཛིན་དགག །ལྡན་མིན་འདུ་བྱེད་འཛིན་པ་དགག །ཕྱི་རོལ་རང་མཚན་འཛིན་པ་དགག །དང་པོ། བྱེ་བྲག་པ་སོགས་ན་རེ། འདས་དོན་གསལ་བ་ཞིག་ཀྱང་དེའི་སྤྱི་མ་ཞིག་པས་ན་དྲན་ཤེས་ཀྱི་ཡུལ་དེ་ནི་སྤྱི་ཡིན་གྱི་ཤེས་པ་རང་གི་རྣམ་པ་མ་ཡིན་ནོ་ཞེ་ན། འདས་པ་དྲན་པའི་ཡུལ་དུ་ཡང་སྔོ་སོགས་ཁ་དོག་དང་དབྱིབས་ཐ་དད་པ་ཅན་དུ་སྣང་བའི་ཕྱིར་ན་ཁ་དོག་སོགས་ཐ་དད་པའི་ཆོས་དེ་དང་ལྡན་པ་མིན་པར་འདོད་པའི་རིགས་ནི་འདས་པ་དྲན་པའི་ཤེས་པ་དེ་ཡི་ཡུལ་གཟུང་དོན་དུ་སྣང་བ་མ་ཡིན་ནོ། །གཞན་ཡང་རིགས་དེའང་མི་རྟག་པའམ་རྟག་པར་འགྱུར་གྲང་ན་མི་རྟག་པ་ཡིན་ན་ནི་ཡུལ་དུས་ཐ་དད་པའི་གསལ་བ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་རིགས་སུ་མི་འགྱུར་ཏེ། རྒྱུ་ལས་སྐྱེས་ཤིང་ཡུལ་དུས་དེ་ཉིད་དུ་འཇིག་པར་འགྱུར་ཞིང་རྟག་ནའང་ཇི་ལྟར་ཤེས་པ་སྐྱེད་བྱེད་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པར་ལན་མང་དུ་བསྒྲུབས་ཟིན་ཏོ། །གཉིས་པ། འདས་དྲན་དེའི་ཡུལ་མིང་དང་མཚན་མ་ཞེས་པ་ལྡན་མིན་འདུ་བྱེད་ཀྱི་རྫས་དེ་ཡིན་ནོ་ཞེ་ན། མིང་སོགས་བརྗོད་ན་འཆད་པོ་དང་། ཞེས་སོགས་ཀྱིས་སྔར་ནི་བཀག་ཟིན་ཏོ། །གསུམ་པ་ལ། གཟུང་ཡུལ་རང་མཚན་མིན་པར་བསྒྲུབ། །རྣམ་པ་ཤེས་ལས་གཞན་མིན་བསྒྲུབ། །དང་པོ་ལ། དངོས་དང་དེ་ལས་མྱོང་རྣམ་གྲུབ། དང་པོ། དྲན་པས་འདས་དོན་འཛིན་པའི་ཚུལ་འདི་ཕྱི་རོལ་གྱི་དོན་དམིགས་རྐྱེན་དུ་ཡོད་པའམ་ཉེ་བ་དང་ལྡན་པ་མ་ཡིན་ཏེ། ཕྱི་དོན་ལ་མི་ལྟོས་པར་ནང་གི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་ཏེ། ནམ་འདས་དོན་ལ་དམིགས་པའི་རྩོལ་བ་བྱས་ན་དེ་ཉིད་དུ་དེ་


MR20_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་བའི་ཕྱིར་དམིགས་རྐྱེན་དོན་གྱི་ཤེས་པ་འདི་ལ་ཕན་འདོགས་པའི་ནུས་པ་གྲུབ་པ་མ་ཡིན་ཏེ་དོན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་གང་ཡང་མི་བྱེད་པས་ཕྱི་དོན་ལ་དམིགས་པ་མ་ཡིན་ནོ། །གཉིས་པ་འདས་པའི་དྲན་རྟོག་རྣམ་ལྡན་ཡིན་དུ་ཆུག་ཀྱང་སྔར་གཟུགས་སོགས་ཀྱི་རང་མཚན་འཛིན་དུས་ཀྱི་དབང་ཤེས་རྟོག་མེད་རྣམ་མེད་ཡིན་ནོ་ཞེ་ན། འདས་པའི་དོན་མི་གསལ་བ་འཛིན་པ་ཅན་གྱི་རྣམ་པ་འདི་འདྲའི་ཤེས་པ་ནི་འདས་པ་དེ་དྲན་པ་ཡིན་ལ། དེ་ཡང་སྔར་རང་མཚན་ཉམས་སུ་མྱོང་བ་ལས་བྱུང་གི་སྔར་རང་མཚན་འཛིན་པའི་དབང་ཤེས་དེ་ཡང་དོན་གྱི་རྣམ་པས་སྟོང་པའམ་རྣམ་པར་མེད་ན། ད་ལྟ་འདས་དོན་དྲན་པའི་གང་ཟག་དེ་ཡི་དྲན་པ་དེ་ནི་ཅི་ལྟར་ཡུལ་གྱི་རྣམ་པ་དེ་དང་ལྡན་པར་འགྱུར་ཏེ། ཤེས་པས་ནི་ཡུལ་མྱོང་བ་ལས་རང་གི་རྣམ་པ་མྱོང་མི་སྲིད་པར་ཁྱོད་འདོད་ལ། དྲན་པས་སྔར་གྱི་དོན་དྲན་པ་འདི་ཡང་ཤེས་པ་རང་ལས་དོན་གཞན་གྱི་ཡུལ་ཅན་མིན་ཞིང་། འདི་ལྟར་མྱོང་བའང་བསྙོན་མེད་དུ་ཡོད་པས་སྔར་ཡང་རྣམ་པ་མེད་ན་ཡུལ་དྲན་པ་མི་སྲིད་དེ། དྲན་པ་དེ་ཡི་ཚེ་སྔར་གྱི་གཟུང་དོན་ཞིག་ནས་མེད་པའི་ཕྱིར་དོན་ཁོ་རང་གི་སྟོབས་ལས་དྲན་བློ་འབྱུང་བ་མིན་པས་ན་སྔར་གྱི་དོན་ཉིད་ལས་ད་ལྟར་དྲན་པའི་བློ་རྣམ་པ་དང་བཅས་པ་འབྱུང་རུང་བ་དེ་ལྟར་སྔར་རང་མཚན་མྱོང་བའི་དབང་ཤེས་ལའང་རྣམ་བཅས་དེར་འགྱུར་བ་ཡིན་པར་ཤེས་པར་འགྱུར་རོ། །གལ་ཏེ་དྲན་པའི་རྣམ་པ་དེ་ནི་སྔར་མཐོང་བའི་གཟུང་དོན་གྱི་སྟོབས་ལས་བྱུང་བ་སྟེ་སྔར་ཡུལ་མྱོང་བ་དེ་ཉིད་དྲན་པ་ཙམ་མོ་སྙམ་ན། དེ་མིན་ཏེ་ཤེས་པའི་རྣམ་པ་མ་ཡིན་པར་ཡུལ་ཁོ་རང་གི་ངོ་བོ་རྗེན་ཅེར་དུ་དྲན་པ་ཡིན་ན་སྔར་གྱི་རང་མཚན་གྱི་སྟོབས་ལས་སྣང་བ་ཡིན་པས་སྔར་ལྟར་གསལ་པོར་སྣང་རིགས་ནའང་དྲན་པའི་སྣང་ཡུལ་ནི་རང་མཚན་གསལ་བའི་རྣམ་པས་དབེན་པའི་ཕྱིར་རང་མཚན་ལས་བྱུང་བ་ཡིན་པར་མི་འགྱུར་རོ། །གལ་ཏེ་རང་མཚན་ཞིག་པའི་ཕྱིར་གསལ་


MR20_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པོར་མཐོང་དུ་ག་ལ་ཡོད་སྙམ་ན། ཞིག་པ་ལ་དབྱིབས་དང་ཁ་དོག་ལ་སོགས་པའི་རྣམ་པ་གང་ཡང་མེད་པས་ན་གསལ་པའི་ཁ་དོག་དང་དབྱིབས་སུ་སྣང་བའང་ག་ལ་ཡོད་དེ། དེས་ན་འདི་བློ་ཡི་རྣམ་པ་ལས་མ་གཏོགས་པར་ཡུལ་གཞན་འདིའོ་ཞེས་རྣམ་མེད་དུ་རྣམ་པ་ཀུན་ཏུ་སྨྲ་མི་ནུས་སོ། །དེས་ན་ཡུལ་མྱོང་ངོ་དྲན་ནོ་ཞེས་པ་གཉིས་ཀ་རྣམ་པ་མྱོང་ཞིང་དྲན་པ་ཡིན་གྱི་ཡུལ་རྗེན་ཅེར་དུ་མྱོང་དྲན་གཉིས་ཀ་མི་སྲིད་ལ་མྱོང་བའི་སྐབས་སུ་ཡུལ་ཡོད་པས་དེར་དོགས་སུ་ཆུག་ཀྱང་དྲན་པའི་དུས་ན་ཡུལ་མེད་པ་ཇི་ལྟར་རྗེན་ཅེར་དུ་དྲན་ཏེ་དྲན་པའི་དུས་ཀྱི་རྣམ་པ་འདི་བློ་མ་ཡིན་པར་ཡུལ་རྗེན་ཅེར་སྣང་བ་ཡིན་ན་ཡུལ་དེ་མ་ཞིག་པར་འགྱུར་རོ། །དཔྱད་ན་ཡུལ་མི་འཐད་ཀྱང་མ་དཔྱད་པར་ཡུལ་དྲན་ནོ་སྙམ་པ་ཙམ་ལས་འཇིག་རྟེན་གྱི་ཐ་སྙད་གྲུབ་པས་དཔྱད་པ་ཞིབ་མོར་གཞུག་པ་འདིས་ཅི་བྱ་སྙམ་ན། འདིའི་ཡུལ་གང་ཡིན་ཙམ་གྱི་དཔྱད་པའང་མི་དགོས་ན་སྣང་བ་ཙམ་ལས་ཕྱི་དོན་ལ་དཔྱད་པའང་མི་དགོས་ཤིང་རྐྱེན་གསུམ་ལ་སོགས་པའི་རྣམ་གཞག་དང་ཕྲ་བའི་མི་རྟག་པ་སོགས་བསྟན་བཅོས་ནས་བཤད་པ་ཕལ་མོ་ཆེ་ཡང་དཔྱད་མི་དགོས་པར་འགྱུར་རོ། །གཉིས་པ་རྣམ་པ་ཤེས་ལས་གཞན་མེད་བསྒྲུབ་པ་ལ། ཐལ་བ་དངོས་དང་ལན་རིམ་བཀག །དང་པོ། ཤེས་པའི་ཡུལ་དུ་སྣང་བའི་རྣམ་པ་དེ་ནི་དྲན་ཤེས་རང་ལས་རྫས་ཐ་དད་དུ་ཡོད་ཅིང་ཡུལ་དེས་བློ་དེ་དག་བསྐྱེད་པ་ཡིན་ན་ཡུལ་རུང་བ་གཞན་གྱིས་ཀྱང་དྲན་པ་པོ་དེ་བཞིན་རྟོགས་པར་འགྱུར་ཏེ། འདི་ཤེས་པ་སྐྱེད་ནུས་ཀྱི་གཟུང་དོན་ཡིན་པ་གང་ཞིག་རང་སྣང་བའི་ཚེ་ན་ཕྱི་རོལ་གྱི་དངོས་པོ་ལྟར་སྣང་ཞིང་བློས་དེ་རྗེན་ཅེར་དུ་འཛིན་པར་འདོད་རིགས་པའི་ཕྱིར་རོ། །གཉིས་པ་དེའི་ལན་བཀག་པ་ལ། རྣམ་པ་དེ་ཤེས་པ་མིན་ཏེ་ཤེས་པའི་ཡུལ་ཡིན་ཡང་གཞན་གྱིས་ཀྱང་དེ་བཞིན་རྟོགས་པར་མི་འགྱུར་ཏེ། དྲན་པ་པོ་བདག་ཁོ་ན་ལ་རྟག་ཏུ་འབྲེལ་བ་ཡིན་ནོ་ཞེ་ན། རང་གི་དྲན་པའི་རྣམ་པ་འདི་ལྟ་བུའོ་ཞེས་བརྗོད་ཀྱང་གཞན་གྱིས་དེ་རྟོགས་པར་མི་འགྱུར་ཏེ། བདག་ཁོ་ན་ལ་


MR20_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་ཡུལ་དེ་ནི་ཅི་བྱས་ཀྱང་གཞན་ལ་དེའི་བློ་སྐྱེ་བའི་ཐབས་མི་སྲིད་ལ་དེའི་བློ་སྐྱེད་ནུས་ན་བདག་ཁོ་ན་དང་འབྲེལ་བར་མི་འགྱུར་ཏེ། འབྲེལ་མི་འབྲེལ་ཞེས་པ་ཤེས་པ་དང་ཡུལ་ཡུལ་ཅན་དུ་འབྲེལ་མི་འབྲེལ་གྱི་སྐབས་དཔྱད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་བརྗོད་པའི་ཚེ་ན་སོ་སོ་རང་རང་གི་བློ་རེ་རེ་དག་དང་རང་རང་གི་བློ་ཡུལ་དེ་འབྲེལ་བས་རང་གི་ཡུལ་དེ་དག་ལ་གོ་བར་འགྱུར་རོ་ཞེ་ན་ནི། རང་ཡུལ་སོ་སོ་བ་རེ་ཡོད་དུ་ཆུག་ཀྱང་བརྗོད་པས་སོ་སོ་རང་གི་དེ་རྟོགས་ཀྱི་ཕན་ཚུན་གཉིས་ཀའི་བློ་དོན་གཅིག་ལ་མཚམས་སྦྱོར་བར་ནི་མི་འགྱུར་ཏེ། སྔར་བདག་ཁོ་ན་ལ་འབྲེལ་བའི་ཕྱིར་གཞན་གྱིས་རྟོགས་སུ་མི་རུང་བ་དེ་བཞིན་བརྗོད་ཀྱང་གཞན་དང་འབྲེལ་བ་བྱར་མེད་པའི་ཕྱིར་རོ། །དེ་ཡང་ལྷ་དབང་བློའི་འགྲེལ་བ་ལྟར་ན། ཅི་ཞིག་མཚམས་མི་སྦྱོར་ཞེ་ན། དོན་གཅིག་ཏུ་མངོན་པར་ཞེན་པའི་བདག་ཉིད་ཅན་དུ་འཆད་པོ་ཉན་པོའི་སེམས་དག་གིའོ་ཞེས་ཡར་སྦྱར་བར་བྱ་སྟེ་དོན་ལ། རེ་རེ་དག་དང་འབྲེལ་ན་ནི། །འཆད་པོ་ཉན་པོའི་སེམས་དག་གི། །དོན་གཅིག་མངོན་ཞེན་བདག་ཉིད་ཅན། །མཚམས་སྦྱོར་བར་ནི་མི་འགྱུར་རོ། །ཞེས་པའི་དོན་ཡིན་ནོ། །དེ་ལྟ་ན་ཐོས་བྱུང་གི་ཤེས་རབ་རྒྱུན་ཆད་པར་ཐལ་ཏེ། འཆད་པོ་དང་ཉན་པོའི་བཤད་བྱ་དང་གོ་བྱ་གཅིག་ཏུ་མངོན་པར་ཞེན་པས་མཚམས་མི་སྦྱོར་བ་ཞིག་ན་སྨྲས་པ་ལས་ཡུལ་ལ་བརྡ་འཕྲོད་པ་གཅིག་ཀྱང་མི་སྲིད་པར་འགྱུར་རོ། །དེའི་ཕྱིར་བརྡ་ལས་བྱུང་བའི་སོ་སོའི་བློ་ཡི་རྣམ་པ་སྣང་བ་དེ་ལ་བརྟག་བྱའི་དོན་རང་མཚན་དུ་འཁྲུལ་པའི་བློ་ངོ་བོ་ཉིད་ཀྱིས་སྐྱེ་བ་དེས་འཆད་ཉན་གྱི་བློ་མཚམས་སྦྱར་ནས་དོན་གཅིག་ལ་བརྡ་འབྱོར་ཏེ། ཐོས་བྱུང་གི་ཤེས་རབ་སྐྱེ་བ་ཡིན་གྱི་བློ་མ་ཡིན་པའི་ཡུལ་གཞན་དང་གཞན་ཡིན་ན་རང་མཚན་ཐ་དད་པའི་ཡུལ་ཅན་གྱི་བློ་བཞིན་དུ་རང་མཚན་གཅིག་ལ་འབབ་པ་མི་སྲིད་དོ། །གལ་ཏེ་འཆད་ཉན་གཉིས་ཀའི་སོ་སོའི་སྣང་བ་ལ་གཅིག་ཏུ་ཞེན་པ་ནི་བློ་ཡུལ་དེ་གཉིས་འདྲ་བ་ལས་དེ་གཉིས་ཀྱི་བློ་ཡུལ་གཅིག་


MR20_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐ་སྙད་བྱེད་པ་འཇིག་རྟེན་ན་ཡོད་པ་ཙམ་གྱི་དོན་སོ་སོ་སོ་སོ་ཡིན་ནོ་ཞེ་ན། དེ་གཉིས་དོན་གྱི་དངོས་པོ་འདྲ་བ་ཡིན་དུ་ཆུག་ཀྱང་རྒྱུད་སོ་སོ་ལ་གནས་པ་གཞན་གྱིས་རྟོགས་སུ་མི་རུང་བ་དེ་ནི་ཅིག་ཤོས་དེར་ནམ་ཡང་སྣང་བ་མིན་ལ་རྒྱུད་སོ་སོ་དང་འབྲེལ་བའི་ཡུལ་ཐ་དད་པའི་བདག་ཉིད་དེ་ནི་གཉིས་ཀས་ཇི་ལྟར་བཟུང་སྟེ་མ་བཟུང་ལ། དེ་ཡི་ཚེ་ན་འདྲ་བ་ཐུན་མོང་བ་འཛིན་པ་ཞེས་པའི་བློ་དོན་མེད་པ་ཅན་དུ་འགྱུར་ཏེ་འདྲ་བ་ཉིད་དུ་ནམ་ཡང་མི་ཤེས་ལ། འདྲ་བར་འཁྲུལ་པ་ཡང་མ་སྐྱེས་ཏེ་འཁྲུལ་པ་ནི་ཆོས་གཞན་ལ་གཞན་གྱི་ངོ་བོར་ཞེན་པ་སྐྱེ་བ་ཡིན་ན་འདིར་ཅིག་ཤོས་མ་སྣང་བ་ལ་ཅི་ལྟར་གཅིག་ཏུ་འཁྲུལ་ཏེ་འཁྲུལ་མི་སྲིད་དོ། །ཡང་ན་ཐ་དད་པ་སྣ་ཚོགས་དེར་སྣང་བ་མིན་པའི་དོན་གྱི་དངོས་པོ་གཅིག་ལ་གང་ཟག་སོ་སོའི་ངོར་ཐ་དད་པའི་བདག་ཉིད་དུ་ཇི་ལྟར་གཟུང་སྟེ་བཟུང་དུ་མེད་ལ། བཟུང་ན་ཐུན་མོང་བའི་དོན་གཅིག་ལ་འཇུག་པར་མི་རུང་ངོ་། །དོན་རང་ལ་ཐ་དད་མེད་ཀྱང་སོ་སོའི་ངོར་སྣང་བ་ཐ་དད་ཡོད་པ་དེ་ཡི་ཚེ་བློ་ལ་དོན་གཞན་མེད་པ་ཅན་དུ་འགྱུར་ཏེ། དོན་གཅིག་གི་རྣམ་པ་བློ་སོ་སོ་ལ་སྣང་བ་ལ་ཡུལ་དུ་འཁྲུལ་ནས་དོན་གཅིག་ལ་གོ་བར་ཟད་དོ། །དེས་ན་འཆད་ཉན་གྱི་བློ་མཚམས་སྦྱོར་བ་བསྙོན་དུ་མེད་པ་འདི་རང་བློའི་རྣམ་པ་ཡུལ་དང་འདྲ་བ་དེ་ལས་བློ་སོ་སོ་ལ་བློ་ལས་ཐ་དད་པའི་ཡུལ་སོ་སོ་བ་རེ་མེད་པའི་གནད་ཀྱིས་འཆད་པ་པོས་བདག་གིས་ཇི་ལྟར་དོན་ལ་དམིགས་པ་འདི་བཞིན་ཉན་པ་པོའི་རྒྱུད་ལའང་དེ་འདྲའི་རྣམ་ལྡན་གྱི་སེམས་འབྱུང་ངོ་སྙམ་དུ་གཏམ་སྨྲ་བ་ཡིན་གྱི་རང་ལ་ཡུལ་རང་མཚན་པ་ཞིག་སྣང་ཞིང་། གཞན་ལ་བསྟན་དུ་མེད་པ་ཡིན་ན་སུ་ཡང་འདི་ན་འདིའོ་ཞེས་ཡུལ་དེ་བསྟན་མ་ནུས་ཕན་ཆོད་བློ་ལ་དེའི་རྣམ་པ་སྐྱེད་པའི་ཚིག་སྨྲ་བ་ལྷུར་ལེན་པར་མི་འགྱུར་ནའང་འདི་ནི་འཇིག་རྟེན་གྱི་ཚུལ་ལུགས་ན་བསྙོན་མེད་དུ་གྲུབ་ཅིང་གྲགས་པའི་ཕྱིར་བརྡ་


MR20_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དབང་གིས་བློ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པར་ཤེས་པར་བྱའོ། །གཉིས་པ་དེ་ཤེས་ལ་བརྟེན་ཚུལ་གཉིས་བསྒྲུབ་པ་ལ། དྲན་ཤེས་དབྱེ་བ་ཡོད་པས་བསྒྲུབ། །གཞན་དུ་དེ་མི་འཐད་པའོ། །དང་པོ་ལ། རྟགས་འགོད་པ་དང་མ་ངེས་སྤང་། །དང་པོ། འདི་ལྟར་སྔོན་པོ་ཉམས་སུ་མྱོང་པའི་རྣམ་ཤེས་དེ་ཡང་ནི་རང་གི་རང་བཞིན་གཟུང་རྣམ་དང་འཛིན་རྣམ་ཆ་གཉིས་ལ་ནི་བརྟེན་པར་གྱུར་པ་དེ་དྲན་བས་ཤེས་པའི་སྒོ་ནས་ཤེས་ཏེ། ཇི་ལྟར་ན་སྔོན་པོ་ཉམས་སུ་མྱོང་བའི་ཤེས་པ་དེ་སྔོན་པོའི་རྣམ་པ་ཁོ་ནའི་གཟུང་བ་དང་ལྡན་ལ། དེ་ལས་རྣམ་པ་གཅིག་གིས་ཁྱད་པར་ཅན་དེ་ནི་སྔོ་འཛིན་དེ་ཤེས་པ་ཡིས་དམིགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཞན་དུ་སྔོ་འཛིན་དེ་སྔོན་པོའི་རྣམ་པ་ཅན་མིན་ན་ནི་ཅི་ལྟར་སྔོ་འཛིན་དྲན་པའི་ཤེས་པ་ལ་སྔོན་པོའི་རྣམ་པ་དེ་གནས་པར་འགྱུར་ཏེ། ཀ་བ་དྲན་པ་ལ་སྣམ་བུའི་རྣམ་པ་མི་གནས་པ་བཞིན་ནོ། །དེ་ཡང་རང་གི་རྒྱུད་ལ་བློ་འདི་དང་འདི་ལྟ་བུ་བྱུང་ངོ་ཞེས་རྗེས་ཐོག་གི་ཤེས་པས་ནང་དུ་ཕྱོགས་ནས་གཅོད་པ་ན་སྔོ་འཛིན་གྱི་ཤེས་པ་སྐྱེད་པ་དེ་གཅོད་པའི་དྲན་ཤེས་དང་པོ་ལ་སྔོན་པོའི་རྣམ་པ་དང་སྔོ་འཛིན་ཤེས་པའི་རྣམ་པ་གཉིས་ཡོད་པས་སྔོ་འཛིན་རང་ལས་རྣམ་པ་གཅིག་གིས་ལྷག་པ་ཡིན་པས་ཡུལ་དྲན་པ་དང་ཡུལ་ཅན་དྲན་པའི་ཁྱད་འདི་ཡིན་ལ། དེ་བཞིན་དུ་འདི་ལྟར་ཕྱི་མ་ཕྱི་མ་ཡི་ཤེས་པ་ནི་སྔ་མ་སྔ་མ་ལས་རྣམ་པ་གཅིག་ལྷག་པ་ཉིད་དེ། དྲན་ཤེས་དང་པོ་དེ་ནི་རང་གི་ངང་ཚུལ་གྱིས་དོན་གྱི་ངོ་བོས་ཏེ། གཟུང་བའི་རྣམ་པ་གཉིས་ཡོད་པ་ནི་སྔོ་འཛིན་གྱི་ཚུལ་གཉིས་པོ་ཡུལ་དུ་བྱེད་པ་ཡིན་པ་དང་། བདག་གི་རྣམ་པ་སྟེ་སྔོ་འཛིན་དྲན་པའི་འཛིན་རྣམ་གཅིག་སྟེ་གསུམ་པོ་འགའ་ཞིག་ཏུ་སྔོ་འཛིན་གྱི་རྗེས་སུ་དྲན་པའི་ཤེས་པ་གཉིས་པ་དེ་ནི་དེ་ལྟ་བུ་ཅན་དུ་སྐྱེ་བ་ཡིན་ལ། དེ་འདྲའི་དྲན་པ་དང་པོ་དེ་ཡང་གསུམ་པ་སྟེ་དྲན་ཤེས་གཉིས་པར་གྱུར་པ་ཡི་ཤེས་པ་ཡིས་ནི་རྟོག་པར་འགྱུར་


MR20_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དྲན་ཤེས་དང་པོ་ཇི་ལྟ་བུ་ཞིག་གོ་སྙམ་དུ་དྲན་པ་ན་སྔོ་འཛིན་གྱི་ཚུལ་གཉིས་པོའི་རྣམ་པ་ཅན་གྱི་འཛིན་པ་དེའོ་སྙམ་དུ་དྲན་ཞིང་། དེའི་རྗེས་སུ་སྔོ་འཛིན་དྲན་པའི་དྲན་པ་དེ་ཅི་ལྟ་བུ་ཞེས་རྟོག་པ་ན། སྔོ་འཛིན་གྱི་ཚུལ་གཉིས་ཀྱི་རྣམ་པ་ཅན་གྱི་ཤེས་པའོ་སྙམ་དུ་རྣམ་པ་གསུམ་ཅན་གྱི་འཛིན་པར་རྟོགས་ཤིང་། དེ་ཡི་ཚུལ་གྱིས་ཇི་སྲིད་བརྩི་ནུས་ཤིང་སྤུ་རིས་ཟིན་ནས་དྲན་པའི་བར་དུ་སྔ་མ་སྔ་མའི་འཛིན་པ་ཕྱི་མ་ཕྱི་མའི་རྣམ་པར་བླགས་ཏེ་འཕེལ་བ་ཡིན་པས། ཡུལ་ཅན་གྱི་བློ་སོ་སོ་མི་འདྲ་བའི་སྤུ་རིས་དེ་ལྟར་བྱེད་པ་ཡིན་གྱི་རྣམ་པ་ལ་ཁྱད་མེད་ན་བློ་སོ་སོའི་ཁྱད་པར་འབྱེད་མི་ནུས་ཏེ་བློ་ཐམས་ཅད་གཅིག་ལས་བྱེ་བྲག་མེད་པར་འགྱུར་རོ། །ཡུལ་མེད་པར་ཡུལ་ཅན་རྐྱང་པ་དྲན་པར་མཐོང་སྟེ། སྔར་ངས་དོན་ཞིག་མཐོང་སྟེ་མ་དྲན་ཞེས་བརྗོད་པ་ཡོད་དོ་ཞེ་ན། དེའི་ཚེ་ཤེས་པ་ལའང་ཐེ་ཚོམ་ཟ་ལ་འཛིན་པ་སྤྱི་ཙམ་དྲན་པ་ལ་བྱེད་ན་གཟུང་བ་ལའང་དེ་ཡོད་ཅིང་། རང་ལྡོག་ཡིད་ལ་བྱས་པ་ནི་རྟོག་པས་ཕྱེ་ནས་འཛིན་པ་ཙམ་སྟེ་བུམ་པའི་མི་རྟག་པའི་ལྡོག་ཆ་སེམས་པ་བཞིན་ནོ། །དེ་ལྟར་ཡུལ་ཅན་དྲན་པ་ནི་བསྙོན་དུ་མེད་པར་གྲུབ་ལ་ཡུལ་ཅན་དེ་ཡང་རང་གི་ཡུལ་གྱི་རྣམ་པ་དང་བྲལ་ནས་ཡན་གར་དུ་འཛིན་པ་ནམ་ཡང་མི་སྲིད་པས་ན་བློ་རྣམས་ནི་རང་གི་རང་བཞིན་ཚུལ་གཉིས་པ་ཅན་ཡིན་པའི་གནད་ཀྱིས་དེ་ལྟར་དྲན་པ་སྟེ། ལྟོ་ལྡིར་བ་སྤངས་ནས་བུམ་པ་དྲན་དུ་མེད་པ་དང་། ནོག་ལྐོག་ཤལ་སྤངས་ནས་བ་ལང་དྲན་དུ་མེད་པ་ནི་དངོས་པོ་དེ་དག་གི་རང་བཞིན་དེ་ལྟ་བུར་གྱུར་པའི་དོན་གྱིས་ཡིན་པ་བཞིན་དུ་བློ་ལའང་ཡིན་གྱི་བློ་རང་ཉིད་རྣམ་པ་གཏན་ནས་མེད་པ་ཞིག་ན་སྔོ་འཛིན་དབང་ཤེས་དྲན་པ་ན་སྔོན་པོའི་རྣམ་པ་མེད་པར་དྲན་པ་རིགས་སོ། །སྔོ་འཛིན་དབང་ཤེས་ནི་རྣམ་པ་མེད་པ་ཞིག་ཡིན་ཀྱང་དེ་རང་གིས་རང་མ་མྱོང་བའི་ཕྱིར་རྣམ་པ་ཀུན་ཏུ་དྲན་མི་སྲིད་མོད་ཡུལ་སྔོན་པོ་དྲན་པ་དང་འབྲེལ་བར་


MR20_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འཛིན་པའོ་སྙམ་དུ་རྟོག་པ་ཙམ་མོ་སྙམ་ན། ལར་རང་རྒྱུད་ཀྱི་ཤེས་པ་དེ་ཤེས་པས་གཅོད་པའི་ཚེ་དེའི་མཚན་ཉིད་འདི་ལྟ་བུའོ་ཞེས་མྱོང་བ་དང་དྲན་པ་གང་རུང་གིས་གཅོད་ནུས་སམ་མི་ནུས། མི་ནུས་ན་ནི་རང་བློ་འདི་ཤེས་བྱ་ཇི་ལྟར་ཡིན་ཏེ་རྟོག་རྟོག་མེད་གང་གི་ཡང་ཡུལ་དུ་མི་འགྱུར་བའི་ཕྱིར་རོ། །རང་གིས་མི་གཅོད་ན་གཞན་གྱིས་དེ་བས་ཀྱང་གཅོད་པ་མི་འཐད་དོ། །གཅོད་ནུས་ན་སྔོ་འཛིན་ཡང་ཡིན་ལ་རྣམ་པ་མེད་པ་དེ་སེར་འཛིན་སོགས་གཞན་ལས་ཁྱད་པར་གང་གི་སྒོ་ནས་གཅོད་ཚུལ་བསམ་དགོས་སོ། །དེ་སྔོན་པོ་འཛིན་པ་ཙམ་དུ་གཅོད་དོ་སྙམ་ན། སྔོན་པོའི་རྣམ་པ་དེ་ཕྱི་རོལ་གྱི་དོན་ཡིན་པས་ཕར་བཅད་ནས་བློ་རང་ཉིད་ཀྱི་ངོ་བོ་ཇི་ལྟར་ཡིན་པ་གཅོད་ནུས་པ་ཡིན་ནམ་མིན། ཡིན་ན་ཡུལ་གྱི་རྣམ་པ་དང་བྲལ་བའི་ཤེས་པ་ཤེལ་གོང་འདྲ་བ་ཉམས་སུ་མྱོང་བར་ཡང་ཁས་བླངས་ཤིང་། སྔོ་འཛིན་ཡང་དེ་ཡིན་ལ་སེར་འཛིན་ཡང་དེ་ཡིན་པ་སོགས་རྣམ་པ་གཅིག་ཀྱང་མེད་ལ་རྣམ་པ་ཐམས་ཅད་འཛིན་པའང་ཡིན་པར་ཁས་བླངས་ན་ཤིན་ཏུ་མཛེས་སོ། །གཅོད་མི་ནུས་ན་རྣམ་མེད་ཀྱི་ཤེས་པ་ཡོད་དོ་ཞེས་ཁས་བླངས་པ་ཡང་དམ་བཅའ་བ་ཙམ་ལས་སྒྲུབ་བྱེད་མེད་པའི་ཕྱིར། བསྙོན་དུ་མེད་པའི་བློ་རྣམ་བཅས་དང་རང་རིག་པ་ལ་སྡང་བའི་བསམ་པ་དོར་བར་བྱས་ན་ལེགས་སོ། །ཡུལ་ཅན་བློ་རང་ཉིད་མྱོང་བ་མེད་ཀྱང་ཡུལ་དྲན་པ་ལས་དེ་དྲན་ནོ་ཞེས་པ་དང་། ཡུལ་ཕྱི་དོན་ཉམས་སུ་མྱོང་བ་མེད་ཀྱང་བློའི་མྱོང་བ་ལ་ཡུལ་ཕྱི་དོན་མྱོང་བ་ལྟར་དྲན་ནོ་ཞེས་པ་འདི་གཉིས་དམ་བཅའ་བ་ཙམ་དུ་འདྲ་ཡང་དངོས་པོའི་སྟོབས་ཀྱིས་ཞུགས་པའི་སྒྲུབ་བྱེད་ལ་མི་འདྲ་སྟེ། བློ་རང་ཉིད་རྣམ་པ་ཀུན་ཏུ་མ་མྱོང་བའི་ཡུལ་ཙམ་གྱིས་བློ་མི་འགྲུབ་ལ། བློ་ཉིད་གྲུབ་ན་བློ་དེས་རྣམ་པའམ་གལ་ཏེ་ཕྱི་དོན་འདོད་ན་ཡང་ཚུལ་དེས་བསྒྲུབ་དགོས་ཏེ། ཚད་མའི་སྟོབས་ཀྱིས་གཞལ་


MR20_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་འགྲུབ་ཀྱི་ཚད་མ་ཉིད་མ་འགྲུབ་པར་གཞལ་བྱ་སྔོན་དུ་གྲུབ་ནས་ཚད་མ་ཕྱིས་འགྲུབ་པ་མི་སྲིད་པའི་ཕྱིར་རོ། །དེས་ན་བློ་རྣམ་པ་དང་བཅས་པ་འདིའི་སྒོ་ནས་སེམས་བདེན་མེད་སྒྲུབ་པའང་གསལ་པོར་འོང་དགོས་པས་ན་དབུ་མའི་གཞུང་ལའང་གཏན་ལ་འབེབས་དགོས་པའི་གནད་ཅིག་ཡིན་ལ། གང་ཅི་སྣང་བ་ཐམས་ཅད་རང་གསལ་གྱི་མྱོང་བ་རང་རིག་ལ་འགག་ཐུག་པའི་ཐ་སྙད་ཀྱི་སྐབས་ན་རང་རིག་མེད་དུ་མི་རུང་བར་མངོན་ནོ། །གཉིས་པ་ལ། མ་ངེས་བརྗོད་ལ་ཐལ་བ་འཕེན། །དེ་ཡི་ལན་ལས་རང་འདོད་གྲུབ། །དང་པོ་རྣམ་མེད་དུ་སྨྲ་བ་རྣམས་ན་རེ། དོན་རིག་དེ་ནི་དོན་གྱི་འབྲས་བུ་ཡིན་པ་ཉིད་ཀྱིས་ཤེས་པ་དེ་དྲན་ན་དེའི་ཤུགས་ཀྱིས་རང་གི་རྒྱུར་གྱུར་པའི་དོན་ཡང་དྲན་པས་ཁྱབ་པའི་ཕྱིར་ན་དོན་དྲན་པ་ཡིན་གྱི་ཤེས་པ་ལ་དོན་གྱི་རྣམ་པ་ཡོད་པས་མ་ཡིན་ཀྱང་། ཡུལ་དང་ཤེས་པ་དེ་གཉིས་མཉམ་དུ་དྲན་པ་ན་འདི་ནི་ཤེས་པ་རང་གི་རྣམ་པ་དང་འཛིན་པའོ་སྙམ་དུ་འཁྲུལ་བ་ཡིས་གལ་ཏེ་དོན་དང་ཤེས་པ་སོ་སོར་མི་ཕྱེད་པར་སྲེ་བ་ཙམ་དུ་ཟད་དོ་སྙམ་ན། དེ་ལྟ་ན་སྔོ་འཛིན་དབང་ཤེས་དྲན་པ་ན་དེའི་རྒྱུ་སྣང་བ་དང་དབང་པོ་དང་ཡིད་ལ་བྱེད་པ་ལ་ཡང་ཤེས་པ་དེ་དང་ལྷན་ཅིག་དྲན་པ་དེར་འགྱུར་ཏེ། རྒྱུ་ཡིན་པ་ལ་ཁྱད་མེད་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱང་ནམ་དྲན་པ་ན་རང་གི་དངོས་རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར་དགོས་པ་དེ་ཕྱིར་རྫ་མཁན་དང་འཇིམ་པ་ལ་སོགས་པ་དྲན་པ་མེད་པར་རྫ་ཡི་བུམ་པ་ཡན་གར་བ་དྲན་པར་མི་འགྱུར་བར་ཐལ་ལོ། །གཉིས་པ། ཤེས་པ་དྲན་པ་ན་ཡུལ་དྲན་གྱི་རྒྱུ་གཞན་མི་དྲན་པ་ནི་རྒྱུ་ཙམ་དུ་མཚུངས་ཀྱང་ཡུལ་གྱིས་ཤེས་པ་ལ་རྒྱུ་གཞན་དང་མི་འདྲ་བའི་ཁྱད་པར་བསྐྱེད་པས་ཡིན་ནོ་ཞེ་ན། རྒྱུ་ཙམ་དུ་འདྲ་ཡང་འབྲས་བུ་ཤེས་པ་ལ་ཡུལ་གྱིས་བྱས་པའི་ཁྱད་པར་གང་ལས་ཤེས་པ་ནི་དོན་


MR20_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བ་བསྟེན་པ་སྟེ་རྣམ་པ་ལ་དོན་དང་དོན་ལ་རྣམ་པར་འཁྲུལ་བའམ་འདྲེས་པ་ལྟར་གྱུར་པ་དེ་ནི་དོན་དང་འདྲ་བ་ཉིད་དུ་སྐྱེས་པའི་རྣམ་པ་ལས་གཞན་ཅིར་འགྱུར་ཏེ། འདྲ་བ་ལས་འཁྲུལ་བ་ནི་མཚེ་མ་ལ་སོགས་པ་དག་ལ་མཐོང་བའི་ཕྱིར་ཏེ་གང་མི་འདྲ་བ་ལ་གཅིག་ཏུ་འཁྲུལ་བ་ནི་སྲིད་པར་མི་འགྱུར་རོ། །དེས་ན་རྒྱུ་གཞན་མི་དྲན་ལ་ཡུལ་དྲན་པའི་ཁྱད་པར་ཤེས་པ་ལ་ཡོད་པ་དེ་རྣམ་པ་ཉིད་དུ་གདོན་མི་ཟ་བས་རྣམ་བཅས་སུ་སྨྲ་བའི་འདོད་པ་གྲུབ་པ་ཡིན་ནོ། །འབྲས་བུ་ཤེས་པ་ལ་ཡུལ་གྱིས་བྱས་པའི་ཁྱད་པར་ལྷག་པོ་གང་ཡང་མེད་ན་ནི་རྒྱུ་ཐམས་ཅད་དྲན་པའི་སྐྱོན་སོ་ན་གནས་སོ། །གཉིས་པ་གཞན་རྣམ་མེད་དུ་འདོད་ན་དྲན་ཤེས་ཕྱི་མའི་དྲན་ཚུལ་དེ་མི་འཐད་པ་ནི། སྔོ་འཛིན་ཤེས་པ་དང་པོའི་རང་བཞིན་ཚུལ་གཉིས་པ་ཅན་མིན་ན་དེ་དྲན་པའི་ཤེས་པ་གཉིས་པའི་རང་བཞིན་ནི་འཛིན་རྣམ་ཡན་གར་བ་གཅིག་ཡུལ་དུ་བྱེད་པ་ལ་ནི་རྣམ་པར་གནས་ཤིང་། དེ་ཕན་ཆད་ཤེས་པ་སོ་སོ་ལ་འདི་དང་འདིའོ་ཞེས་ངེས་པར་སྤུ་རིས་ཕྱེད་ནས་འཛིན་པ་ཡི་སེམས་ཀྱིས་འབྱེད་པར་འགྱུར་བ་མ་ཡིན་ཏེ། རྣམ་པ་མེད་པ་ཙམ་གྱི་ཤེས་པ་གཅིག་ལས་མི་འདྲ་བའི་ཁྱད་པར་གང་ཡང་བསམ་པར་མི་ནུས་སོ། །ཤེས་པ་རྣམ་བཅས་སུ་གནས་པ་དེ་ཕྱིར་དོན་སྔོ་སོགས་ཀྱི་ངོ་བོ་རུ་དམིགས་པའི་བློའི་མདུན་ན་མངོན་སུམ་གྱི་ཚུལ་དུ་གནས་པར་གྱུར་པའི་བློ་གང་ཞིག །དོན་སྲེ་བ་སྟེ་རྣམ་པ་དོན་དུ་འཁྲུལ་བ་དེ་དང་ཡུལ་ཡུལ་ཅན་ལྟ་བུར་འབྲེལ་བ་ཉིད་དུ་སྣང་བ་ཅན་ཏེ་དོན་ལ་རྣམ་པ་དང་བཅས་པའི་ཚུལ་གཉིས་སུ་སྣང་བ་ཅན་དེའོ། །དེ་གང་གིས་དམིགས་ན་དྲན་ཤེས་དང་པོའམ་སྔོ་འཛིན་གྱི་རྗེས་སུ་བྱུང་བའི་བློ་གཉིས་པས་ནི་སྔོ་འཛིན་དེ་ཡི་ཚུལ་ལ་དེ་ལྟར་དམིགས་པར་འགྱུར་རོ། །དེ་ལྟར་བློ་ཐམས་ཅད་དོན་སྲེ་བ་སྟེ་རྣམ་པ་དང་


MR20_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ཅན་ཡིན་ནོ། །ཡུལ་གྱི་ཤེས་པ་ཐམས་ཅད་ཡུལ་དེའི་རྣམ་པ་ཅན་དུ་དྲན་པ་ལས་གཞན་དུ་རྣམ་མེད་དུ་དྲན་ན་དང་པོ་སྔོན་པོ་མངོན་སུམ་འཛིན་པའི་བློ་གཅིག་པུ་ཉིད་དོན་ལས་བྱུང་བའི་ཕྱིར་དོན་དང་འབྲེལ་བར་འགྱུར་གྱི་ཤེས་པ་སྔ་མའི་གཟུང་དོན་སྔོན་པོ་དང་དངོས་སུ་འབྲེལ་བ་མཐོང་བ་མེད་པ་ཅན་གྱི་ཤེས་པ་ཕྱི་མ་ཕྱི་མ་ནི་སྔོན་པོའི་ཡུལ་ཅན་མིན་ཏེ། ནང་ཤེས་པའི་ཡུལ་ཅན་ཡིན་པས་ན་འབྲེལ་བ་མིན་པར་འགྱུར་ལ། དེ་ལྟ་ན་ཤེས་པ་ཕྱི་མ་ཕྱི་མ་འདི་དྲན་པའི་སྐབས་སུ་སྔོན་པོས་ཁྱད་པར་དུ་བྱས་ནས་དྲན་པར་གཏན་མི་འགྱུར་ཏེ། ཤེས་པ་རང་ལ་སྔོན་པོའི་རྣམ་པ་མེད་ཅིང་ཡུལ་སྔོན་པོ་དང་འབྲེལ་བས་དྲན་པ་ཙམ་དུ་ཁྱོད་འདོད་ལ། དེ་ལྟ་ན་སྔོན་པོ་དང་འབྲེལ་བའི་ཤེས་པ་དང་པོ་དེ་དྲན་པའི་སྐབས་སུ་འབྲེལ་བའི་སྟོབས་ཀྱིས་སྔོན་པོ་དྲན་དུ་ཆུག་མོད། དེ་ཕན་ཆད་སྔོན་པོའི་རྣམ་ལྡན་དུ་ཇི་ལྟར་དྲན་ཏེ་བློ་ལ་ནི་སྔོན་པོའི་རྣམ་པ་མེད་ལ་སྔོན་པོ་ཉིད་དང་གཟུང་དོན་དུ་འབྲེལ་བའང་མེད་པའི་ཕྱིར་རོ། །འདོད་མི་ནུས་ཏེ་སྔོན་པོའི་རྣམ་པས་ཁྱད་པར་དུ་མ་བྱས་ན་སྔོ་འཛིན་དྲན་པ་དྲན་པ་དང་། ཡང་དེ་དྲན་པ་ལ་སོགས་པའི་ཁྱད་པར་གང་ཡང་འབྱེད་མི་ནུས་པའི་ཕྱིར་རོ། །དེ་འདྲའི་དྲན་པ་མེད་པར་བསྙོན་འདིང་མི་ནུས་ཏེ། ཁ་ནང་དུ་ཕྱོགས་ཙམ་གྱིས་མྱོང་བས་གྲུབ་པའི་ཕྱིར་རོ། །གཉིས་པ་ཕྱི་དོན་ཁས་མ་བླངས་ནས་བསྒྲུབ་པ་ལ། ལྷན་ཅིག་དམིགས་ངེས་རྟགས་ཀྱིས་བསྒྲུབ། །དེ་ལ་རྩོད་སྤང་དོན་བསྡུ་གསུམ། །དང་པོ། མཐའ་གཅིག་ཏུ་ངེས་པར་ཡུལ་དེ་འཛིན་གྱི་བློ་དབང་ཤེས་དང་ལྷན་ཅིག་ཏུ་སྔ་ཕྱི་མེད་པར་ཅིག་ཅར་དུ་ནི་མྱོང་བར་འགྱུར་བའི་དབང་ཤེས་ཀྱི་ཡུལ་སྔོན་པོ་ལ་སོགས་པ་ནི་དབང་ཤེས་དེ་ལས་གཞན་ཉིད་དུ་རིགས་པའི་རྣམ་པ་གང་གིས་ན་འགྲུབ་པར་འགྱུར་ཏེ་འདི་གཉིས་ཡན་གར་དུ་ནམ་ཡང་མྱོང་བ་མེད་པའི་ཕྱིར་ཏེ། ཤེས་བྱ་དང་བྲལ་བའི་


MR20_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཡན་གར་བ་དང་ཤེས་པས་མ་བཟུང་བའི་ཤེས་བྱ་ཡན་གར་བ་ནི་མོ་གཤམ་གྱི་བུ་བཞིན་དུ་དམིགས་མི་སྲིད་པའི་ཕྱིར་དང་། ཡུལ་ནམ་མྱོང་བ་ན་ཤེས་པ་ཉིད་དེའི་རྣམ་ལྡན་དུ་གསལ་བ་དུས་སྔ་ཕྱི་མེད་པར་གྲུབ་ཅིང་། དབང་ཤེས་ཉིད་སྐྱེས་པ་ན་གང་གཟུང་བྱར་འདོད་པའི་ཡུལ་དེ་ཡང་དེར་གསལ་བར་སྣང་བས་ཁྱབ་པའི་ཕྱིར་རོ། །སྣང་བའི་ཡུལ་དུ་གྱུར་ཏོ་ཅོག་ལ་འདི་ཙམ་ལས་གཞན་པའི་ཡུལ་ཞེས་བྱ་བ་སྣང་བ་ནི་གང་ཡང་མེད་དོ། །དེས་ན་ཡུལ་གང་ཞིག་རྟོག་མེད་དུ་གསལ་བར་ཉམས་སུ་མྱོང་བ་དང་། རྟོག་བཅས་ཀྱིས་མི་གསལ་བར་མྱོང་བ་གང་ཡིན་ཀྱང་ཡུལ་ཡུལ་ཅན་ལྷན་ཅིག་དམིགས་པར་ངེས་ཀྱི་ཡན་གར་བར་སྔ་ཕྱིའི་ཚུལ་དང་ཐ་དད་པར་འབྲེལ་མེད་དུ་དམིགས་པ་མི་སྲིད་པས་རྫས་གཞན་དུ་བསྒྲུབ་པ་ལ་རིགས་པ་ཡང་དག་པ་རྙེད་པར་མི་འགྱུར་ཏེ། ཡན་གར་བ་གཞན་དུ་ཚད་མས་དམིགས་པ་མི་སྲིད་པའི་ཕྱིར་རོ། །ཡན་གར་དུ་མ་དམིགས་ཀྱང་ལྷན་ཅིག་ཏུ་བློ་མ་འཁྲུལ་བས་ཐ་དད་པར་དམིགས་པ་འདིས་ཐ་དད་དུ་མི་འགྲུབ་ན་ཀ་བུམ་ཡང་གཅིག་ཏུ་ཐལ་ལོ་ཞེ་ན། སྤྱིར་རང་རིག་མེད་པའི་ལུགས་ལ་སྔོན་པོ་ཉམས་སུ་མྱོང་དུ་ཆུག་མོད། དེ་དང་དུས་མཉམ་པར་ཤེས་པ་ཡོད་པ་ཇི་ལྟར་མྱོང་སྟེ་མ་མྱོངས་པར་འགྱུར་ལ། དེས་ན་དུས་མཉམ་པར་ཀ་བུམ་བཞིན་དུ་ཐ་དད་པར་ཅི་ལྟར་མྱོང་། གལ་ཏེ་སྔོན་པོ་ཉམས་སུ་མྱོང་བཞིན་པའི་དུས་སུ་ནང་ན་གནས་པའི་ཤེས་པ་དང་། ཕྱི་རོལ་གྱི་སྔོན་པོ་ཆ་གཉིས་སུ་སྣང་བ་འདི་མྱོང་བས་གྲུབ་པོ་སྙམ་ན་རང་རིག་ཀྱང་གྲུབ་པར་འགྱུར་ལ། ཚུལ་གཉིས་ཀྱང་གྲུབ་པར་འགྱུར་ཏེ། དུས་མཉམ་པའི་ཡུལ་དེ་བློ་དེའི་རྒྱུར་མི་རུང་བས་དེ་ལྟར་སྣང་བ་ནི་བློ་ཡི་རྣམ་པ་ལས་འོས་མེད་པ་ཡིན་ནོ། །དེ་ཡང་བློ་མ་འཁྲུལ་པས་སྣང་བ་ཐ་དད་པར་དམིགས་པ་དེ་དག་སྣང་བ་དེ་


MR20_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེར་སྣང་བ་ཉིད་ཀྱིས་གཞན་དང་གཞན་དུ་འགྲུབ་པ་ནི་བདེན་ཏེ་བློའི་སྣང་བ་ལའང་སྔོ་སེར་དང་བདེ་སྡུག་དག་གཅིག་ཏུ་མི་རུང་བ་བཞིན་ནོ། །འོན་ཀྱང་བློ་གཅིག་དུས་གཅིག་ཏུ་སྣ་ཚོགས་སུ་འཆར་དུ་རུང་བའི་ཕྱིར་བློ་དང་དོན་ཐ་དད་པ་མ་ཡིན་ཏེ། ཡན་གར་དུ་འབྱེད་ཅིང་དམིགས་པ་མི་སྲིད་པའི་ཕྱིར་རོ། །ཡན་གར་དུ་མ་དམིགས་ཀྱང་དུས་གཅིག་ཏུ་བློ་ནི་ནང་ན་གནས་པ་གསལ་ཞིང་རིག་པ་དང་། དོན་ནི་ཕྱི་ན་ཡོད་པ་གསལ་རིག་དང་བྲལ་བ་རྡུལ་ཚོགས་པའི་རང་བཞིན་ཅན་དུ་དམིགས་པས་ཤིན་ཏུ་ཐ་དད་པར་དམིགས་པ་ཡིན་ནོ་ཞེ་ན། དེ་ལྟར་དམིགས་ན་དེ་ལས་ཡན་གར་དུ་དམིགས་པ་གཞན་ཅི་ཡོད་ཀྱང་ཕྱི་དོན་གསལ་པོར་མྱོང་བ་འདི་ཤེས་པ་ལས་ཐ་དད་པར་མྱོང་བ་ཡིན་ན་འདི་གསལ་རིག་དང་བྲལ་བ་དང་། བེམ་པོ་ཡིན་པར་སུས་ཤེས་པ་ཡིན། ཤེས་པས་ཤེས་པ་ཡིན་ན་ཤེས་པ་ལ་དེ་ལྟ་བུའི་རྣམ་པར་སྣང་བ་ནི་འདོད་མོད་ཀྱི་ཤེས་པ་ལས་ཐ་དད་པར་གྱུར་པ་ནི་སྒྲུབ་མི་ནུས་ཏེ། དེ་འདྲའི་སྣང་བ་དེ་ཡང་ཤེས་པ་ལ་དེ་ལྟར་སྣང་བ་ཙམ་དུ་གྲུབ་པའི་ཕྱིར་རོ། །ཡུལ་དང་ཡུལ་ཅན་ཐ་དད་པར་སྣང་བ་ཙམ་ཉིད་ནས་རྫས་གཞན་དུ་གྲུབ་སྟེ་དེ་ལྟར་སྣང་བས་སོ་སྙམ་ན། རྣམ་ཤེས་འཁྲུལ་བས་ཟླ་བ་གཉིས་མེད་པར་ཡང་ཐ་དད་དུ་མཐོང་བ་བཞིན་གཉིས་སྣང་གི་བསླད་པས་གཉིས་སུ་སྣང་ཡང་དོན་ལ་དེ་ལྟར་ཐ་དད་དུ་གྲུབ་པ་མ་ཡིན་ནོ། །དེ་ལྟ་ན་རིལ་གཅིག་ཏུ་འགྱུར་ཏེ་སོ་སོར་སྣང་བ་ཐམས་ཅད་བསླད་པས་ཡིན་ནོ་ཞེས་བརྗོད་ན་མཚུངས་སོ་སྙམ་ན། མི་མཚུངས་ཏེ་གང་བསླད་པས་གཅིག་ལ་གཉིས་སུ་སྣང་ཞིང་དོན་ལ་ཐ་དད་དུ་མ་གྲུབ་པ་དེ་ནི་རྣམ་པ་ཀུན་ཏུ་ལྷན་ཅིག་དམིགས་པར་ངེས་ཏེ་ཟླ་གཉིས་བཞིན་ནོ། །གལ་ཏེ་ཟླ་གཉིས་ཀྱང་ཡན་གར་དུ་དམིགས་རུང་ན་ཟླ་བ་གཉིས་སུའང་དོན་ལ་ཡོད་པར་འགྱུར་རོ། །དེས་ན་གཅིག་ལ་


MR20_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་འཁྲུལ་པ་མ་ཡིན་པ་དེ་ནི་རེས་འགའ་ལྷན་ཅིག་དམིགས་ཀྱང་ཡུལ་དུས་ཐམས་ཅད་ཀྱི་ཚེ་དེ་ལྟར་ངེས་པ་མེད་དེ། དཔེར་ན་སྔོ་སེར་ཐ་དད་དག་ལ་ནི་རེས་འགའ་ལྷན་ཅིག་དམིགས་ཀྱང་ཡུལ་དུས་ཐམས་ཅད་དུ་ལྷན་ཅིག་མྱོང་བའི་ངེས་པ་ཉིད་ཡོད་པ་མ་ཡིན་ནོ། །དཔེ་དེ་གཉིས་ཀྱིས་རྗེས་འགྲོ་དང་ལྡོག་པའི་དཔེས་ཁྱབ་པ་བསྒྲུབ་པ་ཡིན་ལ། དེ་འདྲའི་རྫས་ཐ་དད་པའི་ཚུལ་དེ་འདི་ལ་ནམ་ཡང་མི་སྲིད་དེ། མྱོང་བ་དེ་འཛིན་གྱི་བློ་མེད་པར་དོན་འགའ་མྱོང་བའམ། མྱང་བྱ་དོན་མེད་པ་ཡི་དེ་འཛིན་མྱོང་བ་ཡང་ནམ་ཡང་འདི་ཞེས་ཉམས་སུ་མྱོང་བར་འགྱུར་བ་མ་མཐོང་བ་དེས་ན་ཡུལ་ཤེས་དེ་དག་རྫས་ཐ་དད་པ་མིན་ཏེ། གང་དང་གང་མྱོང་བ་ཐམས་ཅད་བློ་དེ་དང་དེའི་རྣམ་པར་སྐྱེས་པ་ཙམ་དུ་ཟད་དོ། །འདིས་ནི་ཕྱོགས་ཆོས་བསྒྲུབ་པ་ཡིན་ནོ། །ཚུལ་དེ་ཕྱིར་དབང་ཤེས་རང་དུས་ན་སྣང་བ་ཡི་དོན་ནི་ཤེས་པ་རང་ལས་རྫས་གཞན་མིན་པ་ཉིད་དུ་གྲུབ་པ་དེ་ནི་རིགས་པས་བཟློག་པར་རབ་ཏུ་དཀའ་བ་ཉིད་དེ་གཞན་དུ་སྒྲུབ་པའི་ཚད་མ་མི་རྙེད་པའི་ཕྱིར་རོ། །དེས་ན་གཟུང་འཛིན་རྫས་གཞན་མིན་པས་ན་རྫས་གཅིག་ཏུ་འགྲུབ་ཀྱི་ཐ་སྙད་དུ་ཡང་གཅིག་ཐ་དད་གང་དུའང་མི་བསྒྲུབ་ན་སྔོ་སོགས་དངོས་མེད་དུ་འགྱུར་ལ། དེ་ལྟ་ན་དབྱིབས་དང་ཁ་དོག་སོགས་ཀྱི་རྣམ་པར་སྣང་བ་ཡང་མེད་པར་འགྱུར་ཏེ་དོན་དམ་དཔྱོད་པས་གཅིག་ཐ་དད་བཀག་པའི་སྐབས་དང་མི་འདྲ་བར་ཤེས་པར་བྱའོ། །གཉིས་པ་རྩོད་སྤང་ལ། ཕྱི་དོན་ཡོད་པའི་སྒྲུབ་བྱེད་བཀག །ཕྱི་དོན་མེད་ལ་གནོད་བྱེད་སྤང་། །དང་པོ། བློ་ལས་རྫས་ཐ་དད་པའི་ཕྱི་དོན་ངེས་པར་ཡོད་དེ་དབང་ཤེས་སྐྱེ་བའི་རྒྱུ་གཞན་དབང་པོ་དང་ཡིད་བྱེད་དག་ནི་ཡོད་ན་ཡང་དེ་ཙམ་གྱིས་དབང་པོའི་བློ་རྣམས་སྐྱེ་བ་མེད་པའི་ཕྱིར་དབང་ཡིད་ལས་ཐ་དད་པའི་རྒྱུ་གཞན་ཕྱི་རོལ་གྱི་དོན་དམིགས་རྐྱེན་ཚང་དགོས་པ་ཡིན་པ་ནི་རྗེས་སུ་དཔོག་པར་འགྱུར་རོ་ཞེ་ན། གལ་ཏེ་དབང་ཤེས་རང་


MR20_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚུངས་པ་དེ་མ་ཐག་པའི་རྐྱེན་སོ་སོ་ལས་དོན་སོ་སོའི་སྣང་བ་གསལ་བར་སད་པའི་དབང་ཤེས་སོ་སོ་ཡུལ་དུས་ངེས་པ་ཅན་དུ་སྐྱེ་བ་ཡིན་པར་མི་སྨྲ་བ་ཞིག་ན་དེ་ལྟར་ཡིན་དུ་ཆུག་ཀྱང་དོན་སྣང་སོ་སོའི་བག་ཆགས་སད་བྱེད་ཤེས་པ་སྔ་མའི་མཐུས་དབང་ཤེས་སྐྱེ་བ་དེ་ནུས་པའི་ཕྱིར་དོན་གྱི་སྟོབས་ལས་སྐྱེ་བར་རྗེས་སུ་མི་དཔོག་སྟེ། གང་ལྟར་ཡང་དབང་ཤེས་རང་དུས་ན་གསལ་བར་སྣང་བའི་ཡུལ་ནི་ཤེས་པ་ལས་གཞན་དུ་མི་འཐད་པར་དངོས་སྟོབས་ཀྱིས་གྲུབ་ལ། དེའི་རྒྱུ་ནི་དེ་མ་ཐག་པས་ཀྱང་ནུས་པའི་ཕྱིར་ཕྱི་དོན་གྱི་ནུས་པ་གྲུབ་པ་མི་དཔོག་པས་ན་ཤེས་བྱ་ནང་གིར་སྨྲ་བ་ཉིད་ཚད་མ་དང་ལྡན་པར་ཤེས་པར་བྱའོ། །གཉིས་པ་ལ། རྒྱུ་དང་འབྲས་བུ་མི་འཐད་དང་། །འབྲས་རྟགས་མི་འཐད་རྩོད་པ་སྤང་། །དང་པོ་ལ། རྩོད་པ་འགོད་དང་དེ་ཡི་ལན། །དང་པོ། ས་བོན་ལས་ནི་མྱུ་གུ་སྐྱེ་བ་དང་དུ་བ་ལས་ནི་མེ་གྲུབ་པ་ཞེས་བྱ་བ་དེ་འདྲ་ཕྱི་རོལ་གྱི་དོན་ལ་རྟེན་པ་ཅན་ཁོ་ན་ཡིན་པས་ཕྱི་དོན་མེད་ན་ས་བོན་ཉིད་མྱུ་གུའི་བྱེད་པ་པོ་ཡིན་པ་དང་། དུ་བ་མེའི་ཤེས་བྱེད་དུ་གནས་པ་གང་ཡིན་དེ་མི་འཐད་པར་འགྱུར་རོ་ཞེ་ན། གཉིས་པ་ལན་ལ། ཕྱི་དོན་མེད་པས་རྒྱུ་འབྲས་སུ་བཞག་པ་མི་འཐད་པ་མ་ཡིན་ཏེ། ཇི་ལྟར་སྣང་བའི་རྒྱུ་དང་འབྲས་བུར་སྣང་བ་དེ་ཡང་གལ་ཏེ་ཕྱི་དོན་དུ་མ་གྲུབ་ཀྱང་། བག་ཆགས་བརྟན་བྱུང་གི་ཤེས་པ་རྒྱུ་འབྲས་སོགས་དེའི་ངོ་བོར་སྣང་བ་དེ་དེ་ལྟར་ངེས་པར་འབྲལ་བའི་ཚུལ་དུ་སྣང་བའི་བློ་ལ་བརྟེན་ནས་འདི་དག་རྒྱུ་དང་འདི་དག་འབྲས་བུའོ་ཞེས་རྟོགས་པར་བྱེད་ན་འགལ་བ་དག་ནི་ཅི་ཞིག་ཡོད་དེ། རྒྱུ་འབྲས་བྱ་བྱེད་ཀྱི་རྣམ་གཞག་ཇི་ལྟར་སྣང་བ་བློ་སྣང་ཡིན་ཀྱང་རྒྱུ་འབྲས་སོགས་སུ་སྣང་བ་མ་ཉམས་པར་གནས་ལ། ཕྱི་དོན་དུ་གྲུབ་པས་ཀྱང་དེ་ལས་ལྷག་པར་སྣང་བ་གང་ཡང་མེད་པའི་ཕྱིར་ཀླུ་རྣམས་ཀྱིས་ཕབ་པའི་ཆར་གཅིག་ལའང་ལྷ་དང་


MR20_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་ངན་སོང་གི་འགྲོ་བར་སོ་སོའི་སྣང་བ་མི་འདྲ་བ་ཡོད་ཀྱང་སོ་སོའི་སྣང་བ་ལྟར་རྒྱུ་འབྲས་ཀྱི་བྱ་བྱེད་འཐད་པ་བཞིན་ནོ། །དེས་ན་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བར་མཐོང་བ་ཡང་རང་གིས་ཇི་ལྟར་མཐོང་བའི་སྣང་བ་དེ་ལས་དེ་ལྟར་འདོགས་ཀྱི་སྣང་བ་དེ་སྤངས་ནས་དོན་རང་སྟོབས་ཀྱི་རྒྱུ་འབྲས་རང་རྐྱ་བ་ཞིག་སྒྲུབ་མི་ནུས་ཏེ། ཉི་མ་ཚ་བར་སྣང་བ་འདི་ཡང་ཡི་དྭགས་ལ་བསིལ་བར་སྣང་བ་ན་དེ་དག་གི་གྲང་བའི་རེག་བྱ་སྐྱེད་པའི་རྒྱུར་འཇོག་པ་བཞིན་ནོ། །དེ་བཞིན་དུ་འགྲོ་བ་སོ་སོའི་སྣང་བ་ཐ་དད་པས་རང་རང་གི་སྣང་བ་དེ་ལས་དེ་ལྟར་རྒྱུ་དང་འབྲས་བུའི་བྱ་བ་བསྙོན་དུ་མེད་པར་གྲུབ་པ་ལས་ཕྱི་དོན་འགྲུབ་མི་དགོས་པ་བཞིན་ནོ། །གཉིས་པ་ལ། རྩོད་པ་དང་ནི་དེ་ཡི་ལན། །དང་པོ། ཕྱི་དོན་མེད་པར་འདོད་པ་ལྟར་ན་འདི་ལྟར་ལ་ལ་དུ་བ་གསལ་བར་སྣང་བ་འདི་ཕྱི་རོལ་གྱི་མེས་བསྐྱེད་པར་འགྱུར་བ་ནི་མིན་ལ་ནང་གི་བག་ཆགས་ལས་སྐྱེ་བ་ཙམ་ཡིན་པ་དེ་ཕྱིར་འབྲས་བུ་དུ་བ་ལས་རྒྱུ་ཕྱི་རོལ་གྱི་མེ་ད་ལྟ་བ་རྟོགས་པ་མིན་ལ། མེར་སྣང་དེ་དུ་སྣང་དེ་ཡི་རྒྱུ་དག་ནི་ཡིན་དུ་ཆུག་ན་ཡང་དུ་བའི་རྟགས་གང་ལས་མེ་དེ་ངེས་པར་རྟོག་པར་འགྱུར་ཏེ། འདིའི་སྔོན་དུ་མེ་སྣང་མ་གྲུབ་པའི་ཕྱིར་འབྲས་བུ་སྔ་ལ་རྒྱུ་ཕྱི་བའི་ཕྱིར་དང་། གལ་ཏེ་དུ་བ་གསལ་བར་སྣང་བ་འདི་ཕྱིས་མེར་སྣང་འབྱུང་བའི་རྒྱུ་དག་ཡིན་ན་ཡང་འབྲས་རྟགས་སུ་མི་འགྱུར་ལ། རྒྱུ་ཙམ་ནི་འབྲས་བུ་ལ་འཁྲུལ་བའི་ཕྱིར་དེ་ལྟར་འབྲས་རྟགས་མི་འཐད་པར་འགྱུར་རོ་ཞེ་ན། གཉིས་པ་ལན་ནི། དུ་བ་ལས་མེ་དཔོག་པའི་ཚེ་ན་ཕྱི་དོན་འདོད་པ་དང་མི་འདོད་པ་སུའི་ལུགས་ལའང་ད་ལྟ་བའི་མེ་ཡོད་དོ་སྙམ་དུ་ཞེན་པ་ནི་སྤྱི་ཙམ་བློ་ཡུལ་དུ་བྱེད་ཀྱི་མེའི་རང་མཚན་མངོན་དུ་གྱུར་པ་ནི་མ་ཡིན་ལ། རྟགས་དེ་ལས་མེ་ཉིད་མངོན་གྱུར་དུ་ཐོབ་པ་ནི་ཕྱིས་འབྱུང་བ་ཡིན་གྱི་དེ་མ་ཐག་ཏུ་ནི་མ་ཡིན་ནོ། །དེ་ལྟ་ན་བག་ཆགས་


MR20_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བྱུང་གི་ཤེས་པ་དོན་ལྟར་སྣང་བའི་ཕྱོགས་དང་དུ་བ་ཙམ་མངོན་དུ་གྱུར་པ་དེར་ལྐོག་ཏུ་གྱུར་པའི་མེའི་བློ་འབྱུང་བ་ཙམ་ནི་ཤེས་བྱ་ནང་གིར་སྨྲ་བའི་ལུགས་ལའང་ཡོད་ཅིང་དེ་ལས་ལྷག་པར་ཕ་རོལ་པོ་ལའང་སྣང་བ་མེད་དོ། །ཕྱིས་མེ་སྣང་བ་ནའང་དོན་སྨྲ་བ་ལྟར་ན་ཕྱི་དོན་ཉིད་དུ་ཞེན་པ་སྐྱེ་བ་ལས་སྣང་བ་ལ་ནི་ཁྱད་མེད་པར་ཉམས་སུ་མྱོང་རུང་བས་ན་སྣང་བའི་རང་བཞིན་གྲ་མ་ཉམས་པར་འགྱུར་ན་འབྲས་རྟགས་ཇི་ལྟར་མི་འཐད་དེ། འདི་ལྟར་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་འགོད་པ་དེ་ལའང་དུ་བར་སྣང་བའི་བློས་གང་དཔོག་སྙམ་ན་མེའི་རང་མཚན་དཔོག་གོ་ཞེས་སྤྱིར་གྲགས་ཀྱང་། རང་མཚན་དེ་ནི་དོན་སྨྲ་བས་ཕྱི་རོལ་ན་བཙོ་སྲེག་གི་དོན་བྱེད་པའི་དངོས་པོར་འདོད་ལ། དེ་ཡང་བརྟགས་ན་བཙོ་སྲེག་གི་དོན་བྱེད་པར་ཤེས་པ་ལ་སྣང་བ་ལས་གཞན་པ་ཉིད་དུ་ནམ་ཡང་མི་འཐད་པས་ན་ཤེས་བྱ་ནང་གིར་སྨྲ་བ་ལྟར་ན་བག་ཆགས་གསལ་བར་སད་པ་ཅན་གྱི་མེར་སྣང་བ་ཡི་བློ་ཉིད་ཙམ་དུ་འདོད་ཀྱི་ཕྱི་རོལ་གྱི་མེའི་རང་མཚན་ཞེས་པ་བློ་ལས་ཐ་དད་པར་མི་འཐད་དོ། །དེས་ན་དེ་ལྟ་བུའི་མེར་སྣང་ཉིད་ནི་རྟོགས་པར་འགྱུར་གྱི་ཕྱི་རོལ་གྱི་མེ་ཉིད་ནི་ནམ་ཡང་མ་ཡིན་ཏེ། དེ་མི་སྲིད་པའི་ཕྱིར་ཏེ་དཔེར་ན་རྨི་ལམ་གྱི་མེ་བཞིན་ནོ། །དེས་ན་བག་ཆགས་གསལ་པོར་སད་པའི་མེར་སྣང་ལ་བསམས་ན་འབྱུང་རུང་ཡིན་ཏེ་ཕ་རོལ་པོས་ཀྱང་ཕྱོགས་དེར་ཕྱིན་ན་མེ་མངོན་གྱུར་དུ་མཐོང་རུང་བར་དཔོག་པ་ཡིན་པ་བཞིན་ནོ། །ད་ལྟ་བ་ལ་བསམས་ན་མེར་སྣང་གི་བག་ཆགས་སད་རུང་གི་ངོ་བོ་ལ་ཕྱི་རོལ་ན་མེ་ཡོད་ཀྱང་མངོན་དུ་མ་གྱུར་པ་ཙམ་དུ་ཞེན་པ་སྐྱེ་བ་སྟེ། རྨི་ལམ་ན་དུ་བ་མཐོང་བའི་དུས་སུ་ཕྱོགས་དེར་མེ་ཡོད་དོ་སྙམ་དུ་ཞེན་པ་ལྟ་བུའོ། །དེས་ན་ལྐོག་གྱུར་ལ་ཞེན་པས་དེ་དོན་དུ་ཡོད་དོ་སྙམ་དུ་རློམ་པ་དང་།


MR20_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་གྱུར་ལ་འདི་དང་འདིའོ་སྙམ་པ་གཉིས་ཀ་སྣང་བ་ལྟར་ཕྱི་དོན་དུ་ཞེན་ཀྱང་རུང་སྣང་བ་ཙམ་དུ་འདོད་ཀྱང་རུང་བག་ཆགས་བརྟན་བྱུང་གི་ཤེས་པའི་མཐུ་ལས་མངོན་དུ་གྱུར་པ་དང་མ་གྱུར་པའི་དུས་སུ་རྒྱུན་གྱིས་འཇུག་པ་ལྟར་སྣང་བའི་སྣང་བ་ཙམ་ནི་མི་འདྲ་བ་མེད་པས་ན་ཕྱི་དོན་མ་གྲུབ་པར་ཁས་བླངས་ཀྱང་སྣང་ཚུལ་ལ་འགལ་བ་གང་ཡང་མེད་དེ། བག་ཆགས་ཀྱི་མཐུ་ལས་སྣང་བའི་རྟེན་འབྲེལ་གྱི་སྣང་བ་དང་། ལས་ཀྱི་མཐུས་ཕྱི་རོལ་གྱི་དངོས་པོའི་རྟེན་འབྲེལ་ཁས་ལེན་པ་གཉིས་ཀར་སྣང་ཚུལ་མཐུན་པར་འཆར་བ་ཡིན་ནོ། །གནད་འདི་མ་ངེས་ན་སེམས་ཙམ་གྱི་ཚུལ་བདེ་བླག་ཏུ་འགྲུབ་དཀའ་བས་འདི་ཤིན་ཏུ་གལ་ཆེའོ། །ཕ་རོལ་པོ་ན་རེ། དེ་ལྟར་ན་དུ་བ་འདི་མེ་ལས་མ་སྐྱེས་པར་འགྱུར་ཏེ། ཁྱོད་ཀྱི་ལུགས་ལ་མེའི་བག་ཆགས་གསལ་པོར་སད་པ་དེ་ཙམ་ལས་མེ་ཞེས་བྱ་བ་གཞན་མེད་ན་དེ་འདྲའི་མེར་སྣང་དེ་མེད་བཞིན་དུ་བདེ་ཡོད་པའི་ཕྱིར་རོ་ཞེ་ན། དུ་བ་འདི་དུ་བར་སྣང་བ་ཙམ་ལས་གཞན་པའི་ཕྱི་དོན་དུ་འདོད་པ་ཞིག་ན་དེའི་རྒྱུ་ཕྱི་རོལ་རང་མཚན་གྱི་མེ་ཡང་སྔོན་དུ་འགྲོ་དགོས་མོད་ཀྱི་དུ་བ་ཡང་རང་སྣང་ཙམ་དུ་ཁས་ལེན་པ་ལ་ཕྱི་རོལ་གྱི་མེ་རྒྱུར་མི་དགོས་ཏེ། ནང་གི་བག་ཆགས་ལས་སྐྱེ་བའི་ཕྱིར་རོ། །ནང་གི་བག་ཆགས་སད་རུང་བར་དཔོག་པ་དེ་ལ་མེ་ཉིད་དུ་ཞེན་པ་སྐྱེ་བ་ཡོད་པས་དེ་དེའི་རྒྱུ་ཡིན་པར་ཞེན་པའི་ཕྱིར་མེ་ལས་སྐྱེ་ཞེས་པའི་རྣམ་གཞག་མི་འགལ་ཏེ། མེ་ཉིད་ཀྱང་བག་ཆགས་སད་པ་ཙམ་ལས་གཞན་དུ་མི་འདོད་པ་དེའི་ལུགས་ལ་ལྐོག་ཏུ་གྱུར་པའི་མེ་ཡང་བག་ཆགས་སད་རུང་ཙམ་དེ་ལ་འཇོག་པར་འཐད་པའི་ཕྱིར་ཏེ་དེ་དེའི་རྒྱུར་རུང་བའི་ཕྱིར་རོ། །ཇི་ལྟར་ན་སེམས་ཀྱི་རྒྱུད་དེ་ནི་མེར་སྣང་མངོན་སུམ་པ་དེར་སྐྱེ་བར་རུང་བ་ཡི་བག་ཆགས་ཀྱི་སྙིང་པོ་ཅན་དུ་གྱུར་པ་དེ་ཉིད་དུ་བར་ནི་སྣང་བའི་བློ་དག་གསལ་བར་བྱེད་པའི་རྒྱུའམ་རྐྱེན་ཡིན་པ་དེས་ན་མེ་ལས་དུ་བ་སྐྱེ་བ་འཐད་


MR20_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། བག་ཆགས་སྔ་མ་སྔ་མ་རྒྱུ་དང་དེ་ལས་སྐྱེས་པ་འབྲས་བུ་ཡིན་ལ་བག་ཆགས་གསལ་བར་སད་པའི་སྣང་བ་དེ་དག་ཀྱང་འགའ་ཞིག་འགའ་ཞིག་གི་བག་ཆགས་ད་ལྟ་བ་སད་པར་བྱེད་པ་དང་། ཕྱིས་ཀྱི་སྣང་བ་དེ་འདྲའི་རྒྱུ་ཡི་བག་ཆགས་འཇོག་པར་བྱེད་པའང་ཡིན་པས་ཤེས་བྱ་ནང་གིར་སྨྲ་བའི་ལུགས་ལ་བློའི་བག་ཆགས་ཀྱི་མཐུས་རྒྱུ་འབྲས་ཀྱི་རིམ་པ་ཀུན་སྣང་གི་ཕྱི་རོལ་གྱི་དོན་ལ་ལྟོས་པའི་རྒྱུ་འབྲས་གཞན་དགོས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུར་གྱུར་པ་ཐམས་ཅད་ཀྱང་གཞན་དབང་གི་རྣམ་པར་ཤེས་པའི་རྟེན་འབྲེལ་ཉིད་དུ་འདོད་པ་ཡིན་ནོ། །དེས་ན་སེམས་ཀྱི་རྒྱུད་ལ་བག་ཆགས་སྣ་ཚོགས་པ་གནས་པ་ཉིད་ཀྱི་མཐུ་མཐོང་ནས་ཕྱི་རོལ་ན་རྒྱུ་དང་འབྲས་བུའི་ཚུལ་དང་ལྐོག་ཏུ་གྱུར་པའི་ཆོས་སྣ་ཚོགས་རྒྱུན་གྱིས་འཇུག་པ་ལྟར་ཞེན་པ་སྐྱེ་བ་ཡིན་ཏེ། དཔེར་ན་ཕྱི་དོན་འདོད་པ་མདོ་སྡེ་པ་དག་གི་ལྟར་ནའང་དངོས་པོའི་རྒྱུན་སྐད་ཅིག་མ་ཙམ་དུ་གནས་ལ་རང་མཚན་ཡོད་པ་ནི་ད་ལྟ་བ་ཁོ་ན་ལས་གཞན་མེད་ཀྱང་འདས་པ་དང་མ་འོངས་པའི་རིམ་པ་ཚད་མེད་པ་ཡོད་པར་འཛིན་པ་ནི་དོན་རང་མཚན་ཡོད་པའི་དབང་གིས་མ་ཡིན་ཏེ་དེར་རྟོག་པའི་སེམས་ཀྱི་དབང་གིས་དེར་ཞེན་པ་སྐྱེ་བ་ལྟ་བུ་དང་། ལྐོག་ཏུ་གྱུར་པའི་ཆོས་ཚད་མེད་པ་ཡོད་པར་འཛིན་པ་ཡང་དེ་དག་ལ་ད་ལྟ་ཕྱི་རོལ་གྱི་རང་མཚན་ཡོད་དུ་ཆུག་མོད། རང་མཚན་སྣང་བའི་དབང་གིས་དེ་ཡོད་པར་འཛིན་པ་མ་ཡིན་གྱི་སྤྱི་འཛིན་རྟོག་པས་དེར་ཞེན་པ་ན་དེའི་ངོར་ཡོད་པ་ཉིད་དུ་སྣང་བ་བཞིན་ནོ། །འདི་ནི་ཤིན་ཏུ་གལ་ཆེ་བས་མདོ་ཙམ་བརྗོད་པ་ཡིན་ནོ། །དེ་དག་གི་ཚུལ་མཐར་ཐུག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་བརྩམས་ནས་ཤེས་དགོས་པས་ཤིང་རྟ་ཆེན་པོའི་གཞུང་ཉིད་ལས་ཤེས་པར་བྱའོ། །གསུམ་པ་མཇུག་བསྡུ་ནི། ཤེས་བྱ་ནང་གིར་སྨྲ་བའི་མཁས་པ་རྣམས་ལ་ཆོས་ཐམས་ཅད་རྒྱུ་


MR20_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བྱ་བྱེད་ཀྱི་རྣམ་གཞག་ཕྱི་རོལ་དོན་ལ་མི་ལྟོས་པར་བློ་ཉིད་ཀྱི་སྟེང་ནས་འཇོག་ཚུལ་གྱི་བརྗོད་པ་འདི་ལྟ་བུ་དངོས་སྟོབས་ཀྱིས་གྲུབ་པ་ཡོད་མོད་ཀྱི། ཟབ་མོ་ནང་གི་རྟེན་འབྲེལ་གྱི་ཚུལ་ཟབ་མོ་རྟོགས་པར་དཀའ་བ་རྣམས་ལ་རེ་ཞིག་ཕྱི་རོལ་དོན་གྱི་རྣམ་པ་ལ་ནི་བརྟེན་ནས་སུ་རྒྱུ་འབྲས་དང་བྱ་བྱེད་ཐམས་ཅད་བཞག་པས་རྟོགས་སླ་བ་དེ་ཡི་དབང་དུ་བྱས་ནས་བཞག་ཅིང་། དེ་ལྟ་ནའང་ཡུལ་འཛིན་པའི་བློ་ལ་ཚུལ་གཉིས་སུ་གྲུབ་པ་མེད་དུ་མི་རུང་བས་དེ་གཉིས་གྲུབ་ཚུལ་རིགས་པའི་ལམ་ནས་བརྗོད་པ་ཡིན་ལ། ཚུལ་གཉིས་པོ་དེ་ཡང་ནི་ཐ་དད་པ་མ་ཡིན་ཏེ་ལྷན་ཅིག་མྱོང་བའི་ངེས་པས་འགྲུབ་པ་ཡིན་པ་དེ་ཕྱིར་བློ་རྣམ་པ་དང་བཅས་པ་ཉིད་དུ་ཤེས་པར་བྱའོ། །དེ་ལ་རེ་ཞིག་སྣང་ཚུལ་ལྟར་ཕྱི་རོལ་གྱི་དོན་ཁས་བླངས་ནས་རྒྱུ་དང་འབྲས་བུ་ལ་སོགས་པའི་རྣམ་གཞག་དེ་ལྟར་བྱེད་ན་ཡང་སྔོན་པོའི་རྣམ་པ་དང་སྔོ་འཛིན་གྱི་རྣམ་པ་གཉིས་ནི་བློ་གཅིག་གི་རང་བཞིན་ཡིན་པའི་ཕྱིར་ཐ་དད་དུ་དམིགས་མི་སྲིད་པས་རྫས་གཅིག་ཏུ་འགྲུབ་པ་ཡིན་ལ། ཕྱི་དོན་སྔོན་པོ་དང་སྔོ་འཛིན་ནི་ནམ་ཡང་ལྷན་ཅིག་དམིགས་མི་སྲིད་དེ་ཕྱི་དོན་རྗེན་པར་ནམ་ཡང་དམིགས་མི་སྲིད་པས་སོ། །དེ་ལྟར་ན་བློ་ཡི་གཟུང་འཛིན་རྫས་གཅིག་ཏུ་གྲུབ་པས་རྣམ་བཅས་དང་རང་རིག་གྲུབ་པར་གྱུར་ན་དེ་འདྲའི་ལྷན་ཅིག་དམིགས་ངེས་དེས་ཕྱི་དོན་མེད་པར་འགྲུབ་སྟེ། བློ་ལས་ཡན་གར་དུ་ནམ་ཡང་དམིགས་མི་སྲིད་པས་མངོན་སུམ་གྱིས་མི་འགྲུབ་ལ། ཕྱི་དོན་མེད་ཀྱང་ནང་གི་བག་ཆགས་ཀྱི་མཐུ་ལས་དེར་སྣང་བའི་ཕྱིར་རྣམ་རིག་པའི་ཚུལ་ཡང་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །གཉིས་པ་ཚུལ་གཉིས་མི་འདོད་པ་ལ་གནོད་པ་སྟོན་པ་ལ། དབང་ཤེས་ཉིད་ལ་བརྟེན་ནས་དགག །དེ་ཡི་ཡུལ་ལ་བརྟེན་ནས་དགག །དང་པོ་ལ། སྤྱི་དང་བྱེ་བྲག་རྣམ་པ་གཉིས། །དང་པོ་ལ། ཕ་རོལ་འདོད་ལ་མི་


MR20_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་བརྗོད། །རང་ལ་མི་མཚུངས་པ་ཡི་ཚུལ། །དང་པོ། གསལ་མི་གསལ་གྱི་དབང་པོའི་ཁྱད་པར་གྱིས་ཡུལ་གཅིག་ལ་ཡང་གསལ་བ་དང་མི་གསལ་བ་དང་། ཆ་འགའ་ཞིག་གསལ་ལ་འགའ་ཞིག་མི་གསལ་བའི་འདྲེས་མ་དང་། ལ་སོགས་པ་ཞེས་པས་དཀར་པོ་ལ་སེར་པོར་སྣང་བ་སོགས་རྣམ་པ་གཞན་དུ་སྣང་བ་སྟེ། དེ་ལྟར་སྣང་བ་ཐ་དད་པར་འཛིན་པ་ཡི་ཡུལ་ཅན་ཤེས་པ་དེ་དག་ཡུལ་དོན་གྱི་དངོས་པོ་གཅིག་ལ་དམིགས་པ་ལ་ཡོད་པ་ཡིན་གྱི་དོན་སོ་སོ་གཞན་ལ་དམིགས་པ་མ་ཡིན་པར་གནས་སོ། །དེ་ལྟར་དོན་གཅིག་ལ་སྣ་ཚོགས་སུ་སྣང་བ་དེ་དོན་གཅིག་པུ་དེ་ལ་དབང་ཤེས་དེ་དོན་གྱི་རྣམ་པ་དེར་སྣང་བ་མིན་ན་ཡུལ་དོན་གྱི་རང་བཞིན་གཅིག་པུ་དེ་ལ་ཐ་དད་མེད་པའི་ཕྱིར་དེ་ཡི་དོན་ཅན་ཏེ་ཡུལ་ཅན་བློའམ་ཡིད་ཀུན་ནི་གསལ་མི་གསལ་སོགས་ཀྱི་ཐ་དད་མེད་པར་རང་བཞིན་གཅིག་པ་ཉིད་དུ་འགྱུར་ཏེ། ཡུལ་རང་གི་རང་བཞིན་རྗེན་པར་མཐོང་བར་འདོད་པའི་ཕྱིར་རོ། །གཉིས་པ། སྐྱོན་དེ་ནི་རྣམ་བཅས་སུ་སྨྲ་བ་ལའང་མཚུངས་ཏེ་དེ་དག་གི་ཡང་རྣམ་པ་གཏོད་བྱེད་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། རྗེན་ཅེར་དུ་འཛིན་ན་ཡུལ་རང་གི་ངོ་བོ་ཇི་ལྟར་ཡིན་པ་ལས་གཞན་དུ་སྣང་མི་སྲིད་ཀྱང་རྣམ་པ་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་རྗེས་སུ་འགྲོ་མི་དགོས་ཏེ། དམིགས་རྐྱེན་གྱི་དོན་དེ་ལ་བརྟེན་ནས་འབྱུང་བར་འགྱུར་ཞིང་དོན་དེ་ཡི་ངོ་བོའི་རྗེས་སུ་བྱེད་པ་ཡི་རྣམ་པ་དེ་ནི་དོན་དེ་ཡི་ཡུལ་ཅན་ཡིན་པ་ཙམ་ལ་ཁྱད་མེད་ཀྱང་ཡུལ་ཁོ་ནའི་འབྲས་བུ་མ་ཡིན་ཏེ། དབང་པོ་ལ་སོགས་པ་རྒྱུ་གཞན་གྱི་ཆ་འགའ་ཞིག་ལས་ཀྱང་ཡུལ་ཁོ་ནའི་རང་བཞིན་ཇི་ལྟ་བ་དང་མི་འདྲ་བའི་ཆ་འགའ་ཡིས་ནི་ཐ་དད་དུ་འགྱུར་ཏེ། དཔེར་ན་འདི་ལྟར་ཕ་ལ་བརྟེན་ནས་བུ་སྐྱེ་བ་ན་བུས་ཕ་དེ་ཡི་ནི་གཟུགས་འཛིན་པ་


MR20_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ཡང་། རྒྱུའི་ཁྱད་པར་འགའ་ཞིག་ལས་ནི་དབྱིབས་དང་མདོག་ལ་སོགས་པ་ཆ་འགའ་ཡིས་བུ་དང་ཕ་མི་འདྲ་བའི་ཐ་དད་པར་ནི་དམིགས་པ་ཡིན་གྱི་རྣམ་པ་ཀུན་ཏུ་ཁྱད་མེད་པ་མིན་པ་བཞིན་ནོ། །གཉིས་པ་ལ། ཐལ་བ་འགོད་དང་དེ་སྒྲུབ་པའོ། །དང་པོ། མར་མེ་དང་ཟླ་བ་ལ་སོགས་པའི་དཀྱིལ་འཁོར་ནི་རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་དུ་ཟླུམ་པོར་བསྐོར་བ་མདོག་སྔོ་དང་དམར་དང་མདངས་བཀྲ་ཞིང་གསལ་བར་ཡང་མིག་མི་གསལ་བས་མཐོང་བར་འགྱུར་བ་ཡོད་ལ། ཁྲ་བོའི་རྣམ་པ་དེ་དབང་པོའི་བློ་ཉིད་ཀྱི་རྣམ་པ་མ་ཡིན་པར་སྣང་བ་དེ་དང་དེ་དག་ཡུལ་མར་མེ་ལ་སོགས་པའི་ཆོས་སམ། དེ་ལས་སྐྱེས་པའི་ཕྱི་རོལ་དོན་གྱི་དངོས་པོ་ཞིག་ཡིན་ན་སྣང་རུང་གི་དངོས་པོ་དེ་ལ་དབང་པོ་གསལ་བ་རྣམས་ལ་ཅི་སྟེ་རང་འཛིན་དབང་ཤེས་སྐྱེད་པའི་ནུས་པ་མེད་ལ། དབང་པོ་གསལ་བ་དག་ལའང་དེ་འཛིན་པའི་ནུས་པ་ཅི་སྟེ་མེད་དེ་འཛིན་པར་རིགས་སོ། །གཉིས་པ་ལ། དེ་ཡི་ཡུལ་ཅན་ཡང་དག་མིན། །དེ་ལ་ཡུལ་ནི་མེད་པར་བསྟན། །དང་པོ། དེ་འདྲའི་དབང་ཤེས་ཀྱང་ཡུལ་མེད་པར་ཤེས་པ་ཉིད་དེར་སྣང་བ་ཙམ་མིན་ཏེ་མར་མེ་སོགས་ཀྱི་རྐྱེན་ལས་ཁྲ་བོ་དེ་ལྟ་བུར་སྐྱེས་པའི་ཕྱི་དོན་ཡོད་པ་ཡིན་པས་དེ་མཐོང་བ་ནི་ཡུལ་མེད་པ་མ་ཡིན་གྱི་དེ་འདྲའི་དོན་དེ་དངོས་སུ་མཐོང་བའམ་ཡང་དག་པར་མཐོང་བའོ་ཞེ་ན། དེ་མཐོང་བ་དེ་དབང་པོ་ཉམས་པའང་ཇི་ལྟར་ཡིན་ཏེ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་རབ་རིབ་ཀྱིས་མིག་གི་སྐྱོན་སྦྱངས་པར་གྱུར་གྱི་བསླད་པར་མི་འགྱུར་ལ། སྦྱངས་པར་བྱས་ནས་གསལ་བའི་མིག་གང་ཞིག །ཕལ་པས་མཐོང་མ་ནུས་པའི་དབང་པོ་ལས་འདས་པའི་དོན་རྨ་བྱའི་མདོངས་དེ་ལྟ་བུ་ལ་སོགས་པ་མཐོང་ནུས་པ་དེ་ལ་རབ་རིབ་མེད་པ་གཞན་གྱིས་མཐོང་བའི་དོན་གང་ཡིན་པ་དེ་ཡང་ཇི་ལྟ་བུར་


MR20_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ན་གསལ་བ་མ་ཡིན་ཏེ། དབང་འདས་ཀྱི་གཟུགས་མཐོང་ནུས་ན་དབང་ཡུལ་ལྟ་ཅི་སྨོས་ཀྱང་ཕལ་པའི་དབང་པོས་མཐོང་ནུས་པ་ལ་རབ་རིབ་ཅན་དེས་དེ་ལྟར་མི་ནུས་པར་འདོད་དོ། །གཉིས་པ། མར་མེ་འཛིན་པའི་དབང་ཤེས་སྐྱེ་བ་ལ་སྣང་བ་དང་དབང་པོ་དང་ཡིད་ལ་བྱེད་པ་ལས་རྒྱུ་གཞན་ནི་དམིགས་རྐྱེན་དུ་གྱུར་པ་མར་མེ་གཅིག་གི་ནུས་པ་ཡིན་པར་རྟོགས་ཏེ། རྒྱུ་སྔ་མ་གསུམ་གྱི་སྟེང་དུ་མར་མེ་གཅིག་ཚང་ན་སྐྱེད་ངེས་པར་མཐོང་བའི་ཕྱིར་རོ། །དེ་ལྟར་ངེས་པར་གྱུར་པ་དེས་ན་དེ་རྣམས་ལས་རྒྱུ་གཞན་མི་དགོས་པས་གཞན་ཁྲ་སྒོར་བ་ནི་མར་མེ་འཛིན་པ་ཡི་རྒྱུ་མ་ཡིན་ལ། གང་ཤེས་སྐྱེད་ཀྱི་རྒྱུ་མིན་ན་ཡུལ་ཡང་ཅི་ལྟར་ཡིན་ཏེ་འབྲེལ་མེད་ཡུལ་ཡིན་ན་ཧ་ཅང་ཐལ་ཆེས་སོ། །གལ་ཏེ་ཁྲ་སྒོར་བ་དེ་ཉིད་རང་འཛིན་གྱི་བློའི་རྒྱུ་ཡིན་ནོ་ཞེ་ན། ཇི་ལྟར་མར་མེ་ལ་ལྟོ༷ས་པར་འགྱུར་ཏེ་རང་ཁོ་ནས་ཀྱང་དབང་ཤེས་བསྐྱེད་རིགས་ན་ཡང་མར་མེ་མ་བཟུང་བར་དེ་ཡན་གར་དུ་འཛིན་པ་མི་རིགས་སོ། །གལ་ཏེ་མར་མེ་དང་དེ་གཉིས་ཀ་ཚོགས་པ་བློ་ཡི་རྒྱུའོ་ཞེ་ན། ཁྲ་སྒོར་བ་རང་མཚན་པ་མེད་ཀྱང་མར་མེ་ཡོད་པ་ཙམ་གྱིས་དེའི་སྣང་བའང་ཡོད་པའི་ཕྱིར་གཉིས་ཀ་ཚོགས་པ་དག་ཀྱང་རྒྱུ་མ་ཡིན་ཏེ། རྒྱུ་གཉིས་ཚོགས་པས་བསྐྱེད་པ་ལ་ནི་གཅིག་ཁོ་ནས་གཉིས་ཀའི་ཤེས་པ་སྐྱེད་པ་མི་སྲིད་དེ་སྔོ་སེར་བཞིན་ཡིན་ནོ། །དེ་ལྟ་ནའང་མིག་ཉམས་པ་ལ་མ་ཚོགས་པའི་མར་མེ་མི་སྣང་ལ་མིག་གསལ་བ་ལ་ཚོགས་པའི་མར་མེ་མི་སྣང་ཞིང་། མར་མེ་གཅིག་ལ་དབང་པོའི་རྐྱེན་གྱིས་སོ་སོར་སྣང་བའི་ཕྱིར་ཡུལ་མེད་པའི་དབང་ཤེས་གསལ་སྣང་ཙམ་དུ་མངོན་པ་ཡིན་ནོ། །གཉིས་པ་དབང་ཤེས་ཀྱི་ཡུལ་ལ་བརྟེན་ནས་དགག་པ་ལ། ཕྱོགས་ལ་བརྟེན་ནས་གནོད་པ་བརྗོད། །དུས་ལ་བརྟེན་ནས་གནོད་པ་བརྗོད། །དང་པོ་ལ།


MR20_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་བརྗོད་དང་དེ་ཡི་ལན། །བཀག་དང་གྲུབ་དོན་བསྡུ་བ་གསུམ། །དང་པོ། ཕྱོགས་ཀྱི་དབང་དུ་བྱས་ནས་ཡུལ་དེ་དང་ཐག་ཉེ་རིང་དང་ལ་སོགས་པའི་སྒྲས་ཉེ་བ་དང་ཤིན་ཏུ་ཉེ་བ་དང་ཆེས་ཉེ་བ་དང་རིང་བ་ལའང་དེ་བཞིན་དུ་སྦྱར་བར་བྱ་བའི་དོན་ཏོ། །དེ་ལྟར་ཉེ་རིང་གི་ཁྱད་པར་གྱིས་ཡུལ་གསལ་དང་མི་གསལ་ཐ་དད་པར་སྣང་བ་མི་རུང་ངོ་། །ཅིའི་ཕྱིར་ན་ཡུལ་གྱི་ངོ་བོ་རྗེན་ཅེར་དུ་འཛིན་པར་འདོད་པ་ལ་ཇི་ལྟར་བཟུང་ཡང་ཡུལ་གཅིག་གི་ངོ་བོ་འཛིན་པ་ལ་ཁྱད་མེད་པའི་ཕྱིར་རོ། །གཉིས་པ་ལ། བར་གྱི་སྣང་བ་ལ་བརྟེན་ལན། །ལས་ལ་བརྟེན་པའི་ལན་དགག་པའོ། །དང་པོ་ལ། སྣང་བའི་ཁྱད་པར་གྱི་ལན་དགག །སྣང་བ་གསལ་མི་གསལ་ལན་དགག །དང་པོ། གལ་ཏེ་དབང་ཡུལ་བར་གྱི་སྣང་བའི་ཁྱད་པར་ལས་གསལ་མི་གསལ་དེར་འགྱུར་བ་ཡིན་ནོ་ཞེ་ན། བུམ་པ་ལ་སོགས་པའི་གཟུགས་དེ་ནི་སྣང་བས་བར་ཆོད་པ་ཡིན་པ་དང་མ་ཆོད་པ་དག་གང་ཡིན། དེ་གཉིས་གང་ལྟར་ཡང་ཉེའམ་རིང་ཡང་རུང་མཐོང་ངམ་མི་མཐོང་མཚུངས་པར་འགྱུར་ཏེ། བར་མ་ཆོད་པ་ཞིག་ན་ནི་ཉེ་བ་བཞིན་དུ་རིང་བའང་མཐོང་བར་འགྱུར་ཏེ་སྣང་བས་བར་ཆོད་པ་མི་སྲིད་པའི་ཕྱིར་རོ། །ཆོད་པ་ཞིག་ན་ཉེ་ཡང་རུང་བར་གྱི་སྣང་བས་ཆོད་པའི་ཕྱིར་ཡོལ་བའི་རྒྱབ་ཀྱི་བུམ་པ་བཞིན་མི་མཐོང་བར་འགྱུར་རོ། །གཉིས་པ་ལ། སྣང་མི་གསལ་ཡང་ཡུལ་མི་འགྱུར། །སྣང་བ་མི་གསལ་ཉིད་མི་འཐད། །དང་པོ། གལ་ཏེ་བར་གྱི་སྣང་བ་མི་གསལ་བས་ཡུལ་རགས་པ་ཙམ་རྟོགས་ཀྱང་དེ་ཡི་ཆ་ཕྲ་མོ་འགའ་ཞིག་ནི་མ་མཐོང་བ་དེ་ཕྱིར་གསལ་མི་གསལ་ཐ་དད་དུ་འགྱུར་ཏེ་མུན་པ་ཚབ་ཚུབ་ཀྱི་དུས་ན་བུམ་གཟུགས་ལ་ལྟ་བ་བཞིན་ནོ་ཞེ་ན། ཁྱོད་ཀྱི་ལུགས་ལ་ཡུལ་རང་གི་ངོ་བོ་རྗེན་པར་འཛིན་པར་འདོད་པས་ན་གཟུང་བར་བྱ་བ་ཡུལ་དེ་རགས་པ་ཆ་མེད་པའི་


MR20_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡིན་ནམ། ཕྲ་བའི་རྡུལ་སོ་སོའི་ཆ་དང་བཅས་པ་ཡིན། དང་པོ་ལྟར་ན། ཕྱི་རོལ་གྱི་དོན་རིལ་པོ་ཆ་མེད་གཅིག་རྗེན་པར་མཐོང་བ་དང་དེ་ལས་མི་མཐོང་བའི་ཆ་ཐ་དད་པ་རྒྱུ་མཚན་གང་ལས་ཡིན་ཏེ་མི་སྲིད་དོ། །གཉིས་པ་ལྟར་ན། ཡུལ་མཐོང་བ་ན་ཕྲ་རྡུལ་གྱི་རང་བཞིན་དེ་འཛིན་པའི་ཕྱིར་ཕྲ་རྡུལ་དུ་མ་ཐ་དད་པ་དེ་རྗེན་པར་མཐོང་དུས་མི་མཐོང་བ་དེ་ལས་ཕྲ་བའི་ཆ་ཐ་དད་པ་རྒྱུ་མཚན་གང་ལས་ཡིན་ཏེ་དེ་ཡང་མི་སྲིད་དོ། །ཕྲ་བ་དང་རགས་པ་དེ་གཉིས་ལས་གཞན་པའི་ཡུལ་མཐོང་ཚུལ་ནི་མི་སྲིད་དོ། །དེ་ལྟར་ཆ་འགའ་རྟོགས་ལ་འགའ་མ་རྟོགས་པའི་ཁྱད་པར་བཞག་ཏུ་མ་ནུས་ནས་གལ་ཏེ་བར་གྱི་སྣང་བ་གསལ་བ་དང་མི་གསལ་བའི་ཁྱད་པར་གྱིས་དེ་འཛིན་པའི་བློ་གསལ་མི་གསལ་ཐ་དད་པར་འགྱུར་ཏེ། ཐོ་རངས་དང་ཉིན་མོའི་དུས་སུ་གཟུགས་ལ་ལྟ་བ་ལྟ་བུ་ཡིན་ན་འདི་ལ་ཅི་ཞིག་བརྒལ་ཟེར་ན། རྒྱུའི་ཁྱད་པར་གྱིས་བློ་གསལ་མི་གསལ་ནི་བདེན་ཀྱང་དེ་ནི་བློའི་རྣམ་པ་ལ་འཐད་ཀྱི་རྣམ་མེད་དུ་ཡུལ་འཛིན་པ་ལ་མི་འཐད་དེ་གཞན་སྣང་བ་ལ་གསལ་མི་གསལ་ཐ་དད་ཡོད་པས་ཡུལ་རང་ཉིད་ཐ་དད་མེད་པ་དེ་རྗེན་པར་འཛིན་པ་ལ་རྒྱུ་མཚན་གང་ལས་ཐ་དད་པར་སྣང་བར་འགྱུར་ཏེ། སྣང་བ་མི་གསལ་བ་ཡང་ཡུལ་མི་འཛིན་པར་ནི་མ་བྱས་ལ། བཟུང་བ་ན་ཡུལ་རྗེན་ཅེར་དུ་འཛིན་པའི་ཕྱིར་གསལ་མི་གསལ་ཡོད་པར་མི་རིགས་སོ། །གཉིས་པ། ཐག་རིང་བའི་ཡུལ་དང་དབང་པོའི་བར་ན་གནས་པའི་སྣང་བ་དེ་ཡང་ཅིས་མི་གསལ་ཞེས་ཕ་རོལ་ལ་དྲིས་པ་ན། སྣང་བ་དེ་ནི་ས་རྡུལ་དང་དུ་བ་ཁུག་རྣ་ལ་སོགས་པའི་རྡུལ་གཞན་གྱིས་སྒྲི༷བ་པའི་ཕྱིར་མི་གསལ་ལོ་ཞེ་ན། དེ་འདྲའི་སྒྲིབ་པ་དེ་ཡུལ་ཉེ་བའི་བར་གྱི་སྣང་བ་འདིར་ཡོད་པ་ཅིས་མ་ཡིན་ཞེས་དྲིས་པས། དེ་ལ་ཡོད་ཀྱང་སྲབ་པ་ཉིད་དུ་གྱུར་པའི་ཕྱིར་རོ་ཞེ་ན། སྣང་བའང་


MR20_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲབ་པ་དེ་ལྟ་བུ་ཉིད་ཡིན་པས་རིང་བ་ལས་ཉེ་བའི་བར་གྱི་སྣང་བ་གསལ་བར་མི་འགྱུར་རོ། །གཞན་རིང་པོའི་གཟུགས་དང་དབང་པོའི་བར་གྱི་སྒྲིབ་བྱེད་ཀྱི་རྡུལ་འཐུག་པོར་ཡོད་ཀྱང་དེ་ཉིད་དུ་སྣང་རྡུལ་ཡང་སྲབ་པ་མིན་པ་འཐུག་པོར་ཡོད་པ་ཉིད་དུ་མཚུངས་པས་ཐག་ཉེ་རིང་གི་གཟུགས་ལ་གསལ་མི་གསལ་ཡོད་པར་མི་འགྱུར་རོ། །གཞན་ཡང་ཐག་ཉེ་བའི་དུས་སུ་སྣང་བ་གསལ་བ་ཡིན་ན་མིག་ལ་ཤིན་ཏུ་ཉེ་བའི་མིག་ལྤགས་སོགས་ལ་སྣང་བ་ནི་ཆེར་གསལ་དགོས་པའི་ཕྱིར་ཤིན་ཏུ་ཉེ་བའི་གཟུགས་དེ་ཡང་ཤིན་ཏུ་གསལ་བར་སྣང་བར་འགྱུར་དགོས་ནའང་དེ་ལྟ་བུ་མ་ཡིན་པའི་ཕྱིར་མི་འཐད་དོ། །གཉིས་པ་ལས་ལ་བརྟེན་པའི་ལན་དགག་པ་ནི། གལ་ཏེ་གསལ་མི་གསལ་དུ་གྱུར་པ་དེར་ཡང་མཐོང་མེད་དེ་ཆོས་དང་ཆོས་མིན་གྱི་སྔོན་གྱི་ལས་ལ་བརྟེན་ནས་ཡུལ་གཟུགས་དེ་ཉིད་སྐད་ཅིག་གི་རྒྱུན་གཞན་དང་གཞན་ཉིད་དུ་འབྱུང་བར་འགྱུར་རོ་ཞེ་ན། ཡུལ་གཅིག་ལ་དུས་གཅིག་ཏུ་སྐྱེས་བུ་ལྟ་བ་པོ་ཐག་ཉེ་རིང་སྣ་ཚོགས་ན་གནས་པ་རྣམས་ཀྱིས་གསལ་མི་གསལ་སྣ་ཚོགས་པར་མཐོང་བའི་ཚེ། དེ་འདྲའི་གཟུགས་དེ་དག་རྣམས་ནི་ནང་ཕན་ཚུན་དུ་གཅིག་ལ་གཅིག་སྒྲིབ་པ་ཡིན་ནམ་མིན། བསྒྲིབ་པར་འགྱུར་རོ་ཞེ་ན། གཞན་སྒྲིབ་པ་དེ་ཕྱིར་ད་ལྟ་སྣང་བཞིན་པའི་སྣང་བ་འདི་ནི་གཟུགས་གཞན་སྒྲི༷བ་པར་བྱེད་པ་ཡིན་ལ། དེ་ལྟ་ན་ཐག་ཉེ་རིང་དུ་གནས་པ་དེ་ཐམས་ཅད་ལ་སྒྲིབ་བྱེད་ཀྱི་གཟུགས་གཅིག་པུ་དེ་ཁོ་ན་སྣང་བར་འགྱུར་རོ། །ལས་གཟུགས་དེ་རྣམས་ཕན་ཚུན་གཅིག་གིས་གཅིག་མ་བསྒྲིབས་ན་ཐག་ཉེ་རིང་ན་གནས་པ་ཀུན་གྱིས་དུས་ཅིག་ཅར་དུ་ནི་གསལ་བ་དང་མི་གསལ་བའི་རང་བཞིན་དག་མཐོང་བར་འགྱུར་དགོས་ཀྱང་དེ་མི་སྲིད་པའི་ཕྱིར་རོ། །ཅིག་ཅར་ཡོད་ཀྱང་མི་མཐོང་སྟེ་མཐོང་མེད་དེ་ལས་ཀྱིས་གང་རུང་གཅིག་བསྒྲི༷བས་ནས་གཅིག་ཁོ་ནར་སྣང་ངོ་ཞེ་ན། ལས་གཟུགས་དེ་རྣམས་དུས་


MR20_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཡོད་པར་འདྲ་བ་ལ་གང་རུང་རེ་ལས་ཀྱིས་མི་སྣང་བར་བྱེད་པ་དེ་ནི་བྱིས་པའི་རྩེད་མོ་ལྟར་གྱུར་གྱི་དེ་འདྲའི་གཟུགས་མཐོང་བ་དང་མ་མཐོང་བ་གང་གིས་སྐྱེས་བུ་ལྟ་བ་པོ་ལ་དོན་དེ་ཕན་པར་བྱེད་པ་དང་དོན་མིན་པ་གནོད་པར་བྱེད་པ་ཅུང་ཟད་ཀྱང་མེད་པ་དེ་ལ་དགེ་མི་དགེའི་ལས་ཀྱི་མིང་ཅན་མ་མཐོང་བས་སྐྱེས་བུ་ལྟ་བ་པོ་ལ་རྣམ་སྨིན་བདེ་སྡུག་གི་ཆ་མྱོང་བར་ཅི་ཞིག་བྱེད་དེ་ཅི་ཡང་མི་བྱེད་ན་དེ་འདྲའི་ལས་ཁས་ལེན་པ་ནི་དོན་མེད་དོ། །གལ་ཏེ་རྟ་གདོང་གི་མེ་ལྟ་བུ་ཡང་སེམས་ཅན་རྣམས་ཀྱི་ལས་བདག་པོར་གྱུར་པའི་དབང་གིས་བྱུང་བ་ཡིན་ཀྱང་ཕན་གནོད་མེད་པ་བཞིན་ནོ་ཞེ་ན། དེས་ཀྱང་ཡུལ་རུང་བ་ན་གནས་པ་དག་ལ་དངོས་སུ་ཕན་གནོད་བྱེད་པ་ཡིན་ལ། འཇིག་རྟེན་སྣོད་ཀྱི་ཡན་ལག་ཏུ་གཏོགས་པའི་དབང་གིས་བརྒྱུད་ནས་ཀྱང་ཕན་གནོད་བྱེད་ཀྱི་དོན་ཅི་ཡང་མི་བྱེད་པ་མིན་ནོ། །གསལ་མི་གསལ་ཡང་དེ་དང་འདྲའོ་སྙམ་ན་མ་ཡིན་ཏེ་ཕན་གནོད་ཀྱི་རྟེན་མི་བྱེད་པར་མཐོང་བ་ཙམ་དུ་ཟད་དོ། །རེས་འགའ་ཡུལ་ཡིད་དུ་མཐུན་པ་གསལ་བས་ཕན་འདོགས་པ་དང་མི་གསལ་བས་གནོད་པ་སྐྱེད་ལ། ཅིག་ཤོས་དེ་ལས་ལྡོག་གོ་སྙམ་ན་ཡང་། དེ་འདྲའི་བདེ་མི་བདེའི་རྟེན་བྱེད་པའི་མྱོང་བ་དེ་ནི་བློ་རྣམ་པ་གསལ་མི་གསལ་གྱི་རྐྱེན་ཚོགས་མ་ཚོགས་ཀྱི་དབང་གིས་ཡིན་ལ། རྐྱེན་ཚོགས་པ་དང་མི་ཚོགས་པ་ནི་ལས་ལ་རག་ལས་སུ་ཆུག་མོད་ལས་ཀྱིས་ཅིག་ཤོས་སྒྲིབ་པ་ཞེས་མི་བྱ་སྟེ། ཡུལ་གཅིག་ལ་མི་འདྲ་བའི་ཆ་དུ་མར་ཡོད་པ་འགལ་བའི་ཕྱིར་རོ། །འདི་སྐབས་ལས་ཀྱི་གཟུགས་སྣང་གཞན་གྱིས་ཡུལ་དེའི་བར་བཅད་ནས་སྒྲིབ་པར་འདོད་པ་ལ་སྐྱོན་སྟོན་པའི་ལུགས་སུ་འཆད་པ་ཡོད་ཀྱང་ཅུང་མི་བདེ་འདྲ་སྙམ་མོ། །གསུམ་པ་གྲུབ་དོན་ནི། ཡུལ་གཅིག་ལ་མཐོང་བ་ཐ་དད་ཡོད་པ་དེ་ཕྱིར་ཕྱི་དོན་ཁས་ལེན་པར་བྱེད་ན་ཡང་ཕྱི་དོན་དེ་ལ་བརྟེན་


MR20_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེས་པར་གྱུར་པའི་བློའི་མྱོང་བ་ནི་ཡུལ་ཐག་ཉེ་རིང་དབང་པོ་གསལ་མི་གསལ་ལ་སོགས་པ་ཇི་ལྟའི་རྒྱུ་བཞིན་དུ་བློའི་རྣམ་པ་གསལ་མི་གསལ་བ་སོགས་ཐ་དད་པ་འཛིན་པའམ་འགྲུབ་པར་བྱེད་པ་ཁོ་ནར་ཟད་དེ། ལུགས་དེ་ལས་ལྷག་མ་རྣམ་པ་མེད་པར་ཡུལ་འཛིན་པར་འདོད་ལ་གསལ་མི་གསལ་སོགས་སྣང་བ་ཐ་དད་པ་ནི་རྒྱུ་གཞན་དང་གཞན་ལས་ཡིན་ནོ་ཞེས་སྨྲ་བ་ནི་བློ་གྲོས་ངན་པ་རྣམས་ཀྱི་ལུགས་ངན་པ་ཡིན་ཏེ་ཆེས་མི་འཐད་པའི་ཕྱིར་རོ། །གཉིས་པ་དུས་ལ་བརྟེན་ནས་གནོད་པ་བརྗོད་པ་ལ། ཐལ་བ་བརྗོད་དང་མ་ངེས་སྤང་། །དང་པོ། ཕ་རོལ་པོས་ཀྱང་སྐད་ཅིག་མར་འདོད་པའི་དཔེའི་དབང་དུ་བྱས་ཏེ་ཤེས་པ་དང་སྒྲ་དང་མར་མེ་རྣམས་དེ་དུས་ཀྱི་མངོན་སུམ་དང་ནི་ཅིག་ཤོ༷ས་དེ་རྟོག་པའི་ཤེས་པ་དྲན་ཤེས་ཀྱི་སྐྱེད་བྱེད་ཡིན་པར་ཁྱོད་འདོད་ལ། དེ་ལྟར་རྒྱུ་ཡིན་པ་ཉིད་ཀྱིས་ན་སྔ་མ་རྒྱུ་ཡི་སྐད་ཅིག་མ་རྣམས་ནི་རང་འཛིན་ཤེས་པའི་དུས་ན་ཞིག་པའི་ཕྱིར་རྒྱུ་མཚན་གང་གིས་དེ་འཛིན་ཤེས་པ་ལ་ཡུལ་དེའི་རང་མཚན་ད་ལྟ་མེད་པ་གསལ་པོར་སྣང་བ་ཉིད་དུ་ཅི་ལྟར་འགྱུར་ཏེ་མི་འཐད་དོ། །གཉིས་པ་ལ། དུས་མཉམ་འཛིན་པའི་ལུགས་མི་འཐད། །རྟག་པས་དེར་མ་ངེས་པ་སྤང་། །དང་པོ་ལ། གཞན་ལུགས་འགོག་དང་རང་ལུགས་བཞག །དང་པོ། སྔར་ཞིག་ཟིན་དེ་ད་ལྟ་གསལ་པོར་སྣང་བ་མི་སྲིད་ཀྱང་རང་དང་དུས་མཉམ་པའི་རང་མཚན་ད་ལྟ་བ་དེ་རྗེན་ཅེར་གསལ་བར་སྣང་ངོ་ཟེར་ན། དུས་མཉམ་པ་ནི་གཅིག་ལ་གཅིག་ཕན་ཅུང་ཟད་ཀྱང་འདོགས་པར་བྱེད་པ་མ་ཡིན་ན་དེ་འདྲའི་འབྲེལ་མེད་གཞན་གསལ་ན་དོན་ཀུན་ཅིག་ཅར་གསལ་བར་འགྱུར་ཏེ། འབྲེལ་བ་གང་ཡང་མི་དགོས་བཞིན་དུ་གསལ་སྲིད་པའི་ཕྱིར་རོ། །འབྲེལ་མེད་གཞན་གསལ་བའི་ཐལ་བ་དེ་མི་འཇུག་སྟེ། གལ་ཏེ་ཡུལ་མར་མེ་ལྟ་བུའི་སྐད་ཅིག་སྔ་མ་ནི་ད་ལྟའི་ཤེས་པ་དེ་སྐྱེ་


MR20_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་ཡིན་ལ། རྒྱུ་དེ་ལས་སྐྱེས་པའི་ཕྱིར་རྒྱུ་དེའི་རིགས་འདྲའི་སྐད་ཅིག་གཉིས་པ་ཤེས་པ་རང་དང་དུས་མཉམ་པ་དེ་ཉིད་གསལ་བར་སྣང་བའི་ཕྱིར་རྒྱུའི་རིགས་འདྲ་དེ་འཛིན་པར་ངེས་ཀྱི་གཞན་ཐམས་ཅད་མིན་ནོ་ཞེ་ན། རང་དུས་ན་ཡོད་པའི་ཡུལ་ཤེས་པར་འདོད་པ་ལ་རྒྱུ་དང་རིགས་གཅིག་པ་ཡིན་པས་འཛིན་པ་ཡིན་ནོ་ཞེས་པའི་རྟོག་པ་འདི་ཡང་རུང་བ་མེད་དེ། རྒྱུ་ཡི་སྟོབས་ལས་འབྲས་བུ་ལྷན་ཅིག་སྐྱེས་པ་ཙམ་ཡིན་དུ་ཆུག་མོད། རང་དུས་ཀྱི་ཡུལ་ལ་ནི་འབྲེལ་བ་མེད་པར་ཁྱད་མེད་ཅིང་། རྒྱུ་ཡི་རིགས་ཡིན་པས་དེ་དུས་མཉམ་པར་འཛིན་རུང་ན་དབང་པོའི་རིགས་འདྲ་ཤེས་པ་རང་དང་དུས་མཉམ་པའང་འཛིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་རང་ལུགས་ཡུལ་གསལ་བར་སྣང་བའི་འཐད་པ་ནི། རྣམ་པ་གཏོད་བྱེད་ཀྱི་རྒྱུ་དེས་བྱས་པའི་སྔོ་འཛིན་ཤེས་པ་ད་ལྟ་བ་ལ་རང་གི་རྒྱུ་སྔོན་པོའི་སྐད་ཅིག་སྔ་མ་དེ་ཡུལ་དུ་མེད་ཀྱང་རྒྱུ་སྔ་མའི་སྟོབས་ཀྱིས་དོན་དེ་ཉིད་དུ་སྣང་བ་གསལ་པོར་སྐྱེས་པ་ཉིད་ཀྱི་ཕྱིར་ཡུལ་དེ་མངོན་སུམ་གསལ་བའམ་མཐོང་ཞེས་བརྗོད་པ་ཡིན་གྱི་ཡུལ་ཅན་ཤེས་པ་དེ་དང་ལྷན་ཅིག་སྐྱེས་པའི་དོན་གཞན་ནི་རང་དང་དུས་མཉམ་པའི་ཤེས་པ་དེ་ལ་ཕན་འདོགས་པ་མིན་པའི་ཕྱིར་རྣམ་པ་གཏོད་པར་མི་བྱེད་ལ། གང་ཞིག་ཤེས་པ་ལ་དོན་རང་གི་རྣམ་པ་ཇི་ལྟ་བ་ཡིས་རྣམ་པ་འཇོག་པར་བྱེད་པ་མིན་པ་དེ་ཤེས་པ་ལ་གསལ་བར་ཇི་ལྟར་འགྱུར་ཏེ། དུས་མཉམ་པར་ཚོགས་པར་གྱུར་དུ་ཟིན་ཀྱང་དེ་ལ་དེ་མི་སྣང་བ་ནི་ཤེས་པ་རང་དུས་ཀྱི་དབང་པོ་བཞིན་ནོ། །གཉིས་པ་ལ། མི་འཐད་བརྗོད་དང་དེ་ལན་འགོག །དང་པོ། རང་དང་དུས་མཉམ་པའི་ཡུལ་མི་གསལ་བར་མ་ངེས་ཏེ། རྡོ་རྗེ་ཕ་ལམ་དང་བྲག་རི་ལ་སོགས་པ་སྔ་ཕྱིའི་འགྱུར་བ་ཅུང་ཟད་མ་མཐོང་བའི་རྟག་པའི་དངོས་པོ་དག་མིག་གིས་མཐོང་བའི་ཚེ་གསལ་བར་སྣང་བའི་ཕྱིར་ཞེ་ན། དེ་ལ་


MR20_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱིའི་འགྱུར་བ་མངོན་སུམ་གྱིས་གཅོད་མི་ནུས་ཀྱང་ངོ་བོ་ཉིད་ཀྱིས་སྐད་ཅིག་ཡིན་པའི་གནད་ཀྱིས་གསལ་བར་སྣང་བ་ཡིན་གྱི་དེ་མ་ཡིན་ན་བརྟན་པ་ལྟར་སྣང་བ་གང་ཞིག་རྡོ་རྗེ་ཕ་ལམ་དང་རྡོ་བ་བྲག་རི་སོགས་ཀྱི་དོན་དེ་ཡང་རྟག་པ་ཡིན་ན་རྐྱེན་གཞན་ལ་ལྟོས་པ་མེད་པའི་ཕྱིར་དེས་རང་འཛིན་ཤེས་པ་སྐྱེད་ན་དེ་ལ་དམིགས་པའི་འགྲོ་བ་ཀུན་གྱི་ཤེས་པ་གང་ཅི་འབྱུང་བ་ཐམས་ཅད་ནི་སྔ་ཕྱི་མེད་པ་ཅིག་ཅར་དུ་དམིགས་རྐྱེན་རྟག་པ་དེ་རང་ཉིད་གཅིག་པུས་སྐྱེད་པར་འགྱུར་ཏེ། དེས་ཤེས་པ་སྐྱེད་རུང་བ་གང་ཞིག་རྟག་པས་འབྲས་བུ་སྐྱེད་ན་རིམ་གྱིས་སྐྱེད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ། དེས་དམིགས་རྐྱེན་བྱས་ནས་རང་འཛིན་ཤེས་པ་བསྐྱེད་ཀྱང་ཡུལ་ཅན་ཐམས་ཅད་ཅིག་ཅར་མི་སྐྱེ་སྟེ། དམིགས་རྐྱེན་དེ་ལ་ལྷན་ཅིག་བྱེད་པའི་རྐྱེན་གཞན་དབང་པོ་དང་ཡིད་བྱེད་སོགས་ཐ་དད་པས་ཕན་འདོགས་པའི་སྒོ་ནས་རང་འཛིན་ཤེས་པ་སྐྱེད་པའི་ཕྱིར་རྡོ་རྗེ་ལ་སོགས་པ་རྟག་པ་འདི་ཡི་འབྲས་བུའམ་ཡུལ་ཅན་ཤེས་པ་དེ་དག་རིམ་གྱིས་འབྱུང་ངོ་ཞེ་ན། སྔ་མ་མི་བསྐྱེད་པའི་དུས་ཀྱི་དམིགས་རྐྱེན་དེ་ལ་ལྷན་ཅིག་བྱེད་པས་སླར་གཞན་དང་གཞན་སྐྱེད་པའི་རྒྱུར་བྱས་པའི་ཕྱིར་དམིགས་རྐྱེན་རྟག་པར་འདོད་པ་དེ་ཡང་སྐད་ཅིག་སྔ་ཕྱི་སོ་སོར་སྔར་གྱི་དེ་འགགས་ནས་གསར་པ་གཞན་ཡིན་པར་ཤེས་ཤིང་བརྗོད་པར་བྱ་བ་ཡིན་གྱི། སྔ་ཕྱི་ཁྱད་མེད་གཅིག་ཡང་ཡང་རིམ་ཅན་དུ་འཛིན་པ་མི་རུང་ངོ་། །དེར་མ་ཟད་རྟག་པ་དམིགས་རྐྱེན་དུ་འདོད་པ་འདིར་ཡང་དུས་མཉམ་པ་ཤེས་པས་འཛིན་མི་སྲིད་པའི་སྐྱོན་ནི་སྔར་ཏེ་བཤད་མ་ཐག་པ་བཞིན་ཡིན་ནོ། །གཉིས་པ་དྲན་པའི་རྟགས་ལས་ཚུལ་གཉིས་བསྒྲུབ་པ་ལ། གཞན་འདོད་བཀག་ནས་རང་ལུགས་བཞག །དེ་ཡི་འཐད་པ་ཉེ་བར་བསྒྲུབ། །དང་པོ། ཚད་མ་མདོ་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཞེས་པས་ཡུལ་མྱོང་བའི་དུས་ན་


MR20_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་སྣང་བ་ཡོད་པར་མ་ཟད་རྗེས་སུ་དྲན་པ་ན་ཡང་ཚུལ་གཉིས་པ་ཅན་དུ་གྲུབ་པས་འགྲུབ་པ་ཡིན་ནོ་ཞེས་སོ། །དེ་ལ་ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ན་རེ། ཚུལ་གཉིས་ཞེས་པ་འདི་ཤེས་པ་རིག་བྱེད་དང་ཡུལ་རིག་བྱ་ཡིན་པ་ཙམ་གྱིས་ཚུལ་གཉིས་བསྒྲུབ་ཅེས་ཟེར་བ་མི་འཐད་དེ། ཇི་ལྟར་མེ་ཚ་བ་བཞིན་དུ་ཤེས་པ་དེ་རང་གི་ངོ་བོས་སམ་བདག་ཉིད་ཀྱིས་ཡུལ་མྱོང་བའམ་རིག་པར་བྱེད་པ་ཞིག་ཡིན་པ་ཙམ་ལ་འཇིག་རྟེན་བ་ལང་རྫི་ནས་ཕྱི་ནང་ཐུན་མོང་གི་བར་ལ་གྲུབ་ཟིན་པའི་ཕྱིར་དེ་འདྲའི་ཚུལ་གཉིས་ལ་མི་མཐུན་པར་བརྩད་པ་འགའ་ཡང་ཡོད་པ་མ་ཡིན་ན་མེ་ནི་ཚ་བའོ་ཞེས་སྒྲུབ་པ་ལྟར་དེ་བསྟན་བཅོས་སུ་བསྒྲུབས་པས་ཅི་ཞིག་བྱ། འོན་ཀྱང་ཡུལ་འཛིན་པའི་ཤེས་པ་དེ་ཡུལ་ཅན་འབའ་ཞིག་ལས་དོན་སྔོན་པོའི་རང་བཞིན་གྱི་རྣམ་པ་དང་ལྡན་པའི་གཟུང་རྣམ་འཛིན་རྣམ་གཉིས་སུ་ཡོད་པ་ཉིད་ཕལ་གྱི་ངོར་མ་གྲུབ་ནས་ཡུལ་རྗེན་ཅེར་དུ་འཛིན་པར་འདོད་པ་ལ། ཡུལ་ཅན་ཤེས་པ་རང་ལ་ཚུལ་གཉིས་ཡོད་པ་དེ་ཡང་སྔར་མྱོང་བ་ལྟར་རྗེས་སུ་ཡང་དག་པར་དྲན་པ་ལས་གྲུབ་ཅེས་གསུངས་པ་ཡིན་ཏེ། དངོས་པོ་གང་དང་གང་ཡང་དག་པར་དེ་དོན་དང་མཐུན་པར་དྲན་པ་ཐམས་ཅད་ཀྱིས་དངོས་པོ་དེ་ལ་མེད་པར་གྱུར་པ་དྲན་དུ་མེད་དེ་ཀ་བ་ལ་སྣམ་བུ་བཞིན་ནོ། །གང་ཡོད་པ་དེ་ནི་དྲན་ཏེ་བ་ལང་ལ་ནོག་ལྐོག་ཤལ་བཞིན་ནོ། །གཉིས་པ། སྔོ་འཛིན་དྲན་པ་ན་སྔོན་པོ་དྲན་པ་དེ་ཡུལ་དྲན་པ་ཡིན་གྱི་ཤེས་པ་ལ་སྔོན་པོའི་རྣམ་པ་ཡོད་པས་མིན་ནོ་སྙམ་ན། དེ་མ་ཡིན་ཏེ་ནོག་དང་ལྐོག་ཤལ་ལ་སོགས་པ་སྤངས་ནས་བ་ལང་དྲན་མི་སྲིད་པ་བཞིན་དུ་ཤེས་པ་རང་ཉིད་ཡུལ་གྱི་རྣམ་པ་ཅན་གྱི་དངོས་པོ་ཉིད་ཡིན་པའི་ཕྱིར་རང་གི་ཆོས་དེ་སྤངས་ནས་གཞན་ཤེས་པར་བྱ་བ་ཅུང་ཟད་དྲན་དུ་མེད་དོ། །ཇི་ལྟར་ན་ཤེས་པ་རང་གི་སྤྱོད་ཡུལ་


MR20_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་སེར་ལ་སོགས་པ་གཞན་གྱིས་ཐ་དད་དུ་ཕྱེ་བ་མེད་ཅིང་། རང་གི་ངོ་བོ་གསལ་རིག་ཙམ་ཞིག་ལས་མི་འདྲ་བའི་ཁྱད་པར་གཞན་བཟུང་ནས་ཐ་དད་པར་མྱོང་བ་མེད་པ་དེ་ལ་ཤེས་པ་གང་ཡང་རུང་བ་འདི་ནི་འདི་ལྟ་བུ་ཡིན་ནོ་ཞེའམ། འདི་ལྟར་ནི་མིན་ཞེས་ཐ་དད་དུ་ཤེས་པ་འདི་མེད་པར་འགྱུར་ཏེ། དཔེར་ན་ཡུལ་གང་མྱོང་ཞེས་དྲི་བ་ལ་ཤེས་བྱ་ཙམ་མྱོང་བ་ལས་བུམ་པ་ལ་སོགས་པའི་རྣམ་པ་མི་འདྲ་བ་མྱོང་བ་མེད་ན། གང་མྱོང་བ་ཐམས་ཅད་ལ་བུམ་པ་མྱོང་གི་སྣམ་བུ་མ་མྱོང་ཞེས་པ་ལ་སོགས་པའི་ཁྱད་པར་རྟོགས་སུ་མེད་པ་བཞིན་ནོ། །རང་གི་རྒྱུད་ལ་ཡུལ་དབང་ཤེས་གསུམ་ཚོགས་པའི་སྐད་ཅིག་གཞན་དང་གཞན་རིམ་པར་སྐྱེས་པ་ཉིད་ཀྱིས་ངོ་བོའི་སྒོ་ནས་མི་འདྲ་བའི་ཕྱིར་ཐ་དད་པར་འབྱེད་དོ་སྙམ་པའང་རིགས་པ་མིན་ཏེ། སྐད་ཅིག་སོ་སོ་ཡིན་དུ་ཆུག་ཀྱང་རྣམ་པ་སོ་སོར་མ་མྱོང་ན་རང་རྒྱུད་ལ་བློ་དུ་མ་རིམ་གྱིས་སྐྱེ་བ་ཡོད་པ་ཉམས་སུ་མྱོང་བ་ཙམ་གྱིས་ནི་འདི་དང་འདི་མྱོང་ཞེས་ཐ་དད་པ་འགའ་ཞིག་ཏུ་ཕྱེ་ནས་རྣམ་པར་འབྱེད་པ་མིན་ཏེ། དཔེར་ན་ཡུལ་གང་ལ་ཆ་འགའ་ཞིག་གིས་ཐ་དད་པ་ཉིད་དུ་གསལ་བའམ་སྣང་བ་མེད་པ་ལ་སོ་སོར་རྣམ་པར་འབྱེད་པའི་བློ་འབྱུང་བ་མེད་དེ། མཚེ་མ་སོགས་འདྲ་བ་དག་ལས་གང་ཡང་རུང་བ་མཐོང་བའི་ཕྱིས་ཅིག་ཤོས་མཐོང་ན་དངོས་པོ་ཐ་དད་ཡིན་ཀྱང་བློ་ལ་སྔར་གྱི་དེ་སླར་ཡང་མཐོང་སྙམ་པ་ལས་འདི་སྔར་གྱི་དེ་མ་ཡིན་ནོ་ཞེས་མི་ཤེས་པས་རྣམ་པར་འབྱེད་པ་མེད་པ་བཞིན་ནོ། །དེས་ན་བློ་རང་ཉིད་ལ་རྣམ་པ་མེད་ན་རང་རྒྱུད་ཀྱི་བློ་འདི་བྱུང་ལ་འདི་མ་བྱུང་ཞེས་རྣམ་པར་འབྱེད་པ་མི་སྲིད་ཀྱང་དེ་ཐ་དད་དུ་འབྱེད་པ་མངོན་སུམ་གྱིས་གྲུབ་པས་ན་བློ་རྣམ་བཅས་སུ་གྲུབ་པ་ལ་བསྙོན་དུ་མེད་དོ། །གཉིས་པ་རང་རིག་བསྒྲུབ་པ་ལ། །ཚུལ་གཉིས་གྲུབ་པས་རང་རིག་བསྒྲུབ། །དྲན་པའི་རྟགས་ལས་རང་རིག་གྲུབ། །དང་པོ་ལ། རྩ་བའི་གཏན་ཚིགས་


MR20_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མདོར་བསྟན། དེ་ཡི་རྒྱུ་མཚན་རྒྱས་པར་བཤད། །དང་པོ། ཇི་སྐད་བཤད་པའི་བློ་ཚུལ་གཉིས་སུ་སྒྲུབ་པར་བྱེད་པའི་རིགས་པས་ཀྱང་རང་རིག་ཕལ་ཆེར་གྲུབ་པ་ཡིན་ནོ། །ཕལ་ཆེར་ཞེས་པའི་སྒྲས་དངོས་སུ་ཚུལ་གཉིས་བསྒྲུབས་ཀྱང་དེ་གྲུབ་ན་ཞར་ལ་རང་རིག་གྲུབ་པའམ། དོན་འདོད་པའི་ཞེན་ངོར་བྱས་ན་གཟུང་བའི་རྣམ་པ་དེས་ཁ་ཕྱིར་བལྟས་ཀྱི་དོན་རིག་པར་འདོད་པས་གཞན་རིག་དང་རང་རིག་ཐ་དད་པ་ལྟ་བུའི་ཚུལ་གཉིས་པ་ཅན་གྱི་བློར་བསྒྲུབས་ཀྱང་དོན་དུ་མྱོང་བ་དེ་ནི་རང་རིག་ཁོ་ན་ལས་གཞན་རིག་པ་མི་སྲིད་པར་ཤུགས་ཀྱིས་འགྲུབ་པ་ཡིན་པའི་ཕྱིར་རོ། །ཚུལ་གཉིས་གྲུབ་ན་དེས་རང་རིག་ཇི་ལྟར་འགྲུབ་སྙམ་ན། བློ་ལ་གཟུང་འཛིན་གྱི་ཚུལ་གཉིས་གྲུབ་པའི་ཚེ་སྔོན་པོའི་རྣམ་པར་སྣང་བའི་གཟུང་བ་དེ་ཤེས་པ་ཡིན་ཀྱང་། འཛིན་པ་དེ་དེ་ལས་རྫས་གཞན་ཡིན་ན་གཞན་རིག་ཏུ་འགྱུར་གྱི་རང་རིག་མ་ཡིན་ལ། དེའི་ཚེ་ན་དུས་མཉམ་པའི་ཤེས་པ་གཞན་གྱིས་གཞན་རྣམ་མེད་ཐུག་ཕྲད་དུ་འཛིན་ན་ཕྱི་དོན་རྣམ་མེད་དུ་འཛིན་པ་ལ་བརྗོད་པའི་སྐྱོན་མཚུངས་ཤིང་རྣམ་བཅས་སུ་འདོད་ན་ཐུག་མེད་དུ་ཐལ་བ་སོགས་སྐྱོན་ཤིན་ཏུ་མང་བས་གོང་དུ། དེར་ཡང་བརྩད་པ་མཚུངས་ཕྱིར་ཏེ། །དེ་ནི་རང་ཉིད་གསལ་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས་ཤེས་པ་རང་གི་ངོ་བོར་གྱུར་པའི་སྔོན་པོ་སོགས་ཀྱི་སྣང་བ་རང་ཡུལ་དུ་ཡོད་པ་དེ་ཚེ་གཟུང་འཛིན་ཐ་དད་དུ་མེད་པར་ཤེས་པ་ཉིད་དེ་ལྟར་སྣང་བ་ཙམ་དུ་གསལ་བའི་ཕྱི་རང་གིས་རང་ཉིད་མྱོང་བར་གྲུབ་པའི་ཕྱིར་རོ། །གཉིས་པ་ལ། མྱང་བྱ་ཡུལ་ལ་བརྟགས་ནས་བསྒྲུབ། །མྱོང་བྱེད་བློ་ལ་བརྟགས་ནས་བཤད། །ཐུན་མོང་གཞན་གྱིས་གཞན་གསལ་དགག །དང་པོ་ལ། རང་རིག་མེད་ལ་ཐལ་བ་བརྗོད། །དེ་ཡི་ཉེས་སྤངས་ལན་རྣམས་དགག །དང་པོ། ཤེས་པ་ཐམས་ཅད་གཞན་རིག་པར་བྱེད་པ་ཙམ་ལས་རང་རིག་མི་འདོད་པའི་ལྟར་ན། རང་བློ་འདི་དང་འདི་ལྟ་བུ་སྐྱེས་ཞེས་པའི་ཉམས་མྱོང་མ་ལུས་པ་གཏན་མི་སྲིད་པར་འགྱུར་ཏེ། གང་གི་ཕྱིར་ན་སྔོ་འཛིན་མངོན་སུམ་ལྟ་བུའི་བློ་རང་ཉིད་ཀྱི་དུས་སུ་རང་གིས་རང་མི་མྱོང་ལ། གལ་


MR20_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་འགགས་པའི་རྗེས་སུ་མྱོང་སྙམ་ན། མྱོང་བྱ་སྔོ་འཛིན་དེ་དངོས་ཡུལ་དུ་བྱེད་པ་ཅན་གྱི་བློ་ཕྱི་མ་ཡིས་ནི་མྱང་བྱའི་ཤེས་པ་སྔ་མ་བློ་ཕྱི་མ་རང་གི་དུས་ན་འགགས་ཟིན་པ་དེ་ཇི་ལྟར་མྱོང་བ་ཡིན་ཏེ། དེས་གཏད་པའི་རྣམ་པ་ནི་ཁྱོད་མི་འདོད་ལ། དུས་མི་མཉམ་པ་རྗེན་ཅེར་དུ་བཟུང་བར་བྱར་མེད་པས་དེས་དེ་ཅི་ཡང་མྱོང་བར་མི་འགྱུར་ཏེ། བུམ་པས་སྟོང་པའི་ཕྱོགས་སུ་མིག་གཏད་ཀྱང་བུམ་པ་མྱོང་མི་སྲིད་པ་བཞིན་ནོ། །ཤེས་པ་ཕྱི་མ་ཡུལ་གཞན་མྱོང་བ་མེད་པ་དེས་རང་གི་ངོ་བོའང་མྱོང་བ་མེད་པར་འདོད་པའི་ཕྱིར་ནང་གི་བློ་འདི་དང་འདི་སྐྱེས་སོ་ཞེས་པའི་ཉམས་མྱོང་མ་ལུས་པ་ལྡོག་པར་འགྱུར་ཏེ། གང་ཅུང་ཟད་ཀྱང་མྱོང་བར་མི་འགྱུར་རོ། །དེ་ལྟར་འདོད་ན་ནང་གི་བློ་དེའི་མྱོང་བ་བསྙོན་མེད་དུ་གྲུབ་པ་མངོན་སུམ་འདིས་བསལ་བ་ཡིན་ཏེ། ཕྱི་རོལ་གྱི་དོན་ཁོ་ན་འཛིན་གྱི་ནང་ཤེས་པ་རང་འཛིན་པའམ་རིག་པར་བྱེད་པ་མེད་ན་ཕྱི་རོལ་དོན་དུ་སྣང་བ་ཁོ་ན་ལས་ནང་གི་རྣམ་པར་སྣང་བའི་ཤེས་པ་གཏན་མེད་དགོས་ལ། དེ་གཉིས་ཐ་དད་དུ་མི་འབྱེད་པ་ཡང་མ་ཡིན་ཏེ། སྔོན་པོ་དང་སེར་པོ་བཞིན་དུ་བློ་རང་གི་ཉམས་སུ་མྱོང་བས་ཤེས་ནུས་པ་ཡིན་ཏེ་ཕྱི་རོལ་སྔོ་སོགས་ཀྱི་དོན་དུ་སྣང་བ་དང་ལྡན་པའི་ཤེས་པ་དེ་ནི་ཕྱི་རོལ་ལ་མངོན་དུ་ཕྱོགས་པར་སྣང་ཞིང་། ཕྱི་རོལ་གྱི་དོན་ཡོངས་སུ་གཅོད་པ་སྟེ་འདི་ནི་སྔོན་པོ་དང་འདི་ནི་སེར་པོའི་ཞེས་སོགས་སུ་འབྱེད་པར་བྱེད་པ་ཡིན་ལ། ནང་བློ་ཡི་ཆོས་བདེ་སྡུག་དང་སྔོ་སེར་འཛིན་པ་སོགས་རང་རྒྱུད་ལ་ཇི་ལྟ་བུར་སྐྱེས་པ་ལ་དེ་ལྟར་འཛིན་པར་བྱེད་པའི་བློ་ནི་རྟག་ཏུ་བདག་ཡུལ་ལ་འཛིན་པ་པོའི་ནང་གི་སེམས་རྒྱུད་ཀྱི་ཁྱད་པར་ལ་མངོན་དུ་ཕྱོགས་ནས་དེ་དག་གི་ཐ་དད་པ་རྣམ་པར་འབྱེད་པར་བྱེད་པ་ཡིན་ན་དེ་གཉིས་སོ་སོར་མྱོང་བས་གྲུབ་བཞིན་དུ། རང་བློ་ནི་མ་མྱོང་ལ་ཡུལ་མྱོང་ངོ་ཞེས་རང་རིག་ལ་མི་འཐད་པར་


MR20_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ན་གཞན་རིག་ལའང་མཚུངས་ཏེ་ནང་གི་བློ་ལ་འདི་དང་འདི་ཞེས་མྱོང་ཞིང་རྣམ་པར་འབྱེད་ནུས་པ་དེ་ལས་ལྷག་པར་ཕྱི་རོལ་གྱི་དོན་ཡང་ཅི་ཞིག་མྱོང་སྟེ་ཅུང་ཟད་ཀྱང་མྱོང་བ་མེད་དོ། །རང་ལ་རང་བྱེད་པ་འགལ་བའི་ཕྱིར་རོ་སྙམ་པ་ཙམ་གྱིས་མ་བརྟགས་པའི་གྱ་ཚོམ་ལ་བརྟེན་པ་ཁོ་ནས་རང་རིག་ཐ་སྙད་དུ་མི་ཁེགས་ཏེ། ཡང་དག་པའི་དངོས་སྟོབས་ཀྱི་རིགས་པས་དཔྱད་ཚེ་གཞན་མྱོང་བ་མི་སྲིད་ཅིང་། རང་མྱོང་བ་ཉིད་ཀྱི་སྒོ་ནས་དོན་ལ་ཞེན་པའི་ངོར་གཞན་རིག་ཀྱང་འགྲུབ་པ་ཡིན་པས་ན་གཙོ་བོ་མིག་དབང་གི་བྱེད་པ་ཁྱད་དུ་བསད་ནས་ཡན་ལག་དབང་རྟེན་གྱིས་ཡུལ་མཐོང་བར་འདོད་པ་ལྟར་མི་བྱ་བར་ཐ་སྙད་དུ་རང་རིག་ཅེས་ཀྱང་ཁས་བླང་བར་བྱ་སྟེ། ཤིང་རྟ་ཆེན་པོ་རྣམས་ཀྱིས་རང་རིག་འགོག་པའི་རིགས་པ་ཇི་སྙེད་པ་དོན་དམ་པར་བཀག་པ་ཁོ་ནར་འགྱུར་བ་ཤེས་པར་བྱའོ། །གལ་ཏེ་ཤེས་པས་རང་མྱོང་བ་ཁས་མི་ལེན་ཅིང་སྔོན་པོ་ལ་སོགས་པ་ཡུལ་གང་གི་ནི་སྣང་བ་གང་དེ་ཤེས་རྣམ་དུ་མི་འདོད་པར་ཡུལ་ཁོ་རང་གི་ངོ་བོ་རྗེན་ཅེར་བར་འདོད་པ་དེ་དག་གི་ལྟར་ན། ཡུལ་ཅན་ཤེས་པ་དེས་ཡུལ་དེ་མྱོང་བ་མིན་ནོ་ཞེས་པའང་དོན་གྱིས་འཐོབ་སྟེ། དེ་འདྲའི་ཡུལ་གྱི་སྣང་བ་དེ་དེ་ན་ཡོད་དུ་ཆུག་ཀྱང་དེ་འཛིན་གྱི་ཤེས་པ་ལ་དེའི་རྗེས་སུ་ཞུགས་པའི་ཁྱད་པར་གང་ཡང་མ་སྐྱེས་པས་ན་སྔར་ཡུལ་དེ་མ་མཐོང་བའི་དུས་བཞིན་ད་ལྟ་ན་ཡང་མྱོང་བ་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། མྱོང་བ་ཞེས་པ་ནི་རང་རྒྱུད་ལ་བདེ་སོགས་སྐྱེས་པ་ལྐོག་ཏུ་མ་གྱུར་པར་གསལ་བའི་རང་བཞིན་འདི་ཙམ་ལས་གཞན་མེད་ལ། དེ་དང་འདྲ་བར་ཕྱི་རོལ་སྔོན་པོ་སོགས་མྱོང་བའང་གསལ་ཞིང་རིག་པའི་ཚུལ་གྱིས་རང་བློར་མངོན་པ་འདི་ཙམ་ཡིན་པའི་ཕྱིར། གང་དང་གང་ཉམས་སུ་མྱོང་བ་ཞེས་པ་ནི་བློ་དེ་དང་དེའི་རྣམ་པར་གསལ་བོར་སྐྱེས་པ་འདི་ཁོ་ན་


MR20_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་བློ་མིན་པ་ལ་མྱོང་བ་ཞེས་པ་གཏན་མེད་ཅིང་མྱོང་བ་དེ་ཡང་བློ་དེའི་རྣམ་པར་གསལ་བ་ལས་གཞན་དུ་མེད་དེ། གཏན་མ་གསལ་བ་ནི་མྱོང་བ་ཅི་ལྟར་རུང་སྟེ་མི་རུང་ངོ་། །གསལ་བ་ཞེས་པའང་མར་མེས་བུམ་པ་གསལ་བ་ལྟ་བུ་ཙམ་མ་ཡིན་གྱི་བློ་དེའི་རྣམ་པར་སྐྱེས་པ་ཁོ་ན་ལས་གཞན་དུ་ཡུལ་འདི་དང་འདི་གསལ་ལོ་ཞེས་པའི་ཁྱད་པར་གང་ཡང་བསམ་པར་མི་ནུས་སོ། །བློ་དེའི་རྣམ་པར་སྐྱེས་པ་ཞིག་ནའང་འདིའོ་ཞེས་བདག་ཉིད་ཀྱིས་ཤེས་པར་མ་གྱུར་ན་མཚེ་མ་དག་འདྲ་བ་བཞིན་དུ་རྣམ་པ་ཆ་འདྲ་བ་ཡིན་དུ་ཟིན་ཀྱང་མྱོང་བར་མི་འགྱུར་ཏེ། གསལ་བར་སྐྱེས་པའི་མར་མེ་ལ་སོགས་པ་དང་འདྲ་བ་ཙམ་དུ་འགྱུར་རོ། །དེས་ན་གཞན་གྱིས་བསྟན་མི་དགོས་པར་གང་དང་ཅི་མྱོང་བ་ཐམས་ཅད་བློ་ཉིད་ཀྱི་ངོ་བོར་ལྷན་ནེར་ཆུབ་པར་སོ་སོ་རང་གིས་རིག་པར་བྱ་བ་འདི་ཉམས་སུ་མྱོང་བ་ཡིན་ལ། དེ་རང་རིག་ཡིན་གྱི་རང་རིག་མེད་ན་དེ་འདྲའི་ཉམས་མྱོང་དེ་རྩད་ནས་ལྡོག་པར་འགྱུར་རོ། །གཉིས་པ་ལ། འདྲ་བ་ཙམ་ལས་མྱོང་བ་མིན། །སྐྱེས་ལ་འདྲ་བས་དོན་རིག་མིན། །སྐྱེས་འདྲ་ངེས་གསུམ་ཚོགས་ཀྱང་མིན། །དང་པོ་ལ། འདྲ་ཙམ་དོན་མྱོང་ཧ་ཅང་ཐལ། །བློ་འདྲ་དེས་ཀྱང་དེར་མི་ཕན། །དང་པོ། གྲངས་ཅན་པ་སོགས་ན་རེ། གལ་ཏེ་རང་རིག་མེད་ཀྱང་ཉམས་སུ་མྱོང་བ་ལྡོག་པར་མི་འགྱུར་ཏེ། དོན་གང་དང་གང་མྱོང་ཡང་རུང་དོན་དེ་དང་བློ་འདྲ་བ་ཉིད་དུ་གྱུར་པ་ཙམ་ལས་མྱོང་བ་ཞེས་པ་གཞན་ཅི་ཞིག་ཡོད། བློ་ཡུལ་སྔོན་པོ་དང་འདྲ་བར་གྱུར་པ་དེ་ལ་སྔོན་པོ་མྱོང་བ་ཉིད་ཅེས་སུ་འདོད་དོ་ཞེ་ན། ཞེས་ཕྱོགས་སྔ་སྟེ། དེ་ཡང་གྲངས་ཅན་པའི་ལྟར་ན་བློའམ་ཆེན་པོ་ཞེས་པའི་ནང་དུ་དོན་གྱི་གཟུགས་བརྙན་ཤར་བའི་འདྲ་བ་དེ་ལ་བསམ་པའོ། །སྐབས་འདིར་རང་རིག་མི་འདོད་པས་མདོ་སྡེ་པ་མིན་ལ་རྣམ་པ་འདོད་པས་བྱེ་སྨྲ་མིན་པའི་ཕྱིར་གྲངས་ཅན་ཁོ་ནའི་འདོད་པར་གནོད་པ་སྟོན་པར་འགའ་ཞིག་བཞེད་ཀྱང་། ཐུན་མོང་དུ་ཡང་རུང་སྟེ་དོན་དང་འདྲ་བ་ཞེས་པ་བློ་ཡི་རྣམ་པའི་ཁྱད་པར་ཁོ་ནར་མ་གཟུང་ཡང་བློ་དོན་དང་མཐུན་པའམ་


MR20_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་རྗེས་སུ་ཞུགས་པའམ་དོན་མཐོང་བ་ཙམ་གྱི་ཐ་སྙད་དུ་ཡང་ཞེ་འདོད་ཀྱིས་འདོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་ཚད་འབྲས་དང་པོའི་སྐབས་སུ་དོན་འདྲ་ཞེས་བཏགས་ཀྱི་གཟུང་རྣམ་དུ་མ་བཏགས་ལ། གཉིས་པ་སོགས་སུ་དོན་འདྲ་ལ་གཟུང་རྣམ་ཉིད་ལས་འོས་མེད་པར་བསྒྲུབས་པའི་ཕྱིར་མ་དཔྱད་པ་དང་དཔྱད་པའི་སྐབས་ཀྱི་ཆ་ཕྱེད་པ་ཡོད་དོ། །དེ་ལྟར་འདྲ་བ་ཙམ་ཞིག་ཏུ་གྱུར་པས་དོན་མྱོང་བ་ཡིན་ན་དངོས་པོ་འདྲ་བ་ཐམས་ཅད་ནང་ཕན་ཚུན་དུ་གཅིག་གིས་གཅིག་མྱོང་བ་ཉིད་ནི་ཐོབ་པར་འགྱུར་ཏེ། དུས་མཉམ་པའི་སྔོན་པོས་ཀྱང་སྔོ་འཛིན་མྱོང་བ་དང་མཚེ་མས་ཀྱང་ཕན་ཚུན་མྱོང་བ་ལ་སོགས་པར་འགྱུར་རོ། །སྤྱིར་ཡང་འདྲ་བ་ཞེས་པ་ཆ་འགའ་ཞིག་གིས་མི་འདྲ་བ་ནི་གཅིག་ཀྱང་མེད་དེ་ཆོས་ཐམས་ཅད་ཤེས་བྱ་ཙམ་དུ་འདྲ་བས་སོ། །ཆ་ཐམས་ཅད་ཀྱིས་འདྲ་བ་ནི་མི་སྲིད་དེ་འདྲ་བ་ནི་ཆོས་གཉིས་ལ་གནས་ཤིང་ཆོས་ཐ་དད་དུ་གྱུར་པ་དེ་ནི་ཐ་དད་པའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་འདྲ་བ་མ་ཡིན་ནོ། །དེས་ན་འདྲ་བ་ཙམ་ཡོད་དུ་ཆུག་ཀྱང་དེ་ཙམ་གྱིས་མྱོང་ན་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པ་ལ། དངོས་དོན་བརྗོད་དང་དེའི་རྒྱུ་མཚན། །དང་པོ་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ། གལ་ཏེ་ཆོས་གང་ཡང་རུང་བ་ཕན་ཚུན་འདྲ་བ་ཙམ་གྱིས་དེས་དེ་མྱོང་བ་མ་ཡིན་ཏེ། བློ་ཡི་འདྲ་བ་དེས་འདྲ་བ་ཅན་གྱི་ཡུལ་དེ་མྱོང་བ་ཡིན་ནོ་ཞེ་ན། ཚུལ་དེ་ལྟ་ན་ད་ནི་འདྲ་བ་ཙམ་ལས་གཞན་མྱོང་བ་མ་ཡིན་པར་གྲུབ་ལ། བློ་འདྲ་བས་གཞན་མྱོང་ངོ་ཞེས་པ་དེ་ཡང་འདྲ་བ་ཙམ་གྱིས་འདྲ་ཡུལ་གཞན་མྱོང་བ་གང་ཡང་མེད་པ་དེའི་ཕྱིར་བློ་དེ་ཡི་འདྲ་བ་མྱོང་ཟེར་ཡང་གཞན་མྱོང་བ་མེད་དེ། མྱོང་བ་དེ་ནི་བློ་རང་ཉིད་སྔོན་པོའི་རྣམ་པར་སྐྱེས་པ་ཙམ་དུ་ཟད་དེ་བློ་རང་ཉིད་མྱོང་བར་གྲུབ་ཀྱི་མྱོང་བ་དེ་ནི་རང་མྱོང་བ་ཁོ་ནས་


MR20_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་འདྲ་བའི་རྒྱུ་མཚན་ཅན་མིན་ཏེ་འདྲ་བ་ཙམ་གྱིས་མྱོང་བ་གང་ཡང་མི་བྱེད་པའི་ཕྱིར་རོ། །གཉིས་པ། དོན་དང་འདྲ་བས་དོན་མྱོང་བ་མེད་ཅིང་ཐམས་ཅད་དུ་རང་མྱོང་བ་ཙམ་ཡིན་ན་སྔར་ཚད་འབྲས་དང་པོའི་སྐབས་སུ་བཤད་པ་དང་འགལ་ལོ་ཞེ་ན། བྱ་བ་དོན་རྟོགས་པ་དང་ལས་སུ་བྱ་བ་ཕྱི་རོལ་གྱི་སྔོན་པོ་སོགས་གཞལ་བ་ཉིད་ཀྱི་རྣམ་གཞག་གི་ཚུལ་མ་བརྟགས་མ་དཔྱད་པར་བྱེད་པའི་སྐབས་སུ་དོན་དང་འདྲ་བའི་ཤེས་པ་འདི་ནི་འཇིག་རྟེན་ན་གཞལ་བྱ་དང་འབྲས་བུ་དེ་གཉིས་རྣམ་འཇོག་གི་རྒྱུར་འགྱུར་ཏེ། འཇིག་རྟེན་ན་ཇི་ལྟར་སྣང་བ་བཞིན་རྗེས་སུ་བརྗོད་པའི་ཕྱིར་མི་འགལ་ལ། དེ་ལ་དཔྱད་ན་ཤེས་པ་རང་གི་ངོ་བོའི་སྔོ་སོགས་སུ་སྣང་བའི་རང་བཞིན་དེའི་ངང་ཚུལ་ཅན་གྱི་མྱོང་བ་ལ་ཕྱི་རོལ་དོན་གྱི་ཡུལ་དངོས་སུ་སྣང་བ་མེད་ཀྱང་ཕྱི་རོལ་དུ་ཞེན་ནས་སྒྲོ་འདོགས་པའི་འཁྲུལ་བ་ལས་ཕྱི་རོལ་གྱི་སྔོ་སོགས་མྱོང་བར་ཞེན་ཅིང་དེ་ལྟར་གྲགས་པ་ཡིན་གྱི། བློ་རང་ལས་རྫས་གཞན་གྱི་བདག་ཉིད་ངེས་པར་མྱོང་བ་ལས་དེ་ལྟར་གྲགས་པ་མིན་ཏེ་མ་དཔྱད་པར་ཐ་སྙད་བྱས་པ་ཙམ་མོ། །རང་རིག་མི་འདོད་པ་དེ་དག་ན་རེ། རང་གི་བློ་ནི་སྔོ་སོགས་ཀྱི་དངོས་པོར་སྣང་བ་ཡིན་ན་ཕྱི་རོལ་གྱི་དོན་ལ་བློ་ཚད་མ་ཉིད་དུ་འདོད་པ་རྒྱུ་མཚན་གང་གིས་འགྱུར་ཏེ་ཕྱི་དོན་མ་མྱོང་བས་སོ་ཟེར་ན། རང་གི་བློ་ནི་སྔོ་སོགས་ཀྱི་དངོས་པོར་སྣང་བ་མིན་ན་ཤེས་པ་དེ་ནི་ཇི་ལྟར་དོན་མྱོང་བ་ཡིན་ཏེ། དོན་རྗེན་པར་བློས་མྱོང་མི་སྲིད་ཅིང་བློ་རང་ཉིད་མྱོང་བ་མེད་ན་མྱོང་བའི་ཐ་སྙད་རྒྱུན་ཆད་པར་དངོས་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །འོ་ན་དོན་འདི་ལས་ཕྱི་དོན་ཇི་ལྟར་གྲུབ་སྙམ་ན། མ་བརྟགས་པར་སྣང་བ་བཞིན་དུ་ཐ་སྙད་དེ་འདྲ་བྱས་ཀྱི་དཔྱད་ན་དོན་གཞན་མྱོང་བར་མི་སྲིད་པར་གྲུབ་པ་འདི་ལ་བདག་ཅག་ལ་བརྒལ་དུ་མེད་ཀྱི་དོན་འདོད་པ་དག་ལ་འདྲི་བར་འོས་སོ། །གཉིས་པ་བློ་འདྲ་བས་མྱོང་བ་མིན་པའི་རྒྱུ་མཚན་ལ།


MR20_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ལ་འདྲ་བའི་རྒྱུ་མི་དགོས། །གལ་ཏེ་དགོས་ན་ཧ་ཅང་ཐལ། །དང་པོ། འདྲ་བ་ལས་དོན་མྱོང་ཞེས་པ་འདི་ཕྱི་དོན་ལ་ཞེན་པའི་ཞེ་འདོད་ཀྱི་ཐ་སྙད་ཙམ་དུ་ཟད་ཀྱི་གང་ཚེ་བློ་རང་ཉིད་ཡུལ་གང་གི་རྣམ་པར་གསལ་བ་ཙམ་གྱིས་མྱོང་བའི་བདག་ཉིད་དུ་གྲུབ་པ་དེ་ལ་ནི་འདྲ་བས་མྱོང་བར་བྱས་པ་ཅི་ཡང་མེད་པས་འདྲ་བའི་རྒྱུ་ཅན་མ་ཡིན་པས་ན་ཤེས་པ་འདི་ཡི་མྱོང་བ་དེ་ནི་འདྲ་བ་ལ་ལྟོས་མེད་དུ་རང་ཉིད་གསལ་ཙམ་གྱིས་གྲུབ་པས་ན་མ་མྱོང་བ་དོན་གཞན་གྱིས་མྱོང་བ་ཅི་ཞིག་ཉེ་བར་སྒྲུབ་སྟེ་ཅི་ཡང་སྒྲུབ་པ་མེད་དོ། །གལ་ཏེ་དོན་ནི་རྒྱུ་ཡིན་པས་སོ་སྙམ་ན་ཡང་། ཟླ་གཉིས་སྣང་བ་བཞིན་དུ་ཕྱི་དོན་ཉིད་རྒྱུ་ཡིན་མིན་རྗེས་སུ་དཔག་པ་ཙམ་ལས་མངོན་སུམ་གྱིས་མི་འགྲུབ་ལ། རྒྱུ་ཡིན་དུ་ཆུག་ཀྱང་མྱོང་བ་ཉིད་ཀྱི་དུས་སུ་ནི་ཡུལ་གཞན་མྱོང་བ་གང་ཡང་མེད་དེ་དབང་ཤེས་ཀྱིས་དབང་པོ་མ་མྱོང་བ་བཞིན་ནོ། །གཉིས་པ། བློ་དང་དོན་འདྲ་བ་ཞེས་པ་ཡང་བདག་ཉིད་ཀུན་གྱིས་འདྲ་བ་ཡིན་ན་ནི་ནང་གི་ཤེས་པ་དེ་ཤེས་པ་ཉིད་མིན་པར་འགྱུར་ཏེ། ཕྱི་དོན་དང་རྣམ་པ་ཐམས་ཅད་དུ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར། ཆ་འགའ་ཞིག་གིས་མཚུངས་པ་ཙམ་ཡིན་པས་མྱོང་ན་ནི་ཡུལ་ཐམས་ཅད་ཤེས་པ་ཐམས་ཅད་ཀྱིས་ཁྱད་མེད་དུ་མྱོང་བར་འགྱུར་ཏེ། རྣམ་པ་ཆེས་མཚུངས་པའི་ཕྱིར་བུམ་པ་གཅིག་མྱོང་བས་ཡུལ་དུས་ཐམས་ཅད་ཀྱི་བུམ་པ་ཀུན་མྱོང་བར་འགྱུར་ཞིང་། དེར་མ་ཟད་བུམ་པ་མྱོང་བས་སྣམ་བུ་ལ་སོགས་པ་གཞན་ཀུན་མྱོང་བར་འགྱུར་ཏེ། ཆ་འགའ་ཞིག་གིས་མི་འདྲ་བ་གང་ནའང་མེད་དེ་ཤེས་བྱ་ཡིན་ནོ་ཅོག་ཀུན་ཤེས་བྱ་ཙམ་དུ་འདྲ་བས་སོ། །གཉིས་པ། འདྲ་བ་ཙམ་ཁོ་ནས་མྱོང་བ་མིན་ཀྱང་ཇི་ལྟར་ཕྱི་དོན་གྱི་སྟོབས་ལས་བློ་ལ་སྔོ་སོགས་ཀྱི་ངོ་བོའི་མྱོང་བ་སྐྱེས་པའི་ཕྱིར་སྔོ་སོགས་


MR20_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་མྱོང་བར་འདོད་དོ་ཞེ་ན། དེ་བཞིན་དུ་དོན་ཉམས་སུ་མྱོང་བའི་ཤེས་པ་སྔ་མ་དེ་ཡི་ངོ་བོའི་རང་བཞིན་འཛིན་པར་སྐྱེས་པའི་ཕྱིར་ཤེས་པ་ཕྱི་མ་དེ་མ་ཐག་པ་དེ་ཡིས་སྔ་མ་དེ་ཡང་ཉམས་སུ་མྱོང་བར་འགྱུར་དགོས་ན་རང་དུས་ན་མེད་པ་དེ་ནི་ཁྱོད་ཀྱིས་མྱོང་བར་མི་འདོད་པས་གནོད་པ་ཡིན་ནོ། །གསུམ་པ། དམིགས་རྐྱེན་དེ་ལས་སྐྱེས་ཤིང་དེའི་ངོ་བོའི་རྣམ་པར་འདྲའང་སྔོ་སོགས་ཉམས་སུ་མྱོང་བའི་བློ་ནི་བློ་ཕྱི་མ་འདིས་ཉམས་སུ་མྱོང་ངོ་ཞེས་ཇི་ལྟར་ཕྱི་དོན་སྔོ་སོགས་ཉམས་སུ་མྱོང་བ་བཞིན་དུ་ནི་ངེས་པ་སྐྱེ་བ་མིན་པ་དེ་ཕྱིར་ཤེས་པ་སྔ་མ་མྱོང་པར་ཐལ་བའི་ཉེས་པ་མེད་དོ་ཅེ་ན། ངེས་པ་མེད་པ་ཐམས་ཅད་མྱོང་བ་མིན་ན་ཕྱི་དོན་ལའང་ངེས་པ་དེ་ནི་རྟག་ཏུ་ཡོད་པའི་ངེས་པ་མེད་དེ། ཡུལ་སྐད་ཅིག་མ་གང་མྱོང་བ་ཐམས་ཅད་དེ་བཞིན་ངེས་པའི་ཁྱབ་པ་མེད་ལ། ཡིད་གཡེང་བའི་སྟོབས་ཀྱིས་ཡུལ་མཐོང་དུ་ཟིན་ཀྱང་སྣང་ལ་མ་ངེས་པ་ཡོད་པའི་ཕྱིར་རོ། །གལ་ཏེ་དོན་ནི་ཤེས་པ་དེ་ཡི་ཡུལ་དུ་ཡོད་པ་ཉིད་ཀྱི་ཕྱིར་ངེས་པ་འདྲེན་པའི་རྒྱུ་ཡོད་དོ་ཞེ་ན། དེ་ལྟ་བུ་མྱོང་བ་ལ་ཡང་མེད་པའང་ཅིའི་ཕྱིར་ཏེ་ཤེས་པ་རང་ལ་རྣམ་པ་མི་འདོད་པའི་ལུགས་ལ་ཡུལ་མེད་པའི་ཤེས་པ་གང་ལ་དམིགས་ནས་སྐྱེ་སྟེ་སྐྱེ་བར་མི་རིགས་སོ། །གཉིས་པ་མྱོང་བྱེད་བློ་ལ་བརྟག་པ་ལ། ཕྱི་རོལ་དཀར་སོགས་གསལ་བས་འགྲུབ། །ནང་གི་བདེ་སོགས་མྱོང་བས་འགྲུབ། །དང་པོ་ལ། གསལ་བ་ལས་བརྩམས་དྲི་བ་འགོད། །དེ་ལ་རིགས་པའི་ལན་གྱིས་གདབ། །ཚུལ་དེས་ལོག་རྟོག་གཞན་ཡང་ཁེགས། །དང་པོ། གཞན་ཡང་དཀར་པོ་སོགས་མངོན་སུམ་མཐོང་བ་ན་སྐྱེས་བུའི་ནང་གི་མྱོང་བ་ལ་དཀར་པོ་སོགས་སུ་མངོན་པར་གསལ་བ་ཡི་རང་བཞིན་ཅན་གྱི་རིག་པ་གསལ་བ་ཉིད་དུ་ནི་སྐྱེས་པའི་སྣང་བ་འདི་གང་ཡིན་ཏེ། དཀར་པོ་ཉིད་དུ་གསལ་བའི་ཁྱད་པར་དུ་སྐྱེས་པ་མིན་ན་བློ་ཡིས་དཀར་པོ་ཇི་ལྟར་གསལ་བ་


MR20_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཤེས་པར་མི་འགྱུར་རོ། །དེ་ལྟ་ན་དེ་འདྲའི་ཤེས་ཉིད་གསལ་པོར་སྣང་བ་དེ་ནི་ཅི་སྟེ་དཀར་སོགས་མངོན་པར་གསལ་བ་ཉིད་དུ་དམིགས་པ་འདི་ལས་གཞན་པའི་དངོས་པོ་ཞིག་ཡིན་ནམ། འོན་ཏེ་དཀར་སོགས་གསལ་བ་དེའི་བདག་ཉིད་དུ་གྱུར་པ་ཐ་དད་མེད་པ་གང་ཡིན་ཞེས་འདྲི་བར་མཛད་པའོ། །གཉིས་པ་ལ། གསལ་ལས་གཞན་ན་དེ་མི་འཐད། །གསལ་ན་དེ་ཡིས་རང་རིག་གྲུབ། །དང་པོ་ལ། ཐམས་ཅད་མི་གསལ་ཐལ་བ་དང་། །ཡུལ་གྱི་ཁྱད་བྱས་མི་འཛིན་ཐལ། །དང་པོ། བློ་ཡི་གསལ་བ་དེ་ནི་དཀར་སོགས་སུ་སྣང་བ་དེ་ལས་གཞན་པའི་དངོས་པོ་ཡིན་ན་དཀར་སོགས་ཉིད་དུ་གསལ་བ་དེ་ནི་གསལ་བ་མིན་པར་འགྱུར་ཏེ། བློ་ཡི་མྱོང་བ་གསལ་བ་དེ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་ན་ཅི་ལྟར་བློ་ལ་དཀར་པོའི་སྣང་བ་གསལ་བར་འགྱུར་ཏེ། མ་གསལ་བ་ནི་མུན་ནང་གི་བུམ་པ་བཞིན་ནོ། །དངོས་པོ་གང་ཞིག་ཤེས་པའམ་བློས་རྟོགས་པ་དེ་ལ་ཤེས་པ་དེ་ལྟར་གསལ་བ་ཞེས་བརྗོད་པ་ཡིན་གྱི་ཤེས་པ་དེ་གསལ་བ་མིན་ན་ནི་ཡུལ་དེ་ཉིད་མ་ཤེས་པའམ་མ་གསལ་བར་གྱུར་པས་ན་འགྲོ་བ་མ་ལུས་པ་ལ་ཅི་ཡང་གསལ་བ་མ་ཡིན་པས་མུན་པར་གནས་པ་ལྟར་ལོང་བ་དང་ལྐུག་པར་འགྱུར་ཏེ། ཇི་ལྟར་ན་སྒྲོན་མེ་རང་མི་གསལ་བ་བུམ་པ་སོགས་དང་འདྲ་ན་དེ་ལ་གཞན་གསལ་བའི་ནུས་པ་གཏན་ཡོད་པར་མི་འགྱུར་བ་བཞིན་ནོ། །མདོར་ན་འདིས་བློ་ངོར་བསྙོན་དུ་མེད་པར་མངོན་སུམ་གསལ་བར་སྣང་བའི་དཀར་པོ་ལ་སོགས་པ་འདི་ཙམ་བློ་ཡི་གསལ་བའི་ངོ་བོ་ཉིད་དུ་གྱུར་པའི་མྱོང་བ་ཡིན་ནམ། འོན་ཏེ་འདི་ལས་གཞན་དུ་གསལ་བྱེད་ཤེས་པ་ནི་ནང་ན་ཡོད་ཅིང་གསལ་བྱ་དོན་ཕྱི་རོལ་ན་ཡོད་པ་ཡིན་ཞེས་བརྟགས་པ་ན་གཞན་དུ་ཡོད་དོ་སྙམ་ན། གསལ་སྣང་འདིར་མ་འདུས་པའི་དོན་དེ་ཇི་ལྟར་


MR20_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཏེ་མངོན་སུམ་མ་ཡིན་པར་འགྱུར་ལ། དཀར་པོ་སོགས་མངོན་སུམ་གསལ་བའི་མྱོང་བ་དེ་སྤངས་ནས། ནང་ན་གནས་པའི་གསལ་བྱེད་དེ་དཀར་པོ་སོགས་ཀྱི་གསལ་བྱེད་ཇི་ལྟར་ཡིན་ཏེ། དེ་ལ་དཀར་པོ་ཉིད་དུ་གསལ་བ་གང་ཡང་མེད་པའི་ཕྱིར་ཡུལ་དང་ཡུལ་ཅན་གྱི་གསལ་སྣང་མ་ལུས་པ་མེད་པར་འགྱུར་ལ། འདི་ལྟར་གསལ་པོར་སྣང་བ་མྱོང་བས་གྲུབ་པ་འདི་ནི་ཡུལ་ཡུལ་ཅན་གང་ཡང་མིན་པར་གྱུར་ན་མངོན་སུམ་གསལ་པོར་སྣང་བ་ཉིད་ལ་སྐུར་པ་བཏབ་ནས་གསལ་བར་སྣང་མི་སྲིད་པའི་ཡུལ་དང་ཡུལ་ཅན་གཞན་གྱིས་གཞན་མྱོང་ཞེས་རྟོགས་པ་ནི་སྒྲོན་མེ་ལག་ན་ཐོགས་བཞིན་མུན་པ་ལ་གསལ་བྱེད་དུ་རེ་བ་བཞིན་ཤིན་ཏུ་ཕྱིན་ཅི་ལོག་གོ། །དེས་ན་འདི་ལྟར་དཀར་སོགས་ཀྱི་སྣང་བ་གསལ་སིང་ངེ་བ་འདི་ཤེས་པ་གསལ་བ་ཉིད་ཡིན་གྱི་དེ་གསལ་བ་མིན་པར་གྱུར་ན་མངོན་སུམ་གསལ་ཡང་མ་གསལ་བར་ཁས་བླངས་པའི་ཕྱིར་འགྲོ་བ་མ་ལུས་པ་མི་གསལ་བ་འབའ་ཞིག་ཏུ་འགྱུར་རོ། །འདི་ལྟར་གསལ་བཞིན་དུ་ཡང་གསལ་བར་སྣང་བ་འདི་ལས་མ་གཏོགས་པའི་ཡུལ་གསལ་བྱེད་ཀྱི་ཤེས་པ་ནང་ན་གནས་པ་གཞན་གྱིས་དཀར་སོགས་གསལ་བ་དང་། ཤེས་པ་དེ་ཡང་ཕྱིས་ཀྱི་ཤེས་པ་གཞན་གྱིས་གསལ་བ་སྟེ་དེ་ལྟར་གསལ་བ་གཞན་གྱིས་ད་རུང་ཡང་ནས་ཡང་དུ་གསལ་བར་བྱེད་དགོས་ནའང་དེ་འདྲའི་གསལ་བ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། སྒྲོན་མེ་ལག་ན་ཐོགས་བཞིན་སྒྲོན་མེ་དེའི་གསལ་བྱེད་གཞན་ཚོལ་བ་བཞིན་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །དེས་ན་ཡུལ་གང་དང་ཅི་ཡིན་པ་གསལ་བར་སྣང་བའི་མངོན་སུམ་གྱི་ཉམས་མྱོང་འདི་ཙམ་གྱིས་ཤེས་པ་རང་གསལ་བར་གྲུབ་ལ། དེ་ལ་ཡུལ་དང་ཡུལ་ཅན་ལྟ་བུར་སྣང་ན་ཡང་ཐ་དད་པའི་གསལ་བྱ་


MR20_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་དང་། གཞན་མཐོང་བ་དང་རང་མ་མཐོང་བའི་ཆ་ཞེས་པ་ནི་འཁྲུལ་བས་སྒྲོ་བཏགས་པ་ཙམ་ལས་ཅུང་ཟད་ཀྱང་མེད་དེ། བློ་གསལ་པོར་སྣང་བ་ཉིད་དུ་སྐྱེས་པ་འདི་ཙམ་ཞིག་སོ་སོ་རང་གིས་རིག་པར་བྱ་བ་ཁོ་ནར་གནས་པར་ཤེས་པར་བྱའོ། །གཉིས་པ་ལ། དངོས་དང་ལན་གྱི་ཁྱད་པར་དགག །དང་པོ། རང་རིག་པ་མེད་ན་སྤྱིར་བློ་ཡོད་པ་ཙམ་ཞིག་ལས་མྱོང་བྱེད་ཀྱི་བློ་འདི་ཡུལ་འདིའི་མྱོང་བྱེད་དོ་ཞེས་ཕན་ཚུན་ཁྱད་པར་དུ་བྱས་ནས་འཛིན་པར་མི་འགྱུར་ཏེ། གང་གི་ཕྱིར་ན་མཐོང་བའི་དོན་སྔོན་པོ་ལ་སོགས་པ་དེ་དང་འབྲེལ་པ་ཡུལ་ཅན་གྱི་བློ་ཤེས་པ་མེད་པ་སྟེ་རིག་པར་མ་གྱུར་པས་ན་ཅི་ལྟར་ཡུལ་དེ་ཡིས་ཁྱད་པར་དུ་བྱས་ནས་འདིའི་ཡུལ་ཅན་གྱི་ཤེས་པ་ཞེས་པ་ཉིད་དུ་འགྱུར་ཏེ་མི་འགྱུར་པ་ཁོ་ནའོ། །འབྲེལ་བ་ཤེས་པ་མེད་པ་གང་གི་ཕྱིར་ཞེ་ན། ཁྱོད་ལྟར་ན་ཡུལ་ཡུལ་ཅན་གཉིས་ལས་གང་ཡང་རུང་བ་གཅིག་རྟོགས་པའི་ཚེ་དེ་ཁོ་ན་ཤེས་ཀྱི་གཉིས་པ་སྟེ་གཅིག་ཤོས་མཐོང་བའམ་རིག་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །གོང་གི་ཁྱབ་པ་ཡང་གྲུབ་སྟེ། འབྲེལ་བ་ཅན་གྱི་ཆོས་གཉིས་པོ་དག་འབྲེལ་བར་མཐོང་བ་ན་འདིས་འདི་མཐོང་ཞེས་བྱ་བར་ངེས་པར་འགྱུར་གྱི་གཞན་དུ་དེ་མི་སྲིད་ལ། ཡུལ་ཡུལ་ཅན་དུས་མཉམ་པ་དེ་དག་མེ་དུ་བཞིན་དུ་སྔ་ཕྱིར་མཐོང་བ་མི་སྲིད་ཅིང་གཉིས་ཀ་མཉམ་དུ་མཐོང་བའང་མེད་པའི་ཕྱིར་རོ། །དེས་ན་ཡུལ་ཡུལ་ཅན་དུ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་བསྙོན་དུ་མེད་པ་འདི་རང་རིག་པའི་དབང་གིས་བྱུང་བ་ཡིན་ཀྱང་དེ་མེད་ཅེས་འདོད་པས་ནི་མངོན་སུམ་ལ་བསྙོན་འདིང་བར་ཟད་དོ། །གཉིས་པ། རྣམ་ཤར་འདྲ་ན་རང་རིག་གྲུབ། །མ་ཤར་འདྲ་བ་ཡང་མི་གྲུབ། །དང་པོ། ཤེས་པ་འདི་ནི་དོན་འདིའི་


MR20_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་ཡིན་ནོ་ཞེས་ངེས་ནུས་ཏེ། ཤེས་པ་སྔ་མ་གང་གིས་དོན་མཐོང་བ་དེ་དོན་དམ་འདྲ་བ་ཉིད་དུ་གྱུར་པ་ནི་རང་ལས་སེམས་གཞན་གྱིས་ནི་ཕྱིས་སུ་མཐོང་བར་གྱུར་པ་དེ་ལ་བརྟེན་ནས་འདིས་འདི་མཐོང་ཞེས་བརྗོད་དོ་ཅེ་ན། སྔོ་འཛིན་དེ་དྲན་པའི་ཚེ་སྔོན་པོའི་རྣམ་པ་ཅན་དུ་མ་དྲན་ན་འདྲ་བར་མི་འགྲུབ་ལ། འདི་སྔོན་པོ་དང་འདྲ་བ་ཉིད་དུ་མཐོང་བས་ན་སྔར་གྱི་སྔོ་འཛིན་ནི་ཚུལ་གཉིས་པ་ཅན་རང་རིག་པའི་ངོ་བོར་གྲུབ་པ་ཡིན་ནོ། །ཡང་ན་སྔར་གྱི་སྔོ་འཛིན་འགགས་པའི་རྗེས་ཀྱི་ཤེས་པ་འདི་སྔ་མ་དེ་དང་འདྲ་བས་དེའི་གསལ་བྱེད་དུ་འགྱུར་ན་བློ་དེ་རང་ཉིད་གསལ་བའམ་རང་རིག་པར་གྲུབ་སྟེ་གསལ་བྱ་གཞན་མེད་ཀྱང་གསལ་བ་ཡོད་པའི་ཕྱིར་རོ། །ཅི་སྟེ་འདྲ་བ་ཡིན་ན་ཡང་རང་གི་དངོས་པོ་མི་རིག་གོ་ཞེ་ན། དེས་ཅི་ལྟར་སྔོ་སོགས་གཞན་གྱི་ངོ་བོ་རིག་སྟེ་སྔོ་སོགས་མྱོང་བ་མེད་པར་སྔོན་པོ་དང་འདྲ་བར་སྐྱེས་པ་ཙམ་ཡིན་ན་འདྲ་བ་ཙམ་ལས་ནི་ཡུལ་མྱོང་ངོ་ཞེས་པའང་སྔར་ཉིད་དུ་རྣམ་པར་བསལ་བ་ཡིན་ནོ། །གཉིས་པ། བློ་ལ་རྣམ་པ་མེད་ན་ནི་མཐོང་བ་དང་འདྲ་བ་གཉིས་ཀ་མི་འགྲུབ་སྟེ། ཡུལ་གཉིས་སོ་སོར་མཐོང་བ་དག་ནི་འདྲར་འཛིན་ཏེ་འདྲ་བར་འཛིན་པ་ཡིན་ན་རྣམ་པ་མེད་པའི་ལྟར་ན། བློའི་ཡུལ་དུ་གྱུར་པའི་དོན་གང་ཡང་ནི་སྔར་མཐོང་བ་ཡོད་པ་མིན་ཏེ། དུས་མཉམ་པས་ནི་ཕན་མི་འདོགས་ལ་དུས་མི་མཉམ་པའི་རྒྱུ་སྔ་མས་ཀྱང་རང་འདྲའི་རྣམ་པ་བློ་ལ་མི་བྱེད་པར་འདོད་པས་ན་ཅི་ལྟར་ཡུལ་དང་ཡུལ་ཅན་དེ་ནི་མཐོང་བ་ཞེས་པ་དང་། དེ་གཉིས་འདྲ་བ་ཡིན་པར་བློ་གང་དེས་ངེས་པར་འགྱུར་ཏེ་མི་འགྱུར་ལ། དེའི་ཕྱིར་ན་བྱེ་བྲག་ཏུ་སྨྲ་བ་སོགས་བློ་ལ་འདྲ་བ་ཉིད་ཀྱང་ཡོད་པར་མི་འདོད་པ་གང་ཡིན་པ་དེ་ཡི་ལུགས་ལ་ཡུལ་དང་ཡུལ་ཅན་གཉིས་ཀ་གང་ཡང་མཐོང་བ་མེད་པར་འགྱུར་ཞིང་དེ་ཚེ་ཡུལ་དོན་དང་


MR20_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་ཤེས་པ་ཞེས་པ་དེ་དག་གི་ཐ་སྙད་སོ་སོར་སྨོ༷ས་སུ་ག་ལ་ཡོད་དེ་མཐོང་བ་དང་མྱོང་བ་ཐམས་ཅད་ལྡོག་པས་ན་གང་ཡང་མ་མཐོང་མ་མྱོང་བ་དེས་ཅི་ཡང་བརྗོད་པར་ནུས་པ་མ་ཡིན་ནོ། །དེས་ན་རྣམ་པ་མེད་ན་བློས་ཡུལ་མཐོང་བ་མི་སྲིད་ལ་རང་རིག་མེད་ན་མྱོང་བ་གཏན་མི་སྲིད་པས་གང་མྱོང་བ་དེ་རང་རིག་པའི་བདག་ཉིད་དུ་གསལ་བ་ཙམ་ཁོང་དུ་ཆུབ་པ་ནི་གཞུང་འདིའི་གནད་མཐར་ཐུག་པ་ཚུར་མཐོང་གི་སྐྱེལ་སོ་ཡིན་ནོ། །གཉིས་པ། དཀར་སོགས་སུ་གསལ་བའི་སྣང་བ་འདི་ཅི་སྟེ་ཤེས་པ་རང་གི་དངོས་པོ་ཡིན་ནོ་ཞེ་ན། འོ་ན་ཤེས་པ་དེ་རང་ཉིད་དཀར་སོགས་ཀྱི་རང་བཞིན་དུ་རབ་ཏུ་གསལ་བར་གྱུར་པས་རང་རིག་པ་གྲུབ་པར་འགྱུར་ཏེ། གང་གི་ཕྱིར་ན་ཤེས་པ་རང་ཉིད་དཀར་སོགས་དེ་ཡི་རྣམ་པར་མི་གསལ་བ་ཡིན་ན་ནི་དོན་དཀར་པོ་སོགས་ཀྱང་མི་གསལ་བ་ཉིད་དུ་འགྱུར་ཏེ་ཤེས་པ་ཉིད་ལ་དཀར་སོགས་གསལ་པོར་སྣང་བ་དེ་ལས་གཞན་པའི་དོན་གསལ་བ་ཞེས་བྱ་བ་གང་ཡང་མེད་པའི་ཕྱིར་རོ། །གསུམ་པ། ཤེས་པས་བདག་ཉིད་རིག་པ་མིན་པའི་ཕྱོགས་དག་ལ་ཕྱི་དང་ནང་གི་དོན་ཀུན་མཐོང་བ་མེད་པར་ཐལ་བའི་ཉེས་པ་བརྗོད་པ་འདི་ཡིས་ནི་རང་གི་བློ་ནི་རང་ལ་མངོན་སུམ་མིན་པར་སྨྲ་བ་རྒྱལ་དཔོགས་པ་གང་ཡིན་པ་དེ་ལའང་ལན་བཏབ་པར་གྲུབ་བོ། །གཉིས་པ་ནང་གི་བདེ་སོགས་མྱོང་བ་ལས་རང་རིག་བསྒྲུབ་པ་ལ། བདེ་མྱོང་རང་བློ་མངོན་སུམ་བསྒྲུབ། །མངོན་གྱུར་མིན་ན་ཧ་ཅང་ཐལ། །དང་པོ་ལ། བདེ་མྱོང་རང་རིག་ཡིན་དམ་བཅའ། །དེ་ཡི་འཐད་པ་ལེགས་པར་བསྒྲུབ། །དང་པོ་རྟེན་དབང་པོ་དང་དམིགས་པ་ཡུལ་དང་ནང་གི་ཡིད་བྱེད་གོམས་པའི་ཁྱད་པར་ལས་ཆུང་འབྲིང་ཆེན་པོའི་ཁྱད་པར་ཐ་དད་པར་ནི་འཇུག་པ་ཅན་གྱི་བདེ་བ་དང་སྡུག་བསྔལ་འདོད་པ་དང་མི་འདོད་པ་སྡང་བ་དང་རྩོལ་བ་ལ་སོགས་


MR20_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྱད་པར་མངོན་སུམ་དུ་མྱོང་བ་དེ་དག་ནི་བློ་ཉིད་ངོ་བོ་དེ་ལྟ་བུར་སྐྱེས་པའི་རང་རིག་པས་མངོན་སུམ་མྱོང་བ་ཡིན་གྱི་བདེ་སོགས་དེ་ལས་ཐ་དད་པ་གཞན་དེ་ཤེས་པ་གཞན་དུ་གྱུར་པ་གང་ཡིན་པ་ཅུང་ཟད་ཀྱང་ཚད་མས་དམིགས་པའམ་རྟོགས་པ་མེད་ཀྱང་བདེ་སོགས་མྱོང་བ་ནི་བསྙོན་དུ་མེད་པས་ན་བློ་རང་ཉིད་མྱོང་བར་གྲུབ་པ་ཡིན་ནོ། །གཉིས་པ་ལ། རང་གི་བདེ་སྡུག་གཞན་མྱོང་ཐལ། །རྣལ་འབྱོར་པས་གཞན་བདེ་སོགས་ཀྱང་། །དང་པོ་ལ། ཐལ་བ་འགོད་དང་ལན་རྣམས་འགོག །དང་པོ་ལ། དངོས་དང་ཐལ་བ་འཇུག་པའི་ཚུལ། །དང་པོ། བདེ་སོགས་ཤེས་པ་དེའི་ངོ་བོར་གྱུར་པས་མྱོང་བ་མ་ཡིན་པར་བདེ་སོགས་རང་ལས་དོན་ཐ་དད་དུ་གྱུར་པའི་ཤེས་པ་གཞན་གྱིས་རིག་པ་ཡིན་ན་སྐྱེས་བུ་གཞན་གྱིས་ཀྱང་ནི་དེ་ལ་ལོངས་སྤྱོད་པར་འགྱུར་ཏེ། བདེ་སོགས་ཤེས་པ་སྐྱེད་པའི་དམིགས་རྐྱེན་ཙམ་ཡིན་པ་གང་ཞིག །དེ་ལ་གཞན་གྱིས་ཀྱང་དམིགས་རུང་བའི་ཕྱིར་རོ། །གཉིས་པ་ལ། སྐྱེས་སྣང་རིག་པར་འཇོག་ན་འཇུག །མིན་ན་ཡུལ་ཀུན་མི་མྱོང་ཐལ། །དེས་ན་སྣང་ཀུན་ཤེས་པར་བསྒྲུབ། །དང་པོ། གལ་ཏེ་བདེ་སོགས་དེས་བསྐྱེད་པ་དང་བདེ་སོགས་དེར་སྣང་བའི་བློ་ནི་བདེ་སོགས་དེ་རིག་པ་ཡིན་ལ། དེ་གཉིས་མེད་པ་གཞན་ནི་དེས་དེ་རིག་ཅེས་མི་བརྗོད་པས་ན་གཞན་རྒྱུད་ཀྱི་བདེ་སོགས་ལ་དེ་ལྟ་བུ་མེད་པས་མྱོང་བ་མིན་ནོ་སྙམ་ན། གཞན་གྱི་བདེ་སྡུག་ཡུལ་དུ་བྱས་ནས་དམིགས་པར་བྱེད་པ་སྐྱེས་བུ་གཞན་གྱི་བློ་ལ་ཡང་དེས་བསྐྱེད་དང་དེར་སྣང་གཉིས་འདི་གདོན་མི་ཟ་བར་ཡོད་དེ། དམིགས་ཡུལ་དེས་བསྐྱེད་པ་དང་དེར་སྣང་བའི་བློ་ཡིན་པའི་ཕྱིར་རོ། །གཉིས་པ། ཅི་སྟེ་གཞན་གྱི་བདེ་སོགས་ཡུལ་དུ་བྱས་ནས་འཛིན་པའི་བློ་དེ་ཕ་རོལ་པོའི་བདེ་སོགས་དེ་ལས་སྐྱེས་པ་མིན་ཞིང་དེར་སྣང་བ་ཅན་ཡང་


MR20_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ན་དེ་འདྲའི་བློ་དེ་རང་ལས་གཞན་པའི་ཡུལ་མེད་པ་ཅན་དུ་འགྱུར་ལ། དེ་ལྟ་ན་རྣམ་བཅས་དང་རང་རིག་པ་གྲུབ་པར་འགྱུར་རོ། །ཕ་རོལ་རྣམ་མེད་དུ་སྨྲ་བ་དེ་དག་ན་རེ། ཡུལ་མེད་པར་མི་འགྱུར་ཏེ་གཞན་རྒྱུད་ཀྱི་བདེ་སོགས་དེའི་རང་མཚན་མ་བཟུང་ཡང་སྤྱི་ཉིད་འཛིན་པ་ཡིན་ནོ་ཞེ་ན། བདེ་སོགས་དེ་མ་བཟུང་ན་དེའི་སྤྱི་དག་ཀྱང་མི་འཛིན་ཏེ་སྤྱི་ཡན་གར་བ་དེ་ནི་ཅུང་ཟད་ཀྱང་ཤེས་པ་སྐྱེད་པའི་དོན་བྱེད་པའི་དངོས་པོ་མིན་ཞེས་ཀྱང་སྔར་རིགས་པ་བདུན་ལ་སོགས་པས་བཤད་ཟིན་པར་ཟད་དོ། །དེས་ན་སྤྱི་ཞེས་པ་བློའི་རྣམ་པ་ལ་སྤྱི་ཞེས་སྒྲོ་བཏགས་ཀྱི་ཕྱི་རོལ་གྱི་སྤྱིར་རང་ཉིད་ཀྱིས་ཤེས་པ་སྐྱེད་པ་ནམ་ཡང་མེད་དོ། །གསུམ་པ། ཚུལ་དེ་ཡི་ཕྱིར་ན་ཤེས་པ་ལ་མྱང་བྱའི་དོན་དུ་མངོན་པར་སྣང་བ་དེ་ནི་མྱོང་བྱེད་ཀྱི་བློ་དེ་ལས་གཞན་མིན་པར་གྲུབ་པ་དེས་ན་མངོན་སུམ་དང་ནི་དེ་ཡང་ཤེས་པ་ཉིད་མྱོང་བས་བདག་ཉིད་རིག་པར་གྲུབ་པ་ཡིན་ནོ། །གཉིས་པ་གཞན་རྒྱུད་ཀྱི་བདེ་སོགས་གཞན་གྱིས་མི་མྱོང་བའི་ལན་དགག་པ་ལ། མངོན་སུམ་ཡིན་མིན་ཡོད་པའི་ལན། །མ་མཐོང་ལྡན་སོགས་ལན་དགག་པའོ། །དང་པོ། གལ་ཏེ་གཞན་རྒྱུད་ཀྱི་བདེ་སོགས་དེ་ལ་གཞན་གྱི་བློས་དམིགས་ནས་འཛིན་པར་བྱེད་ཀྱང་རང་གི་བདེ་སོགས་བཞིན་དུ་མངོན་སུམ་གྱུར་པ་ཉིད་ནི་མིན་པའི་ཕྱིར་མྱོང་བ་འདྲ་བར་མི་འགྱུར་རོ་ཞེ་ན། ཁྱོད་ལྟར་ན་རྣམ་པ་ནི་མི་འདོད་ལ་དོན་དེ་ཉིད་གཟུང་བའི་ཚེ་དོན་གཅིག་འཛིན་པར་མཚུངས་པ་ལ་གཅིག་ལ་མངོན་དུ་གྱུར་པ་དང་། གཅིག་ལ་མངོན་སུམ་མིན་པའི་ཁྱད་པར་ཐ་དད་དུ་ཡོད་པ་དེ་རྒྱུ་མཚན་གང་ལས་ཡིན་ཏེ། སྐྱེས་བུ་མིག་མ་འཁྲུལ་པ་གཉིས་ཀྱིས་སྔོན་པོ་གཅིག་ལ་དམིགས་པ་བཞིན་ནོ། །བློ་དེའི་ཡུལ་གཞན་གྱི་བདེ་སོགས་མིན་ན་དོན་གཞན་གང་ཡིན་ཏེ་ཡུལ་མེད་པའི་ཤེས་པར་འགྱུར་རོ། །གཉིས་


MR20_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པ། མ་མཐོང་བ་སྔོན་གྱི་ལས་དང་ཡང་ན་བདེ་སོགས་ནང་དུ་བདག་ལ་དོན་གཅིག་ཏུ་འདུས་པ་དང་དབང་པོ་དང་བདེ་སོགས་དང་ལྡན་པའི་འབྲེལ་བ་ཡོད་པའམ། ཡང་ན་དབང་ཕྱུག་མཉེས་མ་མཉེས་སོགས་ཀྱིས་གལ་ཏེ་སྐྱེས་བུ་སོ་སོའི་མྱོང་བ་ནི་སོ་སོར་ངེས་པ་ཡིན་གྱི་རང་གི་བདེ་སོགས་གཞན་གྱིས་མྱོང་བར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་གཞན་དང་གཅིག་ཏུ་འབྲེལ་བའི་བདེ་སོགས་གཞན་ནི་རྣམ་པ་ཀུན་ཏུ་ཅིག་ཤོས་ཀྱིས་འཛིན་པར་མི་འགྱུར་ཏེ་དེ་འཛིན་པའི་ལས་སོགས་གཏན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ནའང་རྣམ་མེད་པ་ཁྱོད་ཀྱིས་གཞན་རྒྱུད་ཀྱི་བདེ་སོགས་དམིགས་པར་ནི་ཁས་བླང་དགོས་ཏེ། མ་བླངས་ན་ཡུལ་མེད་པའི་ཤེས་པ་རང་མྱོང་བར་འགྱུར་རོ། །དེ་ལྟ་ནའང་རང་གི་མྱོང་བ་དང་གཞན་གྱིས་མྱོང་བའི་ཁྱད་པར་ཡོད་དོ་སྙམ་ན། དེ་འདྲའི་དབྱེ་བ་ཡོད་པའང་གོང་དུ་བསལ་ཟིན་ཏེ། །དོན་མཚུངས་ཐ་དད་དེ་གང་ལས། །ཞེས་པར་བསྟན་ཟིན་ཏོ། །གཉིས་པ་རྣལ་མངོན་ལ་བརྟེན་ནས་གནོད་པ་སྟོན་པ་ལ། གཞན་ལ་མི་འདོད་ཐལ་བ་བརྗོད། །རང་ལ་ཉེས་པ་དེ་མི་མཚུངས། །དང་པོ། ཐལ་བ་བརྗོད་དང་དེའི་ལན་འགོག །དང་པོ། རྒྱང་འཕེན་པ་དང་དཔྱོད་པ་པ་མ་གཏོགས་རང་དང་གཞན་གྱི་ལུགས་ལ་རྣལ་མངོན་འདོད་པ་གང་དག་གི་ལུགས་ལ་རྣལ་འབྱོར་མངོན་སུམ་གྱིས་རྒྱུད་གཞན་གྱི་བདེ་བ་ལ་སོགས་པ་མངོན་སུམ་མྱོང་བ་ལ་མྱོང་བ་པོ་དང་རྣལ་འབྱོར་པ་དེ་གཉིས་ཡུལ་རྣམ་མེད་དུ་ཉམས་སུ་མྱོང་བ་མཚུངས་པས་ན་རྣལ་འབྱོར་པ་དེ་ཡང་ཕ་རོལ་སྡུག་བསྔལ་མྱོང་བ་པོ་དེ་བཞིན་གདུང་བར་འགྱུར་རོ། །གཉིས་པ། གལ་ཏེ་བདེ་སྡུག་མྱོང་བ་ལ་ཡུལ་བདེ་སོགས་དང་དེ་ཡི་ཡུལ་ཅན་དབང་པོ་ཕྲད་དགོས་ཀྱང་རྣལ་འབྱོར་པ་དེ་ལ་ཡུལ་དང་དབང་པོ་འདུས་ཤིང་ཕྲད་པ་མེད་པས་ཡུལ་དབང་འདུས་པ་དེ་ལས་བྱུང་བའི་སྡུག་བསྔལ་ནི་རྣལ་འབྱོར་པ་དེ་དག་ལ་ནི་སྐྱེ་བ་མིན་ནོ་


MR20_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། བདེ་སོགས་ཤེས་པ་རང་ལས་གཞན་དུ་འདོད་པ་ཁྱོད་ཀྱི་ལུགས་ལ་བློ་རང་ཉིད་སྡུག་བསྔལ་གྱི་ངོ་བོར་སྐྱེས་པར་གྱུར་པ་ཉིད་ནི་སྡུག་བསྔལ་ཉམས་སུ་མྱོང་བའི་དོན་མིན་ཏེ། རང་གིས་རང་ཉིད་མྱོང་མི་སྲིད་པར་འདོད་པས་སོ། །འོན་ཀྱང་ནི་བློ་རང་ལས་ཐ་དད་པའི་སྡུག་བསྔལ་དེ་ཡུལ་དུ་བྱས་ནས་ཤེས་པ་སྐྱེས་པ་ཙམ་སྡུག་བསྔལ་མྱོང་བ་ཡིན་པར་འདོད་པས་ན་རྣལ་འབྱོར་པས་དེ་མངོན་སུམ་བྱས་པ་དང་མྱོང་བ་པོའི་མངོན་སུམ་ཤེས་པ་ལ་ཡུལ་དབང་འདུས་མ་འདུས་ཀྱི་ཁྱད་ཅི་ཞིག་ཡོད་དེ། གཉིས་ཀས་ཀྱང་ཡུལ་དེ་རྗེན་པར་བཟུང་བ་ཙམ་ཡིན་པས་སོ། །གཉིས་པ། ཁྱོད་ཀྱིས་ཀྱང་རྣལ་མངོན་འདོད་པས་ན་དེས་དེ་མངོན་སུམ་བྱས་པའི་ཚེ་ཉམས་མྱོང་མཚུངས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ་ངེད་ཀྱི་ལུགས་ལ་བློ་རང་གི་ངོ་བོར་སྐྱེས་པའི་སྡུག་བསྔལ་ལ་སོགས་པ་རང་རིག་པས་མྱོང་པ་མིན་པར་གཞན་ལ་དམིགས་པ་ཙམ་གྱིས་དམིགས་ཡུལ་དེ་དམིགས་པ་པོ་རང་ལ་གདུང་བ་དང་ཕན་འདོགས་པའི་རྒྱུ་མ་ཡིན་ལ་གང་གི་ཚེ་མྱོང་བྱེད་ཤེས་པ་རང་ཉིད་མྱང་བྱ་སྡུག་བསྔལ་གྱི་རང་གི་ངོ་བོར་དངོས་སུ་སྣང་བ་ནི་གདུང་བ་ཡིན་གྱི་གཞན་གྱི་སྡུག་བསྔལ་དེ་དམིགས་པའི་ཤེས་པ་སྐྱེས་པ་ཙམ་ནི་གདུང་བ་མྱོང་བ་མིན་པ་ཉིད་དུ་འདོད་པ་དེ་ཡི་ཚེ་རྣལ་འབྱོར་པས་གཞན་གྱི་གདུང་པ་དམིགས་ཙམ་གྱིས་དེ་ལྟར་གདུང་བའི་ཐལ་བར་མི་འགྱུར་རོ། །དེས་ན་ཤེས་པ་ཐམས་ཅད་ཀྱི་ཡུལ་དམིགས་པ་དང་ཡུལ་དེའི་ངོ་བོར་སྐྱེས་པའི་མྱོང་བ་དག་ནི་ཐ་དད་ཡིན་ཏེ། གང་ཞེ་ན། དམིགས་པར་བྱ་བའི་དོན་བཞན་པ་དེའི་ངོ་བོར་མ་སྐྱེས་ཀྱང་དོན་དེ་དང་འདྲ་བ་ཉིད་དུ་སྐྱེས་པ་ལ་དོན་དེ་ལ་དམིགས་པ་ཞེས་བྱ་བ་སྟེ། མྱོང་བྱེད་རང་ཉིད་མྱང་བྱའི་ངོ་བོར་གསལ་བ་ལ་དེའི་བདག་ཉིད་དུ་མྱོང་བ་ཞེས་བྱ་བ་ཡིན་ཏེ། དཔེར་ན་མེའི་བག་ཆགས་གསལ་བར་མ་སད་པའི་ལྐོག་གྱུར་གྱི་མེའི་སྤྱི་མཚན་འཛིན་པ་ན་སྤྱི་ཙམ་དུ་རང་


MR20_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གིས་མྱོང་དུ་ཟིན་ཀྱང་དེ་རང་མཚན་དང་འདྲ་བ་ཙམ་ཡིན་པས་མེའི་ཚ་བ་སོགས་མི་མྱོང་ལ། གསལ་བར་སད་པའི་མངོན་སུམ་གྱི་དུས་ན་མེ་ཉིད་མྱོང་བ་བཞིན་ནོ། །འོ་ན་རྣལ་འབྱོར་མངོན་སུམ་ནི་མངོན་སུམ་ཡིན་པའི་ཕྱིར་གསལ་བར་སྣང་བས་ན་མྱོང་བར་ཅིས་མི་འགྱུར་ཞེ་ན། མངོན་སུམ་གསལ་བར་སྣང་ཡང་རང་སྣང་ཉིད་གསལ་བར་སྣང་བ་ཙམ་དེ་ནི་ཕ་རོལ་གྱི་མྱོང་བ་དེ་དང་འདྲ་བ་ཙམ་དུ་འགྱུར་གྱི་ཕ་རོལ་གྱི་རྒྱུད་ཀྱི་མྱོང་བ་དང་གཅིག་པའི་ངོ་བོར་མི་འགྱུར་ཏེ། བག་ཆགས་ཐ་དད་པའི་རྒྱུད་སོ་སོ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པ་དང་བཅས་པའི་ལུགས་ལ་རྣལ་མངོན་གྱིས་གཞན་རྒྱུད་ཀྱི་བདེ་སོགས་མངོན་སུམ་བྱས་ཀྱང་མྱོང་བ་འདྲ་བར་མི་འགྱུར་ལ། རྣམ་མེད་པའི་ལུགས་ལ་མྱོང་བ་འདྲ་བར་འགྱུར་ཏེ། ཡུལ་བདེ་སོགས་དེ་ནི་རང་གཞན་གཉིས་ཀས་རྗེན་པར་བཟུང་བ་ལ་ཁྱད་མེད་ཅིང་གཉིས་ཀའི་ཡང་བློའི་ངོ་བོར་སྐྱེས་པ་ནི་མི་འདོད་པའི་ཕྱིར་སྔོན་པོ་མངོན་སུམ་དམིགས་པའི་སྐྱེས་བུ་གཉིས་བཞིན་ནོ། །དེ་ལྟར་གནས་མ་གྱུར་པའི་རྣལ་མངོན་ལ་ནི་འདྲ་བ་ཉིད་ཀྱི་གསལ་སྣང་འབྱུང་གི་དངོས་སུ་སྣང་བ་མ་ཡིན་ལ། གནས་ཡོངས་སུ་གྱུར་པའི་སངས་རྒྱས་ཀྱི་གཟིགས་པ་ནི་ཕལ་པའི་བློས་རྣམ་པ་ཀུན་ཏུ་ཤེས་པ་དང་བརྗོད་པར་མི་ནུས་ཞེས་རྒྱུད་གཞན་གྲུབ་པ་ལས་གསུངས་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་གཟིགས་པ་ལ་རྒྱུད་ཐ་དད་དང་བདེ་སྡུག་ལ་སོགས་པའི་སྤྲོས་པ་མེད་བཞིན་ཇི་སྙེད་པའི་སྣང་བ་མ་འགགས་ཀྱང་རོ་མཉམ་པའི་ངང་ཚུལ་ལས་མི་གཡོ་བའི་ཕྱིར་ཕལ་པས་བསམ་པར་ནུས་པ་མ་ཡིན་ནོ། །འོ་ན་དོན་སྔོ་སོགས་ཀྱི་སྣང་བ་ཡང་མངོན་སུམ་གསལ་བར་སྣང་བ་ཙམ་བློ་དང་རྫས་གཅིག་ཏུ་གྱུར་ཀྱང་ལྐོག་ན་མོའི་ཕྱི་དོན་ནི་ཕ་རོལ་པོའི་རྒྱུད་ཀྱི་བདེ་སོགས་བཞིན་དུ་ཡོད་པ་མི་ཁེགས་ལ་ཁེགས་ན་རྒྱུད་གཞན་ཀྱང་ཁེགས་པར་འགྱུར་རོ་སྙམ་ན།


MR20_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཅིག་པུ་མ་གཏོགས་པའི་རྒྱུད་གཞན་གྱི་སེམས་ཅན་མེད་པའི་སྒྲུབ་བྱེད་ཡོད་ན་ཁྱོད་ཀྱིས་སྒྲུབས་དང་ཁེགས་པར་འགྱུར་རོ། །རྒྱུད་ཐ་དད་པ་ནི་སྣང་བ་ཙམ་ཡིན་ལ་སྣང་བ་ཐམས་ཅད་སེམས་སུ་སྒྲུབ་པའི་སེམས་ཙམ་པ་ཁྱོད་ཀྱི་རིགས་པ་དེས་སྒྲུབ་བོ་ཟེར་ན། རྒྱུད་ཐ་དད་པའི་སེམས་ནི་སེམས་ཀྱིས་ཇི་ལྟར་མངོན་སུམ་བྱས་པ་ཡིན། རྣལ་འབྱོར་པས་མངོན་སུམ་བྱས་པའི་ཕྱིར་རོ་ཟེར་ན། རྣལ་འབྱོར་པ་ལ་ཕ་རོལ་པོའི་སེམས་སྣང་བ་དེ་ནི་རྣལ་འབྱོར་པའི་སེམས་དང་གཅིག་ཏུ་གྲུབ་མོད་སྣང་བ་དེ་ཙམ་ལས་ཕ་རོལ་པོའི་སེམས་མ་གྲུབ་པ་གང་གིས་འགོག །དོན་ལྐོག་ན་མོ་འགོག་པའི་རིགས་པ་དེ་ཀུན་ལ་སྤོས་ནས་འགོག་གོ་སྙམ་ན། འདི་ལྟར་སྣང་བ་ན་སྣང་བ་ཙམ་ལས་མ་གཏོགས་པར་ཕྱི་དོན་གྱི་ངོ་བོར་གྱུར་པའི་རྡུལ་ཕྲ་རབ་མི་སྣང་ཞིང་། རགས་པ་རྫས་སུ་མེད་པའི་སྒོ་ནས་ཕྱི་དོན་འགོག་པའི་རིགས་པ་དེ་ཕ་རོལ་གྱི་ཤེས་པ་ལ་འཇུག་པའམ། ཕྱི་དོན་མེད་ཀྱང་དོན་སྣང་ཡོད་པའི་སྒྲུབ་བྱེད་སྐྱེས་བུ་གཅིག་གི་བག་ཆགས་སྣ་ཚོགས་པའི་སྟོབས་ལས་སྔོ་སོགས་སྣ་ཚོགས་སུ་སྣང་བ་འདི་བཞིན་གཅིག་གི་བག་ཆགས་ལས་རྒྱུད་སོ་སོའི་སྣང་བ་སྣ་ཚོགས་པར་འཆར་བའི་རིགས་པ་ཡོད་ན་དེ་བཞིན་སྒྲུབས་དང་རྒྱུད་གཞན་གྱི་བློ་ཡང་དོན་ལྐོག་ན་མོ་མི་འགྲུབ་པ་བཞིན་དུ་སྒྲུབ་ནུས་ཀྱང་། དེ་ལྟ་བུའི་རིགས་པ་མེད་པའི་ཕྱིར་གཞན་སེམས་ལྐོག་གྱུར་དང་དོན་ལྐོག་གྱུར་རྣམ་པ་ཀུན་ཏུ་མི་མཚུངས་སོ། །དེ་ལྟ་ནའང་གཞན་སེམས་ཡོད་པར་རྟོགས་པའི་བློ་ཇི་ལྟར་འཇུག་པ་ནི་དོན་སེམས་གཉིས་ཀར་མཚུངས་པར་འགྲུབ་པའི་ཚུལ་རྒྱུད་གཞན་གྲུབ་པ་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རང་བློ་མངོན་གྱུར་མིན་ན་ཧ་ཅང་ཐལ་བ་ལ། རང་བློ་ཡོད་པ་རྗེས་དཔག་འགྱུར། །དེ་ཉིད་འདོད་ན་མི་འཐད་ཚུལ། །དང་པོ། གཞན་ཡང་རང་གི་


MR20_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རང་ལ་མངོན་སུམ་དུ་གྱུར་པ་མེད་པས་ན་བློ་ནི་རྟགས་ལས་རྟོགས་པར་འགྱུར་ཏེ། སུས་ཀྱང་རང་བློ་ཡོད་པར་ནི་འདོད་ལ་དེ་ཡང་མངོན་སུམ་གྱིས་མ་གྲུབ་པ་ལ་རྗེས་དཔག་གིས་ཡོད་པར་སྒྲུབ་པ་ལས་གཞན་མི་སྲིད་ལ། སྒྲུབ་བྱེད་ཀྱི་ཚད་མ་གང་ཡང་མེད་ན་ནི་བློ་ཡོད་ཅེས་པའང་མོ་གཤམ་གྱི་བུ་ཡོད་པའི་དམ་བཅའ་ཙམ་དུ་འགྱུར་རོ། །དེས་ན་ཤེས་པས་རང་རིག་པར་ཁས་མི་ལེན་པའི་ཕྱོགས་ཀྱིས་རང་བློ་ཡོད་པར་འདོད་པ་ན་དེ་ནི་སྒྲུབ་བྱེད་གང་ཡིན་དྲིས་པའི་ཚེ་རྟགས་གང་གིས་ཀྱང་མི་འགྲུབ་པས་དམ་བཅའ་བས་རང་བློ་ཡོད་པར་ཚད་མས་མ་ཤེས་པ་དེ་ནི་ཤིན་ཏུ་ཐ་ཆད་པ་ཡིན་ནོ། །དེས་ན་རང་རྒྱུད་ཀྱི་བློ་ཡོད་པ་ལ་ཐེ་ཚོམ་ཙམ་ཡང་མི་ཟ་བ་འདི་རང་རིག་པས་མངོན་སུམ་གྱིས་གྲུབ་པ་ཡིན་ཀྱང་། རྟ་ལ་ཞོན་པར་གྱུར་བཞིན་ཏུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཞེས་གསུངས་པ་བཞིན་དུ་ཕ་རོལ་དམ་བཅའ་མཁན་པོས་རང་གི་བློ་རང་གིས་ཉམས་སུ་མ་མྱོང་ཞེས་སྨྲ་བའི་ལྟར་ན། གང་མངོན་སུམ་མཐོང་བ་དེ་ལ་རྟགས་ཀྱིས་བསྒྲུབ་མི་དགོས་ཀྱང་། མངོན་སུམ་མ་མཐོང་བའི་ཆོས་ཡོད་པར་སྒྲུབ་པ་ལ་ནི་རྟགས་མེད་པར་སྒྲུབ་མི་ནུས་ཏེ། རང་གི་བློ་ཡང་རང་ལ་ལྐོག་ཏུ་གྱུར་པ་ཡིན་ན་མུན་ཁང་གི་རྫས་བཞིན་དུ་ཡོད་མེད་ཐེ་ཚོམ་ཟ་བར་འགྱུར་ཞིང་། རང་གི་ཁོང་པར་སྨན་གི་ཝཾ་ཡོད་ཀྱང་སྲིད་མེད་ཀྱང་སྲིད་སྙམ་པ་བཞིན་ནོ། །གཉིས་པ་ལ། དེ་སྒྲུབ་རྟགས་ཀྱི་ངོ་བོ་མེད། །རྟགས་སུ་སྒྲུབ་བྱེད་འབྲེལ་བ་མེད། །དང་པོ་ལ། སྤྱིར་དགག་པ་དང་བྱེ་བྲག་དགག །དང་པོ། དེ་ལྟར་རྟགས་ཀྱིས་བསྒྲུབ་པ་དེ་ཡང་རྟེན་དབང་པོ་དང་དམིགས་ཡུལ་དོན་ནམ་ཡང་ན་བློ་རང་ཉིད་དང་། ཡང་ན་དེ་མ་ཐག་རྐྱེན་ཡིད་བྱེད་སྔ་མར་གྱུར་པ་གང་རུང་རྟགས་སུ་འགྱུར་དགོས་ཏེ། རང་གི་རྒྱུ་གསུམ་དང་འབྲས་བུ་བློ་རང་ཉིད་དེ་ཚོགས་པ་བཞི་པོ་འདི་དག་


MR20_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བློ་དང་འབྲེལ་པ་ཅན་སྒྲུབ་ནུས་ཀྱི་རྟགས་གཞན་ཡོད་པ་མིན་ཏེ། བདག་དང་ཡིད་ཕྲད་པ་སོགས་རྒྱུ་མ་ཡིན་ཞིང་། དེ་འདྲ་ལ་བློ་སྐྱེད་པའི་ནུས་པ་ནམ་ཡང་མཐོང་བ་མེད་པའི་ཕྱིར་རོ། །དེ་ཡང་རྐྱེན་གསུམ་པོ་འདི་ཙམ་ཚོགས་ན་སྐྱེ་ཞིང་མ་ཚོགས་ན་མི་སྐྱེ་བར་ངེས་ཀྱི་དེ་ལས་རྒྱུ་གཞན་རྟོགས་ན་རྒྱུ་ཐུག་མེད་དུ་འགྱུར་རོ། །རྟགས་དེ་ལ་བསྒྲུབ་བྱ་འགྲུབ་པ་ལ་འཁྲུལ་བའི་ཕྱིར་དབང་པོ་ནི་རྟགས་ཡང་དག་མིན་ཏེ། རང་བློ་ཡོད་དེ། དབང་པོ་ཡོད་པའི་ཕྱིར་ཞེ་ན། །གཉིད་དང་བརྒྱལ་པ་སོགས་ཀྱི་སྐབས་སུ་དབང་པོ་ཡོད་ཀྱང་བློ་ཡོད་པར་མ་ངེས་པ་བཞིན་ནོ། །དོན་བཀོད་ན་ཡང་དབང་པོ་དེ་བཞིན་དུ་འཁྲུལ་ཏེ། གང་དུ་སྔོན་པོ་ཡོད་ཙམ་གྱིས་སྔོ་འཛིན་ཡོད་པར་མ་ངེས་པ་བཞིན་ནོ། །བློ་དང་ཡིད་བྱེད་ནི་ཤེས་པ་ཡིན་ལ་ཤེས་པ་དེ་ཡང་སྐབས་འདིར་བསྒྲུབ་བྱ་ཡིན་པས་མ་གྲུབ་པ་ཉིད་ཡིན་ཏེ། རྟགས་ཀྱི་ངོ་བོ་ཤེས་པ་ཉིད་ནམ་ཡང་མངོན་སུམ་དུ་མ་གྲུབ་པ་ནི་རྟགས་ཉིད་མིན་ཏེ། རྟགས་རང་ཉིད་མ་གྲུབ་པས་གཞན་སྒྲུབ་པར་བྱེད་མི་ནུས་སོ། །དེ་ལ་བློ་རང་དུས་ན་རང་གིས་རང་རིག་པའི་མངོན་སུམ་མེད་ཀྱང་རྗེས་ཀྱི་ཤེས་པས་མངོན་སུམ་ཡིན་ནོ་སྙམ་པ་ནི་རང་གི་གྲུབ་མཐའ་རང་གིས་བརྗེད་པ་སྟེ། རང་དུས་ན་མེད་པ་ཅི་ལྟར་གསལ་པོར་སྣང་ཞིང་དྲན་པ་ཙམ་ཡང་མེད་དེ། དྲན་པར་བྱ་རྒྱུ་སྔར་གྱི་ཤེས་པ་རང་གིས་མྱོང་མི་སྲིད་པར་ཁས་བླངས་ལ། ཕྱིས་ཀྱི་ཤེས་པ་ལའང་རྣམ་པ་མེད་པ་དེས་སྔ་མ་ཡུལ་དུ་ཇི་ལྟར་བྱེད་དེ་མ་བརྟགས་པའོ། །གཉིས་པ་ལ། དོན་ཆོས་རྟགས་སུ་མི་འཐད་དང་། །བློ་ཆོས་རྟགས་སུ་མི་འཐད་པའོ། །དང་པོ་ལ། རིགས་པ་བརྗོད་དང་མཇུག་བསྡུ་བའོ། །དང་པོ་ལ། དོན་གསལ་བློ་དོན་གང་ཡིན་བརྟག །དོན་དེ་ཤེས་སམ་མ་ཤེས་བརྟག །དང་པོ་ལ།


MR20_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཡིན་ན་ནི་མ་གྲུབ་ལ། །དོན་ཡིན་ན་ནི་མི་འཐད་པའོ། །དང་པོ། གལ་ཏེ་དོན་ཙམ་ཞིག་རྟགས་སུ་འགོད་པ་མིན་ཀྱང་ཁྱད་པར་བ་དོན་གསལ་བ་རྟགས་ཡིན་པར་འདོད་དོ་ཞེ་ན། དོན་གསལ་ཞེས་པ་འདི་བློ་ལ་གསལ་བ་མྱོང་བས་གྲུབ་པ་འདི་ཡིན་ནམ། བློ་ལ་མི་ལྟོས་པར་དོན་རང་གི་ངོ་བོ་གང་ཡིན། དང་པོ་ལྟར་ན། བློ་ལ་གསལ་བ་དེ་ཉིད་བློ་དེའི་རྣམ་པར་གསལ་བ་ལས་གཞན་དུ་མེད་པར་བསྒྲུབས་ཟིན་པས་དེ་ཉིད་ཤེས་པ་མིན་ནམ་ཡིན་ན་ནི་བློ་རང་ཉིད་དེར་གསལ་བ་བློ་ཉིད་ཀྱིས་གྲུབ་པའི་ཕྱིར་རང་རིག་པར་འགྱུར་རོ། །རིགས་པ་འདིས་ནི་ཤེས་པས་གསལ་བར་གྱུར་པའི་དོན་རྟགས་སུ་འགོད་པ་ཡང་བསལ་བ་ཡིན་ཏེ། ཤེས་པ་མིན་པ་དེ་འདྲའི་གསལ་བ་ཡན་གར་བ་དོན་རང་ཉིད་ལ་མི་སྲིད་པའི་ཕྱིར། དོན་དེ་གསལ་བཞིན་པའི་སྣང་བ་དེ་བློ་རང་ཉིད་གསལ་བའི་རྣམ་པར་བློ་རང་གིས་ཉམས་སུ་མྱོང་བ་མིན་ན་བློ་དེ་ཡིས་དོན་དེ་གསལ་བར་འགྱུར་བ་ནམ་ཡང་མི་ངེས་པའི་ཕྱིར་ཏེ། འདི་ལྟར་བློ་ལ་གསལ་ལོ་སྙམ་དུ་བློའི་མྱོང་བ་སྐྱེ་དགོས་པའི་ཕྱིར་རོ། །གཉིས་པ། འོན་ཏེ་གསལ་བ་ཞེས་བྱ་བ་དེ་བློ་ལ་ལྟོས་པ་མེད་པར་དོན་ཉིད་ཀྱི་ཁྱད་པར་འགའ་ཞིག་ཡིན་པར་འདོད་དོ་ཞེ་ན། དོན་རང་གི་ངོ་བོས་གསལ་བར་གནས་པ་དེ་གསལ་བར་སྐྱེ་བ་དང་ནི་མི་གསལ་བར་འཇིག་པ་མེད་པའི་དོན་ཡིན་ན་དེ་ལ་རྒྱུད་ཀྱི་ཁྱད་པར་འགའ་ཞིག་ལ་གསལ་བ་དང་འགའ་ཞིག་ལ་མི་གསལ་བའི་ཁྱད་པར་འགའ་ཡང་མེད་པས་གསལ་བའི་དོན་དེ་ཡིད་ཅན་ཐམས་ཅད་ལ་རྟག་ཏུ་གསལ་བར་ཐལ་ལོ། །དེ་བཞིན་དུ་དོན་རང་གི་ངོ་བོ་མི་གསལ་བ་དེ་ནི་ཐམས་ཅད་ལའང་ལྐོག་གྱུར་འབའ་ཞིག་ཏུ་འགྱུར་རོ། །གལ་ཏེ་གསལ་དང་མི་གསལ་བའི་སྐྱེ་འཇིག་དང་ལྡན་པའི་དོན་དེ་འདོད་ན་ཡང་སྐྱེས་བུ་ཐ་དད་པའི་ཤེས་པ་སོ་སོར་གསལ་བ་དང་མི་


MR20_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་དོན་བྱས་ནས་དོན་རང་ཉིད་སྐད་ཅིག་གིས་མི་སྡོད་པར་འཇིག་པར་ཐལ་བར་འགྱུར་བས་ན་བློ་ལ་མི་ལྟོས་པའི་དོན་གསལ་བའི་ཁྱད་པར་ཞེས་པ་དོན་རང་གི་སྟེང་ན་ཇི་ལྟར་གྲུབ་སྟེ་ཅུང་ཟད་ཀྱང་གྲུབ་པ་མེད་དོ། །དེ་ལྟར་ན་སྐད་ཅིག་མའི་བྱེ་བྲག་གི་གསལ་བ་ནི་བློ་ལ་མ་ལྟོས་པར་ངེས་མི་ནུས་ལ། བློ་དང་ཕྲད་པའི་སྐད་ཅིག་མའི་ཁྱད་པར་གཟུང་མི་དགོས་པར་བློ་སྒྲུབ་ནུས་ཀྱི་དོན་གསལ་ཞེས་པ་དེ་གང་ཡིན་ཞེས་བསམ་པར་བྱོས་ཤིག །ཡང་ན་དོན་འདི་དག་སྐྱེ་འཇིག་མེད་པའི་རྟག་པ་ཡིན་ན་བློ་འགའ་ཞིག་ལ་གསལ་བ་དང་འགའ་ཞིག་ལ་མི་གསལ་བའི་ཁྱད་པར་མི་རུང་བས་དོན་ཁྱད་པར་ཅན་གསལ་བ་ཞེས་པ་མི་གྲུབ་སྟེ་དོན་རྟག་པའི་ཕྱིར་རོ། །མི་རྟག་ན་ཤེས་པ་སོ་སོའི་རྒྱུར་གྱུར་པ་སྐད་ཅིག་གིས་འཇིག་པའི་ཕྱིར་ཕྱིས་ཤེས་པ་སྒྲུབ་ནུས་ཀྱི་དོན་མངོན་སུམ་དུ་གྱུར་པའི་རྟགས་གང་ཡིན་ཞེས་སུའང་བཤད་དོ། །གཉིས་པ་དོན་དེ་ཤེས་སམ་མ་ཤེས་བརྟག་པ་ལ། འདྲི་དང་དེ་ལ་གནོད་པ་སྟོན། །དང་པོ། དོན་གསལ་བ་ཞེས་པ་བློ་སྒྲུབ་པའི་རྟགས་སུ་བཀོད་པ་དེའང་ཤེས་པས་དེ་ཉིད་ཤེས་པ་ཡིན་པར་ཡོངས་སུ་བཅད་པ་ཞིག་ཡིན་པའམ། གལ་ཏེ་དེ་ལྟར་ཤེས་པར་མ་གྱུར་པ་ཞིག་ཡིན་ཞེས་དྲིས་པའོ། །གཉིས་པ་ལ་ཤེས་པ་ཡིན་ན་དེ་མ་གྲུབ། །ཤེས་པ་མིན་ན་འགལ་བའོ། །དང་པོ། གལ་ཏེ་དོན་འདི་ཤེས་པས་ཤེས་སོ་སྙམ་དུ་རང་གིས་ཤེས་པར་གྱུར་པ་དེ་རྟགས་ཡིན་ནོ་ཞེ་ན། དང་པོ་ཉིད་དུ་ཤེས་པར་བྱེད་པ་པོ་རང་གི་ཤེས་པར་ཡོངས་སུ་བཅད་ནས་མཐོང་བ་མེད་པར་ཤེས་པ་དེས་དོན་འདི་ཤེས་སོ་ཞེས་བྱ་བ་དེ་རྒྱུ་མཚན་གང་ལས་ཡིན་ཏེ། མར་མེ་མ་ཤེས་པར་མར་མེས་བུམ་པ་གསལ་ཞེས་ཤེས་མི་སྲིད་པ་


MR20_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །གཉིས་པ། རང་གི་བློས་དོན་དེ་ཤེས་པར་གྱུར་པ་ཉིད་དུ་ཚད་མས་བཅད་པ་མེད་ཀྱང་དོན་དེས་བློ་ཡོད་པར་ཤེས་པ་ཞིག་ན། བློས་ཤེས་པར་མ་བཅད་པའི་དོན་དེ་ལྟ་བུ་ནི་ཅི་ལྟར་བློ་ཡོད་པའི་གོ་བྱེད་ཡིན་ཏེ་བློ་དང་འབྲེལ་བ་གང་ཡང་མེད་པའི་ཕྱིར་རོ། །མེད་ཀྱང་གོ་བྱེད་ཡིན་ན་ཧ་ཅང་ཐལ་ཏེ་གཞན་གྱི་སྔོན་པོ་མཐོང་བས་རང་ལ་སྔོ་འཛིན་གྱི་བློ་ཡོད་པར་རྟོགས་པར་ཐལ་ལོ། །ཇི་ལྟར་ན། རང་གི་སྔོ་སོགས་མཐོང་བ་ན་རང་གི་བློས་དེ་མཐོང་བར་གྱུར་པ་ཉིད་དུ་ཤེས་པ་མིན་ལ། བློས་མཐོང་བ་དེ་ལས་གཞན་དུ་གྱུར་པ་དོན་གསལ་དེ་ནི་བློས་མཐོང་བ་ལ་མི་ལྟོས་པར་མཐོང་བར་གྱུར་པ་ཉིད་དུ་ཁས་བླངས་པ་ཡིན་ཏེ། དེ་ཉིད་བློ་སྒྲུབ་པའི་རྟགས་སུ་འདོད་པས་སོ། །དེ་ལྟ་ན་རང་གི་བློས་དོན་འདི་མཐོང་ངོ་ཞེས་པའི་ཁྱད་པར་ནི་ཡུལ་དུས་འགར་ཡང་མཐོང་བར་འགྱུར་བ་མེད་བཞིན་འབྲེལ་མེད་ཀྱི་རྟགས་དོན་ཆོས་ཡན་གར་བ་གསལ་བ་ཞེས་པ་དེས་རང་བློ་བསྒྲུབ་ན། རྟགས་སུ་འདོད་པ་དོན་གསལ་གྱི་ཁྱད་པར་བཤད་མ་ཐག་པ་དེ་དག་སྐྱེས་བུ་གཞན་གྱིས་མཐོང་བ་ལའང་ཡོད་པའི་ཕྱིར་གཞན་གྱི་མཐོང་བ་དེ་རྟགས་སུ་བཀོད་ན་རང་བློ་རྟོགས་པར་འགྱུར་བས་ན་འབྲེལ་མེད་དེ་འདྲའི་རྟགས་འགོད་པ་ནི་ཤིན་ཏུ་བཞད་གད་ཀྱི་འོས་ཏེ། ཡུལ་གཞན་དུ་སྐྱེས་བུ་ལྷས་བྱིན་གྱིས་སྔོན་པོ་མཐོང་བ་ན་དེ་ཉིད་མཆོད་སྦྱིན་གྱིས་གནས་སྐབས་དེར་མཐོང་བ་མིན་པ་དང་། མཆོད་སྦྱིན་གྱིས་མཐོང་བ་ལས་གཞན་པར་གྱུར་པའི་དངོས་པོ་མཐོང་བ་དང་། མཆོད་སྦྱིན་གྱི་ཤེས་པས་ཡུལ་དུས་འགར་ཡང་མཐོང་བར་གྱུར་པ་མེད་པའི་ཁྱད་པར་དེ་དེ་ལ་ཡོད་པའི་ཕྱིར་ལྷས་བྱིན་གྱིས་སྔོན་པོ་མཐོང་བ་དེས་མཆོད་སྦྱིན་གྱི་རྒྱུད་ལ་སྔོ་འཛིན་ཡོད་པ་རྟོགས་པར་འགྱུར་རོ། །དེས་ན་དོན་དེ་དག་རང་གི་ཤེས་པས་ཤེས་པ་ཉིད་དུ་མ་མཐོང་བ་དེས་ནི་མངོན་སུམ་འཇུག་ཀྱང་མངོན་སུམ་མེད་པ་དང་ཁྱད་


MR20_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཁས་བླངས་པ་ཡིན་ནོ། །ཚིགས་བཅད་འདི་ལ་བོད་འགྲེལ་རྣམས་སུ་འདྲ་མི་འདྲ་སྣ་ཚོགས་བཤད་ཀྱང་གཏིང་ཕྱིན་པ་མ་མཐོང་ལ། འདིར་ནི་ལྷ་ཤཱཀ་གཉིས་ཀྱི་གཞུང་དང་རྒྱན་གསུམ་མཐུན་པར་གནད་བསླངས་པ་ཡིན་ནོ། །གཉིས་པ་མཇུག་བསྡུ་ནི། གོང་དུ་བཤད་པའི་ཚུལ་དེ་དག་གི་ཕྱིར་བློ་རང་གི་ཆོས་ལ་ལྟོས་པ་མེད་པ་ཅན་གྱི་དོན་ཆོས་ཡན་གར་བ་ཅི་ཞིག་རྟགས་སུ་བཀོད་ཀྱང་དེ་ལས་ནི་བློ་ཡོད་པར་ནི་རྗེས་སུ་དཔོག་པ་མ་ཡིན་ཏེ་འབྲེལ་བ་ངེས་མི་ནུས་པའི་ཕྱིར་རོ། །གཉིས་པ་བློ་ཆོས་རྟགས་སུ་མི་འཐད་པ་ལ། བློ་དང་གཅིག་པའི་རྟགས་མི་གྲུབ། །ཐ་དད་འབྲས་རྟགས་མི་སྲིད་པའོ། །དང་པོ། གལ་ཏེ་དོན་གྱི་ཆོས་ལས་བློ་མི་འགྲུབ་ན་ཡང་བློ་རང་གི་ཆོས་རྟགས་སུ་བཀོད་ན་འགྲུབ་བོ་སྙམ་ན། བློ་རང་གི་ཆོས་མངོན་སུམ་ཡིན་ན་རྟགས་མི་དགོས་མོད་དེ་ནི་ཁྱོད་ཀྱིས་ཁས་མ་བླངས་ལ། བློ་རང་ཉིད་མངོན་སུམ་མིན་ན་དེའི་ཆོས་ཀྱང་མངོན་སུམ་མི་སྲིད་དེ། བློ་སྒྲུབ་པའི་རྟགས་མངོན་སུམ་དུ་གྲུབ་པ་གང་ཡིན་པ་བློ་རང་གི་ཆོས་བདེ་བ་ལ་སོགས་པ་ཇི་འགོད་ཀྱང་དེ་ནི་རང་གི་བློ་ལས་རྫས་གཞན་ཅི་ཡིན་ཏེ། སེམས་བྱུང་གི་ཚོགས་དེ་དག་གཙོ་སེམས་བློ་དེ་དང་དབང་ཡུལ་སོགས་རྒྱུ་མཚུངས་པ་གཅིག་ལས་སྐྱེས་པ་དེ་བློ་ལས་ཐ་དད་པ་རྒྱུ་མཚན་གང་ལས་ཡིན་ཏེ་མ་ཡིན་ལ། དེ་ལྟ་ན་རྟགས་དེ་དག་རང་གི་མངོན་སུམ་དུ་གྲུབ་ན་དེས་རང་རིག་པའི་མངོན་སུམ་གྲུབ་པ་ཡིན་པས་རྫས་ལག་ན་ཐོགས་ནས་གཞན་དུ་ཚོལ་བ་བཞིན་མངོན་སུམ་གྲུབ་པ་ལ་རྟགས་ཀྱིས་བསྒྲུབ་པའི་དཀའ་ལས་མི་དགོས་སོ། །དེ་ལྟར་ན་རང་ལ་སེམས་ཡོད་པར་ཞེན་བཞིན་དུ་དེ་མངོན་རྗེས་ཀྱི་ཚད་མ་གང་གིས་ཀྱང་སྒྲུབ་མི་ནུས་པའི་རྒོལ་བ་དེ་ནི་རང་གིས་རང་སྟོར་བའི་དཔེར་ཟད་དོ། །གཉིས་པ། ཤེས་པ་ལས་


MR20_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་པའི་འབྲས་རྟགས་ཀྱང་མི་སྲིད་དེ། ཤེས་པ་རང་གི་རྒྱུ་མ་གཏོགས་པའི་རྒྱུ་གཞན་ལས་སྐྱེས་པའི་རྟགས་གང་བཀོད་པ་དེ་ཡང་དེ་བསྒྲུབ་ལ་འཁྲུལ་བ་ཅན་ཡིན་ཏེ། བློ་རང་ཉིད་ནམ་ཡང་མ་མཐོང་བ་དེས་རྟགས་དེ་དང་བློ་ལ་དེ་བྱུང་གི་འབྲེལ་བ་ངེས་མི་ནུས་པའི་ཕྱིར་རོ། །དེ་ཡང་བློ་སྒྲུབ་པའི་འབྲས་རྟགས་སུ་གཟུགས་སོགས་ཡུལ་ནི་ལྔ་པོ་དང་དབང་པོ་ལྔ་པོ་དང་ནི་བློས་ཡུལ་དམིགས་པ་སྟེ་དབང་ཤེས་ཕྱི་མ་ལྔ་པོ་དག་མ་གཏོགས་པར་བློ་དེ་ཡི་འབྲས་བུ་གཞན་ཉེ་བར་མཚོན་པ་དམིགས་པ་མ་ཡིན་ཏེ། ལྔ་ཚན་གསུམ་པོ་འདི་ཙམ་ལས་གཞན་བཀོད་པར་བྱ་བ་རྙེད་པ་མ་ཡིན་ནོ། །དེ་ལ་དབང་པོ་ལྔ་དང་དམིགས་པ་ལྔ་སྟེ་ཚན་གཉིས་པོ་ནི་དབང་པོ་ལས་འདས་པ་ཡིན་པས་ན་དེ་རང་ཉིད་མངོན་སུམ་མ་གྲུབ་པས་བློ་ཇི་ལྟར་འགྲུབ་སྟེ། བློ་རང་ཉིད་གྲུབ་ནས་དེའི་རྗེས་སུ་འགྲོ་ལྡོག་ལ་དཔག་ནས་དབང་པོ་སྒྲུབ་པ་དང་། དབང་ཤེས་ཀྱི་ཡུལ་དམིགས་པའང་ཤེས་པ་རང་གིས་རིག་པར་བྱ་བ་ཡིན་པས་སོ། །དོན་ལྔ་དག་ལ་ཡང་གཟུགས་ལྟ་བུ་དེ་རང་ཉིད་མཐོང་བའི་དབང་ཤེས་ལས་ངེས་པར་སྐྱེས་པ་ཡི་རྗེས་འགྲོ་དང་། གཞན་དུ་མིག་ཤེས་མེད་ན་གཟུགས་དེ་སྲིད་པ་དང་བྲལ་བ་གང་ཡིན་པ་གཅིག་ཀྱང་རྟོགས་པ་མེད་པས་ན་གཟུགས་སོགས་རང་འཛིན་ཤེས་པའི་འབྲས་རྟགས་ཡིན་པ་མི་སྲིད་དོ། །དེ་ལྟར་ཤེས་པ་མེད་པའམ་ཤེས་པ་རང་ཉིད་མ་གྲུབ་པ་གང་ཡིན་པ་དེ་ལ་ཤེས་པ་སྒྲུབ་པའི་རྟགས་གཞན་འགོད་པ་ཞེས་བྱ་བ་ནི་མ་བརྟགས་པའི་བབ་ཆོལ་འབའ་ཞིག་ཡིན་ནོ། །གཉིས་པ་འབྲེལ་བ་མེད་པ་ལ། །དོན་སོགས་ཡོད་ཀྱང་རྟགས་སུ་མིན། །ཡིད་ལ་དོན་རྟགས་མི་སྲིད་པའོ། །དང་པོ་ལ། རང་གི་རྒྱུད་ལ་བློ་མི་འགྲུབ། །དེས་ན་གཞན་བློ་རྗེས་མི་དཔོག །དང་པོ་ལ། འབྲེལ་བ་མ་མཐོང་རྟགས་མིན་ལ། །དེ་མཐོང་དེ་ལ་


MR20_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མི་ཤེས། །དེས་ན་དོན་ལས་ཤེས་མི་འགྲུབ། །དང་པོ། བློ་བསྒྲུབ་པ་ལ་རྟགས་ཡོད་དུ་ཆུག་ན་ཡང་ཤེས་པ་དེ་དང་ནི་རྟགས་དེ་ལྷན་ཅིག་འབྲེལ་བ་ཚད་མས་མཐོང་བ་མེད་པར་ནི་ཅི་ལྟར་རྟགས་དེས་བློ་རྟོགས་པར་འགྱུར་ཏེ། རྟགས་དག་ནི་རང་དང་འབྲེལ་བ་ཅན་གྱི་ལྐོག་གྱུར་ལ་གོ་བྱེད་དུ་འགྱུར་གྱི་དོན་དང་འབྲེལ་བ་ནམ་ཡང་མ་མཐོང་བ་ཡི་གསལ་བྱེད་དུ་འགྱུར་བ་མིན་ཏེ། ཡིན་ན་རྟགས་གཅིག་གིས་ལྐོག་གྱུར་ཐམས་ཅད་གསལ་བར་འགྱུར་རོ། །གཉིས་པ། རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་དེ་ཉིད་ལས་སྔར་གཞན་རྒྱུད་ལ་རྟགས་དེས་བློ་དེ་ནི་གྲུབ་པ་ཉིད་དུ་བྱས་ནས་དེ་ཉིད་དཔེར་བྱས་ཏེ་རང་རྒྱུད་ལ་བློ་གྲུབ་པར་བརྗོད་དོ་ཞེ་ན་ནི། རང་རྒྱུད་ལ་རྟགས་ཆོས་ཀྱི་འབྲེལ་བ་མ་མཐོང་ན་གཞན་སེམས་ལྐོག་ཏུ་གྱུར་པ་ལ་དེ་བས་ཀྱང་མི་འགྲུབ་པས་རྟགས་དེས་གཞན་བློ་དཔོག་པར་གྲུབ་ཟིན་པ་མ་ཡིན་པས་དཔེ་དེ་ལ་ཡང་ནི་དཔེ་གཞན་ཞིག་བསྒྲུབ་བྱ་ཡིན་ཕྱིར་ཐུག་མེད་དུ་འགྱུར་ལ་མཐར་ནམ་ཡང་དཔེ་གྲུབ་པ་མི་སྲིད་དོ། །གསུམ་པ། བློ་རང་ཉིད་རང་གིས་མངོན་སུམ་མ་གྲུབ་ན་དོན་གང་གིས་ཀྱང་འགྲུབ་མི་ནུས་པ་དེ་ཕྱིར་བློ་རང་ཉིད་གསལ་བར་མྱོང་བའི་བདག་ཉིད་ལས་དོན་སྔོ་སོགས་ཡོད་པར་གྲུབ་ཀྱི་བློ་མ་གྲུབ་པར་དོན་གྱི་རྟགས་ལས་ཇི་ལྟར་ཡང་བློ་དེ་གྲུབ་པ་མིན་ཏེ། འཇལ་བྱེད་ཀྱི་བློ་དེ་མ་གྲུབ་པར་དོན་རང་ཉིད་ཡོད་པར་རབ་ཏུ་གྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཚད་མ་མེད་པར་དོན་གྲུབ་ན་ནི་མོ་གཤམ་གྱི་བུ་ལ་སོགས་གང་ཅི་ཡང་རུང་བ་ཐམས་ཅད་གྲུབ་པར་འགྱུར་རོ། །དེས་ན་མིག་ལ་བརྟེན་ནས་གཟུགས་རྟོགས་ཀྱི་མིག་མ་གྲུབ་པར་གཟུགས་རང་ཉིད་ཀྱིས་མིག་རྟོགས་པ་མི་སྲིད་པ་དང་། སྒྲོན་མེས་བུམ་པ་གསལ་གྱི་བུམ་པས་སྒྲོན་མེ་གསལ་མི་སྲིད་པ་བཞིན་ནོ། །གཉིས་པ་གཞན་


MR20_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བློ་རྗེས་སུ་མི་དཔོག་པ་ནི། འདི་ལྟར་རང་རིག་པའི་མངོན་སུམ་གྱིས་རང་རྒྱུད་ཀྱི་བློ་མཐོང་བ་དང་བློ་དེ་ལས་ནི་ཚིག་བརྗོད་པ་དང་། ལུས་གཡོ་འགུལ་སོགས་འབྱུང་བར་མཐོང་ནས་གཞན་སེམས་ཀྱང་བརྗོད་པ་སོགས་ཀྱིས་རྗེས་སུ་དཔོག་པ་ཡིན་ཀྱང་། རང་རིག་མི་འདོད་པ་ལ་དེ་འདྲའི་རྗེས་དཔག་དེ་འབྱུང་བར་མི་འགྱུར་ཏེ། བདག་རྒྱུད་ལ་བློ་དང་བརྗོད་པ་སོགས་རྒྱུ་འབྲས་སུ་འབྲེལ་བ་མཐོང་བ་མེད་པའི་ཕྱིར་འདི་འདིའི་འབྲས་བུའོ་སྙམ་པའི་བློ་སྐྱེ་བ་མི་སྲིད་ལ། གཞན་བློ་ལྐོག་ཏུ་གྱུར་པའི་ཕྱིར་བརྗོད་པ་སོགས་བློའི་འབྲས་བུར་གྱུར་པའང་ཤེས་པར་མི་སྲིད་དོ། །གཉིས་པ། ཁྱད་པར་དུ་ཡིད་ཀྱི་བློ་རང་གི་རྒྱུད་ན་ཡོད་པར་བསྒྲུབ་པ་ལ་དོན་གྱི་རྟགས་རབ་ཏུ་གྲུབ་པ་ཡོད་པ་མིན་ཏེ། དོན་ཉེ་བ་ལ་དམིགས་པ་མེད་ཀྱང་ཡིད་ནི་རྟག་ཏུ་ཡོད་ལ། ཡིད་རྟོག་བཅས་དག་ནི་ནང་གི་བརྡ་དང་རྩོལ་བ་ཙམ་ལས་སྐྱེ་ལ་དེ་རང་རིག་པས་མ་གྲུབ་ན་རྟགས་གཞན་གང་གིས་འགྲུབ་སྟེ་འགྲུབ་པའི་ཐབས་མེད་པའི་ཕྱིར་རོ། །གསུམ་པ་ཐུན་མོང་གཞན་གྱིས་གཞན་གསལ་དགག་པ་ལ། གཞན་རིག་འདོད་ལ་གསལ་མི་འཐད། །རང་རིག་འདོད་ལ་དེ་མི་མཚུངས། །དང་པོ། ཤེས་པ་ཐམས་ཅད་གཞན་རིག་འབའ་ཞིག་ཏུ་སྨྲ་བ་ཁྱོད་ཀྱི་ལྟར་ན། བློས་དོན་གསལ་བ་ལྟར་བློ་སྔ་མ་ནི་བློ་ཕྱི་མ་གཞན་གྱིས་ཅི་ལྟར་རབ་ཏུ་གསལ་བར་འགྱུར་ཏེ། བློ་སྔ་ཕྱི་གཉིས་ཀ་རང་གི་ངོ་བོ་གསལ་བ་མིན་པའི་བདག་ཉིད་དག་ཏུ་མཚུངས་པའི་ཕྱིར་རང་མི་གསལ་བ་དེས་གཞན་ཇི་ལྟར་གསལ་ཏེ། མུན་ཁང་གི་བུམ་པ་གཉིས་བཞིན་དུ་གསལ་བྱ་དང་གསལ་བྱེད་དུ་འགྱུར་བ་རྒྱུ་མཚན་གང་ལས་ཡིན་ཏེ་དེ་ལྟར་མི་འཐད་དོ། །གཉིས་པ་ལ། རང་ལ་མི་མཚུངས་དངོས་ལན་གདབ། །ཚུལ་དེ་གཞན་ལུགས་ལ་མི་འགྲིགས། །དེ་ཕྱིར་དོན་གསལ་ཐ་


MR20_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་འཐད། །དང་པོ། བློ་སྔ་མ་མི་གསལ་བ་ཕྱི་མས་གསལ་དུ་མེད་ནའོ་ན་ཁྱོད་རང་གི་ཡང་ཕྱི་རོལ་གྱི་ཡུལ་ནི་མི་གསལ་བ་བེམ་པོའི་རང་བཞིན་རང་རིག་མེད་པ་དེ་བློས་ཅི་ལྟར་གསལ་བ་ཡིན་ཏེ་བློས་དོན་གསལ་ཞེས་པ་མི་འཐད་དོ་ཞེ་ན། ཕྱི་དོན་འདོད་པའི་དབང་དུ་བྱས་ན་དོན་དེ་མི་གསལ་བ་ཡིན་མོད། རང་ཉིད་གསལ་བ་དབང་ཤེས་ལ་ཕྱི་རོལ་ཡུལ་གྱི་ངོ་བོ་འཕོ་བ་སྟེ། རྣམ་པ་བཞག་པའི་ཕྱིར་གསལ་བའི་བརྡ་སྦྱར་བ་ཙམ་དུ་འགྱུར་རོ། །དེ་འདྲའི་ཡུལ་གསལ་ཞེས་པ་དེའང་ཤེས་པ་དེ་ཡི་ངོ་བོ་ཉིད་ཡིན་པས་ཤེས་པ་རང་ཉིད་རབ་ཏུ་གསལ་བ་ཡིན་པས་དོན་གསལ་ཞེས་རུང་སྟེ། བློ་དེ་ལྟ་བུའི་རྣམ་པར་གསལ་བ་ཉིད་དུ་སྐྱེས་པ་ཡིན་ནོ། །གཉིས་པ། ཕྱི་དོན་བློ་ལ་གསལ་བའི་ཚུལ་དེ་ལྟར་བློ་ཕྱི་མ་ལ་བློ་སྔ་མའི་རྣམ་པར་སྣང་བར་འདོད་དོ་ཞེ་ན། བློ་ཕྱི་མ་དེ་ནི་རང་ཉིད་རིག་པར་གྲུབ་སྟེ། སྔ་བློའི་རྣམ་པར་རང་ཉིད་གསལ་པའི་ཕྱིར་རོ། །དེ་ལྟ་ན་བློ་གཅིག་ལ་རང་རིག་པ་གྲུབ་ན་ཀུན་ཏུ་ཡང་གྲུབ་པ་ཡིན་ནོ། །བློ་རང་ཉིད་གསལ་བ་དེ་ལྟ་མིན་ན་ཡུལ་བུམ་པ་ལ་སོགས་པ་ཡང་ནི་བློ་དང་ལྷན་ཅིག་ཏུ་ཡོད་ལ་མི་གསལ་བར་ཆོས་མཚུངས་པ་ཉིད་དུ་ཁྱད་པར་མེད་བཞིན་མི་གསལ་བའི་བློས་ཡུལ་གསལ་རུང་ན་མི་གསལ་བའི་བུམ་པས་ཀྱང་བློ་གསལ་བར་ཐལ་ཏེ། རང་མི་གསལ་ཡང་གཞན་གྱི་གསལ་བྱེད་དུ་ཁྱོད་འདོད་པའི་ཕྱིར་རོ། །གསུམ་པ་ལ། དོན་དང་དཔེ་དང་གྲུབ་དོན་གསུམ། །དང་པོ། རང་མི་གསལ་བ་གཞན་གྱི་གསལ་བྱེད་དུ་མི་རིགས་པ་དེའི་ཕྱིར་ངེད་ཀྱི་ནི་བློ་རང་ཉིད་གཞན་ལ་མི་ལྟོས་པར་སྒྲོན་མེ་བཞིན་དུ་གསལ་བའི་ངོ་བོས་རབ་ཏུ་གསལ་ཞིང་། མི་གསལ་བ་གཟུགས་སོགས་ཡུལ་གཞན་ཤེས་པ་དེར་ངོ་བོའམ་རྣམ་པ་འཕོ་བ་ཡིས་གསལ་


MR20_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་བ་ན་ནི་དོན་དེ་བློས་རབ་ཏུ་གསལ་བ་ཉིད་དོ་ཞེས་ཐ་སྙད་བྱེད་པ་ཡིན་ལ། བློ་སྔ་ཕྱི་འདྲ་བ་ཡིན་ཡང་བློ་ཕྱི་མ་དེ་ཡིས་ནི་བློ་གཞན་སྔ་མ་དེ་རབ་ཏུ་གསལ་བར་མི་འདོད་དེ། དེའི་རྒྱུ་མཚན་བློ་སྔ་མ་རང་ཉིད་རབ་ཏུ་གསལ་བའི་ཕྱིར་གཞན་གྱིས་གསལ་མི་དགོས་ཤིང་། སྔ་མ་དེའི་ཡུལ་དོན་གང་ཡིན་པ་དེ་ཡི་ངོ་བོས་རབ་ཏུ་གསལ་བ་ཉིད་དུ་སྐྱེས་པ་ཡིན་ནོ། །གཉིས་པ། དཔེར་ན་བློ་སྔ་ཕྱི་གཉིས་པོ་དེ་སྒྲོན་མེ་གཉིས་བཞིན་དུ་གཉིས་ཀ་གསལ་པའི་ཕྱིར་ཕན་ཚུན་གསལ་བྱེད་དུ་མི་འགྱུར་ལ། དོན་གང་གི་རྣམ་པར་སྐྱེས་ཤིང་གསལ་བ་ཙམ་ལས་དེའི་ཡུལ་དང་ཡུལ་ཅན་གྱི་ཐ་སྙད་བྱེད་པ་ཡིན་ནོ། །ཕྱི་རོལ་གྱི་ཡུལ་མི་གསལ་བ་བློས་གསལ་ཞེས་པའང་བློ་རང་ཉིད་གསལ་བ་ལས་ཐ་སྙད་དེ་བྱེད་ཀྱི་བློ་རང་ཉིད་མི་གསལ་བ་ནི་དེ་འདྲའི་ཐ་སྙད་བྱེད་དུ་མེད་དེ། འདི་ལྟར་མར་མེ་དང་བུམ་པ་དག་ཀྱང་གསལ་བ་དང་མི་གསལ་བའི་ཁྱད་ཡོད་པ་དེར་བརྟེན་ནས་གསལ་བྱ་དང་གསལ་བྱེད་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིས་དེ་འདྲའི་ཐ་སྙད་རབ་ཏུ་རྒྱས་པར་བྱེད་པ་ཡིན་གྱི། རང་གི་ངོ་བོ་མི་གསལ་བ་གཉིས་ལ་དེ་ལྟ་བུའི་ཐ་སྙད་བྱེད་པ་མི་སྲིད་དོ། །གསུམ་པ། ཤེས་པ་མེད་པར་ཡུལ་དང་དབང་པོ་ཚོགས་པ་ཙམ་གྱིས་ནི་ཡུལ་མཐོང་ཞེས་བྱ་བར་ངེས་པ་མ་ཡིན་པ་དེས་ན་རྒྱུ་ཡུལ་ཉམས་སུ་མྱོང་བ་གང་ལས་ཁོ་བོས་གཟུགས་མཐོང་ངོ་ཞེས་སོགས་སུ་ངེས་པ་སྐྱེ་བ་འདིར་འགྱུར་བ་ཡིན་ལ། ཉམས་སུ་མ་མྱོང་བའི་ཡུལ་ལ་ནི་ཡོད་མེད་ཡིན་མིན་གྱི་ངེས་པ་སྐྱེ་མི་སྲིད་དོ། །དེ་ལྟ་ན་དོན་ཙམ་མྱོང་བར་མ་ཟད་གཞན་ཤེས་པ་དེའང་རང་ཉིད་ཉམས་སུ་མྱོང་བའམ་མཐོང་བར་གདོན་མི་ཟ་སྟེ། ཡུལ་སྔོ་སོགས་མྱོང་བས་ངེས་པ་སྐྱེ་བ་དེ་ལྟ་བུ་རང་རྒྱུད་ཀྱི་བློ་ལའང་ངེས་པ་སྐྱེ་བ་ཡོད་པའི་ཕྱིར་རོ། །ཡོད་བཞིན་བསྙོན་འདིང་ན་ནི་གཞན་རིག་པའང་མེད་ཅེས་སྨྲ་བར་བྱོས་ཤིག །ཐ་སྙད་མཐོང་


MR20_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་མྱོང་བ་འདི་སུས་ཀྱང་ཁེགས་མི་ནུས་སོ་སྙམ་ན། རང་རིག་པའང་དེ་དང་མཚུངས་པས་ཐ་སྙད་དུ་གྲུབ་པར་ཤེས་པར་བྱའོ། །གཉིས་པ་དྲན་པའི་རྟགས་ལས་རང་རིག་བསྒྲུབ་པ་ལ། མདོར་བསྟན་རྒྱུ་མཚན་རྒྱས་པར་བཤད། །དང་པོ། ཡུལ་ཅན་གྱི་བློ་དྲན་པ་ལས་ཀྱང་བདག་ཉིད་རིག་པ་གྲུབ་སྟེ་མ་མྱོང་བར་དྲན་པ་མི་སྲིད་པའི་ཕྱིར་ཡུལ་མྱོང་བ་བཞིན་ནོ། །གཉིས་པ་ལ། ཡི་གེ་རིང་སོགས་དྲན་པ་དང་། །ཤེས་པའི་རིམ་པ་དྲན་ལས་གྲུབ། །དང་པོ་ལ། བློ་གཅིག་གིས་དེ་འཛིན་མི་འཐད། །དུ་མས་འཛིན་པ་མི་འཐད་པའོ། །དང་པོ་ལ། ཐལ་བ་འགོད་དང་དེའི་ལན་དགག །དང་པོ་ལ། རྟགས་འགོད་དེ་ཡི་ཕྱོགས་ཆོས་བསྒྲུབ། །དང་པོ། ཕ་རོལ་པོ་དག་ན་དེ། དྲན་པས་མྱོང་བ་སྔོན་སོང་ཙམ་བསྒྲུབ་ན་གྲུབ་ཟིན་བསྒྲུབ་པར་འགྱུར་ལ། རང་གིས་རང་མྱོང་བར་བསྒྲུབ་ན་མ་ངེས་ཏེ་ཤེས་པ་སྔ་མ་རང་གིས་རང་མ་མྱོང་ཡང་ཤེས་པ་ཕྱི་མ་གཞན་གྱིས་དེ་རིག་པ་ཡིན་ནོ་ཞེ་ན་ནི། དེ་མི་འཐད་དེ། ཡི་གེ་རིང་པོ་དང་ཤིན་ཏུ་རིང་པོ་སོགས་སུ་ནི་བློས་འཛིན་པར་མི་འགྱུར་ཏེ། སྒྲ་སྐད་ཅིག་མ་ཙམ་ལས་ཡུན་རིང་དུ་གནས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡུལ་ཡུན་རིང་དུ་གནས་པ་མེད་པས་ན་ཡུལ་ཅན་ཉན་ཤེས་ཀྱང་དེ་དང་འདྲ་བ་ལས་རིང་པོ་མྱོང་མི་སྲིད་ལ། གང་རིང་པོ་ཉམས་སུ་མ་མྱོང་བ་དེ་ནི་ཕྱིས་སུ་ཇི་ལྟར་དྲན་པ་ཡིན། དེས་ན་ཡུལ་གྱི་སྐད་ཅིག་མ་རྒྱུན་ཆགས་པར་བྱུང་བ་ཉན་ཤེས་ཀྱིས་ཇི་ཙམ་དམིགས་པ་དེ་དག་ཕྱིས་དྲན་པ་ན་ཉན་ཤེས་ཅི་ཙམ་སྐྱེས་པ་མ་གོད་པར་ཉམས་སུ་མྱོང་བའི་བློ་ཡོད་པའི་ཕྱིར་ཁོ་བོས་སྒྲ་རིང་དུ་ཐོས་སོ་ཞེས་མྱོང་བ་ལས་དྲན་པ་སྐྱེ་བ་ཡིན་གྱི། ཕྱིས་དྲན་པའི་ཚེ་ན་ཉན་ཤེས་རང་ཉིད་མེད་ཅིང་། སྔར་གྱི་དུས་ན་ཉན་ཤེས་ཙམ་ལས་རང་རིག་མེད་ན་ཕྱིས་དྲན་པ་འདི་རྒྱུ་གང་ལས་ཡིན་ཏེ་མི་འཐད་དོ། །གཉིས་པ་ཡུན་རིང་དུ་མི་གནས་པའི་རྟགས་མ་


MR20_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྙམ་ན། དེ་ལྟར་སྒྲའི་ཆ་སྔ་ཕྱི་སྐྱེ་འགག་ན་མིན་པར་ཨ་རིང་པོའི་ཡུན་དུ་མི་འགག་པར་གནས་ཤིང་ཉན་ཤེས་ཀྱང་དེ་ལྟར་གནས་ན་ཡུལ་ཅན་ལ་སྔ་ཕྱིར་བྱུང་བའི་སྐད་ཅིག་མའི་གོ་རིམ་མེད་པས་ན་ཉན་ཤེས་ཀྱི་བློ་ལ་སྒྲའི་ཆ་ཐམས་ཅད་སྔ་ཕྱི་མེད་པར་ཅིག་ཅར་སྣང་བའི་ཕྱིར་ཡི་གེ་ལ་རིམ་པ་མེད་པས་རིང་པོར་མི་འགྱུར་ཏེ། དུས་ཀྱི་རིང་ཐུང་ནི་སྔ་ཕྱིར་འབྱུང་བའི་གོ་རིམས་ཅན་ལ་མི་ལྟོས་བར་འབྱུང་བའི་ཐབས་མེད་པའི་ཕྱིར་རོ། །གལ་ཏེ་བློ་སྐད་ཅིག་མ་གཅིག་ལ་ཡི་གེ་སྔ་ཕྱིའི་ཆ་དུ་མ་སྣང་བ་ཅི་འགལ་ཞེ་ན། ཆ་སྔ་ཕྱི་ཕན་ཚུན་གཅིག་ཏུ་ཚོགས་ནས་འདྲེ་བ་མེད་པ་ཡི་ཡིག་གེའི་ཆ་རིམ་པ་དང་ལྡན་པ་དེས་ནི་ཅི་ལྟར་ན་ཡུལ་ཅན་ཤེས་པ་རིམ་པ་མེད་པ་གཅིག་ནི་སྐྱེད་པར་བྱེད་དེ། ཡུལ་ནི་རྒྱུ་ཡིན་ལ་ཤེས་པ་འབྲས་བུ་ཡིན་ཞིང་ཡུལ་སྒྲའི་ཆ་སྔ་ཕྱི་གཅིག་ཏུ་ཚོགས་མི་སྲིད་པས་ན་བློ་ལ་ཅིག་ཅར་ཇི་ལྟར་སྣང་སྟེ་སྣང་མི་སྲིད་ལ། སྣང་ནའང་རིང་པོར་མི་འགྱུར་ཏེ་སྔོ་སེར་དཀར་དམར་ལྷན་ཅིག་དམིགས་པ་ལྟ་བུར་འགྱུར་རོ། །གཉིས་པ་ལ། སྔ་མ་ཕྱི་མཐར་གནས་པ་དགག །རྟག་པའི་ཡུལ་དང་ཡུལ་ཅན་དགག །དང་པོ། ཨཱ་རིང་པོ་ཐོས་པ་ན་ཉན་ཤེས་ཀྱིས་རིང་པོར་མ་ཐོས་པར་མི་འགྱུར་ཏེ། ཡི་གེའི་ཆ་སྔ་མ་དེ་དག་རང་གི་ཆ་རྫོགས་པའི་མཐའ་ཡི་བར་དུ་གནས་པས་སོ་ཞེ་ན། དེ་ལྟ་ན་ཆ་དང་པོའི་འོག་ཏུ་དང་པོ་མ་འགགས་པའི་སྟེང་དུ་ཆ་གཉིས་པ་བསྡོམས་པས་སྒྲ་ཡི་གསང་ནི་ཇེ་མཐོར་འཕེལ་བར་འགྱུར་ཏེ། བྲེ་ལ་གཞལ་བའི་འབྲུ་སྣོད་དུ་སྤུངས་པ་བཞིན་ནོ། །དེ་དག་རྣམས་སྔ་མ་མ་འགགས་བཞིན་དུ་གཞན་དང་གཞན་འཛིན་པས་ན་རིམ་མིན་དུ་འཛིན་པའི་ཕྱིར་སྐད་གསང་ཆེ་བ་ཙམ་ཐོས་ཀྱི་རིང་པོའི་དོན་མེད་ཅིང་། ཡོངས་སུ་རྫོགས་པའི་ཆ་ཐ་མར་ཡང་ནི་ཅིག་ཅར་སྣང་བ་ལྟ་བུ་ལས་རིམ་གྱིས་བྱུང་བ་དང་ལྡན་པའི་བློ་ཡང་མེད་པར་འགྱུར་ལ། རིམ་གྱིས་བྱུང་


MR20_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པར་མ་ཐོས་པ་དེ་ལ་ཡི་གེ་རིང་པོ་ཐོས་པའི་མྱོང་བ་མེད་པར་འགྱུར་རོ། །གཉིས་པ་ལ། ཕྱིས་ཀྱང་མི་འཇིག་ཐལ་བ་དང་། །རྩོལ་བ་ཕྱི་མ་དོན་མེད་ཐལ། །དང་པོ། སྒྲའི་ཆ་སོ་སོ་སྐྱེས་པ་དེ་ཡི་འོག་ཏུ་ཡུལ་རང་ཉིད་ནི་གནས་པ་མེད་པའི་ཕྱིར་དེའི་ཡུལ་ཅན་བློ་ནི་རང་ཉིད་ཡན་གར་དུ་གནས་པ་མ་ཡིན་ཏེ། གཟུགས་མི་གནས་ན་གཟུགས་བརྙན་གནས་མི་སྲིད་པ་བཞིན་ནོ། །གལ་ཏེ་ཡུལ་མེད་ཀྱང་དེའི་ཡུལ་ཅན་ཉན་ཤེས་རང་ཉིད་གནས་ན་ཕྱིས་སུ་སྒྲ་མེད་ཀྱང་ཉན་ཤེས་དེ་མི་འཇིག་པར་འགྱུར་ཏེ། ཡུལ་མེད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །རིག་པ་འདི་ཡུལ་ཅན་གྱི་བློ་ཁོ་ནར་མ་ཟད་ཡི་གེ་ལ་སྐད་ཅིག་མའི་གོ་རིམ་མེད་ཅིང་ཆ་མེད་པར་ཅིག་ཅར་དུ་ནི་སྐྱེས་པ་ཉིད་དུ་འདོད་པ་ལ་ཡང་ཡིག་སྒྲ་རྟག་པར་ཐལ་བའི་སྐྱོན་འདི་ཡོད་དེ། ཡི་གེའི་ཆ་དག་རང་གི་ཆ་སྔ་མ་ལ་མི་ལྟོས་པར་འབྱུང་ན་ཨཱ་རིང་པོའི་སྒྲ་སྔ་མ་མཐའི་བར་དུ་གནས་པ་དེ་བཞིན་ཕྱིས་ཀྱང་གནས་པར་འགྱུར་ཏེ། དེ་སྐད་ཅིག་གཉིས་སུ་གནས་ནུས་ན་སླར་ཡང་མི་ནུས་པ་མེད་དེ་རྒྱུ་ལོག་པ་ལ་མི་ལྟོས་པར་གནས་པའི་ཕྱིར་རོ། །གཉིས་པ། ཡི་གེ་ལ་ཆ་སྔ་ཕྱིའི་རིམ་པ་མེད་པར་རིང་པོ་ལ་སོགས་པའི་ངོ་བོར་རྐྱེན་བྱེད་པ་ལྕེ་རྐན་སོགས་ཀྱིས་ལན་ཅིག་ཆ་དང་པོ་དེ་བརྩལ་བ་ལས་སྐྱེས་ཟིན་པའི་ཕྱིར་རྩོལ་བ་ཕྱི་མ་ཕྱི་མ་དོན་མེད་པར་འགྱུར་ཏེ། ཆ་སྔ་མ་དེ་དང་ཕྱི་མ་ཐ་དད་དུ་མེད་པའི་ཕྱིར་རོ། །དཔྱོད་པ་པ་གང་དག་ཡི་གེ་རྣམས་ནི་ཆ་མེད་རྟག་པའི་ངོ་བོར་ནམ་མཁའ་ན་གནས་པ་ཉིད་རྩོལ་བས་གསལ་བ་ཙམ་དུ་འདོད་པ་ལའང་བཤད་མ་ཐག་པའི་སྐྱོན་འདི་རྗེས་སུ་གནས་པ་ཉིད་དེ། ཆ་གཅིག་མངོན་དུ་གྱུར་ན་དེ་དང་གྲུབ་བདེ་དབྱེར་མེད་


MR20_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་བོར་གྱུར་པ་དེ་གསལ་དགོས་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་ཉན་ཤེས་གཅིག་གིས་རིང་པོ་འཛིན་སྙམ་པ་བསལ་བ་ཡིན་ནོ། །གཉིས་པ་བློ་དུ་མས་རིང་པོ་འཛིན་པར་མི་འཐད་པ་ལ། འཛིན་བྱེད་དུ་མ་རིམ་སྐྱེ་དགག །ཅིག་ཅར་སྐྱེ་བ་དགག་པའོ། །དང་པོ་ལ། མྱོང་བྱེད་གཞན་དང་མ་སྤེལ་དང་། །སྤེལ་ནས་སྐྱེ་བ་མི་འཐད་པའོ། །དང་པོ། ཡུལ་ཅན་ཉན་ཤེས་དུ་མ་ཡིས་ནི་སྒྲའི་ཆ་དུ་མ་དེ་འཛིན་ན་བློ་དེ་དག་གི་ནང་ན་རིང་པོ་འཛིན་པ་གཅིག་ཀྱང་མེད་དེ། ཐམས་ཅད་སྐད་ཅིག་མའི་ཡུལ་ཅན་ཡིན་པས་སོ། །གལ་ཏེ་ཆ་ཐ་མའི་ཡུལ་ཅན་གྱི་བློ་གང་གི་སྐབས་སུ་རིང་པོ་དེ་མྱོང་དགོས་ལ། ཐ་མའི་བློ་དེ་ཡང་རང་དུས་ཀྱི་སྐད་ཅིག་རེ་ལས་རིང་པོར་འཛིན་པ་མིན་པས་རིང་པོ་སུས་ཀྱང་མྱོང་བ་མེད་པ་དེས་ན་རིང་པོའི་བློ་དྲན་པར་མི་འགྱུར་ཏེ་དེ་འདྲའི་བློ་མེད་པས་སོ། །གཉིས་པ། ཐལ་བ་འགོད་དང་དེའི་ལན་དགག །དང་པོ། ཡུལ་གྱིས་སྐད་ཅིག་མ་འཛིན་པའི་བློ་རྣམས་སོ་སོ་ཐ་དད་དུ་རེ་རེ་བཞིན་ཤེས་པ་གཞན་གྱིས་མྱོང་ངོ་ཞེ་ན། སྒྲའི་ཡུལ་ཅན་ཉན་ཤེས་སྐད་ཅིག་མར་དང་ཉན་ཤེས་ཀྱི་ཡུལ་ཅན་བློ་སྐད་ཅིག་མ་རེ་སྤེལ་ནས་སྐྱེ་དགོས་ལ། དེ་ལྟ་ན་ཉན་ཤེས་དེ་ཡི་ཡུལ་དུ་སྒྲ་ཐོས་པ་ནི་བར་ཆོད་པ་མེད་པར་སྣང་བར་མི་འགྱུར་ཏེ། ཤེས་པ་རིགས་མི་མཐུན་པ་གཞན་གྱིས་ཆོད་པའི་ཕྱིར་རོ། །གཉིས་པ་ལ། འཇུག་པ་མྱུར་བས་མཚམས་སྦྱོར་མིན། །དབང་ཤེས་ཀྱིས་ནི་མཚམས་སྦྱོར་མིན། །ཡིད་ཀྱི་ཤེས་པས་མཚམས་སྦྱོར་མིན། །དང་པོ། སྒྲ་ཤེས་ཀྱི་བར་བློ་ཤེས་པས་ཆོད་ཀྱང་བློ་འཇུག་པ་མྱུར་བས་མཚམས་སྦྱོར་བར་བྱེད་པའང་སྔར། ཡི་གེའང་ཅིག་ཅར་ཐོས་སོགས་ཀྱིས་


MR20_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བ་ཡིན་ལ། གལ་ཏེ་སྒྲ་ཉིད་ཀྱི་བར་གཞན་གྱིས་ཆོད་པ་དག་མཐོང་ཡང་འཇུག་པ་མྱུར་བས་འདི་རྣམ་ཆད་མེད་པར་འཁྲུལ་པར་འགྱུར་བ་ཡིན་ན། ཨ་ཨ་ལྟ་བུའི་ཡི་གེ་ཐུང་ངུ་གཉིས་ནི་བརྗོད་ན་ཡང་ཨཱ་ཞེས་རིང་པོར་བརྗོད་པ་ལྟར་བར་རྣམ་པར་ཆད་པ་མེད་པར་འཁྲུལ་པར་འགྱུར་ཏེ། དེ་གཉིས་ཡུན་རིང་ཐུང་འདྲ་ལ་བར་མ་ཆད་པར་འཇུག་པ་མྱུར་བ་ཡང་འདྲའོ། །དེས་ན་རིགས་མི་མཐུན་པའི་བློ་ནི་ཤིན་ཏུ་ཕྲ་བས་ཆོད་ཀྱང་མ་ཆོད་པ་ལྟར་མི་འཁྲུལ་ལོ། །གཉིས་པ་ལ། ཐལ་བ་འགོད་དང་དེ་ཉིད་བསྒྲུབ། །དང་པོ། རྣ་བའི་དབང་པོས་ཏེ་དབང་པོ་ལ་བརྟེན་པའི་ཤེས་པས་ཡུལ་རྣམ་པར་བཅད་པ་དག་མཐོང་ན་ཡང་དབང་པོ་རང་ཉིད་ལ་གསལ་བར་སྣང་བའི་དངོས་ཕྱོགས་སྟོབས་དང་ལྡན་པ་ལས་བར་ཆད་པ་མེད་པར་སྒྲོ༷་འདོགས་པ་ཡིན་ནོ་ཞེ་ན། མི་རུང་སྟེ་དབང་པོའི་བློ་རྣམས་ཐམས་ཅད་ཀུན་རང་ཡུལ་ལ་མཐོང་བ་ཕྱིན་ཅི་ལོག་འབའ་ཞིག་ཏུ་ཐལ་བའི་ཕྱིར་ཏེ། ཡུལ་ལྔ་གང་མཐོང་ཡང་རྣམ་ཆད་མེད་པར་མཐོང་བ་མི་སྲིད་པ་མགལ་མེ་ལ་འཁོར་ལོའི་གསལ་སྣང་གི་ཚུལ་དུ་མ་ཆད་པར་སྣང་བའི་དབང་ཤེས་དེ་ཀུན་འཁྲུལ་པར་འགྱུར་རོ། །གཉིས་པ། ཡི་གེའི་བདག་ཉིད་ཀུན་གྱི་ཐུང་མཐའ་ཡང་སྐྱེས་བུའི་མིག་འཛུམས་པའི་བྱ་བ་རྫོགས་པ་ཙམ་གྱི་ཚད་དུ་གནས་པ་ཡིན་ལ། ཡི་གེ་ཐུང་བ་གཅིག་གི་ཡུན་དེ་ཡང་ཆ་མེད་མ་ཡིན་ཏེ། རིམ་གྱིས་སྒྲ་ཡི་ཆའི་རྡུལ་ཕྲན་ནི་མ་འདྲེས་པ་སྔ་ཕྱི་རིམ་བྱུང་དུ་མ་དག་གཅིག་ནས་གཅིག་ཏུ་གོ་འཕོ་བ་དང་རྒྱུན་ཆགས་པར་འབྲེལ་བས་ཡུན་རྫོགས་པ་ཡིན་ལ། རྡུལ་ཕྲ་རབ་གཅིག་བསྒྲེས་པ་སྟེ་འདའ་བའི་དུས་ནི་ཆུང་བ་ཡི་མཐར་ཐུག་པ་ཡིན་ཅིང་དེ་ལྟ་བུའི་དུས་ཀྱང་སྐད་ཅིག་ཉིད་དུ་འདོད་དེ། སྒྲ་ནི་ཆ་བཅས་ཡིན་ལ་ཆ་རིམ་གྱིས་སྐྱེ་བ་དག་ཀྱང་ཇེ་ཕྲར་གཏོང་ནས་དཔྱད་ཚེ་


MR20_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཕྲ་རབ་ཀྱི་གོ་སྐབས་ཙམ་དུ་ཟད་དོ། །དེས་ན་མིག་འབྱེད་འཛུམ་གྱི་བར་གྱི་ཆ་ཨུཏྤལའི་འདབ་མ་བརྩེགས་པ་ལྟ་བུའི་རྡུལ་གོ་འཕོ་ཞིང་འབྱེད་པ་དང་འཛུམ་པ་དགོས་པའི་ཕྱིར། དཔེར་ན་ཨུཏྤལ་གྱི་འདབ་མ་བརྒྱ་བརྩེགས་པ་ཁབ་ཀྱིས་སྐྱེན་བར་ཕུག་པའི་ཚེ་རིམ་ཅན་དུ་ཕུག་པའི་དུས་ཀྱི་ཡུན་ལ་དཔེར་བྱས་ནས་ཤེས་པར་བྱའོ། །དེ་ལྟར་ཡུལ་སྐད་ཅིག་མ་དེའི་ཕྱིར་ཡུལ་ཅན་བློ་ཡང་སྐད་ཅིག་མར་སྐྱེ་བ་ཡིན་ལ། ཡུལ་ཡུལ་ཅན་གཉིས་ཀ་སྐད་ཅིག་མར་རིམ་གྱིས་སྐྱེ་བ་དེ་ཡི་ཕྱིར་ཡི་གེ་ནི་ཉན་ཤེས་ཀྱིས་རིམ་གྱིས་རྟོགས་པར་འགྱུར་གྱི་རིམ་མིན་དུ་རྟོགས་མི་སྲིད་དོ། །དེ་ཕྱིར་ཡི་གེ་སོགས་སྒྲ་ཐོས་པ་དང་གཟུགས་མཐོང་བ་དང་དྲི་བསྣམ་པ་སོགས་དབང་ཤེས་ཀྱིས་རང་ཡུལ་མཐོང་བ་ལ་ཡུལ་མྱོང་བའི་སྐད་ཅིག་སྔ་ཕྱིའི་བར་དུ་ཡུལ་ཅན་མྱོང་བའི་བློ་གཞན་གྱིས་ནི་ཆོད་ན་ཡང་ཆོད་པ་མེད་པར་སྣང་བ་ཅན་གྱི་དབང་ཤེས་ཐམས་ཅད་ལོག་པའི་དོན་ཅན་ཁོ་ནར་འགྱུར་རོ། །གསུམ་པ་ལ། སྣང་བ་གསལ་ཕྱིར་ཡིད་རྟོག་མིན། །རྒྱུན་མི་འཆད་ཕྱིར་དེ་མིན་པའོ། །དང་པོ། དབང་པོའི་ཤེས་པ་འཁྲུལ་བ་ལས་གཞན་དུ་སྔ་ཕྱིའི་དངོས་པོ་རྣམས་ནི་གཅིག་ཏུ་མཚམས་སྦྱོར་བར་བྱེད་པ་སོ་སོའི་ངོ་བོ་ཐ་དད་དུ་མཚོན་པ་མེད་པ་སྟེ། མི་འབྱེད་པའི་འཁྲུལ་པ་ཅན་གྱི་བློ་ནི་དྲན་པ་ཡིན་ལ་དེ་ནི་རྣམ་པར་རྟོག་པ་ཅན་བརྗོད་པ་དང་རྗེས་སུ་འབྲེལ་བ་ཡིན་པས་དེ་ལ་ནི་ཡུལ་སྒྲ་སོགས་ཀྱི་རང་མཚན་གསལ་བར་སྣང་བ་ཉིད་ཡོད་པ་ག་ལ་ཞིག་སྟེ་མེད་ཅིང་། དབང་པོས་གཟུང་བའི་དོན་རང་མཚན་སྒྲའི་དངོས་ཡུལ་མིན་པ་ལ་སྒྲ་སྦྱོར་བ་ཡོད་པ་མིན་ཞེས་སྔར་དབང་ཤེས་རྟོག་མེད་སྒྲུབ་པའི་སྐབས་སོགས་སུ་བཤད་ཟིན་ཏོ། །གཉིས་པ་ལ། བར་མ་ཆོད་ལ་གནོད་བྱེད་མེད། །ཆོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ། དབང་པོས་སྒྲ་སོགས་


MR20_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆོད་པ་མཐོང་ན་ཡང་གལ་ཏེ་ཕྱིས་ཀྱི་རྟོག་པས་བར་མ་ཆད་པར་མཚམས་སྦྱོར་བར་བྱེད་དོ་ཞེ་ན། ཡུལ་དོན་གྱི་སྣང་བ་དང་དེ་ཡི་མྱོང་བ་ཤེས་རིག་གཉིས་ཀ་ནི་རྒྱུན་མི་འཆད་པར་སྣང་བ་དག་ལ་རིགས་པ་དམ་པ་སྟེ་རིགས་པ་ཡང་དག་པས་གནོད་པ་ཅན་གྱི་ཚད་མ་མེད་བཞིན་དུ་ཇི་ལྟར་ན་དོན་མཐོང་བ་བར་ཆོད་པ་ཞེས་བྱ་བ་དེ་རྒྱུ་མཚན་གང་ལས་ཡིན་ཏེ་དམ་བཅའ་ཙམ་དུ་ཟད་དོ། །གཉིས་པ་ལ། དངོས་དང་ལུང་འགལ་དོགས་པ་སྤང་། །དང་པོ། གལ་ཏེ་བློས་རང་མི་རིག་ཅིང་གཞན་རིག་པ་ཁོ་ན་ཡིན་ལ། དེ་ཡང་སྔོ་སོགས་དོན་རིག་གི་རྒྱུན་མཐར་ཤེས་པ་སྔ་མ་རིག་པའི་བློ་གཅིག་ཁོ་ནས་བློ་སྔ་མ་རྣམས་རིག་མི་ནུས་པས་ཡུལ་མྱོང་བའི་བློ་རེའི་རྗེས་སུ་དེ་མྱོང་བྱེད་རེ་སྐྱེ་དགོས་ཀྱི་དེ་གཉིས་ཅིག་ཅར་མི་སྐྱེ་སྟེ། བློ་སྔ་མ་རྣམས་ཕྱི་མ་རེ་རེ་སྐྱེད་པའི་ནུས་པ་ངེས་པའི་ཕྱིར་རོ་ཞེ་ན། བློ་རེ་རེ་སྐྱེད་པར་ནུས་པ་ངེས་པ་དེ་ནི་རྒྱུ་མཚན་གང་ལས་དེ་ལྟར་ཡིན་པར་འདོད་ཅེས་དྲིས་པ་ན། ཅིག་ཅར་ཡུལ་དང་ཡུལ་ཅན་མྱོང་བའི་བློ་དུ་མ་མཐོང་བ་མེད་པའི་ཕྱིར་རོ་ཞེ་ན། ཡུལ་མྱོང་བ་དང་ཡུལ་ཅན་མྱོང་བ་ལྷན་ཅིག་ཡོད་མེད་དེ་ཉིད་འདི་ལྟར་སྐབས་ཀྱི་རིགས་པས་དཔྱད་བྱ་ཡིན་པས་ལྷན་ཅིག་མྱོང་བ་མེད་པར་གྲུབ་ཟིན་པ་མ་ཡིན་པས་དེས་ཅིར་ཡང་སྒྲུབ་མི་ནུས་སོ། །ཡང་ན་མ་མཐོང་བ་ཙམ་གྱིས་ཁེགས་ན་བར་ཆོད་པ་ཡང་མ་མཐོང་བས་ཅི་སྟེ་མི་ཁེགས། དེ་མ་མཐོང་ཡང་རྣམ་པར་དཔྱད་ན་དེ་ལྟར་ཡིན་ནོ་སྙམ་ན། བློ་གཉིས་ཅིག་ཅར་མ་མཐོང་བ་དེ་ཡང་དཔྱད་བྱ་ཡིན་ནོ་ཞེས་ཀྱང་གསུངས་སོ། །གཉིས་པ་ལ། ལུང་དོན་རིགས་པས་ཚུལ་བཞིན་བཤད། །དེ་ཡི་ལོག་རྟོག་གཞན་ཡང་ཁེགས། །དང་པོ། ཤེས་པ་གཉིས་ལྷན་ཅིག་མི་སྐྱེ་སྟེ། མདོ་སྡེ་དག་ལས། གང་སྔ་ཕྱི་མེད་པར་སེམས་གཉིས་ལྷན་


MR20_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་འབྱུང་བ་གནས་མེད་དོ་ཞེས་གསུངས་པ་མིན་ནམ་ཞེ་ན། དེ་ནི་རང་རྒྱུད་ཀྱི་བློ་དེ་རྣམས་སྔོ་འཛིན་མིག་ཤེས་ལྟ་བུ་སྔ་མ་རང་དང་རིགས་མཐུན་པ་རེ་རེ་ཉིད་ལ་ནུས་པ་ངེས་པར་གྱུར་པ་ཡི་དོན་ཡིན་གྱི་རིགས་མི་མཐུན་པ་དུ་མ་ཅིག་ཅར་མི་སྐྱེ་བའི་དོན་མིན་ཏེ། ཉེར་ལེན་ཅན་གཅིག་ལ་ཉེ་བར་ལེན་པ་ཐ་དད་པ་དུ་མ་མི་རུང་བས་འདི་ལྟར་རྣམ་པར་རྟོག་པ་རིས་མཐུན་པ་རྣམས་ནི་རང་གི་རྒྱུད་ལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་འབྱུང་བར་ཡང་དག་པར་རྟོགས་ཏེ་ཅིག་ཅར་འབྱུང་བ་མི་སྲིད་དོ། །གཉིས་པ་ལ། དངོས་དང་དེ་ཡི་འཐད་པ་སྟོན། །དང་པོ། རིགས་མཐུན་གྱི་ཤེས་པ་ཅིག་ཅར་མི་སྐྱེ་བར་བསྟན་པ་འདིས་ནི་རྒྱལ་དཔོགས་པ་གང་ཞིག་མངོན་སུམ་གྱིས་མཐོང་བཞིན་པའི་དོན་ལ་འདིའོ་ཞེས་ངོ་ཤེས་བྱེད་པའི་རྟོག་པ་དག་ཀྱང་གསལ་བར་སྣང་བས་དབང་པོའི་མངོན་སུམ་དུ་རྟོག་པ་དེ་ཡང་བསལ་བ་ཡིན་ཏེ། དེ་ཡང་རྒྱལ་དཔོགས་པས་རིགས་མཐུན་ཤེས་པ་གཉིས་རྒྱུད་གཅིག་ལ་ཅིག་ཅར་སྐྱེ་བ་ལ་འགལ་བ་མེད་དེ། མངོན་སུམ་དང་ངོ་ཤེས་པའི་མངོན་སུམ་གྱི་བློ་གཉིས་ཅིག་ཅར་སྐྱེ་བའི་ཕྱིར་རོ། །ངོ་ཤེས་དེ་ཡང་མངོན་སུམ་ཡིན་ཏེ་ཡུལ་གསལ་བར་སྣང་བའི་ཕྱིར་ཞེས་ཟེར་ཏེ། དེ་དག་གིས་མཐོང་བཞིན་པའི་རྟོག་པ་ལ་ཡང་གསལ་བར་སྣང་སྙམ་དུ་འཁྲུལ་བ་ཡིན་ནོ། །གཉིས་པ་རྟོག་པས་སྔར་གྱི་རང་མཚན་མངོན་སུམ་མཐོང་བ་མིན་པའི་འཐད་པ་ནི། སྐྲ་བྲེག་པ་སླར་སྐྱེས་པ་དང་སྒོ་ང་གཉིས་དང་མར་མེ་དང་མཚེ་མ་སོགས་ཕྱིས་སུ་ཐ་དད་ཡིན་ངེས་སུ་ཚད་མས་རྟོགས་པ་དག་ལ་ཡང་སྔར་གྱི་དེའོ་སྙམ་དུ་ངོ་ཤེས་ཀྱི་རྟོག་པ་སྐྱེས་པའི་ཚེ་གསལ་སྣང་ཡོད་པའི་ཕྱིར་ཐ་དད་ལ་གཅིག་ཏུ་འཁྲུལ་བ་དེ་འདྲའི་བློ་དེ་ཅི་ལྟར་སྔར་གྱི་དེ་ལ་མངོན་སུམ་ཡིན་པར་འགྱུར་ཏེ། རང་མཚན་སོ་སོར་མཐོང་བ་ལ་རྟོག་པས་གཅིག་ཏུ་བཟུང་བའི་འཁྲུལ་བ་ཙམ་


MR20_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །དེ་འཁྲུལ་པ་ཡིན་པ་དེ་ཡི་ཕྱིར་ངོ་ཤེས་པ་ལས་ནི་ཡིག་འབྲུ་དང་གཟུགས་སོགས་སྔ་ཕྱི་ངོ་བོ་གཅིག་ཏུ་འཁྲུལ་པ་ཅན་ཡིན་གྱི་དོན་གཅིག་ཏུ་ངེས་པ་མེད་དེ། དོན་གང་ཞིག་སྔོན་རང་གིས་ཉམས་སུ་མྱོང་བ་དྲན་པ་ལས་ད་ལྟ་མཐོང་བཞིན་པ་ལ་སྔ་མ་དེ་ཡི་ཆོས་སུ་སྒྲོ་འདོགས་པ་མེད་པར་སྔར་གྱི་དེ་ཉིད་ནི་ད་ལྟའི་འདིའོ་ཞེས་བྱ་བར་ཤེས་པ་མེད་ལ། དེ་འདྲའི་སྒྲོ་འདོགས་པ་དེ་ཡང་ཇི་ལྟར་དབང་པོ་ལས་སྐྱེས་པ་ཡིན་ཏེ། སྔར་གྱི་ཡུལ་ད་ལྟ་མེད་པའི་ཕྱིར་དང་། དབང་ཤེས་ཀྱིས་སྔ་ཕྱི་གཅིག་ཏུ་འཛིན་པ་དང་། མིང་སོགས་སྦྱར་ནས་འཛིན་མི་སྲིད་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་ཤེས་པ་དུས་མི་མཉམ་པས་ཤེས་པ་སྔ་མ་མྱོང་བ་བཀག་ནས། ད་ནི་གཉིས་པ་དུས་མཉམ་གྱི་ཤེས་པ་དགག་པ་ལ། ཁས་བླངས་རིགས་པར་འགལ་ཚུལ་བརྗོད། །ཚུལ་དེས་གཞན་ཡང་ཁེགས་པའོ། །དང་པོ། དུས་སྔ་ཕྱིར་བྱུང་བ་མིན་ཡང་སྒྲ་སོགས་ཤེས་པ་དེ་རང་དང་དུས་མཉམ་པའི་ཤེས་པ་གཞན་ཞིག་གིས་མྱོང་བར་ནི་སྨྲ་མི་ནུས་ཏེ། ཁས་བླངས་དང་རིགས་པ་གཉིས་ཀ་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དོན་མྱོང་བ་དང་ཤེས་པ་དེ་ཉིད་ཉམས་སུ་མྱོང་བ་ཤེས་པ་གཞན་དག་དུས་མཉམ་པར་ཅིག་ཅར་འབྱུང་བར་ཁྱོད་ཀྱི་ལུགས་ལའང་འདོད་པ་མིན་ཏེ། རྒྱུད་གཅིག་ལ་དུས་གཅིག་ཏུ་རྣམ་ཤེས་རེ་རེ་བ་སྐྱེ་བར་ཁས་བླངས་པ་ཡིན་ཞིང་། རིགས་པས་བརྟགས་ནའང་དོན་སྔོན་པོ་ལྟ་བུའི་རྣམ་པར་སྣང་བ་དང་། དེ་མཐོང་ཤེས་པའི་རྣམ་པར་སྣང་བ་དག་སོ་སོར་ཡན་གར་དུ་སྔོ་སེར་བཞིན་མ་འདྲེས་པར་རྟོགས་པའམ་ཉམས་སུ་མྱོང་བའང་ཡོད་པ་མ་ཡིན་ཏེ། བློ་མ་འཁྲུལ་པས་ཇི་ལྟར་བརྟགས་ཀྱང་ཡུལ་དང་མ་འདྲེས་པའི་ཤེས་པ་ཡན་གར་བ་ཡུལ་དུ་སྣང་བ་དམིགས་སུ་མེད་ན་མ་དམིགས་བཞིན་ཡོད་ཅེས་ཇི་ལྟར་འདོད་པར་བྱ། སོ་སོར་


MR20_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པར་ཡོད་ཀྱང་དོན་དུ་སྣང་བའི་རྣམ་པར་ཤེས་པ་ཡན་གར་བ་དང་། ཕྱི་རོལ་གྱི་ནི་དོན་འབའ་ཞིག་སྟེ་ཡན་གར་བ་དེ་གཉིས་ཀ་སོ་སོར་སྣང་མི་དགོས་ཏེ། བློ་ཡི་རྣམ་པ་གཅིག་གིས་བཟུང་སྟེ་ཐ་དད་མེད་པར་བྱས་པའི་ཕྱིར་མྱོང་བའི་སྐབས་ན་སྔོན་པོའི་སྣང་བ་ལས་སྔོ་འཛིན་གྱི་སྣང་བ་ལོགས་སུ་མི་སྣང་ངོ་ཞེ་ན། དེ་ལྟ་མིན་ཏེ་བློ་མ་འཁྲུལ་བས་ཐ་དད་དུ་མ་དམིགས་ན་དོན་དེ་དག་ཀྱང་ཐ་དད་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་བློས་ཐ་དད་དུ་མ་དམིགས་ཀྱང་ཐ་དད་དུ་ཡོད་པར་སེམས་ན་སྐྱེས་བུ་དང་མོ་གཤམ་གྱི་བུ་ཡང་དུས་མཉམ་དུ་ཡོད་པར་འགྱུར་རོ། །དེ་ལྟར་ཡུལ་དང་དེ་ཤེས་པ་རྣམ་པ་མེད་པ་གཉིས་དུས་མཉམ་པར་རྗེན་ཅེར་དུ་ཡུལ་དུ་སྣང་ན་ཀ་བུམ་བཞིན་དུ་སྣང་བ་གཉིས་པོ་མ་འདྲེས་པར་ཅིའི་ཕྱིར་མི་མཐོང་སྟེ་མཐོང་དགོས་ལ། དེ་ལྟ་ན་སྔོ་འཛིན་དེའང་རང་ཉིད་ཀྱི་ངོ་བོར་མྱོང་བ་དང་ཡུལ་ཅན་གྱི་ཚུལ་དུ་མི་སྣང་བར་སྔོན་པོ་བཞིན་དུ་ཡུལ་དུ་སྣང་བར་འགྱུར་རོ། །དེ་ལྟ་བུར་ཡུལ་དང་ཡུལ་ཅན་སོ་སོར་མ་འདྲེས་པར་ལེགས་པར་རྟོགས་པའི་ཁྱད་པར་གྱིས་མྱོང་བ་སྔོན་དུ་སོང་ནས་ལེགས་པར་རྟོགས་པ་མེད་པའི་དོན་དང་དོན་ཤེས་གང་ཡིན་པ་དེ་དག་ཕྱི་ནས་ཇི་ལྟར་སོ་སོར་ཁ་ཕྲལ་ཏེ་དྲན་པ་ཡིན་ཏེ། ཡན་གར་དུ་དྲན་པ་དང་མྱོང་བ་གཉིས་ཀ་མི་སྲིད་པ་ཁོ་ནའོ། །ཡན་གར་དུ་མྱོང་བ་ཞིག་ཡིན་ན་སོ་སོར་མ་འདྲེས་པར་དྲན་པ་ཡང་སྲིད་དོ། །འདི་བློས་དོན་དང་ཤེས་པ་ཐ་མི་དད་པར་བཟུང་བ་མ་ཡིན་ཏེ། ཡིན་ན་སོ་སོར་དྲན་དུ་མེད་ཀྱང་རང་ལྡོག་ནས་སོ་སོར་དྲན་དུ་ཡོད་པའི་ཕྱིར་ཞེས་པའི་དོན་དུའང་བཤད་པ་ཡོད་དོ། །འོ་ན་སྔོན་པོ་དྲན་པ་བཞིན་དུ་སྔོ་འཛིན་དྲན་པ་ཡོད་པར་རང་གིས་ཀྱང་འདོད་པ་མིན་ནམ་སྙམ་ན། དེ་ཤིན་ཏུ་ཡིན་མོད་ཀྱི་ཡུལ་ཅན་ཡན་གར་བ་དྲན་པ་ནམ་ཡང་མི་འདོད་མོད། ཡུལ་ཡུལ་ཅན་གཉིས་ཀ་དྲན་པ་ཡོད་ཀྱི་ཁ་ཕྲལ་ཏེ་དྲན་པ་ནི་གཉིས་ཀར་མེད་དོ། །དེས་ན་ཡུལ་དྲན་ཞེས་


MR20_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཀྱང་དོན་ལ་སྔར་གྱི་རང་བློའི་རྣམ་པ་གང་མྱོང་བ་དེ་དྲན་པ་ཁོ་ན་ཡིན་གྱི་ཡུལ་རྗེན་ཅེར་དུ་མྱོང་མི་སྲིད་པ་ལ་རྗེན་ཅེར་དུ་དྲན་པའང་ག་ལ་སྲིད་དེ་དེ་ལྟར་ཁས་མི་ལེན་ནོ། །གཉིས་པ། དོན་སྔོན་པོ་དང་དོན་ཏེ་སྔོ་འཛིན་གྱི་ཡུལ་ཅན་ཡིད་ཀྱི་བློ་དག་གི་མྱོང་བ་གཉིས་པོ་རིམ་བཞིན་སྐྱེ་བ་སྟེ་སྔོན་པོ་མྱོང་བ་དང་སྔོ་འཛིན་མྱོང་བ་སྤེལ་ནས་སྐྱེ་བར་འདོད་པའི་ལུགས་ལའང་སྔོན་པོ་ཁོ་ནའི་སྣང་བ་བར་མ་ཆད་པར་སྣང་བ་མ་ཡིན་པར་ཤེས་པ་དང་སྔོན་པོའི་སྣང་བ་སྤེལ་མར་སྐྱེ་དགོས་པས་ན་དོན་སྣང་དང་ཤེས་སྣང་གཉིས་ཏེ་སྣང་བ་སྣ་ཚོགས་པ་ཉིད་ཀྱི་རང་བཞིན་དུ་ཐལ་བར་བརྩད་པའི་སྐྱོན་འདི་གདོན་པར་དཀའ་སྟེ། དུས་མཉམ་པ་ལ་དོན་སྣང་བློ་སྣང་ཐ་དད་པར་སྔོ་སེར་བཞིན་དུ་དུས་མཉམ་དུ་སྣང་ཞིང་སྤེལ་ནས་སྐྱེ་བ་ལ་སྤེལ་ནས་སྣང་བར་ཐལ་ལོ། །དེས་ན་འདི་ལྟར་ཡུལ་མྱོང་བ་ན་སྔོན་པོ་ལ་སོགས་པའི་ཡུལ་སྐྱེ་མཆེད་ཀྱི་རྫས་དེའི་རྣམ་པ་གཅིག་ཉིད་དམ། དེ་མྱོང་བ་གཅིག་གི་རང་བཞིན་ཉིད་དུ་རྟོགས་ཀྱི་སྔོན་པོར་སྣང་བ་ཡི་བློ་ནི་མྱོང་བ་ལ་མྱོང་བ་ཡི་བློ་གཞན་ཡོད་པ་མ་ཡིན་ཏེ། སྔོན་པོ་གཅིག་ཉིད་སྣང་བ་ལས་ཡུལ་གཉིས་སུ་སྣང་བ་མ་དམིགས་ལ། སྔོ་འཛིན་གཅིག་པུ་ལས་མྱོང་བྱེད་གཉིས་སུའང་མ་དམིགས་པའི་ཕྱིར་རོ། །དུས་མཉམ་པའི་བློ་མྱོང་གཞན་འདོད་དགག་པ་འདི་སྐོར་འཆད་ལུགས་སྣ་ཚོགས་བྱས་ཀྱང་འདི་ཁོ་ན་ལེགས་པ་ཡིན་ནོ། །དེ་ཡན་ཆད་དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་པ་ལ་མ་ངེས་པའི་ལན་སློབ་དཔོན་ཆོས་ཀྱི་གྲགས་པ་རང་ཉིད་ཀྱིས་བཏབ་ནས། འདི་ནས་བརྩམས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ནས་བསྟན་པའི་ལན་གསལ་པོར་ཕྱེ་སྟེ་བཤད་པར་མཛད་པ་ཡིན་ནོ། །དེ་ལ་གཉིས་པ་ཤེས་རིམ་དྲན་པ་ལས་འགྲུབ་པ་ལ། དྲིས་ཤིང་དེ་ལ་ཐལ་བ་བརྗོད། །དེའི་ཉེས་སྤོང་ལན་དགག་པ། །དང་པོ་ལ། ཐལ་བ་འགོད་དང་


MR20_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཁྱབ་བསྒྲུབ། །དང་པོ། ཤེས་པ་སྔ་མ་ཤེས་པ་གཞན་གྱིས་རྗེས་སུ་མྱོང་བར་འགྱུར་བ་དེ་ལའང་ཕྱིས་སུ་དྲན་པ་སྐྱེ་བར་མཐོང་ན། ཤེས་པ་ཕྱི་མ་དེ་ནི་ཤེས་པ་གང་གིས་མྱོང་བ་ཡིན་ཞེས་རང་རིག་མི་འདོད་པའི་ཕྱོགས་ལ་འདྲི་བར་མཛད་པའོ། །དེ་ལ་ལན་དུ་གལ་ཏེ་དེ་ཡང་རང་གི་རྗེས་ཐོག་ཏུ་བྱུང་བའི་ཤེས་པ་གཞན་གྱིས་མྱོང་ངོ་ཞེ་ན། དེ་ལྟ་ན་ཤེས་པ་སྔ་མ་སྔ་མ་རིག་པར་བྱེད་པའི་བློ་རྣམས་ཕྲེང་བ་བཞིན་གཅིག་གི་རྗེས་སུ་གཅིག་འབྲེལ་བ་ཅན་དུ་སྐྱེ་ན། བློ་ཕྱི་མ་འདི་དག་གི་སྐྱེད་བྱེད་གཟུང་དོན་དེ་ནི་གང་ཞིག་ཡིན་ཞེས་དྲིས་པ་ན། གལ་ཏེ་སྔ་ལོགས་དེ་མ་ཐག་པའི་བློ་དེ་ཉིད་ཡིན་ནོ་ཞེ་ན། བློ་ཐམས་ཅད་ཀྱིས་རང་གི་སྔ་མ་དེ་ཁོ་ན་འཛིན་གྱི་ཕྱི་རོལ་གྱི་ཡུལ་གཞན་ལ་ནི་འཕོ་བར་མི་འགྱུར་རོ། །གཉིས་པ། དེ་ལ་ཁྱབ་པའང་ཡོད་དེ། བློ་རང་གི་གཟུང་བའི་མཚན་ཉིད་ཀྱི་གྱུར་པ་སྟེ་གཟུང་དོན་ཡིན་པར་གྱུར་པ་རང་གི་སྔ་ལོགས་དེ་མ་ཐག་ཏུ་ཉེ་བར་སྐྱེད་བྱེད་དུ་གྱུར་པའི་བློ་དེ་དག་མི་འཛིན་པར་ནི་ཤེས་པ་ཕྱི་མ་ཅི་ལྟར་ཕྱི་རོལ་གྱི་ཡུལ་གཞན་ནི་འཛིན་པར་འགྱུར་ཏེ། བསྐལ་པའི་བར་དུ་རང་གི་བློ་ཁོ་ན་ལུ་གུ་རྒྱུད་དུ་འཛིན་པར་འགྱུར་རོ། །གཉིས་པ་ལ། བློ་ཀུན་མྱོང་བའི་དབང་བྱས་ལན། །ཐ་མ་མི་མྱོང་འདོད་པའི་ལན། །དང་པོ་ལ། ཕྱི་རོལ་དོན་ལ་འཕོ་བའི་ལན། །དོན་ཤེས་ཅིག་ཅར་འཛིན་ལན་དགག །དང་པོ་ལ། ཕྱི་ཡི་དོན་གྱིས་གེགས་བྱས་ལན། །སྔ་བློའི་ནུས་པ་ཟད་པའི་ལན། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། ནང་གི་ཤེས་པ་ཁོ་ན་འཛིན་པར་མ་ངེས་ཏེ། ཕྱི་རོལ་གྱི་དོན་ཡུལ་དུ་ཡོད་པའི་ཚེ་དེ་ལ་འཕོ་བས་ན་ཕྱི་དོན་གྱིས་ནང་བློ་བརྒྱུད་མར་འཛིན་པ་ལ་གེགས་བྱེད་དོ་ཟེར་ན། དེ་མི་འཐད་དེ་ཤེས་པ་སྔ་མ་བདག་ཉིད་ལ་དམིགས་པའི་ཤེས་པ་གཞན་


MR20_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་རང་བཞིན་དུ་ནུས་པ་ངེས་པའི་ནང་གི་ཡན་ལག་སྟེ་བློ་སྐྱེད་པའི་རྒྱུར་གྱུར་པ་ནི་རྟག་ཏུ་གནས་བཞིན་དུ། དེ་དག་ལ་གཞན་ཕྱི་ཡི་ནི་ཡན་ལག་སྟེ་བློ་ཡི་གཟུང་དོན་གཟུགས་སོགས་གང་གིས་གེགས་བྱེད་པར་འགྱུར་ཏེ་མི་འགྱུར་པར་ཐལ། ཤེས་པ་སྐྱེད་པའི་ནུས་པ་ནི་བློ་སྔ་མ་ཡོད་ཅིང་བློ་ཕྱི་མ་དང་ཤིན་ཏུ་ཉེ་བ་དེ་ལས་གཞན་མེད་པའང་ཡིན་པའི་ཕྱིར། ཡུལ་རུང་བ་ན་གནས་པའི་སྔོན་པོ་བཞིན་ནོ། །གཉིས་པ་ལ། དོན་ཡོད་པ་ལ་བརྟེན་ནས་དགག །དོན་མེད་པ་ལ་བརྟེན་ནས་དགག །དང་པོ། ཕྱི་དོན་ཉེ་བས་གེགས་བྱེད་ཅི་སྟེ་མི་ནུས་སྙམ་ན། གཟུགས་སོགས་ཕྱི་རོལ་གྱི་དོན་ནི་བློའི་ཡུལ་ཉིད་དུ་ཉེ་བས་ཀྱང་བློ་སྔ་མ་འཛིན་པ་དེ་ལ་གེགས་བྱེད་པར་ནུས་པ་མ་ཡིན་ཏེ། དེ་ལས་ཀྱང་ཉེ་བའི་གཟུང་དོན་ནང་གི་ཡན་ལག་ཡོད་པའི་ཕྱིར་རོ། །གཞན་དུ་ནང་གི་གཟུང་དོན་ཡོད་ཀྱང་ཡུལ་ཉེ་བས་གེགས་བྱེད་པ་ཡིན་ན། ཕྱི་རོལ་གྱི་ཡུལ་ནི་ཉེ་བ་ཉིད་དུ་གྱུར་པ་ན་གང་ཟག་འགས་ཀྱང་རང་གི་བློ་ཉམས་སུ་མྱོང་བར་མི་འགྱུར་བས་ན། ཡུལ་གར་གྱི་ལྟད་མོ་སོགས་མཐོང་བའི་སྐབས་ཀྱི་རང་བློ་ཇི་ལྟར་དྲན་ཏེ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཕྱི་དོན་མི་ཉེ་བའི་གནས་སྐབས་ཡོད་དོ་སྙམ་ན། ཕུང་ལྔ་ཡོད་པའི་སྐྱེས་བུ་ལ་ཕྱི་དོན་དེ་ཉེབ་མིན་པའི་གནས་སྐབས་འགའ་ཡང་ཡོད་པ་མིན་པ་དེས་ན་རང་གི་བློ་གཏན་ཉམས་སུ་མི་མྱོང་ལ། རྩ་བ་མྱོང་བ་ནི་མེད་ན་ཁོ་བོའི་བློ་འདི་ལྟ་བུ་བྱུང་ངོ་ཞེས་བློ་སྔ་མ་ཡི་དྲན་པ་ཡང་མེད་པར་འགྱུར་བའི་ཕྱིར་འདི་འདྲའི་འདོད་པ་འདི་ནི་ཨ་རེ་མཛེས་སོ་ཞེས་དཔྱད་པ་ཡིན་ནོ། །གཉིས་པ། འདས་མ་འོངས་སོགས་ཀྱི་དོན་དུ་རྣམ་པར་རྟོག་པ་གང་དག་ལ་ཕྱི་རོལ་གཟུང་དོན་ཉེ་བ་ནི་ཡོད་པ་མིན་པ་དེ་ལ་ཡུལ་རང་མཚན་ཉེ་བའི་སྟོབས་ཀྱིས་


MR20_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཕྱི་རོལ་དུ་འཕོ་བའི་རྒྱུ་ནི་མེད་པའི་ཕྱིར་འདས་སོགས་ད་ལྟ་རང་མཚན་ཡུལ་དུ་མེད་པའི་དོན་ལ་སེམས་ཀྱིས་དཔྱོ༷ད་པ་ནམ་ཡང་མི་སྲིད་པར་འགྱུར་རོ། །གཉིས་པ་སྔ་བློའི་ནུས་པ་ཟད་པའི་ལན་ལ། དངོས་ལས་ནུས་གཞན་འདོད་པ་དགག །གྲུབ་དོན་རང་གི་ལུགས་བཞག་པའོ། །དང་པོ་ལ། སྔ་བློའི་ནུས་པ་སྤྱི་ཟད་དགག །བྱེ་བྲག་གཟུང་ནུས་ཉམས་པ་དགག །དང་པོ་ལ། ཕྱོགས་སྔ་བརྗོད་དང་དེ་ཡི་ལན། །དང་པོ། གལ་ཏེ་བློ་སྔ་མ་དེས་བདག་ལ་དམིགས་པའི་ཤེས་པ་ཕྱི་མ་སྐྱེད་པའི་ནུས་པ་ཅི་ཙམ་ཡོད་པར་བློ་ཕྱི་མ་བསྐྱེད་ནས་རིམ་གྱིས་ཟད་པ་ན་གཟོད་ཕྱི་རོལ་གྱི་ཡུལ་གཞན་ལ་ནི་འཕོ་ཞིང་འཛིན་པར་འགྱུར་རོ་ཞེ་ན། གཉིས་པ་ལན་ལ། ཐལ་བ་བརྗོད་དང་རྩོད་པ་སྤང་། །དང་པོ། དེ་ལྟ་ན་བློ་སྔ་མ་ལས་འཕོས་མ་ཐག་པའི་དོན་འཛིན་པའི་བློ་དེ་ནི་དེ་མ་ཐག་པའི་བློ་གང་ལས་སྐྱེ་བ་ཡིན་ཏེ། རང་གི་སྔར་གྱི་བློ་ནི་ནུས་པ་ཟད་པར་འདོད་པས་ན་གང་འབྲས་བུ་སྐྱེད་པའི་ནུས་པ་ཟད་པ་དེ་ནི་ཚིག་པའི་ས་བོན་བཞིན་དུ་རྒྱུར་མི་རུང་ངོ་། །དེས་ན་དེའི་རྗེས་ཐོག་གི་བློ་དེ་དོན་ལ་ཡང་འཕོ་བར་མི་འགྱུར་ཏེ། བློ་སྔོན་མ་དེ་མ་ཐག་ལ་ཕྱི་མ་སྐྱེད་པའི་ནུས་པ་མེད་པར་བློ་ཕྱི་མ་འབྱུང་བ་མ་ཡིན་ཏེ། དཔེར་ན། ཡུལ་གཟུགས་དང་སྒྲ་སོགས་ཉེ་བར་གནས་སུ་ཟིན་ཀྱང་ཡིད་གཟུགས་མཛེས་ལྟ་བུའི་དོན་གཞན་ལ་ལྷག་པར་ཆགས་པས་སྒྲ་སོགས་གཞན་གྱི་ཤེས་པ་སྐྱེ་བའི་ཡིད་བྱེད་དེ་མ་ཐག་པ་ནུས་པ་ཉམས་པར་བྱས་པ་ན་ཤེས་པ་གཞན་དེ་དག་ཡུལ་ཡོད་ཀྱང་སྐྱེ་བ་མ་རྟོགས་པ་སྟེ་མ་མཐོང་བའི་ཕྱིར་རོ། །གཉིས་པ་ལ། འཐད་པ་རང་གི་རྩོད་སྤང་བརྗོད། །མི་འཐད་གཞན་ལུགས་དགག་པའོ། །དང་པོ་ཡིད་ཤེས་ཡུལ་ལ་འཇུག་པ་དེའི་མཐུས་ཤེས་པ་ཕྱི་མ་གཞན་སྐྱེ་

ཤོག་ལྷེབ་ ༧༠༡ ནས་ ༨༠༠ བར།


MR20_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་སྐྱེ་པ་དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་འཇུག་ཤེས་དྲུག་གི་རྒྱུར་མི་འགྱུར་ཏེ། རྒྱུ་ཀུན་གཞི་ཡོད་ཀྱང་དེའི་རྗེས་སུ་འགྲོ་ལྡོག་མ་མཐོང་ལ་ཡིད་ཀྱི་རྗེས་སུ་འགྲོ་ལྡོག་མཐོང་བའི་ཕྱིར་ཤེས་པ་ཀུན་གྱི་ཉེ་བར་ལེན་པ་ནི་ཡིད་ཁོ་ནར་འགྱུར་རོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། ཉེར་ལེན་ཀུན་གཞིའི་རྣམ་ཤེས་ལས་ཅིག་ཅར་རིགས་མི་མཐུན་པའི་འཇུག་ཤེས་རྣམས་སྐྱེ་བ་ཡོད་ན་ཡང་། ཡིད་གཟུགས་ལ་ལྷག་པར་གཏོད་པ་ལྟ་བུ་ཤིན་ཏུ་གསལ་བའི་སེམས་གཅིག་གིས་འཇུག་ཤེས་གཞན་འབྱུང་པའི་ནུས་པ་སྐབས་དེར་ཉམས་པར་བྱས་པའི་ཕྱིར་གནས་སྐབས་དེར་ཀུན་གཞི་ཡི་རྣམ་པར་ཤེས་པ་ལས་འཇུག་ཤེས་གཞན་འབྱུང་བ་མིན་ཏེ། རླབས་རྒྱ་མཚོ་ལས་འབྱུང་ཡང་བས་རང་གི་གཡོབ་སྔ་མ་ལ་ལྟོས་ནས་འབྱུང་བ་ལྟ་བུའོ། །དེ་ལྟར་རྒྱུ་ཀུན་གཞི་ཡོད་ན་འཇུག་ཤེས་རང་རང་གི་དེ་མ་ཐག་པ་ལ་ལྟོས་ནས་ཅི་རིགས་པར་སྐྱེ་བ་ཅིས་ཤེས་སྙམ་ན། འཇུག་ཤེས་ཕྱི་མ་རྣམས་སྔ་མ་ལ་ལྟོས་ནས་སྐྱེ་བ་དེ་ལྟ་མིན་པར་ཀུན་གཞི་གཅིག་པུ་ལས་འབྱུང་ན། ཡིད་སྔ་མའི་འཇུག་པ་ནི་མཚུངས་པ་དེ་མ་ཐག་རྐྱེན་ལ་ཡིད་ཕྱི་མ་གཞན་ལྟོས་པར་མི་འགྱུར་ལ། དེ་ལྟ་ན་རྟག་ཏུ་མ་ངེས་པར་དུ་མར་སྐྱེ་དགོས་ནའང་ཡིད་ཀྱི་ཤེས་པ་ནི་སྔ་མ་སྔ་མ་དང་མཚུངས་པར་རྣམ་པར་རྟོག་པ་རིམ་བཞིན་དུ་སྐྱེ་བ་ལས་མང་པོ་ཅིག་ཅར་མི་འབྱུང་བས་ཀྱང་ཕྱི་མ་སྔ་མ་ལ་རིམ་བཞིན་ལྟོས་པ་རབ་ཏུ་གྲུབ་པ་ཡིན་ནོ། །གཉིས་པ་གཞན་དག་གི་ཤེས་པ་ཐམས་ཅད་རྟག་ཏུ་ཅིག་ཅར་མི་སྐྱེ་བའི་ལུགས་འདོད་པ་བརྗོད་པ་ལ། རྟག་གཅིག་ཡིད་ལས་སྐྱེ་བ་དགག །བདག་ཡིད་ལྡན་ལས་སྐྱེ་བ་དགག །འདུ་བྱེད་དག་ལས་སྐྱེ་བ་དགག །དང་པོ། བྱེ་བྲག་པ་སོགས་ན་རེ། ཡིད་ནི་རྡུལ་ཕྲ་རབ་ཆ་མེད་པ་ཙམ་གྱི་ངོ་བོ་ཤིན་ཏུ་ཕྲ་བ་དང་


MR20_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཡིན་ལ། དེ་ནི་གཅིག་པུ་ཡིན་པའི་ཕྱིར་སྣའི་དབང་པོ་ནས་ཞུགས་ཏེ་གཞན་དྲི་ལ་ནི་ཆགས་པ་ན་དབང་པོ་དང་ཡུལ་གཞན་ལ་མི་འགྲོ་སྟེ་མི་འགྲོ་བའི་ཕྱིར་ཡུལ་གཅིག་འཛིན་པའི་ཚེ་དབང་ཤེས་གཞན་མི་སྐྱེ་བ་ཡིན་གྱི། ཉེར་ལེན་སྔ་མའི་ནུས་པ་ལས་མ་ཡིན་ནོ་ཞེ་ན། དེ་འཐད་པ་མིན་ཏེ་སྐབས་ལ་ལར་རྐྱེན་ཚང་བ་ན་འཇུག་ཤེས་དྲུག་པོ་ཅི་རིགས་པར་ཅིག་ཅར་འབྱུང་བའི་ཕྱིར་རོ། །འདི་ལྟར་འཇུག་ཤེས་རྣམས་ཡུལ་འཇུག་པ་མཚུངས་པར་སྐྱེ་བ་ལ་ཡང་ཡིད་གཅིག་པུ་ཉིད་དུ་མཚུངས་པའི་ཕྱིར་དུས་ཐམས་ཅད་ཀྱི་ཚེ་ན་ཡུལ་གཅིག་ལས་གཞན་རྟོགས་པར་མི་འགྱུར་ན་ཡང་མངོན་སུམ་གྱིས་བསལ་བ་ཡིན་ནོ། །མཚུངས་པར་འཇུག་པ་གང་ཡིན་ན། ཡུལ་གྱི་སྒོ་ནས་གསལ་མི་གསལ་ཉེ་རིང་སོགས་མི་མཉམ་པ་མེད་པ་དང་། ཡུལ་ལ་ལྟ་བ་པོའི་སྒོ་ནས་གཅིག་ལ་ལྷག་པར་དོན་དུ་གཉེར་ནས་ཡིད་གཏོད་པ་སོགས་ཀྱི་མི་མཉམ་པ་མེད་ན་འཇུག་པ་མཚུངས་པར་འགྱུར་རོ། །གཉིས་པ། བྱེ་བྲག་པ་ན་རེ། བདག་དང་ཡིད་གཉིས་པོ་ལྡན་པ་ཙམ་ལས་ནི་ཤེས་པ་རྣམས་སྐྱེ་ཡི་དེ་མ་ཐག་པ་ལ་ལྟོས་པ་མིན་ནོ་ཞེ་ནའང་ཤེས་པ་མ་ལུས་པ་ཅིག་ཅར་སྐྱེ་བར་འགྱུར་ཏེ། རྒྱུ་འགྱུར་མེད་རྟག་ཏུ་ཚངས་བས་སོ། །ཁོ་ན་རེ། བྱེད་པ་རྒྱུ་ཡིད་གཅིག་ལས་མེད་པའི་ཕྱིར་བྱ་བ་འབྲས་བུའང་གཅིག་ལས་དུ་མ་ལྷན་ཅིག་མི་བྱེད་དེ། སྐྱེས་བུ་གཅིག་གིས་གནས་སྐབས་ཀྱི་བྱ་བ་རེ་རེ་ལས་མང་པོ་གཅིག་ཅར་མི་བྱེད་པ་བཞིན་ཡིན་ནོ་ཞེ་ནའང་། དེར་མ་ངེས་ཏེ་གལ་ཏེ་ངེས་ན་ཅི་ལྟར་མར་མེ་གཅིག་སྐྱེས་བུ་དུ་མས་དུས་གཅིག་ཏུ་མཐོང་སྟེ། བྱེད་པ་རྒྱུ་མར་མེ་གཅིག་གིས་འབྲས་བུ་མིག་ཤེས་དུ་མ་སྐྱེད་པའི་བྱ་བ་བྱེད་པར་མཐོང་བའི་ཕྱིར་བྱ་བ་གཅིག་ཁོ་ནར་ངེས་པ་ནི་བྱེད་པ་གཅིག་ལས་མེད་པའི་ཕྱིར་ཞེས་པ་མ་ངེས་སོ། །གལ་ཏེ་རྒྱུ་གཅིག་པོ་དེས་


MR20_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་གང་དུ་བྱ་བ་གཅིག་ཁོ་ན་ལས་མི་བྱེད་པར་ངེས་ན། རྒྱུ་གཅིག་པོ་དེ་ལ་རིམ་གྱིས་ཀྱང་ཤེས་པ་དུ་མ་སྐྱེད་པའི་ནུས་པ་མེད་པར་འགྱུར་ཏེ། བྱེད་པོ་གཅིག་བྱ་བ་གཅིག་བྱེད་པའི་ངེས་པ་ཁས་བླངས་པ་གང་ཞིག བྱེད་པོ་གཅིག་པུ་དེ་ལ་ཕྱིས་ཀྱང་སྔར་དང་མི་འདྲ་བའི་བྱེ་བྲག་ཅུང་ཟད་ཀྱང་མེད་དེ་རྟག་པའི་ཕྱིར་རོ། །དེས་ན་དང་པོའི་གནས་སྐབས་ཁོ་ན་ལས་མི་གཡོ་བར་འགྱུར་རོ། །རིགས་པ་འདིས་རྒྱང་འཕེན་པས་ལུས་གཅིག་བློ་དུ་མའི་རྒྱུར་འདོད་པ་དང་། གྲངས་ཅན་པས་ཤེས་རིག་གི་སྐྱེས་བུ་བློའི་རྒྱུར་འདོད་པའང་མི་འཐད་པར་བཤད་པ་ཡིན་ཏེ། དེ་རྣམས་ལ་གནོད་པའི་རིགས་པ་མཚུངས་པའི་ཕྱིར་རོ། །གསུམ་པ། གལ་ཏེ་བྱེ་བྲག་པ་སོགས་བདག་གི་ཡོན་ཏན་འདུ་བྱེད་པ་ཞེས་པ་ལས་བློ་རེ་རེ་འབྱུང་བར་ངེས་ཀྱི་ཐམས་ཅད་ངེས་མེད་དུ་སྐྱེ་བ་མིན་ནོ་ཞེ་ན། དེ་འདྲའི་འདུ་བྱེད་ཅེས་པ་དེ་རྟག་པ་ཞིག་གམ་མི་རྟག་པ་ཞིག་ཡིན། དང་པོ་ལྟར་ན། གོང་དུ་བརྗོད་པའི་སྐྱོན་སོ་ན་གནས་ཤིང་། །གཉིས་པ་ལྟར། འདུ་བྱེད་དེ་སྔ་ན་མེད་པ་ཕྱིས་སུ་འབྱུང་ན་དེ་རྒྱུ་གང་ལས་བྱུང་བ་ཡིན། བློ་སྔ་མ་ཉིད་ལས་འབྱུང་ངོ་ཞེ་ན། བློ་ཡི་འདུ་བྱེད་པ་ལས་བློ་ཕྱི་མ་སྐྱེ་བ་ཡིན་མོད་དེ་ནི་འདོད་པ་ཉིད་གྲུབ་པ་ཡིན་ནོ། གཉིས་པ་བྱེ་བྲག་གཟུང་ནུས་ཉམས་པའི་ལན་འགོག་པ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ། བློ་སྔ་མ་ཕྱི་མའི་ཉེར་ལེན་ཡིན་ཡང་གཟུང་དོན་མིན་པར་གྱུར་ནས་ཤེས་པ་ཕྱི་མ་དོན་ལ་འཕོའོ་ཟེར་ན་མི་འཐད་དེ། གཟུང་བ་ལ་ནི་ཤེས་པས་གཟུང་དོན་ཡིན་པ་ཙམ་ཉིད་ཡུལ་ཅན་དེའི་སྐྱེད་བྱེད་ཡིན་པ་ལས་གཞན་པའི་གཟུང་བ་ཞེས་པ་ཅི་ཡང་ཡོད་པ་མིན་ལ། རང་འཛིན་ཤེས་པ་རང་འདྲའི་རྣམ་པར་དངོས་སུ་སྐྱེད་པར་བྱེད་པ་ཉིད་གཟུང་བའི་མཚན་ཉིད་ཡིན་གྱི། གཟུང་བ་ལས་


MR20_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་རང་འཛིན་སྐྱེད་བྱེད་དུ་གྱུར་པ་ནི་གང་ཡང་མེད་དོ། །དེས་ན་དེ་གཉིས་ཐ་དད་དུ་ཕྱེ་བར་མི་ནུས་ཤིང་། གང་ཤེས་པ་ལ་རང་ཉིད་སྣང་བ་ཡིན་ན་གཟུང་བ་མ་ཡིན་པ་མེད་ལ། ཤེས་པ་སྔ་མ་ཕྱི་མ་ལ་སྣང་དུ་རུང་བར་ནི་ཁྱོད་འདོད་ཅིང་ཤེས་པ་ཆ་མེད་པ་ལ་ཕྲ་བ་དང་རགས་པ་སོགས་ཀྱི་ཁྱད་པར་གྱིས་སྔར་དང་མི་འདྲ་བར་སྣང་མི་རུང་བའི་རྒྱུ་མཚན་ཡང་བཞག་ཏུ་མེད་ན་ཅིའི་ཕྱིར་འདི་གཟུང་བ་མ་ཡིན་པར་འགྱུར་ཏེ་དམ་བཅའ་ཙམ་དུ་ཟད་དོ། །སྣང་བ་གཟུང་བ་ཞེས་པ་འདི་ཡུལ་དབང་བར་གྱིས་སྣང་བས་མ་ངེས་ཞེ་ན། དེ་གཟུང་བ་ཡིན་ཞེས་པའི་ལན་དུའང་བཤད་པ་ཡོད་དོ། །གཉིས་པ་ལ། གཟུང་ལས་གཟུང་སྐྱེད་གཞན་མིན་བསྟན། །དེ་ལ་མ་ངེས་རྩོད་པ་སྤང་། །དང་པོ། ཕ་རོལ་པོ་ན་རེ། མྱང་བྱ་སྔ་བློའི་ནུས་པ་གཉིས་ཏེ། མྱོང་བྱེད་བློ་ཕྱི་མའི་གཟུང་དོན་དུ་གྱུར་པའི་ནུས་པ་དང་། ཕྱི་བློ་སྐྱེད་པའི་ཉེར་ལེན་གྱི་ནུས་པ་གཉིས་ལས། སྐབས་འགར་གཟུང་བའི་ནུས་པ་ཉམས་པར་འགྱུར་གྱི་བློ་ཕྱི་མ་སྐྱེད་པར་བྱེད་པའི་བདག་ཉིད་དུ་གྱུར་པའི་ནུས་པ་གཞན་ཉམས་པ་མིན་ནོ་ཞེ་ན། སྔ་བློ་དེ་བློའི་ཡུལ་ཡིན་ནམ་མིན། གལ་ཏེ་མིན་ན་ནི་སྔ་མ་རྣམས་ཀྱང་ཡུལ་དུ་མི་འགྱུར་ལ་ཡུལ་ཡིན་ཞིང་གཟུང་བའི་མཚན་ཉིད་ཡོད་པ་ཅན་ལ་ནི་གཟུང་བ་ཡིན་པ་དེ་ཙམ་ལས། སྐྱེད་བྱེད་ཀྱི་ནུས་པ་གཞན་དུ་གྱུར་པ་ཅི་ཡང་མེད་དེ། འདི་ལྟར་གཟུགས་སོགས་ཀྱང་གཟུང་བ་ཡིན་པ་ཙམ་གྱིས་རང་བློ་སྐྱེད་པ་དེ་ལྟ་མིན་པར་གྱུར་ན་ནི་གཟུགས་སོགས་རང་གི་ངོ་བོས་རང་འཛིན་གྱི་བློ་ལ་དངོས་སུ་ཕན་འདོགས་པ་མེད་པར་འགྱུར་ནའང་དེ་ལྟ་བུ་མ་ཡིན་པར་གཟུགས་རང་ཉིད་བློས་གཟུང་བར་བྱ་བའི་མཚན་ཉིད་ཡིན་པ་ཙམ་གྱིས་རང་བློ་བསྐྱེད་པ་ལས་གཟུགས་སོགས་འདི་ཡི་རང་བློ་སྐྱེད་པའི་ནུས་པ་དེ་ཡི་དངོས་པོར་ངེས་པ་སྐྱེ་བའི་རྒྱུ་གཞན་ཅི་


MR20_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡོད་དེ། གཟུང་བ་ཡིན་པ་ཙམ་གྱི་རང་བློ་མི་བསྐྱེད་ལ་གཞན་པའི་ནུས་པ་འདིས་སྐྱེད་དོ་ཞེས་ཚད་མས་དམིགས་པ་མི་སྲིད་དོ། །དེ་ལྟ་ན་ནང་གི་བློ་ཐམས་ཅད་ལའང་གཟུང་བའི་མཚན་ཉིད་དེ་ཡོད་པ་ཡིན་པ་དེ་ཡི་ཕྱིར་ཡུལ་ལ་འཕོ་ཁ་མའི་བློ་སྔ་མ་དེ་ཡང་གཟུང་བའི་མཚན་ཉིད་ཅན་དེ་ཉིད་དུ་རྣམ་པར་གནས་ཀྱི་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་ན་འདིའི་རང་འཛིན་གྱི་བློ་མི་བསྐྱེད་པ་རྒྱུ་མཚན་གང་གིས་ཡིན་ཏེ་བཞག་པར་མི་ནུས་སོ། །དེས་ན་སྔ་བློ་གཟུང་བ་ཡིན་ན་རང་འཛིན་པ་བློ་ཕྱི་མ་ཡི་ནི་ཉེར་ལེན་ཡིན་པ་དང་། དེས་མྱོང་བར་བྱ་བ་ཉིད་དུ་གྱུར་པ་ཡིན་པས་རང་རྒྱུད་ཀྱི་སེམས་སྔ་མ་ཉིད་ཀྱི་གཟུང་དོན་དུ་གྱུར་པའི་མཚན་ཉིད་ཡིན་དགོས་པར་ངེས་པའི་ཕྱིར་རོ། །ཕྱི་དོན་ལ་ནི་གཟུང་དོན་ཡིན་པ་ལས་ཉེར་ལེན་ཡིན་མི་དགོས་ལ། ནང་གི་བློ་དུས་མི་མཉམ་པའི་བློ་གཞན་གྱིས་མྱོང་བ་ལ་ནི་ཉེར་ལེན་མིན་པ་མྱོང་ཚུལ་མེད་པའི་ཕྱིར་རོ། །དེ་ཡང་ཉེར་ལེན་ཙམ་ནི་སྙོམས་འཇུག་ལས་ལྡང་སེམས་དེ་ཉེར་ལེན་དབང་པོ་གཟུགས་ཅན་ལས་སྐྱེ་བར་བྱེ་སྨྲས་འདོད་པས་དེ་ཁོ་ནས་གཟུང་བའི་མཚན་ཉིད་དུ་མི་འགྲོ་ལ། མྱོང་བ་ཙམ་ནི་གཞན་སེམས་ཤེས་པས་མ་ངེས་པར་འདོད་པས་མྱོང་བ་དང་ཉེར་ལེན་ཉིས་ཚོགས་ནང་རང་གི་སེམས་གཟུང་བ་ཡིན་པའི་མཚན་ཉིད་ལས་འོས་མེད་པར་དེ་དག་གི་ལུགས་ལ་གྲུབ་ཅེས་སོ། །གཉིས་པ་རྩོད་སྤང་ལ། གཟུང་མིན་གཟུང་བས་མ་ངེས་སྤང་། །གཟུང་བ་གཟུང་མིན་མ་ངེས་སྤང་། །དང་པོ། ཕྱི་དང་ནང་གི་གཟུང་བའི་མཚན་ཉིད་དེ་ལྟ་བུར་བཤད་པའི་དོན་འདི་མི་འཐད་དེ། ཕལ་པས་གཟུང་བྱ་མིན་པ་ཡང་གཟུང་བར་འགྱུར་བ་ཡོད་དེ། ཕྲ་བ་རྡུལ་དང་། དྭང་བ་དབང་པོ་གཟུགས་ཅན་དང་། ཆོད་པ་དང་བསྐལ་པའི་ཕྱི་དོན་རྣམས་ཀྱང་རྣལ་འབྱོར་པའི་གཟུང་དོན་དུ་


MR20_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། གཞན་གྱི་སེམས་ཀྱང་མཐོང་བའི་ཕྱིར་རོ་སྙམ་ན། ཕྱི་རོལ་གྱི་གཟུང་བ་གཟུགས་སོགས་དང་ནི། ནང་རང་གི་སེམས་ལ་དེ་ལྟར་གཟུང་བའི་རང་བཞིན་ཡིན་མིན་གྱི་མཚན་ཉིད་རྣམ་པར་དཔྱོད་པ་འདི་ནི་མ་དག་པའི་བློ་ཅན་ཕལ་པ་དག་གི་ཚུ་རོལ་མཐོང་བ་ལ་ལྟོས་ནས་དེའི་ཡུལ་དུ་འགྱུར་མི་འགྱུར་དཔྱད་ནས། འགྱུར་བ་ལ་གཟུང་དོན་དུ་བརྗོད་པ་ཡིན་གྱི་རྣལ་འབྱོར་པའི་དབང་དུ་བྱས་པ་མ་ཡིན་ཏེ། དབང་འདས་ཀྱི་དོན་མཐོང་ནུས་པ་སྤྱོད་ཡུལ་དག་པའི་རྣལ་འབྱོར་པ་རྣམས་ཀྱི་རྟོགས་པ་ཚུར་མཐོང་གིས་བསམ་གྱིས་མི་ཁྱབ་པ་ཡིན་པས་དེའི་མཐོང་ཚུལ་འདི་ལྟ་བུའོ་ཞེས་ཤེས་པར་མི་ནུས་ཏེ། རང་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་དམུས་ལོང་གིས་མིག་ལྡན་གྱི་སྤྱོད་ཡུལ་དཔྱད་པ་བཞིན་ནོ། །གཉིས་པ། སྔར་གཟུང་བ་ཡིན་ཀྱང་ཕྱིས་གཟུང་བྱ་མིན་པར་གྱུར་པ་ཡོད་དེ། ཉེ་བ་རིང་དུ་སོང་བ་དང་། རགས་བ་ཕྲ་བར་སོང་བ་དང་། བར་དུ་སྒྲིབ་པས་ཆོད་ནས་བསྐལ་བར་གྱུར་པའང་ཡོད་པས་སོ་སྙམ་ན་ཡང་། གཟུགས་སོགས་དེ་ལ་ཕྲ་བ་དང་སྒྲིབ་པ་སོགས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིས་སྔར་དབང་བློས་མངོན་སུམ་གཟུང་བ་ཡང་ཕྱིས་གཟུང་བར་བྱ་བ་མིན་པ་ཉིད་དུ་འགྱུར་སྲིད་ནའང་གཟུགས་སོགས་འཛིན་པའི་བློ་ལ་ནི་སྔར་མེད་པའི་ཁྱད་པར་གང་ཞིག་ཕྱིས་གསར་དུ་སྐྱེས་པ་ལས་གཟུང་བ་མིན་པར་འགྱུར་བ་ནི་ཅི་ཞིག་ཡོད་དེ། ཆ་མེད་པའི་ཤེས་པ་ལ་ཕྲ་རགས་སོགས་ཀྱི་ཁྱད་པར་མེད་པའི་ཕྱིར་དང་། དེ་ནམ་ཡང་དུས་མཐའི་སྐད་ཅིག་མ་ཙམ་དུ་སྐྱེ་བ་ལས་ཕྲ་རགས་མི་འདྲ་བ་གཞན་དང་གཞན་གྱི་ཁྱད་པར་མི་འཐད་པ་དང་། བློ་ཕྱི་མ་དང་བར་གཞན་གྱིས་མ་ཆོད་པར་རྟག་ཏུ་འབྱུང་བ་ཡིན་ན་རྟག་ཏུ་ཚུལ་གཅིག་ལས་ཉེ་བ་དང་རིང་བའི་ཁྱད་པར་མེད་པའི་ཕྱིར་གཟུང་བ་མིན་པར་འགྱུར་བའི་རྒྱུ་མཚན་ནམ་ཡང་མི་སྲིད་དོ། །


MR20_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དོན་བསྡུ། ཇི་སྐད་བཤད་པའི་ཚུལ་དེ་ཡི་ཕྱིར་རང་བློ་སྔ་མ་བློ་གཞན་ཕྱི་མས་འཛིན་པར་འགྱུར་ན་ནི་དེ་མ་ཐག་པའི་རྒྱུ་ཡི་སེམས་གང་ཡིན་པ་དེ་ཉིད་ཁོ་ན་རྟག་ཏུ་འཛིན་པར་འགྱུར་བ་དེས་ན་དེ་སྤངས་ནས་དོན་གཞན་ནམ་ཡང་རྟོགས་པར་མི་འགྱུར་རོ། །གཉིས་པ་གྲུབ་དོན་བཞག་པ་ནི། གཞན་དག་གཟུང་དོན་ལ་གཟུང་བའི་ནུས་པ་དང་ཉེར་ལེན་གྱི་ནུས་པ་ཐ་དད་དུ་མེད་པ་མི་འཐད་དོ་དངོས་པོ་རྣམས་ལ་ནུས་པ་དོན་གཞན་དུ་མ་ཡོད་པའི་ཕྱིར་རོ་སྙམ་པ་ནི་འཁྲུལ་བ་ཡིན་གྱི་རང་ལུགས་ལ། ནུས་པ་ཅན་ལས་རྫས་ཐ་དད་པའི་ནུས་པ་དུ་མ་དང་གཅིག་པ་ཞིག་གྲུབ་པ་མེད་ཀྱང་རྒྱུའི་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཀྱིའམ་ཆོས་ཉིད་ཀྱིས་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་པ་དང་། རྒྱུ་གཅིག་གིས་ཀྱང་འབྲས་བུ་དུ་མ་བྱེད་ཅེས་སྔར་ཡང་བརྗོད་ཟིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ཡིན་ནོ། །གལ་ཏེ་དངོས་པོ་གཅིག་ལ་ནུས་པ་དུ་མ་ཐ་དད་དུ་མེད་ན་རྒྱུ་གཅིག་ལས་འབྲས་བུ་མི་འདྲ་བ་དུ་མ་འབྱུང་བ་མིན་ནོ་ཞེ་ན། དེ་མ་ཡིན་ཏེ། ཉེར་ལེན་གྱི་དངོས་པོ་སྐད་ཅིག་སྔ་ཕྱི་ལྟ་བུ་འགའ་ཞིག་ནི་རྒྱུ་གཅིག་ལས་འབྲས་བུ་གཅིག་འབྱུང་བར་སྣང་ལ། དེ་ལ་བསམས་ནས་རྒྱུ་གཅིག་ལས་འབྲས་བུ་གཅིག་བྱུང་ངོ་ཞེས་བརྗོད་ཅིང་། འབྲས་བུ་ཐམས་ཅད་ཀྱང་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་དག་ལས་བྱུང་བ་ཡིན་གྱི་ཆ་མེད་པའི་རྒྱུ་གཅིག་ལས་འབྲས་བུ་གཅིག་ཁོ་ན་འབྱུང་བ་ནི་མཐོང་བ་མེད་པས་ན་རྒྱུ་དུ་མས་འབྲས་བུ་གཅིག་བྱེད་དོ་ཞེས་དང་། རྒྱུ་གཅིག་ཀྱང་འབྲས་བུ་སོ་སོ་ལ་ལྟོས་ནས་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་ཚོགས་པ་གཉིས་སུ་འགྱུར་བའི་ཕྱིར་འབྲས་བུའི་དབྱེ་བ་སོ་སོ་ལ་ཕན་འདོགས་བྱེད་དུ་གྱུར་པའི་ཆ་ནས་རྒྱུ་གཅིག་པུ་དེ་ནི་འབྲས་བུ་དུ་མ་བྱེད་ཅེས་བརྗོད་དེ། དེ་ལྟར་གཅིག་དང་དུ་


MR20_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མར་བརྗོད་པ་ལྟར་ནུས་པ་གཅིག་དང་དུ་མར་གྲུབ་པ་མ་ཡིན་ཀྱང་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་དངོས་པོ་དེ་རང་ཉིད་ཀྱིས་འབྲས་བུ་དེ་ལྟར་སྐྱེད་པ་ཙམ་དུ་ཤེས་ཀྱི་དངོས་པོ་ལས་ནུས་པ་ཐ་དད་པ་རེ་རེས་སོ་སོར་སྐྱེད་པ་མིན་ནོ། །གཉིས་པ་དོན་ཤེས་ཅིག་ཅར་འཛིན་པའི་ལུགས་འགོག་པ་ནི། གལ་ཏེ་བློ་སྔ་མ་གཅོད་པའི་བློ་ཕྱི་མ་གཞན་གྱིས་ཕྱི་རོལ་གྱི་དོན་དང་ནི་རྣམ་ཤེས་སྔ་མ་གཉིས་ཀ་ཅིག་ཅར་འཛིན་པར་འགྱུར་བས་ན་བློ་དང་དོན་གཉིས་ཀ་མ་མྱོང་བའི་སྐྱོན་མེད་དོ་ཞེ་ན། དོན་གཅིག་པུ་དེ་ཉིད་སྔ་ཕྱིར་ལན་གཉིས་སུ་སྣང་བ་ཅན་ཉིད་ཀྱི་ཕྱིར་ཡིད་ཀྱིས་དཔྱོ༷ད་པ་ཡུལ་ལ་རིམ་བཞིན་སྐྱེ་བ་དང་། ལ་སོགས་པའི་སྒྲས་དབང་པོའི་ཤེས་པ་དག་གི་ཡུལ་དོན་གཅིག་ལ་དམིགས་ཤིང་དུས་རྟག་ཏུ་ཅིག་ཅར་མིན་པར་རིམ་གྱིས་འབྱུང་བ་མཐོང་བ་ཡི། ཨ་ཨི་ལྟ་བུའི་བརྗོད་པ་ཉིད་ཀྱང་ཅིག་ཅར་རིམ་མིན་དུ་སྣང་བ་ཉིད་དུ་འགྱུར་ཞིང་། ཨ་ལྟ་བུ་སྔ་མ་གཅིག་པོ་དེ་ཉིད་ཀྱང་ལན་གཉིས་གཉིས་སུ་བློ་ལ་སྣང་བར་འགྱུར་ཏེ། ཨ་བདག་ཉིད་རིག་པ་ཤེས་པ་སྔ་མའི་དུས་སུ་སྣང་བ་དང་ཨ་ལ་དམིགས་པའི་ཤེས་པ་དེ་ཉིད་རིག་པ་ཕྱི་མའི་དུས་སུའང་ཨ་སླར་ཡང་སྣང་བའི་ཕྱིར་རོ། །ཤེས་པ་སྔ་མ་ནི་ཡུལ་གྱིས་ཁྱད་པར་དང་ཕྲལ་ནས་གཟུང་དུ་མེད་ལ། ཡུལ་ཅན་སྔ་མ་གསལ་བར་མྱོང་བ་ན་ཡུལ་ཡང་དེས་ཇི་ལྟར་དམིགས་པ་ལྟར་གསལ་གྱི་དེ་གཉིས་ལ་གསལ་མི་གསལ་དང་ཉེ་རིང་ཡོད་པར་མི་འགྱུར་རོ། །དེས་ན་རྟོག་པའི་བློ་ཡི་གེ་ལ་རིམ་བཞིན་དམིགས་པ་ན་ཡི་གེ་རེ་རེའང་སྔ་ཕྱིར་ལན་གཉིས་རེ་སྣང་ཞིང་། མིག་ཤེས་སྔ་མ་མྱོང་བའི་བློ་དེས་རང་དུས་ཀྱི་སྒྲ་ཡང་འཛིན་པས་ན་སྔར་གྱི་གཟུགས་དང་ད་ལྟའི་སྒྲ་ཡང་དུས་མཉམ་དུ་སྣང་བར་ཐལ་ལོ། །དེ་ཡན་ཆད་ཀྱིས་རང་རྒྱུད་ཀྱི་བློ་མ་གོད་པར་ཚང་བར་ཉམས་སུ་མྱོང་བའི་བློ་གཞན་ཡོད་པར་ཞེན་པའི་


MR20_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ངོར་བསྒྲུབས་ནས། ད་ནི་གཉིས་པ་ཤེས་པ་ཐ་མ་མི་མྱོང་བའི་ལུགས་དགག་པ་ལ། དངོས་དང་ཉེས་སྤོང་ལན་དགག་པའོ། །དང་པོ། ཇི་སྐད་བཤད་པ་དེ་ལྟར་དཔྱད་པས་རང་བློ་བློ་གཞན་གྱིས་འཛིན་ན་བར་མ་ཆད་པར་དོན་དང་ཤེས་པ་གཉིས་ཀ་མྱོང་མི་སྲིད་པའི་སྐྱོན་བཟློག་པར་དཀའ་བ་མཐོང་ནས། གལ་ཏེ་བློ་སྔ་མ་སྔ་མ་རིམ་བཞིན་མྱོང་ན་ཡང་རྒྱུན་གྱི་ཐ་མ་ཡུལ་གཞན་ལ་འཕོ་བ་ན་བློ་སྔ་མ་མྱོང་བའི་སྐད་ཅིག་ཐ་མ་དེ་ནི་བློ་གཞན་གྱིས་ཉམས་སུ་མྱོང་བ་མིན་པར་ཡུལ་ལ་འཕོ་སྟེ། རང་བློ་བརྒྱུད་མར་མྱོང་ན་ཡུལ་མྱོང་བ་གཏན་མི་སྲིད་དོ་ཟེར་ན། དེ་ལྟ་ན་ཐ་མ་དེ་ནི་ཁང་སྟོང་གི་བུམ་པ་ཡོད་ཀྱང་ཡོད་པར་མ་ཤེས་པ་ལྟར་རང་གིས་རྩ་བ་ནས་མྱོང་བ་མེད་པར་འགྱུར་ལ། དེར་མ་ཟད་ཇི་ལྟར་གཞན་གྱིས་ཉམས་སུ་མྱོང་བ་བཞིན་དུ་རང་གི་བློ་ཐམས་ཅད་ཀྱང་ཉམས་སུ་མྱོང་བ་མེད་པར་ཐུལ་བར་འགྱུར་ཏེ། ཐ་མ་མི་མྱོང་བ་ནི་ཡུལ་མྱོང་བས་ཡིན་ན་ཡུལ་མྱོང་བ་སྐྱེ་བཞིན་པའི་སྐབས་ན་བློ་མྱོང་མི་སྲིད་པས་ཡུལ་མྱོང་བའི་སྣང་བ་བར་མ་ཆད་པ་ཅན་གྱི་སྐྱེས་བུ་ལ་རང་བློ་གང་སྐྱེས་པ་ཐམས་ཅད་མ་མྱོང་བར་འདས་པར་གྱུར་པའི་ཕྱིར། བློ་རྣལ་དུ་མི་གནས་པའི་སྨྱོན་པ་ངེས་པ་གསལ་པོར་མི་སྐྱེ་བ་ལའང་ཁྱོད་ཀྱིས་ཅི་བྱས་ཞེས་དྲིས་ན་སྨྲར་མེད་པ་བཞིན་དུ་རྗེས་སུ་ཁོ་བོས་འདི་མཐོང་འདི་ཐོས་ཞེས་གཅིག་ཀྱང་དྲན་པ་མེད་པར་འགྱུར་བས་ཤིན་ཏུ་བཞད་གད་ཀྱི་གནས་སོ། །གཉིས་པ། གལ་ཏེ་རང་རིག་པ་མེད་ཀྱང་རང་རྒྱུད་ཀྱི་བློ་ཡིན་པའི་ཕྱིར་བདག་གི་མྱོང་བ་ནི་རང་གིས་མངོན་སུམ་ཡིན་ལ། གཞན་གྱིས་མྱོ༷ང་བར་འགྱུར་བ་ནི་རང་གིས་མངོན་སུམ་མ་ཡིན་པའི་ཕྱིར་རོ་ཞེ་ན། རྒྱུ་མཚན་གང་གིས་མངོན་སུམ་ཡིན་མིན་གྱི་ཁྱད་པར་དེ་སྐད་བརྗོད་པར་འགྱུར་བ་ཡི་དམ་བཅའ་ཙམ་སྨྲ་ཤེས་ཀྱང་། རང་རིག་


MR20_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་ན་རང་རྒྱུད་ཀྱི་བློ་ཡིན་པ་ཙམ་གྱིས་རང་ལ་མངོན་སུམ་དུ་གྱུར་པའམ་བདག་གིས་ཉམས་སུ་མྱོང་བ་དེ་གང་ལས་གྲུབ་པ་ཡིན་ཏེ། རང་གི་མིག་ཡིན་ཀྱང་རང་གིས་མ་མཐོང་བ་བཞིན་དུ་རང་མི་རིག་པར་ཁྱོད་འདོད་པ་མིན་ནམ། གང་མ་མྱོང་བ་དེ་འདི་ལྟ་བུའོ་ཞེས་ངེས་པའི་ཚུལ་གྱིས་དྲན་པར་བྱེད་དུ་ཡོད་དམ་བསམ་པར་གྱིས་ཤིག །ཁོ་ན་རེ། མིག་རང་གིས་རང་མ་མཐོང་ཡང་བདག་གི་མིག་གསལ་མི་གསལ་ཞེས་རང་གིས་རྟོགས་ནུས་པ་བཞིན་དུ་རང་རིག་དང་རང་གསལ་བ་མེད་ཀྱང་གཞན་རིག་ཅིང་གསལ་བའི་སྒོ་ནས་རང་གི་ཤེས་པ་རྟོགས་ནུས་སོ་སྙམ་ན། མིག་དབང་ནི་ཤེས་པ་གསལ་བའི་རྒྱུ་ཡིན་པའི་ཕྱིར་རང་རིག་པ་དང་གསལ་བའི་ངོ་བོར་མ་གྲུབ་པར་ཡང་འབྲས་བུ་ཤེས་པ་ལ་བརྟེན་ནས་གསལ་ཞེས་པའི་ཐ་སྙད་ཐོབ་པར་འགྱུར་གྱི་གསལ་བར་འདོད་པའི་སྟེ། ཡུལ་སྔོ་སོགས་གསལ་བའི་སྒོ་ནས་ཤེས་པ་ལ་མི་ལྟོས་པར་འདི་གསལ་བ་ཉིད་དུ་རྟོགས་པ་མིན་ཏེ། ཤེས་པ་གསལ་བ་ཉིད་སྐྱེས་པར་མ་གྱུར་ན་མིག་བེམ་པོའི་རང་བཞིན་ལ་གསལ་བ་ཇི་ལྟར་ཡོད་དེ། མར་མེས་བུམ་པ་གསལ་བ་ལྟ་བུའི་གསལ་ཚུལ་དང་བློས་ཤེས་པ་གསལ་བ་ལྟ་བུའི་གསལ་ཚུལ་གང་ཡང་དེ་ལ་མི་སྲིད་པས་སོ། །གལ་ཏེ་ཆོས་གང་ཞིག་རང་གི་ངོ་བོ་གསལ་བར་མ་གྲུབ་ཀྱང་རང་ཡོད་ཙམ་གྱིས་གཞན་གསལ་ན་འགྲོ་བ་འདི་ཀུན་ལ་མི་གསལ་བ་གཅིག་ཀྱང་མེད་པར་ཐམས་ཅད་གསལ་བར་འགྱུར་ཏེ། དངོས་པོ་ཡིན་ནོ་ཅོག་ཀྱང་གཞན་ཐམས་ཅད་ཀྱི་གསལ་བྱེད་དུ་འགྱུར་ཏེ་རང་མ་གསལ་ཀྱང་གཞན་གསལ་བར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ། །དེས་ན་བདག་གི་མིག་གསལ་ལོ་སྙམ་པ་ནི་དེ་ལས་སྐྱེས་པའི་ཤེས་པ་གསལ་བ་ཉིད་རང་རིག་པས་ཉམས་སུ་མྱོང་བའི་མཐུས་ཡིན་


MR20_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། གཞན་དུ་གཞན་གྱི་མིག་བཞིན་དུ་དེ་གསལ་མི་གསལ་སུ་ཞིག་གིས་རྟོགས་པར་ནུས། དེ་ལས་སྐྱེས་པའི་ཤེས་པ་གསལ་བ་དེ་ཡང་རང་རིག་པས་མ་མྱོང་ན་གསལ་བར་མི་རྟོགས་ལ། མ་རྟོགས་ན་རྒྱུ་དབང་པོའི་ཁྱད་པར་ཡང་རྟོགས་པར་མི་ནུས་ཏེ་དབང་པོ་རང་ཉིད་ནི་ལྐོག་གྱུར་ཡིན་པའི་ཕྱིར་རོ། །དེས་ན་ཉམས་སུ་མྱོང་བའི་ཐ་སྙད་ཐམས་ཅད་ནི་རང་གསལ་བའི་བློ་ཉམས་སུ་མྱོང་བ་རང་རིག་ལས་གྲུབ་པ་ཁོ་ནར་ཤེས་པར་བྱའོ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་མངོན་སུམ་གྱི་ལེའུའི་འགྲེལ་བ་བཤད་པའི་སྐབས་ཏེ་གསུམ་པའོ།། །།དེ་ལྟར་ཐ་སྙད་ཀྱི་དངོས་པོའི་གནས་ཚུལ་མ་ནོར་བར་གཏན་ལ་ཕབ་པའི་རང་དོན་རྗེས་སུ་དཔག་པ་དང་། མངོན་སུམ་དང་བཅས་པའི་འཐད་པ་སྒྲུབ་པའི་རིགས་པ་ལེགས་པར་སྔོན་དུ་སོང་ནས། ད་ནི་རང་གིས་ཇི་ལྟར་རྟོགས་པའི་དོན་གཞན་ལ་རྗེས་སུ་དཔག་པའི་སྒོ་ནས་བསྟན་པར་བཞེད་པས་གཞན་དོན་རྗེས་དཔག་བཤད་པ་ལ། སྒྲུབ་ངག་སྤྱི་ཡི་མཚན་ཉིད་བསྟན། །ཇི་ལྟར་སྒྲུབ་ཚུལ་ཕྱེ་སྟེ་བཤད། །དང་པོ་ལ། རང་གིས་མཐོང་བ་སྨོས་པའི་དོན། །དོན་ཞེས་སྨོས་པའི་དགོས་པ་བཤད། །རབ་གསལ་བྱེད་ཀྱི་དོན་སྨོས་པའོ། །དང་པོ་ལ། ལོག་རྟོག་སྤོང་བའི་དགོས་པ་བསྟན། །དེ་ཡི་འཐད་པ་ལེགས་པར་བསྒྲུབ། །དང་པོ། ཡང་དག་པའི་དོན་སྒྲུབ་པ་དང་ནོར་བའི་ལམ་ངན་པ་སུན་འབྱིན་པའི་ངག་དངོས་སྟོབས་ཀྱི་རིགས་པ་དང་ལྡན་པར་བརྗོད་པའི་སྒོ་ནས་གཞན་གྱི་འཁྲུལ་བ་སེལ་ཞིང་ཡང་དག་པའི་སྣང་བ་སྐྱེད་པ་ནི་ཇི་སྐད་དུ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཆོས་བཟང་རིགས་པས་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་


MR20_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱིས་བར་ཆད་བྱེད་པ་མེད། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པ་དང་ཚུལ་མཐུན་པར་སྒྲུབ་དང་སུན་འབྱིན་གྱི་ཚུལ་ལས་བརྩམས་ནས་སྟོན་པ་ལ། སྒྲུབ་ངག་སྤྱིའི་ཚུལ་ཇི་ལྟ་བུ་ཞེ་ན། ཚད་མ་མདོ་ལས། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་གསུངས་པས་བློ་སྐྱོན་དོན་སྐྱོན་སྒྲ་སྐྱོན་གསུམ་བསལ་བའི་ཚིག་གི་དོན་རིམ་པར་འཆད་པ་ལ། སྤྱིར་གཞན་དོན་རྗེས་དཔག་གི་སྐབས་འདིར་རང་གི་མཐོང་དོན་རབ་ཏུ་གསལ་བར་བྱེད་པ་དངོས་རྗེས་སུ་དཔག་པ་ནི་འབྲས་བུ་ཡིན་ལ། དེ་རྒྱུ་ངག་གི་མིང་དུ་བཏགས་པ་དེ་ལྟ་ན་རི་དྭགས་རྒྱུག་པ་ལ་ལྟོས་ཞེས་པ་ལྟ་བུ་གཞན་དོན་མངོན་སུམ་ཡང་ཡོད་པར་འགྱུར་ཏེ། རྒྱུ་ངག་དེས་འབྲས་བུ་རི་དྭགས་མཐོང་བའི་མངོན་སུམ་སྐྱེད་དོ་སྙམ་ན། ཚིག་ཙམ་ལས་མངོན་སུམ་སྐྱེད་པ་ནམ་ཡང་མེད་དེ། ཡོད་ན་དམུས་ལོང་ལ་དུང་དཀར་པོར་བརྗོད་པས་མངོན་སུམ་སྐྱེད་པར་ཐལ་ལོ། །དེས་ན་རི་དྭགས་རྒྱུགས་པ་ལ་ལྟོས་ཞེས་པ་ལྟ་བུའི་ཚིག་ལས་རྗེས་དཔག་དངོས་སུ་སྐྱེ་ཞིང་། ངེས་རི་དྭགས་རྒྱུག་པ་དངོས་སུ་མཐོང་བའི་མངོན་སུམ་ཐོབ་པ་ཡོད་ཀྱང་། སྔོན་དུ་རྗེས་དཔག་བསྐྱེད་པའི་ཕྱིར་གཞན་དོན་རྗེས་དཔག་ཅེས་བྱ་བར་ངེས་པ་ཡིན་ནོ། །དེ་ལ་ཚུལ་གསུམ་པའི་རྟགས་བརྗོད་པ་གཞན་དོན་རྗེས་དཔག་ཡིན་ན་རང་གི་མཐོང་བ་སོགས་ཅིའི་ཕྱིར་སྨོས་ཟེར་ན། ཐོག་མར་རང་གི་མཐོང་བ་ཞེས་སྨྲོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཕ་རོལ་གྱི་ལོག་རྟོག་ཟློག་པའི་དོན་ཅན་ཡིན་པའི་ཕྱིར། ཇི་ལྟར་ན། གཞན་ཕ་རོལ་པོ་ལ་བསྒྲུབ་བྱའི་དོན་བསྟན་ཞིང་རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རྒོལ་བ་བདག་ཉིད་ཀྱིས་


MR20_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མས་མཐོང་བ་མིན་ཡང་ཕྱིར་རྒོལ་བ་གཞན་དག་གིས་ཁས་བླངས་པའམ་དེ་དག་གིས་འདོད་པའི་ལུང་ལས་གྲུབ་པས་ན། དེས་མཐོང་བ་ཡང་རྒོལ་བ་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་དེའི་སྒྲུབ་བྱེད་ཡིན་པ་ཉིད་དོ་ཅེས་གྲངས་ཅན་པ་ཁ་ཅིག་གིས་སྨྲ་བའི་ལོག་རྟོག་དེ་སྤང་བའི་ཕྱིར་སྒྲུབ་བྱེད་མཁན་པོ་བདག་ཉིད་ཀྱིས་མཐོང་བ་ཞེས་བྱ་བའི་ཚིག་སྨོས་པ་ཡིན་ཏེ། རང་ཉིད་ཀྱིས་སྒྲུབ་བྱེད་དུ་རུང་བར་མཐོང་བ་མིན་ན་གཞན་ལ་གྲགས་པ་ཙམ་གྱིས་ཅི་ཡང་སྒྲུབ་མི་ནུས་པའི་ཕྱིར་རོ། །དེ་ཡང་གྲངས་ཅན་པ་ན་རེ། བློ་དང་བདེ་བ་ཆོས་ཅན། སེམས་མེད་པ་ཡིན་ཏེ། སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར། །དཔེར་ན་གཟུགས་སོགས་དེ་ཙམ་ལྔ་བཞིན་ནོ། །ཞེས་བཀོད་པ་ལ། དེའི་རྟགས་ཆོས་གཉིས་ཀ་མཐུན་དཔེའི་སྟེང་དུ་སངས་རྒྱས་པའི་ལུང་ལས་ཁས་བླངས་པ་དང་རྟགས་དེ་ནི་སྐྱེ་འཇིག་ཅན་བློ་དང་བདེ་བ་ལ་སངས་རྒྱས་པའི་ལུང་ལས་གྲུབ་ཅིང་། སེམས་པ་ཅན་སྐྱེས་བུ་ནི་རྟག་པའི་ཕྱིར་སྐྱེ་འཇིག་མེད་པ་གྲངས་ཅན་རང་ཉིད་ཀྱིས་ཁས་ལེན་ལ། དེ་འདྲའི་སྐྱེས་བུ་དེ་བཅིང་གྲོལ་གྱི་གཞིར་གྱུར་ཅིང་ལུས་འདོར་ལེན་བྱེད་པའི་བདག་ཡིན་པར་འདོད་དོ། །དེ་ལ་བློ་དང་བདེ་བ་གསར་དུ་སྐྱེ་བ་དང་གཏན་དུ་འཇིག་པ་ཅན་དུ་སེར་སྐྱ་པ་རང་ལ་མ་གྲུབ་ན་སངས་རྒྱས་པས་དེ་ལྟར་ཁས་བླངས་པ་ཙམ་ཞིག་གིས་སྐྱེ་འཇིག་ཅན་དུ་གྲུབ་པར་འགྲོ་བའི་རྒྱུ་མཚན་ཁོ་རང་གིས་མཐོང་བ་མེད་པས་སྒྲུབ་བྱེད་ཡང་དག་ཏུ་མི་འགྲོ་ལ། གལ་ཏེ་སྐྱེ་འཇིག་ཅན་དུ་གྲུབ་ན་ཡང་དེས་སེམས་མེད་པར་མི་འགྲུབ་སྟེ། སེམས་ལྡན་ལ་སྐྱེ་འཇིག་མེད་པ་ནི་གྲངས་ཅན་གྱི་ཞེ་འདོད་ཁོ་ནས་ཡིན་གྱི་དངོས་པོ་ལ་མ་ཡིན་ཏེ་སེམས་པ་ཉིད་མི་རྟག་པའི་ཕྱིར་རོ། །དེས་ན་རྟགས་དེ་འདྲས་གང་ཡང་སྒྲུབ་མི་


MR20_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཡིན་ཀྱང་རེ་ཞིག་སྐབས་འདིར་རང་གིས་མ་མཐོང་ལ་གཞན་གྱིས་མཐོང་བའམ་འདོད་པ་ཙམ་རང་གི་ཞེ་འདོད་ཀྱི་སྒྲུབ་བྱེད་དུ་མི་རུང་བའི་ཆ་ནས་སྐྱོན་སྟོན་པ་ཡིན་ནོ། །གཉིས་པ་གཞན་གྱིས་མཐོང་བ་ཙམ་སྒྲུབ་བྱེད་དུ་མི་རུང་བ་དེའི་འཐད་པ་བསྒྲུབ་པ་ལ། མདོར་བསྟན་རྒྱས་བཤད་རྩོད་སྤོང་གསུམ། །དང་པོ། རང་གིས་ཚད་མས་མཐོང་བ་མིན་ན་ཅིའི་ཕྱིར་སྒྲུབ་བྱེད་དུ་མི་རུང་སྙམ་ན། གང་རང་གི་ཚད་མས་མ་མཐོང་བ་གཞན་གྱི་ལུགས་ལ་གྲགས་པ་ཙམ་ནི་དེ་དག་གི་ལུང་ལས་བཤད་པ་ཙམ་དུ་ཟད་ལ། དེ་དེ་བཞིན་དུ་ངེས་པའི་ཚད་མ་རང་རྒྱུད་ལ་མ་སྐྱེས་ན་ཚད་མའི་སྟོབས་ཀྱིས་དགག་སྒྲུབ་བྱེད་པ་མིན་པར་ལུང་ཙམ་གྱིས་བྱེད་པར་འགྱུར་ན་དེ་མི་རིགས་ཏེ། དང་པོར་དཔྱད་པ་གསུམ་གྱི་ཚད་མས་ཡོངས་སུ་བརྟགས་ནས་ཡོངས་སུ་དག་པའི་ལུང་དེ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་ལུང་ཡིན་པར་ཁས་འཆེས་ནས་ལུང་དེ་ཡོངས་སུ་ལེན་པ་ཡིན་པའི་ཕྱིར་རྗེས་དཔག་གིས་ལུང་དག་པར་འགྱུར་གྱི་ལུང་ལས་རྗེས་དཔག་དག་པར་མི་འགྱུར་ལ། གཞལ་བྱ་གསུམ་པར་དཔྱོད་པ་ན་དག་པའི་ལུང་ལ་ལྟོས་ཀྱི་གཞན་དུ་རྗེས་སུ་དཔག་པའི་ཡུལ་ལ་ལུང་གི་ཚིག་ཙམ་ཚད་མ་ཉིད་དུ་འདོད་པ་མ་ཡིན་ཏེ། མིག་ལྡན་གྱི་མདུན་འདིར་བུམ་པ་ཡོད་མེད་དཔྱོད་པ་ལ་རྣལ་འབྱོར་པ་ལ་ལྟོས་མི་དགོས་པ་བཞིན་ནོ། །གལ་ཏེ་རྗེས་སུ་དཔག་བྱའི་ཡུལ་ལ་ལུང་གི་ཚིག་ཙམ་ཚད་མར་གྱུར་ན་འགལ་བ་ཅན་གྱི་ལུང་སྣ་ཚོགས་ནས་བཤད་པ་མཐའ་དག་གི་དོན་དེར་ནི་འཐད་དང་མི་འཐད་རྟོག་པའི་རྗེས་དཔག་འཇུག་བར་མི་འགྱུར་ཏེ། ཚིག་ཙམ་གྱིས་དོན་དེ་གྲུབ་པའི་ཕྱིར་རོ། །དེ་ལྟ་ནའང་ཕྱི་ནང་སོ་སོའི་ལུང་ནི་དོན་སྣ་ཚོགས་པ་ཉིད་ཀྱི་ཕྱིར་ལུང་ནས་བཤད་ཚད་དོན་ལ་གྲུབ་ན་བདེན་རྫུན་གང་ཡང་དབྱེ་བསལ་


MR20_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པས་ལུང་དོན་ལ་རྗེས་དཔག་འཇུག་ཅིང་། ཞུགས་ན་རྗེས་དཔག་གི་ཡུལ་ལ་ལུང་ཙམ་ཚད་མར་མི་འགྱུར་རོ། །གཉིས་པ་ལ། གཞན་ལུང་གིས་རང་འདོད་མི་འགྲུབ། །རང་ལུང་དངོས་སྟོབས་མེད་ན་མིན། །དང་པོ་ལ། རིགས་པ་བརྗོད་དང་དེ་ལན་དགག །དང་པོ། ནང་པ་སངས་རྒྱས་པའི་ལུང་ལས་བློ་དང་བདེ་བ་སེམས་སུ་བསྒྲུབ་པའི་དོན་ལ་གནོད་པར་བྱ་བའི་ཕྱིར་དེ་ལས་གཞན་དུ་གྱུར་པ་བློ་བདེ་སེམས་མེད་དུ་སྒྲུབ་པ་ལ་ནི་སངས་རྒྱས་པའི་ལུང་སྒྲུབ་བྱེད་དུ་བརྗོད་པའི་ཕྱིར་གཞན་སངས་རྒྱས་པའི་ལུང་དེ་འདྲས་གྲངས་ཅན་རང་གི་ཞེ་འདོད་སྒྲུབ་པ་དེ་ཡི་ཚེ་གྲངས་ཅན་རང་གི་ངོར་ལུང་ཡང་དག་མིན་པར་འདོད་པ་སངས་རྒྱས་པའི་ལུང་དེ་ནི་ཚད་མར་འོས་པ་མིན་པ་དེ་བས་ན་ལུང་དེས་གྲུབ་པ་མ་ལུས་པ་ཡང་དག་པར་གྲུབ་པ་མ་ཡིན་པར་ཐལ་ཏེ། མི་རྫུན་ཅན་དུ་ཁས་བླངས་ནས་དེའི་ངག་གིས་སྒྲུབ་བྱེད་འདོད་པ་བཞིན་ནོ། །གཉིས་པ་ལ། མ་བརྟགས་ལུང་ཙམ་སྒྲུབ་བྱེད་མིན། །ཞེན་ངོར་ཡང་ནི་མ་གྲུབ་ཚུལ། །དང་པོ། གལ་ཏེ་ལུང་དེ་ལྡན་པ་ཁས་ལེན་པ་དེ་དག་ལ་གྲུབ་བོ་ཞེ་ན། གང་ཟག་གང་གི་ལུང་འདིའོ་ཞེས་པའི་འབྲེལ་བ་རང་བཞིན་གྱིས་ལྡན་པ་གང་ཡིན་ཏེ་ལུང་དང་སྐྱེས་བུ་ལ་རང་བཞིན་གྱིས་འབྲེལ་བ་མེད་ལ། རྗེས་སུ་དཔག་པས་ལུང་དོན་ལ་དཔྱད་པའི་སྐབས་འདིར་གལ་ཏེ་ཚད་མས་གནོད་པར་གྱུར་པ་ཡི་ལུང་དེ་གང་ཟག་དཔྱོད་པ་པོ་དེ་ལ་ཅི་ལྟར་གྲུབ་པ་ཡིན་ཏེ་མ་གྲུབ་ལ། དེ་ལྟ་ན་དེ་དང་ལྡན་པ་གྲུབ་ཅེས་པ་དོན་མེད་དོ། །དེས་ན་ཁྱོད་སངས་རྒྱས་པའི་ལུང་ཚད་མ་མིན་པར་འདོད་པས་ན་ཚད་མ་མིན་ན་དེ་ཁས་ལེན་པ་ལ་ལྡན་ཅེས་སུའང་མི་རུང་ངོ་། །གཉིས་པ། ལུང་དེ་ཚད་མ་མིན་ཡང་མི་ཤེས་པར་ཞེན་པས་ཁས་ལེན་པའི་ངོར་ལུང་དེས་གྲུབ་སྙམ་ན་མ་ཡིན་ཏེ། སངས་རྒྱས་པའི་ལུང་ལས་བཤད་པའི་


MR20_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཇིག་སོགས་ཞེན་པས་ཁས་ལེན་ན་བློ་བདེ་སེམས་མེད་ཡིན་པར་ཡང་ཁས་ལེན་པ་དེ་དང་འགལ་བ་བློ་བདེ་སེམས་སུ་ཁས་ལེན་པ་དེ་ཉིད་ཀྱིས་ནི་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཇི་ལྟར་འགྲུབ་པར་འགྱུར་ཏེ་མི་འགྱུར་བ་ཡིན་ལ། གལ་ཏེ་སྐྱེ་འཇིག་ཁས་བླངས་པའི་རྟགས་ལས་སངས་རྒྱས་པའི་ལུང་དེ་ཡི་དོན་ལས་གཞན་པ་གྲངས་ཅན་པའི་འདོད་པ་ཁས་ལེན་ན་སངས་རྒྱས་པའི་ལུང་དེ་དོར་བྱ་ཡིན་པས་སྒྲུབ་པའི་ཡན་ལག་ཚད་མ་མིན་པར་འགྱུར་རོ། །དེས་སངས་རྒྱས་པས་ཁས་བླངས་པ་དེ་སྒྲུབ་བྱེད་ཚད་མ་ཡིན་ན་བློ་བདེ་སེམས་སུའང་ལུང་གིས་འགྲུབ་ལ། ལུང་དེ་ཚད་མ་མིན་ན་བློ་བདེ་སེམས་མེད་དུ་ལུང་དེས་མི་འགྲུབ་པས། རྟགས་དང་བསྒྲུབ་བྱ་གང་རུང་འཇིག་པའི་ཕྱིར་བསྒྲུབ་བྱ་འགྲུབ་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་མེད་པར་ཕ་རོལ་གྱི་ཁས་བླངས་ཙམ་ལ་རེ་བ་ནི་ཁོ་བོས་ཁྱོད་གསོད་ཀྱིས་ཁྱོད་ཀྱིས་ཁོ་བོའི་མགོན་མཛོད་ཅིག་ཅེས་པ་ལྟར་བཞད་གད་ཀྱི་གནས་སོ། །གཉིས་པ་ལ། དོན་ལ་འཐད་ན་སྒྲུབ་བྱེད་དགོས། །སྒྲུབ་བྱེད་མེད་ན་དེ་མི་འགྲུབ། །དང་པོ་ལ། སྒྲུབ་བྱེད་ཡོད་ན་སྟོན་པར་རིགས། །སྟོན་དུ་མེད་པའི་གཞན་ལན་དགག །དང་པོ། གྲངས་ཅན་པ་རང་ཉིད་ཀྱིས་བློ་བདེ་སེམས་མེད་དུ་ངེས་པར་རྟོགས་པའི་བློ་དེ་རྒྱུ་མཚན་གང་ལས་བྱུང་བར་གྱུར་པ་ཡི་སྒྲུབ་བྱེད་དེ་ནི་ནང་པ་སངས་རྒྱས་པ་ལ་ཅིས་མ་བརྗོད་དེ། རང་གི་ངོར་ཚད་མར་མ་གྲུབ་པ་སངས་རྒྱས་པའི་ལུང་གི་སྒྲུབ་བྱེད་ཀྱིས་ཅི་ཞིག་བྱ། གལ་ཏེ་ཁོ་བོ་ཅག་ལུང་ལ་བརྟེན་ནས་དེ་ལྟར་འདོད་ལ་ལུང་ཁྱེད་ཀྱིས་ཁས་མི་ལེན་པའི་ཕྱིར་མ་བརྗོད་དོ་ཞེ་ན། ཁྱེད་ཀྱི་ལུང་ལས་དེ་ལྟར་བཤད་པ་ནི་བདེན་ཏེ་འོན་ཀྱང་ཁྱོད་ཀྱིས་སངས་རྒྱས་པའི་ལུང་མི་བདེན་ལ། སེར་སྐྱ་པའི་ལུང་བདེན་པའི་རིགས་པ་གང་གིས་གྲངས་ཅན་པའི་ལུང་ཚད་མར་འཛིན་པ་ཡིན་ན། རིགས་


MR20_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སྟོན་ཅིག་དང་དངོས་སྟོབས་ཀྱིས་གྲུབ་པའི་རིགས་པ་དེ་ནི་སངས་རྒྱས་པ་འདིས་ཀྱང་ཅིས་མི་འཛིན་ཏེ། རིགས་པས་གྲུབ་པ་ལ་སུས་ཀྱང་གཞན་དུ་བྱར་མེད་པའི་ཕྱིར་རོ། །རིགས་པ་མེད་ན་ནི་གཟུང་བྱ་ཉིད་ཀྱང་མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །གཉིས་པ། ཚུ་རོལ་མཐོང་བའི་ཡུལ་དུ་གྱུར་པའི་རིགས་པ་བསྟན་དུ་མེད་ཀྱང་དེ་མེད་པ་མ་ཡིན་ཏེ་རྣལ་འབྱོར་མངོན་སུམ་གྱིས་མཐོང་བ་ཡིན་པས་རིགས་པས་གཞན་དུ་བྱར་མེད་དོ་ཞེ་ན། དེ་ལྟར་ཡིན་དུ་ཆུག་མོད་དེ་འདྲའི་རྣལ་མངོན་དེ་རྒྱུ་མེད་གློ་བུར་དུ་འབྱུང་མི་སྲིད་པས་ན། དེ་འདྲའི་རྣལ་མངོན་མེད་པའི་སྔར་ནི་སྒྲུབ་བྱེད་ཀྱི་ཐབས་དམ་པ་གང་དག་གིས་ཐ་མལ་པར་གྱུར་པ་ཚུ་རོལ་མཐོང་བ་ཙམ་ལ་གནས་ཤིང་། དབང་འདས་ཀྱི་དོན་མཐོང་མི་ནུས་པའི་སྐབས་ན་སྒྲུབ་བྱེད་དེ་ཤེས་ཤིང་གོམས་པ་ལས་ཕྱིས་སུ་རྣལ་འབྱོར་པར་གྱུར་ནས་དབང་འདས་ཀྱི་དོན་དེ་རྟོགས་པ་དང་། རྟོགས་བྱེད་རྣལ་འབྱོར་པའི་དབང་པོ་དེ་ལྟ་བུ་འབྱུང་བའི་སྒྲུབ་བྱེད་ཀྱི་ཐབས་དེ་དག་དབང་འདས་དེའི་དོན་མཐོང་བར་བྱེད་པ་ལ་ནུས་པ་ཡོད་པར་ཤེས་པ་ལ་རྣལ་མངོན་གྱིས་དེ་འདྲའི་དོན་མཐོང་བར་སྒྲུབ་ནུས་པ་ཡིན་གྱི། དེ་འདྲའི་རྣལ་མངོན་འབྱུང་དུ་རུང་བར་མི་དཔོག་པ་ལ་རྣལ་མངོན་གྱིས་དེ་མཐོང་ངོ་ཞེས་པས་གང་ཡང་མི་འགྲུབ་སྟེ། འགྲུབ་ན་མོ་གཤམ་གྱི་བུ་ལ་སོགས་པའང་ཡོད་དེ། རྣལ་མངོན་གྱིས་མཐོང་བའི་ཕྱིར། ཞེས་བརྗོད་པས་འགྲུབ་པར་འགྱུར་རོ། །ཁོ་བོ་ཅག་གི་ཡང་ཐར་པ་ལྐོག་ཏུ་གྱུར་པ་འདི་ལའང་འཁོར་རྒྱུ་མ་རིག་པ་དང་སྲེད་པ་གཉིས་དང་འགལ་བའི་སྟོང་ཉིད་ཀྱི་ལྟ་བ་ལ་བརྟེན་ནས་ཐར་པ་སྒྲུབ་བྱེད་ཀྱི་ལམ་དངོས་སྟོབས་ཀྱིས་སྒྲུབ་པ་ཡིན་ནོ། །གཞན་ཡང་བསྐལ་པའི་དངོས་པོ་ལ་སོགས་པ་སྣང་དུ་རུང་བ་ཡོད་ན་རྣལ་འབྱོར་པའི་མཐུས་


MR20_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ལ་གནོད་པ་མེད་ཅིང་། དེ་འདྲའི་བསམ་གཏན་སོགས་རྣལ་མངོན་ལ་སྒྲུབ་བྱེད་ཡོད་ཀྱང་། བློ་བདེ་སེམས་སུ་མངོན་སུམ་མཐོང་བ་འདི་ལ་ད་ལྟ་མི་མཐོང་བའི་རྒྱུ་མཚན་དང་ཕྱིས་སུ་མཐོང་བའི་རྒྱུ་མཚན་དངོས་སྟོབས་ཀྱིས་གྲུབ་པ་མི་སྲིད་པས་ན། མོ་གཤམ་གྱི་བུ་མཐོང་བའི་རྣལ་འབྱོར་མངོན་སུམ་སྐྱེ་མི་སྲིད་པ་བཞིན་འདི་ལ་སྒྲུབ་བྱེད་མེད་པས་གནོད་དོ། །ཚིག་བཅད་འདི་གོ་སླ་བར་བསྡེབ་ན། །སྔར་ནི་ཐ་མལ་པར་གྱུར་པས། །སྒྲུབ་བྱེད་གང་གིས་དབང་པོ་དང་། །རྟོགས་པ་འབྱུང་བའི་སྒྲུབ་དེ་དག །དེའི་དོན་ནུས་ཤེས་ལ་ནུས་ཡིན། །ཞེས་པའི་དོན་ཏེ། མདོར་ན་རྣལ་མངོན་སྐྱེད་པའི་ཐབས་འདི་ལ་བརྟེན་ན་བློ་བདེ་སེམས་མེད་མཐོང་ངེས་སོ་སྙམ་པའི་ཚད་མ་ཡོད་ན་བློ་བདེ་སེམས་མེད་ད་ལྟ་ལྐོག་གྱུར་ཡིན་ཀྱང་རིགས་པ་དེས་འགྲུབ་ནུས་མོད། ཅི་འདྲའི་རྣལ་མངོན་གྲུབ་ཀྱང་བློ་བདེ་སེམས་མེད་ནི་དངོས་པོའི་གཤིས་ལ་མེད་པས་མཐོང་མི་སྲིད་པར་གྲུབ་པས་ན་སྒྲུབ་བྱེད་མེད་ཅེས་སོ། །བློ་བདེ་སེམས་མེད་དང་རྣལ་འབྱོར་མངོན་སུམ་གྱི་འབྲེལ་བ་སྒྲུབ་པའི་ཕྱིར་སྤྱི་ཙམ་གྱིས་ཀྱང་སྟོན་ཏུ་མེད་དོ་ཞེ་ན། བསྒྲུབ་བྱ་འདི་ལྟ་བུ་ལ་ད་ལྟ་འགྲུབ་ནུས་ཀྱི་རྟགས་སམ་ཕྱིས་སུ་མཐོང་རུང་གི་སྒྲུབ་བྱེད་གང་དང་ཡང་འབྲེལ་བ་རྣམ་པར་ཆད་པ་ཅན་དུ་གྱུར་པ་ཡིན་པས་དེའི་རང་མཚན་དངོས་སུ་མཐོང་བ་ལྟ་ཅི། སྤྱིས་ཀྱང་སྟེ་སྤྱི་མཚན་གྱི་སྒོ་ནས་ཀྱང་བསྒྲུབ་བྱ་ཉིད་དུ་བྱས་ནས་སྒྲུབ་བྱེད་འགོད་པའི་སྤྱོད་ཡུལ་མ་ཡིན་པའི་དོན་དེ་ལྟ་བུ་དག་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ཚུལ་དཔྱོད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་དེའི་སྒྲུབ་བྱེད་སངས་རྒྱས་པའི་ངོར་འགོད་པ་དོན་མེད་ལ། སྒྲུབ་བྱེད་གང་གིས་ཀྱང་འགྲུབ་མི་སྲིད་པས་དམ་བཅའ་བ་ཙམ་དུ་འགྱུར་རོ། །གཉིས་པ་ལ།


MR20_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན་དང་ནི་རྒྱས་བཤད་གཉིས། །དང་པོ། གཞན་གྱིས་ཁས་བླངས་པའི་ལུང་དེ་ཇི་སྲིད་ལུང་ཡང་དག་ཏུ་འདོད་པ་དེའི་ཚེ་དེ་ལ་ལུང་དེ་སྒྲུབ་བྱེད་དུ་རུང་བས་ན་སངས་རྒྱས་པའི་ངོར་སྐྱེ་འཇིག་ཏུ་འདོད་པའི་ལུང་དེས་བློ་བདེ་སེམས་མེད་སྒྲུབ་ཏུ་རུང་ཞིང་། རྒོལ་བའི་ཞེ་འདོད་ཀྱི་དབང་གིས་གྲུབ་པར་འགྱུར་རོ་ཞེ་ན། སྐྱེས་བུའི་བསམ་པའི་དབང་གིས་ནི་གྲུབ་པར་སོང་བ་ཙམ་གྱིས་དོན་དེ་ལྟར་གྲུབ་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་བསམ་པས་ཇི་ལྟར་བཅད་པ་ལྟར་དངོས་པོའི་དེ་ཁོ་ན་ཉིད་དང་དེ་ཁོ་ན་ཉིད་མིན་པར་འཇོག་ན་ཅི་ལྟར་བཞག་པ་ཙམ་གྱིས་དེར་གྲུབ་པའི་ཕྱིར་གཏན་ཚིགས་ཡང་དག་དང་། གཏན་ཚིགས་དེར་སྣང་བ་ཙམ་གྱི་ཁྱད་པར་མེད་པར་སྐྱེས་བུའི་བློས་གཏན་ཚིགས་སུ་རློམ་པ་ཐམས་ཅད་ཡང་དག་ཡིན་པ་དང་། ཡང་དག་ཡིན་ཀྱང་མི་འགྲུབ་པར་བཟུང་བ་ཐམས་ཅད་ལྟར་སྣང་དུ་འགྱུར་བའི་ཕྱིར་ཏེ། སྐྱེས་བུའི་བསམ་པའམ་དེས་བཞག་པའི་སྒྲུབ་བྱེད་གཏན་ཚིགས་དེ་ནི་དངོས་པོའི་དོན་ལ་རྟེན་པ་མིན་པར་སྐྱེས་བུའི་བློ་ལ་བརྟེན་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དོན་ཡོད་དེ་ཤེས་ཚོགས་ན་འགྲུབ། །དེ་མིན་གཉིས་ཀའི་ངོར་མི་འགྲུབ། །དང་པོ། གཏན་ཚིགས་ནི་སྐྱེས་བུས་ཞེན་པ་ཙམ་གྱི་རྗེས་སུ་མི་འགྲོ་སྟེ། ཚུལ་གསུམ་ཚང་བ་དོན་ལ་ཡོད་པ་དང་ཡོད་པ་ལྟར་ཤེས་པ་ལ་ལྟོས་པ་དང་བཅས་པ་ཡིན་ཏེ། དོན་ལ་མེད་པ་ལ་ཡོད་པ་ལྟར་ཤེས་པས་དོན་དེ་སྒྲུབ་པར་བྱེད་ནུས་པ་མིན་ལ། དོན་ལ་ཡོད་ཀྱང་དེ་ཇི་བཞིན་མ་ཤེས་པར་རྟགས་སུ་མ་བཀོད་ནས། བསྒྲུབ་བྱའི་དངོས་པོ་དང་འབྲེལ་བ་མེད་པའི་རྟགས་ལས་བསྒྲུབ་བྱ་རྟོགས་པར་རློམ་པ་ནི་རྟོགས་པ་ཡིན་པར་སེམས་ཀྱང་ཅུང་ཟད་རྟོགས་པ་མེད་པ་དང་མཚུངས་ཏེ། བརྟགས་ན་རྟགས་དེ་ལས་


MR20_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྟོགས་ངེས་ཀྱི་རྒྱུ་མཚན་མེད་པའི་ཕྱིར་རང་གིས་རྒྱུ་མཚན་ཕྱིན་ཅི་ལོག་ལ་བརྟེན་ནས་ཡིད་དཔྱོད་སྐྱེས་པ་ཙམ་དུ་ཟད་དེ། དཔེར་ན་གཞལ་བྱ་ཡིན་པའི་ཕྱིར་སྒྲ་ནི་མི་རྟག་པའམ་རྡུལ་དུ་གྲུབ་པའོ་སྙམ་པ་དང་རླངས་པ་ལ་དུ་བར་བཟུང་ནས་དེ་ལས་མེ་རྟོགས་པ་ལྟ་བུ་ཡིན་པས་བློ་བདེ་སེམས་མེད་ཀྱང་ཡོད་དུ་ཆུག་ནའང་སྐྱེ་འཇིག་གི་རྟགས་ལས་དེ་རྟོགས་པ་ནི་མངོན་རློམ་ཙམ་དུ་ཟད་དོ། །དེས་ན་རྟགས་ཡང་དག་ཡིན་ཀྱང་དེས་དེ་འགྲུབ་ཚུལ་མི་ཤེས་པའི་ངོར་ནི་རྟགས་ཡང་དག་དེ་དང་ལྟར་སྣང་འདྲ་བའི་ཕྱིར་དེ་འདྲ་ལ་རྟགས་ལས་རྟོགས་པ་ཞེས་མི་བྱ་སྟེ། རྒྱུ་མཚན་ལ་བརྟེན་པའི་མངོན་རློམ་ཞེས་བྱའོ། །གཉིས་པ། བློ་བདེ་སེམས་མེད་ལྟ་བུ་ལ་རྟགས་ཡང་དག་གི་སྒྲུབ་བྱེད་ཡོད་ན། རྟགས་ཡང་དག་ཐམས་ཅད་ནི་རང་བཞིན་དང་ནི་འབྲས་བུ་སྟེ་སྒྲུབ་པའི་གཏན་ཚིགས་གཉིས་པོའམ། ཡང་ན་སྣང་དུ་རུང་བ་མཐོང་བ་མེད་པ་ཉིད་དེ་མི་དམིགས་པ་དགག་པའི་རྟགས་གང་རུང་ལས་མི་འདའ་ལ། བློ་བདེ་སེམས་མེད་དུ་སྒྲུབ་པ་འདི་དེ་དག་གི་ནང་དུ་འདུས་ལ་སྒྲུབ་རྟགས་ཡིན་ཞིང་། རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་བ་དེ་བློས་བཏགས་ཙམ་མིན་པར་དངོས་པོ་རང་ལ་གྲུབ་པ་ཞིག་ཡིན་ན་གྲངས་ཅན་རང་ལ་ཡང་ཅི་ཡི་ཕྱིར་མ་གྲུབ་སྟེ་གྲུབ་དགོས་ལ། རང་ཉིད་ལ་མ་གྲུབ་ན་གཞན་སངས་རྒྱས་པའི་ལུང་ཁས་ལེན་པ་ཅན་གྱིས་ཀྱང་གཞན་གྲངས་ཅན་པའི་སྒྲུབ་ངག་བརྗོད་པ་དེ་ལས་རྟོགས་པར་མི་རིགས་ཏེ་རྟགས་དེས་དེ་འགྲུབ་པའི་རྒྱུ་མཚན་མེད་པས་སོ། །གསུམ་པ་རྩོད་སྤང་ནི། གཞན་གྱི་ཁས་བླངས་རྟགས་སུ་འགོད་མི་རུང་ན་ཁྱོད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཀྱང་ཕ་རོལ་པོའི་ཁས་བླངས་རྟགས་སུ་བཀོད་ནས་མི་འདོད་པ་སྒྲུབ་པ་ཅི་ལྟ་བུ་ཡིན་ཞེ་ན། གཞན་གྱིས་ཀུན་ཏུ་བརྟགས་པའི་


MR20_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་རྟགས་སུ་བཀོད་པ་ཡིས་ཁོ་རང་གི་མི་འདོད་པའི་ཆོས་གཞན་ཐལ་བ་སྒྲུབ་པ་ནི་བསྒྲུབ་བྱ་ཐལ་བ་དེ་དང་། སྒྲུབ་པར་བྱེད་པ་རྟགས་དེ་གཉིས་ཀ་འབྲེལ་བའི་ཕྱིར་ཁྱབ་བྱེད་བསྒྲུབ་བྱ་གཅིག་པོ་མེད་ན་གཞན་ཅིག་ཤོས་ཁྱབ་བྱ་རྟགས་དག་ཀྱང་མི་གྲུབ་པར་དགག་པའི་ཕྱིར་ཡིན་ཏེ། དཔེར་ན་བྱེ་བྲག་པས་བ་ལང་གི་སྤྱི་ཆ་མེད་གཅིག་གསལ་བ་ཐམས་ཅད་ལ་དུས་གཅིག་ཏུ་འཕྲོད་འདུས་འབྲེལ་བར་འདོད་པ་ལ། བ་ལང་གི་སྤྱི་ཆོས་ཅན། ཆ་དུ་མ་དང་བཅས་པར་ཐལ། རང་གི་གསལ་བ་དུ་མ་ལ་དུས་གཅིག་ཏུ་འཕྲོད་འདུས་འབྲེལ་བའི་ཕྱིར་ཞེས་བཀོད་པ་ན། རྟགས་དེ་ཚད་མས་གྲུབ་པ་མིན་ཀྱང་ཕ་རོལ་པོའི་ཁས་བླངས་ཀྱིས་གྲུབ་པ་ཡིན་ལ། དེ་གྲུབ་ན་ཆ་དུ་མ་ཡོད་པར་འགྱུར་ཏེ། འབྲེལ་ཡུལ་དུ་མ་དང་འབྲེལ་བའི་ཆ་ཐ་དད་མེད་ན་དུ་མ་དང་འབྲེལ་མི་སྲིད་པའི་རྟགས་ཆོས་ཀྱི་འབྲེལ་བ་གྲུབ་པས་ན་དེས་ཆ་དུ་མ་དང་ལྡན་པའི་སྤྱི་ཞིག་སྒྲུབ་པ་མིན་གྱི་ཆ་མེད་ཀྱི་སྤྱི་འདོད་པའི་དམ་བཅའ་ལ་ཁོ་རང་གི་ཁས་ལེན་གྱིས་གནོད་པར་སྟོན་པ་སྟེ་ཐལ་བའི་རྟགས་ཀྱི་བསྒྲུབ་བྱ་ཆ་དུ་མ་དེ་མེད་ན་ཁས་བླངས་པའི་རྟགས་དེ་ཡང་ཡོད་པར་མི་འགྱུར་བའི་ཐལ་བ་སྒྲུབ་པ་ལ་ནི་ཁས་བླངས་རྟགས་སུ་བཀོད་པས་མི་འདོད་པ་ཙམ་འགྲུབ་ནུས་ཀྱི། བློ་བདེ་སེམས་མེད་ལྟ་བུ་རང་རྒྱུད་བསྒྲུབ་པ་ལ་ཁས་བླངས་ཙམ་ཀྱིས་གང་ཡང་མི་ནུས་པའི་ཕྱིར་རོ། །གཉིས་པ་དོན་སྨོས་ལ། མདོར་བསྟན་རྒྱས་བཤད་རྩོད་སྤང་གསུམ། །དང་པོ། མདོ་ལས་དོན་ཞེས་སྨོས་པ་དེ་ནི་གཏན་ཚིགས་དེ་དོན་ལ་མ་གྲུབ་ཀྱང་ལུང་ལས་བཤད་པའི་ཚིག་ཙམ་དང་མིང་འདོགས་ལུགས་ཀྱི་སྒྲ་ཙམ་འཇུག་པ་དག་དང་། རྒོལ་བ་རང་གི་རྟོག་པས་སྒྲོ༷་བཏགས་པའི་བདག་ཉིད་ཅན་གྱི་སྒྲུབ་


MR20_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བཀོད་པ་རྣམས་རྟགས་ཡང་དག་ཉིད་མིན་པར་སྒྲུབ་པའི་དོན་དུ་ཡིན་ཏེ། དཔེར་ན། སྒྲ་རྟག་པ་ཡིན་ཏེ། ལུང་ལས་བཤད་པའི་ཕྱིར། ཞེས་དང་། ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་ཞེས་དང་། ཞེ་འདོད་ཀྱི་མིང་ཙམ་ལས། རྡུལ་ཕྲན་སྒྲིབ་པ་མིན་ཏེ། ལུས་ཅན་མིན་པའི་ཕྱིར། ཞེས་དང་། འུག་པ་པས་རིང་ཐུང་སོགས་ཚད་མངོན་སུམ་གཞལ་དུ་མེད་པ་ལ་ལུས་ཅན་མིན་པའི་མིང་བཏགས་པ་ལྟ་བུ་དང་། ཤིང་སེམས་པ་དང་ལྡན་ཏེ། ཤུན་པགས་བཤུས་ན་འཆི་བའི་ཕྱིར། ལྟ་བུ་རྣམས་སྔར་བཤད་པ་ལྟར་དང་། རང་གི་རྟོག་པས་སྒྲོ་བཏགས་པ། སྒྲ་རྟག་སྟེ། ཕྱོགས་དང་མཐུན་ཕྱོགས་དག་ལས་གང་རུང་ཡིན་པའི་ཕྱིར། ལྟ་བུ་སོགས་ཚིག་ཙམ་དང་། ཞེ་འདོད་ཀྱི་རྟགས་སུ་བཟུང་བ་ཙམ་གྱིས་དོན་སྒྲུབ་མི་ནུས་ཏེ། ནུས་ན་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་བའི་ཕྱིར་མི་འཐད་ལ། དེས་ན་སྒྲ་ཙམ་དང་རྟོག་པ་ལ་མི་ལྟོས་པར་དུ་བ་ལས་མེ་ཤེས་པ་བཞིན་དུ་རྟགས་རང་གི་དོན་གྱི་ངོ་བོ་ལས་བསྒྲུབ་བྱའི་དོན་ནི་གྲུབ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། རྟོག་ལུང་ཙམ་རྟགས་སྒྲུབ་བྱེད་མིན། །བརྗོད་ཙམ་སྒྲུབ་བྱེད་མིན་ཚུལ་ལོ། །དང་པོ། ཅིའི་ཕྱིར་རང་གི་རྟོག་པ་ཙམ་དང་ལུང་དག་རྟགས་སུ་བཀོད་ན་སྒྲུབ་བྱེད་མིན་ཞེ་ན། སྐྱེས་བུའི་བསམ་པའི་དབང་གིས་སྣ་ཚོགས་སུ་རྟོག་པ་ཙམ་དང་བརྗོད་བྱ་སྣ་ཚོགས་སྟོན་པའི་ལུང་མི་འདྲ་བ་མང་དུ་ཡོད་ཀྱང་རྟོག་པ་དང་ལུང་དེ་དག་བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཙམ་ལས་དངོས་པོའི་དོན་ལ་མེད་ན་མི་འབྱུང་གི་འབྲེལ་བ་མེད་པའི་ཕྱིར་དང་། དེ་དག་དངོས་པོའི་གནས་ཚུལ་ལས་གཞན་དུ་ཕྱིན་ཅི་ལོག་པར་འཁྲུལ་སྲིད་པའི་ཕྱིར་སྒྲུབ་བྱེད་ཡང་དག་ཏུ་ཚད་མས་ངེས་པ་མེད་པའི་རྟོག་བཏགས་ཀྱི་རྟགས་དང་ལུང་གི་སྒྲ་ཙམ་སྒྲུབ་བྱེད་ཡང་དག་ཏུ་བཏགས་པ་


MR20_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་འཁྲུལ་བ་ཡིན་ནོ། །གལ་ཏེ་མ་འཁྲུལ་ན་སྐྱེས་བུའི་རྟོག་པ་དང་ལུང་ནས་བཤད་ཚད་བདེན་དགོས་ན་འགལ་བའི་དོན་ཅན་གྱི་རྣམ་བཞག་ཤེས་བྱ་ལ་མི་སྲིད་པར་འགྱུར་རོ། །གཉིས་པ་ལ། ཚིག་གཉིས་དངོས་སུ་སྒྲུབ་བྱེད་མིན། །བརྒྱུད་ནས་ཡིན་མིན་ཁྱད་པར་ཡོད། །དང་པོ། ཚུལ་གསུམ་ཚང་བའི་རྟགས་རང་གི་དོན་གྱིས་བསྒྲུབ་བྱའི་དོན་རྟོགས་པ་ནི་དངོས་པོའི་སྟོབས་ཀྱིས་འོང་བ་དེ་ཡི་ཕྱིར་བསྒྲུབ་བྱའི་དོན་འགྲུབ་པ་ལ་ཕྱོགས་ཏེ་དམ་བཅའི་ཚིག་ཙམ་དང་། གཏན་ཚིགས་ཙམ་བརྗོད་པ་ཁོ་ན་ལ་མར་མེས་མུན་པ་སེལ་བ་ལྟར་དེ་སྒྲུབ་ཀྱི་ནུས་པ་མེད་དེ། དེས་ན་ཕྱོགས་དང་གཏན་ཚིགས་བརྗོད་པ་དེ་དག་རང་གི་ངོ་བོ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པར་གནས་པ་མ་ཡིན་ཏེ། ཡིན་ན་ཚིག་ཙམ་གྱིས་དོན་གྲུབ་པས་སུ་ཡང་ཕོངས་པ་མི་མྱོང་བར་འགྱུར་རོ། །དེ་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་ཁོ་ནས་བསྒྲུབ་བྱ་འགྲུབ་པ་ཡིན་ལ། དེ་ནི་དོན་ཉིད་ཀྱི་གནས་ཚུལ་ཇི་ལྟར་ཡིན་པ་ལས་འོང་གི་སྒྲ་ཙམ་དང་རྟོག་པ་ཙམ་གྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དོན་ལ་གྲུབ་པ་ཁོ་ན་གལ་ཆེ་ཞེས་སྟོན་པའོ། །གཉིས་པ་ལ། ཕྱོགས་ཚིག་བརྒྱུད་ཀྱང་སྒྲུབ་བྱེད་མིན། །གཏན་ཚིགས་བརྒྱུད་ནས་སྒྲུབ་བྱེད་ཡིན། །དང་པོ། སློབ་དཔོན་གྱིས་སྒྲ་བྱུང་ཚད་མ་བཞེད་པའི་ཕྱིར་ཕྱོགས་ཚིག་འདི་ཡང་སྒྲུབ་བྱེད་དུ་རིགས་སོ་ཞེ་ན། ཕྱོགས་ཀྱི་ཚིག་དེ་ནི་དེ་སྐད་སྨྲ་བ་པོའི་རང་གི་བརྗོད་འདོད་ཀྱི་བསམ་པ་གཞན་ལ་སྟོན་པར་བྱེད་པ་ན་བསམ་པ་དེ་ལྟ་བུ་བརྗོད་པ་པོའི་རྒྱུད་ན་ཡོད་པ་ཙམ་ལ་ཚད་མ་ཡིན་གྱི་དེ་ལས་བསྒྲུབ་བྱ་ལ་ངེས་པ་མི་སྐྱེ་བ་དེ་ལྟར་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་དག་སྐྱེ་པའི་ཕྱིར་དམ་བཅའི་དོན་དེ་དངོས་སུ་སྒྲུབ་པར་བྱེད་པ་མིན་ཏེ། སྒྲུབ་བྱེད་ཡང་དག་པ་མ་མཐོང་གི་བར་དུ་དེ་ལྟར་ངེས་མི་ནུས་སོ། །གལ་ཏེ་ནུས་ན་སྐྱེས་བུས་དམ་བཅས་པ་ལ་མི་འགྲུབ་


MR20_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཀྱང་མི་སྲིད་དོ། །དེས་ན་བསྒྲུབ་པར་བྱ་བའམ་དམ་བཅའ་ཙམ་བརྗོད་པ་ཡིས་དངོས་སུ་མི་འགྲུབ་པར་མ་ཟད། བརྒྱུད་པ་ཡིས་ཀྱང་བསྒྲུབ་བྱ་འགྲུབ་པའི་ནུས་པ་མེད་དེ། དོན་ལ་གཏུགས་ཀྱང་དེ་ལས་ལྷག་པ་གཞན་རྟོགས་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ། གཏན་ཚིགས་བརྗོད་པ་རང་ཉིད་ལ་ནུས་པ་མེད་ཀྱང་གང་གིས་ནུས་པ་དོན་གྱི་ཚུལ་གསུམ་ཚང་བ་དེ་སྟོན་པར་བྱེད་པས་ན་བརྒྱུད་ནས་དོན་གྱི་གནས་ཚུལ་ལ་ཐུག་ནས་བསྒྲུབ་བྱ་འགྲུབ་པར་འགྱུར་རོ། །དེས་ན་ཚིག་ཙམ་གྱིས་དོན་གང་ཡང་གྲུབ་པ་མེད་མོད་མཛུབ་མོས་ཟླ་བ་བཞིན་དུ་ཚིག་གིས་མཚོན་ནས་དོན་རྟོགས་པ་ན་དོན་དེ་ལྟར་གྲུབ་པ་ཡིན་ནོ། །གསུམ་པ་རྩོད་སྤང་ལ། ལུང་དང་འགལ་བར་དོགས་པ་བསལ། །དེ་ལ་རྩོད་པ་སྤང་བའོ། །དང་པོ། སློབ་དཔོན་ཕྱོགས་ཀྱི་གླང་པོས། །རང་གིས་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་འབྲེལ་བ་བསྒྲུབ་བྱ་དག །བརྗོད་པ་ལས་གཞན་སྤང་བར་བྱ། །ཞེས་བསྒྲུབ་བྱ་བརྗོད་པར་གསུངས་པ་མིན་ནམ་ཞེ་ན། དེའི་དོན་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་དཔག་བྱ་བསྟན་པ་ནི། གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་གསུངས་པ་ལྟར་ཚུལ་གསུམ་ཚང་བའི་གཏན་ཚིགས་ཀྱི་དོན་གྱི་ནུས་པ་འཇུག་པའི་ཡུལ་དུ་གྱུར་པ་ཉིད་ཀྱིས་བསྒྲུབ་བྱ་བརྗོད་པ་རང་ལ་སྒྲུབ་པའི་ནུས་པ་མེད་པ་དེ་ནི་གཏན་ཚིགས་ལ་བརྟེན་ནས་གོ་བར་བྱ་བའམ་བསྟན་པའམ་བརྗོད་པར་བྱ་བའི་དོན་ཡིན་པར་བཤད་དེ། གཏན་ཚིགས་ལས་དེ་གོ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ། གལ་ཏེ་དམ་བཅའི་ཚིག་བརྗོད་པ་དེ་ལའང་ནུས་པ་ཡོད་དེ། དམ་བཅའ་བརྗོད་པ་དེ་གཏན་ཚིགས་ཀྱི་ཚིག་ནི་འཇུག་པའི་རྟེན་དུ་གྱུར་པའི་ཕྱིར་རོ་ཞེ་ན། གཏན་ཚིགས་བརྗོད་པ་དེ་ནི་ཕྱིར་རྒོལ་བའི་ཐེ་ཚོམ་གྱིས་དོན་དེ་ཅི་ལྟ་བུར་ཤེས་པར་འདོད་པའི་སྐབས་ལའང་


MR20_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ཡིན་པའི་ཕྱིར་ཐེ་ཚོམ་ཡང་སྒྲུབ་བྱེད་དུ་འགྱུར་ལ། གཞན་ཡང་ཤེས་པར་འདོད་པ་དང་། སྐབས་སུ་བབ་པ་དང་། རྒོལ་བས་རྟོག་པ་དང་། བསྒྲུབ་བྱ་གྲུབ་པར་འདོད་པ་སོགས་ཀྱང་སྒྲུབ་བྱེད་དུ་ཐལ་བས་དེ་མཐའ་དག་སྒྲུབ་བྱེད་དུ་བརྗོད་དགོས་ན་ཧ་ཅང་ཐལ་ལོ། །གལ་ཏེ་ཐེ་ཚོམ་ཟ་བ་སོགས་ལ་བརྟེན་ནས་གཏན་ཚིགས་འགོད་པ་ཡིན་ཀྱང་རྒྱུ་བརྒྱུད་པ་དེ་དག་གི་དངོས་འབྲས་དམ་བཅའ་བ་ཚིག་ཏུ་བརྗོད་པ་དེ་ཁོ་ནས་དེ་སྒྲུབ་བྱེད་དུ་འགྲོའོ་ཟེར་ན། ཕ་རོལ་པོས་སྒྲུབ་བྱེད་མཁན་པོ་དང་ཞེ་འདོད་མི་མཐུན་པའི་ཕྱོགས་ཁས་ལེན་པར་བྱས་ཏེ། དཔེར་ན་སྒྲ་རྟག་གོ་ཞེས་བརྗོད་པ་ན་ཡང་སྒྲ་མི་རྟག་པར་སྒྲུབ་བྱེད་ཀྱི་ཚིག་འཇུག་པ་དེ་དམ་བཅའ་དང་མཚུངས་པའི་ཕྱིར་ན་སྒྲུབ་བྱེད་བརྗོད་པ་ཐུག་མེད་དུ་འགྱུར་རོ། །གསུམ་པ་རབ་གསལ་བྱེད་ཀྱི་དོན་སྨོས་པ་ལ། ཚུལ་གསུམ་ཚང་ན་གསལ་བྱེད་ཡིན། །དེ་ལས་གཞན་པ་གསལ་བྱེད་མིན། །དེ་ལ་རྩོད་པ་སྤང་བའོ། །དང་པོ། དོན་སྒྲུབ་པར་བྱེད་པའི་ངག་སྦྱོར་བ་དེ་ཡང་མ་ཚང་བ་དང་ལྷག་པོ་མ་ཡིན་པར་དོན་གྱི་རྟོགས་པ་སྐྱེད་པའི་ངག་རྣམ་དག་གི་སྒོ་ནས་གསལ་བར་བྱེད་པ་ཞེས་པའི་དོན་ཡིན་ལ། དེ་ཡང་གཞན་རིགས་པ་ཅན་པ་སོགས་དང་རང་སྡེ་སྔ་རབས་པའི་རྩོད་པ་གྲུབ་པ་ནས་ཀྱང་སྦྱོར་ངག་ཡན་ལག་ལྔ་ལྡན་དུ་འགོད་པར་འདོད་དེ། མེ་ཡོད་དེ་ཞེས་པས་དམ་བཅའ་དང་། དུ་བ་ཡོད་པའི་ཕྱིར་ཞེས་གཏན་ཚིགས་བརྗོད་པ་དང་། ཚང་མང་བཞིན་ཞེས་པས་དཔེ་དང་། དུ་ལྡན་གྱི་ལ་ལའང་དུ་བ་ཡོད་པས་ཞེས་པ་ཉེ་བར་སྦྱོར་བ་དང་། མེ་ཡོད་དོ་ཞེས་པ་མཇུག་སྡུད་དེ་ལྔར་འདོད་ལ། རང་སྡེ་ཁ་ཅིག་དམ་བཅའ་གཏན་ཚིགས་དཔེ་གསུམ་གྱི་ཡན་ལག་ཅན་དུ་འདོད་ཀྱང་དཔེ་ནི་ཁྱབ་པ་སྟོན་པའི་དཔེ་ཙམ་ཡིན་གྱི་ཟུར་དུ་རང་ནུས་ཁྱད་པར་


MR20_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་ལ། ངག་ཡན་ལག་གཉིས་ལྡན་ཕྱོགས་ཆོས་དང་ཁྱབ་པ་བརྗོད་པ་འདི་ཙམ་ལས་གཞན་པ་དོན་མེད་དེ། ནང་རང་གི་རྒྱུད་ལ་དོན་གང་ཡིན་པ་དེར་རྟོགས་པ་སྐྱེ་བའི་རྒྱུའམ་ཡན་ལག་ཏུ་གྱུར་པའི་ནུས་པ་ནི་དོན་རང་ལ་གྲུབ་པའི་ཚུལ་གསུམ་པོ་དག་ལ་ཡང་དག་པར་གནས་ལ། ཚུལ་གསུམ་དེ་ལ་དྲན་པ་བསྐྱེད་པ་ནི་ཚུལ་གསུམ་པོ་དེ་ཉིད་བརྗོད་པའི་ཚིག་ལ་ཡང་དག་པར་གནས་ཏེ། དངོས་པོའི་གནས་ཚོད་དང་མཐུན་པར་ཚིག་གིས་དྲན་ལམ་དུ་འགྱུར་བར་བྱེད་པ་ཡིན་པས་ཚུལ་གསུམ་བརྗོད་པ་དེ་སྒྲུབ་བྱེད་ཡིན་གྱི་གཞན་ལ་དགོས་པ་མེད་དོ། །གཉིས་པ་ལ། ཕྱོགས་སྔ་བརྗོད་དང་དེ་ཡི་ལན། །དང་པོ། གལ་ཏེ་བསྒྲུབ་བྱའི་ཡུལ་གང་ཡིན་པ་སྔོན་དུ་བསྟན་པ་མེད་པར་ནི་གཏན་ཚིགས་རྐྱང་པ་འཇུག་པ་མེད་དེ། འབེན་མེད་པར་མདའ་འཕེན་པ་དང་འདྲ་བ་ཡིན་པའི་ཕྱིར། རྟགས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་ངག་གི་དངོས་སུ་བསྟན་པ་དག་ཉིད་ལས་ནི་ཕྱོགས་ཚིག་བརྗོད་པ་ལ་ཡང་བསྒྲུབ་བྱ་འགྲུབ་པའི་ནུས་པ་གྲུབ་པར་འདོད་དོ་ཅེ་ན། གཉིས་པ། བསྒྲུབ་བྱ་བརྗོད་པ་ཡང་ངེས་པར་སྒྲུབ་པའི་ཡན་ལག་ཏུ་དགོས་ན་དེ་མ་ཚང་པས་བསྒྲུབ་བྱ་འགྲུབ་པ་མེད་དགོས་ནའང་དེ་ལྟ་བུ་མ་ཡིན་ཏེ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་པ་ལྟ་བུའི་ཁྱབ་པ་སྔོན་དུ་བྱས་ནས་བརྗོད་པ་ཅན་ལ་སྒྲ་མི་རྟག་པར་དམ་བཅའ་བའི་ཚིག་དེ་མེད་པར་དངོས་སུ་གསལ་ཀྱང་། ཕྱོགས་ཆོས་བརྗོད་པ་སྔོན་དུ་བྱས་པ། སྒྲ་ནི་བྱས་སོ། །གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། ཞེས་སམ། སྒྲ་ནི་བྱས་པ་ཡིན་ལ་གང་བྱས་པ་འདི་འདྲ་བ་ཀུན་ཀྱང་མི་རྟག་གོ་ཅེས་ནི་བརྗོད་པས་ཀྱང་དམ་བཅའ་མ་བསྟན་པར་ཡང་དོན་གྱིས་སྒྲ་དེ་ནི་འཇིག་པ་ཅན་ཡིན་པའི་བློར་འགྱུར་ཏེ། བློ་སྐྱེད་པར་ནུས་ན་དམ་བཅའ་མེད་པས་


MR20_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་ཤོལ་ལ། བསྣན་ཀྱང་ཡོན་ཏན་ལྷག་པོ་ཅི་ཞིག་ཐོབ་སྟེ་དེས་ན་དེ་སྒྲུབ་བྱེད་མ་ཡིན་ནོ། །སྒྲ་མི་རྟག་པ་ཡིན་ཏེ། རྟག་པའི་ཕྱིར་རོ། །ཞེས་བརྗོད་ཀྱང་རྟགས་ཀྱི་ནུས་པས་གྲུབ་པ་ཡིན་གྱི་དམ་བཅའ་བས་ནི་གང་ཡང་མ་ཡིན་ཏེ། དམ་བཅའི་ཚིག་དེ་རྟགས་ཀྱི་ཡུལ་ཚོགས་དོན་དེ་ལ་རྟགས་འབྲེལ་བ་ཤེས་པའི་ཆེད་དུ་བརྗོད་པའི་ཕྱིར་ཚུལ་གསུམ་གསལ་བའི་ངག་ཏུ་གྱུར་པ་དེས་སྒྲུབ་པར་སོང་གི་དམ་བཅའ་བས་ནི་ཕན་བཏགས་པ་གང་ཡང་མེད་པར་ཤེས་པར་བྱའོ། །དེས་ན་ཕྱོགས་ཚིག་དངོས་སུ་བསྟན་པ་དག་ནི་མེད་ན་ཡང་ཚུལ་གསུམ་ཚང་བ་མཚོན་པའི་ངག་གིས་བསྒྲུབ་བྱ་འགྲུབ་པ་ལ་ནི་དམ་བཅའ་མ་བརྗོད་པ་དེས་གེགས་ཅུང་ཟད་ཀྱང་བྱེད་པ་མེད་པའི་ཕྱིར་དེ་སྒྲུབ་བྱེད་མ་ཡིན་པར་གསལ་ཏེ། བུམ་པའི་སྒྲུབ་བྱེད་དུ་ཐག་གཟོང་མི་དགོས་པ་བཞིན་ནོ། །དེའི་ཕྱིར་འགྲུབ་ནུས་སུ་གྱུར་པ་ཚུལ་གསུམ་པོ་ལས་ཚུལ་གང་ཡང་རུང་བ་ཉིད་མ་བསྟན་པ་སྟེ། ཕྱོགས་ཆོས་མི་འགྲུབ་པའམ་ཁྱབ་པ་གཉིས་གང་རུང་རེ་ཆིག་རྐྱང་གྲུབ་པས་ཆོག་པར་འདོད་པ་ལྟ་བུ་ནི་སྒྲུབ་བྱེད་མ་ཚང་བ་ཡིན་པར་བརྗོད་དེ་བསྒྲུབ་བྱ་འགྲུབ་མི་སྲིད་པའི་ཕྱིར་རོ། །དེས་ན་རྟགས་ལ་ཚུལ་གསུམ་ཚང་ན་ཡང་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་གསར་དུ་བསྒྲུབ་དགོས་པའི་ངོར་གཉིས་ཀ་ནས་ཚང་བར་བརྗོད་ཅིང་ལེགས་པར་བསྒྲུབས་པས་དོན་ལ་ཕྱིན་ཅི་མ་ལོག་པའི་བློ་སྐྱེད་པར་ནུས་སོ། །གཉིས་པ་རྩོད་སྤང་ལ། རང་གིས་བཀོད་པའི་རྩོད་སྤང་བསྟན། །གཞན་གྱི་འབྲེལ་མེད་རྩོད་ལན་བཀག །དང་པོ། རང་ལ་རྩོད་པའི་སྐྱོན་མེད་ཚུལ། །གཞན་ལ་ཐལ་པ་ངེས་པར་འབབ། །དང་པོ། བསྒྲུབ་བྱ་བརྗོད་པ་སྒྲུབ་བྱེད་དུ་མི་འདོད་པའི་ལུགས་འདི་ལ་བསྒྲུབ་བྱ་བརྗོད་པ་དམ་བཅས་


MR20_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་མཚན་ཉིད་དུ་བྱས་ནས། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །ཅེས་སྨྲས་ནའང་སྨྲ་བ་དེ་ལ་མ་གྲུབ་པའི་དཔེ་དང་རྟགས་ཀྱང་རྒོལ་བའི་ངོར་ད་རུང་བསྒྲུབ་པར་བྱ་བ་ཡིན་གྱི་དོན་སྒྲུབ་པར་བྱེད་པ་མ་ཡིན་པས་དེ་ཡང་དམ་བཅས་པའམ་ཕྱོགས་སུ་ཐལ་ཞེས་སྐྱོན་བརྗོད་པ་འཐད་པ་མིན་ཏེ། མ་གྲུབ་པའི་རྟགས་ཀྱང་སྐབས་དེའི་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་སུ་ཕྱེ་བའི་སྒྲུབ་བྱེད་ཀྱི་དབང་དུ་བྱས་པ་ཁོ་ན་ཡིན་པ་ཉིད་ཀྱི་གཏན་ཚིགས་ལྟར་སྣང་བ་ནི་དམ་བཅའ་ཐལ་བ་མིན་པའི་ཕྱིར་རོ། །ཡང་ན་སྐབས་ལ་ལར་བསྒྲུབ་བྱ་བརྗོད་པར་དམ་བཅས་པ་དེ་བརྗོད་ཀྱང་རུང་དེ་བསྒྲུབ་བྱེད་མིན་ཏེ་ཞེས་ཀྱང་འགྲེལ་བར་ཡོད་དོ། །གཉིས་པ། གཞན་དང་རང་གི་དམ་བཅའི་མཚན་ཉིད་ལ་བརྗོད་ཚུལ་ཁྱད་པར་མེད་པར་བརྗོད་ན་ཡང་བསྒྲུབ་བྱ་བརྗོད་པ་སྒྲུབ་བྱེད་དུ་འདོད་པ་གཞན་གྱི་ལུགས་ལ་དེ་གཉིས་ཀ་སྐབས་དེའི་སྒྲུབ་བྱེད་དུ་རིགས་གཅིག་པས་ན་རིགས་པ་ཅན་པ་སོགས་ཀྱི་བསྒྲུབ་བྱ་བསྟན་པ་དམ་བཅའི་མཚན་ཉིད་དོ་ཞེས་པ་འདིས་འོ་ན་དཔེ་རྟགས་མ་གྲུབ་པའང་དམ་བཅའ་ཡིན་ནམ་སྙམ་དུ་ཐེ་ཚོམ་སྐྱེ་བར་འགྱུར་ཏེ། དམ་བཅའ་དེ་ནི་སྒྲུབ་བྱེད་ཀྱང་ཡིན་པས་སྒྲུབ་བྱེད་ནི་དམ་བཅའ་མ་ཡིན་ལ་དམ་བཅའ་ཡང་སྒྲུབ་བྱེད་མ་ཡིན་ནོ་སྙམ་པའི་དོགས་པ་མི་ཆོད་ཅིང་། དེ་ལྟ་ན་བསྒྲུབ་བྱ་ཞེས་པ་འདི་ཅི་ཞིག་སྙམ་དུ་བསམ་པའི་ཚེ་འདི་ནི་གཞན་གྱིས་བསྒྲུབ་དགོས་པ་ཞིག་སྟེ། རང་ཉིད་གྲུབ་མ་ཟིན་པའོ་སྙམ་པ་ན་རྟགས་ལྟར་སྣང་བ་ཡང་དེ་དང་འདྲ་བས་དེ་ཡང་དམ་བཅའ་ཡིན་པར་ཐལ་བར་འགྱུར་རོ། །འོ་ན་ཁྱོད་ལའང་མཚུངས་ཏེ། རྟགས་མ་གྲུབ་པ་དང་བསྒྲུབ་བྱ་རང་ཉིད་མ་གྲུབ་པ་གཉིས་ཀ་བསྒྲུབ་བྱ་ཡིན་པར་འདྲ་བས་སོ་སྙམ་ན། མི་མཚུངས་ཏེ། བསྒྲུབ་བྱ་སྒྲུབ་བྱེད་རིགས་གཅིག་པ་རང་ལུགས་


MR20_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁས་མི་ལེན་པས་དོན་གྱིས་རྣམ་པ་ཆོད་ནས་དོགས་པ་སྐྱེ་མི་སྲིད་དོ། །དེ་ལྟར་མ་ཡིན་པར་གཞན་དུ་ཚིག་གི་རྣམ་པ་མཚུངས་པས་འཁྲུལ་བར་འགྱུར་ན། རྫ་མཁན་གྱིས་བསྒྲུབ་བྱ་བུམ་པ་ལ་སོགས་པ་བསྒྲུབ་བྱ་ཉིད་དུ་བརྗོད་པ་ཇི་སྙེད་པ་ཀུན་རྟགས་ཀྱིས་བསྒྲུབ་བྱའམ་དམ་བཅའ་བར་ནི་ཐལ་བར་འགྱུར་ནའང་དེ་འདྲའི་དོགས་པ་སྐྱེ་མི་སྲིད་དེ། སྦྱོར་བའི་ངག་འགོད་པའི་སྐབས་ཀྱི་དབང་དུ་བྱས་པའི་ཕྱིར་གཏན་ཚིགས་ཀྱིས་བསྒྲུབ་བྱའོ་སྙམ་དུ་དོན་གྱིས་གོ་བ་འཁྲུལ་མེད་དུ་སྐྱེ་བ་ཡིན་ནོ། །གལ་ཏེ་སྒྲུབ་བྱེད་དུ་བགྲང་བའི་དམ་བཅའ་ནི་དམ་བཅའ་དེ་ལྟར་ཡང་དག་པར་གྲུབ་པ་ཞིག་བརྗོད་པ་སྒྲུབ་བྱེད་ཡིན་གྱི་མ་གྲུབ་པ་ནི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་ན་དམ་བཅའ་སྒྲུབ་བྱེད་དུ་འདོད་པ་གཞན་དག་གི་ལུགས་ལ་ཡང་གཏན་ཚིག་མ་གྲུབ་པ་སོགས་དམ་བཅའ་ཐལ་བའི་སྐྱོན་མེད་དེ། སྒྲུབ་བྱེད་ཀྱི་དམ་བཅའ་ལ་མ་གྲུབ་པ་མེད་པས་སོ་ཞེ་ན། དེ་ལྟར་ཁས་ལེན་ན་ད་ནི་བསྒྲུབ་བྱ་བསྟན་པ་དག་ཅི་ལྟར་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ཏེ། དམ་བཅའ་བརྗོད་པ་ཉིད་རྒོལ་བ་གཉིས་ཀར་མཐུན་སྣང་དུ་གྲུབ་ན་དེ་བརྗོད་པས་སྔར་མ་གྲུབ་པ་ཅི་ཞིག་སྒྲུབ་སྟེ་ཅི་ཡང་སྒྲུབ་ཏུ་མེད་པ་ནི། དཔེར་ན་གཟུགས་མཐོང་བྱ་ཡིན་ནོ་ཞེས་དང་། སྒྲ་མཉན་བྱ་ཡིན་ནོ་ཞེས་པ་ལྟ་བུར་འགྱུར་ལ། དེ་ལྟར་ན་དམ་བཅས་པ་ཁོ་ན་ལས་གཏན་ཚིགས་ལ་ནུས་པ་མེད་པས་དེ་བརྗོད་པ་དོན་མེད་ལ། གཞན་ཡང་དམ་བཅའ་ནི་ཡང་དག་ཁོ་ན་ཡིན་ན་དམ་བཅའ་ལྟར་སྣང་བ་དམ་བཅའ་མིན་པར་འགྱུར་ཞིང་། དེའི་མཚན་ཉིད་ཀྱང་ལོགས་སུ་བརྗོད་དགོས་ལ། མ་བརྗོད་ན་དམ་བཅའ་ལྟར་སྣང་དང་རྟགས་ལྟར་སྣང་བ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་གང་ཡང་མིན་པར་འགྱུར་བས་དེ་འདྲའི་ལན་ནི་ཅིར་ཡང་མི་རུང་ངོ་། །གཉིས་པ། མང་པོས་ལེན་པའི་བུ་སོགས་རིག་སྒོའི་འགྲེལ་


MR20_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཁ་ཅིག་ཕྱོགས་ཚིག་སྒྲུབ་བྱེད་ཡིན་པ་དགག་པའི་སླད་དུ་ཕྱོགས་སྔའི་དོགས་པ་བསུས་ནས་འདི་སྐད་དུ། རིགས་པ་ཅན་པ་ན་རེ། ཕྱོགས་ཚིག་བརྗོད་པ་སྒྲུབ་བྱེད་ཀྱི་ངག་ཡིན་ཏེ། བཟློག་ཕྱོགས་ལྟར་སྣང་བ་དང་བཅས་པ་སྒྲུབ་པའི་དུས་སུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་རྟགས་དང་དཔེའི་ཚིག་བཞིན་ནོ་ཞེས་བཀོད་ནས། དེའི་ལན་དུ། དེ་ལྟར་ན་མངོན་སུམ་ཡང་སྒྲུབ་བྱེད་ཀྱི་ངག་ཏུ་ཐལ་ཏེ། ཡང་དག་དང་ལྟར་སྣང་བཅས་པས་སོ་ཞེས་བརྗོད་ནས། ཡང་ཕ་རོལ་པོས་མངོན་སུམ་ནི་ཚིག་མ་ཡིན་ལ། འདིར་དམ་བཅའ་སྒྲུབ་བྱེད་དུ་བྱས་པའི་ཚེ་དམ་བཅའ་ལ་ཚིག་ཏུ་བརྗོད་པ་སྒྲུབ་བྱེད་ཡིན་ནོ་ཞེས་པའི་ཁྱད་པར་གྱིས་ཐལ་བ་དེ་མི་འཇུག་གོ་ཞེ་ན། འོ་ན་སུན་འབྱིན་གྱི་ངག་ཀྱང་སྒྲུབ་བྱེད་དུ་ཐལ་ཏེ། ཚིག་ཏུ་བརྗོད་པ་དང་ཡང་དག་ལྟར་སྣང་ཡོད་པས་སོ་ཞེས་ཕ་རོལ་པོས་ཕྱོགས་ཚིག་སྒྲུབ་བྱེད་དུ། སྒྲུབ་པའི་རྟགས་ལྟར་སྣང་བཅས་པ་སྟེ་ཡང་དག་ལྟར་སྣང་ཡོད་པའི་རྒྱུ་མཚན་འགོད་པ་དང་། སོགས་པའི་སྒྲས་དེ་ཡང་ཚིག་ཏུ་བརྗོད་པ་ཡིན་པའི་ཁྱད་པར་བཅས་ཀྱི་སྒྲུབ་བྱེད་བཀོད་པ་དང་། དེ་ལ་མངོན་སུམ་དང་སུན་འབྱིན་གྱིས་མ་ངེས་པར་བསྟན་པའི་ལན་ནི་འབྲེལ་བ་མེད་པ་བཞད་གད་ཀྱི་གནས་སུ་ཟད་དེ། དོགས་པ་འབྲེལ་མེད་བཀོད་ནས་ལན་འབྲེལ་མེད་འདེབས་པའི་ངལ་བ་ལྷུར་ལེན་པ་ཙམ་དུ་གནས་སོ། །ཅིའི་ཕྱིར་འབྲེལ་མེད་པ་ཡིན་ཞེ་ན། འདི་ལྟར་དེ་ལྟ་བུའི་རྟགས་འགོད་པ་དེ་ནི་རིགས་པ་ཉིད་མ་ཡིན་ནོ་ཞེས་སྔར་རིག་བྱེད་འགོག་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ཡང་ཕ་རོལ་དང་ལན་འདེབས་པ་གཉིས་ཀས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ལྡོག་ཁྱབ་གྲུབ་པར་བཟུང་ནས་ལྟར་སྣང་དང་བཅས་པ་ཡིན་ན་སྒྲུབ་བྱེད་ཡིན་སྙམ་པ་ནི་གྱི་ན་སྟེ། དམ་བཅའ་ཆོས་ཅན། སྒྲུབ་བྱེད་ཡིན་ཏེ། ཡང་དག་ལྟར་སྣང་དང་བཅས་པར་བརྗོད་པ་ཡིན་པའི་ཕྱིར་ཞེ་ན། རྟགས་འདི་མ་ངེས་པ་ཡིན་ཏེ། གཞན་དོན་རྗེས་


MR20_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་གི་སྐབས་ཀྱི་སྒྲུབ་བྱེད་དེ་ལ་ངེས་པར་རྗེས་སུ་འགྲོ་བ་མཐོང་བ་མེད་ཅིང་། བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པས་ན་དེ་འདྲའི་སྒྲུབ་བྱ་སྒྲུབ་བྱེད་མིན་བཞིན་དུ་ལན་གཞན་དག་གིས་མ་ངེས་པ་ཙམ་དུ་སྟོན་པ་དམིགས་བུ་བ་ལོང་པའི་རྒྱབ་ཏུ་འཇུས་པའི་དཔེར་ཟད་དོ། །དེ་ཡང་སྔར་རིག་བྱེད་ནི་ཐོག་མ་མེད་དེ། གཞན་གྱི་འདོན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། ཞེས་རིག་བྱེད་པས་སྨྲས་པ་ལ། བྷ་ར་ཏ་སོགས་ཀྱིས་མ་ངེས་པར་བསྟན་པ་ན། དེ་དང་མི་འདྲ་སྟེ་རིག་བྱེད་ཀྱི་ངག་གཞན་དང་མི་འདྲ་བའི་ཁྱད་པར་ཅན་ཡིན་ནོ་ཞེས་ཟེར་བ་ལ། རིག་བྱེད་རང་གི་ཁྱད་པར་ཙམ་ནི་གཞན་ལ་མེད་ཀྱང་ཁ་བྱའི་གཏམ་གཞན་ལའང་དེ་ཡོད་པའི་ཕྱིར་མི་མཐུན་ཕྱོགས་དང་འགལ་བ་མེད་པས་ན་དེས་གང་ཡང་མི་འགྲུབ་པར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ཇི་ལྟར་སྒྲུབ་ཚུལ་ལ། །གོ་བྱ་ཕྱོགས་ཀྱི་མཚན་ཉིད་བཤད། །གོ་བྱེད་རྟགས་ཀྱི་དབྱེ་བ་བཤད། །དང་པོ་ལ། རང་ལུགས་བསྒྲུབ་བྱའི་མཚན་ཉིད་བཤད། །གཞན་གྱི་བསྒྲུབ་བྱའི་མཚན་ཉིད་དགག །དང་པོ་ལ། སྒྲུབ་འཇུག་སྔ་མ་བཞི་པོ་བཤད། །ཕྱི་མ་མ་བསལ་བ་ཉིད་བཤད། །དང་པོ་ལ། སྤྱི་རུ་བཞི་པོའི་བསྟན་བྱ་བཤད། །རྟོགས་པར་དཀའ་བ་བྱེ་བྲག་བཤད། །ཕྱོགས་མཚན་དབྱེ་བསྡུའི་དགོས་པ་བསྟན། །དང་པོ། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཁྱེད་ཀྱིས་མི་འདོད་ན་སྒྲུབ་བྱེད་འགོད་པའི་སྐབས་སུ་བསྒྲུབ་བྱའི་མཚན་ཉིད་སྨོས་པས་ཅི་བྱ་ཟེར་ན། སྒྲུབ་བྱེད་དངོས་སུ་བརྗོད་པ་ན་བསྒྲུབ་བྱ་ལོགས་སུ་མ་བརྗོད་ན་ཡང་རྟོགས་པའི་དོན་ཅན་ཉིད་ཡིན་ཡང་སྐབས་འདིར་བསྒྲུབ་བྱའི་མཚན་ཉིད་སྨོས་པ་ནི་བསྒྲུབ་བྱའི་མཚན་ཉིད་དེ་ལ་རྨོངས་པ་མེད་པར་བྱ་བའི་ཕྱིར་ཡིན་ཏེ། བསྒྲུབ་བྱ་ཡིན་


MR20_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མིན་པར་འདོད་པ་དང་མིན་ཡང་ཡིན་པར་འདོད་པའི་རྨོངས་པ་མཐོང་ནས་དེ་བསལ་བའི་ཕྱིར་མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་བསྟན་པར་བྱ་བའམ་བསྒྲུབ་བྱའི་མཚན་ཉིད་ལྔ་སྟེ་ངོ་བོ་ཞེས་པ་དང་ཁོ་ན་ཞེས་པའི་ཚིག་ཕྲད་དང་། བདག་ཉིད་ཅེས་པ་དང་། འདོད་ཅེས་པའི་ཚིག་བཞི་པོ་དག་གིས་དེ་ཡི་མཚན་ཉིད་བཞི་རིམ་པ་ལྟར་བསྟན་ཏེ། སྔར་ཚད་མས་གྲུབ་པ་བཅད་ནས་མ་གྲུབ་པ་དང་། མ་གྲུབ་པ་ཡིན་ཀྱང་དཔེ་རྟགས་མ་གྲུབ་པ་ལྟ་བུ་སྒྲུབ་བྱེད་ཀྱི་ཆར་གྱུར་པ་མིན་པ་དང་། བསྟན་བཅོས་གྱི་དོན་ལས་སྐབས་སུ་གང་བསྒྲུབ་བྱར་བརྗོད་པ་དང་། རྒོལ་བས་ཞེ་འདོད་ཀྱིས་གང་ཁས་བླངས་པ་རྣམས་ཚིག་དེ་དག་གིས་རྣམ་གཅོད་ཀྱིས་བཟུང་ངོ་། །དེ་ཡང་མ་བསལ་བ་ནི་སླད་ནས་སྟོན་པར་འགྱུར་ལ། འདིར་མཚན་གཞི་གང་ལ་མཚན་ཉིད་ཞུགས་ཚུལ་དཔྱོད་པའི་སྐབས་སུ་སྒྲུབ་འཇུག་བཞི་པོ་སྔོན་དུ་བཤད་ཅིང་། དེ་ལའང་ངོ་བོ་ལ་ལོག་རྟོག་ཉུང་ཞིང་། ཁོ་ན་སྨོས་པའི་དོན་ནི་རང་ཉིད་དང་འདོད་པ་རྒྱས་པར་བཤད་པའི་དོན་གྱིས་ཤེས་པའི་ཕྱིར་འདོད་པ་དང་རང་ཉིད་སྨོས་པའི་དོན་དམིགས་བསལ་ཏེ་འཆད་པར་མཛད་དོ། །གཉིས་པ་ལ། འདོད་པ་ཞེས་པའི་དོན་ཉིད་བཤད། །རང་ཉིད་སྨོས་པ་རྒྱས་པར་བཤད། །དང་པོ་ལ། དངོས་དང་དེ་ལ་དོགས་པ་སྤང་། །དང་པོ། སྔ་རྒོལ་གྱིས་ངག་ཏུ་དངོས་སུ་མ་བརྗོད་ན་ཡང་ཞེ་ལ་བསྒྲུབ་བྱར་འདོད་པས་ཁྱབ་པ་སྟེ་བསྒྲུབ་བྱར་སོང་བ་ཡིན་པའི་དོན་གྱིས་འདོད་ཅེས་སྨོས་ཏེ། དཔེར་ན་མིག་སོགས་གཞན་གྱི་དོན་བྱེད་པར་སྒྲུབ་ཀྱང་གཞན་ཞེས་པ་ནི་བདག་ལ་བསམ་ནས་བདག་གི་དོན་བྱེད་པར་བསྒྲུབ་པར་འདོད་པ་བཞིན་ཏེ། དེས་ན་ཞེ་འདོད་ཀྱི་དོན་གང་ལ་སྒྲུབ་བྱེད་བཀོད་ནས་སྒྲུབ་པར་འདོད་པའི་དོན་དེ་བསྒྲུབ་བྱར་འདོད་ཀྱི་ཚིག་གཡོ་ཐབས་སུ་བཀོད་པས་གཞན་དུ་འགྱུར་བ་མ་ཡིན་ཏེ། ཞེ་འདོད་ཀྱི་བསྒྲུབ་བྱ་དེ་


MR20_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་ཆེད་དུ་བཀོད་པའི་ངག་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ལུང་དང་འགལ་བར་དོགས་པ་སྤང་། །རིགས་པར་འགལ་བར་དོགས་པ་སྤང་། །དང་པོ་ལ། དེ་ལ་རང་སྒྲ་དོན་མེད་དང་། །འགལ་གཉིས་སྨོས་མི་འཐད་སྙམ་བསལ། །དང་པོ། རང་ཉིད་འདོད་ཅེས་པ་རྒོལ་བ་རང་གིས་བསྒྲུབ་བྱར་འདོད་པ་ཙམ་ཡིན་པས་དེ་གཉིས་ལ་རྣམ་བཅད་ཐ་དད་མེད་དེ། འདོད་ཅེས་པས་རྒོལ་བ་རང་གིས་མི་འདོད་པ་ཐམས་ཅད་བཅད་པའི་ཕྱིར་རོ་ཞེ་ན། འདོད་ཅེས་པས་གཞན་གྱི་འདོད་པ་ཐམས་ཅད་ཕྱོགས་ཡིན་པ་བཟློག་པར་གྱུར་ན་ཡང་ཀུན་བཏུས་ཀྱི་འགྲེ༷ལ་པར་བདག་ཉིད་ཅེས་སྨོས་པའི་སྒྲ་ཡི་དོན་བཤད་པ་ན་རྒོལ་བས་སྐབས་དེར་དངོས་སུ་བསྒྲུབ་བྱར་འདོད་པ་མིན་ཀྱང་དེའི་ལུང་གི་ཕྱོགས་གཅིག་བསྒྲུབ་བྱར་འདོད་པ་དེ་བཞིན་བསྟན་བཅོས་མཁན་པོའི་འདོད་པ་མཐའ་དག་རྒོལ་བ་དེའི་བསྒྲུབ་བྱར་འགྱུར་རམ་སྙམ་པའི་དོགས་པའི་གནས་ནི་བཟློག་པ་སྟེ། དེས་ན་རང་ཉིད་ཅེས་པའི་སྒྲ་འདི་ནི་རྣམ་བཅད་དེ་ཡི་དོན་དུ་བཀོད་པར་བྱས་པ་ཡིན་ཏེ། ཀུན་བཏུས་ཀྱི་འགྲེལ་བར། རང་དང་འདོད་འགྱུར་ཞེས་སྨོས་པ་འདིས་ནི་རང་གི་བསྟན་བཅོས་ལ་ལྟོས་ནས་ཁས་བླང་བར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ། རྒོལ་བས་ཞེ་འདོད་བསྒྲུབ་བྱ་ཡིན་ན་ཞེ་འདོད་ཀྱི་ཚོགས་དོན་གཅིག་ལས་མེད་པའི་ཕྱིར་མིག་སོགས་གཞན་དོན་བྱེད་པར་འདུས་བསགས་ཀྱི་རྟགས་ལས་བསྒྲུབས་པ་དེ་རེས་ཆོས་ཀྱི་ཁྱད་པར་དང་། རེས་ཆོས་ཅན་གྱི་ཁྱད་པར་དང་། འགལ་བའི་རྟགས་སུ་བཤད་པ་འགལ་ལོ་ཟེར་ན་མི་འགལ་ཏེ། གྲངས་ཅན་པའི་ཟོལ་སྦྱོར་གྱི་རྟགས་དེ་ནི་སྒྲའི་སྦྱོར་ཚུལ་ལ་ལྟོས་ནས་རེས་འགའ་ཆོས་ཀྱི་ཁྱད་པར་དག་དང་། རེས་འགའ་ཆོས་ཅན་གྱི་ཁྱད་པར་དུ་སྦྱོར་རུང་བས་ན་དེ་ལྟ་ན་


MR20_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དེ་དང་འགལ་བ་ཡང་དེ་ལྟར་ཡིན་པར་བརྗོད་དེ། འགྲེལ་བའི་དཔེར་བརྗོད་ཕལ་ཆེ་བར་ནི་ཆོས་ཀྱི་ཁྱད་པར་དང་འགལ་བ་ཉིད་དུའང་གསུངས་སོ། །གཉིས་པ་ལ། དོགས་པ་བསལ་དང་དེས་གཞན་ཁེགས། །དང་པོ་ལ། གྲངས་ཅན་ཞེ་འདོད་སྐབས་ཀྱིས་ཤེས། །འདོད་པ་དེ་ལ་མི་འཐད་ཡོད། །དེ་ལྟ་མིན་ན་ཧ་ཅང་ཐལ། །དང་པོ། རྒོལ་བས་དངོས་སུ་བསྒྲུབ་བྱར་ཁས་མ་བླངས་ན་ཡང་བསྒྲུབ་བྱར་འདོད་པ་རིག་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་ཁས་བླངས་པར་དོན་གྱིས་རྟོགས་པའི་ཕྱིར་རོ། །ཇི་ལྟར་ན། བདག་གི་དོན་བྱེད་དོ་ཞེས་མ་བརྗོད་ན་ཡང་ཞེ་ལ་དེ་ལྟར་འདོད་པ་ནི་རྩོད་པའི་ཚེ་བདག་ཡོད་པའི་སྒྲུབ་བྱེད་དྲིས་པའི་སྐབས་སུ་དེ་འགོད་པ་ལས་རྟོགས་པར་འགྱུར་བ་ཡིན་ཏེ་དེ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ། དེ་ལྟར་རྟག་བདག་གི་དོན་མིག་ལ་སོགས་པས་བྱེད་པ་དེ་དཔེར་རྗེས་འགྲོ་མེད་པ་ཡི་སྐྱོན་ཡང་སྔོན་གྱི་སློབ་དཔོན་དབྱིག་གཉེན་སོགས་ཀྱི་གསུང་ལས་ཇི་སྐད་དུ་ཞེ་འདོད་ཤེས་རིག་གི་སྐྱེས་བུའི་མིང་ཅན་རྟག་བདག་དེ་ལ་གཞན་ཞེས་བརྗོད་པ་ཡིན་ན་རྟག་བདག་དེ་འདྲ་མོ་གཤམ་གྱི་བུ་བཞིན་དུ་མ་གྲུབ་པས་དེའི་དོན་མིག་སོགས་ཀྱིས་ཇི་ལྟར་བྱེད་དེ། དཔེ་མལ་ཆ་སོགས་ཀྱིས་ཀྱང་བདག་དེ་འདྲའི་དོན་བྱེད་པ་གང་ནའང་མ་མཐོང་པས་ཅི་ཡང་མི་འགྲུབ་ཅེས་བཤད་པ་བཞིན་ཏེ། སྐབས་དེར་ནི་དེ་འདྲའི་ཞེ་འདོད་ལ་རྟགས་དེ་གནོད་བྱེད་ཡིན་ཏེ། འདུས་བསགས་མིན་པ་རྟག་པའི་ཡུལ་ཅན་ལ་འདུས་བསགས་ཀྱིས་དོན་བྱ་བ་མི་སྲིད་དེ་ཕན་གདགས་བྱ་འདོག་བྱེད་དུ་མི་རུང་ཞིང་འགལ་བའི་ཕྱིར་རོ། །གསུམ་པ། བདག་གི་དོན་བྱེད་པ་ཉིད་དུ་མ་སྨྲས་ན་དེ་ཁོ་ནའི་སྒྲུབ་བྱེད་དུ་ཅི་ལ་འགྱུར་སྙམ་ན། གལ་ཏེ་བདག་ཡོད་མེད་གང་ལ་རྩོད་པ་ཡི་སྐབས་སུ་བདག་ཡོད་པར་སྒྲུབ་བྱེད་བཀོད་པ་དེ་སྒྲུབ་བྱེད་དེས་བསྒྲུབ་བྱ་མིན་ན་རྟགས་འདིས་བསྒྲུབ་བྱ་ཅི་


MR20_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གཞན་དུ་ན་རང་གིས་བསྒྲུབ་མི་འདོད་པ་སྒྲུབ་པའི་འགལ་རྟགས་སུ་འགྱུར་བའམ་ཡང་ན་གྲུབ་ཟིན་སྒྲུབ་པ་ཙམ་ལས་ཞེ་འདོད་ལ་ཅི་ཡང་མི་ཕན་པས་འབྲས་བུ་མེད་པར་འགྱུར་རོ། །དེ་ཇི་ལྟར་ཞེ་ན། གྲངས་ཅན་པ་ན་རེ། མིག་སོགས་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་བཞིན། ཞེས་སངས་རྒྱས་པའི་ངོར་འགོད་དེ། རྟག་བདག་གི་དོན་བྱེད་དོ་ཞེས་དངོས་སུ་སྨྲས་ན་སྒྲུབ་མི་ནུས་པས་ཟོལ་སྦྱོར་གྱི་ངག་སྦྱར་བའོ། །འདི་པའི་ཞེ་འདོད་ལ་ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔ་ཙམ་དུ་ཟད་པ་ལས། མིག་སོགས་ཉེར་བཞི་པོ་ཆོས་ཅན་དུ་བཟུང་ཚད་ལས་གཞན་པ་ཤེས་རིག་གི་སྐྱེས་བུ་ལས་འོས་མེད་ལ། དེ་ནི་འདུས་ཤིང་བསགས་པ་མིན་ཅིང་མིག་སོགས་ནི་རྡུལ་དུ་མ་འདུས་ཤིང་བསགས་པའི་རགས་པ་ཡིན་ནོ། །སྤྱིར་མལ་ཆ་སོགས་ཀྱིས་རང་ལས་གཞན་པ་གང་ཟག་སོགས་ལ་ཕན་འདོགས་པ་ཙམ་གྱི་དཔེ་སངས་རྒྱས་པ་ལའང་གྲུབ་པས་ཁྱབ་པ་འགྲུབ་ལ། ཕྱོགས་ཆོས་ཀྱང་མིག་སོགས་ཀྱི་སྟེང་དུ་འགྲུབ་ནུས་ཤིང་། དེ་གྲུབ་ན་ཞེ་འདོད་ཀྱི་བདག་འགྲུབ་པར་འགྱུར་རོ་སྙམ་པའོ། །འདི་གྱི་ན་སྟེ། མིག་སོགས་ཀྱིས་དངོས་པོ་མཐོང་བ་སོགས་ཀྱིས་གཞན་ལ་ཕན་འདོགས་པར་བྱེད་པ་ཙམ་ནི་གྲུབ་ཟིན་པས་དེ་བསྒྲུབ་མི་དགོས་ལ། དེ་ཡང་ཞེ་འདོད་ཀྱི་བདག་སྒྲུབ་པ་ལ་ནི་རྟགས་འདི་ནུས་པ་མེད་དེ། དཔེ་ལ་རྗེས་འགྲོ་མེད་ཅིང་། ཞེ་འདོད་མིན་པར་གྱུར་ན་སྨྲས་ཆོས་ལ་འགལ་བར་འགྱུར་ཏེ། ཇི་ལྟར་ན། ཞེ་འདོད་དང་སྐབས་འགར་དངོས་སུའང་མིག་སོགས་འདུས་ཤིང་བསགས་པ་མིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་འགོད་པས་ན་ཞེ་འདོད་ལ་སྙེགས་པར་གྱུར་ན། འདུས་བསགས་མིན་པ་དང་ཡུལ་ལ་ལོངས་སྤྱོད་པའི་


MR20_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་ནི་སྐྱེས་བུ་ལ་བསམ་པ་ཡིན་ཀྱང་དེ་མི་སྒྲུབ་པར་ཚིག་ཙམ་གྱི་དབང་དུ་བྱས་ན། འདུས་བསགས་མིན་པའི་ཡུལ་ཅན་ཞེས་པ་འདི་ཆོས་ཅན་མིག་སོགས་ལ་ཡར་སྦྱར་རམ། ཆོས་གཞན་དོན་བྱེད་པ་ལ་མར་སྦྱར་བ་ཡིན། དང་པོ་ལྟར་ན། མིག་སོགས་ཁྱད་གཞི་དང་འདུས་བསགས་མིན་པ་དེའི་ཁྱད་ཆོས་བྱས་ན། རྟགས་འདུས་བསགས་ཡིན་པ་དེ་ཆོས་ཅན་ལ་གྲུབ་དགོས་པས་རྟགས་དེ་ཆོས་ཀྱི་ཁྱད་པར་དང་འགལ་བའི་རྟགས་སུ་འགྱུར་ལ། འདུས་བསགས་ཁྱད་གཞི་དང་མིག་སོགས་ཁྱད་པར་དུ་བཟུང་ན་ཆོས་ཅན་གྱི་ངོ་བོ་དང་འགལ་བའི་རྟགས་སུ་འགྱུར་རོ། །བསྒྲུབ་བྱའི་ཆོས་དང་མ་སྦྱར་ན་ཡང་དེ་བཞིན་དུ་ཁྱད་གཞི་ཁྱད་ཆོས་སུ་འཛིན་ཚུལ་གྱི་རྟགས་དེ་ཆོས་ཀྱི་ངོ་བོ་དང་ཆོས་ཀྱི་ཁྱད་པར་ལ་འགལ་བའི་རྟགས་སུ་འགྱུར་ཏེ། རྟགས་དེ་ཉིད་ཚོགས་དོན་ལ་གྲུབ་དགོས་པས་ན་དེའི་ཆོས་དང་རྟགས་དེ་ལྟར་འགལ་བར་འགྱུར་རོ། །སྒྲུབ་རྟགས་ལ་འདི་བཞིའི་རྣམ་དབྱེ་རུང་ངམ་སྙམ་ན། དེ་འདྲའི་ཀུན་རྟོག་བྱས་ཀྱང་དགག་ཏུ་མེད་མོད་དགོས་པ་ཆུང་བས་རྣམ་དབྱེ་མ་མཛད་ལ། གྲངས་ཅན་པའི་ཟོལ་སྦྱོར་ལ་ཆེད་དུ་གནོད་པ་སྟོན་པའི་ཕྱིར་འགལ་བའི་དབྱེ་བ་མཛད་པ་ཡིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་ལན་འགོག་པའོ། །དང་པོ། གྲངས་ཅན་པའི་ཟོལ་སྦྱོར་གྱི་རྟགས་བཀག་པའི་རིགས་པ་འདིས་ནི་རྒྱང་འཕེན་པས་འཇིག་རྟེན་ཕ་རོལ་མེད་པའི་སྒྲུབ་བྱེད་དུ་བཀོད་པ་གཉིས་བཅས་ཀྱི་སྦྱོར་བ་ལ་ཡང་ཞེ་འདོད་ལ་རྗེས་འགྲོ་མེད་པ་དང་། སྨྲས་ཆོས་ལ་འགལ་བ་དག་བསྟེན་པ་ཡིན་ནོ། །ཇི་ལྟར་ན། རྒྱང་འཕེན་པ་ན་རེ། བུམ་པ་ཆོས་ཅན། འཇིག་རྟེན་ཕ་རོལ་ནས་མ་འོངས་པའི་སྐྱེས་བུའམ་བུམ་པ་གང་རུང་གི་གཉིས་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར།


MR20_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྩིག་ལྡན་བུམ་པ་བཞིན། ཞེས་ཟེར། ཡང་ན། ལུས་སེམས་རྫས་གཅིག་པའི་སྐྱེས་བུ་དང་བུམ་པ་གང་རུང་གི་གཉིས་བཅས་ཡིན་ཏེ་ཞེས་འགོད་ཀྱང་འདྲའོ། །དེ་ལ་འདི་པའི་ཞེ་འདོད་ལ། ལུས་སེམས་རྫས་གཅིག་པའི་སྐྱེས་བུའམ། འཇིག་རྟེན་གཞན་ནས་མ་འོངས་པའི་སྐྱེས་བུའི་གཉིས་བཅས་དངོས་སུ་སྨྲས་ན། སྒྲུབ་མི་ནུས་པར་བསམས་ནས་གཡོ་ཐབས་ཀྱིས་བུམ་པ་དང་གང་རུང་གི་གཉིས་བཅས་ཞེས་བཀོད་ནས། སྤྱིར་དངོས་པོ་ཡིན་ན་གཅིག་པུ་དེར་མ་ངེས་པས་གཞན་གང་རུང་གི་གཉིས་བཅས་ཙམ་གྱི་ཁྱབ་པ་གྲུབ་པས་ན། སྐབས་སུ་ཨུཏྤལ་མིན་པའི་དངོས་པོ་ཡིན་ཙམ་གྱི་ཕྱོགས་ཆོས་བུམ་པའི་སྟེང་དུ་གྲུབ་ལ། དེ་གྲུབ་ན་སྤྱིར་གཉིས་བཅས་ཙམ་དུ་གྲུབ་ཅིང་། སྦྱོར་ངག་ཏུ་གློ་བུར་བའི་སྐྱེས་བུ་དང་བུམ་པ་གང་རུང་གི་གཉིས་བཅས་ཞེས་སྨོས་པས་བུམ་པ་བུམ་པའི་གཉིས་བཅས་ཡིན་མི་སྲིད་པས་གློ་བུར་བའི་སྐྱེས་བུའི་གཉིས་བཅས་སུ་འགྲུབ་ལ། དཔེ་རྩིག་རྩར་བཞག་པའི་བུམ་པ་ལ་བུམ་པ་དེ་རྩིག་པའི་གཉིས་བཅས་སུ་འགྲུབ་པ་བཞིན་ནོ་སྙམ་པའོ། །དེ་ལ་ཞེ་འདོད་ལྟར་ན། ཁྱབ་པ་གཏན་མི་འགྲུབ་སྟེ། བུམ་པ་བུམ་པའི་གཉིས་བཅས་ཡིན་པ་འགལ་ལ་གློ་བུར་གྱི་སྐྱེས་བུའི་གཉིས་བཅས་མི་སྲིད་པའི་ཕྱིར་གང་རུང་གི་གཉིས་བཅས་གཏན་ནས་མིན་ནོ། །དཔེ་ལའང་གློ་བུར་བའི་སྐྱེས་བུའི་གཉིས་བཅས་ནམ་ཡང་མི་འགྲུབ་བོ། །གཉིས་པ་ལ། དངོས་དང་རང་ལ་དེ་མི་མཚུངས། །དང་པོ། ཅི་སྟེ་ཡང་རྒྱང་འཕེན་པ་ན་རེ། བསྒྲུབ་པར་བྱ་བ་འདི་ནི་གློ་བུར་བའི་སྐྱེས་བུའི་ལུས་དང་བུམ་པ་ཞེས་པའི་ཁྱད་པར་ཕྱེས་ནས་གང་གི་གཉིས་བཅས་ཡིན་ཞེས་དཔྱད་མི་དགོས་ཏེ། གཉིས་བཅས་ཙམ་དུ་བསྒྲུབ་པར་བྱ་བ་ནི་དེ་གཉིས་གང་གི་ཡང་ཁྱད་པར་མ་ཕྱེས་པར་


MR20_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་གང་རུང་གི་གཉིས་བཅས་ཙམ་དུ་འདོད་དོ་ཞེ་ན། གཉིས་བཅས་ལ་གཉིས་བཅས་ཅན་བུམ་པ་དང་། གཉིས་དང་བཅས་རྒྱུ་ལུས་ཡིན་དགོས་ན། གང་རུང་གི་གཉིས་བཅས་ཞེས་པ་དེ་ཉིད་ལུས་བུམ་ཉིད་ལས་དོན་གཞན་དུ་བུམ་པ་ལ་ལྡན་པར་བསྒྲུབ་རྒྱུ་གང་ཡང་མེད་པའི་ཕྱིར་བུམ་པ་རང་ཉིད་གཉིས་བཅས་སུ་འགལ་ཞིང་གློ་བུར་བའི་སྐྱེས་བུའི་ལུས་འགྲུབ་པར་མི་འགྱུར་ན་བུམ་པ་དེའི་གཉིས་བཅས་སུ་གྲུབ་པ་མ་ཡིན་པས་དཔྱད་ན་དོན་གྱི་བརྗོད་བྱས་སྟོང་པ་འབྲེལ་མེད་བླ་བརྡོལ་གྱི་ཚིག་འདི་ལྟ་བུ་བརྗོད་པ་ལ་ངོ་ཚ་མི་ཤེས་པ་རྣམས་ཀྱི་འདི་འདྲའི་སྨྲ་བ་དེ་ངོ་མཐོན་དུ་སྨྲ་བ་ནི་མི་ཤེས་པའི་སྐྱོན་གྱིས་ཡིད་བསླད་པ་ལས་བརྗོད་པ་ཡིན་གྱི་གཞན་དུ་རིགས་པ་ཤེས་པས་འདི་ལྟ་བུ་སྨྲ་བ་ལ་བརྩོན་པ་ཅི་སྟེ་བྱེད། གཉིས་པ་ལ། འཇིག་ལ་མཚུངས་པར་ཐལ་བ་སྤང་། །རྗེས་འགྲོ་མེད་ལ་ཐལ་བ་སྤང་། །འགལ་བར་ཐལ་བ་སྤང་བའོ། །དང་པོ། ལུས་བུམ་གང་རུང་གི་གཉིས་བཅས་ཏེ་སྤྱི་ཙམ་དུ་བསྒྲུབ་བྱར་མི་འགྱུར་བར། ལུས་དང་བུམ་པ་གང་གི་གཉིས་བཅས་ཞེས་དཔྱོད་དགོས་ན། ཆོས་ཅན་སྒྲ་དང་དཔེ་བུམ་པའི་ཁྱད་པར་དུ་བྱས་པ་ཅན་གྱིས་མི་རྟག་པ་དང་བྱས་པ་ལའང་དེ་ལྟར་རྟོག་ན་ཁྱོད་འཇིག་པ་བསྒྲུབ་བྱར་འདོད་པ་ལའང་མི་འགྲུབ་པར་མཚུངས་སོ་ཤེ་ན། དེ་མཚུངས་པ་མ་ཡིན་ཏེ། ཆོས་ཅན་སོ་སོའི་ཁྱད་པར་ཕྱེ་མི་དགོས་པར་འཇིག་པ་ཙམ་བྱས་པའི་རྟགས་ཀྱིས་སྒྲུབ་པ་ཡིས་ཆོས་ཅན་སྒྲ་ནི་དེ་ལྟར་གྲུབ་པར་རྟོགས་པའི་ཕྱིར་ཏེ། བྱས་པ་དང་འཇིག་པ་ངོ་བོ་ཉིད་ཀྱིས་འབྲེལ་བར་སྤྱིར་གྲུབ་པས་བྱས་པ་གྲུབ་ན་སྒྲ་ལའང་འཇིག་པ་གྲུབ་པ་ཤེས་ནུས་ཀྱི་ཆོས་ཅན་དང་དཔེའི་ཁྱད་པར་ཕྱེད་མི་དགོས་པར་འགྱུར་རོ། །དེ་བཞིན་དུ་ལུས་བུམ་གང་རུང་ཞེས་པའི་སྤྱི་བུམ་པ་དང་ལུས་བཟུང་བ་ལ་མི་


MR20_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པར་དོན་གཞན་ཞིག་བློ་ངོར་འཆར་དུ་ཡོད་པར་གྱུར་ན། ཨུཏྤལ་མིན་པའི་རྟགས་དེས་བུམ་པའང་དེ་དང་ལྡན་པར་འགྱུར་དུ་ཆུག་ཀྱང་། མི་རྟག་པ་བཞིན་དུ་གང་རུང་ཞེས་པ་ལུས་བུམ་གྱི་ཁྱད་པར་མ་བཟུང་ན་ཅི་ལྟར་བུམ་པ་སོགས་ལ་གྲུབ་སྟེ་གྲུབ་ཚུལ་ཤེས་པར་མི་ནུས་སོ། །གཉིས་པ། བསྒྲུབ་བྱ་མི་རྟག་པ་དེ་ཡང་ཆོས་ཅན་སྒྲ་ཡི་ཁྱད་པར་ཅན་དུ་བྱས་ན་མཐུན་དཔེ་ལ་རྗེས་འགྲོ་མེད་ལ། དེ་ལྟར་མི་བསྒྲུབ་ན་ཤེས་འདོད་མེད་པས་འབྲས་བུ་མེད་པ་རང་ལའང་མཚུངས་སོ་ཞེ་ན། ཆོས་ཅན་སྒྲ་དེ་མི་རྟག་པ་དང་མ་འབྲེལ་བ་བཟློག་པའི་ཕྱིར་སྒྲ་མི་རྟག་པ་ཡིན་ནོ་ཞེས་བསྒྲུབ་པའི་ཕྱིར་སྐྱོན་དེ་ཡོད་པ་མ་ཡིན་ཏེ། སྒྲའི་རྣམ་གཅད་འདི་ལ་ཆོས་ཅན་རང་ལ་མི་ལྡན་པ་ཙམ་གཅོད་ཀྱི་གཞན་ལྡན་མི་གཅོད་པ་དང་། ཆོས་ཅན་ཁོ་ན་ལས་གཞན་ལ་ལྡན་པ་རྣམ་པར་གཅོད་པ་རྣམ་པ་གཉིས་སུ་ཡོད་པ་ལས། སྒྲ་ལ་མི་རྟག་ཉིད་མི་ལྡན་པ་གཅོད་ཀྱི་གཞན་ལྡན་གཅོད་པའི་ཚུལ་གྱི་བསྒྲུབ་པ་མ་ཡིན་པའི་ཕྱིར་གཞན་དཔེར་གྱུར་པ་བུམ་པ་སོགས་དང་ནི་ཆོས་དེ་གཉིས་རྗེས་སུ་འགྲོ་བ་མེད་པར་འགྱུར་བ་མ་ཡིན་ལ། མི་རྟག་པ་དེ་ཡི་སྤྱི༷་སྟེ་ལྡོག་པའི་ཆ་སྒྲའི་སྟེང་དུ། སྔར་བློ་ངོར་མ་གྲུབ་པ་རྟགས་ལས་བསྒྲུབ་པར་བྱ་བ་ཡིན་པས་ན་མི་རྟག་པ་གྲུབ་ཟིན་པ་སྒྲུབ་པ་ཉིད་མ་ཡིན་ཏེ། སྒྲ་ཁྱད་གཞིར་བཟུང་བའི་ཚུལ་གྱིས་སྒྲོ་འདོགས་གསར་དུ་གཅོད་པ་ཡོད་ཅིང་། དེ་ཡང་ལྡོག་ཆ་ནས་སྒྲོ་འདོགས་གཅོད་པ་ཡིན་གྱི་སྤྱིར་མི་རྟག་ཙམ་དང་སྒྲ་ཙམ་སྒྲུབ་པ་མིན་ནོ། །མདོར་ན་ཆོས་ཅན་སོ་སོའི་ཁྱད་པར་བཟུང་མི་དགོས་པར་སྤྱིར་བྱས་པ་ཡིན་ཙམ་གྱིས་མི་རྟག་པ་གྲུབ་པ་དང་། དེ་ཆོས་ཅན་སྒྲ་ལྟ་བུ་ལ་སྦྱར་བའི་ཚེ་གྲུབ་ཟིན་སྒྲུབ་པའང་མེད་པའི་དོན་ཏོ། །གསུམ་པ། དེ་ལྟར་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་


MR20_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་གཞན་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་དང་ལྡན་པ་མིན་པའི་རིགས་པ་འདིས་ནི་ཆོས་ཅན་ཆོས་དག་གིས་ཆོས་དང་ཆོས་ཅན་ཁྱད་པར་ཅན་ཏེ། ཆོས་ཅན་སྒྲ་ལྟ་བུའི་ཁྱད་པར་གྱི་ཆོས་མི་རྟག་པ་དང་། ཆོས་མི་རྟག་པ་དག་གིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་སྒྲ་ལྟ་བུ་སྟེ། དེ་འདྲའི་ཆོས་ཆོས་ཅན་ཁྱད་པར་ཅན་བསྒྲུབ་བྱ་ཡིན་ན་དེ་འདྲའི་ཆོས་ཅན་མ་གྲུབ་པ་དང་རྟགས་ཆོས་འགལ་ལོ་ཞེས་པའི་སྒོ་ནས་ལུགས་དེ་འགོག་པ་དག་ནི་བསལ་བ་ཡིན་ཏེ། ཆོས་ཅན་རང་གི་ཐུན་མོང་མིན་པའི་ཆོས་སུ་བཟུང་བ་དང་སྤྱི་དོན་གཞན་ཅན་གྱི་ཚོགས་དོན་དེ་ལྟར་རྟགས་ཀྱིས་མི་བསྒྲུབ་པའམ་བསྒྲུབ་བྱར་མི་འཛིན་པའི་ཕྱིར་རོ། །གཞན་ཡང་གྲངས་ཅན་པ་དག་ན་རེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་ཚེ་མི་རྟག་སྤྱི་ཙམ་བསྒྲུབ་ན་དེས་རྟག་པ་སྤྱི་ཙམ་འགོག་པར་འགྱུར་ལ། དེ་ལྟ་ན་སྒྲའི་སྤྱི་རྟག་པ་ཡང་ཁེགས་པས་སྤྱི་ཁེགས་ན་བྱེ་བྲག་སྒྲ་ཡང་ཁེགས་པའི་ཕྱིར་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་བར་འགྱུར་ཞེས་པ་ལ། ལན་དུ་སློབ་དཔོན་གྱིས། འགལ་བར་མི་འགྱུར་ཏེ་སྤྱི་རྟག་པ་དོན་གཞན་བསྒྲུབ་འདོད་མེད་པས་ཞེ་འདོད་ལ་ཅི་སྟེ་འགལ། ཞེས་གསུངས་ལ། དེའི་ཕྱིར་ཆོས་ཅན་སྒྲ་ལྟ་བུ་ལ་ནི་སྤྱི་དོན་གཞན་དང་ལྡན་པའམ་ཚོགས་པ་དག་བྱས་རྟགས་ཀྱིས་བསལ་བ་ན་ཡང་། སངས་རྒྱས་པའི་ལུགས་ལ་རྟགས་དེ་འགལ་བ་མ་ཡིན་ཏེ། གང་གི་ཕྱིར་ན་སངས་རྒྱས་པས་སྤྱི་རྟག་པ་དང་། ཚོགས་པའི་ཆོས་ཅན་དེ་ལྟར་དུ་གྱུར་པ་ཞིག་སྒྲུབ་པར་འདོད་པ་མིན་པས་ན་འདོད་པ་ལ་འགལ་བ་མེད་དེ། འདིར་ཆོས་མི་རྟག་པ་འབའ་ཞིག་སྟེ་སྒྲ་སྐད་ཅིག་གཉིས་པར་མི་སྡོད་པ་དེ་ཙམ་བསྒྲུབ་བྱ་ཡིན་གྱི་སྤྱི་ཞེས་པ་རང་རྐྱ་བ་གང་ཡང་མི་སྒྲུབ་བོ། །དེས་ན་མི་རྟག་པའི་སྤྱི་ཙམ་ཞིག་སྒྲུབ་པོ་ཞེས་པ་སྤྱི་རྟག་དངོས་དེ་མ་ཡིན་གྱི་ལྡོག་པ་ཙམ་གྱི་རྒྱུ་


MR20_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཅན་བློ་ངོར་གྲུབ་པའི་སྤྱི་མཚན་དེ་སྒྲ་ལ་སྦྱར་ཏེ་བཟུང་བ་ཡིན་ལ། བཟུང་བ་ལྟར་དུ་སྒྲ་ཡང་སྐད་ཅིག་གཉིས་པར་མི་གནས་པ་ཡིན་གྱི་སྤྱི་ཞེས་པ་ཡན་གར་བ་གང་ཡང་མེད་དོ། །དེའི་ཕྱིར་ཚོགས་དོན་ཞེས་པ་སྒྲ་དང་མི་རྟག་དོན་གཞན་ལྷན་ཅིག་ཚོགས་པ་མེད་ལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་ཞེས་དང་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་ཞེས་པ་ཆོས་ཅན་སྒྲ་ལ་སྒྲུབ་འདོད་མེད་པས་ན་དེ་བསལ་བའི་འགལ་བ་ཉིད་དུ་འགྱུར་བ་མི་སྲིད་དོ། །གཉིས་པ་རང་ཉིད་སྨོས་པའི་དགོས་པ་ལ། འཐད་པར་གྱུར་པ་རང་ལུགས་བཞག །མི་འཐད་འགྲེལ་བྱེད་གཞན་ལུགས་བཀག །དང་པོ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ། རིགས་པ་ཅན་པ་སོགས་ན་རེ། རང་གིས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་མཐའ་དག་དང་མི་འགལ་བར་སྐབས་ཀྱི་བསྒྲུབ་བྱར་བྱེད་དགོས་ཏེ། ལུང་དོན་གང་རུང་གཅིག་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་གནོད་དེ། དེའི་རྒྱུ་མཚན་ལུང་ཚད་མར་ཁས་བླངས་པ་ཡིན་ལ་ལུང་གི་ཕྱོགས་གཅིག་གཞན་ལ་སྟོན་པ་དམ་བཅའ་ཡིན་པས་ལུང་དེའི་ཕྱོགས་གཅིག་ཁེགས་པས་དེ་ཚད་མ་ཡིན་པ་ཁེགས་ལ། ལུང་སྤྱི་ཚད་མ་ཉིད་དུ་མ་གྲུབ་ན་དེའི་ཕྱོགས་གཅིག་རང་གི་དམ་བཅའ་དང་གཏན་ཚིགས་ཀྱང་སྐྱོན་ཅན་དུ་འགྱུར་ཏེ་སྒྲུབ་མི་ནུས་སོ་ཞེས་ཟེར་རོ། །དེ་ལྟར་ཆོས་ཅན་སྒྲ་ལྟ་བུ་གཅིག་ལ་ཡང་བསྟན་བཅོས་ལས་དེའི་ཁྱད་པར་གྱི་ཆོས་རྣམས་དུ་མ་རྣམ་པར་བཞག་པ་ཡོད་ཀྱང་དེ་ཀུན་སྐབས་ཀྱི་བསྒྲུབ་བྱར་མི་བཟུང་སྟེ། རྒོལ་བ་བདག་ཉིད་ཀྱིས་འདོད་ཡུལ་དུ་བྱས་པ་དེ་ཁོ་ན་བསྒྲུབ་བྱའོ་ཞེས་ཤེས་པའི་ཆེད་དུ་ཕྱོགས་ཀྱི་མཚན་ཉིད་དུ་བདག་ཉིད་ཀྱི་ནི་སྒྲ་སྨོ༷ས་སོ། །གཉིས་པ་ལ། གཞན་སྡེ་ལུང་དོན་བསྒྲུབ་བྱ་དང་། །རང་སྡེས་


MR20_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདོད་བཀག་པའོ། །དང་པོ་ལ། འདོད་པ་བརྗོད་དང་མི་འཐད་སྟོན། །དང་པོ། གལ་ཏེ་རྒོལ་བས་རང་ཕྱོགས་ཀྱི་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་ཀྱི་དོན་ཐམས་ཅད་བསྒྲུབ་བྱར་བཟུང་བས་བསྟན་བཅོས་ཀྱི་དོན་དེ་ཡི་ཕྱོགས་གཅིག་ལ་དམ་བཅའམ་གཏན་ཚིགས་དེས་རབ་ཏུ་གནོད་ནའང་གཏན་ཚིགས་དང་དམ་བཅའ་བ་དག་གི་སྐྱོན་དུ་འགྱུར་རོ་ཞེ་ན། གཉིས་པ་ལ། རྗེས་དཔག་ཡུལ་ལ་ལུང་མི་གནོད། །དེ་ཕྱིར་འགལ་ཡང་སྒྲུབ་བྱེད་ཡིན། །དང་པོ་ལ། ལུང་གནོད་སྒྲུབ་ལ་ཐལ་བ་འཕེན། །ལུང་གིས་གནོད་མི་གནོད་ཡུལ་བསྟན། །དང་པོ་ལ། ཐལ་བ་བརྗོད་དང་དེ་ལན་འགོག །དང་པོ། འདི་ལྟར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན་སྒྲ་ནམ་མཁའི་ཡོན་ཏན་དུ་བཤད་པའི་ལུང་ཁས་ལེན་པའི་ལུགས་ལ་གཏན་ཚིགས་དེས་ལུང་ནས་བཤད་པ་ནམ་མཁའི་ཡོན་ཏན་འགོག་པའི་ཕྱིར་རྟགས་དེ་དང་དམ་བཅའ་འགལ་སྙམ་པ་གྱི་ན་སྟེ། བྱས་པ་དང་མི་རྟག་པ་ལ་འགལ་བ་མེད་པས་གཞན་མཁའ་ཡོན་དང་འགལ་བས་སྐབས་ཀྱི་གཏན་ཚིགས་འགལ་བར་མི་འགྱུར་ལ། གལ་ཏེ་འགྱུར་ན་བྱས་པའི་རྟགས་འདི་ཁྱེད་ཀྱི་བསྟན་བཅོས་ནས་བཤད་པ་དྲི་སའི་ཡོན་ཏན་དང་འགལ་བའམ་བཟློ༷ག་པའི་ཕྱིར་དེའི་སྒོ་ནས་ཀྱང་གཏན་ཚིགས་འདི་བསྟན་བཅོས་ཀྱི་དོན་དང་འགལ་བའི་རྟགས་སུ་ཅིས་མི་འགྱུར་ཞེས་ཤིན་ཏུ་མི་རིགས་པའི་ཐལ་བ་འཕངས་པའོ། །དེ་ཡང་ཐལ་བ་འཇུག་པའི་རྒྱུ་མཚན་ནི་བྱས་པ་འདི་རྟག་པ་དང་འགལ་བས་རྟག་པ་ནམ་མཁའི་ཡོན་ཏན་དང་འགལ་སྙམ་པ་ཡིན་ལ། དེ་བཞིན་དུ་རེག་བྱ་རླུང་གི་ཡོན་ཏན་གཟུགས་མེ་རོ་ཆུ་དྲི་སའི་ཡོན་ཏན་ལྔ་ལ་ཡང་རྟག་པ་དང་འགལ་བ་མཚུངས་སོ། །མཚུངས་བཞིན་དུ་དྲི་སའི་ཡོན་ཏན་དུ་བཤད་པའི་ལུང་དོན་དང་བྱས་པ་འགལ་བའི་རྒྱུ་


MR20_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱིས་གཏན་ཚིགས་འགལ་ཞེས་བརྗོད་མི་ནུས་ཏེ། དེ་འགལ་བའི་རྒྱུ་མཚན་འདི་ཞེས་བཤད་དུ་མེད་པ་བཞིན་སྒྲ་ལ་བྱས་རྟགས་འགལ་བའི་རྒྱུ་མཚན་ཀྱང་ལུང་ནས་རྟག་པ་མཁའ་ཡོན་དུ་བཤད་དོ་ཞེས་པ་ཙམ་ལས་གཞན་མི་རྙེད་པས་ན་སའི་ཡོན་ཏན་རྟག་པ་དང་འགལ་བ་དང་། ནམ་མཁའི་ཡོན་ཏན་རྟག་པ་དང་འགལ་བ་གཉིས་སྤྱིར་མགོ་མཉམ་པ་ཙམ་ལས་ཁྱད་མེད་པའི་དོན་ཏོ། །གཉིས་པ་ལ། ལན་གྱི་ཁྱད་པར་རིགས་པས་བཀག །དེ་ཡི་དོན་ནི་བསྡུ་བའོ། །དང་པོ། དྲི་སའི་ཡོན་ཏན་ནི་དྲིའི་ཆོས་ཡིན་པས་སྒྲའི་སྐབས་སུ་དཔྱད་བྱ་མིན་པའི་ཕྱིར་ཏེ། བུམ་པ་ལ་སྣམ་བུའི་ཆོས་རྒྱུ་སྤུན་སོགས་དཔྱད་དུ་མེད་པ་བཞིན་ཡིན་པས་དེ་དང་འགལ་མི་འགལ་དཔྱོད་པ་རིགས་པ་མིན་ནོ་ཞེ་ན། སྐབས་མིན་པ་དེ་ནི་གཞན་ནམ་མཁའི་ཡོན་ཏན་སོགས་ལའང་མཚུངས་ཏེ། སྒྲ་ཉིད་རྟག་མི་རྟག་དཔྱོད་པ་ལ་མཁའ་ཡོན་སྐབས་སུ་ཅི་ལྟར་བབ་སྟེ་དེ་དཔྱད་མི་དགོས་པའི་ཕྱིར་རོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཡིན་པ་ལ་རྟག་པ་ལས་འོས་མེད་པས་སྐབས་སུ་བབ་བོ་སྙམ་ན། གོ་འབྱེད་པ་ལས་སྒྲ་འབྱུང་བ་ཙམ་ནི་དངོས་པོའི་ཚོགས་པ་ཚང་ཞིང་སྒྲ་འབྱུང་བ་ན་སྒྲ་ཉིད་ལ་གེགས་བྱེད་པ་མེད་པའི་ཆ་ལ་ནམ་མཁའ་བཏགས་པ་ལས་ནམ་མཁའ་རྐྱང་པའི་ངོ་བོར་གྱུར་པའི་སྒྲ་ནི་མི་སྲིད་པས་ཞེ་འདོད་ཀྱི་མཁའ་ཡོན་དེ་རྒོལ་བས་མཐུན་སྣང་དུ་མ་གྲུབ་པས་ན་དེ་སྐབས་སུ་བབ་པ་མིན་ནོ། །ཅི་སྟེ་དྲི་སའི་ཡོན་ཏན་ཡིན་པ་སོགས་ལུང་ནས་བཤད་མོད་ཆོས་ཅན་སྒྲའི་ཆོས་སུ་བཤད་པ་མིན་ལ། སྒྲ་ཆོས་ཅན་དུ་བཟུང་བ་འདིར་མཁའ་ཡོན་སོགས་སྒྲའི་ཆོས་སུ་ལུང་ནས་བཤད་པས་སྐབས་སུ་བབ་པ་ཡིན་ནོ་ཞེ་ན། དྲི་སའི་ཡོན་ཏན་ཀྱང་ལུང་ནས་བཤད་པ་ཡིན་ལ་དེ་ལ་གནོད་ན་བསྟན་བཅོས་ཀྱི་དོན་ལ་གནོད་པ་ཉིད་ཡོད་པས་དེ་ཡང་སྐབས་འདི་ཉིད་ཀྱི་འགལ་


MR20_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཅི་སྟེ་མི་འགྱུར་ཏེ། གཉིས་ཀ་ལུང་ནས་བཤད་པ་ཡིན་པ་ཙམ་ལས་མཁའ་ཡོན་ལ་གནོད་པས་སྒྲ་མི་རྟག་པར་མི་འགྲུབ་པའི་རིགས་པ་ལྷག་པོར་བསྟན་དུ་མེད་པའི་ཕྱིར་མགོ་མཉམ་པར་འགྱུར་རོ། །སྐབས་འདིར། བྱས་རྟགས་ཀྱིས་དྲི་སའི་ཡོན་ཏན་འགོག་ཚུལ་འདི་ལ་ཆོས་ཅན་དྲི་ལ་སའི་ཡོན་ཏན་རྟག་པ་འགོག་པ་ཞེས་རྟག་པའི་ཁྱད་པར་སྦྱར་བ་དང་། ཆོས་ཅན་སྒྲའི་སྟེང་དུ་དྲི་སའི་ཡོན་ཏན་འགོག་ཅེས་དང་། རིགས་པས་འཕུལ་ན་རྟག་པར་འགྱུར་དགོས་པའི་ཚུལ་ལས་གནོད་པ་སྟོན་པ་དང་། སའི་ཡོན་ཏན་དང་བྱས་རྟགས་འགལ་བ་སྒྲུབ་མི་ནུས་པ་བཞིན་སྒྲ་མཁའ་ཡོན་ཡིན་པ་ལ་རྟགས་དེ་འགལ་བའི་རིགས་པ་ཡང་དག་སྟོན་དུ་མེད་པའི་གནད་ཀྱིས་སྐྱོན་སྟོན་པ་སོགས་རིགས་པའི་འཇུག་མཚམས་ཀྱི་གོ་ལུགས་སྣ་ཚོགས་འགྲེལ་བ་རྣམས་ན་ཡོད་ཀྱང་མཐར་གཏུགས་ན་གནད་མི་མཐུན་པ་ཆེན་པོ་མེད་མོད། གང་ལྟར་ཡང་དོན་དུ་ཕ་རོལ་གྱི་སྨྲ་བ་འབྲེལ་མེད་སྟོན་པའི་སླད་དུ་ཐལ་བ་འཕེན་པར་གོ་བ་གལ་ཆེའོ། །གལ་ཏེ་ཆོས་ཅན་སྒྲ་ལྟ་བུའི་ཆོས་ཡིན་པ་དང་། སོགས་པའི་སྒྲས་དེའི་བྱེ་བྲག་དང་སྤྱི་ཡིན་པ་དག་ནི་ལུང་ཁས་ལེན་པ་པོ་དེའི་བསྒྲུབ་བྱ་ཆོས་ཅན་དེ་སྒྲུབ་བྱེད་དུ་གྱུར་པ་ཉིད་ཀྱིས་ཅི་སྟེ་རྒོ༷ལ་བས་བསྒྲུབ་བྱར་འདོད་དགོས་པ་ཡིན་པར་བརྗོད་དོ་ཞེ་ན། དེ་མི་འཐད་དེ། ཕྱིར་རྒོལ་གྱིས་སྒྲུབ་བྱེད་དྲིས་པའི་གནས་སྐབས་འགའ་ཡིས་རྒོལ་བས་བསྒྲུབ་བྱར་འདོད་པར་འགྱུར་ཞིང་། རྒོལ་བས་དེ་ལྟར་བསྒྲུབ་བྱར་འདོད་པ་དེ་དེས་ཁས་བླངས་པའི་འདོད་པ་ཉིད་དུ་རྟོགས་པ་ཡང་དངོས་སུ་སྨྲས་པ་དང་སྐབས་ཀྱི་དོན་དེ་དག་གིས་ཤེས་ཀྱི། དཔག་འདོད་ཀྱི་ནུས་པ་ཙམ་ལས་ནི་དཔག་བྱའི་བྱེ་བྲག་གི་འབྲས་བུ་སྒྲུབ་མི་ནུས་ཏེ་རྒྱུ་འབྲས་བུ་སྒྲུབ་པ་ལ་འཁྲུལ་བའི་ཕྱིར་རོ། །དེ་ལྟར་ཤེས་བྱེད་མེད་པར་ནན་གྱིས་ཕ་རོལ་པོ་རང་གིས་ཁས་མ་


MR20_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་བཞིན་དུ་ཁྱོད་འདི་འདོད་དོ་ཅེས་པ་གཞན་གྱི་སྟེང་དུ་ཕྱིར་རྒོལ་བས་ཕར་བཞག་པ་ནི། གསལ་བར་དབང་ཕྱུག་གི་སྤྱོད་པ་ལྟ་བུ་ཡིན་ཏེ། རྒྱལ་རིགས་སོགས་དབང་ཆེ་བས་གཞན་གྱིས་མི་འདོད་བཞིན་བཙན་ཐབས་ཀྱིས་བཀའ་སྩལ་པ་ལྟ་བུར་གསལ་བར་མངོན་པ་ཡིན་གྱི་རིགས་པ་སྨྲ་བའི་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཚུལ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །འདི་རྒོལ་བས་འདོད་དོ་ཞེས་ཤེས་པར་ནུས་པའི་སྐབས་སུ་བབ་པའམ་ངག་གི་བརྗོད་པ་གང་ཞིག་འབྲས་བུའི་རྟགས་ཡོད་པ་ཅན་མིན་པར་བརྗོད་པ་དེ་ཉིད་བསྒྲུབ་བྱར་འདོད་པ་དཔོག་ནུས་ཀྱི་རྟགས་མེད་པར་ཕྱིར་རྒོལ་བས་ཕ་རོལ་གྱི་འདོད་པ་དེ་ལ་ཁོ་རང་གི་དམ་བཅའ་དང་གཏན་ཚིགས་དེས་གནོད་དོ་སྙམ་པ་ནི་རང་ཉིད་ལ་འཁྲུལ་བ་ཡིས་ནི་གནོད་པར་འགྱུར་ཏེ། འབྲེལ་མེད་ཀྱི་དཔྱོད་པ་ལྷུར་བླངས་པའི་ཕྱིར་རོ། །གཉིས་པ། སྐབས་ཀྱི་བསྒྲུབ་བྱ་དེ་དང་མེད་ན་མི་འབྱུང་བའི་དོན་ལ་གནོད་ན་བསྒྲུབ་བྱ་དེ་འགྲུབ་པའི་གེགས་བྱེད་དེ། སྒྲ་མི་རྟག་པ་ལ་མ་བྱས་པ་དང་ཐར་པ་སྒྲུབ་པ་ལ་བདག་ཡོད་པར་འདོད་པ་བཞིན་ནོ། །མེད་ན་མི་འབྱུང་བ་མིན་པའི་དོན་གཞན་དུ་གྱུར་པ་ལ་གནོད་ཀྱང་གཞན་སྐབས་ཀྱི་བསྒྲུབ་བྱ་ལ་ཅི་ཞིག་གནོད་ལ་གེགས་ཅི་ཡང་བྱ་མི་ནུས་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །གཉིས་པ་ལུང་གིས་གནོད་པ་དང་མི་གནོད་པའི་ཡུལ་ཕྱེ་སྟེ་བསྟན་པ་ལ། གཞལ་བྱ་གཉིས་པར་ལུང་མི་དགོས། །ཡང་དག་ལུང་གིས་གསུམ་པར་གཞལ། །དང་པོ་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ། རྗེས་སུ་དཔག་པ་རང་གི་སྤྱོད་ཡུལ་ལ་འཇུག་པ་ན་ལུང་ལ་ཅུང་ཟད་ཀྱང་ལྟོས་པ་མེད་པར་བཤད་དེ། རིགས་པས་བགྲོད་ནུས་པ་དེ་དག་ནི་རིགས་པ་ཉིད་ཀྱིས་གཅོད་པ་ལས་ལུང་གིས་སྒྲུབ་པ་དང་དགག་པ་མི་དགོས་པས་ན་རྗེས་དཔག་དེས་


MR20_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དེ་ནི་དེ་ཙམ་གྱིས་ལེགས་པར་གྲུབ་པར་འགྱུར་གྱི། དངོས་པོའི་ཆོས་ཉིད་ཚིག་ཙམ་གྱིས་གཞན་དུ་ནམ་ཡང་བྱ་མི་ནུས་པས་ན་རྗེས་སུ་དཔག་པས་རང་ཡུལ་དཔྱད་པ་དེ་ཡི་ཚེ་བསྟན་བཅོས་དང་འགལ་མི་འགལ་ལ་ལྟོས་པ་མ་ཡིན་ཏེ། རྗེས་དཔག་ཚད་མས་གྲུབ་ན་ལུང་མི་དགོས་ལ་མ་གྲུབ་པ་ནི་ལུང་གིས་སྒྲུབ་མི་ནུས་པའི་ཕྱིར་རོ། །དེས་ན་ཐོག་མར་རང་སྟོབས་ཁོ་ནས་དཔྱད་པ་དཔྱིས་ཕྱིན་པར་འཇུག་མ་ནུས་པ་དག་ལ་ཡང་། ཡང་དག་པའི་ལུང་གི་སྣང་བ་ལ་བརྟེན་ནས་རྗེས་སུ་དཔག་པ་ཕྱིན་ཅི་མ་ལོག་པ་སྐྱེས་པ་ནས་རྗེས་དཔག་གིས་གཅོད་ནུས་པར་སོང་བ་དེ་ལ་རྗེས་དཔག་ཉིད་ཀྱིས་དཔྱད་པར་བྱ་བ་ལས་ལུང་གིས་བསྒྲུབ་མི་དགོས་ན་རྗེས་སུ་དཔག་པ་དང་འགལ་བའི་ལུང་སྒྲུབ་བྱེད་དུ་མི་འགྲོ་བ་ལྟ་ཅི་སྨོས་ཏེ། དེས་ན་ཕྲ་བའི་མི་རྟག་པ་དང་བདག་མེད་པ་སོགས་རྗེས་སུ་དཔག་པས་འགྲུབ་ནུས་པ་རྣམས་ཀྱང་ཡང་དག་པའི་ལུང་ལ་སྦྱངས་པའི་བློ་གྲོས་ཀྱི་ཤེ་མོང་རྒྱས་པ་ན་བདག་ཉིད་ཀྱི་བློ་ཡི་ནུས་པས་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་ལས་བསྒྲུབས་པས་རྒོལ་བ་གང་ཞིག་ལུང་དེ་ཁས་མི་ལེན་པ་དག་གི་ངོར་ཡང་འགྲུབ་ནུས་ཏེ། མགོན་པོ་བྱམས་པས། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་པ་ལྟ་བ་བཞིན། །དེ་བཞིན་ཆོས་སྤོབས་དྲི་མེད་འོད་མཛད་པ། །ཐུབ་ལ་བརྟེན་ནས་འདི་ཉིད་རབ་ཏུ་བཤད། །ཅེས་པ་དང་ཚུལ་མཚུངས་སོ། །གཉིས་པ། ལུང་ལ་མི་བརྟེན་པ་དེ་ཚེ་ལུང་གི་ཕྱོགས་མི་འདྲ་བ་བཟུང་ནས་ཞེ་འདོད་མི་མཐུན་པའི་དབང་གིས་རྩོད་པ་དོར་བར་འགྱུར་རོ་ཞེ་ན། ལུང་དོན་ལ་དཔྱོད་པ་དེ་ཚེ་ལུང་སྒྲུབ་བྱེད་དང་གནོད་བྱེད་དག་ཏུ་ཁས་བླངས་པ་མེད་པའི་ཕྱིར་རྩོད་པ་དོར་བ་མིན་ཏེ། དོན་གང་ལ་འཐད་མི་འཐད་དུ་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་


MR20_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་ཡིན་པའི་ཕྱིར་རོ། །ལུང་ནས་བཤད་པའི་དོན་དག་ལ་དངོས་སྟོབས་ཀྱི་རིགས་པས་དཔྱད་པ་འདི་ནི་ལུང་གང་ཞིག་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་ལུང་ཡང་དག་ཏུ་ཁས་ལེན་པའི་ཐབས་སུ་གྱུར་པ་ཡིན་ཏེ། གཞན་དུ་ཚེ་སྔ་ཕྱི་ཡོད་པ་དང་མེད་པར་བསྟན་པ་ལྟ་བུའི་འགལ་བའི་དོན་ཅན་གྱི་ལུང་གཉིས་ཡོད་ན་གཉིས་ག་མི་བསླུ་བའི་ལུང་ཡིན་མི་སྲིད་པས་ན་དཔྱད་པས་མ་དག་པ་དེ་ལུང་ལྟར་སྣང་བ་ཡིན་གྱི་ལུང་ཡང་དག་ཏུ་ཁས་ལེན་མི་རིགས་པས་དཔྱད་པ་ནི་ལུང་ཉིད་ལུང་དུ་ཁས་ལེན་པའི་ཐབས་ཡིན་པས་རྗེས་དཔག་གི་ཡུལ་ལ་དངོས་སྟོབས་ཀྱི་རིགས་པས་དཔྱད་པ་བྱེད་ལ་དེ་ཡི་ཚེ་སོ་སོའི་ལུང་ཡོད་ཀྱང་ལུང་དེ་ནི་དེའི་སྐབས་ཀྱི་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་འགྱུར་བ་མིན་ཏེ། ཡིན་ན་རྗེས་དཔག་མི་འཇུག་པར་འགལ་བའི་དོན་མཐའ་དག་ཀྱང་འགྲུབ་པར་འགྱུར་བས་ན་མི་འཐད་དོ། །གཉིས་པ་ལ། ཤིན་ལྐོག་ཁོ་ནར་ལུང་སྒྲུབ་བྱེད། །དེ་ལས་གཞན་དུ་ཧ་ཅང་ཐལ། །དང་པོ། འོ་ན་ལུང་ལ་བརྟེན་ནས་རྟོགས་པར་བྱ་བ་གང་ཡིན་ཞིང་། ལུང་གིས་གནོད་ན་མི་འགྲུབ་པར་གྱུར་པ་གང་ཡིན་སྙམ་ན། དེ་ལྟར་ལུང་གི་དོན་ལ་རིགས་པས་ལེགས་པར་དཔྱད་ནས་གཞལ་བྱའི་ཡུལ་དང་པོ་གཉིས་བསྟན་པ་མཐའ་དག་ལ་ཐེ་ཚོམ་རྣམ་པར་དག་ན་དེ་ལྟ་བུའི་ཚུལ་མཐོང་བ་དེ་ནི་བསྟན་བཅོས་དེ་ཡིད་ཆེས་པས་ཡོངས་སུ་འཛིན་པར་འདོད་པའི་དུས་ཡིན་ལ་དེ་ཡི་ཚེ་བསྟན་བཅོས་དེ་ལྟ་བུ་དང་འགལ་ན་བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར་ཏེ། ཡང་དག་པའི་བསྟན་བཅོས་དེས་གྲུབ་པའི་དོན་ལ་བསྟན་བཅོས་དེ་དང་ནི་འགལ་བར་སེམས་པ་མི་རུང་བའི་ཕྱིར་ཏེ། གལ་ཏེ་འགལ་ན་བདག་ཉིད་ཀྱི་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པས་གནས་མིན་པ་འཐོབ་པའི་ཕྱིར་རོ། །དེ་ཡང་མངོན་སུམ་དང་


MR20_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དཔག་པས་གཞལ་བྱའི་གནས་དང་པོ་གཉིས་ལ་བསྟན་བཅོས་དེ་ཡང་མི་འགལ་བ་ཡིན་པས་བསྟན་བཅོས་དེ་ལྟ་བུ་དང་འགལ་ན་རིགས་པའི་གནོད་པ་འབའ་ཞིག་གིས་གནོད་པར་འགྱུར་གྱི་ལུང་གིས་གནོད་ཅེས་བརྗོད་མི་དགོས་ལ་གཞལ་བྱའི་གནས་གསུམ་པར་ནི་དཔྱོད་པ་འཕོ་བ་སྟེ་དེ་ལ་དཔྱད་པ་འཇུག་པའི་སྐབས་སུ་ན་མངོན་རྗེས་ཀྱི་ཚད་མས་སྒྲུབ་མི་ནུས་པས་ཤིན་ལྐོག་གི་དོན་གཞལ་བ་ལ་ཡང་དག་པའི་བསྟན་བཅོས་ལེན་པ་ནི་རིགས་པ་དང་ལྡན་པ་ཡིན་ཏེ། འཇིག་རྟེན་ཕྱི་མའི་དོན་དུ་གྱུར་པ་རྒྱུ་འབྲས་ཀྱི་སྤང་བླང་བསྟན་པ་ལྟ་བུ་སོགས་བཏང་སྙོམས་སུ་བཞག་པར་མི་འོས་ལ། རང་གི་རིགས་པས་གཅོད་མི་ནུས་པ་དེ་ལ་ཡང་དག་པའི་ལུང་ལ་བརྟེན་པ་ལས་འོས་མེད་དོ། །དེ་ལྟར་ལུང་ལ་བརྟེན་ནས་གནས་གསུམ་པ་དཔྱོད་པའི་སྐབས་དེར་ཡང་སྐབས་ཀྱི་བསྒྲུབ་བྱའི་ཆོས་དངོས་དང་ནི། ཡང་ན་དེའི་མེད་ན་མི་འབྱུང་གི་ཆོས་འབྲེལ་བ་ཅན་ལ་གནོད་པ་ཉིད་ཀྱི་དམ་བཅའ་དང་རྟགས་འགོད་པ་སྤང་བར་བྱ་ཡི་གཞན་སྐབས་ཀྱི་བསྒྲུབ་བྱ་དང་འབྲེལ་བ་མེད་པ་ལ་འགལ་མི་འགལ་དཔྱོད་པར་བྱ་བ་མིན་ཏེ། ཡིན་ན་དཔྱད་པར་བྱ་བ་ཐུག་པ་མེད་པར་ཐལ་བའི་ཕྱིར་ཏེ། ལུང་གི་དོན་མཐའ་དག་རྙེད་པར་དཀའ་ཞིང་དེ་ཀུན་གཅིག་ཏུ་བློ་ལ་བཟུང་ནས་དཔྱད་དགོས་ན་ཧ་ཅང་ཐལ་བར་འགྱུར་རོ། །དཔེར་ན་མགོན་པོ་འོད་དཔག་ཏུ་མེད་པའི་མཚན་བཟུང་ཞིང་དད་འདུན་བསྐྱེད་ན་ཞིང་དེར་སྐྱེ་ཞེས་གསུངས་པའི་ལུང་དེས་སོ་སོའི་སྐྱེ་བོ་ཡང་འཕོས་མ་ཐག་ཏུ་ཞིང་དེར་སྐྱེ་བ་ཡོད་ཅེས་པ་ལྟ་བུ་ལུང་གིས་བསྒྲུབ་པ་ན། ཞིང་དེ་ན་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཏུ་གསུངས་པ་ལྟ་བུའི་ལུང་དེས་བསྒྲུབ་བྱའི་ཆོས་ལ་གནོད་དོ་སྙམ་པ་དང་། འཕགས་ལམ་ཐོབ་པ་ལ་གྲངས་མེད་ཀྱི་ཚོགས་བསགས་པའི་མོས་སྤྱོད་ཀྱི་ལམ་སྔོན་དུ་འགྲོ་བས་ཁྱབ་པ་དེ་ལྟ་བུའི་མེད་ན་མི་


MR20_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་འབྲེལ་བ་ལ་ལུང་གཞན་གྱིས་གནོད་དོ་སྙམ་པ་ལྟ་བུ་ནི་ལུང་དེས་བསྒྲུབ་བྱ་དེ་མི་འགྲུབ་པའི་གེགས་ཡིན་ནོ། །དེ་ལྟར་བཤད་པའི་ལུང་དེ་དག་དང་སྐབས་ཀྱི་ལུང་དེ་འགལ་བ་མེད་པར་སྒྲུབ་མ་ནུས་ན་ལུང་གིས་གནོད་པའི་ཕྱིར་སོ་སྐྱེ་བདེ་བ་ཅན་དུ་སྐྱེ་བར་ལུང་གིས་སྒྲུབ་པ་དེ་འགྲུབ་པ་མ་ཡིན་ནོ། །འོན་ཀྱང་བདེ་བ་ཅན་དུ་སྐྱེས་པ་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པར་གསུངས་པ་ཡིན་མོད་ཀྱི་སོ་སྐྱེ་ཚེ་བརྗེས་མ་ཐག་ཏུ་དེར་སྐྱེས་པས་ལུང་དོན་དེ་ལ་གནོད་པ་མ་ཡིན་ཏེ། ཞིང་དེར་སྐྱེས་ཕན་ཆད་སྐྱེ་བ་གཅིག་གིས་ཐོགས་པར་གདོན་མི་ཟ་བ་ཡིན་ཏེ། སྒྲ་མི་སྙན་པ་ལོ་སྟོང་དུ་ངེས་པ་དང་ཤི་ནས་རྩ་གསུམ་དུ་སྐྱེ་བར་ངེས་པ་བཞིན་ནོ། །དེར་ཡང་བྱང་ཆུབ་ཤིང་གི་དབང་པོའི་དྲུང་ན་བཞུགས་པའི་དེ་བཞིན་གཤེགས་པ་མཇལ་བ་ན་གཟུངས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ཐོབ་ནས་ཆོས་ཀྱི་མིག་རྡུལ་དང་བྲལ་བ་ཐོབ་པར་འགྱུར་བ་ཡིན་ལ། ཞིང་དེར་སྐྱེ་བ་ལ་རྒྱུ་མོས་སྤྱོད་ཀྱི་སྐབས་རིམ་སྦྱོང་སྔོན་དུ་སོང་ངེས་པ་ཅན་མི་དགོས་ཏེ། དེ་བཞིན་གཤེགས་པའི་སྨོན་ལམ་གྱི་སྟོབས་ལས་འཆི་བའི་ཚེ་སངས་རྒྱས་ཀྱི་སྣང་བ་མཐོང་བ་དང་། ཐེ་ཚོམ་ཟ་བ་དག་ཀྱང་རེ་ཞིག་པདྨའི་སྤུབས་སུ་ལོ་ལྔ་བརྒྱར་སངས་རྒྱས་མཐོང་མི་ནུས་པའི་སྒྲིབ་པ་དང་བཅས་པ་ཡོད་པར་གསུངས་པ་འདིས་འཕགས་ལམ་ཐོབ་ནས་གཟོད་སྐྱེ་བ་ཁོ་ན་ཡིན་པའི་དོགས་པ་བཟློག་པར་མཛད་ལ། གཞན་ཡང་ཆོས་སྤངས་པ་དང་མཚམས་མེད་བྱེད་པ་མ་གཏོགས་པ་ཞེས་དམིགས་བསལ་བས་ན་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་ལས་སྔགས་ཀྱི་སྤྱོད་པ་དག་གིས་དུས་ཐུང་ངུས་འབྲས་བུ་རྙེད་ནུས་པ་བཞིན་དུ་མོས་སྤྱོད་ཀྱི་གནས་སྐབས་དུས་ཐུང་ངུས་རྫོགས་ནུས་པར་ལུང་ཉིད་ཀྱིས་གྲུབ་པ་ལས་དེ་མི་སྲིད་པར་སྒྲུབ་པའི་རྗེས་དཔག་མི་


MR20_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལ། ལུང་རང་ལ་བརྟེན་ནས་ཀྱང་བསྒྲུབ་བྱ་དངོས་ལ་གནོད་པའམ། མེད་ན་མི་འབྱུང་གི་དོན་གཞན་ལ་གནོད་པའང་བསྒྲུབ་ཏུ་མེད་པ་ལྟ་བུ་དཔེར་བྱས་ནས་ལུང་གིས་བསྒྲུབ་བྱ་སྒྲུབ་ཚུལ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་སངས་རྒྱས་ལ་ཕུལ་བའི་དངོས་པོ་ཆུང་ངུས་བདེ་འབྲས་རྒྱ་ཆེན་པོ་འགྲུབ་པའི་ཚུལ་ལུང་ལས་བསྟན་པ་ལྟ་བུ་རྣམས་ལ་ལུང་གིས་གནོད་པ་སྒྲུབ་མི་ནུས་པས་དེ་ལྟར་གྲུབ་པ་ཡིན་ལ། ཕྱག་འཚལ་བ་པོ་འདི་འཁོར་ལོས་སྒྱུར་པའི་རྒྱལ་པོ་མང་པོར་འགྱུར་ངེས་སོ་ཞེས་ལུང་གིས་སྒྲུབ་པ་ལྟ་བུ་ལ། ལུང་ལས་དགེ་བའི་རྩ་བ་མི་མཐུན་ཕྱོགས་ཀྱིས་འཇོམས་པར་མ་གྱུར་ན་དེ་ལྟར་འགྱུར་བར་གསུངས་པས་ན་མཐའ་གཅིག་ཏུ་ངེས་པར་སྒྲུབ་མི་ནུས་པ་ལྟ་བུ་ནི་ལུང་ལ་བརྟེན་ནས་དཔྱོད་པའི་ཚེ་ལུང་གིས་ཁས་བླངས་ལ་གནོད་པ་ལྟ་བུ་སོགས་ཞིབ་ཏུ་ཕྱེ་ན་གནས་གསུམ་པ་ལུང་གིས་གཞལ་ཀྱང་ལུང་དོན་ལ་ལུང་གིས་གནོད་མི་གནོད་དངོས་སྟོབས་ལ་རག་ལས་པས་ཤིན་ཏུ་ཞིབ་མོའི་བློ་ཅན་གྱིས་རྟོགས་པར་བྱ་བ་ཁོ་ནའོ། །གཉིས་པ་དེ་ལྟ་མིན་ན་ཧ་ཅང་ཐལ་བ་ལ། དཔྱད་པ་ཀུན་ལ་ལུང་དགོས་དང་། །བྱེ་བྲག་བསྒྲུབ་བྱར་དགོས་སྐྱོན་བརྗོད། །དང་པོ། ཤིན་ཏུ་ལྐོག་གྱུར་གྱི་དོན་དཔྱད་པ་ལ་ལུང་ལ་ལྟོས་པ་ལས་ཐམས་ཅད་དུ་ལུང་ལ་ལྟོས་མི་དགོས་པ་དེ་ལྟ་མིན་པར་དཔྱད་པ་ཀུན་ལ་བསྟན་བཅོས་དག་བཟུང་ནས་དཔྱོ༷ད་དགོས་སོ་ཞེས་པའི་ལུགས་འདི་རྒྱུ་མཚན་གང་གིས་བྱས་ཏེ་རྒྱུ་མཚན་གང་ཡང་མེད་དོ། །གལ་ཏེ་ངེས་པར་དགོས་པ་དེ་ལྟ་ཡིན་ན་དེ་ནི་གྲུབ་མཐའ་མེད་པ་སྟེ་གྲུབ་མཐའི་མིང་ཙམ་ཡང་མི་ཤེས་པའི་གནག་རྫི་མོ་ལ་སོགས་པ་རྣམས་ཀྱིས་དུ་བ་མཐོང་བས་མེ་ཡོད་དོ་ཞེས་ནི་རྟོགས་པར་མི་འགྱུར་ཏེ། དཔྱོད་པ་ཀུན་ལ་བསྟན་བཅོས་མེད་པར་དཔྱོད་པ་མི་འཇུག་པར་ཁས་བླངས་པས་སོ། །དེ་ལྟར་ནའང་དུ་བས་མེ་རྟོགས་


MR20_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསླུ་མེད་དུ་ཡོད་པའི་ཕྱི་མངོན་སུམ་གྱིས་བསལ་ལོ། །དེས་ན་ལུང་དང་སྐྱེས་བུ་ལ་རང་བཞིན་གྱིས་འབྲེལ་བ་མེད་པས་ན་སྐྱེ་བོ་རེང་བུར་ཏེ་ལུང་དང་མ་འབྲེལ་བར་ཁེར་རྐྱང་དུ་སྐྱེས་པར་གྱུར་ཞིང་། དེ་ལྟར་སྐྱེས་ཙམ་ནས་ལུང་དང་འབྲེལ་བ་མེད་མོད། ཕྱིས་ལུང་འཛིན་པའི་རྒྱུ་ལུང་དེ་ཤེས་པའི་ལེགས་པའི་ཡོན་ཏན་དང་མ་ཤེས་པའི་ཉེས་པ་ཚད་མས་མ་མཐོང་ལ། དེ་ལྟར་ལུང་འདོར་དུ་མི་བཏུབ་པའི་རྒྱུ་མཚན་གང་ཡང་མེད་བཞིན་རང་གིར་ཞེན་ནས་བདག་གི་ཕྱོགས་ཀྱི་ལུང་ངོ་སྙམ་དུ་གཏོང་པའི་རང་དབང་མེད་པར་བྱེད་པའི་ཕྱིན་ཅི་ལོག་གི་གྲུབ་མཐའ་ངན་པ་མི་བཟད་པའི་གདོན་ལྟ་བུས་རྒྱུད་བརླམས་ཤིང་སྤང་བར་དཀའ་བ་འདི་ནི་ཀྱེ་མ་བྱེད་པ་པོ་སུ་ཡིས་ཁྱོད་ཀྱི་རྒྱུད་ལ་བགོས་པ་ཡིན་ཏེ། འདི་ཁྱོད་ལ་ཆད་པའི་ལས་སུ་གྱུར་པ་བརྣག་བར་དཀའ་བ་ཞིག་གོ། །གཉིས་པ། གལ་ཏེ་ཐ་མལ་གྱི་དཔྱོད་པ་ཀུན་ལ་ལུང་འཛིན་མི་དགོས་ཀྱང་། གྲུབ་པའི་མཐའ་སྨྲ་བའི་མཁས་པ་རྣམས་ཀྱིས་བསྒྲུབ་བྱ་ཁས་ལེན་པའི་ཚེ་བསྒྲུབ་བྱའི་དཔེ་བསྟན་པ་དེ་ལ་བསྟན་བཅོས་དེ་རང་སྒྲུབ་བྱ་དེའི་ཆོས་སུ་བརྗོད་པ་མ་ལུས་པ་ཀུན་སྒྲུབ་པར་བྱེད་པ་ཡི་རྟགས་གཅིག་པུ་དེ་ཉིད་ལ་འགལ་བ་མེད་པར་འགྱུར་པའི་ཚུལ་བསྟན་ནུས་པ་ཡིན་ན་སྒྲུབ་བྱེད་ཡང་དག་ཏུ་འགྱུར་གྱི་གཞན་དུ་ན་རང་གི་ཕྱོགས་ལ་མི་ལྟ་བར་སུན་ཅི་ཕྱིན་ནམ། སྒྲུབ་བྱེད་ལྟར་སྣང་དུ་འགྱུར་རོ་ཞེ་ན། སྐབས་སུ་དངོས་སྟོབས་ཀྱིས་ཡང་དག་པར་གྲུབ་པ་ལ་ལུང་དང་འགལ་མི་འགལ་དཔྱོད་དགོས་པ་མིན་ལ། དངོས་སྟོབས་ཀྱིས་གྲུབ་ཀྱང་དེ་དང་འགལ་བར་བརྗོད་པ་དེ་ནི་ལུང་ཡང་དག་མིན་ནོ། །དེས་ན་རིགས་པ་དབང་བཙན་དུ་བྱས་ཏེ་དཔྱད་པའི་སྐབས་ན་རྟགས་ཆོས་དེའི་མེད་ན་མི་འབྱུང་གི་འབྲེལ་བ་དཔྱད་ཅིང་བསྟན་དགོས་ཀྱི། སྐྱེས་བུའི་ཤེས་འདོད་དང་བསྟུན་པའི་


MR20_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་གཅིག་གི་ཆོས་སུ་བཞག་པའི་རྣམ་དབྱེ་ཚད་གཟུང་མི་ནུས་པའི་ཕྱིར་ལུང་གི་དོན་མཐའ་དག་དང་མི་འགལ་བར་འདི་ལྟ་བུའོ་ཞེས་དཔེ་ལ་བསྟན་དགོས་ན། རྟགས་ཀྱིས་བསྒྲུབ་བྱ་གཅིག་འགྲུབ་པ་ལའང་མཐའ་ཐུག་པའི་ཚད་རྙེད་དཀའ་བས་འདི་ལྟ་བུའི་སྒྲུབ་བྱེད་དེ་ནི་འཇིག་རྟེན་ལས་འདས་པའི་ལུགས་ཏེ་འཇིག་རྟེན་ན་སྲིད་པ་མིན་པའི་རྣམ་བཞག་ཡིན་ནོ། །ཇི་ལྟར་རྟགས་ལ་བརྟེན་ནས་དོན་རྟོགས་པར་བྱེད་པ་ལ་རྟགས་ཆོས་ཀྱི་འབྲེལ་བ་གྲུབ་མ་གྲུབ་ཁོ་ན་དཔྱོད་ཀྱི་དེ་སྒྲུབ་ཀྱི་སྐབས་སུ་འབྲེལ་བ་མེད་པའི་ཆོས་གཞན་ནམ་མཁའི་ཡོན་ཏན་ལྟ་བུ་སོགས་གཞན་ནི་རྟགས་དེས་མ་གྲུབ་པའམ་བཟློག་པས་སྐབས་ཀྱི་བསྒྲུབ་བྱ་མ་གྲུབ་པར་ནི་ཅི་ལྟར་འགྱུར་ཏེ། གཞུ་མེད་ན་མདའ་འཕེན་པ་ཤོལ་གྱི་འཕང་མེད་པས་དེ་ཤོལ་བར་སྨྲ་ནུས་སམ། བྱས་པས་མི་རྟག་པ་ལྟ་བུ་དེ་དངོས་པོའི་སྟོབས་ལས་གྲུབ་པ་ཡིན་ན་རྟགས་དེ་བསྒྲུབ་བྱ་དེ་ཉིད་འགྲུབ་ནུས་ཀྱི་སྒྲུབ་བྱེད་ཡང་དག་ཏུ་བརྗོད་པ་ལ་འབྲེལ་མེད་གཞན་དང་འགལ་བས་དེ་སྒྲུབ་ཀྱི་གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན་ཏེ། ཆུ་ནི་མེ་དང་འགལ་བའི་ཕྱིར་སྐྱེས་བུའི་སྐོམ་པ་མི་སེལ་བར་སུ་ཞིག་བརྗོད་པར་ནུས་ཏེ་དེ་འདྲའི་སྨྲ་བ་ནི་གྱི་ནའོ། །འདི་ལྟར་ཆོས་ཅན་དེ་ཉིད་ཀྱི་ཆོས་སུ་གཏོགས་པའི་རྣམ་དབྱེ་ཇི་སྙེད་དག་ནི་མ་ལུས་པ་དཔེར་བླངས་ཏེ་བཟུང་བ་དང་བསྟན་པ་མེད་པ་ཁོ་ནར་ནི། སྐྱེ་བོས་གཞན་དག་གི་ཚིག་སྨྲ་བ་དང་དུད་པ་སོགས་ལས་ཕ་རོལ་སེམས་དང་ལྡན་པ་དང་མེ་སོགས་རྟགས་ལས་རྗེས་སུ་དཔོག་པར་བྱེད་པ་མི་འཁྲུལ་བ་ཡོད་ན་དེ་ལ་སུ་ཞིག་གིས་བསྙོན་འདིང་པར་ནུས་ཏེ་དངོས་པོའི་སྟོབས་ཀྱིས་གྲུབ་པ་ནི་གཞན་ལ་ལྟོས་མི་དགོས་སོ། །གཉིས་པ་རིགས་པས་གྲུབ་ན་ལུང་དང་འགལ་ཀྱང་སྐྱོན་མིན་པ་ལ། ལུང་འགལ་ཡང་རྗེས་དཔག་མི་ལྡོག །དེས་ན་དེ་འགལ་སྨྲས་སྐྱོན་མིན། །དང་པོ། རང་གི་བསྒྲུབ་བྱ་ལ་མི་འཁྲུལ་བས་ན་རང་


MR20_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མི་རྟག་པ་ལྟ་བུ་དང་། རྒྱུ་མེ་ལྟ་བུ་དག་སྒྲུབ་པར་བྱེད་པའི་རྟགས་བྱས་པ་དང་དུ་བ་ལྟ་བུའི་དོན་གྱིས་བསྒྲུབ་པ་ན་དངོས་པོའི་གནས་ཚུལ་དང་འགལ་བར་སྨྲ་བའི་ལུགས་འགའ་ཡི་ཞེ་འདོད་ཀྱི་སྨྲ་བ་སྒྲ་ནམ་མཁའི་ཡོན་ཏན་དང་། དུ་བ་གྲོག་མཁར་ལས་ཀྱང་འབྱུང་ངོ་ཞེས་པ་ལྟ་བུ་ལ་གནོད་པས་རྟགས་དེས་རང་གི་འབྲེལ་ཡུལ་འགྲུབ་ནུས་ཀྱི་ངོ་བོ་ཉིད་ལས་ནམ་ཡང་ལྡོག་པ་མ་ཡིན་ཏེ། མེ་གྲང་ངོ་ཞེས་བརྗོད་ཀྱང་ཚ་བ་མི་ལྡོག་པ་བཞིན་ནོ། །རྟགས་དེ་ནི་འདོད་པའི་བསྒྲུབ་བྱ་ཡི་དོན་དང་མེད་ན་མི་འབྱུང་བའི་ཚུལ་གྱིས་འབྲེལ་བར་རྟོགས་པ་ཡི་རྒོལ་བ་དེས་གཞན་ཕྱིར་རྒོལ་བ་དག་ལའང་གཏན་ཚིགས་དེས་ཅི་ལྟར་བསྒྲུབ་བྱ་རྟོགས་པར་བྱེད་ནུས་པར་འགྱུར་བ་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་དང་ལྡན་པའི་ཕྱིར་མར་མེ་ལག་ན་ཐོགས་པས་མུན་ཁང་ནང་གི་དངོས་པོ་སྟོན་ནུས་པ་བཞིན་ནོ། །གཉིས་པ་ལ། རིགས་པ་བརྗོད་དང་དེར་རྩོད་སྤང་དང་པོ། སྔར་ལུང་ཚད་མར་ཁས་བླངས་ནས་ཕྱིས་ལུང་དེ་དང་འགལ་བའི་རྟགས་བརྗོད་པས་ན་རྒོལ་བ་འདི་མི་རིགས་པ་བྱེད་པ་ཡིན་ནོ་ཞེ་ན། ལུང་དོན་ཕལ་ལ་གནོད་པའི་གཏན་ཚིགས་དེ་ནི་བརྗོད་དམ་མ་བརྗོད་ཀྱང་རུང་དངོས་པོའི་སྟོབས་ཀྱིས་གཏན་ཚིགས་དེ་བསྟན་བཅོས་ཀྱི་དོན་དང་འགལ་བ་ཡིན་ན་རྒོ༷ལ་བས་བསྟན་བཅོས་འདིར་ཉེས་པ་ཅི་བྱས་ཏེ། གཏན་ཚིགས་དེ་རྒོལ་བ་དེས་བརྗོད་པའི་ཉེས་པས་བསྟན་བཅོས་ལ་གནོད་བྱེད་དུ་ནི་གཏན་ཚིགས་དེ་གསར་དུ་སྐྱེས་པ་མིན་ཏེ། ངོ་བོས་གནོད་པར་གནས་པའི་ཕྱིར་རོ། །གལ་ཏེ་ཁས་བླངས་པའི་བསྟན་བཅོས་ལ་རྣམ་པ་ཀུན་ཏུ་གནོད་པ་བརྗོད་མི་རིགས་པ་ལ་བསྟན་བཅོས་དང་འགལ་བའི་གཏན་ཚིགས་རྗོད་པ་པོ་དེས་བསྟན་བཅོས་ལ་གནོད་བྱེད་དངོས་སུ་བརྗོད་པའི་ཕྱིར་གནོད་བྱེད་ཡོད་པ་ཤེས་ནས་བསྟན་བཅོས་ལ་དགའ་བ་ཆེན་པོ་མི་སྐྱེ་བར་བྱེད་པའི་ཕྱིར་རྒོལ་བ་དེ་དག་གི་སྐྱོན་དེ་བུས་ཕ་སུན་འབྱིན་པ་བཞིན་ནོ་ཞེ་ན། གལ་དེ་ལུང་དོན་ལ་གནོད་པའི་གཏན་ཚིགས་དེ་རྒོལ་བས་མ་བརྗོད་ན་གཏན་ཚིགས་དེ་ནི་ཅི་


MR20_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལ་གནོད་པ་མིན་ནམ། མིན་ན་བརྗོད་ཀྱང་མི་གནོད་ལ། ཡིན་ན་རྒོལ་བ་དེ་མི་རིགས་པ་བྱེད་པ་མིན་ཏེ། དོན་ལ་གནས་ཚོད་ཇི་ལྟ་བ་བཞིན་བརྗོད་པས་ན་ཅིས་ན་རྒོལ་བ་དེ་སྐྱོན་ཅན་ཡིན་ཏེ། སྐྱོན་ཅན་དུ་མི་རིགས་སོ། །གཉིས་པ་ལ། མ་གྲུབ་བརྗོད་དང་འདི་མི་མཚུངས། །གཉིས་ཀའང་འགྲུབ་པ་མིན་པ་སྤང་། །དང་པོ། འོ་ན་གཏན་ཚིགས་ལྟར་སྣང་བརྗོད་པའང་རྒོལ་བའི་སྐྱོན་མིན་པར་ཐལ་ཏེ་རྟགས་དེ་རང་བཞིན་གྱིས་ལྟར་སྣང་ཡིན་གྱི་རྒོལ་བས་བརྗོད་པས་དེ་ལྟར་སྐྱེས་པ་ནི་མ་ཡིན་ནོ་ཞེ་ན། དེ་མི་མཚུངས་ཏེ། གཏན་ཚིགས་ལྟར་སྣང་རང་གི་ངོ་བོས་ལྟར་སྣང་དུ་གནས་པ་ཡིན་མོད། གཞན་ཕ་རོལ་པོ་དག་ལ་རྒོལ་བ་རང་གི་འདོད་པའི་བསྒྲུབ་བྱ་ཉིད་ནི་སྒྲུབ་པར་བྱེད་པའི་ཕྱིར་བརྗོད་པ་ཡིན་ལ། ལྟར་སྣང་སྒྲུབ་བྱེད་དུ་བཀོད་པའི་བསྒྲུབ་བྱ་འགྲུབ་པའི་དོན་ཅུང་ཟད་ཀྱང་མེད་པ་བརྗོད་པས་ན་དེ་འདྲའི་སྒྲུབ་བྱེད་འགོད་པ་པོའི་བློ་སྐྱོན་དུ་འགྱུར་བ་ཡིན་ན་ཡང་། ལུང་གཞན་དང་འགལ་ཀྱང་རུང་སྒྲུབ་བྱེད་ཡང་དག་པའི་གཏན་ཚིགས་བརྗོད་པ་དེ་ནི་རང་གི་ཞེ་འདོད་སྒྲུབ་པར་བྱེད་ནུས་པའི་ཕྱིར་ན་ཚུལ་འདིར་རྒོལ་བ་ལ་སྐྱོན་དུ་འགྱུར་བའི་སྐབས་ཡོད་པ་མ་ཡིན་ནོ། །གཉིས་པ་ལ། དངོས་དང་དེ་ཡི་རྒྱུ་མཚན་གཉིས། དང་པོ། བྱས་པས་མི་རྟག་པ་སྒྲུབ་པས་ལུང་ནས་རྟག་པ་མཁའ་ཡོན་དུ་བཤད་པ་ལ་གནོད་ན་ཁས་བླངས་པའི་ལུང་དོན་དེས་མི་རྟག་པ་ལའང་གནོད་པས་གཉིས་ཀའང་འགྲུབ་པར་མི་འགྱུར་རོ་ཞེ་ན། དེ་ནི་ཤིན་ཏུ་མི་རིགས་པའི་སྨྲ་བ་སྟེ། གལ་ཏེ་བྱས་རྟགས་ཀྱི་སྒྲ་མི་རྟག་པར་གྲུབ་པ་ལྟ་བུ་ཡང་དག་པའི་རིགས་པས་གཟེགས་ཟན་སོགས་ཀྱི་བསྟན་བཅོས་ལ་ལར་བཤད་པའི་སྒྲ་རྟག་པ་དང་ནམ་མཁའི་ཡོན་ཏན་ལྟ་བུ་འགའ་ཞིག་རིགས་པ་མིན་པར་གྲུབ་པས་ན་སྒྲ་མི་རྟག་ལྟ་བུ་དངོས་པོའི་གནས་ཚུལ་དང་མཐུན་པའི་


MR20_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པར་སྨྲ་བ་གཞན་པ་དག་ཀྱང་འགོག་པར་བྱེད་དོ་ཅེས་བྱ་བ་རྒྱལ་རིགས་ངན་པའི་ལུགས་ལྟ་བུ་ཡིན་ཏེ། དཔེར་ན་རྒྱལ་པོ་ཁ་ཅིག །མི་རིགས་པ་བྱེད་པ་གཅིག་ལ་ཁྲོས་ནས་གཞན་ལེགས་པར་བྱེད་པ་དུ་མ་ལའང་ཆད་པ་གཅོད་པ་བཞིན་ནོ། །དེ་ཡང་ཆོས་ཅན་སྒྲ་ལྟ་བུའི་སྟེང་དུ་ལུང་ཐམས་ཅད་ཀྱི་དོན་ཀུན་མཚུངས་པར་བྱས་ནས་ནི་སྒྲུབ་བྱེད་ཀྱི་གཏན་ཚིགས་སུས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། སྒྲ་རྟག་མི་རྟག་ལྟ་བུ་སོགས་སོ་སོའི་ལུང་གི་དོན་མི་འདྲ་བ་མང་ཞིང་། དངོས་སྟོབས་མེད་པར་ལུང་ཙམ་གྱིས་གྲུབ་ན་ལུང་གང་ཡིན་ཀྱང་སྟོབས་མི་མཉམ་པ་ཚིག་ཙམ་ལ་མེད་ཅིང་། ལུང་གཅིག་གི་དབང་དུ་བྱས་ནའང་ཆོས་ཅན་དེའི་ཆོས་སུ་བཤད་ཚད་བསྟན་པར་དཀའ་བ་གོང་དུ་བཤད་པ་བཞིན་ནོ། །དེས་ན་རྣམ་པ་ཀུན་ཏུ་ཁྱོད་ཀྱིས་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་པར་གཞག་པ་འདི་ཉམས་པར་འགྱུར་ཏེ། བསྒྲུབ་བྱ་སྐྱོན་མེད་པར་གྲུབ་པའི་སྒྲུབ་བྱེད་རྙེད་པའི་དུས་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང་དེ་ལན་བརྒྱུད་མར་བཀག །དང་པོ། ལུང་དོན་ཁེགས་ཀྱང་གཏན་ཚིགས་སྐྱོན་ཅན་དུ་མི་འགྱུར་ན་འགལ་པ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་སྨྲ་བ་ཡང་སྒྲུབ་བྱེད་སྐྱོན་ཅན་དུ་ཇི་ལྟར་འགྱུར་ཏེ་ཚད་མ་གཉིས་ཀྱིས་རྟག་དང་མི་རྟག་སོ་སོར་གཞི་གཅིག་ལ་གྲུབ་པར་སྨྲ་བའི་སྒོ་ནས་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འདོད་པ་སྐྱོན་ཡིན་ན། འདིར་ནི་ཕལ་པ་ལས་ཆེས་ལྷག་པའི་སྐྱེ་བོ་སྔོན་རབས་པ་དག་གི་ལུང་གི་གྲུབ་ཟིན་པ་དེ་གཞིར་བཞག་ཏུ་མི་འདོད་པར་དེ་དང་འགལ་བ་ཡང་གཏན་ཚིགས་ཀྱིས་གྲུབ་པར་འདོད་པའི་ཕྱིར་རོ་ཞེ་ན། སྒྲ་ལྟ་བུའི་ཆོས་ཅན་གཅིག་ལ་རྟག་མི་རྟག་ལྟ་བུའི་འགལ་བ་དག་གཞི་མཐུན་དུ་མི་རུང་བའི་ཕྱིར་ན་འགལ་པ་ལ་མི་འཁྲུལ་བའི་ཚད་མ་རྣམ་པ་ཀུན་ཏུ་མི་སྲིད་


MR20_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིགས་པས་ཡང་དག་པར་གྲུབ་པ་དེ་ཁོ་ན་ལྟར་གནས་ཀྱི་ལུང་ལས་བཤད་པ་ཙམ་གྱིས་ནི་དེ་ལྟར་གྲུབ་པར་མི་ངེས་ཏེ། བྱེད་པ་པོ་ཞེ་འདོད་འཁྲུལ་སྲིད་པའི་ཕྱིར་རོ། །དེས་ན་སྒྲ་རྟག་པ་སོགས་ཀྱི་ལུང་དོན་དེ་དངོས་པོ་ལ་གྲུབ་པ་རྡུལ་ཙམ་མེད་ཀྱང་ཁྱོད་རང་གི་ཞེ་འདོད་ཀྱིས་དེ་ལྟར་གྲུབ་པར་གཞིར་བཞག་ཏུ་རློམས་ནས་མ་ངེས་པའི་སྨྲ་བ་འདི་བྱས་ཀྱི། གཏན་ཚིགས་བྱས་པ་ལྟ་བུ་དེས་ཆོས་ཅན་སྒྲ་ལྟ་བུའི་སྟེང་དུ་རང་གི་བསྒྲུབ་བྱ་མི་རྟག་པ་དང་འགལ་ངེས་པ་རྟག་པ་ལྟ་བུ་ལ་གནོད་པར་འགྱུར་ཞིང་། སྒྲ་རྟག་པ་གཏན་མི་སྲིད་པར་སྒྲུབ་ཀྱི་ལུང་གིས་རྟག་པ་ཅུང་ཟད་སྒྲུབ་མི་ནུས་པས་ན་དངོས་སྟོབས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་འདིར་ནི་རྟག་མི་རྟག་གཉིས་ཀར་གྲུབ་པ་དེ་འདྲ་བའི་འགལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པ་ཀུན་ཏུ་མི་རྟག་པ་ཉིད་དུ་གྲུབ་པའི་ཕྱིར་མེའི་ཚ་བ་བཞིན་ནོ། །ཡང་ན་དངོས་སྟོབས་ཀྱིས་ལུང་ལ་འགལ་བ་སྟོན་ནུས་ཀྱི་ལུང་གིས་རིགས་པ་ལ་འགལ་བ་སྒྲུབ་མི་ནུས་ཞེས་ཀྱང་བཤད་དེ་ཚིག་འབྲུ་གཉེར་ལུགས་ཙམ་ལས་དོན་འདྲའོ། །དེ་ལྟར་རིགས་པ་ཅན་པ་སོགས་ཡང་དག་པའི་རྒྱུ་མཚན་མེད་པར་ལུང་ཁས་བླངས་ནས་ལུང་དེ་དང་ལྡན་པར་གཞལ་བྱའི་གནས་གསུམ་ཀ་གཏན་ལ་འབེབས་ཟེར་བ་ནི་ཤིན་ཏུ་བླུན་པའི་རྟགས་ཏེ། རིགས་པས་གཅོད་ནུས་ཀྱི་ཡུལ་རིགས་པས་གྲུབ་ན་དེ་དང་འགལ་བའི་ལུང་དེ་ལུང་ཡང་དག་མིན་པར་ཤེས་དགོས་ཀྱི་ལུང་གིས་རིགས་པ་སུན་ཕྱིན་མི་ནུས་ལ། ལུང་ཕལ་གྱི་དོན་ལ་དངོས་སྟོབས་ཀྱི་གནོད་པ་སྲིད་པའི་ཕྱིར་རིགས་པས་གནོད་ན་ལུང་འདོར་དགོས་ཀྱི་ལུང་གིས་གནོད་པས་རིགས་པ་འདོར་མི་རུང་སྟེ། གཤེད་བྱེད་ཤོམ་པ་སྟོན་པའི་ནད་ཡན་པ་གསོད་པ་བཞིན་ནོ། །དེས་ན་རང་གི་བློ་སྐྱོན་གྱི་བསླད་པས་སྒྲུབ་བྱེད་ལྟར་སྣང་མིན་པར་ཡང་དག་པའི་རིགས་ལམ་གྱིས་


MR20_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བྱའི་གནས་དང་པོ་གཉིས་ཚུལ་བཞིན་ངེས་ནུས་ན་དེ་དང་འགལ་ངེས་པའི་ལུང་ཁས་མི་བླང་ལ། གནས་གསུམ་པ་ནི་ཡང་དག་པའི་ལུང་ལ་ལྟོས་པ་ལས་རིགས་པའི་འཇུག་ཡུལ་མིན་ཅིང་། དངོས་སྟོབས་ཀྱི་རིགས་པའང་བདེན་གཉིས་ཀྱི་གནད་ཟབ་མོ་ལ་ཇེ་བས་ཇེ་ཟབ་ཏུ་སོང་པས་ཐེག་པའི་རིམ་པ་དང་བསྟུན་པར་རྟོན་པ་བཞིའི་ཚུལ་གྱི་མཐར་ཕྱིན་པར་འཇུག་དགོས་ཀྱི། ཉི་ཚེ་བའི་བློ་མིག་ཁོ་ནས་ཐེག་པ་ཆེན་པོའི་ལུང་འདོར་བ་ནི་སྙིགས་དུས་སུ་མང་བར་འདུག་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་མིང་བཏགས་ཀྱང་ཐེག་ཆེན་གྱི་རིགས་པ་སྨྲ་བ་ཞེས་མི་བྱ་སྟེ། རང་ཉིད་རློམ་པས་བསྒྱིངས་པ་ཙམ་དུ་ཟད་དོ། །གལ་ཏེ་ཚད་མས་གནོད་ཀྱང་འདོར་དུ་མི་རུང་སྟེ་རང་གི་ལུང་ཡིན་པའི་ཕྱིར་རོ་སྙམ་ན། རང་གི་ལུང་ཞེས་མ་གྲུབ་ཀྱང་ཞེན་པའི་བག་ཆགས་ཀྱི་རྗེས་སུ་ནན་གྱིས་འཇུག་པ་ལ་རིགས་པས་ཅི་བྱ་སྟེ། གྲུབ་མཐའི་གདོན་གྱིས་བརླམས་ཟིན་པ་དག་ལམ་དུ་གཞུག་པ་ནི་རེ་ཤིག་བདག་ཉིད་ཆེན་པོ་རྣམས་ཀྱིས་ཀྱང་དཀའ་བའི་གནས་སུ་དགོངས་ནས་བཏང་སྙོམས་སུ་མཛད་པའི་འོས་ཡིན་ན་ཕལ་པས་ལྟ་ཅི་སྨོས་ཏེ། འོན་ཀྱང་ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་ལམ་དྲི་མ་མེད་པ་ལ་ཚུལ་བཞིན་དཔྱད་པས་བློ་གྲོས་ཀྱི་སྣང་བ་ཇེ་བས་ཇེ་བཟང་དུ་འཕེལ་བ་ལས་ཐུབ་པའི་དགོངས་པ་ཟབ་མོ་ཆོས་ཀྱི་བདུད་རྩིའི་བཅུད་མྱོང་བར་ནུས་པས་ན་རིགས་པ་བཞིས་ཚུལ་བཞིན་དཔྱད་པས་རྟོན་པ་རྣམ་པ་བཞི་བསྐྱེད་ནས་ཐེག་པའི་རིམ་པ་མཐར་ཐུག་པའི་བར་དུ་བློ་གྲོས་ཀྱི་ལུས་རྫོགས་པར་བྱས་ཏེ་ཡེ་ཤེས་ཀྱི་མིག་སྒྲུབ་པར་གྱིས་ཞེས་འཕྲོས་དོན་དུ་སྨོས་པའོ། །གཉིས་པ། དེ་དག་ལས་མི་རྟག་པ་གནོད་བྱ་དང་མཁའ་ཡོན་དུ་བཤད་པ་གནོད་བྱེད་ནི་མིན་ཡང་མི་རྟག་པར་བསྒྲུབས་ནས་མཁའ་ཡོན་བཀག་ན།


MR20_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་བསླད་པའི་ཕྱིར་བསྒྲུབ་བྱའི་སྐབས་དང་མཁའ་ཡོན་ལྟ་བུའི་ལུང་དོན་ལ་འབྲེལ་བ་མེད་ཀྱང་བསྒྲུབ་བྱ་འགྲུབ་པ་ལ་གནོད་དོ་ཅེ་ན། འབྲེལ་བ་མེད་ཀྱང་ལུང་དོན་གྱིས་གནོད་ན་བསྒྲུབ་བྱ་ཐམས་ཅད་ལ་སོ་སོའི་ལུང་དོན་སྣ་ཚོགས་པ་ཡོད་དོ་ཅོག་ཐམས་ཅད་ཀྱིས་གནོད་པར་འགྱུར་ཏེ། ལུང་གི་ཚིག་ཙམ་གྱིས་དངོས་སྟོབས་ལ་གེགས་བྱེད་ནུས་པའི་ཕྱིར་རོ། །གཞན་ཐམས་ཅད་ཀྱིས་མི་གནོད་ཀྱང་རང་གིས་ཁས་བླངས་པའི་ལུང་དོན་དེས་གནོད་སྙམ་ནའང་། ལུང་དོན་གྱི་ཕྱོགས་གཅིག་དྲི་སའི་ཡོན་ཏན་བཀག་པ་སོགས་འབྲེལ་མེད་གཞན་ལ་གནོད་པས་ཀྱང་བསྒྲུབ་བྱ་མི་འགྲུབ་པས་བསྒྲུབ་བྱ་གཅིག་ཀྱང་འགྲུབ་པ་མི་སྲིད་དོ། །གལ་ཏེ་མཁའ་ཡོན་དང་སྒྲ་ལ་འབྲེལ་བ་ཡོད་དེ། དེའི་ཆོས་ཡིན་པ་དེས་ན་བསྒྲུབ་བྱ་མི་རྟག་པ་དེ་ཉིད་ལ་གནོད་པར་འགྱུར་རོ་ཞེ་ན། དེ་མ་ཡིན་ཏེ་སྐབས་ཀྱིས་བསྒྲུབ་བྱ་དང་འབྲེལ་བ་ཡོད་མེད་ནི་རྟགས་དེ་དང་བསྒྲུབ་བྱ་མེད་ན་མི་འབྱུང་བའི་འབྲེལ་བ་ཡིན་པས་རྟགས་སུ་བཀོད་པ་ཀུན་རང་རང་གི་བསྒྲུབ་བྱ་ལ་ལྟོས་ནས་འབྲེལ་བ་མེད་ན་སྒྲུབ་མི་ནུས་པའི་སྐྱོན་ཅན་ལྟར་སྣང་དང་འབྲེལ་བ་ཡང་དག་པར་ཡོད་ན་སྒྲུབ་ནུས་ཀྱི་ཡོན་ཏན་དང་ལྡན་པ་ཡང་དག་པ་ཡིན་པས་དེ་ཁོ་ན་དཔྱད་པར་བྱ་བ་ཡིན་གྱི་གཞན་པའི་འབྲེལ་བ་ཞེས་བྱ་སྐབས་འདིར་དཔྱོད་དགོས་པ་མིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་དངོས་པོ་མེད་ན་མི་རྟག་པ་མི་འབྱུང་བ་ལྟ་བུའི་མཁའ་ཡོན་མེད་ན་བསྒྲུབ་བྱ་སྒྲ་ལྟ་བུ་དེ་མི་འབྱུང་བའི་འབྲེལ་བ་དེ་ནི་འདིར་ཚད་མས་རྟོགས་པ་མེད་ཀྱི། མཁའ་ཡོན་ལ་གནོད་པ་འདིར་ནི་དེ་ལྟར་འདོད་པའི་བསྟན་བཅོས་ལ་གནོད་པ་འབའ་ཞིག་གི་སྐྱོན་དུ་འགྱུར་བ་ཡིན་གྱི་རིགས་པའི་དོན་ལ་གནོད་པ་གང་ཡང་མེད་པས་ན་ལུང་དོན་ལ་རྟགས་དེ་མི་མཐུན་པར་གྱུར་པ་ནི་གཞན་


MR20_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་སའི་ཡོན་ཏན་རྟགས་དེས་བཀག་པར་བྱས་པ་ལའང་མཚུངས་པས་ན་དེ་འདྲའི་ལུང་དོན་ལ་གནོད་ཀྱང་རྟགས་ཡང་དག་གིས་བསྒྲུབ་བྱ་མི་འགྲུབ་པ་མིན་ནོ། །ཡང་ན་བསྒྲུབ་བྱ་ཞེས་པ་སྒྲ་མི་རྟག་པ་ལ་སྦྱར་ཏེ་མཁའ་ཡོན་མེད་ན་དེ་མི་འབྱུང་བ་མེད་དེ། དེའི་བཟློག་ཕྱོགས་ཡིན་པའི་ཕྱིར་ཚ་རེག་མེད་ན་གྲང་རེག་མི་འབྱུང་བ་མེད་པ་བཞིན་ནོ། །དེས་ན་འབྲེལ་མེད་འདིས་རྟགས་ཚད་མས་གྲུབ་པ་འདི་ལ་ཅི་ལྟར་གནོད་དེ། མེ་ཚ་བར་གྲུབ་པ་ལ་གྲང་བས་གེགས་བྱ་མི་ནུས་པ་བཞིན་ནོ། །ཞེས་སོ། །གཉིས་པ་རང་སྡེ་ལུང་དོན་མཐའ་དག་སྐབས་ཀྱི་བསྒྲུབ་བྱར་འདོད་པ་འགོག་པ་ལ། ཕྱོགས་སྔ་བརྗོད་དང་དེ་འགོག་པའོ། །དང་པོ། ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་འདི་སྐད་དུ། གལ་ཏེ་བསྟན་བཅོས་ནི་རང་གིས་ཚད་མར་ཁས་བླངས་ཟིན་པའི་ཕྱིར་བསྟན་བཅོས་ལས་གང་བསྟན་ཅིང་བརྗོད་པར་མཐོང་བ་མ་ལུས་པ་ནི་སྐབས་དེར་ཡང་བསྒྲུབ་བྱར་བྱ་དགོས་ཏེ། དེ་དང་འགལ་ན་གཏན་ཚིགས་དེས་རང་གི་ཕྱོགས་ཀྱང་སུན་འབྱིན་པས་ན་སྐྱོན་དུ་འགྱུར་རོ་ཞེས་ཟེར་ཏེ། འདི་པས་དངོས་སྟོབས་ཀྱི་སྐབས་སུ་ལུང་སྒྲུབ་བྱེད་དུ་འདོད་པ་དང་། རྟགས་དེ་དང་ལུང་གི་དོན་ཀུན་མཚུངས་པར་བསྒྲུབ་དགོས་པའི་དོན་མིན་ཡང་བསྟན་བཅོས་ན་བསྒྲུབ་བྱར་འདོད་པ་དེ་དང་འགལ་བའི་རྟགས་སྦྱར་དུ་མི་རུང་བར་འདོད་དོ། །གཉིས་པ་ལ། དཔེ་རྟགས་མ་གྲུབ་དམ་བཅར་ཐལ། །རང་སྒྲ་སྨོས་པ་དོན་མེད་ཐལ། །དང་པོ་ལ། ཐལ་བ་འགོད་དང་དེ་ལན་འགོག །དང་པོ། རྒོལ་བ་རང་གི་འདོད་ཡུལ་སྐབས་སུ་བབ་པ་དེ་ཙམ་རྟགས་ཀྱིས་བསྒྲུབ་བྱ་ཡིན་པ་ལས་བསྟན་བཅོས་ན་མཐོང་བ་ཐམས་ཅད་སྐབས་དེའི་བསྒྲུབ་བྱར་བྱེད་དགོས་ན། ལུགས་དེ་ལ་དཔེ་དང་གཏན་ཚིགས་མ་གྲུབ་པར་སྨྲ་བའང་དམ་བཅའ་བར་ནི་


MR20_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བར་འགྱུར་ཏེ། རང་གི་སྐབས་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཁོ་ན་ལ་བསྒྲུབ་བྱའི་མཚན་ཉིད་ཡོངས་སུ་རྫོགས་པར་མི་བཟུང་བར་བསྟན་བཅོས་ཀྱི་དོན་ཀུན་བསྒྲུབ་བྱར་འཛིན་པའི་ཕྱིར། དེ་ལྟ་ན་བསྟན་བཅོས་ལ་ལ་དག་ནས་དཔེ་རྟགས་མ་གྲུབ་པ་བཀོད་པའང་ཡོད་པས་དེ་ཡང་བསྒྲུབ་བྱར་འགྱུར་ཏེ། ཅིས་ཀྱང་རྒོལ་བས་བསྒྲུབ་བྱ་ཡིན་པས་སོ། །འདོད་མི་ནུས་ཏེ། མ་གྲུབ་པ་ནི་སུས་ཀྱང་སྒྲུབ་མི་ནུས་ལ། མ་གྲུབ་ཏུ་ཟིན་ཀྱང་སྐྱོན་བཅབས་ནས་གཡོ་ཐབས་ཀྱིས་དེ་སྒྲུབ་པ་ལ་འབད་ན་རྒོལ་བ་དེ་འདྲ་བ་རིགས་པར་སྨྲ་བའང་ཇི་ལྟར་ཡིན། གཞན་ཡང་བསྟན་བཅོས་སྐྱོན་མེད་པ་དག་ན་དཔེ་རྟགས་མ་གྲུབ་པ་སྒྲུབ་བྱེད་དུ་བཀོད་པ་དངོས་སུ་མེད་ཀྱང་། མ་གྲུབ་པའི་དཔེ་རྟགས་ཀྱང་བསྟན་བཅོས་ཀྱི་བརྗོད་བྱར་སྐབས་འགའ་ཞིག་ཏུ་འགྱུར་བའི་ཕྱིར་དང་། གྲངས་ཅན་པའི་ངོར་སངས་རྒྱས་པས་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པ་ན་སྒྲུབ་བྱེད་དེ་ལའང་གྲུབ་བསལ་མེད་ལ་དཔག་འདོད་ཡོད་ཅིང་བསྟན་བཅོས་ཀྱི་དོན་ཡང་ཡིན་པའི་ཕྱིར་རྒོལ་བས་དམ་བཅའ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟར་སོང་ན་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མཚན་ཉིད་འཆོལ་བར་འགྱུར་རོ། །གཉིས་པ་དེ་ལྟར་ཐལ་བ་སྤྱིར་འཕངས་པའི་གྲུབ་དོན་རྒོལ་བས་འདོད་པ་ཁོ་ན་བསྒྲུབ་བྱར་འགྱུར་བའི་ཚུལ་ལ་མཐར་ཐུག་པར་དགོངས་ནས་ཕ་རོལ་གྱི་ལན་འགོག་པ་ནི། གལ་ཏེ་བསྟན་བཅོས་ན་བཤད་པའི་དོན་ཡིན་ཡང་སྒྲུབ་བྱེད་ཉིད་དུ་བརྗོད་པ་དཔེ་རྟགས་མ་གྲུབ་པ་སོགས་ནི་དམ་བཅར་ཐལ་བ་མ་ཡིན་ཏེ། ཕྱོགས་ཀྱི་མཚན་ཉིད་དུ་འདོད་པ་ཞེས་པའི་ཚིག་སྨོས་པའི་རྣམ་བཅད་ཀྱིས་དེ་ཁེགས་པའི་ཕྱིར་རོ་ཞེ་ན། ཁྱོད་ལྟར་ན་བསྟན་བཅོས་ཀྱི་དོན་ཀུན་བསྒྲུབ་བྱར་འདོད་པའི་རིགས་པས་དེ་ལྟར་ཐོབ་པ་ནི་ཚིག་ཙམ་ལས་ལྡོག་པ་མ་ཡིན་ནོ། །


MR20_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཚིག་གི་རྣམ་བཅད་བཞིན་དུ་རྒོལ་བ་རང་གི་འདོད་ཡུལ་ཁོ་ན་བསྒྲུབ་བྱ་ཡིན་ན་དེ་ལྟར་གྲུབ་ཀྱང་། བསྟན་བཅོས་ཀྱི་དོན་ཀུན་བསྒྲུབ་བྱར་འདོད་པ་ན་བསྟན་བཅོས་ན་བཤད་པའི་སྒྲུབ་བྱེད་ཀྱང་བསྒྲུབ་བྱར་འདོད་ཅེས་དོན་གྱིས་འཐོབ་པར་འགྱུར་རོ། །དེ་འདོད་ན་སྐྱོན་ཅིར་འགྱུར་ཏེ་སྐབས་འགའ་ཞིག་ཏུ་བསྒྲུབ་བྱ་ཡིན་ནོ་སྙམ་ན། རང་གི་སྐབས་ཀྱི་སྒྲུབ་བྱེད་དུ་བཀོད་པ་དག་ཀྱང་གཞན་གྱི་ངོར་སླར་ཡང་བསྒྲུབ་དགོས་པའི་སྐབས་ཡོད་པས་སྒྲུབ་བྱེད་ཐམས་ཅད་ཀྱང་བསྒྲུབ་བྱར་འགྱུར་རོ། །འདི་སྐབས་ཕ་རོལ་པོས་ཁོ་ན་སྨོས་པས་སྒྲུབ་བྱེད་བཅད་ཅེས་མི་བརྗོད་པར་འདོད་པ་སྨོས་པ་ནི། ཁོ་ནའི་སྒྲས་སྦྱོར་བ་སྐོར་གཅིག་གི་སྒྲུབ་བྱེད་བཅད་ཀྱི་བསྟན་བཅོས་ནས་བཤད་པའི་སྒྲུབ་བྱེད་ལུགས་དེ་ལ་མི་ཆོད་པའི་ཕྱིར་མ་སྨྲས་པའམ། རྣམ་ངེས་ལས་ཚིག་ཕྲད་སྨོས་པས་སྐྱོན་མེད་ཅེ་ནའང་རིགས་པས་ཐོབ་པ་བཟློག་མི་ནུས་པར་གསུངས་སོ། །གལ་ཏེ་དཔེ་རྟགས་མ་གྲུབ་པ་དེ་ལྟ་བུ་ནི་རྒོལ་བས་བསྒྲུབ་པར་མི་འདོད་པས་ན་བསྒྲུབ་བྱ་མིན་ནོ་ཞེ་ན། ད་ནི་རྒོལ་བ་རང་གི་འདོད་ཡུལ་དབང་བཙན་པར་སོང་བས་ན་བསྟན་བཅོས་ཀྱི་དོན་ཡིན་དུ་ཟིན་ཀྱང་རྒོལ་བ་རང་གིས་སྐབས་ཀྱི་བསྒྲུབ་བྱར་མི་འདོད་པའི་ཆོས་གཞན་ཡང་བསྒྲུབ་པར་འདོད་པ་མིན་པ་དེ་ཚེ་བསྒྲུབ་པར་བྱ་བ་མིན་པའི་ལུང་དོན་གཞན་ལ་གནོད་པས་རྟགས་རང་གི་བསྒྲུབ་བྱ་ལ་ཅི་ཞིག་འགལ་ཏེ། རྟག་ཡང་དག་གིས་རང་གི་བསྒྲུབ་བྱ་ལུང་ལ་མི་ལྟོས་པར་འདྲ་བ་ངེས་པས་སོ། །དེས་ན་སྤྱིར་རང་གིས་ཁས་བླངས་པའི་ལུང་འདི་ཚད་མ་ཡིན་པར་ཁས་ལེན་གྱིས་འདི་དང་འགལ་ལམ་གནོད་ཀྱང་རུང་ལྟོས་པ་མེད་དོ་སྙམ་པའི་རྒོལ་བ་ནི་སུན་ཅི་ཕྱིན་ཡིན་པས་དེ་འདྲ་ཤིན་ཏུ་མི་འོས་ཀྱང་། ལུང་ནས་བཤད་པའི་དོན་གང་ཡང་རུང་བ་དངོས་སྟོབས་ཀྱིས་སྒྲུབ་


MR20_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་རྟགས་དང་བསྒྲུབ་བྱའི་འབྲེལ་བ་ཁོ་ན་རིགས་པས་དཔྱད་ནས་ལེགས་པར་གྲུབ་པ་ན་དེ་ཙམ་གྱིས་བསྒྲུབ་བྱ་དེ་འགྲུབ་པ་ཡིན་གྱི་ལུང་དོན་ལ་ལྟོས་པ་མེད་ལ། དེ་ལྟར་གྲུབ་པ་ན་དོན་གཅིག་ལ་སྔ་ཕྱིར་འགལ་བ་ཅན་དུ་སྟོན་པའི་ལུང་ཡང་དག་ནི་མི་སྲིད་ལ། གདུལ་བྱའི་བློ་རིམ་དང་མཐུན་པར་བསྟན་པའི་དབང་གིས་དྲང་ངེས་ཀྱི་ལུང་དོན་འགལ་བ་ལྟར་སྣང་བ་རྣམས་ཀྱང་། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཀྱི་ཚུལ་གྱིས་འགལ་བ་མེད་པར་མཐར་ཐུག་གི་དོན་ལ་འཇུག་ཚུལ་ནི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བསྒྲུབས་ཟིན་པ་ལྟར་ཤེས་པར་བྱའོ། །གཉིས་པ་རང་སྒྲ་སྨོས་པ་དོན་མེད་པ་ལ། ཐལ་བ་འཕེན་དང་ཉེས་སྤོང་དགག །དང་པོ། དངོས་སྟོབས་ཀྱིས་དཔྱོད་པའི་སྐབས་སུ་ཡང་བསྟན་བཅོས་ཀྱི་དོན་ཀུན་ཕྱོགས་ཡིན་གྱི་རྒོལ་བ་རང་གིས་འདོད་པ་སྒེར་དུ་བཀར་བ་ཙམ་ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དོན་ཅན་ཡིན་པས་ཕྱོགས་ཀྱི་མཚན་ཉིད་སྨོས་པའི་ཟུར་དུ་རང་ཉིད་ཅེས་པའི་སྒྲ་སྨོས་པ་ཡང་དོན་མེད་པར་འགྱུར་ཏེ་རྣམ་བཅད་གང་ཡང་མེད་པར་འགྱུར་རོ། །གཉིས་པ། དོན་མེད་པར་མི་འགྱུར་ཏེ་བསྟན་བཅོས་ཀྱི་དོན་གང་ཞིག་རང་གིས་མི་འདོད་པ་སྤངས་ནས་གང་འདོད་ཅིང་ཁས་ལེན་པ་ལ་འཇུག་གོ་ཞེས་པའི་དོན་དུ་རང་ཉིད་ཀྱི་སྒྲ་སྨོས་པའོ་ཞེ་ན། འོ་ན་རང་ཉིད་འདོད་པས་འཇུག་པ་ཡིན་ནམ་མིན་སྙམ་པའི་དོགས་པ་འདི་རྒྱུ་གང་ལས་ཡིན་ཏེ། བསྟན་བཅོས་གང་འདོད་ཀྱང་རྒོལ་བ་རང་ཉིད་འཇུག་པས་ཁྱབ་པ་ལ་རང་ཉིད་འདོད་ཅེས་པས་བསལ་བྱ་ཐེ་ཚོམ་སྐྱེ་བ་སུ་ལ་ཡོད་དེ་མི་སྲིད་དོ། །


MR20_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལྟར་ན་བསྟན་བཅོས་ལ་འདོད་པས་འཇུག་པ་ལ་དབང་རྣོན་དང་དབང་རྟུལ་གཉིས་ལས། དང་པོ་དབང་རྣོན་དེ་ནི་བསྟན་བཅོས་ནས་བཤད་པའི་དོན་དེ་ཚད་མས་བཀག་པ་མེད་ན་བསྟན་བཅོས་དེ་རང་གིས་འདོད་པས་འཛིན་པ་རྒྱུ་མཚན་གང་གིས་བཟློག་པར་ནུས་ལ་གལ་ཏེ་ལུང་དོན་དེ་ཚད་མས་བཀག་པ་ཤེས་པ་ན་དེ་ཤེས་བཞིན་དུ་ཡང་གཞན་གྱི་ཚིག་ཙམ་ལས་རྒྱུ་མཚན་གང་གིས་ལུང་དེར་ཡིད་ཆེས་པས་འཇུག་པར་འགྱུར་ཏེ་མི་འགྱུར་བས་ན་རྒོལ་བ་རང་གིས་འཛིན་པ་མ་ཡིན་པའི་འདོད་ཡུལ་ལ་དོགས་པ་མི་སྲིད་དོ། །རྒོལ་བ་དབང་རྟུལ་དེ་དག་སྔར་ཡང་གྲུབ་མཐའ་སྔ་མ་ནི་རང་གི་འདོད་པ་ཉིད་ཀྱིས་འཛིན་པ་ཙམ་ལས་རིགས་པས་ངེས་པ་རྙེད་པའི་རྒྱུ་མཚན་མེད་ལ། དེ་ནི་ཕྱིས་ཀྱང་རང་འདོད་ན་ཇི་ཞིག་ལྟར་གྲུབ་མཐའ་གཞན་འཛིན་པ་ནི་ཅིས་མི་ཐོབ་སྟེ་འདོད་པ་ཙམ་ལ་རག་ལས་པས་སོ། །དེས་ན་རང་གིས་མི་འདོད་པར་ཐོག་བབས་ཀྱིས་འདོད་དགོས་པ་དེ་རྒྱལ་པོའི་བཀའ་ལྟ་བུ་ལས་གྲུབ་མཐའི་སྐབས་ཀྱི་བསྒྲུབ་བྱ་ལ་དེ་འདྲ་མི་སྲིད་ན་དེ་ལས་ཡང་དོགས་པ་སྐྱེ་མི་སྲིད་ལ། དོགས་པ་མེད་ན་མཚན་ཉིད་ཀྱི་ཟུར་དུ་ངག་རྣམ་གཅོད་ཀྱི་འབྲས་བུ་མེད་པ་ཅན་སྦྱར་བས་ཅི་བྱ་སྟེ་དོན་མེད་པར་འགྱུར་རོ། །གལ་ཏེ་རང་ལ་ཞེ་འདོད་མེད་ཀྱང་གཞན་ངོར་གཞན་གྱི་གྲུབ་མཐའ་འཛིན་པ་ལྟ་བུའང་ཡོད་དོ་སྙམ་ན། དེ་ལྟ་བུ་ནི་ཕ་རོལ་ཉམས་སད་པ་ཙམ་གྱི་ཕྱིར་རྩེད་མོར་འགྱུར་གྱི་དངོས་སྟོབས་ཀྱིས་ཚུལ་བཞིན་རྩོད་པ་མིན་ལ། དེ་འདྲའི་སྐབས་སུའང་རང་གིས་བསྒྲུབ་བྱར་ཁས་བླངས་པ་དེ་བསྒྲུབ་བྱ་ཡིན་པས་སྐབས་དེ་ན་རང་གིས་མི་འདོད་པར་ཡང་མི་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། སྐབས་ཀྱི་བསྒྲུབ་བྱ་དང་འབྲེལ་བ་མེད་པའི་ལུང་དོན་གཞན་ལ་གནོད་པས་སྐབས་ཀྱི་འདོད་ཡུལ་ལ་གནོད་པ་མེད་པར་ཤེས་


MR20_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལུང་ཁས་བླངས་སུ་ཟིན་ཀྱང་ལུང་དེའི་དོན་མཐའ་དག་སྐབས་དེར་བསྒྲུབ་བྱ་མིན་པར་ཤེས་པ་དང་། དེ་ཡིན་ན་བསྒྲུབ་བྱ་ཐུག་པ་མེད་པར་དོན་གྱིས་བསྟན་པས་ན་ལུང་དོན་མཐའ་དག་སྐབས་ཀྱི་བསྒྲུབ་བྱར་འདོད་པའི་ལོག་པར་རྟོག་པ་ཡོད་པ་དེ་དག་བསལ་བའི་ཕྱིར་ཀུན་ལས་བཏུས་སུ་ཕྱོགས་ཀྱི་མཚན་ཉིད་བསྟན་པའི་སྐབས་འདིར་ནི་རང་ཉིད་ཀྱི་སྒྲ་སྨོས་པར་མཛད་དོ། །གཉིས་པ་རང་ཉིད་ཀྱི་སྒྲའི་དོན་གཞན་དུ་འདོད་པ་དགག་པ་ལ། འདོད་པ་བརྗོད་དང་དེ་སུན་འབྱིན། །དང་པོ། ཕྱི་རོལ་པ་དང་ནང་པ་སོགས་གཞུང་ལུགས་ཐ་དད་པ་ཉིད་ཀྱིས་བྱས་པའི་ཁྱད་པར་དག་ཆོས་ཅན་དུ་བཟུང་བ་ཡོངས་སུ་སྤངས་ནས་རྒོལ་བ་གཉིས་ཀ་ལ་རབ་ཏུ་གྲགས་པའི་ཆོས་ཅན་དག་ནི་གཟུང་བའི་དོན་དུ་ཀུན་བཏུས་ཀྱི་འགྲེལ་བྱེད་གཞན་ཁ་ཅིག་ནི་རང་ཉིད་ཅེས་པའི་སྒྲ་བརྗོད་པ་ཡིན་ཞེས་ཟེར་རོ། །གཉིས་པ། མི་འཐད་པ་ཡི་གནོད་པ་བསྟན། །དེ་ཡི་ལན་གྱི་བྱེ་བྲག་བཀག །དང་པོ། རྒོལ་བ་གཉིས་ཀས་ཆོས་ཅན་གཅིག་ལ་དཔྱད་པ་ཉིད་ཀྱི་སྐབས་ཡིན་པ་དེ་ཙམ་ཉིད་ཀྱིས་ནི་གཉིས་ཀ་ལ་ཐུན་མོང་དུ་རབ་ཏུ་གྲགས་པའི་རྟེན་ཆོས་ཅན་ནི་དོན་གྱིས་གྲུབ་པར་གྱུར་ཏེ་གཞི་མ་གྲུབ་པར་རྟོགས་ཟིན་ལ་དེའི་ཁྱད་པར་དཔྱོད་པ་སུ་ཡང་མེད་ཅིང་། གནག་རྫི་མོའི་བར་དུ་གྲགས་ཤིང་གྲུབ་ཟིན་པའི་དོན་ལའང་རྩོད་པ་མེད་དོ། །དེ་ལྟ་ན་རབ་ཏུ་གྲགས་ཤིང་གྲུབ་པའི་ཆོས་ཅན་ཕྱོགས་ཡིན་གྱི་རང་རང་སོ་སོའི་འདོད་པ་མི་འདྲ་བས་བརྟགས་པའི་ཁྱད་པར་དུ་བྱས་པ་ཅན་གྱི་དངོས་པོ་རྣམས་ལ་ནི་བསྒྲུབ་བྱར་བྱས་ཏེ་རྩོད་པ་མེད་པའི་ཕྱིར་རོ། །མདོར་ན་ཆོས་ཅན་ཡན་གར་བ་ཙམ་ནི་བསྒྲུབ་བྱ་མིན་ལ། དེ་ཆོས་གང་གིས་ཁྱད་པར་དུ་བྱས་ནས་ཤེས་འདོད་འཇུག་དགོས་པས་ན་ཤེས་འདོད་ཆོས་ཅན་ནམ་ཚོགས་དོན་དེ་རྟགས་ཀྱིས་བསྒྲུབ་བྱར་མི་འཛིན་པར་རབ་གྲགས་


MR20_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཅན་ཙམ་བསྒྲུབ་བྱར་ཇི་ལྟར་འཛིན་ཏེ་བསྒྲུབ་མི་དགོས་པའི་ཕྱིར་དང་། སོ་སོའི་ཞེ་འདོད་ནི་སོ་སོར་ཆད་པས་བསྒྲུབ་བྱ་མིན་པར་ཁས་བླངས་ལ། མི་རྟག་པའི་སྒྲ་ཆོས་ཅན། མི་རྟག་སྟེ། ཞེས་སོགས་སུ་འགོད་མི་སྲིད་ཅིང་། མི་མཐུན་པའི་ཞེ་འདོད་ལ་བསྒྲུབ་བྱར་བྱས་ཏེ་མི་རྩོད་ན་ཞེ་འདོད་མཐུན་པ་དག་རྩོད་པ་མི་སྲིད་པས་རྩོད་པའི་སྐབས་ཀྱི་ཕྱོགས་གང་ཡིན་ངོས་མི་ཟིན་ནོ། །གཉིས་པ་ལ། ཚད་མས་གྲུབ་ཟིན་ཆོས་ཅན་དང་། །མ་གྲུབ་རང་མཚན་སེལ་ལན་དགག །དང་པོ། ཅི་སྟེ་རང་ཉིད་སྨོས་པས་རང་གིས་དམ་བཅའ་བའི་དོན་དེ་སྔར་ཚད་མས་གྲུབ་ཟིན་པར་བསྟན་པ་ཡིས་གཉིས་ཀར་གྲགས་པའི་ཆོས་ཅན་ཡན་གར་བ་ཙམ་བསྒྲུབ་བྱ་མིན་པར་བརྗོད་དེ། ཕ་རོལ་ལ་གསར་དུ་བསྒྲུབ་པར་བྱ་བ་ཡིན་པས་རང་ཉིད་ཀྱི་སྒྲ་དེས་ཕ་རོལ་པོ་ལའང་གྲུབ་ཟིན་གྱི་ཆོས་ཅན་སེལ་བ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ། བསྒྲུབ་བྱ་རང་གི་ངོ་བོ་ཞེས་དང་། ཚིག་ཕྲད་ཉིད་དམ་ཁོ་ནའི་སྒྲ་སྨོས་པ་སྟེ་ངོ་བོ་ཁོ་ན་བསྟན་པ་ཞེས་བྱ་བ་འདི་ཉིད་ཀྱིས་གྲུབ་ཟིན་པ་བསྒྲུབ་བྱ་མ་ཡིན་པ་དེ་རྟོ༷གས་ནུས་པས་དེ་རྟོགས་བཞིན་སླར་ཡང་དེའི་དོན་དུ་རང་ཉིད་ཀྱི་སྒྲ་སྨོས་པ་འབྲས་བུ་མེད་པར་འགྱུར་རོ། །རང་ཉིད་ཀྱི་སྒྲ་གྲུབ་ཟིན་གཅོད་པའི་དོན་དུ་མི་འདོད་པ་དེ་ལྟ་ན་བསྒྲུབ་བྱ་གང་ཞིག་སྔར་ནས་གྲུབ་ཟིན་པ་དང་། སྒྲུབ་པར་བྱེད་པའི་ངོ་བོར་ནི་བསྟན་པ་དག་ཀྱང་ནི་ཡོད་དམ་སྙམ་པའི་དོགས་པ་ཡོད་པ་ཡིན་ན་བསྒྲུབ་བྱ་ཉིད་དུ་གཞན་ལ་བསྟན་པ་ཞེས་བྱ་བ་ངོ་བོ་དང་ཚིག་ཕྲད་གཉིས་པོ་འདི་སྨས་པ་ནི་རྣམ་གཅོད་ཀྱི་འབྲས་བུ་ལྡན་པར་འགྱུར་པ་ཡིན་ནོ། །གཉིས་པ་ལ། རྣམ་གཅོད་སྒྲ་ནི་དོན་མེད་དང་། །དེ་འདྲའི་སྐྱོན་ཡང་ཕྱོགས་སྐྱོན་མིན། །དང་པོ། བསྒྲུབ་བྱ་རང་གི་ངོ་བོ་ཞེས་སྨོས་པས་གཙོ་བོ་སོགས་རང་མཚན་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་པའི་དོན་ཡིན་པས་དེ་ལ་ཡང་རྣམ་


MR20_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་སོ་སོར་ཡོད་དོ་ཟེར་ན། སློབ་དཔོན་གྱིས་སྔར་རྗེས་སུ་དཔག་པ་ཐམས་ཅད་སྤྱི༷་ཡི་ནི་ཡུལ་ཅན་ཉིད་དུ་བཤད་ཟིན་པ་ཡིན་པས་ཕྱོགས་ཀྱི་མཚན་ཉིད་འཆད་པའི་སྐབས་འདིར་ནི་རང་མཚན་མེད་པ་བསྒྲུབ་བྱ་མ་ཡིན་ནོ་ཞེས་དེ་སྐད་མ་བསྟན་ཀྱང་ཕྱོགས་ཙམ་ལ་ནི་མ་ཁྱབ་པ་དང་ཁྱབ་ཆེས་པའི་འགལ་བ་ཅུང་ཟད་ཀྱང་མེད་དེ། དེ་འདྲའི་དམ་བཅའ་བ་སྲིད་ཅིང་བློ་ངོར་གྲུབ་བསལ་མེད་པའང་ཡོད་པའི་ཕྱིར་རོ། །གཉིས་པ། གལ་ཏེ་གཙོ་བོ་ལྟ་བུ་མ་གྲུབ་པའི་ཆོས་ཅན་བསྒྲུབ་བྱར་བྱས་ན་དེ་ལས་སྐྱོན་ཅིར་འགྱུར་ཞེས་དྲིས་པ་ན། གང་རང་མཚན་ཚད་མས་མ་གྲུབ་པ་དེ་ནི་སྒྲུབ་མི་ནུས་སོ་ཞེ་ན། ཅི་ཕྱིར་མི་ནུས་ཞེས་དྲིའོ། །དེ་ཆོས་ཅན་དུ་བཟུང་པའི་ཚེ་རྟགས་གང་བཀོད་ཀྱང་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་རོ་ཞེ་ན། རྗེས་འགྲོ་མེད་པ་ལ་སོགས་པ་འདི་སྒྲུབ་བྱེད་དེ་དག་གི་སྐྱོན་མིན་ནམ། ཡན་ལག་ཕྱི་མ་སྟེ་སྒྲུབ་བྱེད་ཀྱི་དཔེ་དང་རྟགས་རང་ལ་ལྟོས་པ་ནི་ཕྱོགས་ཀྱི་སྐྱོན་དུ་འདོད་པ་མིན་ཏེ། ཕྱོགས་ཀྱི་སྐྱོན་ནི་ཕྱོགས་རང་ལ་ལྟོས་ནས་འཇོག་པའི་ཕྱིར་རོ། །སྒྲུབ་བྱེད་སྐྱོན་ཅན་དེས་ཕྱོགས་འགྲུབ་མི་ནུས་པས་ཕྱོགས་ཀྱི་སྐྱོན་ནོ་སྙམ་ན། སྒྲུབ་བྱེད་ཀྱི་སྐྱོན་ཡང་ཕྱོགས་ལ་སྐྱོན་དུ་འགྱུར་བ་དེ་ལྟ་ནའང་གཏན་ཚིགས་དང་དཔེ་ལ་སོགས་པའི་ཉེས་པ་ཡང་ཕྱོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ཏེ། སྒྲུབ་བྱེད་སྐྱོན་ཅན་དེ་ཐམས་ཅད་ཀྱང་དམ་བཅའ་སྒྲུབ་མི་ནུས་པ་ཡིན་པས་དེའི་སྐྱོན་གྱིས་ཕྱོགས་ལ་གནོད་པའི་ཕྱིར་རོ། །དེས་ན་རིགས་པ་ཅན་པའི་ངོར། སྒྲ་མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་བཀོད་པ་ན་སྒྲ་མི་རྟག་པ་དེ་བསྒྲུབ་བྱ་ཡང་དག་མིན་པར་འགྱུར་ཏེ། གཏན་ཚིགས་མ་ངེས་པའི་སྐྱོན་གྱིས་ཕྱོགས་སྐྱོན་ཅན་དུ་འདོད་རིགས་པའི་ཕྱིར་རོ། །དེ་ཕྱིར་ཕྱོགས་ནི་ཡན་ལག་ཕྱི་མའི་སྐྱོན་ལ་མི་ལྟོས་པར་དམ་བཅའ་བ་རང་གི་ངོ་བོ་དེ་ཙམ་དང་འབྲེལ་བ་ཡི་སྐྱོན་གང་ཡོད་པ་ཕྱོགས་ཀྱི་སྐྱོན་དུ་


MR20_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡིན་གྱི་གཞན་སྒྲུབ་བྱེད་ཀྱི་སྐྱོན་ནི་ཕྱོགས་ཀྱི་སྐྱོན་མིན་ཏེ། དཔེར་ན་བསྒྲུབ་བྱར་དམ་བཅས་པ་ཙམ་ནས་སྒྲུབ་བྱེད་ལ་མི་ལྟོས་པར་སྐྱོན་དུ་འགྱུར་བ་ནི་སྒྲ་མཉན་བྱ་མིན་པའི་དམ་བཅའ་མངོན་སུམ་དང་འགལ་བ་དང་། ལ་སོགས་པའི་སྒྲས་བདག་གི་མ་མོ་གཤམ་ཡིན་ཞེས་པ་རང་ཚིག་དང་འགལ་བ་ལྟ་བུ་སོགས་དམ་བཅས་པ་ཙམ་ནས་སྐྱོན་དུ་འགྱུར་བ་བཞིན་ནོ། །འདི་སྐོར་ཕྱོགས་སྔས་སྦྱིར་རང་མཚན་བསྒྲུབ་བྱ་མིན་པར་གོ་བའི་ཆེད་དུ་རང་ཉིད་ཀྱི་སྒྲ་སྨོས་པ་མི་འཐད་པར་སྟོན་པའི་ཚུལ་དུ་འཆད་པའང་སྣང་སྟེ་ཅུང་མི་བདེའོ། །གསུམ་པ་ཕྱོགས་ཀྱི་མཚན་ཉིད་དབྱེ་བསྡུའི་དགོས་པ་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ་ལ། རྣམ་བཅད་དབང་གིས་ལྔ་རུ་བསྟན། །ཡོངས་གཅོད་དུ་ནི་གཅིག་བསྟན་པའོ། །དང་པོ། རྒྱུ་ཞེས་པ་གཏན་ཚིགས་ཏེ་ཧེ་ཏུའི་སྒྲ་སྤྱིར་རྒྱུ་དང་སྐབས་ཀྱི་དབང་གིས་གཏན་ཚིགས་སུ་ཡང་བསྒྱུར་ཏེ། བསྒྲུབ་བྱ་གོ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་གཏན་ཚིགས་དང་སོགས་སྒྲས་དཔེ་ཡང་བཟུང་སྟེ། དེ་ལྟར་སྒྲུབ་བྱེད་ཀྱི་ཡན་ལག་དག་གི་མཚན་ཉིད་ལ་ལྟོས་པའི་བསལ་བྱ་སྟེ་སྐྱོན་བསལ་བ་ལ་ལྟོས་པ་མེད་པར་ཕྱོགས་རང་གི་མཚན་ཉིད་ཀྱི་སྐྱོན་བསལ་བར་བྱ་བ་མ་ཁྱབ་པ་དང་ལྡོག་པ་ཁྱབ་ཆེས་པ་དག་ནི་སྤང་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ལྔ་ལྡན་དུ་བཤད་པ་ཡིན་ཏེ། ཇི་ལྟར་ན་རང་ཉིད་དང་ཚིག་ཕྲད་དང་ངོ་བོའི་སྒྲ་དང་མ་བསལ་བ་དང་བཅས་པ་བཞི་པོ་དག་ནི་ལྡོག་པ་ཁྱབ་ཆེས་པ་སེལ་བར་བྱེད་པ་ཡིན་ཏེ། ཕྱོགས་མིན་པ་གཞན་བསྟན་བཅོས་མཁན་པོའི་འདོད་ཡུལ་དང་སྒྲུབ་བྱེད་མ་གྲུབ་པ་སོགས་ཕྱོགས་ཡིན་པ་སེལ་ཏོ། །འདོད་ཅེས་པའི་སྒྲས་ནི་ཕྱོགས་ཡིན་ཀྱང་ཕྱོགས་ཀྱི་མཚན་ཉིད་ཀྱིས་མ་ཁྱབ་པ་སེལ་བར་བྱེད་དེ། དངོས་སུ་མ་སྨྲས་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་སྐབས་སུ་བཀོད་པའི་རྟགས་དེས་བསྒྲུབ་བྱ་


MR20_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནམ་སྙམ་པ་བསལ་ནས་ཕྱོགས་ཡིན་ཅེས་སྟོན་པའི་ཕྱིར་རོ། །གཉིས་པ་རིགས་མི་མཐུན་སེལ་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་རིགས་པའི་སྒོར། བསྒྲུབ་བྱར་ཁས་བླངས་པ་ཕྱོགས་ཀྱི་མཚན་ཉིད་སྐྱོན་མེད་པར་བསྟན་པ་ཡིན་ཏེ། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་ཁས་བླངས་པའམ། སྐབས་ཀྱི་རྟགས་དེ་དག་གིས་བསྒྲུབ་བྱར་འདོད་པ་དེ་ཙམ་བསྒྲུབ་བྱའི་མཚན་ཉིད་ཡིན་ནོ། །ཅི་མཚན་ཉིད་འདི་གཅིག་པུ་ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པ་ཡིན་ན་ལྔ་པོ་ཇི་ལྟར་ཚང་སྙམ་ན། བསྒྲུབ་བྱའི་དོན་ལ་འཁྲུལ་བ་མ་སྐྱེས་པར་ལེགས་པར་ཁོང་དུ་ཆུབ་པ་ལ་འདི་ཙམ་གྱིས་ཕྱོགས་སྐྱོན་མེད་པར་མཚོན་ཏེ། བསལ་བྱ་ལྔ་གང་རུང་ཡོད་པ་དེ་རྣམས་ལ་ནི་རྒོལ་བ་མཁས་པས་བསྒྲུབ་བྱར་འདོད་པའི་ཕྱོགས་སུ་རུང་བ་ཉིད་མེད་པའི་ཕྱིར་ཏེ། ཇི་ལྟར་ཅེ་ན། སྒྲ་མིག་གིས་གཟུང་བྱ་ཡིན་ཞེས་པ་ལྟ་བུ་སོགས་ཚད་མས་བསལ་བ་ཡི་དམ་བཅའ་ལ་ནི་གནོད་བྱེད་དངོས་སུ་ཡོད་པས་བསྒྲུབ་བྱར་ཁས་ལེན་མི་རུང་བ་དང་། ལྷག་མ་གྲུབ་ཟིན་སོགས་བཞི་ལ་ནི་ཕྱོགས་ཀྱི་མཚན་ཉིད་འཇུག་པ་མེད་པའི་ཕྱིར་ཏེ། གྲུབ་ཟིན་པ་ལ་རྟགས་ཀྱིས་སླར་བསྒྲུབ་ཏུ་མེད་པ་དང་། སྐབས་ཀྱི་རྟགས་དེའི་ནུས་པ་འཇུག་ཡུལ་མིན་པ་བསྒྲུབ་བྱ་ཡིན་ན་ཧ་ཅང་ཐལ་བ་དང་། གང་ལ་སྒྲུབ་བྱེད་བཀོད་པ་དེ་ནི་དངོས་སུ་མ་སྨྲས་ཀྱང་བསྒྲུབ་བྱར་འགྲོ་ལ་འདོད་ཡུལ་མིན་པ་བསྒྲུབ་བྱར་འགྲོ་བའི་དོན་མེད་པ་དང་། སྐབས་ཀྱི་འདོད་ཡུལ་མིན་པ་བསྟན་བཅོས་ཀྱི་དོན་མཐའ་དག་ཡུལ་དུ་བྱེད་ན་དངོས་སྟོབས་ཀྱི་རྟགས་བཀོད་པས་བསྒྲུབ་བྱ་འགྲུབ་དཀའ་བའི་རྒྱུ་མཚན་གྱིས་བསལ་བྱ་བཞི་པོ་དེ་ལ་ཕྱོགས་སུ་རུང་བའི་མཚན་ཉིད་མེད་པས་ན་རྒོལ་བས་བསྒྲུབ་བྱར་ཁས་ལེན་པར་མི་འགྱུར་རོ། །དེས་ན་རྒོལ་བ་རྨོངས་པའི་དོགས་པ་བྱུང་བ་བཟློག་པའི་སླད་དུ་ལྔར་སྨོས་ཀྱང་དོན་གྱིས་འདིར་


MR20_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གནད་གཅིག་སྟེ་རྣམ་པར་སྤྲོས་ཏེ་བཤད་པ་དང་མགོ་སྨོས་པས་གོ་བ་ཟེར་བའི་དཔེ་བཞིན་སྤྱིར་བསྟན་བཅོས་ཐམས་ཅད་ཀྱི་ཚིག་རྣམས་ཀྱང་རྒྱས་བསྡུས་སྣ་ཚོགས་པ་དེའི་ཚུལ་གྱིས་གནས་པ་ཡིན་ཞིང་། ལྷག་པར་རྨོངས་པ་ཚིག་ལ་འཆེལ་བ་ལ་ནི་དོན་གཅིག་གི་མཚན་ཉིད་ལའང་རྣམ་བཅད་ཤིན་ཏུ་མང་དགོས་པར་མངོན་པ་ནི་ཕྱི་རོལ་པའི་འབྲེལ་བའི་མཚན་ཉིད་དྲུག་དང་། ཚད་མ་དྲུག་ལ་སོགས་པ་བཞག་ཀྱང་མཐའ་མ་རྫོགས་པ་བཞིན་ནོ། །གཉིས་པ་རྩོད་སྤང་ནི། རིགས་སྒོར་བཤད་པའི་བསྒྲུབ་བྱར་ཁས་བླངས་པའམ་འདོད་པ་ཞེས་པ་དེས་མཁས་པ་རྣམས་ལ་དོན་གྱི་དབང་གིས་འདི་ལྟར་རྟགས་ཀྱིས་བསྒྲུབ་བྱ་ཡིན་ན་གང་ལ་བསྟན་པར་བྱ་བ་དེའི་ངོར་དཔག་འདོད་ཀྱི་ཡུལ་ཡིན་པའི་ཕྱིར་གྲུབ་བསལ་མེད་པ་དང་རྒོལ་བ་རང་ཉིད་ཀྱིས་འདོད་ཡུལ་ཡིན་པར་གོ་ནུས་པའི་རྣམ་བཅད་བཞི་ཚང་དུ་ཆུག་ཀྱང་། འདོད་པ་ཞེས་པ་དེས་ཁོ་ན་སྨོས་མི་དགོས་པར་དེའི་རྣམ་བཅད་སྟོན་ནུས་ན་ཀུན་བཏུས་སུ་ཡང་སྨོས་མི་དགོས་ལ། དགོས་ན་རིགས་སྒོར་ཡང་དཔེ་རྟགས་མ་གྲུབ་པའང་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་མཚན་ཉིད་དེས་མི་ཆོད་པས་ཁོ་ན་ཞེས་པའི་ཚིག་ཕྲད་སྨོས་དགོས་པར་འགྱུར་རོ་ཞེ་ན། ཀུན་བཏུས་སུ་རང་ཉིད་ཅེས་དང་འདོད་པ་ཞེས་པའི་ཚིག་བརྗོད་པ་ཡིས་བསྒྲུབ་བྱ་ཁོ་ན་ངེས་པར་བཟུང་བའི་དོན་ནི་རྟོགས་པ་བདེན་ན་ཡང་ཀུན་བཏུས་སུ་བསྟན་བྱ་བ་ཞེས་དུས་གསུམ་གྱིས་ཁྱད་པར་བྱས་པ་མེད་པར་བྱེད་པའི་མཐའ་ཅན་དང་ཚིག་དེ་དག་འབྲེལ་བའི་ཕྱིར་ན་ད་ལྟ་བསྒྲུབ་བྱར་འདོད་པ་མིན་ཡང་མ་འོངས་པ་ན་བསྒྲུབ་བྱར་འདོད་པ་དཔེ་རྟགས་མ་གྲུབ་པའང་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་སྟེ། ལྷས་བྱིན་འོང་བ་བལྟ་བར་བྱ་བའོ་ཞེས་བརྗོད་པ་ན་ལྷས་བྱིན་འོང་བ་བལྟ་བྱ་ཡིན་ཅེས་པ་ཙམ་ཁོ་ནར་གོ་བའི་ངེས་པ་མེད་པར་


MR20_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ལྷས་བྱིན་གཟོད་འོང་བ་བལྟ་བར་བྱ་བའོ་ཞེས་བརྗོད་དོ་སྙམ་པ་བཞིན་གྲུབ་བསལ་མེད་ལ་རང་གིས་འདོད་ཡུལ་དུ་བྱས་ཕན་ཆད་གཟོད་བསྒྲུབ་བྱ་ཡིན་ཀྱང་ད་ལྟ་ནས་བསྒྲུབ་བྱར་འགྱུར་རོ་སྙམ་དུ་དོགས་པ་སྐྱེ་བས་དུས་གཞན་མ་འོངས་པ་ན་བསྒྲུབ་བྱར་བྱེད་ཀྱང་དེ་སྐབས་འདིའི་སྒྲུབ་བྱེད་ཡིན་པས་དེ་ལ་བསྒྲུབ་བྱའི་མཚན་ཉིད་ཁྱབ་ཆེས་པ་གཅོད་པའི་ཕྱིར་ཁོ་ནའི་སྒྲ་བཤད་པ་ཡིན་ཏེ། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པ་ན་རྟགས་མ་གྲུབ་པའི་ལན་འདེབས་པ་ལ་བྱས་པ་ཡིན་ཏེ་ཞེས་བསྒྲུབ་བྱར་བྱེད་དགོས་ཀྱང་། རྩ་བའི་གཏན་ཚིགས་འགོད་པའི་སྐབས་སུ་དེ་བསྒྲུབ་བྱར་འདོད་པ་མིན་པ་བཞིན་ནོ། །འོ་ན་རིགས་སྒོར་ཡང་རྣམ་བཅད་དེ་ཅིས་མི་དགོས་སྙམ་ན། ཨིཥུ་འདོད་པའི་བྱིངས་ལ་རྐྱེན་ཀྟ་སྦྱར་ནས་ཨུ་རྗེས་འབྲེལ་དང་ཀ་རྟགས་དོན་ཡིན་པས་ཕྱིས། ཥ་ཚུ་རོལ་གྱི་ཏ་ཊ་རུ་བསྒྱུར་ཏེ་དྲངས་པས་ཨིཥྚ་ཞེས་གྲུབ་ཏེ། དེ་ལྟར་འདོད་པའི་བྱིངས་ལ་རྐྱེན་ཀྟ་སྦྱར་བ་དེ་ཀུན་བཏུས་འདིར་ནི་མ་འོངས་པའི་བསྒྲུབ་བྱར་འགྱུར་པ་གཅོད་ནུས་ཀྱི་ཡན་ལག་ཏུ་གྱུར་པ་མིན་ཏེ་ཚིག་གྲོགས་ཀྱི་དབང་གིས་སྔར་བཤད་པ་བཞིན་ནོ། །རིགས་སྒོར་འདོད་པར་གྱུར་པའི་ཚིག་དག་ལ་རྣམ་གཅོད་ཀྱིས་ནུས་པ་རང་དབང་ཅན་ཉིད་དུ་གྱུར་པས་དེ་ལྟར་གོ་ནུས་ཀྱི་ཡན་ལག་ཉིད་དུ་སོང་བ་ཡིན་ཏེ། ལྷས་བྱིན་འོངས་སོ་ཞེས་པ་བཞིན་ནོ། །དེས་ན་ཚིག་དེ་ཡིས་ནི་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་བསྒྲུབ་བྱ་ཡིན་པ་འགོག་ནུས་ཀྱི་ཚིག་ཕྲད་སྦྱར་མི་དགོས་སོ། །འདི་སྐབས་དགག་སྒྲུབ་ཀྱི་ཚིག་བཟློག་སྟེ་འགྱུར་མི་འདྲ་བ་ཡོད་ཀྱང་དོན་འཆད་ཚུལ་འདྲ་བར་


MR20_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ནོ། །ལྟར་རང་ཉིད་ཀྱི་སྒྲ་འདི་རབ་གྲགས་ཀྱི་ཆོས་ཅན་དང་རང་ཉིད་འདོད་པས་འཇུག་པ་སོགས་ཀྱི་རྗོད་བྱེད་དུ་རུང་བ་མིན་ཕྱིར་ཡང་རྣམ་པ་གཞན་གྱི་དོན་ཅན་དུ་བཤད་མི་རིགས་སོ། །ཡང་གི་སྒྲ་ནི་རང་ཉིད་ཀྱི་སྒྲ་བསྟན་བཅོས་ཀྱི་དོན་མཐའ་དག་བསྒྲུབ་བྱར་མི་དགོས་པའི་དོན་དུ་བཤད་པ་ལ་འཐད་པ་ཡོད་པར་མ་ཟད་གཞན་དུ་བཤད་པ་ལ་གནོད་པ་མཐོང་བས་ན་འདིར་བཤད་པ་ཁོ་ནར་གནས་སོ་ཞེས་པའི་དོན་ཏོ། །དེས་ན་རང་ཉིད་ཅེས་པའི་དོན་ནི་རྒོལ་བ་བདག་ཉིད་ཀྱིས་འདོད་ཡུལ་དུ་བྱས་པའི་སྐབས་ཀྱི་བསྒྲུབ་བྱ་དེ་ལས་གཞན་བསྒྲུབ་བྱ་མིན་པའི་དོན་ཏེ། ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ཀུན་ལ་ལྟོས་པ་མེད་པར་རྒོལ་བ་དེ་རང་གིས་གང་བསྒྲུབ་བྱར་འདོད་པ་ཙམ་ནི་བསྒྲུབ་བྱ་ཉིད་དུ་གོ་བར་བྱེད་པ་ཡིན་ནོ། །དེས་ན་རྒོལ་བས་སྐབས་ཀྱི་བསྒྲུབ་བྱར་མི་འདོད་པ་དང་འབྲེལ་བའི་བསྟན་བཅོས་མཁན་པོའི་འདོད་པ་མཁའ་ཡོན་སོགས་ལ་ཡང་བྱས་པ་ལྟ་བུའི་རྟགས་དེས་གནོད་པ་ན་ཇི་ལྟར་ཡང་དེས་དེ་སྒྲུབ་པ་ལ་གནོད་པ་མེད་པའི་ཕྱིར་སྒྲ་མི་རྟག་དང་བྱས་པ་ལྟ་བུའི་བསྒྲུབ་བྱ་སྒྲུབ་བྱེད་དེ་འདྲ་བ་ནི་ཕྱོགས་དང་གཏན་ཚིགས་སྐྱོན་མེད་པ་ཉིད་ཡིན་ནོ། །གཉིས་པ་བསལ་བ་བཤད་པ་ལ། །མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། ཚད་མ་མདོ་ལས། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་གསུངས་པ་ལྟར་འཆད་པ་ལ། དེ་ལྟར་བསྒྲུབ་བྱར་ཁས་བླངས་པ་དེ་ཡང་མངོན་རྗེས་ཀྱི་ཚད་མ་ནི་གཉིས་པོ་དག་གིས་བཀག་པ་སྟེ་བསལ་


MR20_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་མེད་པ་ཡིན་པར་འདོད་དེ། གཏན་ཚིགས་ཀྱི་ནུས་པ་འཇུག་ཡུལ་ཡིན་པས་སོ། །བསལ་བར་གྱུར་ན་བསྒྲུབ་བྱར་མི་རུང་བ་ཅིའི་ཕྱིར་སྙམ་ན། གཏན་ཚིགས་ནི་བསྒྲུབ་བྱ་དེར་ཐེ་ཚོམ་ཡོད་པ་ལ་དེ་སེལ་བའི་སླད་དུ་བརྗོད་པ་ཡིན་པའི་ཕྱིར་ཚད་མས་བསལ་བ་ཡི་ཆོས་ཅན་དེ་ནི་མ་གྲུབ་པར་ཤེས་པའི་ཕྱིར་གཏན་ཚིགས་ཀྱི་རྟེན་དེ་བསྒྲུབ་བྱར་རུང་བ་མ་ཡིན་ནོ། །གཉིས་པ་ལ། བསལ་བའི་དོན་གྱི་ངོ་བོ་བཤད། །བསལ་བའི་དཔེ་ཡིས་མཚོན་ཚུལ་བཤད། །དང་པོ་ལ། སེལ་བྱེད་གང་གིས་སེལ་བ་བཤད། །ཆོས་ཅན་གང་ལ་བསལ་བ་བཤད། །དང་པོ་ལ། བསལ་བ་སྤྱི་ཡི་དབྱེ་བ་བཤད། །སྐབས་བབས་སོ་སོའི་ངོ་བོ་བཤད། །དང་པོ། བསལ་བ་ལ་དུ་ཡོད་ཅེ་ན། སྤྱིར་ཚད་མ་ནི་མངོན་རྗེས་གཉིས་སུ་གྲངས་ངེས་པས་ན་དེའི་བསལ་བའང་གཉིས་ཡོད་པ་ལས་འདིར་རྗེས་སུ་དཔག་པའི་སྐབས་ལ་དངོས་སྟོབས་དང་། ཡིད་ཆེས། གྲགས་པ་གསུམ་དུ་དབྱེ་བ་ཡིས་མངོན་སུམ་དང་བཅས་པའི་ཚད་མས་གནོད་པའམ་བསལ་བ་དེ་ནི་རྣམ་པ་བཞིར་བཤད་དོ། །དེ་ལ་ཁས་བླངས་པ་ནི་ཚིག་དེ་བརྗོད་བྱ་མ་ནོར་བར་འཇལ་བྱེད་དུ་ཡིད་ཆེས་པ་ཡིན་པས་འབྲས་རྟགས་སུ་འདུ་བ་ཡིན་ཏེ། བརྗོད་བྱ་མངོན་སུམ་མིན་པ་དེ་དག་ཚིག་དེས་ལེགས་པར་རྟོགས་པ་ཡོད་ན་ཚིག་ལས་རྗེས་སུ་དཔག་པ་ཡིན་ལ། དེ་ཡང་བརྗོད་དོན་དེ་མེད་ན་དོན་ལྡན་གྱི་ངག་དེ་མི་འབྱུང་བས་དེ་ལ་བརྟེན་ནས་འབྱུང་བའི་འབྲས་རྟགས་ཡིན་ཞིང་། མི་སླུ་བའི་ཚིག་མིན་ན་དེ་ལྟར་མ་ངེས་ཏེ། རྗོད་བྱེད་ཀྱི་ཚིག་རྣམས་བརྗོད་དོན་དང་མེད་ན་མི་འབྱུང་མེད་པར་རྒྱས་པར་བསྒྲུབས་ཟིན་ཏོ། །འགྲོ་


MR20_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲགས་པ་ནི་རང་བཞིན་གྱི་རྟགས་ཏེ་ཆོས་ཅན་རི་བོང་ཅན་ལ་ཟླ་བ་ཞེས་པར་ཡོངས་སུ་གྲགས་པ་ལྟ་བུ་གྲགས་རུང་གི་རང་བཞིན་དུ་གནས་ཤིང་གྲགས་ཟིན་པའང་ཆོས་ཅན་དེའི་རང་བཞིན་ཏེ། དེ་ལྟ་བུ་ཡིན་པར་གྱུར་པ་མེའི་ཚ་བ་བཞིན་ནོ། །དེ་ཡང་གྲགས་པ་ཞེས་པ་འདི་འཇིག་རྟེན་ན་གྲགས་པ་ཡོད་ཚད་དང་འགལ་ན་གྲགས་འགལ་དུ་འགྱུར་བའི་དོན་མ་ཡིན་ཏེ། གཙང་མི་གཙང་རྟག་མི་རྟག་སོགས་འཇིག་རྟེན་རང་ག་མའི་ངོར་གྲགས་པ་སྣ་ཚོགས་ཡོད་ཀྱང་དེ་ཙམ་གྱིས་རིགས་པའི་ཡུལ་ལ་གནོད་པ་མིན་ཡང་འཇིག་རྟེན་རང་ལ་ལྟོས་ནས་འཇིག་རྟེན་གྱི་ཐ་སྙད་དཔྱོད་པ་ན། འཇིག་རྟེན་ན་ཡོངས་སུ་གྲགས་པའི་ཐ་སྙད་ཀྱི་ཚུལ་ལུགས་གང་ཞིག་བརྟགས་ཀྱང་རིགས་པས་གཞན་དུ་བྱེད་མི་ནུས་པ་དེ་ནི་ཐ་སྙད་གནོད་མེད་དམ་གཡོ་བ་མེད་པ་ཡིན་པས་དེ་དང་འགལ་ན་གྲགས་པས་གནོད་དེ་དཔེ་བརྗོད་བཅས་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ལ། ཡིད་ཆེས་གྲགས་པ་མངོན་སུམ་གསུམ། །དང་པོ་ལ། ལུང་དང་རང་ཚིག་བསྡུས་ཏེ་བཤད། །ལུང་གིས་བསལ་བ་བྱེ་བྲག་བཤད། །དང་པོ་ལ། རྒྱུ་མཚན་དགོས་པ་དཔེ་དང་གསུམ། །དང་པོ། དེ་ལྟར་བསལ་བ་བཞི་ལས་དངོས་སྟོབས་རྗེས་དཔག་ནི་སྔར་རྒྱས་པར་བཤད་ཟིན་པས་སྐབས་འདིར་གཞན་གསུམ་གྱིས་བསལ་བ་ཙམ་འཆད་པ་ལ། ཐོག་མར་ཁས་བླངས་ཀྱིས་བསལ་བ་ལ་རང་གི་ཚིག་དང་ལུང་གི་ཚིག་གཉིས་སུ་ཡོད་ཀྱང་ཀུན་བཏུས་སུ་ཡིད་ཆེས་ཀྱིས་བསལ་བ་ཞེས་ཕྱོགས་གཅིག་ཏུ་བསྡོམས་པར་མཛད་པའི་རྒྱུ་མཚན་ནི། ཚིག་གང་ཞིག་བརྗོད་བྱའི་དོན་ལ་ཡང་དག་པར་ངེས་པ་དང་ལྡན་པའི་སྒོ་ནས་གཞལ་བྱ་སྟོན་བྱེད་དུ་བརྗོད་པར་འདོད་པ་ཡིན་ལ། དེ་ནི་སྐབས་ཀྱི་བདག་རྒོལ་བའི་ཚིག་དང་གཞན་བསྟན་བཅོས་བྱེད་པ་པོའི་ཚིག་


MR20_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་བདེན་པའི་དོན་ཅན་དུ་ཡིད་ཆེས་པ་མཚུངས་པ་ཡི་ཕྱིར་ན་རྒོལ་བ་རང་གི་ཚིག་དང་ནི་བསྟན་བཅོས་ཀྱི་ཚིག་གཉིས་ཀ་ཡིད་ཆེས་ཀྱིས་བསལ་བ་ཞེས་གཅིག་ཏུ་བཤད་པ་ཡིན་ཏེ། དངོས་སྟོབས་ཀྱི་སྐབས་སུ་དེ་གཉིས་ཀ་ནུས་པ་མཚུངས་ཤིང་ཡིད་ཆེས་པའི་དབང་གིས་སྒྲུབ་བྱེད་དུའང་མཚུངས་ལ། འགལ་ན་རང་གི་བསྒྲུབ་བྱ་ལ་གེགས་ཕྱེད་པའང་མཚུངས་པས་དེས་བསལ་བ་ནི་ཁས་བླངས་ཀྱི་དབང་ཙམ་ལས་ཡིན་པར་དོན་འདྲ་བའི་ཕྱིར་རོ། །གཉིས་པ་དགོས་པ་ནི། ཇི་ལྟར་ཚིག་སྨྲ་བ་པོས་བདག་རང་ཉིད་ནི་དོན་དེ་ཚུལ་བཞིན་སྨྲ་བ་ལ་ཚད་མར་འདོད་པ་མིན་ན་དོན་འདི་ཡིན་ནོ་ཞེས་དམ་བཅའ་བའི་ཚིག་ནི་འཇུག་པར་མི་འགྱུར་ཏེ། གཞན་གྱིས་དྲིས་ཀྱང་བདག་གིས་མི་ཤེས་སོ་ཞེས་སྨྲ་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་བསྟན་བཅོས་ལ་ཡིད་ཆེས་པས་མི་བརྟེན་ན་བསྟན་བཅོས་དེར་གྲགས་པའི་ལུང་གི་དོན་དག་ལ་དེ་ནས་དེ་ལྟར་བཤད་པས་དེ་ཡིན་ནོ་སྙམ་དུ་དཔྱོ༷ད་པ་ཡང་མི་འཇུག་ལ། དེ་ལྟར་རང་གིས་དམ་བཅའ་པའམ་བསྟན་བཅོས་ནས་བཤད་པས་དེ་ལྟར་དམ་བཅའ་བ་ཡིན་ཀྱང་རུང་ཡིད་ཆེས་པའི་དབང་གིས་ཚིག་དེ་འཇུག་པ་མཚུངས་པར་བསྟན་པའི་ཕྱིར་རང་ཚིག་དང་འགལ་ན་རང་གི་བསྒྲུབ་བྱ་ལ་གེགས་བྱེད་པ་བཞིན་དུ་བསྟན་བཅོས་ཁས་བླངས་ནས་དེ་དང་འགལ་ན་བསྟན་བཅོས་དེའི་སྐབས་ཀྱིས་རང་གི་བསྒྲུབ་བྱ་ཆོས་ཅན་ནམ་རྟེན་དེ་ཉིད་ལ་གནོད་པར་བྱེད་དོ་ཅེས་པའི་དོན་འདི་བསྟན་པའི་ཆེད་དུ་བསྟན་བཅོས་ཀྱིས་བསལ་བ་འདི་རང་གི་ཚིག་དང་ལྷན་ཅིག་ཏུ་བཤད་པ་ཡིན་ཏེ། དངོས་སྟོབས་མེད་ན་ལུང་དུ་འདོད་ཀྱང་རང་ཚིག་ལས་ལྷག་པར་སྟོབས་ཆེ་བའི་རྒྱུ་མཚན་མེད་དེ། ཁས་ལེན་པ་པོས་བདེན་ནོ་སྙམ་དུ་ཡིད་ཆེས་པའི་ཚིག་ཙམ་ཡིན་པར་ཤེས་པའི་ཆེད་དུ་ཡིན་ནོ། །


MR20_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། ཡིད་ཆེས་པའི་དབང་གིས་ལུང་སྒྲུབ་བྱེད་དུ་ལེན་པ་ནི་རང་ཚིག་འཇུག་པ་དང་ཚུལ་གཅིག་པ་དེས་ན་འདི་གཉིས་པོ་ལ་དཔེ་དག་ཀྱང་མཚུངས་པ་ཉིད་དུ་བསྟན་པ་ཡིན་ཏེ། གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་ཅེས་པ་ལྟ་བུའོ་ཞེས་གསུངས་སོ། །དེ་དཔེར་འགྲོ་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། གཞལ་བྱ་མ་ནོར་བར་འཇལ་བའི་དོན་ཅན་གྱི་ཚད་མ་རྣམས་ནི་ཡོད་པ་མིན་ན་བསྟན་བཅོས་དང་རང་གི་ཚིག་གིས་གཞལ་བྱ་སྟོན་པ་མི་རུང་བའི་ཕྱིར་ཏེ། ཚིག་དེས་དོན་མ་ནོར་བར་སྟོན་པ་མེད་པ་ནི་རང་གིས་མི་སླུ་བའི་ཚད་མ་སྤྱིར་མེད་ཅེས་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ནའང་དཔེ་དེ་རང་ཚིག་གི་འགལ་བས་བསལ་བ་ལ་ནི་གསལ་བའི་དཔེ་སྟེ་དངོས་ཀྱི་དཔེ་ཡིན་ལ། ལུང་ལ་ཕྱོགས་ཙམ་ཞིག་མཚོན་ནས་བསྟན་པ་ཡིན་ཏེ་བཤད་མ་ཐག་པ་བཞིན་ནོ། །ལུང་བསལ་དེ་ལ་དངོས་ཀྱི་དཔེ་གང་ཞེ་ན། ཚེ་སྔ་ཕྱི་དང་རྒྱུ་འབྲས་འདོད་པའི་ལུང་ཁས་བླངས་ནས་མ་འོངས་པ་ན་སྦྱིན་སོགས་དཀར་ཆོས་ནི་བདེ་བ་མི་འགྲུབ་པ་སྟེ་བདེ་བའི་སྒྲུབ་བྱེད་མིན་པར་འདོད་ཅེས་བྱ་བ་ལྟ་བུ་ཡིན་ཏེ། དེ་འདྲའི་དམ་བཅའ་ལ་ཁས་བླངས་པའི་ལུང་དེས་གནོད་པའི་ཕྱིར་རོ། །གཉིས་པ་ལུང་བསལ་བྱེ་བྲག་ཏུ་བཤད་པ་ལ། དངོས་དང་རྩོད་སྤང་དོན་བསྡུ་གསུམ། །དང་པོ་ལ། གཞལ་བྱ་གཉིས་ལ་ལུང་མི་གནོད། །གསུམ་པར་ཡང་དག་ལུང་བསལ་འཇུག །དང་པོ་ལ། ཚད་མས་མ་ངེས་འགལ་ཀྱང་གེགས། །དེས་ན་ཚད་ཡོད་ཕྱོགས་གནོད་བྱེད། །དང་པོ། ལུང་གིས་བསལ་བ་དངོས་ནི། གནས་གསུམ་པའི་དོན་གྱི་དམ་བཅའ་གཞན་དུ་བྱས་པ་ལ་འབབ་ཀྱི་དང་པོ་གཉིས་ལ་ལུང་དང་འགལ་ཡང་དངོས་སྟོབས་ཀྱིས་འགལ་བར་ཐ་སྙད་ཐོབ་པ་ཡིན་ཏེ། ལུང་དེ་ལ་བརྟེན་ནས་


MR20_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དགོས་པ་མིན་པའི་དངོས་པོ་གང་ཞིག་མངོན་རྗེས་ཀྱིས་གཞལ་བར་ནུས་པ་རྣམས་ལ་ཡང་དག་པའི་རིགས་པས་ངེས་པ་མེད་པར་བསྟན་བཅོས་ནས་བཤད་པ་དང་འགལ་བར་བརྗོད་པ་སྟེ། དཔེར་ན་རིགས་པ་ཅན་པའི་ལུང་ཁས་ལེན་པ་དག་གིས། སྒྲ་མི་རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སོགས་སམ་བྱས་པ་བཀོད་ཀྱང་དེའི་དོན་ལ་ཚུལ་བཞིན་ངེས་པ་མ་སྐྱེས་པར་ཡིན་རློམ་ཙམ་གྱི་ཚེ་ན་ཡང་བསྟན་བཅོས་དང་འགལ་བ་ཡིན་པས་བསྟན་བཅོས་ཀྱིས་རང་ཚིག་ལ་ངེས་པར་གནོད་པ་མ་ཡིན་ཏེ། དེའི་ཚེ་ན་རང་ཚིག་དེ་དང་བསྟན་བཅོས་ཀྱི་ཚིག་དེ་གཉིས་པོ་དག་ཕན་ཚུན་ནུས་པ་མཚུངས་པའི་ཕྱིར་འདི་ལས་གང་ཡིན་ནམ་སྙམ་དུ་ཐེ་ཚོམ་སྐྱེ་ཞིང་། གང་རུང་རེ་མཐའ་གཅིག་ཏུ་འགྲུབ་པ་མེད་པར་ཕན་ཚུན་གེགས་བྱེད་པ་ཙམ་དུ་འགྱུར་ཏེ། དཔེར་ན་ངའི་མ་མོ་གཤམ་མོ་ཞེས་བརྗོད་པའི་རང་གི་ཚིག་བཞིན་ཏེ། རང་ཚིག་འགལ་བ་དེས་མ་ཡིན་པ་དང་མོ་གཤམ་ཡིན་པ་གང་དུའང་ངེས་མི་ནུས་པ་བཞིན་ནོ། །དེའི་ཕྱིར་བསྟན་བཅོས་དེ་ཡང་བདེན་ཞེན་གྱིས་ཁས་ལེན་པ་དེ་ཚེ་རང་གི་ཚིག་གི་བདག་ཉིད་ཙམ་དུ་སྒྲུབ་བྱེད་དུ་བརྗོད་ཀྱི་བརྗོད་པ་ཙམ་གྱིས་བསྒྲུབ་བྱ་འགྲུབ་པའི་ནུས་པ་མེད་དོ། །གཉིས་པ། དེ་ལྟར་རང་གིས་ཁས་བླངས་པའི་དོན་དང་བསྟན་བཅོས་ནས་བཤད་པའི་དོན་གྱི་དམ་བཅའ་འགལ་བ་ན་དེ་གཉིས་པོ་དག་ལས་གང་ལ་དངོས་སྟོབས་ཀྱི་ཚད་མ་ཡོད་པ་དེ་ནི་གཞན་བཟློག་ཕྱོགས་ཅིག་ཤོས་ལ་གནོད་བྱེད་དུ་འགྱུར་ཏེ། བཟློག་ཕྱོགས་མི་འགྲུབ་ལ་རང་ཉིད་འགྲུབ་པར་ངེས་པ་ཡིན་ནོ། །ཚད་མ་དང་ལྡན་པས་ཚད་མ་མེད་པ་ལ་གནོད་པ་དེ་ལྟ་མིན་པར་མཐའ་གཅིག་ཏུ་ལུང་གནོད་བྱེད་ཡིན་ན་ལུང་ཕལ་གྱིས་བསྟན་དོན་ཕལ་ཆེར་ལ་རིགས་པ་དང་བྲལ་བ་ཅན་གྱི་དམ་བཅའ་


MR20_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད་པའི་ཕྱིར་རང་གི་ཚིག་ཙམ་དང་ནུས་པ་མཚུངས་པ་དེ་ཡིས་དམ་བཅའ་བ་ཇི་ལྟ་བ་བཞིན་གྱི་དོན་ཅན་གྱི་རྗེས་དཔག་ལ་ནི་ཇི་ལྟར་གནོད་ཚུལ་སྨྲོས་ཤིག་དང་། རིགས་པས་མི་རིགས་པ་སུན་འབྱིན་པ་འཐད་ཀྱི་བཟློག་པར་སྨྲ་བ་ནི་མི་མཁས་པའི་རང་རྟགས་སོ། །རང་གི་ཚིག་དང་བསྟན་བཅོས་མི་མཚུངས་ཏེ་ལུང་ཡིན་པའི་ཕྱིར་རོ་སྙམ་ན། དཔྱད་པས་མ་དག་ན་ལུང་ཡིན་པར་གང་གིས་གྲུབ་སྟེ། འཁྲུལ་བ་ཅན་གྱི་བྱེད་པོ་དེའི་ཚིག་ཡིན་པས་ཚིག་ཙམ་ལ་ཁྱད་པར་གང་ཡང་མེད་དོ། །དེས་ན་དཔྱད་པས་དག་པའི་ཡིད་ཆེས་ཁྱད་པར་ཅན་མེད་པར་བདེན་རློམ་གྱིས་ལུང་དུ་བཟུང་བ་རྣམས་ལུང་ཞེས་པའི་མིང་ཐོབ་པ་ཙམ་གྱིས་ཚད་མ་ཡིན་པ་ནི་སྔར་ཉིད་རྣམ་པར་བཟློག་ཟིན་པ་ཡིན་ནོ། །དེ་ཕྱིར་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་དོན་ལ་ལུང་གིས་གནོད་པ་ནམ་ཡང་མེད་དོ། །གཉིས་པ་ལ། ལུང་བསལ་འབབ་པའི་ཡུལ་ངོས་བཟུང་། །དེ་ཕྱིར་ལོགས་སུ་བཞག་དགོས་བསྟན། །དང་པོ། དངོས་སྟོབས་ཀྱི་རིགས་པའི་ཡུལ་ལ་ལུང་གནོད་བྱེད་མིན་ཞིང་རིགས་པས་ལུང་དག་དགོས་པ་དེ་ཡི་ཕྱིར་ན་དང་པོར་དཔྱད་པ་བྱས་ནས་རྣམ་པར་དག་པའི་ལུང་དུ་ཁས་བླངས་ཟིན་ནས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་ལུང་བཞིན་དུ་དཔྱོ༷ད་པ་དག་ལ་ལུང་གིས་གནོད་པའི་སྐྱོན་འདི་ཡོད་པར་འདོད་ཀྱི་གཞན་དུ་མ་ཡིན་པ་དེའི་ཕྱིར་དང་པོར་དཔྱད་ནས་ལུང་ཁས་ལེན་པ་ལ་རིགས་པས་གྲུབ་པར་རང་གི་ལུང་གིས་མི་གནོད་ལ། དང་པོར་ལུང་ཁས་བླངས་ནས་ཕྱིས་རིགས་པས་དཔྱོད་པ་ལ་རང་གི་ལུང་དང་འགལ་བའི་སྐྱོན་འབྱུང་བ་ཡིན་ནོ། །གཉིས་པ། ལུང་ཁས་བླངས་ན་དེ་ལ་ལྟོས་དགོས་པ་དེས་ན་ལུང་དང་འགལ་བའི་དམ་བཅའ་ལ་ལུང་གིས་གནོད་པ་དེ་ཕྱིར་ལུང་ལ་བརྟེན་ནས་གཞལ་བྱ་རྗེས་སུ་དཔོག་


MR20_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རྗེས་དཔག་ལས་ལུང་ཚད་མར་ཁས་བླང་པ་ཕྱི་རོལ་ཏེ་གཞན་དུ་གྱུར་པ་མིན་ཡང་། ལུང་གི་ཡུལ་ཤིན་ཏུ་ལྐོག་གྱུར་ཡིན་པ་ཅན་གྱི་ཁྱད་པར་བསྟན་པ་ཡི་ཕྱིར་ན་རྗེས་དཔག་ལས་ལུང་གི་བསལ་བ་ཐ་དད་དུ་བྱས་པ་ཡིན་ནོ། །ཡུལ་གྱིས་ཐ་དད་དུ་བཞག་པ་དེ་ལྟ་མིན་ན་མི་འཐད་དེ། འབྲས་རང་མ་དམིགས་པས་བསལ་བ་ཞེས་རྗེས་དཔག་ཀུན་ལ་དབྱེ་དགོས་པས་ཐལ་ཆེས་པའམ། ཡང་ན་རྗེས་དཔག་གིས་བསལ་བ་ཞེས་གཅིག་ཏུ་བྱ་བ་ལས་ཡིད་ཆེས་རྗེས་དཔག་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་རོ། །གཉིས་པ་ལུང་བསལ་ལ་རྩོད་པ་སྤང་བ་ལ། རང་ཚིག་ལོགས་སུ་སྨོས་དོན་ཡོད། །ལུང་ཁས་བླངས་ཀྱང་ཀུན་གནོད་མིན། །དང་པོ། རིགས་པའི་སྒོ་ལས། བདག་གི་མ་མོ་གཤམ་མོ་ཞེས་པ་ལྟ་བུ་རང་ཚིག་གིས་བསལ་བ་དང་། ཡིད་ཆེས་པའམ་ལུང་གིས་བསལ་བའི་དཔེར་བྱེ་བྲག་པས་སྒྲ་རྟག་པར་སྒྲུབ་པ་ལྟ་བུ་ཐ་དད་དུ་དཔེར་བརྗོད་མཛད་པ་ཅི་ལྟར་ཡིན་ཞེ་ན། རང་གི་ཚིག་ཀྱང་ཡིད་ཆེས་ལས་ཐ་དད་པ་ཉིད་དུ་བཞག་པ་ནི་ལུང་ལ་བརྟེན་པ་མིན་ན་ཡང་རང་གི་ཚིག་ཙམ་གྱིས་ཀྱང་དམ་བཅའ་བརྗོད་པ་ལ་གེགས་བྱེད་ནུས་པར་ཤེས་པའི་ཆེད་དུ་ཡིན་ཏེ། བསྒྲུབ་བྱ་ཇི་བཞིན་མི་འགྲུབ་པར་བྱེད་པའི་གེགས་ནི་ཁས་བླངས་པའི་རང་ཚིག་གམ་ལུང་གིས་བྱེད་པར་མཚུངས་པས་གཅིག་ཏུ་སྡོམ་པའམ་སོ་སོར་ཕྱེ་ཡང་མི་འགལ་ལོ། །གཉིས་པ། རྒོལ་བ་དེ་ཡིས་བསྟན་བཅོས་གཞལ་བྱ་ཀུན་ལ་ཚད་མར་ནི་ཁས་བླངས་ཟིན་པའི་ཕྱིར་ན་དེ་དང་འགལ་བའི་དངོས་པོ་ཀུན་ལ་བསྟན་བཅོས་དེ་གནོད་བྱེད་དུ་འདོད་དོ་ཅེ་ན། གལ་ཏེ་ལུང་དེ་རྒོལ་བས་མི་འདོད་ན་ཡང་བསྒྲུབ་བྱ་དེ་ལ་གནོད་བྱེད་ཡིན་ནམ་ཅི། ཡིན་ན་ནི་སངས་རྒྱས་པའི་ལུང་གིས་བྱེ་བྲག་པའི་སྒྲ་རྟག་པར་སྒྲུབ་པ་ལ་ཡང་


MR20_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ལ། མིན་ན་ཁས་བླངས་ཀྱང་མི་གནོད་པས་རིགས་པས་གཅོད་ནུས་ཀྱི་ཡུལ་ལ་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་ལུང་གནོད་བྱེད་དུ་འཇུག་པ་མིན་ནོ། །གལ་ཏེ་སྔར་ཁས་བླངས་པའི་ཕྱིར་བསྟན་བཅོས་དང་འགལ་ན་རྒོལ་བ་རང་གི་ཚིག་འགལ་བས་གནོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་གོང་དུ་བཤད་པ་ལྟར་རང་ཚིག་དང་བསྟན་བཅོས་འགལ་བ་ལ་ནུས་པ་ཐ་དད་མེད་པར་རྒོལ་བ་དེའི་ཚིག་ལ་གེགས་བྱེད་པ་ཙམ་དུ་འགྱུར་གྱི་གནོད་མི་ནུས་པར་སྔར་བཤད་པ་བཞིན་ནོ། །གལ་ཏེ་ལུང་ཚད་མ་ཡིན་པའི་ཕྱིར་གནོད་ནུས་སོ་སྙམ་ན། ཚད་མར་འགྲུབ་པའི་རྒྱུ་མཚན་མེད་པར་སྐྱེས་བུའི་འདོད་པས་ཚད་མར་བྱས་ནས་ཚད་མ་ཡིན་ནོ་ཞེས་པ་ཙམ་གྱིས་དེར་འགྱུར་ན་བསྟན་བཅོས་འདི་ཡོངས་སུ་རྫོགས་པའི་ཚད་མ་ཉིད་དུ་འགྱུར་ལ་དེ་ནི་ངོ་མཚར་ཆེའོ་ཞེས་བཞད་གད་དུ་བྱས་པ་སྟེ། དངོས་པོའི་དོན་གྱིས་ཡང་དག་པ་དང་ལོག་པར་གནས་པ་ལ་མི་ལྟོས་པར་ཚད་མར་བཟུང་བ་ཙམ་གྱིས་ཚད་མར་འགྱུར་ན་རང་ཚིག་ཀྱང་དེར་འགྱུར་བས་བསྒྲུབ་བྱ་མི་འགྲུབ་པ་གཅིག་ཀྱང་ཡོད་མི་སྲིད་དོ། །གསུམ་པ་དོན་བསྡུ་ལ། ལུང་དགོས་མི་དགོས་ཕྱེ་སྟེ་བསྟན། །སྒྲུབ་བྱེད་ལུང་ལ་དཔྱད་པའོ། །དང་པོ་དངོས་སྟོབས་ཀྱི་རིགས་པའི་ཡུལ་ལ་ལུང་གིས་གནོད་ནུས་མིན་པ་དེས་ན་ཚད་མ་གཉིས་ཀྱི་རིགས་པས་རབ་ཏུ་གྲགས་པའི་དོན་དག་ལ་བསྟན་བཅོས་སྒྲུབ་བྱེད་དུ་མ་བཟུང་བར་དོར་ནའང་ཉེས་པ་མེད་ལ། ཤིན་ཏུ་ལྐོ༷ག་གྱུར་དག་ལ་བསྟན་བཅོས་ནི་མི་འདོད་ན་ཡུལ་དེ་ལ་རྣམ་པར་དཔྱོ༷ད་པ་ཉིད་མི་འཇུག་སྟེ་འཇལ་བྱེད་གཞན་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། སྒྲུབ་བྱེད་མི་རུང་ལུང་དང་ནི། །རུང་བའི་ལུང་གི་ཁྱད་པར་བཤད། །དང་པོ། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་འདི་ལ་


MR20_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

བསླུའམ་མི་བསླུ་བརྟག་པ་ཕལ་ཆེར་ནི་ལུང་རང་གི་ཚིག་སྔ་ཕྱི་དངོས་ཤུགས་འགལ་མི་འགལ་དཔྱད་པ་ཡིན་ལ་ལུང་དེ་བསྟན་དོན་ལ་མ་ངེས་པར་སྟོན་པ་ནི་འགལ་བ་བརྗོད་པ་ཡིན་ལ་དེ་ནི་དཔེར་ན་འདི་ལྟ་སྟེ། རིག་བྱེད་ལས་ཆགས་སྡང་སོགས་ཆོས་མིན་མི་དགེ་བའི་རྩ་བ་ཡིན་པར་ཁས་བླངས་པ་དང་། སླར་ཡང་ཆུ་ལ་ཁྲུས་བྱས་པ་ཉིད་ཀྱིས་ཆོས་མིན་དེ་དག་པར་འགྱུར་བ་ཁས་བླངས་པ་ལྟ་བུའོ། །དེ་ཡང་ཁྲུས་ནི་ཆོས་མིན་གྱི་རྒྱུ་དུག་གསུམ་དང་མི་འགལ་བས་ན་དེས་ལུས་ཅན་གྱི་ནང་གི་སྡིག་པ་ཅི་ལྟར་དག་སྟེ། ཁྲུས་ལས་ཆོས་འདོད་པའི་ལུང་དེ་ཤིན་ལྐོག་ལ་མི་འཁྲུལ་བར་མི་འགྲུབ་བོ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱིས་ནི་ཉོན་མོངས་ལས་སྐྱེས་པའི་ཀུན་སྤྱོད་ངན་པ་དང་དེའི་རྒྱུ་ཀུན་ནས་དཀྲིས་པ་དང་དེའི་ས་བོན་བག་ལ་ཉལ་བ་དག་ལ་རིམ་བཞིན་གནོད་པ་ཡིན་པས་དེ་དག་ཆོས་མིན་གྱི་གཉེན་པོར་སྟོན་པའི་ལུང་ནི་རིགས་པ་དང་ལྡན་པ་བཞིན་ནོ། །གཉིས་པ། མངོན་རྗེས་ཀྱི་ཚད་མས་མཐོང་བ་སྟེ་སྒྲུབ་པར་ནུས་པ་དང་། མ་མཐོང་བ་སྟེ་སྒྲུབ་མི་ནུས་པ་ཤིན་ཏུ་ལྐོག་གྱུར་གྱི་དོན་དག་ལུང་གང་ནས་ཇི་ལྟར་བསྟན་པ་དེ་ལ་རིམ་པ་ལྟར་རིགས་པས་གཅོད་ནུས་ཀྱི་ཡུལ་བསྟན་པ་དེ་ལྟར་རིགས་པས་གྲུབ་པ་དང་། གཞལ་བྱ་གསུམ་པའི་གནས་བཤད་པ་ལ་རང་ཚིག་གིས་གནོད་པ་མེད་པའི་བསྟན་བཅོས་གང་ཞིག་དཔྱད་པ་གསུམ་གྱི་དག་པ་ཡིན་པ་དེ་ནི་གནས་གསུམ་པའི་དོན་མ་ནོར་བར་འཇལ་བའི་སྒྲུབ་བྱེད་དུ་བཟུང་བར་བྱ་བ་ཡིན་པའི་ཕྱིར་ལུང་དེ་འདྲ་བ་ལ་བརྟེན་ནས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་འདི་དང་འདི་ཞེས་དཔྱོ༷ད་པ་འཇུག་པར་འགྱུར་གྱི་ལུང་དུ་གྲགས་ཚད་ནི་མ་ཡིན་ནོ། །གཉིས་པ་གྲགས་བསལ་ལ། གྲགས་བསལ་རང་གི་ངོ་བོ་བཤད། །དེ་སྒྲུབ་དཔེ་བརྗོད་དགོངས་དོན་བཤད། །


MR20_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བསལ་ལོགས་སུ་ཕྱེ་བའི་དོན། །དང་པོ་ལ། སེལ་བྱེད་གྲགས་པའི་རང་བཞིན་དང་། །དེ་ཡིས་ཇི་ལྟར་སེལ་ཚུལ་བཤད། །དང་པོ། མདོ་ཡི་རང་འགྲེལ་དུ། གང་ཡང་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་ཡོད་པ་མ་ཡིན་ཞིང་། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་སྦྱོར་བ་ནི། རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། ཞེས་གསུངས་པ་ཡིན་ལ། དེ་ཡང་རི་བོང་ཅན་ཟླ་བ་མ་ཡིན་ཞེས་པ་འདི་ལ་འཇིག་རྟེན་ན་ཟླ་བར་ཡོངས་སུ་གྲགས་པས་བསལ་བ་ཡིན་ཞིང་། རིགས་སྒོར། མིའི་ཐོད་པ་གཙང་བ་ཡིན་ཏེ། སེམས་ཅན་གྱི་ཆ་ཤས་ཡིན་པའི་ཕྱིར། དུང་ཆོས་བཞིན། ཞེས་བརྗོད་པ་ཡང་མི་ཐོད་མི་གཙང་བར་གྲགས་པས་བསལ་བའི་དཔེར་གསུངས་སོ། །དེ་ལས་གཙོ་བོར་དཔེ་སྔ་མ་ཉིད་འགོད་པ་དང་། དེའི་རྟགས་དང་། གང་ཡང་ཐུན་མོང་མིན་པའི་ཕྱིར། །ཞེས་སོགས་ཀྱི་དོན་ཞིབ་ཏུ་འཆད་པ་ལ། ཐོག་མར་སྐབས་འདིའི་སེལ་བྱེད་གྲགས་པ་ཞེས་པ་དེ་འཇིག་རྟེན་ན་གྲགས་པ་ཐམས་ཅད་ཡིན་ནམ། གྲགས་པས་བསལ་ན་དམ་བཅའ་མི་འགྲུབ་པའི་ཚུལ་རྗེས་སུ་དཔག་པ་དང་ལྡན་པ་ཞིག་ཡིན་ཟེར་ན། གྲགས་པ་ཙམ་གྱིས་མ་ཡིན་ཏེ་འདིར་གྲགས་པ་ཞེས་པ་ནི་སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་སྟེ། དེ་ལས་གཞན་ལ་རག་མ་ལས་པར་འཇུག་པ་ཅན་གྱི་འདོད་རྒྱལ་བའི་སྒྲའི་བརྗོད་བྱ་ཉིད་དུ་གྱུར་པ་ནི་དོན་ཐམས་ཅད་ལ་བཀག་ཏུ་མེད་པའི་ཕྱིར་ན་དོན་དེར་སྒྲ་གང་འཇུག་པ་ལ་མི་འཇུག་པའི་རྒྱུ་མཚན་བསྟན་དུ་མེད་པའི་ཕྱིར་གནོད་པ་མེད་པའི་ངག་གམ་སྒྲ་ཡིན་པ་ནི་སྐྱེ་བོ་རྣམས་ཀྱིས་དེ་ལྟར་ཡིན་པར་འདོད་པ་ལ་རང་གི་མྱོང་བས་ཡིད་ཆེས་པའི་རྣམ་རྟོག་གཏིང་ཚུགས་པ་སྐྱེ་བ་ཡིན་གྱི་ཐེ་ཚོམ་ཡང་མི་


MR20_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དོན་གང་ལ་གསར་དུ་མིང་འདོགས་པ་ན་མིང་དུ་རུང་བ་ཅི་བཏགས་ཀྱང་རང་དབང་མེད་པར་འདོགས་སུ་མི་སྟེར་བའི་གེགས་མེད་པར་རང་གི་མྱོང་བས་གྲུབ་པས་སོ། །འདིར་སྐྱེ་བོ་རྣམས་ཡིད་ཆེས་སོ་ཞེས་བཤད་གཞིར་བྱས་ཏེ། གང་ལན་གང་བཏགས་ཀྱང་འདོགས་སུ་མི་སྟེར་བའི་གནོད་པ་མེད་པའི་ངག་ལའོ། །ཇི་ལྟར་ན་དོན་ཐམས་ཅད་ལ་ཞེ་ལ་གང་འདོད་པའི་སྒྲ་ཡིས་བརྗོད་བྱར་རུང་བ་ཉིད་ཡིན་པས་སོ། །དེ་གང་གིས་ན་སྐྱེས་བུ་བརྡ་འདོགས་པ་པོ་རང་གི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་ལས་འབྱུང་བ་ཁོ་ནའི་ཕྱིར་རྡེའུ་དག་གི་བཀོད་པ་ཇི་ལྟ་བུར་བྱེད་པ་འགོད་པ་པོའི་རང་དབང་ཆེ་བ་བཞིན་ནོ། །དེས་ན་རྟོག་ཡུལ་ན་གནས་པའི་དོན་གང་ཞིག་ཐ་སྙད་ལས་ནི་སྐྱེས་པ་སྟེ་ཤེས་བརྗོད་ཀྱི་རྣམ་པས་བློ་ཡུལ་དུ་བྱུང་བ་ལས་གཞན་ཕྱི་རོལ་གྱི་རང་མཚན་ལ་མི་ལྟོས་པ་ཡི་ཆོས་དེ་ལ་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གྲགས་པའི་སྒྲ་ཡིས་བརྗོད་པ་ཡིན་གྱི་གྲགས་པ་ནི་སྒྲར་གྲགས་ཟིན་པ་ཁོ་ནའི་དོན་མིན་ཏེ། གྲགས་རུང་བ་ཙམ་འདི་འཇིག་རྟེན་ཀུན་ལ་དེ་ལྟར་གནས་པའམ་གྲུབ་པའི་དོན་ཀྱང་ཡིན་ལ། སྒྲར་གྲགས་པ་སྲིད་པའི་རྒྱུའང་ཡིན་པའི་ཕྱིར་གྲགས་པའི་མིང་དེ་ལ་བཏགས་པ་ཡིན་ནོ། །དངོས་སུ་མ་གྲགས་པ་ལ་གྲགས་པར་བརྗོད་པ་མི་འཐད་ཅེ་ན། མི་འཐད་པ་མེད་དེ། མངོན་སུམ་དང་རྗེས་དཔག་སོགས་ཀྱི་གཞལ་བྱ་ཡུལ་གྱི་ངོ་བོས་རང་མིན་པ་གཞན་བསལ་བ་ལ་ཡང་འཇལ་བྱེད་ཡུལ་ཅན་མངོན་སུམ་སོགས་ཀྱིས་བསལ་ཞེས་ཡུལ་ཅན་གྱི་སྒྲ་ཉིད་དུ་སྒྲོ༷་བཏགས་ནས་བརྗོད་པ་བཞིན་ནོ། །དེས་ན་གྲགས་རུང་འདི་སྐབས་འདིའི་སེལ་བྱེད་ཡིན་ནོ། །གཉིས་པ། རྟོག་ཡུལ་གྱི་དོན་དེ་ལ་བརྟེན་ནས་འབྱུང་བ་ཅན་གྱི་སྒྲ་གང་ཡིན་པ་དེ་ནི་རང་གི་འདོད་པས་འཇུག་ཕྱིར་མི་འཇུག་པར་དགག་ཏུ་མེད་པ་ཡིན་པས་སྔར་བརྡ་


MR20_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བྱས་ཟིན་པ་དང་། མ་བྱས་པ་ཡིན་ཀྱང་རུང་དོན་དེ་རྣམས་སུ་མིང་གི་སྒྲ་སྣ་ཚོགས་ཉིད་ཀྱང་རྟོག་ཡུལ་ན་ཡོད་པའི་རང་བཞིན་ཉིད་ཀྱིས་གདགས་རུང་བ་ཡིན་ནོ། །དེའི་ཕྱིར་རྟོག་ཡུལ་ན་ཡོད་པའི་དོན་ཙམ་དང་ནི་རྗེས་སུ་འབྲེལ་བ་ཅན་གྱི་བརྡ་དེ་དོན་དེ་ལ་སྔར་བྱུང་བའམ་ནི་ད་ལྟ་བརྡ་དེ་མ་ཐོགས་ཀྱང་སླར་འབྱུང་བར་འགྱུར་བ་ཡི་བརྡར་གྱུར་པའི་སྒྲ་ཡི་བརྗོད་བྱར་རུང་བ་ཉིད་དེ་ཡིས་མི་མཐུན་པར་ཁས་ལེན་པ་མི་རུང་བ་དག་ལ་གནོད་པར་འགྱུར་རོ། །གཉིས་པ་གྲགས་བསལ་དེ་སྒྲུབ་པའི་དཔེ་བརྗོད་ཀྱི་དགོངས་དོན་བཤད་པ་ལ། དཔེ་དེ་གྲགས་རུང་སྒྲུབ་ཕྱིར་ཡིན། །དེ་སྒྲུབ་ལུང་གཉིས་དགོངས་དོན་བཤད། །དང་པོ། གྲགས་བསལ་གྱི་དཔེ་རི་བོང་ཅན་ཟླ་བ་མ་ཡིན་ཞེས་པ་ལྟ་བུ་བཀོད་པ་ནི་གྲགས་རུང་གིས་གནོད་པའི་དོན་དུ་འགྱུར་བ་ཡིན་ཏེ། ཇི་ལྟར་ན་བརྡ་སྤྲོད་པ་དག་སྒྲ་དོན་ངོ་བོས་འབྲེལ་བ་འདོད་པས་དེ་དག་གི་ལུགས་ལ་རི་བོང་ཅན་ཟླ་བ་ཞེས་པའི་མིང་གིས་བརྗོད་བྱ་ཡིན་གྱི་གཞན་ཀ་བ་སོགས་ཟླ་བའི་མིང་དེས་བརྗོད་མི་རུང་སྟེ། མིང་དོན་ངོ་བོས་འབྲེལ་བར་འདོད་པ་ལ་ཇི་ལྟར་རི་བོང་ཅན་ཟླ་བས་བརྗོད་དུ་མི་རུང་ཟེར་ན་གྲགས་པས་བསལ་བ་འབབ་པ་ལྟར་རི་བོང་ཅན་ཀ་བས་བརྗོད་དུ་མི་རུང་ཟེར་ནའང་དེ་དང་འདྲ་བར་ཤེས་པའི་སླད་དུ་དོན་གྱིས་བསྟན་པ་ཡིན་ལ། དེ་ཡང་ད་ལྟ་སྐྱེས་བུའི་བློས་མིང་དོན་གྱི་འབྲེལ་བ་བྱས་ནས་བཟུང་ཟིན་པའི་བློ་ངོར་རང་གི་མིང་གིས་བརྗོད་རུང་ཞིང་གཞན་གྱིས་མི་རུང་བ་ལྟར་སྣང་ཡང་དེ་ནི་དངོས་པོའི་འབྲེལ་བ་མ་ཡིན་གྱི། རྟོག་པས་འབྲེལ་བ་ཡིན་ལ། རྟོག་པས་འབྲེལ་བ་ནི་འདོད་པ་ཙམ་ལ་རག་ལས་པས་ན་མིང་གང་དང་སྦྲེལ་ཀྱང་མི་རུང་བ་མེད་དོ། །གལ་ཏེ་ཡོད་ན་རི་བོང་ཅན་ཟླ་བས་བརྗོད་དུ་མི་རུང་ཞེས་པ་དང་འདྲའོ། །དེས་ན་དོན་རི་བོང་ཅན་


MR20_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ལ་བུམ་པ་ཞེས་སོགས་སུ་ད་ལྟ་དངོས་སུ་གྲགས་པ་མེད་ཀྱང་། སྒྲ་ཀུན་ཀྱང་དངོས་པོ་ལ་རྗོད་བྱེད་དུ་འདོགས་རུང་བ་ཉིད་དེ་ཡི་སྟོབས་ཉིད་ལས་དོན་དེ་ལ་སྣ་ཚོགས་པའི་སྒྲ་ཀུན་འབྲེལ་བ་སྟེ་ངོ་བོས་འབྲེལ་བ་མིན་ཀྱང་འབྲེལ་དུ་མི་རུང་བ་མེད་པ་ཙམ་གྱིས་འབྲེལ་བ་དེས་ན་རི་བོང་ཅན་ལ་ཟླ་བའི་སྒྲ་འབྲེལ་བ་ལྟར་དོན་དེ་ལ་སྒྲ་གང་ཡང་རུང་བ་དེ་ནི་གྲུབ་པ་ཡིན་ཏེ། རི་བོང་ཅན་ལ་ཟླ་སྒྲ་གྲུབ་པ་དང་སྒྲ་གཞན་མ་གྲུབ་པར་ཉེ་བ་དང་བསྐལ་པའི་ཁྱད་པར་དངོས་པོའི་དོན་ལ་མི་རུང་བའི་ཕྱིར་རོ། །དཔྱད་ན་གྲགས་ཟིན་ཀྱང་དོན་ལ་གྲུབ་པ་མེད་ལ་མ་གྲགས་པ་ཡང་གྲགས་སུ་བཅུག་ན་གྲགས་པ་དང་འདྲ་བར་སྒྲུབ་པ་ཁོ་ནའོ། །དེ་ལྟ་བུའི་གྲགས་རུང་ལ་གྲགས་པར་བྱས་ནས་དེས་གནོད་པའི་དོན་དུ་དེ་ལྟར་འགོད་པ་མིན་པར་གཞན་དུ་གྲགས་ཟིན་ཁོ་ནས་གནོད་པའི་དོན་ཡིན་ན། རི་བོང་ཅན་ཟླ་བ་མིན་ཏེ་ཞེས་ཡིན་པར་འདོད་པ་འདིར་ནི་གནོད་པར་བྱེད་པ་ཡི་སླད་དུ་བཀོད་པའི་གཏན་ཚིགས་ཡོད་པ་འདི་ཐུན་མིན་ཉིད་དུ་མི་འགྱུར་ཏེ། ཟླ་བར་མ་གྲགས་པ་བུམ་པ་སོགས་དུ་མ་ཡོད་པས་དེ་ལ་འཇུག་པས་ན་ཟླ་བ་ཡིན་མིན་གཉིས་ཀར་འཇུག་ཕྱིར་ཐུན་མོང་བའི་མ་ངེས་པར་འགྱུར་རོ། །དེ་ལྟར་འདོད་མི་ནུས་ཏེ། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་བཤད་པའི་ཕྱིར་རོ། །དེས་ན་རི་བོང་ཅན་ཆོས་ཅན། ཟླ་སྒྲས་བརྗོད་རུང་མིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར། ཞེས་བཀོད་པའང་རྟགས་དེ་ཐུན་མིན་འགྱུར་ན་རྟགས་གཞན་སྨོས་ཅི་དགོས་ཞེས་ཤེས་པའི་ཆེད་དུ་ཡིན་ནོ། །གཉིས་པ་ལུང་གཉིས་པོའི་དོན་བཤད་པ་ལ། གྲགས་རུང་སྒྲུབ་པའི་ལུགས་སུ་བཤད། །བཟློག་ཕྱོགས་དགག་པའི་ལུགས་སུ་བཤད། །དང་པོ་ལ། གྲགས་རུང་ལ་ནི་གནོད་བྱེད་མེད། །གྲགས་རུང་དེ་ལ་སྒྲུབ་བྱེད་ཡོད། །དང་པོ་


MR20_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ལ། རྟགས་ལས་གཞན་གནོད་མི་སྲིད་ལ། །དེར་གནོད་རྟགས་ནི་མི་སྲིད་པའོ། །དང་པོ། སྤྱིར་བཏང་འགྲེལ་བའི་ལུང་དང་པོ། གང་ཡང་ཐུན་མོང་མིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། ཞེས་པ་དང་། ལུང་གཉིས་པ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ། །ཞེས་པ་འདི་གཉིས་ཀྱི་དོན་སྒྲུབ་ཕྱོགས་ལྟར་བཤད་པ་དང་། དགག་ཕྱོགས་ལྟར་བཤད་པ་གཉིས་ལས། དང་པོ་ལྟར་ན། ལུང་དང་པོ་དེ་ནི་གྲགས་རུང་ལ་གནོད་བྱེད་ཀྱི་གཏན་ཚིགས་མི་སྲིད་པའི་དོན་དུ་ཤེས་པར་བྱ་སྟེ། ཇི་ལྟར་ན་གྲགས་རུང་དེ་འགོག་པར་བྱེད་ན་མངོན་རྗེས་ཀྱི་ཚད་མས་འགོག་དགོས་ཀྱི་ཚད་མ་མེད་པར་མི་ཁེགས་ལ། དེ་ཡང་རྗེས་དཔག་ལས་འགོག་པར་འགྱུར་དགོས་ཏེ་རྒྱུ་མཚན་འདི་སྒྲ་དོན་ཡིན་པས་སྒྲ་དོན་ལ་དབང་པོ་ལ་སོགས་པའི་མངོན་སུམ་འཇུག་པ་མེད་པའི་ཕྱིར་ཏེ། དེའི་ཡུལ་སྒྲ་དང་མ་འདྲེས་པ་ཡིན་པ་དང་། རྟོག་པའི་ཡུལ་སྒྲ་དོན་ནི་མངོན་སུམ་ལ་མི་སྣང་བར་རྒྱས་པར་སྔར་བསྒྲུབས་ཟིན་ཏོ། །དེས་ན་རྟགས་ལ་བརྟེན་པའི་རྗེས་དཔག་ལས་ཚད་མ་གཞན་གྱིས་འདི་མི་ཁེགས་སོ། །གཉིས་པ། རྟགས་ལ་བརྟེན་ནས་གྲགས་རུང་འགོག་ན་ནི་ཆོས་ཅན་གང་ལ་རྟགས་ཡོད་པ་བཀོད་ཀྱང་མཐུན་ཕྱོགས་ཙམ་ལའང་རྗེས་སུ་འགྲོ་བ་མེད་པ་དེ་ལ་ནི་རྟགས་གཞན་བཀོད་ན་ཐུན་མིན་དུ་འགྱུར་བ་ལྟ་ཅི་སྨོས་ཏེ། དེས་ན་དེ་འགོག་གི་རྟགས་གང་བཀོད་ཀྱང་དེ་རྣམས་ཐུན་མོང་མིན་པ་ཉིད་དུ་འགྱུར་བར་ཟད་དོ་ཅེས་ཤེས་པའི་དོན་དུ་དེ་ལྟར་གཏན་ཚིགས་ཡོད་པ་དཔེར་བརྗོད་པ་དེ་ནི་དེ་ལྟར་འབྲས་བུ་སྟེ་དགོས་པ་དང་ནི་ལྡན་པར་གྱུར་པ་འདོད་ཀྱི་གཞན་དུ་འབྲེལ་བ་ཅན་གྱི་ངག་ཏུ་མི་འགྱུར་རོ། །དེ་ཡང་ཆོས་ཅན་གང་ལ་སྒྲ་གཞན་གྱིས་བརྗོད་མི་རུང་


MR20_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཡོད་པ་ཡིན་པའི་ཕྱིར་ཞེས་བཀོད་པ་ན་རྟོག་ཡུལ་ན་ཡོད་པ་ཡིན་ན་སྒྲ་ཡིན་ནོ་ཅོག་གིས་བརྗོད་རུང་དུ་རང་གི་རྟོག་པས་ཡིད་ཆེས་པར་གྲུབ་པས་ན་རྟགས་འདི་འགལ་རྟགས་ཡིན་ཏེ། བརྗོད་རུང་ཐམས་ཅད་ལ་འཇུག་ཅིང་བརྗོད་མི་རུང་ལ་ཡོད་པ་དེའང་ལྡོག་པ་ཡིན་པ་ལ། བརྗོད་མི་རུང་བར་རྟགས་དེ་འགོད་ཚེ་མཐུན་ཕྱོགས་ལ་མེད་མི་མཐུན་ཕྱོགས་བརྗོད་རུང་ཐམས་ཅད་ལ་འཇུག་པ་ཡིན་ཀྱང་རྒོལ་བའི་བསམ་པ་དང་བསྟུན་ནས་ཐུན་མིན་དུ་འཇོག་སྟེ། དེའི་ལུགས་ལ་སྒྲ་དེས་དེ་ཁོ་ན་བརྗོད་པ་འགྲུབ་དགོས་པས་ན་དཔེར་ན་རི་བོང་ཅན་ཟླ་བ་མིན་ཏེ། ཡོད་པའི་ཕྱིར། ཞེས་འགོད་པ་ན་སྤྱི་ཡོད་པ་ཙམ་གྱིས་གང་ཡང་མི་འགྲུབ་པས་རི་བོང་ཅན་རང་ཉིད་ཡོད་པ་ལ་གོ་དགོས་པར་འགྱུར་ན། རི་བོང་ཅན་གྱི་ཆོས་ཆུ་ཤེལ་གྱི་རང་བཞིན་ནམ་མཁར་གནས་པ་སོགས་བཀོད་ན་ལྟ་ཅི་སྨོས། དེ་བཞིན་རི་བོང་ཅན་ཆོས་ཅན། །ཟླ་བ་ཁོ་ནའི་སྒྲས་བརྗོད་བྱ་ཡིན་ཏེ། །ཡོད་པའི་ཕྱིར་ཞེ་ན། ཡོད་པ་སྤྱིར་སོང་ན་འགལ་བའི་ཕྱིར་རི་བོང་ཅན་ཁོ་ནའི་ཡོད་པར་དོན་གྱིས་འཛིན་དགོས་པ་བཞིན་ནོ། །སྒྲ་གྲགས་དབང་གིས་འཇུག་པར་འདོད་པ་སངས་རྒྱས་པའི་ངོར། རི་བོང་ཅན་ཟླ་བ་མིན་ཏེ། ཡོད་པའི་ཕྱིར་ཞེས་བཀོད་པ་དེ་ཐུན་མིན་དུ་འགྱུར་ཏེ། ཡོད་ན་ཟླ་སྒྲས་བརྗོད་རུང་ཡིན་པས་ཕྱོགས་ཉིད་དུ་འགྱུར་གྱི་དེ་ལས་གཞན་པའི་མཐུན་ཕྱོགས་མི་རྙེད་པ་ཡིན་ནོ། །གཉིས་པ་ལུང་ཕྱི་མའི་དོན་བཤད་པ་ལ། གང་དང་འགལ་བ་སྒྲ་བྱུང་བཤད། །དེ་འགལ་ཕྱིར་ན་གཅིག་ཏུ་ངེས། །དང་པོ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ཞེས་པའི་དོན་ནི། ཟླ་བ་སོགས་བརྗོད་པའི་སྒྲ་ནི་དོན་མཚོན་པའི་བརྡ་ལ་བརྟེན་པ་ཅན་ཏེ་དེའི་སླད་དུ་སྒྲ་སྦྱོར་བ་ཡིན་ཞིང་། བརྡ་དེ་ཡང་སྐྱེས་བུའི་འདོད་པ་ཙམ་ལ་བརྟེན་པ་ཡིན་པས་འདོད་རྒྱལ་བའི་


MR20_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡིས་སམ་འདོད་པས་སྦྱར་བའི་སྒྲ་ཡིས་དེ་དང་དེར་གྲགས་པ་གྲུབ་པ་ཙམ་ནི་དོན་གང་ལའང་མི་འགྲུབ་པ་མིན་ཏེ། དོན་གང་ལ་ཇི་ལྟར་འདོད་པར་སྒྲ་སྦྱར་བས་དེ་དང་དེར་གྲགས་པར་འགྱུར་རོ། །དེ་ལྟར་ཡིན་པའི་དོན་ལ་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་ཏེ། གྲགས་པ་ཞེས་བྱ་བ་དངོས་པོ་སྒྲུབ་ནུས་ཀྱི་ཚད་མ་རང་དབང་བ་གང་ཡང་མེད་དེ་སྒྲ་ཙམ་ལས་བྱུང་བའོ་ཞེས་བསྟན་ཅིང་། སྒྲ་དེའང་དོན་གྱི་དངོས་པོའི་མཐུས་མ་ཡིན་པར་སྐྱེས་བུའི་འདོད་པས་སྦྱར་བ་ཡིན་ན་གྲགས་པ་ནི་སྒྲ་ཙམ་ལས་འབྱུང་གི་གཞན་ཅི་ཡང་མིན་ཞེས་སོ། །སྤྱིར་གྲགས་བསལ་འདི་སྐབས་བརྡ་སྤྲོད་པ་སོགས་འདི་སྙམ་དུ་རི་བོང་ཅན་ལ་ཟླ་བ་ཞེས་པ་དེ་གྲགས་པའི་དབང་ཙམ་ལས་དངོས་དབང་གིས་མིན་པར་འདོད་པ་སངས་རྒྱས་པ་ལྟར་ན་རི་བོང་ཅན་ལ་ཀ་བའི་སྒྲས་བརྗོད་ཀྱང་རུང་བས་དེ་ལྟར་ཁས་ལེན་ན་འཇིག་རྟེན་གྱི་གྲགས་པ་དང་འགལ་ལོ་སྙམ་དུ་བསམ་པ་ཡིན་ལ། རྟོག་གེ་བའི་གཙུག་གི་ནོར་བུ་རྣམ་པ་གཉིས་ཀྱི་དགོངས་པ་ལ་རྗེས་སུ་དཔག་པ་ལ་མི་ལྟོས་པར་བསྒྲུབ་བྱ་ལ་གནོད་ནུས་པའི་གྲགས་པ་ཞེས་བྱ་བ་རྡུལ་ཙམ་མི་སྲིད་དེ། གལ་ཏེ་སྲིད་ན་འགལ་བ་ལ་མི་འཁྲུལ་པའི་ཚད་མ་སྲིད་པར་འགྱུར་བས་ན་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་ལ་གནོད་ནུས་པའི་འགྲན་ཟླ་གཞན་མི་སྲིད་པ་ཡིན་ནོ། །དེས་ན་འཇིག་རྟེན་ན་གྲགས་པ་ཞེས་བྱ་བ་དངོས་སྟོབས་ཀྱི་རིགས་པ་ལ་འགལ་བའི་གེགས་བྱེད་པ་ཅུང་ཟད་མེད་ཀྱི་བརྡའི་རྣམ་པ་ཚིག་ཏུ་བརྗོད་པ་ཙམ་གྲགས་པ་ཞེས་བྱ་བ་ཡིན་ནོ། །དེ་འདྲའི་གྲགས་པ་དེའང་དངོས་པོ་དང་མེད་ན་མི་འབྱུང་བ་གང་ཡང་མེད་པས་སྐྱེས་བུའི་འདོད་པ་ལ་རག་ལས་པ་ཁོ་ན་སྟེ། ཆོས་ཅན་སྒྲ་གཅིག་ལའང་སོ་སོའི་ཞེ་འདོད་ཀྱིས་རྟག་པ་དང་མི་རྟག་པར་གྲགས་


MR20_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །དེས་ན་རི་བོང་ཅན་ཟླ་བ་མིན་ནོ་ཞེས་པ་འདི་སྒྲ་མཉན་བྱ་མིན་པར་དམ་བཅས་ན་མངོན་སུམ་དང་འགལ་བ་བཞིན་དུ་གྲགས་པ་དང་འགལ་བར་ཡོངས་སུ་རྟོགས་སླ་བར་ཟད་ལ། དེ་ལྟར་གྲགས་པ་དང་འགལ་བའི་དཔེར་བརྗོད་པ་ཡིན་གྱི་དངོས་སུ་དེ་དམ་བཅའ་བ་པོ་མཐའ་གཅིག་ཏུ་ཡོད་དགོས་པས་ཀྱང་མ་ཡིན་ཏེ་སྒྲ་མཉན་བྱ་མིན་པར་དམ་བཅའ་བ་བཞིན་ནོ། །དེ་ལྟར་དམ་བཅས་ན་ཕྱོགས་ལ་གྲགས་བསལ་འབབ་ཅིང་ཡོད་པའི་རྟགས་དེ་འཇིག་རྟེན་ཐམས་ཅད་ཀྱི་ངོར་འགོད་དགོས་ལ་དེས་གྲུབ་པ་མི་སྲིད་པ་དཔེར་བྱས་པ་ཡིན་ནོ། །དེ་ཡང་རི་བོང་ཅན་ལ་ཟླ་བར་གྲགས་པ་དེ་དངོས་དབང་གིས་ཡིན་པར་འདོད་པ་ལྟར་ན་མིང་གཞན་ཀ་བ་སོགས་ཀྱིས་བརྗོད་དུ་མི་རུང་དགོས་ལ། དེ་འདོད་ན་ཟླ་བ་ཞེས་པའི་བརྡས་ཀྱང་བརྗོད་དུ་མི་རུང་སྟེ། ཟླ་བ་ཞེས་པའི་སྒྲ་འདི་རྗོད་བྱེད་ཀྱི་བྱེ་བྲག་ཞིག་ཡིན་ལ། ནམ་མཁའི་དཀར་ཟླུམ་རྟོག་ཡུལ་ན་སྣང་བ་འདི་བརྗོད་བྱའི་བྱེ་བྲག་ཞིག་ཡིན་ཞིང་། ཀ་བའི་སྒྲས་དེ་བརྗོད་དུ་མི་རུང་བའི་རྒྱུ་མཚན་མྱོང་བས་མི་འགྲུབ་ལ། རྟགས་ཀྱིས་བསྒྲུབ་ན་གང་བཀོད་པ་དེ་ཟླ་སྒྲ་ལའང་མཚུངས་པའི་ཕྱིར་རི་བོང་ཅན་མིང་གཞན་གྱིས་བརྗོད་པར་མི་རུང་བར་འདོད་པ་དེ་ལ་གྲགས་པས་གནོད་དེ་རི་བོང་ཅན་ཟླ་བ་མིན་པའམ་ཟླ་བར་མ་གྲགས་ཞེས་པར་ཁས་བླང་བར་འགྱུར་རོ། །ཇི་ལྟར་ན་འདིར་རི་བོང་ཅན་ཟླ་བས་བརྗོད་དུ་རུང་བ་ནི་འཇིག་རྟེན་པ་ཐམས་ཅད་ལ་གྲགས་ཤིང་ཡིད་ཆེས་པ་ཡིན་ལ། དེ་ལྟར་གྲགས་པར་གྱུར་པ་དེས་གྲགས་རུང་བ་ཉིད་རྗེས་སུ་དཔོག་སྟེ་མི་རུང་བ་ལ་དེར་གྲགས་པ་མི་སྲིད་དེ། སྒྲ་ལ་མིག་གིས་གཟུང་བྱ་མི་རུང་བས་སྒྲ་མཐོང་ངོ་ཞེས་རྣམ་རྟོག་གཏིང་ཚུགས་པ་སྐྱེ་ཞིང་དེ་ལྟར་གྲགས་པ་མེད་པ་བཞིན་ནོ། །དེས་ན་རི་བོང་ཅན་ལ་ཟླ་བར་གྲགས་པ་འདི་ནི་དངོས་པོའི་དབང་གིས་མ་ཡིན་ཏེ་སྒྲ་ཙམ་ལས་གྲགས་པའི་དབང་གིས་ཡིན་ནོ། །དེ་འདྲའི་གྲགས་པ་དེ་ལ་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བྱ་སྟེ།


MR20_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དེ་དང་དེར་གྲགས་པ་ཙམ་ལ་གྲགས་ཞེས་བརྗོད་ཀྱི་དངོས་པོའི་དབང་གིས་ཡིན་པ་གཅོད་པའི་ཐ་ཚིག་གོ། །དེས་ན་སྒྲ་ལས་བྱུང་བ་ཞེས་པས་བརྡ་ཙམ་དང་ཐ་སྙད་ཙམ་ལས་གྲགས་པ་ཞེས་འཇོག་གི་དེ་ལས་གཞན་དུ་མེད་དེ། བྱུང་བ་ཞེས་པ་རྒྱུ་ལས་འབྲས་བུ་བྱུང་བ་ལྟ་བུ་མ་ཡིན་ཏེ་དེ་ལ་བརྟེན་ནས་དེར་བཞག་པའི་རྣམ་པར་བཞག་འཇོག་གི་བྱུང་བ་ཡིན་ནོ། །དེ་འདྲའི་གྲགས་པ་དེ་དངོས་པོའི་སྟོབས་ཀྱིས་བྱུང་བ་མ་ཡིན་ཏེ། སྐྱེས་བུའི་འདོད་པ་ལས་བྱུང་བས་ན་སྒྲ་ཐམས་ཅད་གྲགས་པ་ཙམ་གྱི་དབང་གིས་དེ་དང་དེའི་མིང་དུ་གྲུབ་པ་ལས་དངོས་པོའི་དབང་གིས་ཡིན་པ་གཅིག་ཀྱང་མི་སྲིད་པས་ན་གྲགས་དབང་མིན་པར་འདོད་པ་དེས་རི་བོང་ཅན་ཟླ་བ་མིན་ཞེས་ཁས་བླངས་པ་དང་འདྲ་སྟེ་གྲགས་རུང་མིན་ན་གྲགས་པར་མི་སྲིད་པས་འདི་ལྟར་གྲགས་པ་འདིས་གནོད་ཡུལ་ནི་སྒྲ་ཐམས་ཅད་ཀྱིས་བརྗོད་རུང་མིན་པར་འདོད་པ་དེ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །འདི་ལ་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་ཁས་ལེན་པའི་རྒོལ་བ་སུ་ཡིན་དང་ཡོད་པའི་གཏན་ཚིགས་སུ་ཡི་ངོར་འགོད་པ་ཡིན་ནམ་སྙམ་དུ་མགོ་རྨོངས་པ་མཐོང་ནས་ཞིབ་ཏུ་རྣམ་པར་ཕྱེ་བ་ཡིན་ནོ། །འདི་ལྟར་ལེགས་པར་ཕྱེད་ན་གྲགས་པས་གནོད་པ་འབབ་ཡུལ་མཐའ་དག་ངོས་ཟིན་ཅིང་དེ་ཡང་རྗེས་དཔག་དང་མི་འགལ་ཚུལ་ལ་གོ་བ་རྣལ་མ་སྐྱེ་བ་ཡོད་ཀྱི་གཞན་དུ་དཀའ་བ་ཡིན་ནོ། །གཉིས་པ། ཁ་ཅིག་འཇིག་རྟེན་གྲགས་པ་དང་འགལ་ན་རྗེས་སུ་དཔག་པས་ཀྱང་བསྒྲུབ་བྱ་འགྲུབ་མི་ནུས་སམ་སྙམ་དུ་དོགས་པ་དེ་ནི་གྱི་ན་སྟེ། རྗེས་སུ་དཔག་པས་བསྒྲུབ་པར་བྱ་བ་རྣམས་ལ་རིགས་པས་ཇི་ལྟར་གྲུབ་པ་དེ་ཁོ་ན་ཉིད་དུ་གནས་ཀྱི་རྣམ་པ་གཞན་དུ་བྱེད་པའི་འགལ་ཟླ་མི་སྲིད་དེ། གཞི་གཅིག་ལ་འགལ་བ་གཉིས་སྒྲུབ་པར་བྱེད་པའི་ཚད་མ་འཁྲུལ་བ་མེད་པ་ཅན་ནི་རྣམ་པ་ཀུན་ཏུ་མི་


MR20_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཅིང་གང་རུང་འཁྲུལ་བ་ཡིན་པས་དེ་འདྲ་མཐའ་གཅིག་ཏུ་མེད་པར་སྟོན་པ་ཡིན་ལ། དེའི་ཕྱིར་སྒྲ་གྲགས་པ་དང་འགལ་བའི་དོན་གྱིས་བསལ་བ་དེ་ནི་གྲགས་པ་ཞེས་པ་རྗེས་དཔག་མིན་པ་ཞིག་གིས་རྗེས་དཔག་གི་བསྒྲུབ་བྱ་བསལ་བ་མིན་ཞིང་། སྒྲ་ཐམས་ཅད་ཀྱིས་དོན་ཐམས་ཅད་བརྗོད་རུང་མིན་པ་གྲགས་པའི་རྗེས་དཔག་གིས་བསལ་ཞེས་པའི་དོན་ཏེ། སྒྲ་ཐམས་ཅད་དོན་ཐམས་ཅད་ལ་གྲགས་རུང་ཡིན་པ་ནི་གྲགས་ཟིན་པ་དེ་ལྟ་བུའི་གྲགས་པའི་དོན་ལས་རྗེས་སུ་དཔོག་པ་ཡིན་པའི་ཕྱིར་རོ། །དེ་ཡང་རི་བོང་ཅན་ཟླ་བ་མིན་པར་དམ་བཅས་པ་དེ་གྲགས་པས་བསལ་བས་ཕྱོགས་མིན་པར་གྱུར་ནས་རྟགས་ཀྱི་འཇུག་ཡུལ་དུ་མི་རུང་བ་ནི་གྲགས་པའི་རྗེས་དཔོག་ཡིན་པའི་ཕྱིར་ཏེ། གཞན་བུད་མེད་ཀྱི་ལུས་མི་གཙང་བར་དམ་བཅས་པ་ལྟ་བུ་གཙང་བར་གྲགས་པ་དང་འགལ་ཡང་མི་གཙང་བར་སྒྲུབ་བྱེད་ཀྱི་རྗེས་དཔག་ཡོད་པས་གྲགས་པས་བསལ་བ་ཞེས་མི་བྱ་བ་གནད་འདི་ལྟ་བུ་ལ་ཐུག་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་བཟློག་ཕྱོགས་དགག་པའི་ལུགས་སུ་བཤད་པ་ལ། གཞན་གྱི་འདོད་ལ་སྒྲུབ་བྱེད་མེད། །དེ་ལ་གནོད་བྱེད་ཡོད་པའོ། །དང་པོ་ལ། རྗེས་སུ་དཔག་པ་མེད་པའི་དོན། །ཐུན་མོང་མིན་པ་ཉིད་དོན་ནོ། །དང་པོ། ལུང་གཉིས་པོའི་དོན་འཆད་ཚུལ་སྔ་མ་ལས་ཡང་ན་འདི་ལྟར་བཤད་དེ། དེ་ལ་ལུང་དང་པོའི་རྗེས་སུ་དཔག་པ་མེད་ལ་ཞེས་པའི་དོན་ནི་དངོས་སྟོབས་དང་མ་འབྲེལ་བར་འཇིག་རྟེན་གྱི་གྲགས་པའམ་བརྗོད་པ་ཙམ་ལ་དེ་ལྟར་ངེས་པའི་རྗེས་སུ་དཔག་པ་མེད་པར་བརྗོད་པ་ཡིན་ཏེ། དཔེར་ན་འཇིག་རྟེན་ན་རི་བོང་ཅན་ལ་ཟླ་བར་གྲགས་པས་ན་དེ་ཁོ་ནའི་མིང་ཡིན་ནོ་ཞེས་བརྗོད་པ་ལ་གྲགས་པས་


MR20_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་ནུས་ཏེ། དེ་འགྲུབ་པའི་རྗེས་དཔག་མེད་པར་བརྗོད་པ་ཡིན་ནོ། །དེས་ན་རྗེས་སུ་དཔག་པ་ལས་གྲགས་པ་ནི་ཡུལ་ཐ་དད་པའི་ཡུལ་ཅན་ཉིད་ཡིན་ནོ། །དེ་ཕྱིར་དངོས་པོ་རྣམས་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཅན་གྱི་རྗེས་དཔག་ལས་ཐ་དད་པ་གང་ཞིག །དངོས་པོ་དེ་ཡི་དབང་གིས་མི་འཇུག་པ་གྲགས་པ་དེ་ནི་སྐྱེས་བུའི་འདོད་པ་ཙམ་ལས་སྐྱེས་པ་ཡིན་ཞེས་བསྟན་ཏེ། ཆོས་དང་ཆོས་ཅན་ཐ་དད་དུ་མ་གྲུབ་ཀྱང་སོར་མོའི་ལྡན་པ་ཞེས་སོགས་དྲུག་སྒྲ་སྦྱར་བ་སྒྲ་གཅན་གྱི་མགོ་དང་མཆིག་བུའི་ལུས་ཞེས་པ་བཞིན་ནོ། །དེས་ན་རྗེས་དཔག་གི་ཡུལ་ལ་འདིས་གནོད་མི་ནུས་ཤིང་འཇིག་རྟེན་རང་ལ་བརྟེན་ནས་གྲགས་པ་ཉིད་དབང་བཙན་དུ་བྱེད་ན་མི་ཐོད་མི་གཙང་བར་བརྗོད་པས་གཙང་བར་འདོད་པ་ལ་གནོད་པ་ལྟ་བུའོ། །དེ་ཕྱིར་དངོས་སྟོབས་དང་མཐུན་པར་གྲགས་པ་མིན་པ་ལ་བརྟེན་ནས་གཞན་སུན་མི་ཕྱིན་ཏེ་རྗེས་དཔག་མེད་པའི་ཕྱིར་རོ། །གཉིས་པ་ལ། རང་གིས་ཐུན་མིན་དགོངས་དོན་བཤད། །གཞན་གྱིས་གཞན་དུ་བཤད་པ་དགག །དང་པོ། རི་བོང་ཅན་ཟླར་མི་འདོད་པ་དེ་ཡིས་གྲགས་པ་གཞན་གང་ཞིག་འདོད་པར་འགྱུར་ཏེ། འདི་ལྟར་རི་བོང་ཅན་ལ་ཟླ་བར་ནི་ཆེས་ཡོངས་སུ་གྲགས་པ་ཡིན་ན་དེ་མི་འདོད་པ་དེས་ཟླ་བར་གྲགས་པ་གཅིག་ཀྱང་མི་འདོད་པ་དེ་ཕྱིར་ཟླ་བ་མིན་པར་སྒྲུབ་པ་དེ་ལ་རྟགས་གང་བཀོད་ཀྱང་དེ་ལ་མཐུན་པའི་དཔེ་མེད་པ་ཅན་དུ་འགྱུར་ལ། རི་བོང་ཅན་ཟླ་བ་མིན་ཞེས་ཁས་བླངས་པས་ཟླ་བ་ཡིན་པའི་ཕྱོགས་མཐའ་དག་བསལ་ཟིན་པས་ན་ཡོད་པ་ཡིན་ན་ཟླ་བ་མིན་པར་གྱུར་པའི་ཕྱིར་དེ་ཉིད་ཕྱོགས་ཙམ་དུ་འགྱུར་གྱི་ཟླ་བ་མིན་པའི་མཐུན་དཔེ་གཞན་སྣ་གཅིག་ཀྱང་མི་སྲིད་དེ། གྲགས་པ་མཐའ་དག་ལ་ལོག་པར་ཞུགས་པ་ཡིན་པས་རྟགས་གང་བཀོད་པ་དེ་ནི་ཐུན་མོང་མ་ཡིན་པར་འགྱུར་བར་ཤེས་པའི་ཆེད་དུ་ཡོད་པ་རྟགས་


MR20_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཀོད་པ་དཔེར་བྱས་པ་ཡིན་པར་འདོད་དོ། །གཉིས་པ་ལ། དགག་པ་དངོས་དང་དེའི་ལན་དགག །དང་པོ། རིགས་སྒོའི་འགྲེལ་བྱེད་ཁ་ཅིག་ན་རེ། འཇིག་རྟེན་ན་ཟླ་བ་གཅིག་ལས་མེད་པའི་ཕྱིར་དེ་ཆོས་ཅན་བྱས་ན་རྟགས་གང་བཀོད་ཀྱང་མཐུན་དཔེ་ལ་རྗེས་འགྲོ་མེད་པས་ཐུན་མོང་མིན་པ་འགྱུར་བ་ཡིན་པའི་དབང་དུ་བྱས་ནས་དེ་སྐད་གསུངས་སོ་ཞེས་འདོད་དོ། །ཟླ་བ་གཅིག་ལས་མེད་པའི་དཔེ་འདི་ཉིད་ཁོ་ནའི་དབང་དུ་བྱས་ནས་ནི་གྲགས་པས་གནོད་པ་ཡིན་ནོ་ཞེས་དེ་སྐད་བཤད་པ་མིན་ཏེ། གྲགས་བསལ་སྤྱིའི་མཚན་ཉིད་སྟོན་པའི་དཔེར་བཤད་པའི་ཕྱིར་རོ། །རི་བོང་ཅན་ཟླ་བ་མིན་པ་དེ་བཞིན་ད་ཏྲི༷ག་ཤིང་མིན་ཞེས་བརྗོད་པ་ལ་ཡང་གྲགས་པས་གནོད་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ན་རི་བོང་ཅན་ཁོ་ན་ལ་ཟླ་བར་གྲགས་པའི་དབང་དུ་བྱས་པ་མི་འཐད་དེ། གྲགས་པའི་སྐབས་འདིར་ཡང་ག་པུར་དང་དངུལ་དང་བྲམ་ཟེ་སོགས་ལ་ཟླ་བ་ཞེས་གྲགས་པ་འཇིག་རྟེན་ན་ནི་མཐོང་བའི་ཕྱིར་སྐྱེས་བུས་བརྡ་བྱས་པ་ཙམ་ལས་འཇུག་པར་འགྱུར་པ་ཡི་གྲགས་པ་ལ་རི་བོང་ཅན་ཁོ་ནའི་ཐུན་མོང་མིན་པ་ཉིད་ཀྱང་ཅི་ཞིག་སྟེ་གང་ཡང་མ་འགྲུབ་བོ། །གཉིས་པ་ལན་འགོག་པ་ནི། གལ་ཏེ་བརྗོད་བྱའི་ཁྱད་པར་ལ་ལར་ཏེ་རི་བོང་ཅན་ལ་ཟླ་བའི་མིང་དེ་གྲུབ་པ་ཡིན་གྱི་གཞན་ག་པུར་སོགས་ལ་སྤོས་སྦྱོར་མཁན་སོགས་ཀྱིས་བཏགས་པ་ཡིན་པས་ཟླ་བའི་མིང་ཡོངས་སུ་གྲགས་པ་ནི་རི་བོང་ཅན་ཁོ་ནར་ཟད་དོ་ཅེ་ན། རི་བོང་ཅན་ཁོ་ན་ལ་གྲུབ་པ་ཞིག་ན་དེ་ནི་དངོས་པོའི་སྟོབས་ལས་གྲུབ་པ་ཡིན་དགོས་ཏེ། འདི་ལྟར་ཟླ་བར་གྲགས་པ་ཙམ་དུ་ཁྱད་མེད་བཞིན་དུ་རི་བོང་ཅན་ཁོ་ན་ལ་མིང་དེ་གྲུབ་པ་ཡིན་པའི་རྒྱུ་མཚན་རིགས་པས་རྙེད་དགོས་ཀྱི་གྲགས་པས་མི་འགྲུབ་བོ། །གལ་ཏེ་རི་བོང་ཅན་ལའང་གྲགས་པས་གྲུབ་པ་ལས་དངོས་སྟོབས་མེད་པར་ཁས་ལེན་ན་རི་བོང་ཅན་མ་ཡིན་པ་ག་པུར་སོགས་ལའང་


MR20_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གྲགས་པས་གྲུབ་པ་བཟློག་ཏུ་མེད་པའི་ཕྱིར་འཇིག་རྟེན་ན་ཟླ་བར་གྲགས་པ་ནི་གཅིག་པུར་ཟད་དོ་ཞེས་པ་དོན་མེད་དོ། །གལ་ཏེ་ག་པུར་སོགས་ལའང་དཀར་བ་དང་བསིལ་བ་དང་ཡིད་ཚིམ་པ་སོགས་ཡོད་པས་དངོས་པོ་དེ་ལ་ནི་ཟླ་བའི་མིང་འཇུག་པ་གྲུབ་པ་ཡིན་ཏེ། དེས་ན་ཟླ་བ་དང་འདྲ་བས་བཏགས་མིང་ཡིན་གྱི་དངོས་མིང་མ་ཡིན་ལ་དངོས་སུ་གྲགས་པ་ནི་ཟླ་བ་གཅིག་པུར་ཟད་དོ་སྙམ་ན། དེ་ནི་རི་བོང་ཅན་ལའང་དཀར་བསིལ་སོགས་རྒྱུ་མཚན་དུ་བྱས་ནས་གྲགས་པའི་ཕྱིར་བཏགས་མིང་དུ་བཟློག་པ་མེད་དོ། །དེ་མ་ཡིན་ཏེ། རི་བོང་ཅན་ལ་དྲང་པོར་འཇུག་ཅིང་གཞན་ལ་གཞན་དུ་སྒྲོ་བཏགས་པས་འཇུག་གོ་ཞེ་ན། དེ་འདྲའི་གྲགས་པ་ཙམ་གྱི་དངོས་བཏགས་ཡོད་མོད་ཀྱི་གཉིས་ཀ་གྲགས་པར་འདྲ་བས་ན་རི་བོང་ཅན་གྱི་མིང་ཐུན་མིན་གྱི་དོན་དུ་མི་འགྱུར་ཏེ། འགྱུར་ན་གྲགས་ཙམ་གྱིས་མི་འགྱུར་བར་དངོས་དབང་གིས་ཡིན་པ་བཟློག་ཏུ་མེད་དོ། །གལ་ཏེ་དངོས་མིང་ལའང་དངོས་དབང་གིས་ཡིན་པའི་རྒྱུ་མཚན་དེ་མེད་ན་རི་བོང་ཅན་ལ་ཟླ་བའི་སྒྲ་བཟློག་ཀྱང་གྲགས་པ་དང་འགལ་བའི་ཉེས་པ་ཡོད་པ་མ་ཡིན་ཏེ། ག་པུར་སོགས་ཟླ་བར་གྲགས་ཀྱང་དེ་ཟླ་བ་མིན་ཏེ་ཟླ་བ་གཅིག་ལས་མེད་དོ་ཞེས་རང་གིས་ཁས་བླངས་པ་ལ་གྲགས་པས་མི་གནོད་པར་ཁྱོད་འདོད་བཞིན་པ་འདི་བཞིན་ནོ། །གཉིས་པ་ལུང་ཕྱི་མའི་དོན་གཞན་འདོད་ལ་གནོད་བྱེད་དུ་བཤད་པ་ལ། གྲགས་རུང་དོན་རྣམས་ཀུན་ལ་ཁྱབ། །དེ་སྟོན་ཕྱིར་ན་ཟླ་དཔེ་བསྟན། །གྲགས་པ་དེ་ཡིས་བསལ་ཚུལ་ལོ། །དང་པོ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བ་ཞེས་པ་འདི་གང་ཞེ་ན། གྲགས་པ་དངོས་དབང་གིས་མིན་པ་དེའི་ཕྱིར་བརྗོད་བྱ་སོ་སོ་ལ་དངོས་པོའི་དབང་གིས་ངེས་པ་མེད་པའི་བརྡ་ཙམ་ལ་རག་ལས་པ་ཅན་སྒྲ་ཙམ་ལས་བྱུང་བའི་ཆོས་གྲགས་པ་རྣམས་ཀྱི་


MR20_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱར་རུང་བ་ནི་དོན་གང་ཡང་རུང་བ་རྣམས་ཉིད་ཡིན་ཏེ། རྗོད་བྱེད་གང་ཡང་རུང་བ་བརྗོད་བྱ་གང་ལ་བཏགས་ཀྱང་རང་གི་འདོད་པ་ཙམ་གྱིས་འཇུག་པ་ལ་མི་བཏུབ་པའི་གེགས་བྱེད་པ་མེད་པའི་ཕྱིར་རོ། །དེས་ན་སྒྲ་མཐའ་དག་གིས་བརྗོད་དུ་རུང་བ་དོན་ཐམས་ཅད་ལ་ཁྱབ་པ་ནི་དངོས་པོའི་སྟོབས་ལས་འོང་བའོ། །གཉིས་པ། གལ་ཏེ་ཟླ་བ་ལྟ་བུའི་སྒྲ་དེ་བརྗོད་བྱའི་ཁྱད་པར་ཀུན་ལ་བཏགས་མི་རུང་བར་ག་པུར་སོགས་ལ་ལར་དེ་གྲུབ་པ་ཁོ་ན་ཡིན་ན་དེ་ནི་དངོས་པོའི་སྟོབས་ལས་དེ་ལྟར་གྲུབ་པ་ཡིན་དགོས་ཏེ། མཉན་བྱ་ནི་སྒྲ་དག་ལས་གཞན་ལ་གྲུབ་པ་མེད་པ་བཞིན་ནོ། །དེ་ལྟ་ནའང་དེ་འདྲའི་དངོས་སྟོབས་མེད་པས་ན་དངོས་དབང་གིས་མིན་པར་གྲགས་པས་དེའི་མིང་དུ་གྲུབ་པར་ཁས་ལེན་ན་རི་བོང་ཅན་ལའང་དངོས་དབང་གིས་མིན་པར་གྲགས་པ་ཙམ་གྱིས་གྲུབ་པར་བཟློག་ཏུ་མེད་པའི་ཕྱིར་ཆེས་གྲགས་པ་རི་བོང་ཅན་ལའང་དངོས་དབང་གིས་མིན་པར་འདོད་པས་བཏགས་ནས་གྲུབ་པ་ཙམ་མོ་ཞེས་ཤེས་པའི་ཆེད་དུ་ཡོངས་སུ་གྲགས་པ་ལས་བཟློག་སྟེ། རི་བོང་ཅན་ཟླ་བ་མིན་ཞེས་པ་དེ་ལ་གྲགས་པས་གནོད་པའི་དཔེ་འདི་ཉིད་བསྟན་ཏོ། །གསུམ་པ་ལ། གནོད་བྱ་གནོད་བྱེད་ངོ་ཡིས་བཟུང་། །ཇི་ལྟར་གནོད་པའི་ཚུལ་བཤད་པའོ། །དང་པོ། རི་བོང་ཅན་ཟླ་བ་མིན་པར་ཁས་བླངས་ན་འཇིག་རྟེན་གྲགས་པས་གནོད་པ་དངོས་སུ་ཟད་མོད་དེ་ཉིད་བརྡ་སྤྲོད་པ་སོགས་སྒྲ་དངོས་དབང་གིས་འཇུག་པ་ལས་གྲགས་དབང་མི་འདོད་པ་ལ་ཅི་ལྟར་གནོད་སྙམ་ན། གྲགས་དབང་མི་འདོད་པ་དེས་གྲགས་པ་ཐམས་ཅད་བཟློག་པ་ཡིན་ཏེ། འདི་ལྟར་མིང་དུ་གྲགས་པ་ཐམས་ཅད་ལ་གྲགས་དབང་ཙམ་ལས་དངོས་དབང་གཅིག་ཀྱང་འགྲུབ་མི་སྲིད་པས་ན་གྲགས་དབང་བོར་ནས་གྲགས་པ་འགྲུབ་ཚུལ་གཞན་


MR20_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་མེད་པའི་ཕྱིར་གྲགས་པ་མཐའ་དག་ལ་ལོག་པར་ཞུགས་པ་ཡིན་ཏེ། དོན་གང་ཞིག་སྒྲ་གང་གིས་ཀྱང་བརྗོད་དུ་རུང་བ་ཉིད་དེ་འགོག་པ་ནི་གནོད་པའི་ཡུལ་ཉིད་དོ། །དེ་ལ་ཡུལ་ཅན་གང་གིས་གནོད་ན་ཁྱད་པར་བཞི་དང་ལྡན་པའི་གྲགས་པས་སོ། །གང་ཞེ་ན། རྒྱུ་མཚན་ནམ་རྒྱུ་ཡི་ཁྱད་པར་དངོས་པོ་ལ་མི་ལྟོས་པར་སྐྱེས་བུས་གང་འདོད་ཀྱི་བརྡ་བྱས་པ་ན་དེ་འགོག་པ་མེད་པའམ་དགག་མི་ནུས་པ་ལས་སྐྱེས་པ་ཡི་བདག་ཉིད་ཅན་ཏེ། སྒྲ་ལས་བྱུང་བའི་གྲགས་པ་ཞེས་སྔར་བཤད་པ་བཞིན་ནོ། །མིང་གི་ཁྱད་པར་གྲགས་པ་ཞེས་བྱའི་མིང་ཅན་ནོ། །ངོ་བོའི་ཁྱད་པར་བརྗོད་བྱའི་དོན་དེ་རྗོད་བྱེད་མཐའ་དག་གིས་བརྗོད་མི་རུང་འགོག་པར་ནུས་པའི་རྗེས་སུ་དཔག་པར་འགྱུར་བའོ། །རྣམ་པའི་ཁྱད་པར་དོན་གང་ཞིག་སྒྲ་གང་ཡིན་གྱིས་ཀྱང་བརྗོད་བྱར་རུང་བ་ཉིད་དུ་ཡིད་ཆེས་པའི་རྣམ་རྟོག་གཏིང་ཚུགས་པ་དང་འབྲེལ་བ་ཡི་བསལ་བྱ་དེ་སེལ་བར་བྱེད་པའི་ཡུལ་ཅན་གྱིས་བཟློག་ཕྱོགས་ལ་གནོད་པ་བྱེད་པར་འགྱུར་རོ། །ཇི་ལྟར་རི་བོང་ཅན་ཟླ་བ་མིན་པར་དམ་བཅས་པ་ལ་གྲགས་པས་གནོད་ན་ཟླ་བས་བརྗོད་རུང་མིན་པ་ལ་ཅིས་མི་གནོད་དེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་པར་ཡོངས་སུ་གྲགས་ཤིང་བརྗོད་མི་རུང་ན་དེ་ལྟར་གྲགས་པ་ཡང་ཡོད་པར་མི་སྲིད་ལ། ཟླ་བས་བརྗོད་དུ་རུང་བ་དེ་བཞིན་སྒྲ་གཞན་གྱིས་བརྗོད་རུང་བ་ཡང་དངོས་པོའི་སྟོབས་ཀྱིས་གྲུབ་ལ། མི་རུང་ན་ཟླ་བས་ཀྱང་མི་རུང་བར་འགྱུར་ན་ཡང་དེ་རུང་བར་གྲུབ་པ་འདིས་གྲགས་དབང་མི་འདོད་པ་བསལ་བ་ཡིན་ཏེ། མི་རྟག་པར་གྲུབ་པས་རྟག་པ་དངོས་སུ་བསལ་བ་ལས་མ་བྱས་པའང་སེལ་བ་བཞིན་ནོ། །གཉིས་པ་ལ། དངོས་དང་དེས་དོན་གཞན་ཡང་གྲུབ། །དང་པོ། སྒྲ་ལས་བྱུང་བའི་གྲགས་པ་ཞེས་


MR20_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་དབང་ཙམ་དུ་བསྟན་པའི་རིགས་པ་འདིས་ནི་བརྡ་ཙམ་གྱི་རྗེས་སུ་འཇུག་པ་ཡི་རྗོད་བྱེད་ཀྱི་སྒྲ་རྣམས་ལ་ནི་འདི་ཁོ་ནའི་སྒྲ་ཡིན་ནོ་ཞེས་དོན་གཅིག་གི་མིང་དུ་ངེས་པ་ཡོད་པ་མིན་ཅེས་དོན་གྱིས་བརྗོད་པ་ཡིན་ལ། དེས་ན་སྒྲ་དེ་དག་རྣམས་དངོས་པོ་གང་ཡང་རུང་བ་དེར་འཇུག་ཏུ་མི་རུང་ཞེས་འགོག་པ་ལ་ནི་སྒྲ་བྱུང་གྲགས་པ་དེ་འགལ་བ་ཡིན་ཏེ། བརྗོད་མི་རུང་ན་གྲགས་ཟིན་དེ་ཡང་དེར་འཇུག་པར་མི་རུང་བར་རྗེས་སུ་དཔོག་པས་དེ་ལྟར་འགལ་བ་ཡིན་པར་ཁོང་དུ་ཆུབ་ནུས་སོ། །གཉིས་པ། སྒྲ་འདོད་པས་འཇུག་པར་བསྟན་པ་དེས་ནི་དངོས་པོའི་དབང་ལས་འདི་ལྟར་སྒྲ་འཇུག་པའི་རྒྱུ་མཚན་ཅན་ཁོ་ན་རྗོད་བྱེད་སྒྲ་དེ་ཡི་དོན་ཏེ་བརྗོད་བྱ་ཡིན་གྱི་རྒྱུ་མཚན་མེད་ན་སྒྲ་མི་འཇུག་པས་རི་བོང་ཅན་ལ་ཡང་སྒྲ་ཟླ་བ་ཞེས་པ་འཇུག་པའི་རྒྱུ་མཚན་ཆ་དང་ལྡན་པ་སོགས་རྗེས་གྲུབ་ཀྱི་སྒོ་ནས་བཤད་དུ་ཡོད་ཀྱི་བུམ་པ་སོགས་ལ་མི་འཇུག་པ་ནི་རྒྱུ་མཚན་མེད་པས་ཡིན་ནོ་ཞེས་བརྗོད་པ་ཅན་ནམ། རྗོད་བྱེད་འདོད་རྒྱལ་བའི་སྒྲ་རྣམས་ཀྱི་ནི་བརྗོད་བྱའི་དོན་དོན་དམ་པར་གྲུབ་པ་ཉིད་དེ། རི་བོང་ཅན་ལ་བུམ་སྒྲ་མི་འཇུག་ལ་ཟླ་སྒྲ་འཇུག་པ་ནི་བཤད་དུ་མེད་ཀྱང་དངོས་པོའི་དབང་གིས་དེ་འཇུག་པར་ངེས་ཏེ་མེའི་ཚ་བ་བཞིན་ནོ་ཞེས་འདོད་པ་དེ་དག་གི་ལུགས་འགོག་པ་ལ་གྲགས་པ་དང་རྗེས་སུ་དཔག་པས་གནོད་པ་མེད་པར་བསྟན་པ་ཡིན་ཏེ། འདོད་རྒྱལ་རྗེས་གྲུབ་གང་ཡིན་ཀྱང་དོན་དེ་དང་དེ་མཚོན་པར་བྱེད་པའི་བརྡ་གང་ཡང་རུང་བས་དེ་བརྗོད་དུ་རུང་སྟེ་ཡུལ་སོ་སོའི་སྐད་ཀྱི་ཁྱད་པར་བཞིན་ནོ། །དེས་ན་ཡི་གེའི་ཚོགས་པ་ལ་དོན་འདི་དང་འདིའི་བརྡའོ་ཞེས་སྐྱེས་བུའི་བརྡ་འབྲེལ་བྱས་ཕན་ཆད་དེ་ལྟར་ངེས་པ་ལྟར་ཞེན་པ་སྐྱེ་བ་ལས་མིང་ཚིག་ཀུན་བཏགས་ལ་བཤད་དུ་ཡོད་པ་རྗེས་གྲུབ་དང་། བཤད་དུ་མེད་པ་འདོད་རྒྱལ་བའི་མིང་གི་ངོ་བོས་དོན་ལ་རང་དབང་


MR20_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཇི་ལྟར་འབྲེལ་ཏེ། དངོས་དབང་ལ་རག་མ་ལས་པར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །གསུམ་པ་གྲགས་བསལ་ལོགས་སུ་ཕྱེ་བའི་དོན་ལ། དངོས་དང་དེ་ཡི་ཞར་ལ་ནི། །ཡིད་ཆེས་གྲགས་བསལ་རྒྱས་བཤད་དོན། །དང་པོ། གྲགས་པ་ནི་བརྗོད་འདོད་ལ་ལྟོས་པའི་ཡུལ་ཅན་ཡིན་པ་དེས་ན་ནུས་པ་འཇུག་པའི་ཡུལ་གྱི་ཁྱད་པར་ནི་བསྟན་པའི་ཕྱིར་གྲགས་པ་རྗེས་དཔག་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཡང་ཐ་དད་དུ་བྱས་པ་ཡིན་ཏེ། དཔེར་ན་སྔ་མ་རྗེས་དཔག་ལས་ཡིད་ཆེས་ཐ་དད་དུ་བསྟན་པ་བཞིན་ནོ། །དེ་ཡང་དངོས་སྟོབས་ཀྱི་ཡུལ་ཀུན་ལ་གྲགས་པའི་ནུས་པ་མི་འཇུག་གི་འདོད་པ་ཙམ་གྱིས་བརྡ་འཇུག་རུང་གི་ཡུལ་འགོག་པ་ལ་གྲགས་པའི་རྗེས་དཔག་གིས་བསལ་བ་འབབ་པ་སྟེ། དེས་ན་རྗེས་དཔག་ནི་དངོས་པོའི་ཡུལ་ཅན་སྤྱིར་བཤད་ལ་དེ་ལས་བྱེ་བྲག་ཏུ་ཤིན་ཏུ་ལྐོག་གྱུར་ལུང་ལ་བརྟེན་ནས་རྗེས་སུ་དཔོག་པ་དང་། གྲགས་པ་ལ་བརྟེན་ནས་བརྗོད་རུང་རྗེས་སུ་དཔོག་པའི་ཕྱིར་དེ་དང་དེ་འགལ་བར་དམ་བཅའ་བ་ལ་དེ་དང་དེའི་བསལ་བ་འབབ་པར་ཤེས་པར་བྱའོ། །གཉིས་པ། མངོན་སུམ་མིན་པའི་ཚད་མས་བསལ་བ་མཐའ་དག་རྗེས་དཔག་ཏུ་གྲུབ་པ་ཡིན་པས་གྲགས་པ་དང་ཡིད་ཆེས་གཉིས་དེའི་ཁོངས་སུ་འདུས་ཀྱང་ཐ་དད་དུ་བཤད་པ་ལ་རང་ཡུལ་ཐུན་མིན་ལ་གནོད་ཚུལ་གྱིས་དགོས་པ་བསྟན་པའི་ཕྱིར་ཡིད་ཆེས་གྲགས་པ་འདི་གཉིས་ཀྱི་དཔེ་བརྗོད་ལ་ནི་ཀུན་བཏུས་འགྲེལ་བར་རྒྱུ་མཚན་དང་བཅས་པར་རབ་ཏུ་བརྗོད་དེ། ཚད་མས་གཞལ་བར་བྱ་བའི་དོན་སྒྲུབ་པར་མི་བྱེད་དོ་ཞེས་པ་ལྟ་བུ་དམ་བཅའ་བ་ཙམ་དང་འགལ་བ་དང་། གང་ཡང་ཐུན་མོང་མིན་པའི་ཕྱིར་སོགས་རྒྱུ་མཚན་དང་བཅས་ནས་བསྟན་ལ། མངོན་སུམ་དང་རྗེས་དཔག་གིས་གནོད་པ་ལ་ནི་


MR20_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བརྗོད་ཙམ་ལས་དེ་ལྟར་རྒྱུ་མཚན་གསུངས་པ་མིན་ཏེ། སྒྲ་མཉན་དུ་མི་རུང་ངོ་། །བུམ་པ་རྟག་གོ་ཞེས་པ་ཙམ་གསུངས་པ་ཡིན་ནོ། །གསུམ་པ་མངོན་སུམ་གྱིས་བསལ་བ་ལ། རྩ་བར་དོན་སྨོས་དགོས་པ་བཤད། །འགྲེལ་བར་མཉན་བྱ་དཔེར་སྨོས་དོན། །དང་པོ། མངོན་སུམ་གྱིས་བསལ་བ་ཞེས་སྨོས་པས་ཆོག་གི་མངོན་སུམ་དོན་དང་ཞེས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། མངོན་སུམ་གྱིས་གནོད་པ་འདི་ལ་ཡང་དོན་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། ཆོས་ཅན་སྒྲ་ལྟ་བུ་ནི་བྱས་པ་དང་མི་རྟག་པ་སོགས་ལྡོག་པ་དུ་མའི་དངོས་པོ་ཉིད་དུ་འཇིག་རྟེན་ན་གྲགས་པའི་ངོ་བོ་ཉིད་དུ་གྱུར་པ་གང་ཞིག། དེ་ལྟར་སྦྲུལ་གྱི་གདེངས་ཀ་བཞིན་དུ་སྣ་ཚོགས་སུ་ནི་སྣང་བ་ཡི་བློ་ནི་སྐྱེ་བ་མེད་པའི་ཕྱིར་ཉན་ཤེས་ལ་ཐ་དད་པའི་ཚུལ་གྱིས་གཉིས་སུ་མེད་པར་སྣང་བར་གྱུར་པ་ཡིན་པ་དེ་ཡི་དོན་དུ་དོན་ཞེས་བཤད་དེ། དབང་ཤེས་ལ་སྣང་བ་སྐྱེ་མཆེད་ཀྱི་རྫས་རང་གི་ངོ་བོ་སྣང་བ་གང་ཡིན་པ་འདི་ཉིད་ནི་སྤོང་ན་མངོན་སུམ་གྱིས་གནོད་པར་འགྱུར་བ་ཡིན་པས་སོ། །དེ་ལྟར་དོན་ཞེས་པའི་ངེས་གཟུང་གིས་སྒྲུབ་ཕྱོགས་ནས་རང་མཚན་གྱི་ངོ་བོ་དེ་ཉིད་དེ་ལ་གཟུང་བའི་དོན་ཞེས་བརྗོད་པས་དེ་ཡི་རྣམ་པ་སྣང་བ་བཟུང་ལ། དགག་ཕྱོགས་ནས་ལྷག་མ་ལྡོག་པའི་མཚན་ཉིད་ཅན་གྱི་སྤྱི་ནི་རྣམ་བཅད་ཙམ་གྱི་དབང་ལས་རྟོག་པས་ཐ་དད་པར་སྒྲོ་བཏགས་ཀྱི་རང་ཉིད་དངོས་མེད་ཀྱི་ངོ་བོ་ཉིད་ཡིན་པ་དེ་ཕྱིར་དེ་དབང་པོའི་སྤྱོད་ཡུལ་མིན་པར་བསྟན་ཏེ། དེ་ལ་རང་མཚན་མེད་པའི་ཕྱིར་རང་འཛིན་གྱི་དབང་ཤེས་སྐྱེད་པ་མེད་པར་ཤེས་པའི་ཆེད་ཡིན་ནོ། །གཉིས་པ། མངོན་སུམ་གྱིས་བསལ་བ་འཆད་པའི་སྐབས་སུ་སྒྲ་མེད་ཅེས་བརྗོད་པས་ཆོག་མོད་དབང་པོ་དང་འབྲེལ་བའི་སྒྲ་མཉན་བྱ་མིན་ཞེས་བཀོད་པ་ཅི་ཡིན་ཞེ་ན། སྒྲ་མེད་ཅེས་པ་ཙམ་ནི་སྤྱིར་


MR20_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་མེད་པའམ། རྟག་ཁྱབ་ཀྱི་སྒྲ་མེད་པའམ། ཡུལ་དུས་འདི་ན་མེད་པ་སོགས་སུ་དོགས་ནས་མངོན་སུམ་གྱིས་བསལ་བ་སྟོན་པ་ལ་ཚིག་བརྒྱུད་དགོས་པ་ཡིན་ལ། སྒྲ་གཏན་དུ་མེད་དོ་ཞེ་ན་ཡང་མཐར་མངོན་སུམ་དང་འགལ་བ་ཡིན་མོད་ཀྱི་དེ་ཡང་ཉན་ཤེས་ཀྱི་ཡུལ་དུ་ཡོད་པ་ལ་མ་འབྲེལ་བར་མངོན་སུམ་གྱིས་བསལ་ཞེས་མི་ཐོབ་པས་མཉན་བྱ་སྨོས་པས་ཆེས་གསལ་པོར་གོ་བ་སྐྱེད་དེ། ཇི་ལྟར་ན་སྤྱི་དབང་ཤེས་ཀྱི་ཡུལ་མིན་པ་དེས་ན་སྤྱི༷་ཡི་ཆོས་རྣམས་ནི་མངོན་སུམ་གྱིས་གཞལ་བྱ་མིན་པར་གྲུབ་པའི་ཕྱིར་དེ་སྤོང་བའི་ཚིག་དམ་བཅས་ན་ཡང་གལ་ཏེ་དེ་ལ་རྗེས་དཔག་གིས་གནོད་པ་ཞིག་ན་རྗེས་དཔག་གིས་བསལ་བ་འབབ་ཀྱི་མངོན་སུམ་གྱིས་གནོད་པ་ཡོད་པ་མིན་ཞེས་ཏེ། སྒྲ་རྟག་ཅེས་བརྗོད་པ་ལ་མངོན་སུམ་གྱིས་སེལ་མི་ནུས་པ་བཞིན་ནོ། །དེས་ན་མངོན་སུམ་གྱིས་བསལ་བ་གསལ་པོར་རྟོགས་པའི་སླད་དུ་དཔེ་བརྗོད་དུ་མཉན་བྱ་སྨོས་པས་བསྟན་པ་ཡིན་ཏེ། མཉན་བྱ་ནི་ཉན་ཤེས་ཀྱི་ཡུལ་ཁོ་ནར་ངེས་ཀྱི་སྤྱི་སོགས་ལ་མི་འཁྲུལ་ལོ། །འོ་ན་མཉན་བྱ་ཞེས་སྨོས་ཀྱང་མཉན་བྱའི་སྤྱི་ལ་གོ་ནས་མངོན་སུམ་གྱིས་སེལ་མི་ནུས་པས་སྒྲའི་རང་མཚན་མེད་ཅེས་སྨོས་དགོས་སོ་ཟེར་ན། རང་མཚན་ཞེས་སྨོས་ཀྱང་རྣམ་པ་ཀུན་ཏུ་རང་མཚན་བརྗོད་བྱའི་དངོས་པོ་མིན་པའི་ཕྱིར་སྒྲས་སྤྱི་བརྗོད་པ་ནི་སྒྲ་ཐམས་ཅད་ལ་མཚུངས་མོད་ཀྱི་སྣང་བརྟག་བསྲེས་ནས་རང་མཚན་བརྗོད་པར་འགྲོ་བས་ན། སྒྲ་དེ་ལ་མཉན་བྱའི་ཆོས་མ་གྲུབ་ཅེས་བཀག་པས་ཉན་ཤེས་རང་གིས་མངོན་སུམ་གྲུབ་པས་གནོད་པ་འབབས་ཀྱི་རང་མཚན་མེད་ཅེས་སྨོས་ཀྱང་སྒྲ་མེད་ཅེས་པ་དང་དོན་མཚུངས་སོ། །དེས་ན་སྒྲ་རང་མཚན་ནི་སྒྲའི་ཡུལ་མིན་ཏེ་ཉན་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་དང་། ཉན་པའི་ཤེས་པས་མངོན་སུམ་དུ་གྲུབ་པས་ཉན་ཤེས་དེ་ལ་བརྟེན་ནས་དེ་ཡི་


MR20_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་བཞག་དགོས་པའི་ཕྱིར་དང་། ཉན་ཤེས་མངོན་སུམ་དེ་ཡི་སྟོབས་ཀྱིས་འགལ་བའི་ཕྱོགས་དམ་བཅའ་བ་ལ་གནོད་པའི་ཕྱིར་དབང་པོའི་སྒོ་ནས་བརྗོད་པ་མཉན་བྱས་ནི་དབང་པོའི་སྤྱོད་ཡུལ་དམིགས་བསལ་ཏེ་བཟུང་བས་མངོན་སུམ་གྱིས་བསལ་བ་གསལ་བོར་བཤད་པ་ཡིན་ནོ། །གཉིས་པ་གང་ལ་བསལ་བ་བཤད་པ་ལ། །རང་རྟེན་ལ་གནོད་བསལ་བ་ཡིན། །རྟེན་མ་གྲུབ་སོགས་ཕྱོགས་སྐྱོན་མིན། །དང་པོ་ལ། ཡོངས་གཅོད་ཀྱི་ནི་དགོས་པ་དང་། །རྣམ་བཅད་ཀྱི་ནི་དགོས་པ་དང་། །དེ་དག་གི་ནི་འཇུག་བསྡུ་བའོ། །དང་པོ་ལ། དངོས་དང་རྩོད་པ་སྤང་བ་གཉིས། །དང་པོ། མདོ་ལས་བསལ་བ་བཞི་པོ་འཆད་པའི་སྐབས་སུ། རང་རྟེན་ལའོ་ཞེས་པ་འདི་སྨོས་མི་དགོས་པར་འགྱུར་ཏེ་བསལ་བས་ཤུགས་ལ་གྲུབ་བོ་ཟེར་ན། འདིའི་ཡོངས་གཅོད་ཀྱི་དགོས་པ་ནི་རྩོད་པའི་སྐབས་ཀུན་ཏུ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན་པ་ཡི་ཆོས་དེ་དང་ལྡན་པ་ཡི་རྟེན་ནམ་ཆོས་ཅན་དེ་ལ་གནོད་ན་རྟེན་བསལ་བས་བསྒྲུབ་བྱ་མི་འགྲུབ་པའི་སྐྱོན་དུ་འགྱུར་གྱི་སྐབས་ཀྱི་བསྒྲུབ་ཆོས་མིན་པ་ཆོས་གཞན་གྱི་ནི་ཆོས་ཅན་ལ་གནོད་ཀྱང་བསལ་བ་མིན་ཏེ། དེ་ལས་གཞན་དུ་ཆོས་ཅན་གཞན་ལ་ནི་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་འདི་ལ་ཅི་ཞིག་བཀག་པའམ་བསལ་ཏེ་བསལ་བ་མེད་དོ་ཞེས་ཤེས་པའི་ཆེད་དུ་རང་རྟེན་ལའོ་ཞེས་གསུངས་ཏེ། སྐབས་ཀྱི་བསྒྲུབ་བྱ་རང་གི་རྟེན་ཆོས་ཅན་ལ་བསལ་བ་བབས་ན་ཕྱོགས་མི་འགྲུབ་ཅེས་སོ། །གཉིས་པ། དེ་བསལ་བའི་སྐབས་སུ་སྨོས་ཅི་ལ་དགོས་ཏེ། ཕྱོགས་ཀྱི་མཚན་ཉིད་བཤད་པའི་སྐབས་སུ་རང་ཉིད་འདོད་ཅེས་པའི་དོན་གྱིས་གྲུབ་ཟིན་པའི་ཕྱིར་ཏེ་ཚོགས་པ་བསྒྲུབ་བྱར་མི་བྱེད་པར་ཡན་གར་བ་རེ་རེ་ལ་ཤེས་འདོད་མེད་ཅིང་བསྒྲུབ་ཆོས་དེའི་རྟེན་ཞིག་ན་དེ་ལ་ཆོས་དེ་འགྲུབ་

ཤོག་ལྷེབ་ ༨༠༡ ནས་ ༩༠༡ བྱོན།


MR20_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མེད་པ་དང་། ཆོས་དེའི་རྟེན་མིན་པ་ནི་དཔྱད་དོན་མེད་དེ་སྒྲ་མི་རྟག་པ་ལ་བུམ་པར་དཔྱད་མི་དགོས་པ་བཞིན་ཡིན་པས་ཚིག་འདི་རྣམ་བཅད་མེད་པར་འགྱུར་རོ་ཞེ་ན། རང་གི་འདོད་ཡུལ་ཆོས་ཅན་ཡིན་པའི་དོན་འདི་ཕྱོགས་ཀྱི་མཚན་ཉིད་བཤད་པ་ཉིད་ཀྱིས་རྟོགས་མོད་ཀྱང་རང་གི་རྟེན་ནམ་ཆོས་ཅན་ཞེས་འདིར་ཡང་སྨོས་པས་ནི་སྐབས་དེའི་ཆོས་ཀྱི་རྟེན་དུ་གྱུར་པ་ཆོས་ཅན་ལ་ནི་གནོད་པས་ཀྱང་བསྒྲུབ་བྱ་ལ་གནོད་པར་འགྱུར་རོ་ཞེས་ནི་གྲུབ་པའི་དོན་དུ་ཡིན་ཏེ། དེ་གནོད་པའི་རྒྱུ་མཚན་རྟེན་ཆོས་ཅན་ནི་གྲུབ་པ་ལ་འགལ་བར་གྱུར་པ་ཡིས་དེ་ལ་ངེས་པར་བརྟེན་དགོས་པ་ཡི་ཆོས་གྲུབ་པ་ནི་འགལ་བའི་ཕྱིར་རོ། །གཞན་དུ་རང་རྟེན་ཞེས་མ་སྨོས་ན་རྒོལ་བས་འདོད་ཡུལ་དུ་བྱས་པ་དེ་ལྷའི་རྣམ་པ་ཅན་གྱི་ཆོས་དེ་བསྒྲུབ་བྱ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་གནས་སྐབས་འགའ་ཞིག་ཏུ་བསྒྲུབ་ཆོས་དེ་ལ་གནོད་པ་ཉིད་ཡིན་པར་སེམས་པ་དེས་ན་རང་གི་ཆོས་ཅན་ཞེས་དམ་བཅའི་སྐྱོན་སྟོན་པའི་སྐབས་སུའང་སྨོས་སོ། །འདི་སྐབས་ཉིད་ཀྱི་སྒྲ་ནི་ཁོ་ནའི་དོན་ཏེ་བསྒྲུབ་ཆོས་ཁོ་ན་ལ་གནོད་པ་ལས་ཆོས་ཅན་ལ་གནོད་ཀྱང་སྐྱོན་མིན་ནམ་སྙམ་པ་གཅོད་པའི་དོན་དུ་རང་རྟེན་ཞེས་སྨོས་པ་ཡིན་ཞེས་སོ། །གཉིས་པ་རྣམ་བཅད་ཀྱི་དགོས་པ་ལ། གཞན་གྱི་ལོག་རྟོག་དཔེ་བརྗོད་བཅས། །ཚིག་འདིས་དེ་འདྲའི་དོགས་པ་སེལ། །དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། དངོས་དང་གཞན་འདོད་མི་འཐད་པའོ། །དང་པོ། དེ་འདྲའི་རང་རྟེན་ཞེས་ཡོངས་གཅོད་དུ་ངེས་གཟུང་མི་དགོས་ཏེ། ཚོགས་དོན་བསྒྲུབ་བྱ་ཡིན་པར་གྲུབ་པས་ན་ཆོས་ཅན་ལ་གནོད་ན་བསྒྲུབ་ཆོས་ལ་གནོད་པ་འདི་ཡང་དོན་གྱིས་གྲུབ་པ་མིན་ནམ་ཞེ་ན། བདེན་ཏེ་རྒོལ་བ་མཁས་པ་ལ་དེ་ལྟར་ཡིན་མོད་ཀྱང་གཞན་མི་མཁས་པའི་ལོག་པར་རྟོག་པ་དགག་པའི་


MR20_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་ཡིན་ཏེ། རྒོལ་བ་འགའ་ཞིག་དག་འདོད་ཡུལ་གྱི་ཆོས་དེས་ཁྱད་པར་དུ་མ་བྱས་ཀྱང་ཆོས་ཅན་གྱི་ངོ་བོ་ནི་འབའ་ཞིག་པའམ་ཡན་གར་བ་བཀག་པ་ལ་ཡང་ནི་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པའི་སྐྱོན་དང་ལྡན་པར་ཁས་ལེན་པ་ཡོད་པ་ཡིན་པར་གྱུར་ཏོ། །དེ་གང་ཞེ་ན། དཔེར་ན་བྱེ་བྲག་པ་སོགས་སྒྲ་དང་ནམ་མཁའ་སོགས་རྟག་པའི་རྫས་སུ་འདོད་པ་ལ་སངས་རྒྱས་པས་བརྗོད་པ། ནམ་མཁའ་སོགས་ཆོས་ཅན། ལྷན་ཅིག་བྱེད་རྐྱེན་གཞན་དག་གིས་སྔོན་མེད་པའི་རང་བཞིན་སྐྱེད་དུ་མེད་པ་མིན་པར་ཐལ། ཅིག་ཅར་དུ་སྒྲ་ལ་སོགས་པའི་རྒྱུ་མིན་པའི་ཕྱིར། ཞེས་བཤད་པ་ལ་བྱེ་བྲག་པ་སོགས་ཀྱིས་གཏན་ཚིགས་དེ་སུན་འབྱིན་པ་ན་གཏན་ཚིགས་དེས་སྔོན་མེད་སྐྱེད་དུ་མེད་པའི་རྟག་པ་སུན་འབྱིན་པ་དེ་བཞིན། མཁའ་སོགས་ཆོས་ཅན་གྱི་ངོ་བོའང་དངོས་པོ་མེད་པར་འགོག་པའི་ཕྱིར་ཆོས་ཅན་བཀག་པར་འགྱུར་ལ། ཆོས་ཅན་མ་གྲུབ་ན་བསྒྲུབ་ཆོས་མི་འགྲུབ་པས་གཏན་ཚིགས་དེ་ཆོས་ཅན་འགོག་པའི་འགལ་བར་འགྱུར་བའི་སྐྱོན་ཡོད་ཅེས་བརྗོད་པ་བཞིན་ནོ། །གཉིས་པ། སུན་འབྱིན་སྨྲ་བ་པོའི་ཞེ་འདོད་དེ་ལྟར་མི་འཐད་དེ། ནང་པ་སངས་རྒྱས་པས་དངོས་གྱུར་གྱི་ནམ་མཁའ་འགོག་ཅིང་ཐོགས་རེག་སོགས་མེད་པར་དགག་པ་ཙམ་དུ་དེ་ལྟར་བསྒྲུབ་པར་འདོད་པའི་ཕྱིར་ན་དངོས་མེད་ལ་སྔོན་མེད་སྐྱེད་དུ་མེད་པའི་ཆོས་དེ་གྲུབ་པས་ན། བསྒྲུབ་ཆོས་དེའི་རང་རྟེན་རྟགས་ཀྱིས་བསལ་བ་མེད་པས་ན་སྐབས་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་གནོད་པ་འགའ་ཡང་མེད་པ་ཉིད་དེ། རྟག་པས་བསྐྱེད་ན་ཅིག་ཅར་སྐྱེད་རིགས་པ་ལ་དེ་མི་བསྐྱེད་པར་ཚད་མས་གྲུབ་ཅིང་། ལྷན་ཅིག་བྱེད་རྐྱེན་དང་ཚོགས་ནས་རིམ་གྱིས་བསྐྱེད་ན་སྔོན་མེད་པའི་ཁྱད་པར་ཡོད་དགོས་པས་ན་རྟག་པ་ནི་རྒྱུ་མིན་པར་བསྒྲུབས་པ་ཡིན་པས་བསྒྲུབ་བྱའི་རྟེན་བཀག་པ་མེད་དོ། །མེད་


MR20_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཞེ་འདོད་ཀྱི་ནམ་མཁའ་རྟག་པ་བཀག་པས་གནོད་སྙམ་པ་ནི་སྐབས་ཀྱི་བསྒྲུབ་ཆོས་ཀྱི་རྟེན་མ་ཡིན་པ་གཞན་གྱི་ཆོས་ཅན་ཁེགས་པས་འདིར་གནོད་སྙམ་པ་ཁོ་ནར་འགྱུར་ཏེ། ནམ་མཁའ་ཆོས་ཅན། སྒྲ་རྟག་པའི་རྟེན་དུ་གྱུར་པ་ཡིན་ཏེ། །ཞེས་བརྗོད་པ་ན། སྒྲ་རྟག་པ་ཆོས། ཆོས་ཅན་ནམ་མཁར་འདོད་པ་ལྟ་བུ་སྐབས་དེའི་ཆོས་དང་ཆོས་ཅན་དུ་འབྲེལ་གྱི་སྔོན་མེད་པའི་ཁྱད་པར་སྐྱེད་དུ་མེད་པའི་ནམ་མཁའ་ནི་རྟག་དངོས་དེ་མ་ཡིན་པས་སྐབས་ཀྱི་བསྒྲུབ་ཆོས་རང་དང་མ་འབྲེལ་བ་ནི་དེ་ལ་ལྟོས་ནས་ཆོས་ཅན་ཡན་གར་བ་ཡིན་ཏེ་འབྲེལ་བ་མེད་པའི་ཕྱིར་རོ། །ཡང་ན་གཏན་ཚིགས་དེས་གལ་ཏེ་ནམ་མཁའ་རྒྱུ་ཡིན་ན་ལྷན་ཅིག་བྱེད་པས་ཁྱད་པར་བྱར་ཡོད་པར་འགྱུར་ཏེ། ཅིག་ཅར་མི་བསྐྱེད་པའི་ཕྱིར། ཞེས་པ་དེས་རྒྱུ་ཡིན་ན་མི་རྟག་པར་གྲུབ་པ་འཕངས་པ་ཡིན་ལ། དེའི་ཚེ་དངོས་གྱུར་གྱི་ནམ་མཁའ་ཆོས་ཅན་དུ་འགྲོ་བས་རང་རྟེན་བཀག་པ་མེད་ལ་རྟག་པར་གྱུར་པའི་ནམ་མཁའ་བཀག་པ་ཉིད་དོ། །འོན་ཀྱང་རྒྱན་སོགས་ལས་འདི་ལྟར་གསུངས་པ་ནི་དངོས་སུ་ཐལ་བ་མིན་ཡང་དོན་གྱིས་ཐལ་བ་འཕེན་པ་དང་འདྲ་བར་སོང་བ་ཡིན་གྱི་སྒྲུབ་པ་མིན་ཏེ། རྒྱུ་ཡིན་པར་ཕ་རོལ་གྱིས་ཁས་བླངས་པ་གཞིར་བྱས་ནས་རྒྱུ་ལ་རིམ་དང་ཅིག་ཅར་གྱི་འབྲས་བུ་བྱེད་པ་ལས་གཞན་མེད་པས་ཅིག་ཅར་མི་བྱེད་པའི་རྟགས་ཚད་མས་གྲུབ་པས་ན་རིམ་ཅན་དུ་བྱེད་པ་ཤུགས་ལ་གྲུབ་པ་དང་། སྔོན་མེད་པའི་ཁྱད་པར་བྱར་མེད་པ་རྟགས་དེས་གྲུབ་པས་ཁྱད་པར་བྱར་ཡོད་ཤུགས་ལ་གྲུབ་པ་ལྟར་འགྱུར་ཏེ་འོས་མེད་ཀྱི་རིགས་པས་སོ། །དེ་ཡང་ནམ་མཁའ་སོགས་རྟག་པ་རྒྱུར་ཁས་ལེན་པ་ལ་རྗེས་སུ་དཔག་པས་གནོད་པ་བསྒྲུབ་པ་ན་སྐབས་ཀྱི་རང་རྟེན་ལ་གནོད་པ་མེད་ཚུལ་དེ་ལྟར་ཡིན་གྱི་གཏན་ཚིགས་དེས་ནམ་མཁའ་མི་རྟག་པའི་དངོས་པོར་


MR20_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ནི་མ་ཡིན་ནོ། །གཉིས་པ། རང་རྟེན་ལའོ་ཞེས་པའི་ཚིག་འདིས་ནི་ཆོས་ཅན་དང་ཆོས་གཉིས་ཀ་ཚོགས་པ་བསྒྲུབ་བྱ་ཉིད་ཡིན་པའི་ཕྱིར་ན་ཆོས་ཅན་ལ་གནོད་པ་གང་དེས་སྐབས་ཀྱི་བསྒྲུབ་པར་བྱ་བའི་ཆོས་ཀྱང་འགོག་པས་ན། ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་དེ་ལ་གནོད་དོ་ཅེས་བསྟན་པ་ཡིན་ཏེ། བསྒྲུབ་ཆོས་དེ་ཡིས་ཁྱད་པར་དུ་བྱས་པ་དེ་ལྟ་བུ་ཉིད་དུ་ཆོས་ཅན་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་གང་རུང་ལ་གནོད་ཀྱང་བསྒྲུབ་བྱ་མི་འགྲུབ་ཀྱི་ཡན་གར་བ་བསྒྲུབ་བྱ་མིན་ནོ། །དེས་ན་སྐབས་ཀྱི་བསྒྲུབ་ཆོས་དང་འབྲེལ་བ་མེད་པའི་ཆོས་ཅན་ཡན་གར་བའམ་འབའ་ཞིག་པ་ནི་འདིའི་རྟེན་མིན་པས་དེ་ལ་གནོད་ཀྱང་བསྒྲུབ་བྱ་འདི་ལ་གནོད་པ་མིན་ཞེས་ངེས་པར་བཟུང་བ་ཡིན་ནོ། །གསུམ་པ་རྩོད་སྤང་ནི། གལ་ཏེ་མཁའ་སོགས་དངོས་མེད་དུ་རྟགས་དེས་སྒྲུབ་པར་བྱེད་པ་དེ་ལྟ་ན་སངས་རྒྱས་པས་གྲངས་ཅན་པ་ལ་བཀོད་པའི་སྦྱོར་བ་འདིར་ཆོས་ཅན་འགོག་པར་ཐལ་བའི་གནོད་པ་ཡོད་པར་འགྱུར་ཏེ། ཇི་ལྟར་ན་སངས་རྒྱས་པས་གྲངས་ཅན་པ་ལ་ཅིག་ཅར་དུ་སྒྲ་ལ་སོགས་པའི་རྒྱུ་མིན་པའི་ཕྱིར་བདེ་སྡུག་ལ་སོགས་པ་གཙོ་བོ་ནི་གཞན་གྱིས་སྐྱེད་ནུས་མིན་པ་མ་ཡིན་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་དངོས་པོ་མེད་པར་བསྒྲུབ་པར་འགྱུར་ལ། དེ་ལྟ་ན་བདེ་སོགས་ཀྱང་ནམ་མཁའ་བཞིན་དུ་དངོས་མེད་དུ་འགྱུར་ཞིང་དངོས་མེད་ནི་རིམ་བཞིན་བྱེད་པའི་རྒྱུར་མི་རུང་བའི་ཆོས་ཅན་བཀག་པའི་འགལ་བར་འགྱུར་རོ་ཞེ་ན། གཙོ་བོ་རྟག་པ་ནི་དངོས་པོ་མེད་པ་ཁོ་ནར་ངེས་པའི་ཕྱིར་དེ་གཞན་གྱི་ཁྱད་པར་བྱར་མེད་པའི་རྟག་པ་མིན་ཞེས་གྲངས་ཅན་པའི་ཞེ་འདོད་ལ་གནོད་པ་སྒྲུབ་པ་ཡིན་གྱི་ཤུགས་ཀྱིས་མི་རྟག་པ་ཉིད་དུ་སྒྲུབ་འདོད་མེད་པས་རང་རྟེན་ཆོས་ཅན་བཀག་པར་མི་འགྱུར་ཏེ་སྔ་མ་དག་གི་སྐབས་སུ་བཤད་པ་བཞིན་ནོ། །འོན་ཏེ་མི་རྟག་པ་སྒྲུབ་པ་ལྟར་བྱེད་


MR20_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་དུ་བྱས་ན། ཆོས་ཅན་བདེ་སོགས་དངོས་མེད་དུ་སྒྲུབ་པ་མ་ཡིན་ཏེ། གལ་ཏེ་བསྒྲུབ་བྱ་མི་རྟག་པ་འདི་ལ་གཏན་ཚིགས་ཅིག་ཅར་རྒྱུ་མིན་པ་འདི་ནི་སྒྲུབ་བྱེད་དུ་ངེས་པ་ཞིག་ན། སངས་རྒྱས་པའི་གཏན་ཚིགས་དེས་ཆོས་ཅན་དངོས་པོར་གྱུར་པ་བཀག་པར་ཁས་བླངས་ནས་བསྒྲུབ་ཆོས་མི་རྟག་པ་ཡང་བསྒྲུབ་པ་ཞིག་ན་འགལ་བར་འགྱུར་བ་ཉིད་དེ། དངོས་པོ་མིན་པ་ལ་མི་རྟག་པ་མེད་པའི་ཕྱིར་མི་རྟག་པའི་རྟེན་དུ་གྱུར་པའི་ཆོས་ཅན་བཀག་པར་འགྱུར་ན་ཡང་། དེ་འདྲའི་འགལ་བ་སྒྲུབ་པའི་གཏན་ཚིགས་སྲིད་པ་མ་ཡིན་པས་རྟགས་འདིས་ཆོས་ཅན་དངོས་མེད་དུ་འགོག་པའི་ལུགས་ལྟར་ན་འདི་མི་རྟག་པའི་སྒྲུབ་བྱེད་དུ་ངེས་པར་ཁས་མ་བླངས་ཏེ། སྨྲས་ཆོས་ཙམ་གྱི་དབང་དུ་བྱས་ནས་རྟགས་ཀྱིས་ཤུགས་བསྟན་རིམ་བཞིན་བྱེད་པ་དང་བསྒྲུབ་ཆོས་མི་རྟག་པ་ཉིད་འགལ་བ་མེད་པའི་ཕྱིར་དེ་ཙམ་ལ་བསམས་ནས་རྗེས་འགྲོ་དང་ཕྱོགས་ཆོས་ཙམ་གྲུབ་ཏུ་ཆུག་སྟེ་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བས་ན་འདི་ནི་ལྷག་ལྡན་གྱི་ཁྱད་པར་ཏེ་བྱེ་བྲག་ཞིག་ཏུ་འདོད་ཀྱི་མི་རྟག་པ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་མིན་ནོ། །ཇི་ལྟར་ན། གཙོ་བོའམ་ནམ་མཁའ་ཆོས་ཅན། རྐྱེན་གྱི་ཁྱད་པར་བྱར་ཡོད་པའི་མི་རྟག་པ་ཡིན་ཏེ། ཅིག་ཅར་སྒྲ་སོགས་མི་བསྐྱེད་པའི་ཕྱིར། ཞེས་བཀོད་ན་རྟགས་དེའི་ཕྱོགས་ཆོས་ཚད་མས་གྲུབ་ལ། མཐུན་ཕྱོགས་ས་བོན་སོགས་ཀྱི་སྟེང་དུ་ཅིག་ཅར་མི་བསྐྱེད་པ་རྗེས་སུ་འགྲོ་བར་མཐོང་ཡང་མི་མཐུན་ཕྱོགས་རྟག་པ་ལའང་ཅིག་ཅར་སྒྲ་སོགས་མི་བསྐྱེད་པའི་རྟགས་དེ་ཞུགས་པས་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། འབྲས་བུ་ཅིག་ཅར་མི་བསྐྱེད་ན་ཡང་མི་རྟག་པ་ཡིན་པས་མ་ཁྱབ་སྟེ་རིམ་དང་ཅིག་ཅར་གཉིས་ཀར་མི་བསྐྱེད་པ་ཡོད་པས་སོ་སྙམ་དུ་


MR20_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱི་ཅིག་ཅར་མི་བསྐྱེད་པ་ཙམ་གྱིས་རིམ་གྱིས་སྐྱེད་པར་ངེས་པ་མིན་ནོ། །དེས་ན་རྟགས་འདིས་ཕ་རོལ་གྱིས་གཙོ་བོ་སོགས་རྒྱུར་འདོད་ཅིང་དེ་ཡང་རྟག་པར་འདོད་པ་ལ་ཚད་མའི་སྟོབས་ཀྱིས་གནོད་པ་སྒྲུབ་ཀྱི་རང་ཉིད་ཀྱིས་དེ་རྒྱུར་ཁས་ལེན་པ་ནམ་ཡང་མིན་ལ། དེ་ལྟ་ན་དངོས་པོ་མེད་ཀྱང་སྒྲ་དོན་ཙམ་གྱི་ཆོས་ཅན་དེ་སྐབས་འདིའི་བསྒྲུབ་བྱའི་རྟེན་ཡིན་ཅིང་དེ་བཀག་པ་མེད་པའི་ཕྱིར་གཏན་ཚིགས་ལ་སྐྱོན་གང་ཡང་མེད་དོ། །སྐབས་འདིར་རྒྱ་འགྲེལ་རྣམས་སུ་མདོར་བསྡུས་ལས་མ་གསུངས་ལ་བོད་འགྲེལ་རྣམས་སུ་མི་འདྲ་བ་སྣ་ཚོགས་བཤད་ཀྱང་འདི་ནི་འཆད་ཚུལ་གཞན་དང་མི་མཐུན་པ་ཁོ་ནར་ཡོད་ཀྱང་འདི་བཞིན་བྱས་ན་གོ་བ་བདེ་བླག་ཏུ་རྙེད་ནུས་ཀྱི་གཞན་དུ་འོལ་སྤྱི་ཙམ་ལས་དཔྱིས་ཕྱིན་པར་རྟོགས་དཀའ་བས་བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱོད་ལ་ཁྱད་པར་གྱི་གནད་ལ་ངེས་པ་རྙེད་པར་གྱིས་ཤིག །གསུམ་པ་མཇུག་བསྡུ། གང་ཕྱིར་རྒོལ་བ་རང་ཉིད་ཀྱིས་འདོད་པའི་ཆོས་བསྒྲུབ་བྱ་ཡིན་པ་དེ་ཕྱིར་དེ་ཡི་རྟེན་ཆོས་ཅན་ལ་ནི་གནོད་པ་ན་དམ་བཅའི་སྐྱོན་ཡིན་ཏེ། རང་རྟེན་མིན་པའི་ཆོས་ཅན་འབའ་ཞིག་པ་ཉིད་དམ་བསྒྲུབ་ཆོས་གཞན་གྱི་རྟེན་ལ་གནོད་མི་གནོད་དཔྱད་དགོས་པ་མིན་ཞེས་རང་རྟེན་གྱི་ཚིག་འདིས་བསྟན་ཏོ། །དཔེར་ན་ཕྱོགས་ཀྱི་མཚན་ཉིད་དུ་རང་ཉིད་ཅེས་པའི་སྒྲ་སྨོས་པ་ཡིས་རྒོལ་བ་རང་གིས་མི་འདོད་པའི་ཆོས་གཞན་ལ་གནོད་པས་ཕྱོགས་ལ་གནོད་པ་མིན་ཞེས་བསྟན་པ་ཡིན་པ་དེ་བཞིན་བསལ་བའི་སྐབས་སུའང་རང་གི་ཆོས་ཅན་ཞེས་སྨོས་པའི་སྒྲའི་ཟུར་གྱིས་སྐབས་ཀྱི་བསྒྲུབ་བྱའི་རྟེན་མ་ཡིན་པའི་ཆོས་ཅན་གཞན་ལ་གནོད་ན་ཡང་བསལ་བ་མིན་ཞེས་སུ་བརྗོད་པ་ཡིན་ནོ། །གཉིས་པ་ཁྱད་པར་ཅན་མ་གྲུབ་པ་སོགས་ཕྱོགས་ལ་བསལ་བའི་སྐྱོན་མིན་པར་བསྟན་པ་ནི། བྱེ་བྲག་པས་སངས་རྒྱས་པ་ལ་བདག་ཐམས་ཅད་དུ་ཁྱབ་པར་དམ་


MR20_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ན་སངས་རྒྱས་པའི་ངོར་ཁྱད་པར་ཅན་ནམ་རྟེན་བདག་མ་གྲུབ་པ་དང་། སངས་རྒྱས་པས་གྲངས་ཅན་པ་ལ་སྒྲ་མི་རྟག་པར་སྨྲས་ན་གྲངས་ཅན་པའི་ངོར་སྒྲ་གྲུབ་ཀྱང་དེའི་ཁྱད་པར་གྱི་ཆོས་སུ་བཀོད་པ་འཇིག་པ་མ་གྲུབ་པ་དང་བྱེ་བྲག་པས་བདག་འཕྲོད་པ་འདུ་བའི་རྒྱུ་ཡིན་ཞེས་བརྗོད་ན་སངས་རྒྱས་པ་ལ་ཁྱད་པར་ཅན་དང་ཁྱད་པར་གཉིས་ཀ་མ་གྲུབ་པ་ཡིན་པས་འདི་རྣམས་ཀྱང་ཕྱོགས་སྐྱོན་ཡིན་ནོ་ཞེས་དགའ་བྱེད་བདག་པོས་བཤད་ཀྱང་ཀུན་བཏུས་སུ་དེ་ལྟར་མ་བཤད་པ་ཅི་ལྟར་ཡིན་ཞེ་ན། དེ་ལྟ་བུ་ཕྱོགས་སྐྱོན་མ་ཡིན་ཏེ། སྒྲུབ་བྱེད་གཏན་ཚིགས་མ་གྲུབ་པ་ལ་སོགས་པའི་སྐྱོན་ནི་ཐམས་ཅད་ཀྱིས་ཕྱོགས་ཉིད་འགྲུབ་པ་ལ་ནི་གནོད་པར་འགྱུར་པ་སྟེ་ཕྱོགས་དེ་འགྲུབ་མི་ནུས་པས་ཡང་དག་མིན་པ་དེ་ལྟ་བུར་སྐབས་དེར་སོང་བ་ཡིན་ན་ཡང་སྒྲུབ་བྱེད་ལ་མི་ལྟོས་པར་དམ་བཅའ་བ་ཙམ་དང་འབྲེལ་བ་ཁོ་ན་ཕྱོགས་རང་གི་སྐྱོན་ཡིན་གྱི་ཡན་ལག་ཕྱི་མ་སྒྲུབ་བྱེད་ལ་ལྟོས་པའི་སྐྱོན་གང་ཡིན་པ་དེ་ནི་སྒྲུབ་བྱེད་དེ་ཉིད་དང་རྗེས་སུ་འབྲེལ་བའི་སྐྱོན་ཡིན་ནོ་ཞེས་གོང་དུ་བཤད་ཟིན་པ་དེ་ཡི་ཕྱིར་རྟེན་ཆོས་ཅན་དང་། སོགས་པའི་སྒྲས་ཁྱད་ཆོས་དང་གཉིས་ཀ་རྒོལ་པའི་ངོར་མ་གྲུབ་པ་ཙམ་ནི་ཕྱོགས་ཀྱི་སྐྱོན་མིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་བཀོད་པ་ན་སྒྲུབ་བྱེད་ལྟར་སྣང་ཡིན་པས་རྟགས་དེས་སྐབས་དེར་སྒྲ་མི་རྟག་པར་དམ་བཅས་པ་དེ་མི་འགྲུབ་པས་དམ་བཅའ་ལ་གནོད་པ་ལྟར་སྣང་ཡང་དམ་བཅའ་རང་ལ་སྐྱོན་མེད་པ་བཞིན་ནོ། །འོ་ན་སྒྲ་རྟག་པར་དམ་བཅས་ནའང་བསལ་བ་ཇི་ལྟར་འབབ་སྙམ་ན། སྒྲ་རྟག་པ་ནི་སངས་རྒྱས་པའི་ངོར་མ་གྲུབ་པ་ཙམ་གྱིས་བསལ་བ་མིན་ཀྱང་དངོས་སྟོབས་ཀྱི་རིགས་པས་ངེས་པ་དག་གི་ངོར་མ་གྲུབ་པ་དང་། མ་གྲུབ་པ་བཞིན་དུ་


MR20_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་སྟོབས་ཀྱིས་བསལ་བའང་ཡིན་ནོ། །རིགས་པས་མ་ངེས་པའི་བར་དུ་བསལ་བ་མེད་དེ་དཔག་གཞིར་རུང་ངོ་། །དེ་བཞིན་དུ་རྗེས་དཔག་གིས་གྲུབ་པ་ལའང་ཤེས་པར་བྱའོ། །འོ་ན་བདག་ཆོས་ཅན། ཐམས་ཅད་དུ་ཡོད་པ་ཡིན་ཏེ། ཞེས་དམ་བཅས་པ་ན་བདག་ཚད་མས་མ་གྲུབ་པས་དེ་ལའང་རྗེས་དཔག་གིས་བསལ་བ་འཇུག་གོ་སྙམ་ན། བདག་གི་སྒྲ་དོན་ཙམ་ནི་སུ་ལའང་གྲུབ་པས་དེ་སྨྲས་པ་ཙམ་གྱིས་བསལ་བའི་དོན་མེད་ལ། དེའི་ཁྱད་པར་རྟག་པ་དང་བྱེད་པོ་དང་ཁྱབ་པ་སོགས་སུ་དམ་བཅས་པ་དེ་ཚད་མས་བསལ་ཟིན་ཅིང་དགག་པའམ་སྒྲུབ་པར་བྱེད་པའི་གཏན་ཚིགས་འགོད་ན་རྟགས་དེས་ནུས་ཡུལ་མིན་པས་བསལ་བ་ཡིན་ནོ། །འོན་ཀྱང་བྱེ་བྲག་པ་སོགས་རང་གི་ངོར་བསལ་བ་མེད་པས་ན་དེ་དག་གིས་ནང་པའི་ངོར་སྒྲུབ་བྱེད་འགོད་པའི་ཚེ་དམ་བཅས་པ་ཙམ་གྱི་སྐྱོན་དུ་གྱུར་པ་མིན་ཀྱང་སྒྲུབ་བྱེད་བཀོད་པ་ན་ཚུལ་གསུམ་ཚང་བ་མི་སྲིད་པས་དེའི་སྐྱོན་བརྗོད་པར་བྱ་བར་ཟད་དོ། །དེ་བཞིན་སྒྲ་མི་རྟག་པར་ཚད་མས་གྲུབ་ཟིན་པ་སློབ་དཔོན་ཆོས་ཀྱི་གྲགས་པ་ལྟ་བུས་གྲངས་ཅན་པའི་ངོར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན་གྲངས་ཅན་པའི་ཚད་མས་གྲུབ་བསལ་མེད་དེ། ཞེན་ངོར་རྟག་པ་གྲུབ་པ་དེ་ནི་ཚད་མས་གྲུབ་པ་མ་ཡིན་ལ་སངས་རྒྱས་པ་བཞིན་དུ་ཚད་མས་བསལ་བའང་མེད་པས་དེ་ལ་བྱས་པས་གསར་དུ་སྒྲུབ་པའི་ནུས་པ་འཇུག་ཡུལ་ཡིན་ནོ། །དེས་ན་གྲུབ་བསལ་གཉིས་ཀ་ཚད་མས་ཡིན་གྱི་གཞན་དུ་ཞེན་པས་དམ་བཅའ་བ་ཙམ་ལ་གྲུབ་བསལ་གྱི་དོན་མེད་དོ། །གཉིས་པ་བསལ་བའི་དཔེས་མཚོན་ཚུལ་ལ། མདོ་ལས་གཞན་གསུམ་ཞར་ལ་བསྟན། །འདིར་ནི་དེ་ལས་གཅིག་བཤད་པའོ། །དང་པོ། ཀུན་བཏུས་ཀྱི་འགྲེལ་བར་བསལ་བ་བཞི་པོའི་དཔེར། སྒྲ་མཉན་དུ་མི་རུང་། བུམ་པ་རྟག །ཚད་


MR20_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

མས་གཞལ་བྱའི་དོན་སྒྲུབ་པར་མི་བྱེད། རི་བོང་ཅན་ཟླ་བ་མིན་ཞེས་པའི་དཔེ་བཞི་པོ་བཤད་དེ། དེ་དག་ནི་ཆོས་ཀྱི་རང་གི་ངོ་བོ་བསལ་བའི་སྒོ་ཙམ་ཞིག་བསྟན་པ་ཡིན་ནོ་ཞེས་གསུངས་པའི་ཆོས་ཀྱི་ངོ་བོ་བསལ་བའི་དཔེ་བཞི་པོ་འདིས་བསྒྲུབ་པར་བྱ་བའི་ཡན་ལག་ཏུ་གྱུར་པ་ཡི་ཞེས་ཚོགས་དོན་བསྒྲུབ་བྱ་ཡིན་ལ། དེ་དག་གི་ཆ་ཤས་ཁྱད་གཞིའམ་ཁྱད་ཆོས་ཀྱི་ཆ་ནས་འགལ་བར་གྱུར་པའི་ཆོས་ཅན་གྱི་ཁྱད་པར་ལ་གནོད་པ་དང་། ཆོས་ཀྱི་ཁྱད་པར་ལ་གནོད་པ་དང་། ཆོས་ཅན་རང་གི་ངོ་བོ་ལ་གནོད་པ་ཡི་དམ་བཅའ་སྐྱོན་ཅན་གསུམ་པོ་དག་ནི་ཞར་ལ་བསྟན་པ་ཡིན་ཏེ། འགྲེལ་བར་ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་གི་རང་གི་ངོ་བོ་བསལ་བ་ཡང་མཚོན་པར་རིག་པར་བྱ་སྟེ། འདི་ལྟར་དཔེར་ན་ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་ཏེ། སྲང་མཐོ་དམན་གྱི་བྱེ་བྲག་མ་བཟུང་བའི་ཕྱིར་རོ། །ཡན་ལག་དང་ཡན་ལག་ཅན་དག་ནི་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་གྱི་རྫས་དག་རྫས་དང་རྫས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ། ཆོས་ཀྱི་ཁྱད་པར་སེལ་དཔེ་བརྗོད། །དེ་ཡིས་གཞན་ཡང་རྟོགས་བྱར་གདམས། །དང་པོ་ལ། དགོས་པ་དང་འབྲེལ་དམ་བཅའ་བརྗོད། །གསལ་བ་དངོས་ཀྱི་ཚུལ་བཤད་པའོ། །དང་པོ། གནོད་པ་གསུམ་ཡོད་པ་དེ་ལ་སྐབས་འདིར་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་བསལ་བའི་དོན་ནི་ཤུགས་ཀྱིས་མཚོན་ཅིང་བསྟན་པ་ཡི་དོན་དུ་བྱེ་བྲག་པའི་ཞེ་འདོད་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དཔེ་ནི་ཕྱོགས་ཙམ་བརྗོད་པར་བྱའོ་ཞེས་དམ་བཅས་ནས། གཉིས་པ་ལ། བསལ་བྱ་ཞེ་འདོད་ངོས་


MR20_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཞིང་། དེ་ལ་རྟགས་ཀྱིས་གནོད་ཚུལ་ལོ། །དང་པོ། ཡན་ལག་དག་ལས་གཞན་པའི་ཡན་ལག་ཅན་མེད་དེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར། ཞེས་པ་འདི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དཔེ་ཡིན་ནོ། །འདི་ལ་ཡན་ལག་ཅན་ཡན་ལག་ལས་གཞན་མིན་ཞེས་འགོད་ནའང་ཆོས་ཅན་གྱི་ཁྱད་པར་འགོག་པར་འགྱུར་ཏེ། ཆོས་གཞན་ཙམ་འགོག་པ་མིན་གྱི་དེའི་ཁྱད་པར་ལྗིད་སོགས་འགོག་པ་ཡིན་ནོ། །དེ་ཡང་བྱེ་བྲག་པ་དག་གིས་མཐོང་མི་མཐོང་སྒྲིབ་མི་སྒྲིབ་སོགས་ཀྱི་ཁྱད་ཡོད་པས་ཡན་ལག་དང་ཡན་ལག་ཅན་རྫས་ཐ་དད་དུ་འདོད་ལ། ཡན་ལག་ཆོས་ཅན། ཁྱོད་ལས་གཞན་པའི་ཡན་ལག་ཅན་མེད་དེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར། ཞེས་བརྗོད་པའི་ཚེ་ན་ཡན་ལག་ལས་གཞན་པ་དེ་ཆོས་ཀྱི་ངོ་བོ་ལྗིད་སོགས་གཞན་གསུམ་ཆོས་དེའི་ཁྱད་པར་དུ་དམ་བཅས་པས་དེ་འདྲའི་ཁྱད་པར་ལ་རྟགས་འདིས་གནོད་པ་ཡིན་ནོ། །ཡང་ན་ཡན་ལག་ཅན་ཆོས་ཅན། གཞན་དུ་མེད་དེ་ཞེས་འགོད་ཀྱང་འདྲའོ། །དེ་ཡང་རྟག་དེས་བྱེ་བྲག་པའི་བསྒྲུབ་བྱ་ལ་གནོད་པ་ཡིན་ཞིང་གང་ལ་གནོད་ཞིབ་ཏུ་ཕྱེ་ན་ཆོས་ཀྱི་ཁྱད་པར་ལ་གནོད་པ་ཡིན་ནོ། །ཇི་ལྟར་ན་བྱེ་བྲག་པས་འབྱུང་བཞིའི་རྡུལ་ཕྲ་རབ་ཕྲད་པའི་ཚེ་རིགས་མི་མཐུན་རྣམས་ཕྲད་ན་ལྡན་པ་ཙམ་སྐྱེད་ཀྱི་ཡན་ལག་ཅན་གྱི་རྫས་མི་རྩོམ་ལ། རིགས་མཐུན་རྣམས་ཕྲད་པའི་ཚེ་ཐོག་མར་ལྡན་པ་དོན་གཞན་སྐྱེ། དེའི་འོག་ཏུ་ཡན་ལག་ཅན་གྱི་རྫས་ལོགས་སུ་སྐྱེ། ཆུང་མཐའ་རྡུལ་ཕྲ་རབ་གཉིས་ཕྲད་པ་ན་ཡན་ལག་ཅན་དང་པོ་སྐྱེ་ལ། དེ་ཡན་ལག་ཅན་ཡིན་ཡང་མངོན་སུམ་གྱི་ཡུལ་མིན་ཏེ། ད་དུང་རྡུལ་ཕྲན་ཞེས་པའི་མིང་ཐོབ་བོ། །རྡུལ་ཕྲན་མང་དུ་ཕྲད་པའམ་ཡན་ལག་ཅན་དང་པོ་སོགས་ཡན་ལག་ཅན་གཞན་དུ་མས་བསྐྱེད་པའི་ཡན་ལག་ཅན་སྣང་དུ་རུང་བ་ནི་མངོན་སུམ་གྱི་ཡུལ་ཡིན་པས་དེ་ལ་རགས་པ་ཞེས་བྱ་སྟེ། དེ་ལྟར་ན་ཡན་ལག་དང་ཡན་ལག་ཅན་གཉིས་ཀ་དོན་དྲུག་ལས་རྫས་ཁོ་ན་སྟེ་གཞན་ལྔས་རྫས་རྩོམ་མི་


MR20_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། །དེ་ལྟར་ན་རྡུལ་ཕྲ་རབ་ནི་ཡན་ལག་ཁོ་ན་ཡིན་པའི་མུའོ། །ཡན་ལག་ཅན་དང་པོ་དང་རགས་པ་གཉིས་ནི་ཡན་ལག་དང་ཡན་ལག་ཅན་གཉིས་ཀ་ཡིན་པའི་མུ་སྟེ། རགས་པ་ལ་ལྟོས་ནས་ཕྲ་བ་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ་ཞེས་ཟེར། དེ་ལྟར་རྡུལ་རིགས་མཐུན་ཕྲད་ཅིང་ལྡན་པ་ལས་སྐྱེས་པའི་ཡན་ལག་ཅན་གྱི་དོན་གང་ཞིག་རྫས་ཀྱི་མཚན་ཉིད་ཅན་ཏེ། རྫས་ཀྱི་མཚན་ཉིད་ནི་ལྗིད་ཀྱི་ཡོན་ཏན་དང་། དེས་དྲངས་ནས་འོག་ཏུ་འགྲོ་བའི་བྱ་བ་དོན་གཞན་དང་། དེ་གཉིས་འཕྲོད་འདུའི་རྒྱུ་བྱེད་པ་ཉིད་དུ་གྱུར་པ་གསུམ་དུ་འདོད་པ་ཡིན་ལ། དེ་ལྟ་བུའི་རྫས་ཀྱི་མཚན་ཉིད་ཡོད་པའི་ཡན་ལག་ཅན་མངོན་སུམ་མཐོང་བ་ལ་བརྟེན་པ་ཞིག་ཡན་ལག་ལས་གཞན་དུ་ཡོད་པར་དམ་བཅས་པ་ཡིན་གྱི། འདིར་མངོན་སུམ་དུ་མ་མཐོང་ཞིང་ལྗིད་སོགས་ཁྱད་པར་གསུམ་གྱི་ཁྱད་པར་ཅན་མིན་པའི་ཡན་ལག་ཅན་ལ། དེ་ལྟ་བུ་གཞན་དུ་ཡོད་ཅེས་དམ་བཅའ་བ་ལ་རང་གིས་འདོད་པ་ལ་ཕན་པའི་དགོས་པ་ཅི་ཡང་མེད་དེ། རྒྱུ་མཚན་བྱེ་བྲག་པ་དེ་དག་གིས་མ་མཐོང་བ་ཡན་ལག་ཕྲ་རབ་ཀྱི་རྡུལ་ལ་མཐོང་བ་དང་ཐོགས་པ་སོགས་ཀྱི་འབྲས་བུ་མེད་པ་མཐོང་ནས་ཡན་ལག་ལས་གཞན་དུ་མཐོང་སོགས་ཀྱི་འབྲས་བུ་ཡོད་པ་ཡན་ལག་ཅན་སྒྲུབ་པར་འདོད་པ་ཡིན་ཏེ། ཇི་སྐད་བཤད་པའི་ཁྱད་པར་ཅན་མིན་པའི་ཡན་ལག་ཅན་ཙམ་ཡན་ལག་ལས་གཞན་དུ་ཡོད་པ་ནི་སྒྲུབ་པ་ཡིན་ན་ལྡོག་པའམ་བཏགས་པའི་ཐ་སྙད་ཙམ་དུ་འགྱུར་བས་ཡན་ལག་རྡུལ་དུ་མ་ཚོགས་པའི་རང་མཚན་སྣང་རུང་དེ་ལ་ཡན་ལག་ཅན་ཞེས་འདོད་པ་སངས་རྒྱས་པ་ལ་གྲུབ་ཟིན་པ་སྒྲུབ་པ་ཉིད་དུ་འགྱུར་བས་དེས་ན་བྱེ་བྲག་པའི་ཞེ་འདོད་ཀྱིས་བསྒྲུབ་བྱ་ཡན་ལག་ལས་གཞན་པའི་ཡན་ལག་ཅན་དེ་ཡིན་ན་རྫས་ཐ་དད་


MR20_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྟ་བུ་ཡིན་པར་འགྱུར་རོ། །གཉིས་པ་ལ། གནོད་པ་སྟོན་དང་དེའི་ལན་བཀག །དང་པོ། གལ་ཏེ་ཡན་ལག་ཅན་འདི་ཡན་ལག་ལས་ལྕི་ཞིང་འོག་ཏུ་འགྲོར་ཏེ་འགྲོ་བའི་བྱ་བ་དང་ལྡན་པར་འགྱུར་ན། ཡན་ལག་བུམ་པ་ལྟ་བུའི་རྫས་མ་བརྩམས་པའི་སྔ་རོལ་གྱི་འཇིམ་རིལ་རྣམས་སོ་སོར་གནས་པ་སྣོད་གཅིག་ཏུ་བཞག་སྟེ་སྲང་ལ་གཞལ་བ་ལས་ཕྱིས་བུམ་པ་ལྟ་བུ་གྲུབ་པའི་ཚེའམ་འཇིམ་གོང་གཅིག་ཏུ་བསྲེས་ནས་གཞལ་བ་ན་སྔར་གཞལ་བའི་ཚད་ལས་སྲང་ནི་དམའ་བ་དག་ཏུ་འགྱུར་རིགས་ཏེ། དེའི་ཚེ་སྔར་ལས་ལྷག་པར་ཡན་ལག་ཅན་གྱི་རྫས་ལོགས་སུ་ཡོད་པ་གང་ཞིག །དེ་ལྗིད་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཡིན་པར་འདོད་པའི་ཕྱིར་རོ། །དེས་ན་སྲང་དམའ་བའི་ཁྱད་པར་མི་འཛིན་པར་མངོན་སུམ་མཐོང་བ་དེས་ཡན་ལག་ལས་ཡན་ལག་ཅན་རྫས་གཞན་དུ་འདོད་པའི་དམ་བཅའ་བསལ་བ་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་བསལ་བ་དེས་ན་ལྕི་བའི་ཡོན་ཏན་དང་འགྲོ་བའི་བྱ་བ་མེད་པ་དེ་ཕྱིར་ཡན་ལག་ཅན་གྱི་རྫས་དེ་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡང་མིན་ཏེ་འདུ་བར་བྱ་བ་མེད་པའི་ཕྱིར་རོ། །དེ་ཕྱིར་འབྲས་བུ་ལྕིད་སོགས་ཆོས་གསུམ་དང་དེ་ལྡན་ཡན་ལག་ཅན་གྱི་རྫས་ཀྱི་ངོ་བོ་དག་མངོན་སུམ་ཚད་མས་མཐོང་བའམ་བལྟར་རུང་བ་མེད་པའི་ཕྱིར་དེ་ཚད་མས་མཐོང་བ་མིན་པ་དེས་ན་ཡན་ལག་ཅན་དེ་དང་མེད་ན་མི་འབྱུང་བ་ཡི་ཁྱད་པར་ལྕིད་སོགས་གཞན་གསུམ་པོ་དེ་ལ་སྲང་དམའ་བར་མཐོང་བ་མེད་པ་དེ་གནོད་བྱེད་ཡིན་པས་ཆོས་ཀྱི་ཁྱད་པར་ལ་གནོད་པ་ཞེས་བྱ་སྟེ། འགོད་ཚུལ་གཞན་ཙམ་ལས་སྨོས་པ་མེད་ཀྱང་ཞེ་འདོད་ཀྱི་ཆོས་གསུམ་ཅན་དུ་འདོད་པ་ལ་དེ་ལྟར་གནོད་པ་ཡིན་ནོ། །གཉིས་པ་ལ། ལན་དང་དེ་ལ་གནོད་པ་སྟོན། །དང་པོ། རྡུལ་ཕྲ་མོ་མཐར་ཐུག་པ་གཉིས་ཕྲད་པ་ནས་བརྩམས་ཏེ་ཡན་ལག་ཅན་གྱི་རྫས་ཡོད་ཀྱང་དེ་འདྲའི་


MR20_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་འཕྲེང་བ་དག་ཇེ་མང་དུ་འཕེལ་བ་དེ་སྲང་ལག་གཅལ་བ་ཉིད་ཀྱི་ཕྱིར་ན་རྫས་ཕྲེང་དུ་མའི་ནང་ན་གནས་པའི་རྫས་གཞན་ཡན་ལག་ཅན་གྱི་ལྕི་བ་ཉིད་ཡོད་ཀྱང་ལྷག་པོར་འདི་ཞེས་མི་རྟོགས་ཏེ། དཔེར་ན་རས་བལ་གྱི་ཁུར་ཆེན་པོའི་ནང་དུ་རས་བལ་གྱི་འདབ་མ་ཆུང་ངུ་བཞག་པ་ན་སྲང་དམའ་བར་མི་བྱེད་པ་བཞིན་ཞེས་གཞན་བྱེ་བྲག་པ་དག་གིས་ལན་དུ་ཟེར་རོ། །གཉིས་པ་ལ། མཐོང་བའི་དངོས་པོས་མ་ངེས་བསྟན། །དེ་ཡིས་གཞན་གྱི་ཞེ་འདོད་འཇིག །དང་པོ། ཡན་ལག་ཅན་ལ་ལྕིད་ཡོད་ཀྱང་སྲང་གིས་རྟོགས་མི་ནུས་པར་འདོད་པ་དེ་ཡི་ལུགས་ལ་འཇིམ་གོང་ཚད་མཉམ་པ་གཉིས་ལས་གཅིག་ནི་ཅིག་ཅར་ལྡན་པ་སྟེ་གོང་བུ་གཅིག་ཏུ་བྱས་པ་དང་། གཅིག་ནི་རིལ་བུ་བཅུ་ལྟ་བུར་སོ་སོར་ལྡན་པའི་རྡུལ་གྱི་ཚོགས་པ་དག་དེ་གཉིས་སོ་སོར་སྲང་མདའི་ཕྱོགས་གཉིས་སུ་བཞག་ནས་ལྷན་ཅིག་གཅལ་བ་ན་གཅིག་ལ་ཡན་ལག་ཅན་གྱི་ལྕིད་ལྷག་པ་དེ་ཕྱིར་ལྕིད་ཆེ་ཆུང་ནི་ཐ་དད་པར་འགྱུར་རིགས་སོ། །དེས་ན་གསེར་མ་ཤ་རེ་རེའི་ཚད་དུམ་བུར་གནས་པ་ལྔ་དང་། དེ་ལྔ་གཅིག་ཏུ་བསྲེས་པའི་གོང་བུ་དང་། འོལ་མོ་སེ་ལ་སོགས་པ་རིམ་པ་ཡིས་བསྒྲེས་ཏེ་ཆ་དུ་མ་ཅན་ཆ་གཅིག་གི་ལྕིད་དང་མཉམ་པ་དེ་གཉིས་སྲང་གྲངས་མཚུངས་པ་ནི་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། སྤྱིར་གོང་བུའི་ལྕིད་ཇི་ཙམ་པ་དེ་ཡན་ལག་ཅན་གྱི་ཡིན་དགོས་ཀྱི་ཡན་ལག་ཕྲ་རྡུལ་ལ་དེ་རྟོགས་པ་མེད་པར་འདོད་པ་ཡིན་ལ། དེ་ཡང་ཡན་ལག་ཅན་དང་པོ་དུ་མའི་རྫས་ཕྲེང་གཞལ་བ་ཡིན་ན་གསར་དུ་རིགས་མཐུན་པའི་རྡུལ་ཕྲད་པ་ལས་སྐྱེས་པའི་ཡན་ལག་ཅན་བྱུང་བ་ན་དེ་ལ་ལྕིད་ལྷག་པོ་མེད་ན་ཡན་ལག་བཞིན་དུ་དེ་སྣང་དུ་མི་རུང་བར་འདོད་པས་ན་དེ་ལ་ལྕིད་ལྷག་པོ་ཡོད་དགོས་ལ། དེ་ཡང་གསེར་མ་ཤ་གཉིས་བསྲེས་པ་ན་སྔ་མ་གཉིས་


MR20_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡན་ལག་ཅན་གྱི་ལྕིད་གཞིར་བཞག་གི་སྟེང་དུ་བསྲེ་རྒྱུ་དེའི་ཡན་ལག་ཅན་དང་གསར་དུ་སྐྱེས་པའི་ཡན་ལག་ཅན་གྱི་ལྕིད་ཀྱིས་ལྷག་པས་ཡན་ལག་ཅན་གཉིས་འཕར་ལ། དེའི་སྟེང་དུ་གཅིག་བསྣན་པ་ན་སྔ་མ་ལྔའི་སྟེང་དུ་གཉིས་འཕར་ནས་བདུན་གྱིས་ལྷག་པ་སོགས་ཇི་སྲིད་འཕེལ་ལོ། །གལ་ཏེ་བསྲེས་པའི་ཚེ་ཡན་ལག་ཅན་སྔ་མ་སྔ་མ་ཞིག་པར་འགྱུར་ན་ནི་རྫས་ཕྲེང་གཞལ་བ་ཡང་མི་འགྲུབ་ལ། ཐ་མའི་ཡན་ལག་ཅན་གཅིག་པོ་དེ་ཁོ་ནར་འགྱུར་ན་འཇིམ་རིལ་བཅུ་བསྲེས་པ་དང་མ་བསྲེས་པའི་ཚན་གཉིས་ལས་མ་བསྲེས་པ་ལྕིད་ཆེ་བར་འགྱུར་ཏེ་ཡན་ལག་ཅན་དགུས་ལྷག་པས་སོ། །དེས་ན་ཆ་གཅིག་དུ་མར་ཇི་ཙམ་ཕྱེ་ནས་རིམ་བསྲེས་བཞིན་ལྗིད་ཆེ་བའམ། སོ་སོར་དུམ་བུར་ཇི་ཙམ་བྱས་རིམ་བཞིན་ལྗིད་ཆུང་དགོས་ཀྱང་དེ་མི་སྲིད་པས་ཡན་ལག་ཅན་ནི་བཏགས་པ་ཙམ་ལས་ཡན་ལག་ལས་ཐ་དད་དུ་རྫས་སུ་མེད་པ་གསལ་པོར་མངོན་པ་ཡིན་ནོ། །གཉིས་པ་ལ། དངོས་དང་དེ་ཕྱིར་དེ་མེད་རྟགས། །དང་པོ། དེ་ལྟར་བརྟགས་པ་ན་ཡན་ལག་ལ་མེད་ཅིང་ཡན་ལག་ཅན་ལ་ཡོད་པའི་ཁྱད་པར་དུ་འདོད་པའི་ལྕིད་སོགས་ཅུང་ཟད་ཀྱང་མཐོང་བ་མེད་བཞིན་དེ་མཐོང་བས་གྲུབ་པར་ཁས་ལེན་པ་ནི་ཤིན་ཏུ་རྨོངས་ཏེ། གལ་ཏེ་འདི་ལྟར་བརྟགས་པ་ན་ཡུངས་ཀར་གྱི་ཚད་ཙམ་ནས་བརྩམས་ཏེ་རྡུལ་གྱི་ཚོགས་ཆེན་པོ་གོང་ནས་གོང་དུ་ནི་འཕེལ་བ་དང་ལྡན་པ་ན་དེ་དག་ཕྲད་པ་ལས་བྱུང་བའི་འབྲས་བུའི་ཕྲེང་བ་ཡན་ལག་ཅན་གྱི་རྫས་གསར་དུ་སྐྱེས་པ་དུ་མ་ཡོད་ཀྱང་དེ་ཡི་ལྕི་བ་ནི་འདི་ཞེས་སྲང་གིས་ནམ་ཡང་རྟོགས་པ་མ་ཡིན་ན་རྡུལ་ཕྲ་རབ་ནས་ཡུངས་ཀར་དུ་ལོངས་པའི་བར་གྱི་ལྕིད་དག་ཀྱང་བཤད་མ་ཐག་པ་ལས་ཆེས་ཆུང་ངུ་ཡིན་པས་ཤིན་ཏུ་རྟོགས་དཀའ་བས་ན། ཕྲ་བ་དང་རགས་པར་གྱུར་པའི་ཡན་ལག་ཅན་གྱི་རྫས་གང་ཞིག་ཡན་


MR20_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་ཚོགས་པ་ཕྲད་པ་ཡི་འབྲས་བུའི་ངོ་བོར་འདོད་པ་དེ་དག་གི་ལྕིད་ནི་ནམ་ཡང་མི་རྟོགས་པའི་ཕྱིར་སྲང་གིས་རྟོགས་བྱ་འདི་ནི་ཡན་ལག་ཅན་དེ་ཡི་རྒྱུ་ཡན་ལག་གི་མཐར་ཐུག་པ་རྡུལ་ཕྲ་རབ་ཉིད་གཞལ་བྱར་འགྱུར་ཏེ། དེ་མང་ཉུང་གི་ཁྱད་པར་ཁོ་ནས་སྲང་མཐོ་དམན་བྱེད་པ་ཡིན་ནོ། །དེས་ན་རྡུལ་ཕྲ་རབ་ནས་ཡུངས་ཀར་ཙམ་གྱི་བར་སྲང་གིས་མི་རྟོགས་ཀྱང་རྡུལ་ཕྲ་རབ་དུ་མ་འདུས་ན་རྟོགས་རུང་བ་དངོས་པོའི་ཆོས་ཉིད་དེ། རས་བལ་གྱི་འདབ་མ་ཕྲ་མོ་བཞག་པས་སྲང་དམའ་མ་ནུས་ཀྱང་རིམ་བཞིན་ཁུར་དུ་ལོངས་པ་སོགས་བསྣན་ན་ནུས་པ་བཞིན་ནོ། །གཉིས་པ། འདི་ལྟར་རས་བལ་གྱི་ལྕིད་མ་རྟོགས་ཀྱང་ཁོ་རང་གི་གཟུགས་རྟོགས་པས་དེ་རས་བལ་གཞན་གྱི་སྟེང་དུ་བསྣན་པ་ཡོད་ཅེས་འདོད་ཀྱང་ཡན་ལག་ཅན་གྱི་དོན་དེ་ནི་ཁོ་རང་ཡན་ལག་ལ་ཡོད་དོ་ཞེས་ནམ་ཡང་མཐོང་བ་མེད་དེ། ཡན་ལག་གི་ཆ་མཐོང་བ་ལས་གཞན་དུ་མ་དམིགས་སོ། །དེ་རང་ཉིད་མ་དམིགས་ཀྱང་འབྲེལ་བ་ཅན་དམིགས་པ་མེད་དེ། རས་བལ་གྱི་འདབ་མ་ཆུང་ངུ་བསྣན་པ་བཞིན་དུ་ཡན་ལག་ཅན་དེ་ཡི་འབྲས་བུ་ལྕི་བའང་རྟོགས་པ་མེད་པས་ན་དེ་ཚད་མས་མ་མཐོང་བཞིན་དུ་ཁས་ལེན་པ་མོ་གཤམ་གྱི་བུ་ཡོད་པར་དམ་བཅའ་བ་བཞིན་ནོ། །གཉིས་པ་དཔེ་དེས་གཞན་ཡང་རྟོགས་བྱར་གདམས་པ་ལ། ཡོན་ཏན་གཞན་ཡང་འགོག་ཚུལ་དང་། །དེ་བཞིན་དཔེ་བརྗོད་གཞན་ཡང་མཚོན། །དང་པོ། སྲང་དམའ་བའི་ཁྱད་པར་འཛིན་པ་མཐོང་བ་མེད་པའི་མངོན་སུམ་གྱིས་གནོད་པའི་དཔེ་འདིས་ཡན་ལག་ཅན་གྱི་ལྕིད་ཉིད་ཚད་མས་རྟོགས་པ་མེད་པ་བཞིན་དུ་ཡན་ལག་ཅན་དེའི་གཟུགས་སོགས་ཡོན་ཏན་གཞན་ཐམས་ཅད་ལྷག་ཚུལ་ཀྱང་རྟོགས་པ་མེད་པའི་ཕྱིར། ཇི་ལྟར་གསེར་མ་ཤ་ཀའི་ཚད་དང་ལྡན་པ་ལ་སོགས་ཡན་ལག་རྣམས་ཀྱི་


MR20_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ལྕིད་ཁོ་ན་ལས་ཡན་ལག་ཅན་ལ་ལྕིད་ལྷག་པོ་ཡོད་པ་མིན་པས་ན་དེ་འཇལ་བྱེད་སྲང་དམའ་བ་མེད་པ་དེ་ནི་ཉེར་མཚོན་ཏེ་གཞན་ཉེ་བར་མཚོན་པ་ཙམ་དུ་ཡིན་པས་གཟུགས་དང་དྲི་སོགས་ཡོན་ཏན་ཐམས་ཅད་ཡན་ལག་ལས་ཡན་ལག་ཅན་ལ་ལྷག་པོ་ཡོད་པ་དང་། ལྷག་པ་ཇི་བཞིན་དུ་རང་གི་དབང་པོས་མཐོང་བ་མེད་པའི་ཕྱིར་ཡན་ལག་ལས་རྫས་གཞན་པའི་ཡན་ལག་ཅན་གྱི་ཁྱད་པར་ཀུན་ཀྱང་དེ་ལྟར་བཀག་པ་ཤེས་པར་བྱའོ། །གཉིས་པ། ཁས་བླངས་པ་སྔ་ཕྱི་དང་རང་གི་ཚིག་དང་སོགས་པའི་སྒྲས་མངོན་སུམ་དང་རྗེས་དཔག་དང་གྲགས་པ་གང་ཉིད་ཀྱིས་དམ་བཅའ་བའི་དོན་ལ་གནོད་པ་དག་ནི་སྲིད་པས་ན་བྱེ་བྲག་པའི་ཞེ་འདོད་ཆོས་ཀྱི་ཁྱད་པར་འགོག་པའི་དཔེར་ཇི་སྐད་བཤད་པའི་ཕྱོགས་འདི་ཉིད་ཀྱིས་ནི་དམ་བཅའ་ལྟར་སྣང་གི་དཔེར་བརྗོད་པ་གཞན་ཡང་རྟོགས་པར་བྱའོ། །དེ་ལ་དམ་བཅས་པའི་དོན་གང་ཞིག་ཁས་བླངས་སམ་ཚད་མས་གནོད་པ་ན་དེའི་ཆོས་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་ལ་གནོད་པའི་ཚུལ་གྱིས་འགོག་པ་ཡིན་ནོ། །དེ་ལ་ཆོས་ཅན་གྱི་ངོ་བོ་ལ་གནོད་པ་ནི། རྫས་ཆོས་ཅན། ཡོད་པ་མིན་ཏེ། རྫས་དང་ཡོན་ཏན་དག་རྫས་དང་རྫས་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཞེས་པ་སྟེ། འདི་ཡང་གཙོ་བོར་ཁས་བླངས་པས་འགོག་པ་སྟེ། བྱེ་བྲག་པས་རྫས་དང་ཡོན་ཏན་ཐ་དད་པ་མཁར་གཞོང་ལ་རྒྱ་ཤུག་གི་ཚུལ་དུ་བརྟེན་པར་འདོད་པ་ལ་དེ་འདྲའི་རྫས་ཡོད་པ་མིན་ཞེས་བསྒྲུབ་པ་སྟེ། གང་གིས་ན་དེ་ལྟ་བུར་ཡོད་ན་རྫས་ཡོན་ཐ་དད་དུ་ཡོད་པས་རྫས་ཀྱང་རྫས་མིན་པར་འགྱུར་ཏེ་ཡོན་ཏན་སོགས་དེ་ལ་མེད་པའི་ཕྱིར་རོ། །རྫས་མ་ཡིན་པ་གཞན་ཡོན་ཏན་སོགས་ཏེ་དེ་ཡང་རྫས་ལ་མི་བརྟེན་པས་ཡོན་ཏན་མ་ཡིན་པར་ཐལ་བ་སོགས་རང་གི་རྫས་དང་ཡོན་ཏན་གྱི་མཚན་ཉིད་བཞག་པ་འཁྲུག་པར་འགྱུར་རོ་ཞེས་པ་སྟེ།


MR20_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ལས་དཀར་པོ་དོན་གཞན་དུ་ཡོད་ན་དུང་དཀར་པོ་མིན་པ་དང་། དཀར་པོ་དེ་དུང་གི་མིན་པར་ཐལ་བ་བཞིན་ནོ། །དེས་ན་འདི་ཡང་ལྡོག་པ་ཙམ་གྱིས་ཐ་དད་པས་ནི་བྱེ་བྲག་པའི་ཞེ་འདོད་མི་འགྲུབ་ཅིང་སངས་རྒྱས་པ་ལ་གྲུབ་ཟིན་བསྒྲུབ་པར་འགྱུར་རོ། །དེས་ན་རྫས་ཡོན་ཐ་དད་དུ་ཡོད་ཅེས་བསྒྲུབ་པ་ལ་རིགས་པ་དེས་གནོད་དོ། །དེ་ཡང་ཆོས་ཅན་རྫས་ཀྱི་ངོ་བོ་ལ་གནོད་པའོ། །ཡན་ལག་ཅན་ཡན་ལག་ལས་གཞན་མིན་ཏེ། མངོན་སུམ་མ་ཡིན་པར་ཐལ་བའི་ཕྱིར། ཞེས་པ་འདི་ཡང་ན་ཆོས་ཀྱི་ཁྱད་པར་དུ་འགྲོ་བ་ལ་སྲང་དམའ་བའི་སྐབས་དང་འདྲ་ཞིང་། ཡན་ལག་ཅན་ནམ་ཡན་ལག་ཆོས་ཅན་དུ་བཟུང་ན་ཆོས་ཅན་དེའི་ཁྱད་པར་གྱི་ཆོས་གཞན་དུ་མཐོང་བ་དེ་འགོག་པས་ཆོས་ཅན་གྱི་ཁྱད་པར་འགོག་པར་འགྲོའོ། །ངག་ཐམས་ཅད་ནི་བདེན་པའི་དོན་ཅན་མིན་ཞེས་པ་ཆོས་ཆོས་ཅན་གཉིས་ཀ་འགོག་པའི་དཔེ་སྟེ། ངག་ཐམས་ཅད་ཀྱི་ཁོངས་སུ་བདག་སྨྲ་བ་པོའི་ངག་ཀྱང་འདུས་པས་བདག་གི་ངག་དེས་དོན་སྟོན་པ་ཞེ་འདོད་ཡིན་པས་དེའི་ཁྱད་པར་དང་བདེན་པའི་ཁྱད་པར་བརྗོད་བྱ་སྟོན་པ་ལ་གནོད་པའམ་སྤྱིར་ངག་དང་བདེན་པའི་ངོ་བོ་འགོག་པ་ཡིན་ནོ། །གཉིས་པ་གཞན་གྱི་ཕྱོགས་མཚན་དགག་པ་ལ། གཞན་འདོད་ཕྱོགས་ཀྱི་མཚན་ཉིད་དགག །ཕྱོགས་ལྟར་སྣང་བའི་དཔེ་བརྗོད་དགག །དང་པོ་ལ། རྗོད་བྱེད་ཚིག་ལ་བརྟགས་ནས་དགག །བརྗོད་བྱའི་དོན་ལ་བརྟགས་ནས་དགག །ཉེས་སྤོང་ངེས་བཟུང་འདོད་ལན་དགག །དང་པོ་ལ། དཔེ་རྟགས་མ་གྲུབ་དམ་བཅར་ཐལ། །དེ་ཡི་ལན་གྱི་ཁྱད་པར་འགོག །དང་པོ་ལ། དངོས་དང་དེ་ཡི་འཐད་པ་བསྟན། །དང་པོ། ཀུན་བཏུས་སུ་གཞན་གྱི་ཕྱོགས་མཚན་དགག་པའི་སྐབས་སུ། རིགས་


MR20_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་པ་རྣམས་ན་རེ། །བསྒྲུབ་བྱ་སྟོན་པ་ཞེས་འདི་ལ། །གྲུབ་པ་མེད་པར་དོན་གྱིས་བྱས། །དེ་ལྟ་ན་ནི་རྟགས་དང་དཔེ། །མ་གྲུབ་པ་ཡང་བསྒྲུབ་བྱར་འགྱུར། །ཞེས་གསུངས་ཏེ། དེ་ལ་རིགས་པ་ཅན་པས་བསྒྲུབ་པར་བྱ་བ་གང་གཞན་ལ་བསྟན་པར་བྱ་བ་ནི་དམ་བཅའ་ཡིན་ནོ་ཞེས་ཟེར་ཞིང་། སྔར་ཚད་མས་གྲུབ་པ་མེད་པར་ཚིག་དེའི་དོན་གྱིས་བྱས་སོ་ཞེས་ཟེར། དེས་གྲུབ་ཟིན་མིན་པར་སྟོན་པས་མ་གྲུབ་པ་ཞིག་ཏུ་རྟོགས་མོད། འོན་ཀྱང་མ་གྲུབ་པ་གང་ཞིག་དེ་རྟགས་ཀྱིས་བསྒྲུབ་བྱ་ཡིན་པ་ཐམས་ཅད་བསྒྲུབ་བྱར་འགྱུར་བར་ཐལ་ལོ། །དེ་མི་འགྱུར་ཏེ། ད་ལྟ་བསྒྲུབ་བྱ་ཡིན་པར་གྱུར་པ་དེ་བསྒྲུབ་བྱ་ཡིན་གྱི་མ་འོངས་པ་ན་བསྒྲུབ་བྱར་འགྱུར་བ་ཙམ་མིན་ནོ་ཞེ་ན། དེ་འདྲའི་དོགས་པ་ཆོད་པ་ཁྱེད་རང་གི་དམ་བཅའི་མཚན་ཉིད་ལ་མེད་དེ། བསྒྲུབ་པར་བྱ་བ་ཞེས་པའི་བྱ་བའི་རྐྱེན་ནི་དུས་གསུམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་ན། སྒྲ་རྟག་སྟེ། མིག་གིས་གཟུང་བྱ་ཡིན་པའི་ཕྱིར། །ཞེས་དང་། སྒྲ་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། བློ་བཞིན། ཞེས་པ་ལྟ་བུ་དཔེ་རྟགས་ཕ་རོལ་ལ་གྲུབ་པ་དེ་ལྟའི་བདག་ཉིད་མིན་པ་མ་གྲུབ་པ་ཞིག་གཞན་ཕ་རོལ་པོ་དག་ལ་དེ་ལྟར་བཀོད་པ་དེ་ལ་བཀོད་བཞིན་པ་དེ་ཡི་ཚེ་དེ་འདྲའི་སྒྲུབ་བྱེད་དེ་དམ་བཅར་མི་འདོད་ན་ཡང་བསྒྲུབ་བྱར་དོན་གྱིས་ཐོབ་པར་འགྱུར་ཏེ། གཞན་ལ་བསྒྲུབ་བྱར་སྟོན་པ་ཡིན་པའི་ཕྱིར་རོ། །གཉིས་པ། ཤེས་བྱེད་རྟགས་ཀྱི་བསྒྲུབ་བྱ་དཔྱད་པའི་སྐབས་ཡིན་པའི་ཕྱི་དཔེ་རྟགས་མ་གྲུབ་པ་དམ་བཅར་ཐལ་བ་མེད་དེ། རྫ་མཁན་གྱིས་བསྒྲུབ་བྱ་ཞེས་པས་བུམ་པ་ཁོ་ན་གོ་ཞིང་འཁོར་ལོ་སོགས་ལ་མི་གོ་བ་ལྟར་ཡིན་པས་དཔེ་རྟགས་མ་གྲུབ་པ་དམ་བཅར་ཐལ་ཞེས་འཕེན་པ་མི་འཐད་དོ་ཞེ་ན། དེ་ཤིན་ཏུ་འཐད་དེ། འདིར་ཡང་ཤེས་བྱེད་


MR20_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་འགོད་པའི་སྐབས་ཀྱི་དབང་དུ་བྱས་ནས་རྟགས་དེས་བསྒྲུབ་པར་བྱ་བ་སྔར་མ་གྲུབ་པ་ཐམས་ཅད་ཀྱང་རྟོགས་པར་བྱེད་པ་ཡིན་པའི་ཚིག་བསྒྲུབ་པར་བྱ་བ་ཞེས་པ་དེ་དམ་བཅའི་མཚན་ཉིད་དུ་སྨོས་པ་དེ་ཕྱིར་བསྒྲུབ་པར་བྱ་བའི་སྒྲ་དེ་ནི་སྤྱིར་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ་ཅོག་ལ་འཇུག་གི། རང་གི་ཞེ་ལ་འདོད་པའི་ཁྱད་པར་དམ་བཅའ་ཁོ་ན་ལ་བརྟེན་པ་མིན་ཏེ། དམ་བཅའ་དང་རྟགས་མ་གྲུབ་པ་གཉིས་ཀ་རྒོལ་བའི་ངོར་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་མེད་པས་སོ། །རྟགས་དང་དམ་བཅའ་གཉིས་ཀར་ཡང་དག་ལྟར་སྣང་ཡོད་པས་ཡང་དག་ལ་སྒྲུབ་བྱེད་ཡོད་ཅིང་ཅིག་ཤོས་ལ་མེད་མོད། བཀོད་ཚོད་ཙམ་ལ་ནི་ཐམས་ཅད་དུ་སྒྲུབ་བྱེད་ཡོད་པ་ལྟར་སྟོན་ནོ། །དེས་ན་དཔེ་དང་གཏན་ཚིགས་དག་མ་གྲུབ་པ་བསྒྲུབ་བྱར་འགྱུར་རོ་ཞེས་རིགས་པ་ཅན་པའི་ཕྱོགས་མཚན་ཁྱབ་ཆེས་པའི་དཔེར་ནི་བྱས་པ་ཡིན་ཏེ། གཞན་དུ་ཤེས་བྱེད་ཀྱི་སྐབས་ཀྱི་བསྒྲུབ་བྱའི་དབང་དུ་བྱས་པ་མིན་ན་རི་བོང་རྭ་ལ་སོགས་པ་མ་གྲུབ་པ་ཀུན་ཀྱང་བསྒྲུབ་བྱར་འགྱུར་རོ་ཞེས་ཐལ་བ་འཕེན་དགོས་པ་ལ་དེ་ལྟར་མ་གསུངས་པས་ན། རྟགས་ཀྱིས་བསྒྲུབ་བྱའི་དབང་དུ་བྱས་པ་གཞིར་བཞག་གི་སྟེང་ནས་སྐྱོན་འཇུག་ཚུལ་ཡིན་ནོ། །དེ་ལྟར་ཚིག་མཐའ་དུས་གསུམ་དང་འབྲེལ་བའི་ཕྱི་རྗོད་བྱེད་ལ་བརྟགས་ན་དཔེ་རྟགས་མ་གྲུབ་པ་གཅོད་མི་ནུས་པའི་སྐྱོན་བསྟན་པའོ། །གཉིས་པ་ལན་འགོག་པ་ལ། བསྒྲུབ་བྱའི་མཚན་ཉིད་དེ་ལྟར་ཁྱབ་ཆེས་པར་མི་འགྱུར་ཏེ། བསྒྲུབ་པར་བྱ་བ་ཞེས་པའི་རྐྱེན་གྱི་མཐའ་དེ་ལས་བརྗོད་པའི་དོན་ཅན་ཡིན་པས་བྱེད་པོ་རྫ་མཁན་ལྟ་བུ་རྟགས་འགོད་པ་པོའི་ཞེ་ཕུག་གི་བསྒྲུབ་བྱ་ལས་སུ་བྱ་བ་རྫ་བུམ་ལྟ་བུ་ཡིན་པས་སྒྲུབ་བྱེད་འཁོར་ལོ་དང་དབྱིག་གུ་སོགས་ལ་བསྒྲུབ་བྱར་མི་འཛིན་པ་ལྟ་བུར་འགྱུར་ཞིང་། གཞན་ཡང་དཔེ་རྟགས་མ་གྲུབ་པ་ཡིན་ཀྱང་ཡན་ལག་ལྔའི་


MR20_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་ཀྱི་ཡན་ལག་ཡིན་གྱི་དམ་བཅའི་ཡན་ལག་མིན་པའི་ཕྱི་རིགས་མི་མཐུན་པའི་ཕྱིར་དང་། གཞན་ཡང་རྒོལ་བས་ཁས་བླངས་པའི་གྲུབ་མཐའ་ཡིན་པའི་ཕྱིར་ཏེ། སྤྱིར་གྲུབ་མཐའ་བཞི་སྟེ། རྒྱུད་ཐམས་ཅད་ཀྱི་གྲུབ་མཐའ་དང་མི་མཐུན་པའི་རྒྱུད་དམ་རྒོལ་བའི་རྒྱུད་ཀྱི་གྲུབ་མཐའ་དང་། དབང་དུ་བྱ་བའམ་སྐབས་ཀྱི་གྲུབ་མཐའ་དང་། ཁས་བླངས་པའི་གྲུབ་མཐའ་ཞེས་པ་ནི་རིམ་པ་ལྟར། རྒྱུད་ཐམས་ཅད་དང་འགལ་བ་མེད་པ་ད་ལྟ་བའི་ཡུལ་ལྟ་བུ་ནི་དང་པོ་དང་། རྒྱུད་མཐུན་པ་ལ་གྲུབ་ཅིང་གཞན་གྱི་རྒྱུད་ལ་མ་གྲུབ་པ་ལྟ་བུ་ནང་མི་མཐུན་པའི་ཁས་ལེན་གཉིས་པ་དང་། གང་གྲུབ་པ་ན་གནས་སྐབས་གཞན་གྲུབ་པ་ནི་གསུམ་པ་སྟེ་དངོས་སུ་ཁས་བླངས་པ་དེས་མེད་ན་མི་འབྱུང་བ་ཤུགས་ལ་གྲུབ་པ་ལྟ་བུའོ། །མ་བརྟགས་པར་ཁས་བླངས་པ་ལས་གདོད་དེའི་ཁྱད་པར་བརྟག་པ་བཞི་པའོ། །དེ་ལྟར་མདོར་ན་བསྒྲུབ་བྱ་འདི་སྒྲུབ་བྱེད་ཀྱི་ལས་སུ་བྱ་བ་ཡིན་པ་དང་། དམ་བཅའ་བ་ཡིན་པ་དང་། བསྒྲུབ་བྱར་ཁས་བླངས་བ་ཡིན་གྱི་སྒྲུབ་བྱེད་མིན་པའི་རྒྱུ་མཚན་གསུམ་གྱིས་དཔེ་རྟགས་མ་གྲུབ་པ་ལ་ཁྱབ་ཆེས་པར་མི་འགྱུར་ཏེ། དཔེ་རྟགས་མ་གྲུབ་པ་དེ་ཉིད་ལས་སོགས་གསུམ་རེ་རེ་ནས་མ་ཡིན་པའི་ཕྱིར་རོ་ཞེ་ན། སྒྲུབ་བྱེད་མ་གྲུབ་པ་དང་བསྒྲུབ་བྱ་མ་གྲུབ་པ་ཐམས་ཅད་ཤེས་བྱེད་ཀྱི་རྟགས་རྣམ་པ་འགས་ཀྱང་ད་སྔ་མ་གྲུབ་པའི་ཕྱིར་བསྒྲུབ་བྱར་འགྲོ་ཚུལ་ལ་ཁྱད་མེད་ཅིང་། དེས་ན་བསྒྲུབ་བྱའི་ལས་སུ་གྱུར་པའམ་འགྱུར་བ། དམ་བཅས་པའམ་འཆའ་འགྱུར། ཁས་བླངས་པའམ་བླང་འགྱུར་ཐམས་ཅད་མཚུངས་པའི་ཕྱིར་ལས་དང་དམ་བཅའ་ལ་སོགས་པ་ཡི་ཁྱད་པར་ཡོད་དོ་ཞེས་ཉེ་བར་བཀོད་པ་ཡི་ལན་གྱིས་མི་ནོར་བར་སོ་སོར་རྣམ་པར་འབྱེད་ནུས་པ་མ་ཡིན་ནོ། །གཞན་ཡང་ལན་ཕྱི་མ་གཉིས་སྒེར་དུ་བཀག་པ་ལ། ཐོག་མར་དམ་


MR20_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཞེས་པ་འགོག་པ་ནི། སྔར་དང་པོར་བསྒྲུབ་པར་བྱ་བ་ནི་དམ་བཅའ་བའོ་ཞེས་པས་སྔར་མ་གྲུབ་པའི་རང་བཞིན་རྟགས་ཀྱིས་བསྒྲུབ་དགོས་པ་ཙམ་མོ་སྙམ་དུ་འཛིན་པའི་ཕྱིར་དཔེ་རྟགས་མ་གྲུབ་པ་ལའང་དེར་དོགས་ཀྱི་བསྒྲུབ་བྱ་ནི་དམ་བཅའི་ཡན་ལག་ཁོ་ནའོ་ཞེས་སམ། བསྒྲུབ་བྱའི་ཡན་ལག་ཉིད་དོ་ཅེས་འཛིན་ནོ་སྙམ་པའང་རུང་བ་མིན་ཏེ། བསྒྲུབ་བྱའི་ཡན་ལག་ཏུ་གྱུར་པའམ་འགྱུར་རུང་གཉིས་ཀ་ཕྱོགས་མཚན་གྱིས་བཟུང་བའི་ཕྱིར་རོ། །གཉིས་པ། རྒོལ་བས་ཁས་བླངས་པའི་གྲུབ་མཐའ་ཡིན་པས་ཀྱང་ཁྱབ་ཆེས་པ་མི་ཆོད་དེ། རྒོལ་བ་གང་གིས་བསྒྲུབ་བྱར་ཁས་བླངས་པས་དམ་བཅའི་མཚན་ཉིད་དུ་འགྱུར་བ་དེ་ནི་སྒྲུབ་བྱེད་དུ་བཀོད་པ་མ་གྲུབ་པ་ལ་ཡང་ཡོད་པས་དེ་ཡང་བསྒྲུབ་བྱ་ཉིད་དུ་མཚུངས་སོ། །ཡང་ན་རྟགས་དང་དཔེ་མ་གྲུབ་པའང་རྒོལ་བས་ཁས་བླངས་པ་ཙམ་ཡིན་པས་དེས་ཁྱད་མི་འབྱེད་ཅེས་ཀྱང་གསུངས་སོ། །དེས་ན་རང་ལུགས་ལ་སྐབས་དེར་བསྒྲུབ་བྱར་འདོད་པ་དེ་འདས་པའི་མཐའ་ཅན་ཡིན་པས་དེ་ཁོ་ན་བསྒྲུབ་བྱ་ཡིན་གྱི་སྐབས་དེའི་དཔེ་སོགས་མ་གྲུབ་པ་བསྒྲུབ་བྱ་མིན་ལ་སྒྲུབ་བྱེད་ཡིན་ཞིང་། དམ་བཅའ་བ་ནི་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཡང་མི་འདོད་པས་མ་འདྲེས་པར་འགྱུར་རོ། །རིགས་པ་ཅན་པ་སོགས་ཀྱིས་དམ་བཅའ་བ་ཡང་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་འདོད་ཅིང་། རྟགས་ཀྱིས་བསྒྲུབ་བྱ་ཡིན་པ་ཙམ་ཞིག་དམ་བཅའི་མཚན་ཉིད་དུ་བཀོད་པས་ན་སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱ་དང་སྒྲུབ་བྱེད་མ་འདྲེས་པར་དབྱེ་བསལ་མི་ནུས་སོ། །གཉིས་པ་དོན་ལ་བརྟག་པ་ལ། དངོས་དང་ལན་ཉིད་འགོག་པའོ། །དང་པོ། ཀུན་བཏུས་ལས། ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །ཅེས་གསུངས་ཏེ། འདིར་རྟགས་ཀྱིས་བསྒྲུབ་པར་བྱ་བ་


MR20_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དེ་ཅི་ཞིག །ཆོས་མི་རྟག་པ་ལྟ་བུ་རྐྱང་པ་ཡིན་ནམ། །ཆོས་ཅན་སྒྲ་ལྟ་བུ་རྐྱང་པ་ཡིན་ནམ། །དེ་གཉིས་ཀ་ཡིན། དང་པོ་ལྟར་ན། མཐུན་པའི་དཔེ་མེད་དེ། མི་རྟག་པ་ཕྱོགས་ཡིན་ཞིང་ཆོས་ཅན་སྒྲ་ལྟ་བུ་མ་བཟུང་ཚེ་མཐུན་ཡུལ་མེད་པ་ལ་བུམ་པ་སོགས་དཔེར་བྱེད་པ་མི་སྲིད་དོ། །གཉིས་པ་ལྟར་ན། སྒྲ་ཙམ་གྲུབ་ཟིན་པས་དེ་ལ་རྟགས་འགོད་པ་དོན་མེད་དོ། །དེས་ན་ཆོས་དང་ཆོས་ཅན་ཡན་གར་བ་ལ་ཤེས་འདོད་མེད་པས་རྟགས་འགོད་པ་མི་སྲིད་དོ། །གཉིས་ཀ་བསྒྲུབ་བྱ་ཡིན་ནོ་ཞེ་ན། གཉིས་ཀའི་སྐྱོན་དུ་འགྱུར་ཏེ། ཆོས་ཐ་དད་པ་རེ་རེ་ནས་བསྒྲུབ་པའི་ཕྱིར་རོ། །དེ་ཡང་ཕྱི་རོལ་པ་འདི་དག་གིས་ལྡོག་པ་ཙམ་གྱི་ཡུལ་ཅན་སྒྲ་དང་ཚིག་གི་འཇུག་པས་ཆོས་དང་ཆོས་ཅན་སོགས་སུ་ཕྱེ་ཞིང་རང་མཚན་ལ་དབྱེར་མེད་པའི་གནད་མ་རྟོགས་པར་སྒྲ་རང་མཚན་ལ་སྤྱི་གཞན་ཐ་དད་དུ་བསྒྲུབ་སྙམ་པ་དང་སྒྲ་ལས་ཐ་དད་པའི་མི་རྟག་པའི་སྤྱི་སོགས་བསྒྲུབ་སྙམ་པའི་ཞེ་འདོད་དེ་ལ་གནོད་པ་སྟོན་པའོ། །གལ་ཏེ་གཉིས་ཀ་སོ་སོར་མི་བསྒྲུབ་ཀྱི་ཚོགས་དོན་བསྒྲུབ་བྱར་བྱེད་དོ་ཟེར་ན། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང་ཁྱོད་ལྟར་ན་བརྗོད་འདོད་ཙམ་གྱི་ཐ་སྙད་ལ་བརྟེན་པའི་ཆོས་ཅན་དང་ཆོས་ཀྱི་རྣམ་གཞག་མི་འདོད་པར་ཚིག་དངོས་དབང་གིས་འཇུག་པ་ལྟར་ན། ཆོས་དང་ཆོས་ཅན་དེ་གཉིས་པོ་ཕན་ཚུན་གཅིག་གིས་གཅིག་ཁྱད་པར་དུ་བྱས་པ་ཅན་བསྒྲུབ་བྱ་ཡིན་དགོས་ལ། དེ་ཡི་ཚེ་ན་རྟག་པས་ཁྱད་པར་དུ་བྱས་པའི་སྒྲའམ་སྒྲས་ཁྱད་པར་དུ་བྱས་པའི་རྟག་པ་དེ་ལྟ་བུ་བསྒྲུབ་ན་དེ་སྒྲུབ་ཀྱི་གཏན་ཚིགས་གང་བཀོད་པ་དང་། དཔེ་གང་བཀོད་པ་དེ་ཡི་སྟེང་ན་སྒྲུབ་ནུས་ཀྱི་མཚན་ཉིད་མ་གྲུབ་པར་འགྱུར་ཏེ། བསྒྲུབ་བྱ་ཐུན་མོང་མིན་པའི་ཕྱིར་དཔེ་མི་སྲིད་པ་དང་རྟགས་བཀོད་པ་ཐུན་མིན་མ་ངེས་པར་འགྱུར་རོ། །གཉིས་པ། དེ་ལྟར་ཕན་ཚུན་ཁྱད་པར་


MR20_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དོན་ལ་བསྒྲུབ་བྱའི་སྒྲ་འཇུག་པ་མི་སྲིད་པའི་ཕྱིར་ན་བསྒྲུབ་བྱའི་སྒྲ་ནི་རྟགས་དེ་ལ་གྲུབ་ཚུལ་དཔྱོད་པའི་ཚེ་གལ་ཏེ་ཆོས་ཅན་ལ་འཇུག་པར་འདོད་དེ། ཁྱེད་ཀྱིས་ཀྱང་བསྒྲུབ་བྱའི་ཕྱོགས་གཅིག་ལ་དེའི་མིང་གིས་བཏགས་ནས་ཕྱོགས་ཞེས་འདོགས་པ་བཞིན་ནོ་ཟེར་ན། རིགས་པ་ཅན་པའི་བསྟན་བཅོས་ཀྱིས་ཅི་བྱ་སྟེ། དེར་བསྒྲུབ་བྱའི་མཚན་ཉིད་བསྟན་པ་དེ་ལྟར་མཐའ་གཅིག་ཏུ་འཛིན་མི་དགོས་པར་སྐབས་སུ་བརྗོད་སྟབས་གང་བདེ་བདེར་ཅི་རིགས་པར་རྒོལ་བ་རང་ཉིད་འདོད་པས་འཇུག་པར་འགྱུར་བ་ཡིན་པའི་ཕྱིར་རོ། །དེས་ན་སངས་རྒྱས་པ་དག་གིས་ཚུལ་གསུམ་ཚང་བ་སྒྲུབ་བྱེད་ཡང་དག་དང་། དེས་བསྒྲུབ་བྱར་ཁས་བླངས་པ་དམ་བཅའ་ཡང་དག་གཉིས་རིགས་མི་མཐུན་པས་ཕན་ཚུན་འདྲེས་པ་མེད་ལ། བསྒྲུབ་བྱར་ཁས་བླངས་དེའང་ཚོགས་དོན་ཡིན་མོད་ཀྱི་བསྒྲུབ་ཆོས་མི་ལྡན་རྣམ་གཅོད་དུ་སྦྱོར་བ་སོགས་ཀྱིས་གཞན་ལ་སྐྱོན་བརྗོད་པ་རང་ལ་མི་མཚུངས་ཚུལ་བཤད་ཟིན་ཅིང་ད་རུང་ཡང་འཆད་པར་འགྱུར་རོ། །གསུམ་པ་ལ། སྔར་ངེས་བཟུང་ན་དོན་མེད་ཅིང་། །ཕྱིས་ངེས་བཟུང་ཡང་མི་ཕན་པའོ། །དང་པོ། ཁྱེད་ཀྱིས་ཀྱང་ཁོ་ན་ཞེས་པའི་ཚིག་ཕྲད་ཀྱིས་སྒྲུབ་བྱེད་མ་གྲུབ་པ་གཅོད་པ་དེ་བཞིན་ཁོ་བོ་ཅག་གི་ཡང་ངེས་གཟུང་གི་སྒྲ་ཉིད་ཀྱིས་ཁྱབ་ཆེས་བ་གཅོད་དོ་ཞེ་ན། ཚད་མ་མདོ་ལས། གོང་དུ་ངེས་གཟུང་དོན་མེད་འགྱུར། །ཅིག་ཤོས་ལྟར་ན་འདོད་མི་འགྱུར། །ཞེས་གསུངས་པ་ལྟར། བསྒྲུབ་པར་བྱ་བ་སྟོན་པ་ཉིད་དམ་བཅའ་བ་ཡིན་ནོ་ཞེས་སྔར་ངེས་པར་བཟུང་བའམ། བསྒྲུབ་པར་བྱ་བ་སྟོན་པ་དམ་བཅའ་བ་ཉིད་ཡིན་ནོ་ཞེས་ཕྱིས་ངེས་པར་བཟུང་བ་གང་ཡིན། དང་པོ་ལྟར་ན་ངེས་གཟུང་གི་སྒྲ་སྨོས་ཀྱང་དོན་མེད་དེ། སྒྲུབ་བྱེད་དངོས་སུ་བསྟན་པའི་ཤུགས་ཉིད་ལས་གང་ལ་


MR20_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་འགོད་པའི་དོན་ལ་དེ་གྲུབ་ཟིན་པ་མ་ཡིན་པར་བསྒྲུབ་པར་བྱ་བ་ཉིད་དུ་རྟོགས་ནུས་ལ། གཏན་ཚིགས་དང་དཔེ་སོགས་ཀྱི་མཚན་ཉིད་དུ་རིགས་པ་ཅན་པའི་ལུགས་ཀྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཞེས་སྨོས་པའི་དོན་གྱིས་ཁྱབ་པའམ་གོ་ཆོད་པའི་ཕྱིར་སྒྲུབ་པར་བྱེད་པ་ལ་བསྒྲུབ་བྱ་ཡིན་ནམ་སྙམ་དུ་དོགས་པའང་མེད་ན་ངེས་གཟུང་གིས་གསར་དུ་ཅི་ཞིག་གཅོད་དེ་རྣམ་བཅད་མེད་པར་འགྱུར་རོ། །དེ་ལྟར་སྔར་ངེས་གཟུང་གི་སྒྲ་སྨྲས་ན་ངེས་གཟུང་དེ་ཡིས་ནི་དམ་བཅའི་མཚན་ཉིད་ཁོ་ན་བརྗོད་པ་དོན་མེད་དེ། མ་སྨོས་ཀྱང་རྟོགས་པའི་ཕྱིར་རོ། །འོ་ན་དཔེ་རྟགས་མ་གྲུབ་པ་ལ་དོགས་པ་ཟ་ཞེས་ཇི་ལྟར་བཤད་ཟེར་ན། བསྒྲུབ་བྱ་ཡིན་པ་ལ་སྒྲུབ་བྱེད་དུ་མི་འཛིན་ན་ཡང་སྒྲུབ་བྱེད་མ་གྲུབ་པ་བསྒྲུབ་བྱར་ཐལ་བ་མི་སྤོང་ལ། སྒྲུབ་བྱེད་ཡིན་བཞིན་དུའང་བསྒྲུབ་བྱར་འགྱུར་བ་རུང་བས་དུས་གསུམ་གྱི་མཐའ་ཅན་བསྒྲུབ་པར་བྱ་བ་ཞེས་པ་དེ་ལ་ཞུགས་པས་བསྒྲུབ་བྱ་དང་སྒྲུབ་བྱེད་གཞི་མཐུན་པ་མི་སྤོང་སྟེ། རང་ལྡོག་མ་འདྲེས་ཀྱང་སྤྱི་མཚན་ཐུན་མོང་བར་འགྱུར་ཏེ། དམ་བཅའ་ཡང་ཡིན་ལ་སྒྲུབ་བྱེད་ཀྱི་ཡན་ལག་ཀྱང་ཡིན་པར་འདོད་པ་བཞིན་ནོ། །གཉིས་པ། སྔ་མ་ལས་ཅིག་ཤོས་ཕྱིས་སུ་ངེས་བཟུང་བྱས་ན་རང་གི་འདོད་པ་ལ་ཕན་པར་མི་འགྱུར་ཏེ། དེ་མི་ལྡན་རྣམ་གཅོད་ཙམ་དུ་འགྱུར་གྱི་དམ་བཅའ་ལས་གཞན་པ་ལ་ལྡན་པ་གཅོད་པའི་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་དམ་བཅའ་ཞེས་པའི་ཚིག་གིས་སྔར་ཚིག་ཕྲད་ཁོ་ནའམ་ཉིད་ཀྱི་སྒྲས་ངེས་བཟུང་བྱས་ན་དོན་མེད་པ་དེ་ཕྱིར་འོས་མེད་ཀྱི་རིགས་པའམ་ཤུགས་ཀྱིས་ཕྱིས་ངེས་གཟུང་ཅན་དེར་བརྗོད་དགོས་པས་དེ་ལྟ་ན་ངག་དེ་དམ་བཅའ་ལ་ཁྱབ་པའི་འབྲས་བུ་ཅན་ཡིན་པར་རྟོགས་ཏེ། དམ་བཅའ་ལ་བསྒྲུབ་བྱས་ཁྱབ་པ་ཙམ་སྟོན་པའི་མི་ལྡན་རྣམ་གཅོད་ཀྱི་དགོས་པ་ཅན་ཡིན་


MR20_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལྟ་ནའང་དམ་བཅའ་བསྒྲུབ་བྱའི་མཚན་ཉིད་ཅན་དུ་ངེས་ཀྱང་མཚན་ཉིད་དེ་སྒྲུབ་བྱེད་མ་གྲུབ་པ་ལ་མི་འཇུག་པའི་རྒྱུ་མཚན་མེད་པས་སྔ་མའི་སྐྱོན་སོ་ན་གནས་སོ། །གཉིས་པ་ཕྱོགས་ལྟར་སྣང་བའི་དཔེ་དགག་པ་ལ། འགལ་བར་འདོད་ལ་དཔྱད་ནས་དགག །གཏན་ཚིགས་ཉིད་འདོད་དཔྱད་ལ་དགག །དང་པོ་ལ། འདྲི་དང་འདོད་པ་སོ་སོར་བཀག །དང་པོ། རིགས་པ་ཅན་པ་ན་རེ། རྟགས་དང་དམ་བཅའ་འགལ་བ་ན་རྒོལ་བས་འདོད་ཡུལ་དང་བྲེལ་བ་མེད་པས་ན་དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར། ཞེས་པ་འདི་རྟགས་དང་དམ་བཅའ་འགལ་བས་ན་དམ་བཅའི་སྐྱོན་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་བུར་རྟགས་ཀྱི་དབང་གིས་དམ་བཅའ་སྐྱོན་ཅན་དུ་འགྱུར་ཚུལ་དེ། རྟགས་དེས་འདོད་ཡུལ་བསྒྲུབ་བྱ་ལ་ཕན་པ་མེད་པ་ཙམ་ཡིན་ནམ། རྟགས་དང་བསྒྲུབ་བྱ་ལྷན་ཅིག་མི་གནས་པ་ཙམ་ཡིན་ཞེས་དྲི་བ་མཛད་པའོ། །གཉིས་པ་ལ། ཕན་པ་མེད་པ་ཙམ་མི་འཐད། །ལྷན་ཅིག་མི་གནས་ཀྱང་མི་འཐད། །དང་པོ། རྟགས་དེས་བསྒྲུབ་བྱ་ལ་མི་ཕན་པ་དེ་ལྟ་བུ་དམ་བཅའི་སྐྱོན་ཡིན་ན་ནི་རྟགས་ཀྱི་སྐྱོན་འགལ་མ་ངེས་མ་གྲུབ་པ་ཐམས་ཅད་དམ་བཅའི་སྐྱོན་དུ་འགྱུར་དགོས་ནའང་། ཕྱོགས་རང་གི་སྐྱོན་ནི་གཞན་སྒྲུབ་བྱེད་ཀྱི་ཡན་ལག་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་ཀྱང་སྔར་བསྟན་ཟིན་ཏོ། །གཉིས་པ། བྱས་རྟགས་ཀྱིས་སྒྲ་རྟག་པར་བསྒྲུབ་པ་ལྟ་བུ་འདོད་པ་སྟེ་བསྒྲུབ་བྱ་ལ་ལྷན་ཅིག་གནས་པ་མེད་ན་ཡང་རྟགས་དེས་བསྒྲུབ་བྱ་མི་འགྲུབ་པའམ། ཡང་ན་རྟགས་དེ་སྒྲུབ་བྱེད་དུ་མ་གྲུབ་པས་རྟགས་ཀྱི་སྐྱོན་ཡིན་གྱི་དམ་བཅའི་མ་ཡིན་ནོ། །གཉིས་པ་གཏན་ཚིགས་དེ་ལ་དཔྱད་པ་ལ། དེ་དག་གཏན་ཚིགས་སུ་མི་


MR20_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

འཐད། །དེ་འདྲ་བརྗོད་པ་སྐྱོན་ཅན་ཡིན། །དང་པོ་ལ། དངོས་དང་དེ་ཡི་རྒྱུ་མཚན་གཉིས། །དང་པོ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་འདི་ཡོད་དོ་ཅོག་མི་རྟག་པར་བཟུང་ནས་དེ་སྒྲུབ་བྱེད་ཀྱི་ཡན་ལག་གཏན་ཚིགས་དང་ལྡན་པས་ཆོས་ཅན་སྒྲ་ལ་ཕྱོགས་ཆོས་གྲུབ་པའི་ཚུལ་གྱིས་སྦྱོར་ངག་དེ་ལྟར་རྗོད་པར་བྱེད་པ་ཞིག་ན། ཐམས་ཅད་མི་རྟག་པ་དེ་ལྟར་བཟུང་ནས་སྒྲ་རྟག་པ་དེ་ནི་བཟློག་པར་འགྱུར་ཏེ་སྨྲ་བ་མི་སྲིད་དོ། །དེ་ལྟ་ནའང་འདི་གཏན་ཚིགས་དང་སྒྲ་རྟག་པ་དམ་བཅའ་ཡིན་དགོས་ན་སྦྱོར་ངག་འདི་ལ་ཆོས་མི་མཐུན་སྦྱོར་བའི་དཔེ་ཡི་ཕྱོགས་གཅིག་རྟགས་ཀྱི་ངོ་བོ་ཙམ་བསྟན་པ་ཉིད་ལས་དོན་གཞན་ཅི་ཞིག་མཐོང་བ་ཡོད་དེ་ཅི་ཡང་མེད་དོ། །དེ་ཡང་གཏན་ཚིགས་ལྟར་སྣང་བ་དག་ཀྱང་འཁྲུལ་ངོར་འབྲེལ་བ་ཅན་དུ་འཛིན་དགོས་ཀྱི་ཐམས་ཅད་མི་རྟག་པའི་ཁོངས་སུ་སྒྲ་ཡང་འཛིན་ན་དེ་རྟག་པར་དམ་བཅའ་མི་རིགས་པའི་ཕྱིར་རོ། །གཉིས་པ། བཤད་མ་ཐག་པ་དེ་ལྟར་འགྱུར་དགོས་ཏེ། དེའི་རྒྱུ་མཚན་ཐམས་ཅད་ཅེས་པའི་སྒྲ་ཡིས་བརྗོད་བྱའི་བྱེ་བྲག་གམ་ཁྱད་པར་སྒྲ་ལ་ནི་རྟག་པ་ཞེས་ཆོས་གཞན་དམིགས་བསལ་ཏེ་བརྗོད་ནས། ཐམས་ཅད་ཅེས་པའི་སྒྲ་སྤྱི༷་ཡི་ཚིག་ནི་དེའི་རྗེས་སུའང་འཇུག་པར་བརྗོད་པས་ན་ཐམས་ཅད་མི་རྟག་པ་ཅེས་པ་དེ་ཆོས་ཅན་སྒྲ་ལ་ཁྱབ་བྱེད་དུ་བཟུང་བ་མ་ཡིན་ཏེ། གལ་ཏེ་ཡིན་ན་ཁྱད་པར་སྒྲ་རྟག་པར་ཁས་བླངས་ནས་ཐམས་ཅད་མི་རྟག་ཅེས་པའི་སྤྱི༷་ཡི་ཚིག་རྗེས་སུ་འཇུག་པ་ལ་འབྲས་བུའང་ཅི་ཞིག་ཡོད་དེ་སྨྱོན་པའི་ངག་བཞིན་ནོ། །འོ་ན་ངའི་མ་མོ་གཤམ་ཡིན་ཞེས་སོགས་ཀྱང་དེ་དང་འདྲ་བ་མིན་ནམ་སྙམ་ན། དེ་དག་རང་ཚིག་དང་འགལ་བ་ཡིན་མོད་ཀྱི་དེ་དང་འདྲ་ན་སྒྲ་རྟག་ལ་ཡང་མི་རྟག་ཅེས་བརྗོད་དགོས་ཀྱི་གཏན་ཚིགས་སུ་བཀོད་པས་ཅི་ཞིག་བྱ། རྟག་དང་མི་རྟག་ཅེས་དངོས་འགལ་ངེས་


MR20_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་འདྲ་དངོས་སུ་སྨྲ་ན་ཡང་འབྲས་བུ་མེད་པའི་དམ་བཅའ་ཙམ་ཡིན་ནོ། །དེ་ལྟར་གཏན་ཚིགས་སུ་བརྗོད་པ་དེ་ཕྱིར་ཐམས་ཅད་མི་རྟག་ཅེས་པས་རྟགས་ཀྱིས་དམ་བཅའ་བསལ་བ་མ་ཡིན་ཏེ། སྒྲ་རྟག་པ་སེལ་བར་གྱུར་ན་ནི་སྒྲ་རང་མཚན་ལ་གནས་པ་ཡི་མི་རྟག་པ་ཉིད་ཀྱིས་རྟག་པ་སེལ་ཞེས་སློབ་དཔོན་ཕྱོགས་གླང་གིས་གསུངས་ཏེ། སྒྲ་ལ་རྟག་པ་མེད་པར་རྗེས་དཔག་གིས་ངེས་པ་ན་དེས་བསལ་བར་འགྲོ་བ་ཡིན་ནོ། །གཉིས་པ་དེ་འདྲ་བརྗོད་པ་སྐྱོན་ཅན་ཡིན་ཚུལ་ལ། དངོས་དང་དེ་ཡི་འཐད་པ་བསྒྲུབ། །དང་པོ། ཐམས་ཅད་ཅེས་སྒྲ་ལས་ཡུལ་གཞན་བུམ་སོགས་བཟུང་སྟེ་དེ་ལ་ནི་སྒྲ་ཡི་ཆོས་རྟག་པ་དང་འགལ་བ་མི་རྟག་པ་ཉིད་དུ་སྨྲ་བར་གཟོ་བས་སྒྲ་ནི་ཐམས་ཅད་མི་རྟག་ཅེས་པ་དེ་ལས་གཞན་དུ་དོན་གྱིས་བརྗོད་པ་ཙམ་དུ་འགྲོ་བ་ཡིན་ཏེ། དཔེར་ན། བྲམ་ཟེ་ཀུནྡའི་བུ་ལ་དར་བ་བྱིན་ཅིག་བྱས་ནས་བྲམ་ཟེ་དག་ལ་ཞོ་བྱིན་ཅིག་ཅེས་སྨྲས་པ་བཞིན་ནོ། །དེ་ལྟ་ན་ཡང་ཐམས་ཅད་ཅེས་པའི་སྤྱི༷་ཡི་སྒྲས་ནི་རང་གི་ཁྱད་པར་སྒྲ་དེ་ཡང་མི་སྤོང་བར་སྤྱིར་བརྗོད་པ་ཙམ་དུ་བྱས་པའི་ཕྱིར་དེ་འདྲའི་བརྗོད་པ་དེ་ཡང་འཐད་པ་མ་ཡིན་ཏེ། བླུན་པོའི་སྨྲ་བ་འབྲེལ་མེད་ཡིན་ནོ། །གཉིས་པ་ལ། དོགས་པ་བསལ་ནས་འཐད་པ་བསྒྲུབ། །དེ་ལས་གཞན་འདོད་ལ་གནོད་སྟོན། །དང་པོ། འདི་ལྟར་སྤྱི་སྒྲས་བྱེ་བྲག་རྣམ་པ་ཀུན་ཏུ་མི་སྤོང་བར་མ་ངེས་ཏེ། སྐབས་འགར་ཤ་པ་ཁོ་ན་ལ་ཤིང་ཞེས་པ་འདི་ཡིན་ནམ་ཞེས་དྲི་བའི་ཚེ་མ་ཡིན་ཞེས་བརྗོད་པ་མཐོང་བའི་ཕྱིར་རོ་ཞེ་ན། དཔེར་ན་འདྲི་བ་པོའི་བསམ་པའི་དབང་གིས་སྐབས་འགར་ཤིང་ཤ་པ་ཉིད་ནི་ཤིང་མིན་ཞེས་བརྗོད་པ་ན་ཤིང་གི་སྤྱི་བཟུང་ནས་ཤིང་ཞེས་པ་ཤ་པ་ཁོ་ན་མིན་ཏེ། ཤུག་པ་སོགས་ཡོད་པ་ལ་བསམ་པ་ཡིན་པས་འདུས་བྱས་ནི་བུམ་པ་མིན་ཞེས་པ་ལྟ་


MR20_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་ལྟར་བརྗོད་ཀྱང་དེས་ཤ་པ་ཤིང་མིན་པ་དང་། བུམ་པ་འདུས་བྱས་མིན་པར་མི་བརྗོད་པ་བཞིན་དུ་ཐམས་ཅད་ནི་སྒྲ་མིན་ནོ་ཞེས་བརྗོད་ཀྱང་ཐམས་ཅད་ཅེས་པ་སྤྱི་ཡི་སྒྲ་འདི་ཡང་མཉན་པ་སྟེ་སྒྲ་གཅིག་ཉིད་ལ་འཇུག་པ་འགོག་པར་འགྱུར་ཏེ། སྒྲ་ཁོ་ན་ཐམས་ཅད་མིན་ཞེས་པའི་དོན་དུ་སོང་ན་ཡང་དེ་ཙམ་གྱི་ཁྱད་པར་གྱིས་སྤྱི་སྤོང་བ་མིན་ཏེ། སྒྲ་ནི་ཐམས་ཅད་མིན་པའམ་ཐམས་ཅད་དུ་མ་གཏོགས་པ་མིན་ཏེ་དེའི་ཁོངས་སུ་འདུས་སོ། །གལ་ཏེ་མ་འདུས་ན་ཐམས་ཅད་ཀྱི་ཁྱད་པར་དུ་འདོད་པ་བུམ་སོགས་ཀུན་ལའང་ཇི་ལྟར་སྤྱི་དེའི་ཕྱོགས་གཅིག་སྒྲ་དེ་ལ་ཐམས་ཅད་ཀྱི་སྒྲ་འཇུག་པ་མེད་ན་དེ་བཞིན་དུ་ཐམས་ཅད་ཀྱི་སྒྲ་འཇུག་པ་དེ་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐམས་ཅད་ཀྱི་སྒྲ་ནི་སྤྱིར་མི་འགྱུར་ཏེ། དེའི་བྱེ་བྲག་གང་ཞིག་དེ་འཇུག་པའི་ཡུལ་དུ་གྱུར་པ་གཅིག་ཀྱང་མི་སྲིད་པའི་ཕྱིར་ན་བརྗོད་བྱས་སྟོང་པ་མོ་གཤམ་གྱི་བུ་ལ་སོགས་པའི་སྒྲ་དང་མཚུངས་པར་འགྱུར་རོ། །དེས་ན་ཐམས་ཅད་ཅེས་པའི་སྒྲ་དེ་འཇིག་རྟེན་ན་གྲགས་པ་མ་ལུས་པའི་དོན་ཅན་སྤྱི་ཁྱབ་ཀྱི་སྒྲར་བྱས་ན་དེ་ལྟར་མི་འཐད་པ་འོང་ངོ་། །དེ་ཡང་ཐམས་ཅད་མི་རྟག་པ་གཏན་ཚིགས་སུ་བྱས་ནས་སྒྲ་རྟག་པར་བསྒྲུབ་པའི་ཚེ་ན་དོན་གྱིས་མི་མཐུན་པའི་དཔེ་ཡི་ཕྱོགས་གཅིག་བརྗོད་པར་འགྱུར་ཚུལ་ནི། ཐམས་ཅད་མི་རྟག་པ་ཡིན་ཀྱང་སྒྲ་ནི་ཐམས་ཅད་མ་ཡིན་པའི་ཕྱིར་རྟག་ཅེས་དོན་གྱིས་ཐོབ་བོ། །དེ་ལྟར་བརྗོད་པའི་ཚེ་ཐམས་ཅད་ཀྱི་ཁོངས་སུ་སྒྲ་འདུས་པས་ན་ངག་སྐྱོན་ཅན་ཡིན་ནོ། །གཉིས་པ་ལ། ཐལ་བ་འགོད་དང་རྩོད་པ་སྤང་། །དང་པོ། ཐམས་ཅད་ཀྱི་སྒྲ་འདི་འཇིག་རྟེན་ན་གྲགས་པ་ལྟར་མ་ལུས་པའི་ཡུལ་ཅན་དུ་མི་བཟུང་སྟེ། འགའ་ཞིག་ལ་གྲགས་པ་སྟེ་བརྗོད་པར་འདོད་པ་པོའི་བསམ་པའི་དབང་གིས་ཇི་ཙམ་པ་ལ་བསམས་ནས་ཐམས་ཅད་ཀྱི་སྒྲ་འཇུག་པས་ན་སྒྲ་


MR20_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པ་ཀུན་ལ་ཐམས་ཅད་ཅེས་བརྗོད་དོ་སྙམ་ན། དེ་ལྟར་ན། སྒྲ་ནི་རྟག་སྟེ། ཐམས་ཅད་མིན་པ་མིན་པའི་ཕྱིར། །ཞེས་དོན་གྱིས་རྟགས་དེས་སྒྲ་ལས་གཞན་ཐམས་ཅད་མིན་པ་ནི་སྒྲ་ཉིད་ལས་གང་ཡང་མེད་པས་ན། སྒྲ་རྟག་སྟེ། སྒྲ་ཡིན་པའི་ཕྱིར། ཞེས་པ་དང་དོན་ལ་ཁྱད་པར་མེད་པས་སྒྲ་མིན་ཀུན་མིན་པ་དང་སྒྲ་ཞེས་པའི་སྒྲ་རྣམ་གྲངས་པར་འགྱུར་ལ། དེ་ལྟ་ན་དེ་རྟགས་སུ་མི་འཐད་དེ། འདི་ལྟར་རྟགས་ཀྱིས་ཤེས་བྱ་ཆོས་ཅན་དང་ཤེས་བྱེད་རྟགས་ཐ་དད་པར་བློ་ལ་འཆར་དགོས་པའི་ཕྱིར་ན་ཆོས་ཅན་རང་གི་ལྡོག་པ་གཏན་ཚིགས་ཀྱི་དངོས་པོར་གྱུར་ན་ནི། རྟགས་དང་ཆོས་ཅན་ཐ་མི་དད་པས་རྟགས་དེ་ཤེས་བྱེད་ཉིད་དུ་མ་གྲུབ་པའི་ཕྱིར་ཆོས་ཅན་རང་ལ་རང་ཉིད་སྒྲུབ་བྱེད་དུ་མ་གྲུབ་སྟེ། ཤེས་བྱ་ཤེས་བྱེད་ཀྱི་རྣམ་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་དེ་ལྟར་བརྗོད་པར་རྩོད་སྤང་ལ། །རང་བཞིན་རྟགས་ཕྱིར་མཚུངས་རྩོད་སྤང་། །བྱེ་བྲག་པ་ལ་རྩོད་པ་སྤང་། །དང་པོ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། དེ་ལྟ་བུར་སྐྱོན་བརྗོད་པ་འདི་ཁྱོད་ལྟར་ནའང་རང་བཞིན་གྱི་རྟགས་འགོད་པའི་ཚེ་དངོས་པོ་ཀུན་ལ་ཆོས་དང་ནི་ཆོས་ཅན་སོ་སོར་རྣམ་པར་དབྱེ་བ་དོན་ལ་མེད་པའི་ཕྱིར་ན་རང་གཞན་ཀུན་ལ་ཉེས་པ་མཚུངས་པར་གནས་སོ་ཤེ་ན། ངེད་ལ་སྐྱོན་དེ་ཡོད་པ་མིན་ཏེ། བྱས་དང་མི་རྟག་སྒྲ་ལྟ་བུ་དོན་ལ་ཐ་དད་མེད་ཀྱང་ལྡོག་པ་ཐ་དད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། གཉིས་པ་ལ། ལྡོག་པ་འདོད་ལ་སྐྱོན་དེ་མེད། །གཞན་དག་དེ་དང་མཚུངས་པ་མིན། །དང་པོ་ལ། བཏགས་ལ་རྩོད་པའི་གོ་སྐབས་མེད། །བཏགས་ཙམ་དེ་ལས་ཐ་སྙད་གྲུབ། །བཏགས་ཀྱང་དོན་ལ་མི་བསླུའི་ཚུལ། །དང་པོ། ལྡོག་པ་ཐ་དད་པ་དེའི་དབང་གིས་ཤེས་བྱ་ཤེས་བྱེད་དུ་གྲུབ་ན་དུ་བས་མེ་མཚོན་པ་ལྟར་འགྱུར་གྱི་སྒྲ་ཉིད་བྱས་


MR20_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མི་རྟག་པའི་ངོ་བོར་མི་འགྱུར་ལ། ངོ་བོ་ཐ་དད་མེད་ན་གཅིག་རྟོགས་པས་ཀུན་རྟོགས་པར་ཐལ་བའི་ཕྱིར་ཤེས་བྱ་ཤེས་བྱེད་དུའང་ཅི་ལྟར་གྲུབ་ཅེ་ན། དོན་དམ་པར་དངོས་པོའི་གནས་ཚུལ་ནི་རྣམ་པར་དཔྱོ༷ད་པ་ན་ལྡོག་པ་ཐ་དད་པའི་ཚུལ་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་ཕྱིར་ཐ་དད་དུ་མེད་ཅེས་བརྗོད་ལ། ཀུན་རྫོབ་ཙམ་དུ་བཏགས་པ་ཡི་དངོས་པོ་རྣམས་ལ་སྒྲོ་འདོགས་གཅོད་པའི་ཆ་ནས་ལྡོག་པ་སོ་སོར་ཕྱེ་ཡང་ལྡོག་པ་དེ་ལྡོག་ལྡན་གྱི་དངོས་པོ་དེ་དང་དེ་ཉིད་དེ་གཅིག་ཡིན་ནམ། དེ་ལས་གཞན་ཐ་དད་པ་ཉིད་ཡིན་ཞེས་བརྟག་ཅིང་དེ་ལྟར་འདོད་པ་འགོག་པར་འགྱུར་བ་ཡིན་ཏེ། བློས་བཏགས་ལ་གཅིག་ཐ་དད་ཀྱི་ངེས་པ་མི་དགོས་པའི་ཕྱིར་དེ་འདྲའི་རྩོད་པའི་སྐབས་མེད་དོ། །གཉིས་པ། བཏགས་པ་ཙམ་ལས་གཞན་དུ་མེད་ན་ཤེས་བྱ་ཤེས་བྱེད་ཀྱི་རྣམ་གཞག་སྐྱོན་མེད་པ་མི་སྲིད་དོ་ཟེར་ན། དཔག་བྱ་ཆོས་ཅན་དང་དཔོག་པར་བྱེད་པ་རྟགས་ཞེས་པ་ཡི་དོན་ཐ་དད་པ་ཅན་གྱི་ཐ་སྙད་དུ་གནས་པ་འདི་ནི་ཐ་སྙད་བྱེད་པའི་ཤེས་པ་ལ་དེ་ལྟར་གྲུབ་པའི་ཐ་དད་པ་ལ་བརྟེན་ནས་རྟགས་དང་རྟགས་ཅན་དུ་རྣམ་པར་བརྟག་ཅིང་འཇོག་པ་ཡིན་པས་ཐ་སྙད་ཅིས་མི་སྲིད་དེ། ཐ་སྙད་ཐམས་ཅད་ཤེས་བརྗོད་འཇུག་གསུམ་གྱིས་བསྡུས་པ་ཡིན་ལ་དེ་ཐམས་ཅད་ཀྱི་རྩ་བའང་ཤེས་པའི་ཐ་སྙད་ལ་བརྟེན་པ་ཡིན་ནོ། །གསུམ་པ། བརྟགས་པ་ནི་བློ་ཡིས་སྒྲོ་བཏགས་པའི་ཆོས་ཙམ་ཡིན་ན་དེས་སྒྲོ་བཏགས་པ་ཙམ་གྱི་ཐ་སྙད་དེས་དངོས་པོའི་གནས་ཚུལ་བསླུ་མེད་དུ་རྟོགས་པར་མི་འགྱུར་རོ་ཞེ་ན། དེ་ལྟར་མ་ཡིན་ཏེ་བློས་བཏགས་ཀྱང་ཐ་སྙད་དོན་མཐུན་རྣམས་དོན་གྱི་གནས་ཚུལ་ལ་འཇུག་པའི་ཕྱིར་རོ། །ཇི་ལྟར་ན་དོན་དངོས་པོའི་གནས་ཚུལ་གྱི་བདག་ཉིད་ཅི་ལྟའི་རང་བཞིན་ལ་རང་མིན་མཐའ་དག་ལས་ལོག་པའི་ངོ་བོ་ཉིད་དུ་གནས་པ་ཙམ་བློས་བཏགས་པ་མིན་ལ། དེ་ལྟ་


MR20_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རང་བཞིན་གཞན་ལས་ཐ་དད་པ་ཉིད་ཀྱི་མཐར་ཐུག་པ་དོན་རང་མཚན་གྱི་གཞན་སེལ་ལ་བརྟེན་ནས་རྟོག་པའི་ངོར་སྒྲ་དེ་བྱས་པ་དང་མི་རྟག་པ་སོགས་ཀྱི་ལྡོག་པ་ཉི་ཚེ་བའི་རྣམ་པར་སྣང་ཞིང་། དེའི་དབང་གིས་རྟོག་པའི་ཤེས་པ་ལ་ལྡོག་པ་ཐ་དད་པར་སྣང་བའི་ཚུལ་གྱིས་ཆོས་དང་ཆོས་ཅན་གྱི་ཚུལ་དུ་སྣང་བར་གྱུར་པ་དེ་ནི་ཐ་སྙད་ཀྱི་རྟེན་ཡིན་གྱི། རྟེན་མེད་པར་སྒྲ་ལ་རྟག་པ་ལྟ་བུ་བློ་འབའ་ཞིག་གིས་སྒྲོ་བཏགས་པ་མིན་པས་ན་དོན་ལ་མི་བསླུ་བ་ཡིན་ནོ། །གཉིས་པ། འོ་ན། སྒྲ་རྟག་སྟེ། ཐམས་ཅད་མིན་པ་མིན་པའི་ཕྱིར། །ཞེས་བཀོད་པ་དེའང་སྒྲ་ཉིད་རྟགས་སུ་བཀོད་པ་དང་མི་འདྲ་བར་ཤེས་བྱ་ཤེས་བྱེད་དུ་རུང་བར་འགྱུར་རོ་ཞེ་ན། རྟགས་འདི་ནི་ལྡོག་པ་ཐ་དད་པའི་ཐ་སྙད་ཀྱིས་བཞག་པ་ཡི་སྒོ་ནས་ཐ་དད་པར་སྣང་བའི་བློ་དང་འབྲེལ་བ་མེད་པ་ཅན་ཡིན་ཏེ། བྱས་པ་དང་སྒྲ་བཞིན་དུ་ལྡོག་པ་ཐ་དད་པར་འཆར་དུ་མེད་དེ་སྒྲ་མིན་པ་མིན་པ་ནི་སྒྲ་ལས་ཐ་དད་པར་ཇི་ལྟར་འཆར་ཏེ་དགག་པ་གཉིས་ཀྱི་རྣལ་མ་གོ་བས་ན་ཚིག་ཐ་དད་ཀྱང་དོན་རྣམ་གྲངས་པར་འགྱུར་ལ་ལྡོག་པ་ཐ་དད་ཀྱང་མེད་དོ། །དེས་ན་ཆོས་ཅན་སྒྲ་དེ་ཉིད་སྒྲུབ་བྱེད་དུ་བྱས་པ་དེས་ན་ཤེས་བྱེད་དུ་མ་གྲུབ་པར་བསྟན་པ་ཡིན་ནོ། །གཉིས་པ་རང་བཞིན་རྟགས་ཀྱི་བྱེ་བྲག་ལ་རྩོད་སྤང་ལ། སྤྱི་རྟགས་སུ་བཀོད་ལ་རྩོད་དང་། །ཁྱད་པར་རྟགས་བཀོད་རྩོད་པ་སྤང་། །དང་པོ་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ། འོ་ན། སྒྲའི་དངོས་པོ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའི་རྟགས་འདི་ཤེས་བྱེད་ཡང་དག་ཏུ་མ་གྲུབ་པར་ཐལ་ཏེ། གོང་གི་སྐྱོན་མཚུངས་པའི་ཕྱིར་རོ་ཞེ་ན། དེ་མ་ཡིན་ཏེ། ལྡོག་པའི་སྒོ་ནས་ཤེས་བྱ་ཤེས་བྱེད་དུ་རུང་བ་དེས་ན་བྱེ་བྲག་དང་སྤྱི༷་ཡི་ཆོས་ནི་ལྡོག་པ་ཐ་དད་པ་ཡིན་པའི་ཕྱིར་རྟགས་དང་རྟགས་ཅན་ཉིད་དུ་རུང་


MR20_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དཔེར་ན་རྩོལ་བ་ལས་བྱུང་བ་ཉིད་ཀྱི་ཕྱིར་རྩོལ་བྱུང་གི་སྒྲ་ནི་མི་རྟག་ཅེས་འགོད་པ་བཞིན་ནོ། །དེ་ཡང་དངོས་པོ་ནི་སྤྱི་དང་སྒྲའི་དངོས་པོ་ནི་བྱེ་བྲག་ཡིན་ལ། ཡང་རྩོལ་བྱུང་ནི་སྤྱི་དང་རྩོལ་བྱུང་གི་སྒྲ་ནི་དེའི་བྱེ་བྲག་ཡིན་པས་ལྡོག་པ་ཐ་དད་ལ་སྤྱིར་དངོས་པོ་དང་རྩོལ་བྱུང་གི་རྟགས་དང་བསྒྲུབ་ཆོས་མི་རྟག་པ་ལ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་ཅིང་། ཆོས་ཅན་སྒྲ་ལ་རྟགས་དེ་ཕྱོགས་ཆོས་གྲུབ་པས་ན་ཤེས་བྱེད་དུ་གྲུབ་པ་ཁོ་ན་ཡིན་ནོ། །གཉིས་པ་རྩོད་སྤང་ལ། ཕྱོགས་ཡན་ལག་ཡིན་ཀྱང་མི་སྐྱོན། །ཕྱོགས་ཀྱི་ཡན་ལག་མིན་པར་འཐད། །དང་པོ། རྩོལ་བྱུང་གི་སྒྲ་ཆོས་ཅན་དུ་བྱས་ནས་རྩོལ་བྱུང་རྟགས་སུ་བཀོད་པ་དེའི་ཚེ་རྩོལ་བྱུང་ཉིད་ཕྱོགས་སམ་བསྒྲུབ་བྱའི་ཡན་ལག་སྟེ་ཕྱོགས་གཅིག་ཡིན་པས་ན་བསྒྲུབ་བྱའི་ཕྱོགས་གཅིག་རྟགས་སུ་འགོད་རུང་ན་གོང་དུ་གཞན་ལ་སྐྱོན་བརྗོད་པར་མི་རིགས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ། གལ་ཏེ་རྩོལ་བྱུང་གི་སྒྲ་ཞེས་བཀོད་པའི་ཚེ་རྩོལ་བྱུང་དེ་ཕྱོགས་ཆོས་ཅན་སྒྲ་ཡི་ཡན་ལག་ཡིན་ནའང་རྟགས་དེས་སྒྲ་ལ་མི་རྟག་པ་འགྲུབ་པ་ལ་དེས་གནོད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ན། ཆོས་ཅན་སྒྲ་དང་རྟགས་རྩོལ་བྱུང་ཐ་དད་དུ་མ་གྲུབ་པ་མིན་ཏེ་དཔེར་ན་ཧ་ཅང་གསལ་པོར་མ་མཐོང་བའི་གོང་བུ་མང་པོ་ཉེ་བའི་སྐབས་སུ་ཅི་རྟ་ཡིན་ནམ་མིན་ཞེས་ཐེ་ཚོམ་དུ་གྱུར་པ་ན། གོང་བུ་རྭ་ཅན་འདི་རྭ་ཅན་ཉིད་ཡིན་པའི་ཕྱིར་རྟ་མིན་ནོ་ཞེས་བརྗོད་པ་ན་རྭ་ཅན་གྱིས་ཁྱད་པར་དུ་བྱས་པའི་གོང་བུ་ཆོས་ཅན་དུ་བཟུང་ནས་རྭ་ཅན་རྟགས་སུ་བཀོད་ན་ཡང་རྟ་མིན་པའི་ཤེས་བྱེད་ཡང་དག་ཏུ་རུང་བ་བཞིན་ནོ། །གཉིས་པ། ཡང་ན་རྩོལ་བྱུང་ཞེས་པ་དེས་ཁྱད་པར་དུ་བྱས་པའི་སྒོ་ནས་ཆོས་ཅན་སྒྲ་དེ་མཚོན་ཅིང་རྟོགས་པར་བྱས་ནས་རྩོལ་བྱུང་རང་ཉིད་ཆོས་ཅན་དུ་མི་གནས་པར་ལྡོག་པའི་ཕྱིར། སྒྲ་མི་རྟག་པར་རྩོལ་བྱུང་གིས་བསྒྲུབ་བྱའི་


MR20_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་རྩོལ་བྱུང་བསྒྲུབ་བྱའི་ཡན་ལག་ཏུ་གྱུར་པ་མིན་ཏེ། དེ་ལ་རྩོལ་བྱུང་གི་རྟགས་ཀྱིས་གསར་དུ་བསྒྲུབ་མི་དགོས་པའི་ཕྱིར་ལྷས་བྱིན་གྱི་ཁང་པ་ཤེས་འདོད་ནས་དྲིས་པའི་ཚེ་བྱ་རོག་གནས་པ་འདིའོ་ཞེས་བསྟན་པ་ན། ཁང་པ་ཤེས་ནས་དེར་བགྲོད་པར་བྱ་བའི་ཡུལ་དུ་འཛིན་གྱི་བྱ་རོག་ལ་ལྟོས་པ་མེད་པའམ། གོས་དཀར་པོ་ཅན་དེ་ཁྲིད་ཤོག་ཟེར་ན་གོས་དེས་མཚོན་པའི་སྐྱེས་བུ་དེ་འདོད་ཡུལ་ཡིན་གྱི་ཕྱིས་སུ་གོས་དཀར་པོ་མ་བགོས་ན་ཁྲིད་བྱ་མིན་པར་མི་འགྱུར་བ་བཞིན་ནོ། །གཉིས་པ། འདི་དང་མཉན་བྱ་འདྲ་བས་ན་མཉན་བྱ་རྟགས་སུ་བཀོད་ནས་སྒྲ་མི་རྟག་པར་བསྒྲུབ་པ་ལྟ་བུ་ཡང་དམ་བཅའ་བ་རྟགས་སུ་བཀོད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཁྱད་གཞི་སྒྲ་དང་ལྡོག་ཆོས་ཐ་དད་པའི་ཕྱིར་ཁྱད་པར་མཉན་བྱ་རྟགས་སུ་བཀོད་པ་ཡང་དམ་བཅའི་ཕྱོགས་གཅིག་གི་དོན་དུ་འཐད་པ་མ་ཡིན་ནོ། །དེ་ཡན་ཆད་ཀྱིས་གོ་བྱ་ཕྱོགས་ཀྱི་རྣམ་པར་གཞག་པ་སོང་ནས། ༈ །ད་ནི་གཉིས་པ་གོ་བྱེད་རྟགས་ཀྱི་དབྱེ་བ་ལ། །ཕྱོགས་ཆོས་དགུའི་དགོས་སྤྱི་རུ་བསྟན། །དབུས་མ་གསུམ་དགོས་བྱེ་བྲག་བཤད། །མ་དམིགས་ལོགས་སུ་མ་བསྟན་དོན། །དང་པོ་ལ། ཕྱོགས་ཆོས་ལས་བརྩམ་དབྱེ་བའི་དོན། །ཕྱོགས་ཆོས་ཉིད་ལ་རྩོད་པ་སྤང་། །ཕྱོགས་ཆོས་དགུ་རུ་དབྱེ་དོན་ནོ། །དང་པོ། ཚད་མ་མདོ་ལས། གཞན་དོན་རྗེས་དཔག་གི་སྐབས་སུ། །ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་དང་། གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་མཉན་བྱ་རྩོལ་ལས་བྱུང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དེ་དགུ་རྟག་པ་ལ་སོགས་ལའོ། །དེ་ལ་རིགས་མཐུན་ལ་ཡོད་དང་། །རྣམ་


MR20_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ལ་མེད་གང་ཡིན། །དེ་ནི་གཏན་ཚིགས་དེ་ལས་བཟློག །འགལ་བ་གཞན་རྣམས་མ་ངེས་པའོ། །ཞེས་གསུངས་ཏེ། ཚིགས་བཅད་དང་པོ་འདི་རྣམ་ཤེས་དང་ཐ་མ་རྒྱན་དུ་དྲངས་པ་ཡིན་པས་དེང་སང་མདོ་རྩ་བའི་འགྱུར་དང་ཅུང་མི་འདྲ་ཡང་འདི་ལྟར་བདེའོ། །དེ་ལྟར་ཕྱོགས་ཆོས་དགུ་ཙམ་ཞིག་བསྟན་པ་ལས་གཞན་མ་གསུངས་ལ། སྤྱིར་རྟགས་འདི་ལ་ཡང་དག་དང་ལྟར་སྣང་གཉིས་སུ་ཡོད་ཅིང་། ཡང་དག་ལའང་འབྲས་རང་མ་དམིགས་པ་གསུམ་དང་། དེར་ཡང་ནང་གི་དབྱེ་བ་དུ་མ་ཡོད་པ་དང་། ལྟར་སྣང་ལའང་མ་གྲུབ་འགལ་བ་མ་ངེས་པ་གསུམ་དང་། སོ་སོའི་ནང་གི་དབྱེ་བ་དུ་མ་ཡོད་བཞིན་དུ་ཡང་དག་གཉིས་དང་ལྟར་སྣང་བདུན་ཏེ་དགུ་པོ་འདི་ཁོ་ན་ལས་ཅིའི་ཕྱིར་མ་གསུངས་ཞེ་ན། གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རབ་ཏུ་དབྱེ་བའི་དོན་རྒྱ་ཆེ་བ་དག་ཚེགས་ཆུང་ངུས་བདེ་བར་བཟུང་ཞིང་རྟོགས་པར་བྱ་བ་གྲུབ་བྱའི་ཕྱིར་ཕྱོགས་ཆོས་དགུར་རབ་ཏུ་དབྱེ་བ་ཡིས་མདོར་བསྡུས་པ་ནི་གསུངས་པ་ཡིན་ནོ། །དེ་ཡང་གྲུ་བཞི་པའི་རེ་ཁཱ་ལ་ཐུར་མ་གཉིས་གཉིས་བསྣོལ་བའི་རེའུ་མིག་དགུ་ལ་སྟེང་མ་གསུམ་ལ་རིམ་བཞིན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་དང་། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་དང་། སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་བཀོད། བར་མ་གསུམ་ལ་རིམ་པ་བཞིན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། ཞེས་དང་། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་དང་། དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་བཀོད། འོག་མ་གསུམ་ལ་རིམ་བཞིན། སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་དང་། དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་


MR20_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཞེས་དང་། སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མིན་པའི་ཕྱིར། ཞེས་བཀོད་པར་བྱའོ། །དེ་ལྟར་བཀོད་པ་དེ་ལ་ཡང་དག་གཉིས་དང་། འགལ་བ་གཉིས་དང་། མ་ངེས་པ་ལྔར་འགྱུར་ཏེ། ཕྱོགས་ཆོས་དགུའི་འཁོར་ལོ་ལས། སྟེང་འོག་གཉིས་ལ་ཡང་དག་གོ། །ལོགས་ལ་འགལ་བ་གཉིས་ཡིན་ཏེ། །ཟུར་བཞིར་ཐུན་མོང་མ་ངེས་བཞི། །དབུས་ན་ཐུན་མོང་མ་ཡིན་པའོ། །ཞེས་གསུངས་པ་བཞིན་ནོ། །ཡང་ན་དབུས་ཀྱི་ཐུན་མིན་མ་ངེས་པའི་དཔེ་བརྗོད་དུ། གསོན་ལུས་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། སྲོག་དང་ལྡན་པའི་ཕྱིར། ཞེས་བཀོད་ཀྱང་འདྲའོ། །དེ་ཡང་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། ཆ་གཉིས་སུ་འཇུག་པ་གསུམ་ཡོད་པའི་དེ་རེ་རེ་ལའང་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། ཆ་གཉིས་སུ་འཇུག་པ་གསུམ་རེ་སྦྱར་བས་གསུམ་གསུམ་དགུར་འགྱུར་བ་ཡིན་ལ། དེའི་ནང་གི་མཐུན་ཕྱོགས་མཐའ་དག་ལ་ཡོད་པ་དང་མི་མཐུན་ཕྱོགས་མཐའ་དག་ལ་མེད་པ་ནི་སྟེང་གི་རེའུ་མིག་ལ་གནས་པ་རང་བཞིན་གྱི་རྟགས་སོ། །མཐུན་ཕྱོགས་ལ་ཡོད་མེད་ཆ་གཉིས་དང་མི་མཐུན་ཕྱོགས་ལ་མེད་པར་ངེས་པ་ནི་འོག་གི་རེའུ་མིག་ལ་གནས་པ་འབྲས་རང་གཉིས་ཀྱི་དཔེར་འོས་པ་ཡང་དག་གོ། །དེ་ལས་གོ་བཟློག་པ་གཉིས་ནི། ལོགས་གཉིས་ལ་བཀོད་པའི་འགལ་བ་གཉིས་སོ། །ལྷག་མ་ལྔ་ནི་མ་ངེས་པ་སྟེ་དེ་ཡང་དབུས་ན་ཕྱོགས་གཉིས་ཀར་མེད་པའོ། །ཟུར་བཞིར་ཕྱོགས་གཉིས་ཀར་ཡོད་པས་མ་ངེས་པ་ཡིན་ལ་དེ་ཡང་རེའུ་མིག་དང་པོར་ནི་ཕྱོགས་གཉིས་ཀར་ཁྱབ་པར་ཡོད་པའོ། །གསུམ་པར་ནི་མཐུན་ཕྱོགས་ལ་ཁྱབ་པར་ཡོད་ཅིང་མི་མཐུན་ཕྱོགས་ཆ་གཉིས་སུ་འཇུག་པ་ཅན་ནོ། །བདུན་པར་ནི་མཐུན་ཕྱོགས་ལ་ཆ་གཉིས་སུ་དང་


MR20_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་ཕྱོགས་ལ་ཁྱབ་པར་ཡོད་པའོ། །ཐ་མ་དགུ་པར་ནི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀར་ཆ་གཉིས་སུ་འཇུག་པ་ཅན་ནོ། །དེ་ཡང་ཐོག་མ་གསུམ་ནི་རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གཞིར་བཞག་ནས་མི་མཐུན་ཕྱོགས་ལ་ཡོད་པ་དང་། མེད་པ་དང་། ཆ་གཉིས་སུ་འཇུག་པ་གསུམ་རིམ་པས་སྦྱར་བའོ། །བར་མ་གསུམ་ནི་མཐུན་ཕྱོགས་ལ་མེད་པ་གཞིར་བཞག་ནས་མི་མཐུན་ཕྱོགས་ཀྱི་དབྱེ་བ་སྔར་བཞིན་སྦྱར་བའོ། །འོག་མ་གསུམ་ནི་མཐུན་ཕྱོགས་ལ་ཡོད་མེད་ཆ་གཉིས་ལ་བརྟེན་པ་གཞིར་བཞག་ནས་མི་མཐུན་ཕྱོགས་གསུམ་པོ་རིམ་པས་སྦྱར་བའོ། །འདི་དག་གི་དཔེ་ཡང་། ཐོག་མ་གསུམ་གྱི་དང་པོའི་མཐུན་ཕྱོགས་ནམ་མཁའ། མི་མཐུན་ཕྱོགས་བུམ་པ་ལྟ་བུ། དེ་བཞིན་གཉིས་པའི་བུམ་པ་དང་ནམ་མཁའ། གསུམ་པའི་མཐུན་ཕྱོགས་བུམ་པ་མི་མཐུན་ཕྱོགས་གློག་དང་ནམ་མཁའ་གཉིས་སོ། །བར་པ་གསུམ་པོ་མཐུན་པར་མཐུན་ཕྱོགས་ནམ་མཁའ་དང་མི་མཐུན་ཕྱོགས་བུམ་པ་དང་གློག་གཉིས་སོ། །འོག་མ་གསུམ་གྱི་དང་པོའི་མཐུན་ཕྱོགས་གློག་དང་ནམ་མཁའ་མི་མཐུན་ཕྱོགས་བུམ་པ། གཉིས་པའི་མཐུན་ཕྱོགས་བུམ་པ་དང་གློག་མི་མཐུན་ཕྱོགས་ནམ་མཁའ། གསུམ་པའི་མཐུན་ཕྱོགས་ནམ་མཁའ་དང་རྡུལ་ཕྲན་མི་མཐུན་ཕྱོགས་ལས་དང་བུམ་པའམ། ཡང་ན་བློ་དང་བུམ་པ་བྱས་ཀྱང་རུང་ངོ་། །རེག་བྱ་ཅན་མིན་པའམ་ལུས་ཅན་མིན་པ་ནི་ཕན་ཚུན་ཐོགས་རེག་མི་བྱེད་པའི་དོན་ཏོ། །དེ་ཡང་རང་ལུགས་ལ་རྡུལ་ཕྲན་རྟག་པ་མིན་ཀྱང་གཞན་ཕྱི་རོལ་པའི་འདོད་ངོར་མཐུན་ཕྱོགས་བྱས་ཚེ་དེ་ལ་རྟགས་འདི་མ་གྲུབ་པར་སྟོན་པའི་ཆེད་དོ། །འདི་ཙམ་གྱིས་གཏན་ཚིགས་ཡང་དག་དང་ལྟར་སྣང་གི་གནད་ཁོང་དུ་ཆུབ་པར་ནུས་ཏེ། མདོ་ལས། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་


MR20_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཕལ་ཆེར་ཕྱོགས་ཆོས་ཡིན། །དེ་ཕྱིར་གཏན་ཚིགས་ལྟར་སྣང་གི། དོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་གསུངས་ཏེ། འདི་ཡང་དེང་སང་ཞ་མའི་འགྱུར་འདི་དང་མི་འདྲ་ལ་འདི་བདེའོ། །གཉིས་པ་ཕྱོགས་ཆོས་ལ་རྩོད་སྤང་ནི། རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པ་ཞེས་པ་འདི་བྱས་པ་དེ་སྒྲ་ལ་གྲུབ་པ་ན་རྟགས་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པས་ན་མཐུན་དཔེ་ལ་རྗེས་འགྲོ་མེད་ཅིང་། ཁྱད་པར་དུ་མ་བྱས་ན་ཕྱོགས་ཆོས་གྲུབ་པར་མི་འགྱུར་རོ་ཞེ་ན། དེ་ནི་རྣམ་གཅོད་ལ་མི་མཁས་པའི་རྩོད་པ་སྟེ། འདི་ལྟར་ཕྱོགས་དང་འབྲེལ་བའི་ཆོས་ཀྱི་སྒྲ་འདི་ལ་ཚིག་གི་ཕྲད་ངེས་གཟུང་གི་སྦྱོར་ཚུལ་ཐ་དད་པར་བྱེད་པས་མི་ལྡན་རྣམ་གཅོད་དང་། གཞན་ལ་ལྡན་པ་རྣམ་གཅོད་དང་། ཁྱད་གཞི་ལ་ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་བྱེད་ཀྱི་ཚུལ་གསུམ་དུ་ཡོད་པ་ཡིན་ཏེ། ངེས་གཟུང་ཁོ་ནའམ་ཉིད་ཅེས་པ་ལྟ་བུའི་ཚིག་ཕྲད་འདི་ཁྱད་པར་གྱི་ཆོས་དང་སྦྱར་ན་མི་ལྡན་རྣམ་གཅོད་དུ་འགྱུར་ཏེ། སྲིད་སྒྲུབ་འཕོང་སྐྱེན་པ་ཁོ་ན་ཞེས་སམ། སྒྲ་ལ་བྱས་པ་ཡོད་པ་ཁོ་ན་ལྟ་བུའོ། །ཁྱད་པར་ཅན་དག་དང་སྦྱར་ན་གཞན་ལྡན་རྣམ་གཅོད་དེ། སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་པ་ཞེས་དང་། སྒྲ་ཁོ་ན་ལ་བྱས་པ་ཡོད་ཅེས་པ་ལྟ་བུའོ། །བྱ་བ་དག་དང་ནི་ལྷན་ཅིག་ངེས་གཟུང་སྦྱར་ཏེ་བརྗོད་ན་མི་སྲིད་རྣམ་གཅོད་དེ། སྲིད་སྒྲུབ་འཕོང་སྐྱེན་པར་གནས་པ་ཁོ་ནའམ། བ་ལ་བེའུ་འབྱུང་སྲིད་པ་ཁོ་ན་དང་། ཆོས་ཅན་ལ་རྟགས་སྲིད་པ་ཁོ་ན་ལྟ་བུ་སོགས་སོ། །དེས་ན་དངོས་སུ་རྣམ་བཅད་སྦྱར་བའི་སྒྲའི་ནུས་པ་དེ་ལྟར་རྣམ་རྟོག་གཏིང་ཚུགས་པར་ཡོངས་སུ་གྲགས་པ་དང་། དེ་འདྲའི་ངེས་གཟུང་དེ་དངོས་སུ་སྦྱར་བ་མེད་ཀྱང་ངེས་གཟུང་གི་དོན་དེ་ལྟ་བུར་ཞེ་ལ་བསམ་ཞིང་བརྗོད་འདོད་ལས་དངོས་སུ་མ་སྨྲས་ཀྱང་ངེས་གཟུང་དེ་ཡི་


MR20_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཉིད་ནི་སོར་སོར་རྟོགས་པར་འགྱུར་བ་ཡོད་དེ། མ་སྨྲས་ཀྱང་དོན་གྱིས་རྟོགས་པ་གང་གི་ཕྱིར་ཞེ་ན། ངག་སྦྱོར་བའི་འབྲས་བུའམ་དགོས་པ་ནི་བརྗོད་འདོད་ཀྱི་དོན་དེ་ལས་གཞན་པའི་འགལ་ཟླ་རྣམ་པར་གཅོད་པ་ཅན་ཡིན་པའི་ཕྱིར་ཏེ། དཔེར་ན་ནག་པ་འཕོང་སྐྱེན་ཞེས་སྨྲས་པའམ། སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། སྔོན་པོ་ནི་མཚོ་སྐྱེས་ལ་ཡོད་པར་འགྱུར་ཞེས་སྨྲས་པ་བཞིན་ནོ། །དེ་དག་གི་དོན་ནི་ནག་པ་ལས་འཕོང་སྐྱེན་བ་གཞན་མེད་ཅེས་མ་གྲགས་པའི་ཕྱིར་དེ་མི་ལྡན་རྣམ་གཅོད་ཙམ་དུ་གོ་ལ། སྲིད་སྒྲུབ་འཕོང་སྐྱེན་པའི་ཚད་དུ་གྲགས་པས་དེ་ལ་མི་ལྡན་མི་སྲིད་པའི་དོགས་པ་མེད་ཕྱིར་གཞན་ལྡན་རྣམ་གཅོད་དུ་གོ་བ་དང་། མཚོ་སྐྱེས་ལ་དཀར་པོ་སོགས་ཡོད་པས་མི་ལྡན་གཅོད་མི་ནུས་ཤིང་གཞན་རིན་ཆེན་སྔོན་པོ་སོགས་ཡོད་པས་གཞན་ལྡན་ཀྱང་གཅོད་པ་མེད་པས་ཆུ་སྐྱེས་ལ་སྔོན་པོ་མི་སྲིད་པ་གཅོད་པ་ཙམ་དུ་གོ་སྟེ། དེ་བཞིན་དུ་སྐབས་ཐོབ་ཀྱི་དབང་གིས་སྒྲ་བརྗོད་ཚུལ་ལ་ཁྱད་མེད་ཀྱང་རྣམ་གཅོད་ཀྱི་དོན་སྣ་ཚོགས་སུ་འགྱུར་བ་ཡོད་པ་ཞིབ་ཏུ་མཚོན་པར་བྱའོ། །དེ་ལྟར་བརྗོད་པ་དེར་ཡང་ཤེས་པར་འདོད་པའི་སྐབས་ཀྱི་ཟླ་བོ་རྣམ་པར་གཅོད་པ་ཡི་དོན་དུ་བརྗོད་པ་ལས་ངེས་གཟུང་གི་དོན་རྣམས་ལ་ནི་ཉན་པ་པོའི་རྟོགས་པ་སྐྱེ་བར་འགྱུར་ཏེ། ཅི་ནག་པ་འདི་འཕོང་སྐྱེན་ནམ་མི་སྐྱེན་སྙམ་དུ་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་སྨྲས་པས་འཕོང་སྐྱེན་པ་སྲིད་པ་ཙམ་དུ་སྟོན་གྱི་སྒྱུ་རྩལ་གཞན་སོགས་གཅོད་དོན་མེད་ལ། ཅི་ནག་པ་འདི་ལ་འཕོང་ལས་གཞན་པའི་ཡོན་ཏན་ཡོད་དམ་མེད་ཅེས་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་དམིགས་བསལ་བའི་ཚེ་འཕོང་ལས་གཞན་པ་འགོག་པའི་ཚུལ་དུ་གོ་བ་དང་། སྲིད་སྒྲུབ་དང་རྣ་ཅན་གཉིས་ལས་སུ་འཕོང་སྐྱེན་དྲིས་པས་སྲིད་སྒྲུབ་འཕོང་སྐྱེན་ཞེས་སྨྲས་པ་ན་དེའི་སྐབས་ཀྱི་


MR20_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བོ་རྣ་ཅན་ཡིན་པའི་ཕྱིར་རྣ་ཅན་ལ་དེ་འདྲའི་འཕོང་སྐྱེན་པ་ཡོད་པ་ཙམ་བཟློག་གི་གཞན་ར་མ་ཎ་སོགས་ལ་འཕོང་དེ་འདྲ་ཡོད་པ་མི་བཟློག་གོ། །འཇིག་རྟེན་འདི་ན་འཕོང་སྐྱེན་པ་སུ་ཡིན་ཞེས་དྲིས་པའི་ཚེ་སྲིད་སྒྲུབ་འཕོང་སྐྱེན་ཞེས་སྨྲས་པ་ན་སྲིད་སྒྲུབ་ཁོ་ན་ལས་གཞན་ལ་དེ་འདྲའི་འཕོང་སྐྱེན་པའི་ཡོན་ཏན་ཡོད་པ་གཅོད་པའི་དོན་དུ་གོ་བ་སྟེ་འདི་ནི་བརྗོད་འདོད་ལས་སོ། །དེ་ལྟར་སྒྲ་རང་གི་ནུས་པ་དང་བརྗོད་འདོད་གཉིས་ཀའང་ངེས་གཟུང་དེ་ལྟ་བུའི་དོན་གོ་བར་འཇིག་རྟེན་ན་ཡོངས་སུ་གྲགས་པས་ན་དེ་གཞན་དུ་བྱ་མི་ནུས་ཏེ། སྒྲ་དོན་རྣམ་འཇོག་ལ་འཇིག་རྟེན་ཚད་མ་ཡིན་པའི་ཕྱིར་སྒྲ་ལས་དོན་ཇི་ལྟར་གོ་བའི་རྗེས་སུ་འབྲངས་ནས་འཇིག་རྟེན་གྱི་བརྡ་རྣམས་ཀྱང་འཇུག་པ་ཡིན་པས་བརྡ་ནི་དོན་མཚོན་པ་ཙམ་ལས་རྒྱུ་མཚན་གཞན་གྱིས་དཔྱད་དགོས་པ་མིན་ནོ། །དེ་ལྟར་ན་སྤྱིར་ཡོངས་སུ་གྲགས་པའི་དབང་དང་། སྒྲ་བརྗོད་ཚུལ་གྱི་ནུས་པ་དང་། སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་ནས་བཟློག་ཟླ་གཅོད་ཅིང་འདོད་ཡུལ་ངེས་པར་བཟུང་བའི་འབྲས་ཅན་ཡིན་པའི་ཕྱིར་རྣམ་གཅོད་སྣ་ཚོགས་སུ་འགྱུར་བ་དེ་ལྟ་བུ་ཡིན་ནོ། །དེ་ལྟར་རྣམ་གཅོད་ཀྱི་ཚུལ་གསུམ་ཡོད་པ་དེས་ན་སྐབས་འདིར་ཕྱོགས་ཀྱི་སྟེང་དུ་ཆོས་གྲུབ་ཚུལ་ནི་མི་ལྡན་པ་རྣམ་པར་གཅོད་པ་ཅན་ཡིན་པས་ཆོས་ཅན་དེའི་ཆོས་ཀྱི་ཁྱད་པར་དུ་གྲུབ་པ་ཡིན་ནའང་ཆོས་ཅན་དེ་ཡི་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཁོ་ནར་གྱུར་ནས་མཐུན་པའི་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་རྟེན་པའམ་ཡོད་པ་མིན་ཏེ་གཞན་ལ་ལྡན་པ་མི་གཅོད་པའི་ཕྱིར་རོ། །གསུམ་པ། ཕྱོགས་ཆོས་དགུར་ཕྱེ་བའི་དགོས་པ་ཅི་ཞེ་ན། རང་བཞིན་དང་འབྲས་བུ་ཡི་སྒྲུབ་རྟགས་ཡང་དག་གཉིས་དཔེ་བརྗོད་ཀྱིས་གྲུབ་པར་བྱ་བའི་དོན་དུ་སྒྲ་མི་རྟག་པའི་རྟགས་སུ་བྱས་པ་དང་རྩོལ་བྱུང་བཀོད་པའི་གཏན་ཚིགས་


MR20_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། དེ་ལས་གོ་ལྡོག་པ་འགལ་བ་གཉིས་ཤེས་པའི་དོན་དུ་སྒྲ་རྟག་པ་ལ་སྒྲུབ་བྱེད་སྔ་མ་གཉིས་པོ་དག་བཀོད་པ་དང་། རྗེས་འགྲོ་དང་ལྡོག་པ་ཆིག་རྐྱང་གྲུབ་པ་གཏན་ཚིགས་ཡང་དག་ཏུ་འདོད་པ་ཡོད་པས་དེ་གཏན་ཚིགས་ཡིན་མིན་ལ་རྩོད་པ་ཡོད་པའི་ཕྱིར་དེ་འདྲའི་འཁྲུལ་བ་བཟློག་ནས་གཏན་ཚིགས་མིན་པར་ཤེས་པའི་སླད་དུ་ཁྱད་པར་མཉན་བྱ་དང་སྤྱི༷་གཞལ་བྱ་རྟགས་སུ་བཀོད་ནས་སྒྲ་རྟག་པར་སྒྲུབ་པ་གཉིས་པོ་དག་བཀོད་པ་སྟེ། དེ་ཡང་མཐུན་ཕྱོགས་མཐའ་དག་ལ་རྗེས་འགྲོ་གྲུབ་པ་ཙམ་གྱིས་གཏན་ཚིགས་ཡང་དག་ཡིན་ན་གཞལ་བྱས་སྒྲ་རྟག་པར་སྒྲུབ་པ་འདི་ཡང་དག་ཏུ་འགྱུར་རོ་ཞེས་དང་། མི་མཐུན་ཕྱོགས་མཐའ་དག་ལ་མ་མཐོང་པ་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་གཏན་ཚིགས་ཡང་དག་ཡིན་ན་མཉན་བྱས་སྒྲ་རྟག་པར་སྒྲུབ་པ་འདི་སྒྲུབ་བྱེད་ཡང་དག་ཏུ་འགྱུར་རོ་ཞེས་ཤེས་པའི་དོན་དུ་ཡིན་ཏེ། རྟགས་དེས་བསྒྲུབ་བྱ་དེ་འགྲུབ་ནུས་ན་མི་རྟག་པར་ཡང་སྒྲུབ་ནུས་པས་འགལ་བ་ལ་མི་འཁྲུལ་བའི་ཚད་མ་སྲིད་པར་འགྱུར་བས་གནོད་པ་སྟོན་པ་ཡིན་ནོ། །ལྷག་མ་གསུམ་ནི་རྗེས་འགྲོ་གྲུབ་པ་ཁོ་ནས་མི་ཆོག་སྟེ། ལྡོག་པའི་ཁྱབ་པ་འགྲུབ་དགོས་ཞེས་སྒྲུབ་པར་བྱེད་པའི་སླད་དུ་བཀོད་པ་ཡིན་ནོ། །དེ་ལ་རྗེས་འགྲོ་ཙམ་མཐོང་བས་ཆོག་ན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་པ་འདི་སྒྲུབ་བྱེད་དུ་འགྱུར་ཏེ། མཐུན་ཕྱོགས་གློག་དང་ནམ་མཁའ་དག་ལས་གློག་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་ལ་རྗེས་འགྲོ་ཙམ་གྲུབ་ཀྱང་མི་མཐུན་ཕྱོགས་རྩོལ་བྱུང་བུམ་པ་སོགས་ལས་མི་ལྡོག་པའི་ཕྱིར་གཏན་ཚིགས་སུ་མི་རུང་སྙམ་ན། རྟག་སྟེ། རེག་བྱ་ཅན་མིན་པའི་ཕྱིར། ཞེས་པ་འདི་མཐུན་ཕྱོགས་རྡུལ་ཕྲན་དང་ནམ་མཁའ་དག་ལས་ནམ་མཁའ་ལ་འཇུག་ཅིང་། མི་མཐུན་ཕྱོགས་བདེ་བ་དང་བུམ་པ་དག་ལས་བདེ་


MR20_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་ལྡོག་པའི་ཕྱིར་རོ། །དེ་ལ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མེད་པས་རྟགས་ཡང་དག་མིན་སྙམ་ན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར། ཞེས་པ་འདི་གཏན་ཚིགས་ཡང་དག་ཏུ་འགྱུར་ཏེ། མཐུན་ཕྱོགས་བུམ་པ་སོགས་རྩོལ་བྱུང་ཐམས་ཅད་ལ་ཁྱབ་པར་འཇུག་ཅིང་། མི་མཐུན་ཕྱོགས་གློག་དང་ནམ་མཁའ་ལས་ལྡོག་པའི་ཕྱིར་རོ། །དེས་ན་ལྡོག་པའི་ཁྱབ་པ་ཡང་དག་པར་མ་གྲུབ་ཕན་ཆད་དཔེ་ལ་རྗེས་སུ་འགྲོ་བ་ལྟར་མཐོང་ཡང་གཏན་ཚིགས་མིན་ཞེས་ཤེས་པའི་ཆེད་དུ་ཡིན་ནོ། །གཉིས་པ་དབུས་ན་གནས་པ་སྟེང་འོག་བར་གསུམ་པོའི་དགོས་པ་བྱེ་བྲག་ཏུ་བཤད་པ་ལ། ཡང་དག་གཉིས་པོའི་དགོས་པ་བཤད། །མ་ངེས་གཅིག་པོའི་དགོས་པ་བཤད། །དང་པོ་ལ། ཐུན་མིན་སོ་སོའི་དགོས་པ་དང་། །གཉིས་ཀ་བསྟན་པའི་དགོས་པའོ། །དང་པོ་ལ། དངོས་དང་དེ་ལ་དོགས་པ་སྤང་། །དང་པོ་ལ། འབྲས་རྟགས་དཔེ་ལ་རྩོལ་བྱུང་དང་། །རང་བཞིན་རྟགས་ལ་བྱས་སྨོས་དོན། །དང་པོ་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ། བྱས་མི་རྟག་ལྟ་བུ་རང་བཞིན་གྱི་རྟགས་འགའ་ཞིག་ཉིད་ལས་གཞན་གྱིས་ཏེ་འབྲས་བུའི་རྟགས་ནི་རང་གི་གོ་བྱ་བསྒྲུབ་ཆོས་ལ་འགོད་ཚུལ་ལྟར་ཁྱབ་མཉམ་དུ་གྲུབ་པ་ཡོད་པ་མིན་ཏེ། དུ་བ་ཡོད་ན་མེ་སྔར་ཡོད་པས་ཁྱབ་ཀྱང་མེ་ཡོད་ཙམ་ལ་དུ་ཡོད་ཀྱིས་ཁྱབ་པ་མེད་པ་ནི་རྒྱུ་ཙམ་ནི་འབྲས་བུ་བསྒྲུབ་པ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེ་བཞིན་ཚིག་དང་བརྗོད་འདོད་ལྟ་བུ་སོགས་འབྲས་རྟགས་ཀུན་ལ་རིགས་འདྲ་བ་ཡིན་པ་དེ་ཕྱིར་འབྲས་རྟགས་ནི་མཐུན་དཔེ་ལ་ཡོད་མེད་ཀྱི་ཆ་རྣམ་པ་གཉིས་སུ་འཇུག་པ་ཡིན་ཏེ། ཚང་བང་ལྟ་བུའི་མེ་ཡོད་ལ་དུ་བ་མཐོང་ཡང་མེ་ཡོད་ཚད་ལ་དུ་བ་མཐོང་བས་མ་ཁྱབ་པ་


MR20_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དེས་ན་རྩོལ་བྱུང་གིས་མི་རྟག་བསྒྲུབ་པ་འདི་ཡང་མཐུན་ཕྱོགས་གློག་དང་བུམ་པ་ལས། བུམ་པ་ལ་མཐོང་། གློག་ལ་མ་མཐོང་བས་ཆ་གཉིས་སུ་འཇུག་པ་ཅན་ཡིན་པས་འབྲས་རྟགས་ཀྱི་དཔེར་རུང་ཞིང་། འབྲས་རྟགས་དངོས་སུ་འགྱུར་ཚུལ་ནི་སྒྲ་རྩོལ་བའི་དེ་མ་ཐག་ཏུ་བྱུང་བར་དམིགས་པའི་ཉན་ཤེས་དེ་འབྲས་བུ་དང་། དེའི་རྒྱུ་སྒྲ་མི་རྟག་པ་ཡིན་པར་དཔོག་པ་ཡིན་ནོ། །དེ་ལ་རྩོལ་བྱུང་གིས་མི་རྟག་པ་སྒྲུབ་པ་རང་བཞིན་གྱི་རྟགས་ཡིན་པར་ཐམས་ཅད་མཐུན་པ་ཡིན་ཞིང་། འབྲས་བུའི་གཏན་ཚིགས་སུ་བྱེད་ན་དོན་གྱིས་དེ་ལྟར་འགྱུར་ཚུལ་ཚེགས་ཆེན་པོས་བསྒྲུབ་དགོས་པས་དུ་བས་མེ་སྒྲུབ་པ་ལྟ་བུའི་འབྲས་རྟགས་དངོས་སུ་ཅིའི་ཕྱིར་མི་སྟོན་ཞེ་ན། རང་བཞིན་གྱི་དཔེ་བརྗོད་ཕྱོགས་གཅིག་དང་བཅས་པ་མཚོན་ནུས་པ་དང་རྩོལ་བ་ལས་བྱུང་བར་དམིགས་པ་ལ་རྟག་པ་མི་སྲིད་པ་སོགས་དགོས་པ་དུ་མ་ཡོད་པའི་དབང་གིས་ཡིན་ནོ། །འོ་ན་འདི་རང་བཞིན་གྱི་རྟགས་ཡིན་ལ་འབྲས་བུའི་རྟགས་སུའང་རུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། བྱས་པ་དང་མི་རྟག་བདག་གཅིག་འབྲེལ་གྲུབ་པ་ནི་སྒྲ་དེ་རྒྱུ་རྐྱེན་གྱིས་འདུས་བྱས་པ་དང་། སྐད་ཅིག་གཉིས་པར་མི་སྡོད་པའི་ལྡོག་ཆ་ནས་སོ་སོར་ཕྱེ་བ་ལས་ངོ་བོ་ཐ་དད་དུ་མ་གྲུབ་པ་ཡིན་པ་དེ་བཞིན་སྤྱིར་རྒྱུ་རྐྱེན་གྱིས་འདུས་བྱས་པའི་བྱེ་བྲག་རྒྱུ་ཡི་ཁྱད་པར་སྐྱེས་བུའི་རྩོལ་བ་ལས་བྱུང་བ་དང་། མི་རྟག་པ་སྒྲའི་སྟེང་དུ་དབྱེར་མེད་པར་བདག་གཅིག་གིས་འབྲེལ་བ་ཡོད་པས་རང་བཞིན་གྱི་རྟགས་ཡིན་མོད། འོན་ཀྱང་མི་རྟག་པ་ཡིན་ནོ་ཅོག་རྩོལ་བྱུང་མིན་པས་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མིན་ཀྱང་སྒྲ་རང་གི་སྟེང་ན་རྩོལ་བྱུང་དང་མི་རྟག་པ་ཐ་དད་དུ་མེད་དོ། །འོན་ཀྱང་འབྲས་རྟགས་སུ་བྱེད་པ་ན་རྩོལ་པ་ལས་བྱུང་བའི་སྒྲ་དེ་ཉིད་འབྲས་བུར་བཟུང་ན་རྩོལ་བ་མེད་པའི་སྔ་ན་སྒྲ་


MR20_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གནས་པ་མེད་པར་རྒྱུ་གཞན་ལས་སྐྱེ་བར་མཐོང་བའི་ཕྱིར་སྒྲ་སྔོན་མེད་གསར་སྐྱེ་དང་། དེ་ཡང་རྒྱུ་བཅས་ཙམ་གྲུབ་མོད་ཀྱི་རྩོལ་བ་སོགས་རྒྱུ་གྲུབ་ཟིན་པའི་ཕྱིར་ན་འབྲས་བུས་རྒྱུ་སྒྲུབ་པའི་རྟགས་དངོས་མ་ཡིན་ནོ། །དེས་ན་འབྲས་རྟགས་ཤུགས་ལ་འཕེན་བྱེད་ཡིན་ཏེ། ཇི་ལྟར་ན་སྐབས་འདིར་རྩོལ་བྱུང་ཞེས་པ་དེ་ཡུལ་སྒྲ་ཉིད་ཀྱི་ཆོས་སུ་བཟུང་ན་རང་བཞིན་གྱི་རྟགས་སུ་འགྱུར་བས་རྩོལ་བ་ལས་བྱུང་བར་དམིགས་པའི་ཉན་ཤེས་ལ་དེར་བཏགས་པ་སྟེ་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པའོ། །དགོས་པ་མེད་པར་ཅི་སྟེ་གདགས་ཤེ་ན། དགོས་པ་ཡོད་དེ། བྱས་པ་དང་སྐྱེ་བ་འགག་པ་སོགས་ཀྱི་རྣམ་གཞག་ཀྱང་མངོན་སུམ་གྱིས་གྲུབ་པ་ལས་དེ་ལྟར་འཇོག་གི་ཡུལ་ཅན་མ་འཁྲུལ་བས་དམིགས་པ་ལས་གཞན་དུ་རྣམ་གཞག་མི་སྲིད་པར་ཤེས་པའི་སླད་དུའོ། །གཉིས་པ་རྩོད་སྤང་ནི། ཕ་རོལ་དག་ན་རེ། འོ་ན་དེ་ལྟར་དམིགས་པའི་ཉན་ཤེས་དེ་འབྲས་བུ་ཡིན་ན་དེ་སྒྲའི་འབྲས་བུ་ཡིན་དུ་ཆུག་མོད་དེས་སྒྲ་མི་རྟག་པར་ཇི་ལྟར་སྒྲུབ་སྟེ། སྒྲ་རྟག་པའི་འབྲས་བུ་ཡིན་པ་ལ་འགལ་བ་མེད་པའི་ཕྱིར། ཇི་ལྟར་ན་རྩོལ་བས་སྒྲ་སྔར་ཡོད་ཉན་ཤེས་ཀྱི་ཡུལ་དུ་གསལ་བར་བྱེད་ཀྱི་སྐྱེད་པར་མི་བྱེད་པས་ན་འབྲས་རྟགས་ཀྱི་དཔེར་མི་རུང་ངོ་ཞེ་ན། སྒྲ་རྟག་པ་རྩོལ་བ་མ་སྐྱེས་པའི་སྔར་ནས་ཡོད་པ་ཡི་ཡུལ་ཅན་ཉན་པའི་ཤེས་པ་སྐྱེད་པ་ཡིན་ན་ནི་དེ་རྟག་ཏུ་ཡོད་པ་འབའ་ཞིག་ཏུ་འགྱུར་གྱི་བྱེད་པ་ལྕེ་རྐན་སོགས་ཀྱིས་བརྩལ་མ་ཐག་ཏུ་བྱུང་བར་ངེས་པ་མིན་ཏེ། འདི་ལྟར་སྒྲ་རྟག་པའི་སྒྲིབ་བྱེད་སེལ་བ་ལ་དང་། ཡུལ་ཅན་དབང་པོ་ལ་དང་། ཡུལ་སྒྲ་རང་གི་ངོ་བོ་ལ་རྩོལ་བ་དེ་ཡིས་རྣམ་པ་ཀུན་ཏུ་ཕན་པའི་བྱ་བ་ཉེར་སྦྱོར་མིན་པའི་ཕྱིར་རོ། །དེས་ན་རྩོལ་མ་ཐག་ཏུ་ངེས་པ་མིན་དགོས་ཀྱང་རྟག་ཏུ་ཐོས་པ་ནམ་ཡང་མེད་ལ་རྩལ་


MR20_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་ཏུ་ཐོས་ངེས་པས་ན་སྒྲ་ཐོས་པའི་ཉན་ཤེས་ནི་རྟག་པའི་སྒྲའི་འབྲས་བུ་ཡིན་པར་མི་འཐད་དོ། །དེ་ལ་སྒྲ་རྟག་ཀྱང་སྒྲིབ་པས་མ་ཐོས་པ་ཡིན་ན་རྩོལ་བས་སྒྲིབ་བྱེད་ལ་བྱ་བ་མི་བྱེད་པ་ཅི་ཞེ་ན། རྟག་ལ་སྔ་ཕྱིའི་ཁྱད་པར་མེད་པས་བསྒྲིབས་པ་དང་མ་བསྒྲིབས་པའི་གནས་སྐབས་ཐ་དད་མི་རུང་བས་ན་སྒྲིབ་མི་ནུས་པ་ལ་སྒྲིབ་བྱེད་མི་སྲིད་པས་དེ་སེལ་བའི་བྱ་བ་འཇུག་པ་མེད་དོ། །གལ་ཏེ་སྔར་ཡོད་ཀྱི་བུམ་པ་མར་མེས་གསལ་བ་བཞིན་ནོ་སྙམ་ན། བུམ་པ་མི་རྟག་པའི་ཕྱིར་ན་སྐད་ཅིག་གི་རྒྱུན་ལ་བསྒྲིབས་མ་བསྒྲིབས་རུང་གི་རྟག་པ་ལ་དེ་མི་རུང་ངོ་། །རྩོལ་བས་དབང་པོ་ལ་ཕན་གདགས་ནས་སྒྲ་རྟག་པ་ཐོས་སོ་ཞེས་པའང་མི་རུང་སྟེ། སྒྲ་རྟག་པ་རྒྱུ་ཡིན་ན་དེས་རང་འབྲས་ཉན་ཤེས་རྟག་ཏུ་མི་བསྐྱེད་པར་རྩོལ་བས་ལེགས་པར་བྱས་པའི་དབང་པོའི་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་རེས་འགའ་བསྐྱེད་ན་དེ་ཁྱད་པར་བྱར་མེད་པའི་རང་བཞིན་ལས་ཉམས་པར་འགྱུར་རོ། །སྒྲ་རང་གི་ངོ་བོ་རྟག་པ་ནི་རྐྱེན་གྱིས་ཁྱད་པར་བྱར་མེད་པ་ཡིན་ན་རྩོལ་བ་ལ་ཇི་ལྟར་ལྟོས་ཏེ། དེས་ན་རྩོལ་བས་སྒྲ་རྟག་པ་ལ་ཉན་ཤེས་སྐྱེད་པའི་བྱ་བ་རྡུལ་ཙམ་ཡང་མི་བྱེད་དོ། །དེ་ལྟར་རྐྱེན་ལ་ལྟོས་པ་མེད་པར་གྱུར་པ་སྒྲ་རྟག་པ་དག་ནི་གལ་ཏེ་རང་གི་ཡུལ་ཅན་བློ་སྐྱེད་པའི་རྒྱུར་འགྱུར་བར་འདོད་ན་དུས་འགའ་ཞིག་གི་ཚེ་འབྲས་བུ་སྒྲ་འཛིན་ཉན་ཤེས་སྐྱེད་པར་མི་བྱེད་པ་འགལ་བའི་ཕྱིར་ན། རྩོལ་བ་ལས་བྱུང་བའི་སྒྲ་འཛིན་ཉན་པའི་ཤེས་པ་འདི་འདྲ་བ་རྟག་པའི་འབྲས་བུ་མ་ཡིན་ཏེ། ཐེར་ཟུག་ཏུ་གནས་པ་མེད་པར་རྒྱུ་རྐྱེན་ལས་བྱུང་བའི་རེས་འགའ་བའི་དངོས་པོ་སྒྲ་མི་རྟག་པའི་འབྲས་བུར་གྲུབ་པས་རྩོལ་བྱུང་དེ་རང་གི་རྒྱུ་སྒྲའི་ཆོས་མི་རྟག་བསྒྲུབ་པའི་འབྲས་རྟགས་སམ། རང་གི་རྒྱུ་མི་རྟག་པའི་དངོས་པོ་ཙམ་སྒྲུབ་པའི་འབྲས་རྟགས་ཡིན་ནོ། །གཉིས་པ། དེ་ལྟར་རྩོལ་བྱུང་


MR20_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མི་རྟག་པར་སྒྲུབ་པ་འདིས་འབྲས་བུའི་རྟགས་དོན་གྱིས་མཚོན་ནུས་ན་རང་བཞིན་གྱི་རྟགས་མཚོན་པ་ལྟ་ཅི་སྨོས། དེས་ན་རང་བཞིན་རྟགས་ཀྱི་དཔེ་བརྗོད་ལོགས་སུ་སྨོས་པ་དོན་མེད་དོ་ཞེ་ན། རྩོལ་བྱུང་གིས་མི་རྟག་པ་སྒྲུབ་པའི་དཔེ་འདི་ཉིད་ཀྱིས་ནི་རང་བཞིན་གྱི་གཏན་ཚིགས་ཉིད་གྲུབ་པ་བདེན་མོད་ཀྱང་འདི་ལས་ཐ་དད་དུ་བྱས་པ་ཉིད་མི་རྟག་པ་སྒྲུབ་པའི་རྟགས་སུ་བཀོད་དེ་དཔེར་བརྗོད་པ་ནི་འབྲས་བུ་རྩོལ་བྱུང་དང་ལྷན་ཅིག་ཏུ་ཕྱོགས་ཆོས་དགུའི་གྲངས་སུ་བསྟན་པ་ན་རང་བཞིན་གྱི་རྟགས་ཐམས་ཅད་རྩོལ་བྱུང་གིས་མི་རྟག་པ་སྒྲུབ་པ་དེ་འདྲར་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཅན་ནོ་སྙམ་དུ་ཤེས་པར་མི་འགྱུར་ཞིང་། རང་བཞིན་གྱི་རྟགས་ལ་ལ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་གོ་ཞེས་ཤེས་པའི་སླད་དུའོ། །གཉིས་པ་ཡང་དག་གཉིས་སོ་སོར་བཤད་པ་དེ་ལས་འཕྲོས་པའི་དོགས་སྤང་ལ། བཤད་ཟིན་ཟློས་པའི་དོགས་པ་སྤང་། །འཆད་འོས་མ་བཤད་དོགས་པ་སྤང་། །དང་པོ། འབྲེལ་བ་གཉིས་ཀྱི་དབང་གིས་འབྲས་རང་གི་གཏན་ཚིགས་འབྱུང་བ་ཡིན་ན་དེ་ནི་ཚུལ་གསུམ་ཚང་བ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་སྔར་རང་དོན་རྗེས་སུ་དཔག་པར་བཤད་ཟིན་ནའང་འདིར་ཟློས་ཏེ་བསྐྱར་བས་ཅི་བྱ་ཟེར་ན། སྤྱིར་གཏན་ཚིགས་ཡང་དག་གི་མཚན་ཉིད་ནི་རྗེས་སུ་དཔག་པར་བཤད་ཟིན་ནའང་། དོན་དེ་ཉིད་དང་མཐུན་པར་གཏན་ཚིགས་དེ་ཉིད་ཕ་རོལ་ལ་ངག་ཏུ་བརྗོད་པར་བྱས་ཏེ། ཕྱིན་ཅི་མ་ལོག་པའི་སྨྲ་བ་ལ་མཁས་ཤིང་རྟོགས་པའི་དོན་དུ་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་མདོར་བསྡུས་པ་ཙམ་བཤད་དེ། གཏན་ཚིགས་སུ་འགྱུར་ཚུལ་གྱི་མཚན་ཉིད་ལ་ནི་ཐ་དད་པ་མེད་དོ། །གཉིས་པ། རྩོལ་བྱུང་གིས་འབྲས་རྟགས་མཐུན་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་


MR20_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ་བརྗོད་པ་དེ་ལྟར་ན་རང་བཞིན་གྱི་གཏན་ཚིགས་ལའང་མཐུན་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་པ་ཡོད་པའི་དཔེ་བརྗོད་ལོགས་སུ་འཆད་འོས་པ་ལ་དེ་མ་བཤད་པས་ཆད་པའི་སྐྱོན་དུ་འགྱུར་རོ་ཞེ་ན། རྩོལ་བྱུང་གིས་མི་རྟག་པ་སྒྲུབ་པ་དེས་སྐབས་འདིར་འབྲས་བུའི་རྟགས་ཀྱི་དཔེ་ཡང་དོན་གྱིས་མཚོན་པར་བྱས་ཤིང་། དེར་མ་ཟད་དེ་ཉིད་ཀྱིས་ནི་རང་བཞིན་གཏན་ཚིགས་ཀྱི་བྱེ་བྲག་འགའ་ཞིག་མཐུན་པའི་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་མིན་པར་ཆ་གཅིག་ལ་བརྟེན་པའང་བཤད་པ་ཡིན་པས་དཔེ་བརྗོད་ལོགས་སུ་མི་དགོས་སོ། །དེས་ན་རྩོལ་བ་ལས་སྒྲ་ཉན་ཤེས་ལ་གསལ་བ་འབྲས་རྟགས་ཀྱི་དཔེ་བརྗོད་དང་། སྒྲ་ཉིད་རྩོལ་བ་ལས་གསར་དུ་སྐྱེ་བ་རང་བཞིན་རྟགས་ཀྱི་དཔེ་བརྗོད་དེ། དེ་གཉིས་འདྲ་བར་སྟེ་ཐུན་མོང་དུ་གཅིག་པུ་དེ་དཔེར་བརྗོད་པ་མཛད་དོ། །གཉིས་པ་ཡང་དག་གཉིས་པོ་ཐུན་མོང་གི་དགོས་པ་ལ། སྒྲུབ་པའི་དོན་དང་དགག་པའི་དོན། །དང་པོ། འབྲས་བུ་ཡོད་པ་གང་ཞིག་རང་གི་རྒྱུ་གང་དེ་མེད་ན་མི་འབྱུང་བ་དེ་བྱུང་གི་འབྲེལ་པའམ་རང་གི་བདག་ཉིད་དུ་གྱུར་པའི་རྣམ་དབྱེར་མེད་པ་ཅན་བདག་གཅིག་འབྲེལ་གང་ཡིན་པའི་འབྲས་རང་གི་རྟགས་དེ་ནི་རང་གི་བསྒྲུབ་བྱ་དེ་དང་རྣམ་པ་ཀུན་ཏུ་འཁྲུལ་པར་མི་འགྱུར་རོ་ཞེས་བྱའི་དོན་རྟོགས་པའི་སླད་དུ་གཏན་ཚིགས་འདི་གཉིས་དཔེ་ཡིས་མཚོན་ནས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ། གཞན་གྱིས་འབྲེལ་བར་འདོད་པ་ལྡན་པ་ཅན་དང་འདུ་བ་ཅན་དང་རྗེ་ཁོལ་གྱི་འབྲེལ་བ་སོགས་གང་དག་ལ་མེད་ན་མི་འབྱུང་བ་དེ་འདྲའི་འབྲེལ་བ་ཡོད་པ་མིན་པ་དེས་ན་དེ་དག་གཅིག་གིས་ཅིག་ཤོས་བསྒྲུབ་ན་འཁྲུལ་བ་སྲིད་པའི་ཕྱིར་དེ་འདྲ་གཏན་ཚིགས་མིན་ནོ་ཞེས་ཚུལ་འདིས་དོན་གྱིས་བཤད་པ་ཡིན་ནོ། །གལ་ཏེ་ལྡན་འདུ་དེ་དག་ལ་འབྲེལ་བ་ཡོད་པ་ཡིན་ན་ཡང་འབྲེལ་བ་གཉིས་པོ་


MR20_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་ཞིག་ཉིད་བསྒྲུབ་བྱ་རྟོགས་པའི་སྒྲུབ་བྱེད་དུ་འགྱུར་བ་ཡིན་གྱི་དེ་ལས་གཞན་པའི་འབྲེལ་བ་ཕུང་གསུམ་པ་བསྒྲུབ་བྱ་རྟོགས་ནུས་གང་ཡང་མེད་དེ། རྟགས་དེ་བསྒྲུབ་བྱ་ལ་མི་འཁྲུལ་པར་ངེས་པ་ནི་མེད་ན་མི་འབྱུང་བའི་འབྲེལ་བ་ཁོ་ན་ཡིན་གྱི་དེ་འདྲའི་ངེས་པ་མེད་པ་སྒྲུབ་བྱེད་དུ་རུང་བ་མིན་པས་འབྲེལ་བ་གཉིས་པོ་འདི་ཙམ་གྱི་དབང་གིས་བསྒྲུབ་བྱ་འགྲུབ་པར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་མ་ངེས་པ་གཅིག་བཤད་པ་ལ། སྲོག་ལ་ལྡོག་ཁྱབ་གྲུབ་པ་དགག །སྲོག་དང་མཉན་བྱ་འཁྲུལ་བར་མཚུངས། །ཚུལ་དེས་རིགས་ཅན་གཞན་ཡང་མཚོན། །དང་པོ་ལ། ལྡོག་ཁྱབ་མེད་པའི་སྒྲུབ་བྱེད་འགོད། །ལྡོག་ཁྱབ་ཡོད་པའི་སྒྲུབ་བྱེད་བཀག །དང་པོ་ལ། དངོས་དང་ལུང་འགལ་དོགས་པ་སྤང་། །དང་པོ། རིགས་པ་ཅན་པ་རྣམས་ན་རེ། གསོན་པོའི་ལུས་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། སྲོག་ལྡན་ཡིན་པའི་ཕྱིར། ཞེས་པ་འདི་བདག་སྒྲུབ་པའི་གཏན་ཚིགས་སུ་འདོད་ལ། དེ་ཡང་གསོན་ལུས་ཐམས་ཅད་ཕྱོགས་སུ་བྱ་དགོས་པས་དཔེ་གཞན་གྱི་སྟེང་དུ་བདག་ཡོད་པ་ལ་སྲོག་རྗེས་སུ་འགྲོ་བའི་ཚུལ་བསྟན་མི་ནུས་ཀྱང་ལྡོག་པ་ཆིག་རྐྱང་གྲུབ་པ་ཡིན་པར་འདོད་དོ། །དེ་ལ་དཔྱད་ན་ལྡོག་པ་གྲུབ་པའི་དོན་མེད་དེ། མི་མཐུན་ཕྱོགས་ལས་ལྡོག་པ་ཉིད་ནི་ཚད་མས་ངེས་པ་ཉིད་རྒྱུ་གང་ལས་ཡིན་ན། བསྒྲུབ་བྱ་མེད་ན་རྟགས་དེ་མི་འབྱུང་བའི་འབྲེལ་བ་ལ་བརྟེན་ནས་མི་མཐུན་ཕྱོགས་ལ་མེད་ཅེས་ངེས་དགོས་པ་ཡིན་པར་བརྗོད་དེ། མེད་ན་མི་འབྱུང་བ་དེ་ཡང་རྟགས་ཆོས་གཉིས་འབྲེལ་བ་མེད་པ་ལ་མེད་པར་ཟད་དོ། །དེ་ལྟ་ནའང་སྲོག་ལྡན་ཡིན་པའི་ཕྱིར་ཞེས་པའི་རྟགས་འདི་ལ་ལྡོག་པ་གྲུབ་ཅེས་ཁས་ལེན་པ་དེ་ཉིད་ཀྱི་ཕྱིར་ན་འདི་ལ་རྗེས་འགྲོའང་གནས་དགོས་ཏེ། རྗེས་འགྲོ་མེད་པར་


MR20_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ཁྱབ་འགྲུབ་པའི་ཐབས་མེད་པའི་ཕྱིར་རོ། །འབྲེལ་བ་དེ་ཡང་རང་གི་བདག་གམ་རྒྱུ་དངོས་པོར་གྱུར་པ་ཡི་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་ནི་གྲུབ་ན་དེ་ལ་བརྟེན་ནས་མི་མཐུན་ཕྱོགས་ལས་ལྡོག་པ་གྲུབ་པར་འགྱུར་བ་ཡིན་ཀྱང་བདག་དང་སྲོག་ལ་དེ་འདྲའི་འབྲེལ་བ་གཉིས་པོ་གང་ཡང་མེད་དོ། །དེ་ཡི་ཕྱིར་ན་ཁྱད་པར་མཉན་བྱ་རྟགས་སུ་བཀོད་པ་དང་། གསོན་ལུས་ཀྱི་ཁྱད་པར་སྲོག་རྟགས་སུ་བཀོད་པ་འདི་ནི་བསྒྲུབ་བྱ་མི་རྟག་དང་བདག་ལ་འབྲེལ་བ་མ་དམིགས་པའི་ཕྱིར་མི་མཐུན་ཕྱོགས་ལས་ལྡོག་ཁྱབ་གྲུབ་པ་མེད་ལ། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བའང་ཡོད་པ་མ་ཡིན་ནོ། །གཉིས་པ་དོགས་སྤང་ནི། འདི་ལ་ལྡོག་པ་མེད་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐུན་མིན་མ་ངེས་པ་འདི་ནི་ཕྱོགས་གཉིས་ལས་ལྡོག་པ་ཅན་ནོ་ཞེས་ཅི་སྟེ་གསུངས་ཤེ་ན། སློབ་དཔོན་གྱིས་དེ་ལ་ལྡོག་ཁྱབ་གྲུབ་ཅེས་གསུངས་པ་མིན་ཏེ། ཕྱོགས་གཉིས་ཀར་མ་མཐོང་བ་ཙམ་ལ་བརྟེན་ནས་ལྡོག་པ་ཅན་ཞེས་སུའང་གསུངས་ལ། དེ་ཕ་རོལ་གྱི་ལྡོག་པ་ཆིག་རྐྱང་འདོད་པའི་ངོར་འདིའང་མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར་ལྡོག་པ་འབའ་ཞིག་པ་ཅན་དུ་འགྱུར་རོ་ཞེས་བཤད་པ་སྟེ། ལྡོག་རྐྱང་ཙམ་ཡིན་པ་དེ་ཡི་ཕྱིར་ན་འདི་མ་ངེས་པ་ཡིན་གྱི་གཞན་དུ་ལྡོག་ཁྱབ་གྲུབ་པ་ཅན་ཡིན་ན་བསྒྲུབ་བྱ་གོ་བར་བྱེད་པའི་གཏན་ཚིགས་ཡང་དག་པར་འགྱུར་ཏེ། ཁྱབ་པ་གཉིས་པོ་གཅིག་གྲུབ་ན་ཅིག་ཤོས་དོན་གྱིས་གྲུབ་པར་ངེས་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་བཀག་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད། །དང་པོ། གཞན་དག་ན་རེ། སྲོག་སོགས་ཀྱིས་ཁྱབ་བྱེད་བདག་ཡིན་ལ་ལྡོག་ཕྱོགས་སྲོག་མེད་ཀྱིས་བདག་མེད་ལ་ཁྱབ་སྟེ། བདག་ཏུ་འཛིན་པ་ཅན་ལ་སྲོག་མེད་པ་མ་མཐོང་བའི་ཕྱིར་དང་། སྲོག་


MR20_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་བདག་ཡོད་པར་མ་མཐོང་བའི་ཕྱིར་སྲོག་མེད་ན་བདག་ལྡོག་པ་དང་། ཡོད་ན་བདག་ཡོད་པར་གྲུབ་བོ་ཟེར་ན། གལ་ཏེ་དེ་ལྟར་བདག་ནི་ལྡོག་པ་ཡིས་སྲོག་སོགས་དག་ནི་ལྡོག་པར་འགྱུར་བར་འདོད་ན་ནི། སྲོ༷ག་སོགས་མེད་པས་བདག་མེད་པ་ལ་ཁྱབ་པར་འགྱུར་བར་ཚད་མས་ངེས་དགོས་ནའང་དེ་ལྟ་བུ་ཡང་ཡོད་པ་མ་ཡིན་ཏེ་སྲོག་མེད་དང་བདག་མེད་ལ་མེད་ན་མི་འབྱུང་གི་འབྲེལ་བ་ཚད་མས་མི་རྟོགས་ཤིང་། བདག་མེད་དང་སྲོག་ལ་འགལ་བ་གཉིས་པོ་གང་ཡང་སྒྲུབ་པར་མི་ནུས་པས་ན་འབྲེལ་མེད་ཀྱི་རྟགས་ཁོ་ནར་ཟད་དེ། འབྲེལ་མེད་གཞན་བདག་ནི་ལྡོག་པར་ནི་གྱུར་པ་ཡིས་གཞན་སྲོག་ནི་ལྡོག་པར་ནི་མི་རུང་བའི་ཕྱིར་ཏེ། རྟ་ལྡོག་པས་བ་ལང་ལྡོག་པའམ་མོ་གཤམ་གྱི་བུ་ལྡོག་པས་མིག་སོགས་ལྡོག་བར་འདོད་པ་བཞིན་ནོ། །གཉིས་པ་རྒྱས་བཤད་ལ། དེའི་འབྲེལ་མངོན་སུམ་གྱིས་མི་འགྲུབ། །རྗེས་སུ་དཔག་བས་མི་འགྲུབ་པའོ། །དང་པོ། བདག་དང་སྲོག་ལ་འབྲེལ་བ་མེད་པ་མིན་ཏེ། དེ་ཡི་བདག་ཉིད་ཀྱིས་འབྲེལ་བའམ་དེ་ལས་བྱུང་བའི་འབྲེལ་བ་ཡོད་པ་ཡིན་ནོ་ཞེ་ན། མི་འཐད་དེ། བདག་དང་སྲོག་བདག་གཅིག་གིས་འབྲེལ་ན་འགལ་ཏེ། སྲོག་མི་རྟག་ལ་བདག་རྟག་པར་འདོད་པའི་ཕྱིར་དང་བདག་དང་ཡོན་ཏན་ཐ་དད་དུ་ཁས་བླངས་པའི་ཕྱིར་རོ། །དེས་ན་དེ་བྱུང་གི་འབྲེལ་བ་ལས་འོས་མེད་ལ་དེ་ལྟ་ནའང་གལ་ཏེ་རྒྱུ་བདག་ནི་དམིགས་པས་ན་འབྲས་བུ་སྲོག་སོགས་དེ་དམིགས་པའི་རྗེས་འགྲོ་དང་། བདག་དེ་རྟོགས་པ་མེད་པར་ཡང་སྲོག་ལྡོག་པའམ་མ་རྟོགས་པ་སྟེ་དེ་ལྟར་མེ་དུ་བཞིན་དུ་རྗེས་སུ་འགྲོ་ལྡོག་གྲུབ་ན་དེ་བྱུང་གི་འབྲེལ་བའི་ཚུལ་འདི་གྲུབ་པར་འགྱུར་ན་ཡང་བདག་དེ་ནི་ནམ་ཡང་དངོས་སུ་མཐོང་མི་སྲིད་པས་ཤིན་ཏུ་ལྐོ༷ག་ཏུ་གྱུར་པ་ལ་གཞི་འགར་བདག་


MR20_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་སྲོག་དེ་མཐོང་བ་དང་མེད་པས་མ་མཐོང་བ་དེ་གྲུབ་པ་མེད་པས་འབྲེལ་བ་ཅི་ཡང་ཚད་མས་མ་དམིགས་ཏེ། མོ་གཤམ་གྱི་བུ་དང་སྲོག་གི་འབྲེལ་བ་འདོད་པ་བཞིན་ནོ། །དེས་ན་ཆོས་ཅན་བདག་ཁོ་རང་ནམ་ཡང་མ་དམིགས་པ་ལ་དེ་དང་བདག་གཅིག་ཏུ་གྱུར་པའམ་དེའི་འབྲས་བུ་ཡིན་ཞེས་ཇི་ལྟར་རྟོགས་ཏེ་དམ་བཅའ་བ་ཙམ་དུ་ཟད་དོ། །གཞི་ལ་ལར་སྣང་རུང་ཡིན་པ་དེ་ནི་འགའ་ཞིག་ཏུ་མེད་ཅེས་ལྡོག་པ་རྟོགས་རིགས་ཏེ་མཚན་མོའི་རྒྱ་མཚོར་མེ་བཞིན་ནོ། །སྣང་རུང་མིན་པ་ལ་ཡོད་མེད་གཉིས་ཀར་སྒྲུབ་བྱེད་མེད་དེ། རྒྱུད་གཞན་གྱི་རྟོག་པའི་ཁྱད་པར་དཔྱད་པ་བཞིན་ནོ། །བདག་ནི་སྣང་རུང་མིན་པས་ན་གཞན་གསོན་ལུས་ཀྱི་ཁྱད་པར་འགའ་ལ་ཡང་མཐོང་བ་མེད་པའི་ངོ་བོ་ཅན་དེ་ནི་བུམ་སོགས་ལ་མེད་དོ་ཅེས་དམིགས་བསལ་བའི་རྒྱུ་མཚན་དེ་རྒྱུ་གང་ལས་ཡིན་ཏེ། ཤ་ཟ་བསྐལ་དོན་དུ་སོང་བས་ངའི་ཁྱིམ་དུ་ཤ་ཟ་ཡོད་ལ་ཁྱོད་ཀྱི་ཁྱིམ་དུ་མེད་ཅེས་བརྗོད་ན་དེ་དམ་བཅའ་བ་ཙམ་ལས་བདེན་པའི་དོན་ཅན་དུ་ངེས་བྱེད་མེད་པ་བཞིན་ནོ། །དེ་ལྟར་བདག་དེ་གཞི་གང་ལ་མེད་པའམ་ལྡོག་པ་ནམ་ཡང་ཚད་མས་ཤེས་པ་མེད་པ་དེ་ཡི་བུམ་སོགས་ལ་བདག་དང་སྲོག་ལྡོག་པའི་ཁྱབ་པའམ་ངེས་པའང་ཅི་ལྟར་ཡིན་ཏེ་ཚིག་ཙམ་དུ་ཟད་དོ། །དེ་ལྟར་བདག་ཡོད་པར་འདོད་པའི་ལུགས་ལྟར་ན་བདག་དངོས་སུ་མཐོང་བ་མེད་པས་སྒྲུབ་བྱེད་རྗེས་དཔག་ཙམ་ལས་འོས་མེད་ལ་རྗེས་དཔག་གིས་འགྲུབ་པར་མི་སྲིད་དེ། དངོས་པོའི་སྟོབས་ཀྱི་རིགས་པས་དེ་ཁེགས་པའི་ཕྱིར་རོ། །གཉིས་པ་ལ། བདག་ཆོས་ཅན་བྱས་ཕྱོགས་ཆོས་མེད། །བསྒྲུབ་བྱར་བྱས་ན་ཁྱབ་པ་མེད། །དང་པོ། གཞི་གང་དུ་ཡོད་པ་དང་མེད་པར་བསྒྲུབ་པར་བྱ་བ་བདག་གི་ངོ་བོ་མ་དམིགས་པས་ན་དེ་ལ་སྒྲུབ་བྱེད་གང་ཡང་མི་སྲིད་དེ། ཚུལ་གསུམ་ཚང་པའི་གཏན་ཚིགས་ནམ་


MR20_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་རྙེད་པའི་ཕྱིར་རོ། །ཇི་ལྟར་ན་སྲོག་དང་གཡོ་འགུལ་ལ་སོགས་པ་དངོས་པོའི་ཁྱད་པར་ལ་ལར་མཐོང་བ་ཡིས་འདི་ལ་ཡོད་ཅེས་དང་འདིར་མེད་ཅེས་བརྗོད་པ་ཡིན་ལ་གལ་ཏེ་དེ་ལྟར་བདག་ཀྱང་འགའ་ཞིག་ཏུ་ཡོད་པ་དང་ལ་ལར་མེད་པ་མཐོང་ན་བདག་དེ་འགའ་ཞིག་ཏུ་ཡོད་པ་དང་འགའ་ཞིག་ཏུ་མེད་པ་ཉིད་ནི་རྟོགས་པར་འགྱུར་ན་ཡང་། བདག་ནི་ཡུལ་དུས་གང་དུའང་མཐོང་མི་སྲིད་པས་དེ་གཞི་གང་དུ་ཡོད་མེད་སེམས་པར་བྱེད་པ་ཅི་ལྟར་འཐད་དེ་དོན་མེད་དོ། །དེས་ན་བདག་ཆོས་ཅན་དུ་བྱས་ནས་རྟགས་གང་བཀོད་ཀྱང་ཆོས་ཅན་གཞི་མ་གྲུབ་པས་ན་རྟགས་གྲུབ་པ་མི་སྲིད་དེ། མོ་གཤམ་བུ་ཆོས་ཅན་དུ་བཟུང་ནས་རྟགས་འགོད་པ་བཞིན་ནོ། །གཉིས་པ་ལ། མེད་ན་མེད་པའི་ལྡོག་མི་འགྲུབ། །ཡོད་ན་ཡོད་པའི་རྗེས་འགྲོ་མིན། །དང་པོ་ལ། བདག་ལྡོག་པས་ན་སྲོག་ལྡོག་མིན། །ཡིན་པར་བསྒྲུབ་ན་ཧ་ཅང་ཐལ། །དང་པོ། གོང་དུ་བཤད་པ་ལྟར་བདག་ལྡོག་པས་སྲོག་ལྡོག་པ་མི་འགྲུབ་ཚུལ་བརྗོད་པ་ལ། རིགས་པ་ཅན་པ་ན་རེ། དེ་ལྟ་ན་གསོན་ལུས་ཆོས་ཅན། །སྲོག་དང་མི་ལྡན་པར་ཐལ། བདག་མེད་པའི་ཕྱིར། བུམ་པ་བཞིན། ཞེས་ཐལ་བ་འཕེན་པ་དེ་གྱི་ན་སྟེ། སྲོག་གི་རྒྱུ་བདག་ལས་གཞན་ཡིན་པའི་ཕྱིར་རོ། །གང་ཞེ་ན། བློ་དང་རྩོལ་བ་སོགས་རྒྱུ་གང་ཞིག་ནི་མེད་པ་ཡིས་ཆོས་ཅན་བུམ་པ་ལ་སོགས་པའི་དངོས་པོར་སྲོག་སོགས་མཐོང་བ་མེད་པ་ཡིན་པས་ལུས་ལའང་གལ་ཏེ་བློ་སོགས་རྒྱུ་དེ་མེད་ན་གསོན་པོའི་ལུས་ལ་འབྲས་བུ་སྲོག་དེ་མེད་པར་རིགས་པ་ཡིན་ཏེ་རོ་བཞིན་ནོ། །དེས་ན་འབྲེལ་མེད་ཀྱི་ཐལ་བ་དེ་འདྲ་རྨི་ལམ་གྱི་མདའ་འཕེན་པའོ། །གཉིས་པ། གལ་ཏེ་ནང་པ་སངས་རྒྱས་པ་ལྟར་ན་གསོན་ལུས་དང་བུམ་པ་གཉིས་ཀ་བདག་མེད་པར་འདྲ་བས་ཆ་འདིས་ཅུང་ཟད་


MR20_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཐུན་པའི་ཕྱིར་ཆོས་གཞན་བློ་སོགས་ཡོད་མེད་ཀྱི་ཐ་དད་པར་གྱུར་ན་ཡང་སྲོག་མེད་པར་མཚུངས་སོ་ཞེས་དེར་རྟོག་ན་ལུས་བུམ་གཉིས་ཀ་གཞལ་བྱ་ཉིད་དུ་མཚུངས་པའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ཀྱང་བདག་དང་བཅས་པར་ཅིས་མི་དཔོག་སྟེ། དེ་ལྟར་འབྲེལ་མེད་ཀྱི་རྟགས་ཀྱིས་གཞན་རྗེས་སུ་དཔོག་ན་ཧ་ཅང་ཐལ་ལོ། །བུམ་པ་ལ་བདག་ཡོད་པར་ཁོ་བོ་ཅག་གི་གཞུང་ནས་མ་བཤད་པའི་ཕྱིར་དེ་ལྟར་མི་འདོད་དོ་ཅེ་ན། ཁྱོད་ཀྱིས་སངས་རྒྱས་པ་ལ་བཀོད་པའི་རིགས་པ་དེ་ཚད་མ་ཡིན་ན་འདི་ཡང་ཚད་མས་འགྲུབ་དགོས་ལ། ཚད་མ་ཉིད་ནི་འདོད་པ་རྣམ་པར་བཞག་པ་ཀུན་གྱི་རྒྱུ་ཡིན་ཏེ། ཚད་མ་དེ་མེད་པར་སྐྱེས་བུའི་ཞེ་འདོད་ཙམ་གྱིས་ནི་དངོས་པོ་དང་དངོས་མེད་དུ་རྣམ་པར་བཞག་པ་གང་གིས་ནུས་ཏེ། འདོད་པ་ཙམ་མི་གཙོ་ཞིང་ཚད་མ་གཙོ་ལ་ཚད་མས་གྲུབ་ན་མི་འདོད་པའི་རང་དབང་མེད་པས་ན་དེ་ལྟར་ཁས་ལེན་དགོས་པར་འགྱུར་རོ། །གསུམ་པ། སྲོ༷ག་དང་མིག་འབྱེད་འཛུམ་དང་མཆུ་འགུལ་བ་ལ་སོགས་པ་ནི་རང་གི་དྲན་པ་དང་མངོན་འདོད་དང་ང་དང་སེམས་ཀྱི་རྩོལ་བ་ལས་སྐྱེས་པ་ཡིན་ལ། དྲན་སོགས་དེ་དག་ཡུལ་དང་དབང་པོ་བློ་དག་ལས་བྱུང་བ་ཡིན་ནོ། །ཡུལ་སོགས་དེ་ཡང་ཕན་ཚུན་ལྷན་ཅིག་བྱེད་རྐྱེན་དུ་སོང་བ་ལ་ནི་ལྟོས་པ་ཅན་གྱི་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་ལས་བྱུང་བ་ཡིན་ཏེ། དཔེར་ན་རོ་སྐྱུར་བ་ཅན་གྱི་གཟུགས་མཐོང་བའམ་དྲི་ཚོར་བ་ལས་སྐྱུར་བ་དྲན་པ་དང་མངོན་འདོད་ཀྱི་འགྲམ་ཆུ་ལྡང་བ་དང་། ལུས་ཀྱི་ནུས་པ་དང་བློ་དང་རྩོལ་བ་ལས་དབུགས་འབྱུང་རྔུབས་དང་མིག་འབྱེད་འཛུམ་སོགས་འབྱུང་བ་ལྟ་བུ་དང་། དྲན་སོགས་དེ་དག་ཡུལ་དབང་བློ་ཡི་རྐྱེན་གསུམ་ཚོགས་པ་ལས་སྔར་འདས་པ་དྲན་པ་དང་། གཞན་ལ་མངོན་འདོད་དང་རྩོལ་བ་བསྐྱེད་པ་འབྱུང་ངོ་། །དབང་པོ་མིག་


MR20_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རང་གི་རིགས་འདྲ་ལས་བྱུང་ཞིང་རྣམ་ཤེས་འབྱུང་བའི་རྐྱེན་ཡིན་ལ། ཡིད་བྱེད་ཀྱང་ཤེས་པ་གཞན་གྱི་རྐྱེན་དང་། ཤེས་པའི་ལྷན་ཅིག་བྱེད་རྐྱེན་ལས་དབང་པོའང་ལེགས་པར་གནས་པ་སོགས་ཡིན་ནོ། །དེ་ལྟར་ན་རྒྱུ་དེ་ཙམ་ལས་ནི་བདག་གི་དངོས་པོ་སྟེ་བདག་ཅེས་པའི་གདགས་གཞིའི་དངོས་པོ་ནི་ནང་གི་སྐྱེ་མཆེད་དྲུག་པོ་འདི་ཙམ་འབའ་ཞིག་ཏུ་ཟད་ཀྱི་དུ་མ་མི་རྟག་པ་འདི་ལ་བདག་ཏུ་གདགས་པ་ལས་བདག་ཅེས་རང་རྐྱ་བ་ཅུང་ཟད་ཀྱང་མེད་དོ། །དེས་ན་བདག་ཅེས་གདགས་པའི་དངོས་པོ་འདི་ནི་དེ་ལྟར་རང་རང་གི་རྒྱུ་རྐྱེན་ཡོད་ན་ཡོད་པའི་རྗེས་འགྲོ་དང་། མེད་ན་མེད་པའི་ལྡོག་པ་ལ་བརྟེན་པ་ཡིན་གྱི་དེ་ལས་གཞན་དུ་དབུགས་དང་བློ་སོགས་ཀྱི་རྒྱུར་བདག་རྟོག་ན་རྒྱུ་རྣམས་ལ་ཐུག་པ་མེད་པར་འགྱུར་ཏེ། རྗེས་སུ་འགྲོ་ལྡོག་ཚད་མས་མ་མཐོང་ཡང་རྒྱུར་ཁས་ལེན་རིགས་པའི་ཕྱིར་རོ། །གཉིས་པ་སྲོ༷ག་དང་མཉན་བྱ་མཚུངས་པ་ལ། རྩ་བའི་རྟགས་ནི་འགོད་པ་དང་། །དེ་ཡི་རྒྱུ་མཚན་རྒྱས་པར་བཤད། །དང་པོ། ཁྱབ་པ་མ་གྲུབ་པས་ན་རང་གི་བསྒྲུབ་བྱ་འགྲུབ་པ་ལ་འཁྲུལ་བ་ཉིད་ཀྱིས་ན་སྒྲ་རྟག་པར་བསྒྲུབ་པ་ལ་མཉན་བྱ་རྟགས་སུ་བཀོད་པ་དང་། གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་སྲོ༷ག་སོགས་རྟགས་སུ་བཀོད་པ་འདི་ནི་མཚུངས་པར་འགྱུར་རོ། །གཉིས་པ་ལ། ལྡོག་ཅན་རྟགས་ལ་བརྟགས་ནས་དགག །ལྟོས་གཞི་ཕྱོགས་ལ་བརྟེན་ནས་དགག །གཉིས་ཀའི་འབྲེལ་ལ་བརྟགས་ནས་དགག །དང་པོ་ལ། ལྡོག་ཁྱབ་མེད་པར་མཚུངས་པར་བསྒྲུབ། །དེ་ཡི་ལན་དུ་བཀོད་པ་བཀག །དང་པོ་ལ། དངོས་དང་དེ་ཡི་འཐད་པའོ། །དང་པོ། ཕ་རོལ་པོ་ན་རེ། དེ་གཉིས་མཚུངས་པ་མ་ཡིན་ཏེ། མཉན་བྱ་དང་སྲོག་སོགས་རྟགས་


MR20_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱས་པ་འདི་མི་མཐུན་ཕྱོགས་ལས་ལྡོག་པ་ཅན་ཡིན་ཡང་མཉན་བྱ་འདི་ནི་དེ་སྒྲུབ་ལ་འཁྲུལ་བའི་ཕྱིར་ཏེ། བཟློག་སྟེ་མི་རྟག་པར་བཀོད་ཀྱང་རུང་བས་རྟགས་ཡང་དག་མིན་ནོ་ཞེ་ན། ཅི་ལྟར་འཁྲུལ་ཞེས་དྲིས་པ་ན་དེ་དག་ན་རེ། མཉན་བྱ་འདི་ནི་བསྒྲུབ་བྱ་མིན་པ་མི་མཐུན་ཕྱོགས་ཉིད་དམ་ཁོ་ན་ལས་དེ་ལྡོག་པ་མིན་ཏེ། མཐུན་ཕྱོགས་ལས་ཀྱང་ལྡོག་པའི་ཕྱིར་རོ་ཞེ་ན། འོ་ན་དོན་གྱིས་མཉན་བྱ་དེ་བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འཇུག་པ་མིན་པས་འཁྲུལ་བ་ཡིན་པ་དེ་ལྟར་བརྗོད་པར་འགྱུར་ཏེ། མི་མཐུན་ཕྱོགས་ལས་ལྡོག་པ་ཙམ་ཡོད་ཀྱང་མ་འཁྲུལ་བར་མི་འགྲུབ་པ་ནི་བསྒྲུབ་བྱ་ལ་མི་ཕན་པ་ཡིན་པ་ལས་འོས་མེད་དོ། །དེ་ལྟ་ན་རྗེས་འགྲོ་མེད་པ་དེ་ནི་གཞན་སྲོག་སོགས་ལའང་མཚུངས་པ་ཡིན་ནོ། །གཉིས་པ་དེའི་འཐད་པ་ནི། རྟགས་དེ་བསྒྲུབ་བྱ་མིན་པ་ཉིད་ལས་རྣམ་པར་བཅད་དོ་ཅེས་བརྗོད་པའི་ངེས་གཟུང་དེས་རང་གི་བསྒྲུབ་བྱ་ལ་གནས་པར་བརྗོད་པ་ཡིན་ཏེ། མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་ཞེས་པས་ཁོ་ནའི་ངེས་གཟུང་གིས་མཐུན་ཕྱོགས་ལ་ཡོད་པ་སྟོན་ཏེ་དངོས་འགལ་གཉིས་ཀྱི་གཅིག་ལ་མེད་ཅེས་བརྗོད་པས་ཅིག་ཤོས་ལ་ཡོད་པ་མི་སྟོན་ན་དེ་གཉིས་ལས་གཅིག་དམིགས་བསལ་བ་དོན་མེད་པ་དེ་ཉིད་ཀྱི་ཕྱིར་ན་བརྗོད་པ་དེའི་དོན་གྱིས་གོ་བས་གང་རུང་གཅིག་གིས་ཀྱང་གཉིས་ཀ་བསྟན་པར་བརྗོད་པ་སྟེ། མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་སམ་མི་མཐུན་ཕྱོགས་ཁོ་ན་ལ་མེད་ཅེས་པ་གང་རུང་གིས་གཉིས་ཀ་མཚོན་ནུས་སོ། །དེ་ཕྱིར་རྗེས་འགྲོ་མེད་པ་ལས་ལྡོག་པ་ཡང་དག་གྲུབ་པ་མེད་པས་ལྡོག་པ་ཆིག་རྐྱང་དུ་འདོད་པ་འདི་འདྲའི་རྟགས་བསྒྲུབ་བྱ་ལ་མི་འཁྲུལ་པ་གྲུབ་པ་མ་ཡིན་ཏེ། སྲོག་སོགས་མི་མཐུན་ཕྱོགས་ལས་ལྡོག་པ་ཁོ་ན་ལས་མཐུན་ཕྱོགས་ལས་ལྡོག་པ་མེད་ན་ནི་མཐུན་ཕྱོགས་ལ་ཡོད་པར་འགྱུར་ཏེ། རྟགས་ལྡོག་པ་ཞེས་པ་ནི་གཞི་དེ་ལ་རྟགས་མེད་པའམ་བཀག་པའི་དོན་ཡིན་ལ། ལྡོག་པ་མེད་ཅེས་བཀག་པ་འགོག་པར་བྱེད་པ་ན་ནི་ཡོད་པར་བསྒྲུབ་པ་ལས་གཞན་ཅི་འདྲ་ཞིག་ཡིན་ཏེ་གང་ཡང་མིན་ནོ། །ཇི་ལྟར་ན་ལྷས་བྱིན་


MR20_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མིན་ཞེས་པའམ། ཕྱུགས་འདི་རྣམས་ལ་རྭ་མེད་པ་མེད་ཅེས་པ་ལྟར་དགག་པ་གཉིས་ཀྱིས་རྣལ་མའམ་སྒྲུབ་པ་གོ་བར་བྱེད་པ་ཉིད་ཡིན་ནོ། །གཉིས་པ་དེའི་ལན་འགོག་པ་ལ། ཕྱོགས་སྔ་བརྗོད་དང་དེ་ཡི་ལན། །དང་པོ། སྲོག་སོགས་རྟགས་སུ་བཀོད་པ་འདི་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པའི་ལྡོག་པ་ཆིག་རྐྱང་ཅན་ཡིན་ཏེ། རྒྱུ་མཚན་གང་གིས་ན། ཁྱོད་སངས་རྒྱས་པ་ལྟར་ན་བདག་ཡོད་གཏན་ནས་མི་འདོད་པས་འདི་ལ་བསྒྲུབ་བྱ་དང་མཐུན་དཔེ་མེད་པ་ཡིན་ལ། གསོན་ལུས་ཕྱོགས་སུ་བྱས་པ་ན་དེ་ལས་གཞན་པའི་མཐུན་ཕྱོགས་མེད་པ་ཡིན་ཞིང་། གང་མེད་པ་དེ་ནི་དགག་སྒྲུབ་ཀྱི་གཞིར་མི་རུང་སྟེ། དངོས་མེད་ལ་ངོ་བོ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཆོས་གང་ལ་བརྟེན་པ་མི་འཐད་ཅིང་། དེ་འབྱུང་ཁུངས་སུ་རུང་བ་མིན་པས་ན་ལྡོག་པའི་རྟེན་དུའང་མི་རུང་བས་མཐུན་ཕྱོགས་ལས་ལྡོག་ཅེས་འབྱུང་ཁུངས་ཀྱི་སྒྲ་སྦྱར་བ་ཡང་མི་འཐད་པས་བསྒྲུབ་བྱ་ལས་རྟགས་སྲོག་སོགས་དེ་ལྡོག་པ་མེད་པ་ཡིན་ནོ། །མཐུན་ཕྱོགས་ལས་ལྡོག་པ་མེད་པ་དེས་ན་རྟགས་འདི་ནི་བསྒྲུབ་བྱ་མིན་པ་ཉིད་ལ་མེད་པ་སྟེ་མི་མཐུན་ཕྱོགས་ཁོ་ན་ལ་མེད་པ་ཙམ་གྱི་ལྡོག་པ་ཆིག་རྐྱང་བའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། གཉིས་པ་དེ་འགོག་པ་ལ། ཁས་ལེན་འགལ་འདུར་ཐལ་བས་བཀག །ཅི་ཡང་མི་སྨྲར་ཐལ་བས་དགག །དགག་པ་གཏན་མེད་ཐལ་བས་དགག །དང་པོ། ཁྱོད་རང་གིས་བསྒྲུབ་བྱ་ལས་ལྡོག་པ་མེད་ཅེས་ཁས་བླང་བ་ན་མེད་ཅེས་པ་དེ་ཉིད་ལྡོག་པ་ཡིན་ཏེ། རྟགས་ལྡོག་པ་དེ་ལྡོག་པའམ་བཀག་པ་ཡིན་ལ་དེས་ན་དེ་འདྲའི་ལྡོག་པ་དེ་ཉིད་ནི་ཅི་ལྟར་ན་བསྒྲུབ་བྱ་མེད་པ་དེ་ལས་ལྡོག་པར་འདོད་དེ་མི་འདོད་པར་འགྱུར་རོ། །ལྡོག་པ་དེ་དངོས་མེད་ལས་ལྡོག་པར་མི་འདོད་ན་


MR20_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ལ་ལྡོག་པ་མེད་པར་ཁས་བླངས་པ་དང་འགལ་ཏེ། ལྡོག་པ་ལྡོག་པ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །ལྡོག་པ་དེ་ཡང་མི་འདོད་ན་དངོས་མེད་ལ་ལྡོག་པ་ལྡོག་པ་ཡང་མེད་ཅེས་དང་། དེར་ཡང་སྐྱོན་མཚུངས་པས་དངོས་མེད་ལ་ལྡོག་པ་ལྡོག་པ་ལྡོག་པ་ཡང་མེད་ཅེས་ཐུག་པ་མེད་པར་བརྗོད་དགོས་ལ། དེ་ལྟར་བརྗོད་ཀྱང་དགག་པ་ཡ་རྣམས་ཀྱིས་དགག་པ་དང་ཆ་རྣམས་ཀྱིས་སྒྲུབ་པ་གོ་བ་ལས་གཞན་མེད་ལ། དེ་གཉིས་སྤངས་འགལ་ཡིན་པས་འགལ་འདུའི་ཁས་ལེན་ལན་བརྒྱར་བསྐྱར་བའི་ཚེགས་ཆེན་པོས་ཅི་ཞིག་བྱ། མཐུན་ཕྱོགས་ལས་ལྡོག་པ་མེད་ཅེས་པ་འདི་དགག་པ་གཉིས་ཀྱི་རྣལ་མ་གོ་བས་ལྡོག་ལྡན་རྟགས་དེ་ཡོད་པར་སྒྲུབ་པ་ཡིན་ཞིང་། དེ་ལྟ་ན་དངོས་པོ་ཡོད་པ་སྒྲུབ་པའི་དོན་དེ་བསྒྲུབ་བྱ་ལ་དངོས་པོ་མེད་ནའང་དེ་ལ་ཡོད་པ་ཡིན་པར་ཁས་བླངས་པ་ཡིན་ལ། དེའི་རྒྱུ་མཚན་བསྒྲུབ་བྱ་མེད་པ་ལ་རྟགས་དེ་ལྡོག་པ་མེད་ཅེས་འདོད་པའི་ཕྱིར་རོ། །རྟགས་ལྡོག་པ་ཅེས་པ་དགག་པའི་རང་བཞིན་དངོས་པོ་མེད་པའང་བསྒྲུབ་བྱ་དངོས་མེད་དེ་ལ་ཡོད་པ་མིན་ཞེས་ཁས་བླངས་ཏེ། བསྒྲུབ་བྱ་ལས་རྟགས་ལྡོག་པར་མི་འདོད་པའི་ཕྱིར་རོ། །དེས་ན་བླུན་པོ་ཕྱི་རོལ་པ་ཡི་ནི་རྣམ་དཔྱོད་འགལ་འདུ་ཅན་འདི་ལ་ལྟོས་ཞེས་དཔྱད་པ་ཡིན་ཏེ། དངོས་མེད་ལ་དངོས་པོའི་ཆོས་ཁས་ལེན་ཞིང་དངོས་མེད་ཀྱི་ཆོས་ཁས་མི་ལེན་པ་མཚར་ཞེས་སོ། །གཉིས་པ། གལ་ཏེ་བསྒྲུབ་བྱ་མེད་པ་དེ་ལས་རྟགས་དེ་ལྡོག་པ་མེད་ན་གཏན་ཚིགས་སྲོག་དེ་མེད་པ་དེ་ལ་འཇུག་པར་འདོད་དམ་ཅི། འདོད་ན་རྗེས་འགྲོའང་གྲུབ་པར་འགྱུར་ཞིང་དངོས་མེད་ལ་སྲོག་དངོས་པོར་གྱུར་པ་བརྟེན་པར་ཐལ་ལོ། །དེ་ཡང་འདོད་པ་མིན་ན་ནི་ལྡོག་པ་བཀག་པ་སྟེ་ལྡོག་པ་མེད་ཅེས་པ་དེ་ནི་རྟགས་དེ་དེ་ལ་ཡོད་ཅེས་སྒྲུབ་པ་འདི་


MR20_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ན་འཇུག་པ་ཡོད་པ་མིན་ཞེས་ད་ལྟ་ཅི་སྟེ་འགོག །དེ་ལྟར་རྟགས་དེ་ལ་ཡོད་པར་ཡང་མི་འདོད་མེད་པའམ་ལྡོག་པར་ཡང་མི་འདོད་ན། སྒྲུབ་པ་དང་དགག་པ་མ་གཏོགས་པར་སྒྲ་ལས་བྱུང་བའི་ཐ་སྙད་ཀྱི་རྣམ་པ་གཞན་ཅུང་ཟད་ཀྱང་ཡོད་པ་མིན་ཞིང་། བརྗོད་པ་སྒྲ་ཡི་དགག་སྒྲུབ་ཀྱི་ཐ་སྙད་དེ་ཡང་མེད་པ་ལ་རུང་བ་མེད་ཕྱིར་དངོས་མེད་འདིར་ནི་ཐ་སྙད་གང་ཡང་མི་སྨྲ་བ་ཐོབ་པར་འགྱུར་ཏེ་ལྐུག་པ་ལྟར་བྱ་དགོས་སོ། །གསུམ་པ་ལ། གཞན་ལ་ཐལ་བ་འགོད་པ་དང་། །རང་ལ་དེ་མི་མཚུངས་ཚུལ་ལོ། །དང་པོ། རིགས་པ་དངོས་དང་དེ་ལན་དགག །དང་པོ། གང་ཞིག་ཡོད་པ་རྣམས་ལ་ནི་དགག་པ་བརྗོད་དུ་མེད་དེ། དགག་པའི་ཐ་སྙད་ཀྱི་ཡུལ་མིན་པས་སོ། །དགག་པ་དེ་ནི་མེད་པ་ལའང་ཡོད་པ་མ་ཡིན་པར་འདོད་པས་ན་དེ་ལྟའི་རིགས་པ་འདི་ཡིས་འགྲོ་བ་འདི་ལ་དགག་པའི་དོན་ནི་རྣམ་པ་ཀུན་ཏུ་མེད་པར་འགྱུར་རོ། །གཉིས་པ། གལ་ཏེ་མེད་པ་རང་གི་ངོ་བོ་ནི་དགག་སྒྲུབ་ཀྱི་ཐ་སྙད་ཀྱི་རྟེན་མིན་ཡང་ཡུལ་གྱི་ཁྱད་པར་འགའ་ཞིག་དང་དུས་ཀྱི་གནས་སྐབས་འགའ་ཞིག་གཞིར་བཟུང་ནས་དེ་འགོག་པའི་ཐ་སྙད་བྱེད་དོ་ཅེ་ན། ཅི་ལྟར་ཐ་སྙད་འཇུག་པའི་ཡུལ་རང་གི་ངོ་བོ་དེ་ཡོད་པ་དེ་ལྟར་ན་ནི་མི་འགོག་ལ། ཅི་ལྟར་དེ་མེད་པ་དེ་ལྟར་ན་ཡང་ནི་འགོག་པ་མི་འགྱུར་བས་ཡུལ་དུས་དང་སྦྱར་ཀྱང་རུང་དགག་པའི་ཐ་སྙད་འཇུག་པའི་ཡུལ་རང་གི་ངོ་བོ་ཡོད་པ་དང་མེད་པ་གང་རུང་ལས་འོས་མེད་ཅིང་དེ་གཉིས་གང་ལའང་དགག་པ་མི་འཇུག་པས་ན་སྐྱོན་སོ་ན་གནས་སོ། །གཉིས་པ་སྐྱོན་དེ་རང་ལ་མི་མཚུངས་པའི་ཚུལ་ལ། དགག་སྒྲུབ་རྟེན་ནི་སྒྲ་དོན་ཡིན། །ཇི་ལྟར་དགག་དང་སྒྲུབ་པའི་ཚུལ། །དང་པོ་ལ། དངོས་དང་དེ་ཡི་འཐད་པའོ། །དང་པོ། ཡོད་པ་དགག་མི་ནུས་ལ་མེད་པ་དགག་


MR20_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པའི་ཕྱིར་དགག་པའི་ཐ་སྙད་མི་འཐད་པར་དཔྱོད་པ་འདི་ཁྱེད་ལའང་ཅིའི་ཕྱིར་མི་མཚུངས་ཤེ་ན། དངོས་པོའི་དོན་ནི་རང་གི་རང་བཞིན་ཇི་ལྟ་བར་གནས་པ་ཙམ་ལས་འཕེལ་འགྲིབ་དང་། དགག་སྒྲུབ་བྱེད་པ་མ་ཡིན་ཏེ། དགག་སྒྲུབ་ནི་ཐ་སྙད་ཀྱི་ལམ་ལ་བརྟེན་པ་ཡིན་ནོ། །དེ་ཡང་དངོས་མེད་ལ་དགག་སྒྲུབ་ཀྱི་ཐ་སྙད་མི་འཇུག་ན་ཧ་ཅང་ཐལ་བ་དེ་བཞིན་དུ་ཡོད་པ་སྒྲུབ་མི་དགོས་ལ་མེད་པ་སྒྲུབ་མི་ནུས་པས་དངོས་པོ་ལ་དཔྱད་ན་སྒྲུབ་པའང་མེད་མོད། དགག་སྒྲུབ་ནི་སྒྲ་དོན་ཙམ་ལ་བརྟེན་ནས་རྟོག་པས་བྱེད་པ་ཡིན་པས་ན་དངོས་པོ་ལའང་དགག་སྒྲུབ་གཉིས་ཀ་འཇུག་སྟེ་བུམ་པ་ཡོད་མེད་ཅེས་པ་བཞིན་ནོ། །དངོས་མེད་ལ་ཡང་དེ་གཉིས་ཀ་འཇུག་སྟེ། བུམ་མེད་ཡོད། བུམ་མེད་མེད། ཅེས་པ་དང་། དེ་བཞིན་དུ་ཡིན་མིན་གྱི་བརྗོད་ཚུལ་ཀྱང་ཤེས་པར་བྱའོ། །དེས་ན་སྒྲུབ་པའི་ཤུགས་ལ་རྣམ་བཅད་གྲུབ་པ་དང་། དགག་པའི་ཤུགས་ལ་ཡོངས་གཅོད་དུ་སྒྲུབ་པ་གྲུབ་པའི་དགག་སྒྲུབ་ཐ་སྙད་ཀྱི་གནད་གསང་འདི་ཁོ་ན་སྤྱིར་ངེས་པར་བྱས་ནས་བློ་ངོར་དགག་པ་དང་སྒྲུབ་པའི་ཚུལ་ཕྱིན་ཅི་མ་ལོག་པ་རྣམས་ཀྱིས་བཟློག་ཕྱོགས་ཀྱི་སྒྲོ་འདོགས་པ་བསལ་བའི་སྒོ་ནས་དོན་གང་ཞིག་ཏུ་ངེས་པར་བཟུང་བ་དེ་དངོས་པོའི་གནས་ཚུལ་དང་མཐུན་པར་སོང་བའི་ཚེ་ན་ཤེས་བརྗོད་ཀྱི་ཐ་སྙད་སྐྱོན་མེད་པ་ཡིན་ཞིང་། དེ་འདྲའི་ཐ་སྙད་དུ་བྱས་པ་དེ་ལྟར་དོན་ལའང་གྲུབ་ཅེས་འཛིན་དགོས་པས་ཐ་སྙད་ལ་བརྟེན་ནས་དོན་རྟོགས་དགོས་པ་ཡིན་ནོ། །དེ་ལྟར་ཐ་སྙད་ལ་མཁས་པར་བྱས་ནས་དངོས་པོའི་གནས་ཚུལ་དང་མཐུན་པའི་བློ་སྐྱེད་པའི་དོན་དུ་བསྟན་བཅོས་བྱེད་པ་ཡིན་གྱི་དངོས་པོའི་གནས་ཚུལ་ལ་ནི་བསྟན་བཅོས་ཀྱིས་ཅིར་ཡང་བྱར་མེད་དེ་སྐྱེས་བུའི་འདོད་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །ཚུལ་དེ་ཡི་ཕྱིར་ན་དངོས་པོ་དང་དངོས་མེད་ཀྱི་རྟེན་ཅན་གྱི་ཐ་


MR20_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་འདི་གང་ལ་བརྟེན་དཔྱད་ན་ཕྱི་རོལ་རང་མཚན་ལ་དངོས་སུ་རྟེན་པ་མིན་ཏེ། རང་མཚན་ལ་དགག་སྒྲུབ་མི་ནུས་ཤིང་དེ་སྒྲའི་དངོས་ཡུལ་མིན་པ་སོགས་རྒྱ་ཆེར་བཤད་ཟིན་པའི་ཕྱིར་རོ། །འོ་ན་གང་ལ་བརྟེན་ནས་ཐ་སྙད་བྱ་ཟེར་ན། རྟོག་ངོར་སྣང་བ་སྒྲ་དོན་ཙམ་ལ་བརྟེན་ནས་འདི་ལྟར་ཐ་སྙད་བྱེད་པའི་སྐབས་འདིར་ནི་སྒྲུབ་པ་དང་དགག་པ་ཐམས་ཅད་འཇུག་པར་འདོད་པ་ཡིན་ཏེ། སྒྲ་མིན་ལས་ལོག་ཙམ་གྱི་གཞན་སེལ་ལ་བརྟེན་ནས་སྒྲ་ཞེས་པའི་མིང་གི་དོན་རྟོག་ཡུལ་ན་སྣང་བ་དེ་ལ། སྒྲ་མཉན་བྱ་ཡིན་ཅེས་དང་། སྒྲ་ལ་སྙན་པ་ཡོད་ཅེས་དང་། སྒྲ་ལུས་ཅན་མིན་ཅེས་དང་། སྒྲ་རྟག་པར་མེད་ཅེས་སེམས་ཤིང་བརྗོད་པ་ལྟ་བུའོ། །དེ་བཞིན་དུ་དངོས་པོ་ལ་མེད་ཀྱང་སྒྲ་རྟག་པ་ཡིན་པར་སེམས་ཤིང་བརྗོད་པ་ལྟ་བུའི་སྒྲོ་བཏགས་ཀྱང་སྒྲ་དོན་ལ་བརྟེན་པ་ཡིན་ནོ། །དེ་ལྟར་སྒྲ་དོན་ལ་བརྟེན་ནས་དགག་སྒྲུབ་བྱེད་པ་ཡིན་ཀྱང་སྣང་བརྟག་གཅིག་ཏུ་བསྲེས་པས་དོན་རང་མཚན་ལ་གོ་ཞིང་འཇུག་པའི་ཚུལ་འདིས་མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ཀྱི་འཇིག་རྟེན་པ་མཐའ་དག་ཐ་སྙད་ཀྱི་ལམ་ལ་བརྟེན་པ་ཡིན་ནོ། །གཉིས་པ་དེ་ལྟར་འཐད་པ་སྟོན་པ་ལ། སྒྲ་དོན་དངོས་མེད་ཀྱང་རྟེན་འཐད། །སྒྲ་དོན་ལས་གཞན་རྟེན་མི་འཐད། །དང་པོ། ཕྱི་རོལ་གྱི་དངོས་པོ་ལ་དངོས་སུ་བརྟེན་ནས་དགག་སྒྲུབ་བྱ་བ་མིན་ན། སྒྲ་དོན་ཞེས་བྱ་བ་འདི་ཅི་ཞིག་སྟེ། འདི་རང་ཉིད་དངོས་པོ་ཡིན་ན་བུམ་པ་ལ་དགག་སྒྲུབ་བྱས་པ་སྒྲ་ལ་མི་འཇུག་པ་ལྟར་འགྱུར་ཏེ། སྔར་མིང་དང་མཚན་མ་བརྗོད་བྱར་འདོད་པ་ལ་དཔྱད་པ་བཞིན་ནོ། །གལ་ཏེ་འདི་ལ་དངོས་པོ་མེད་ན་འདི་ཐ་སྙད་ཀྱི་རྟེན་དུ་ཡང་མི་འགྱུར་རོ་སྙམ་ན། ཐ་སྙད་ཀྱི་རྟེན་བྱེད་པའི་སྒྲ་དོན་དེ་འདྲ་ལ་འདི་ཕྱིའམ་ནང་གི་དངོས་པོ་ཡིན་ཞེས་དཔྱད་ན་རང་མཚན་ཚུགས་ཐུབ་ཏུ་གྲུབ་པའི་


MR20_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱར་གྱུར་པ་ཅུང་ཟད་མེད་ནའང་། སྣང་བརྟག་གཅིག་ཏུ་འཁྲུལ་བའི་དབང་གིས་རྟོག་ངོར་སྣང་བའི་ཆོས་ཅན་སྒྲ་དོན་དེ་ནི་ཕྱི་རོལ་གྱི་དོན་དེ་དག་དང་ནི་འབྲེལ་བར་ཏེ་ཐ་དད་དུ་མེད་པའི་ཚུལ་དུ་བློ་ལ་སྣང་ཞིང་། སྒྲ་དོན་དེ་ཡང་རྗོད་བྱེད་ཀྱི་སྒྲ་འཇུག་པའི་ཡུལ་ཡིན་པ་ཉིད་ཀྱི་རྒྱུ་མཚན་ལས་མ་བརྟགས་ཐ་སྙད་ཀྱི་ངོར་བྱས་ནས་ཡོད་ཅེས་བརྗོད་ཀྱི་རྟོག་ངོར་ཡང་མེད་པ་ཞིག་ན་ཐ་སྙད་ཀྱི་རྟེན་དུ་མི་རུང་ངོ་། །ངེས་ན་འདི་ལ་ཐ་སྙད་རྣམས་རྟེན་པར་འདོད་དེ་འཇིག་རྟེན་ཐ་སྙད་ཀྱི་ཚུལ་ལུགས་དེ་ལྟ་བུར་ཟད་དོ། །དེ་ཡང་བརྟགས་ན་སྒྲ་དོན་ཞེས་བྱ་བའི་དངོས་པོ་རང་རྐྱ་བ་མེད་པའི་གནད་ཀྱིས་བརྡ་རང་མཚན་ལ་འབྱོར་བ་ཡིན་ཅིང་། ཐོག་མེད་བག་ཆགས་ཀྱི་སྟོབས་ལས་རྟོག་ངོར་སྣང་བས་ན་ཐ་སྙད་ཀྱི་རྟེན་དུ་རུང་བ་ཡིན་ནོ། །གཉིས་པ། སྒྲ་དོན་ལ་དགག་སྒྲུབ་བྱེད་པ་དེ་ལྟ་མིན་ན་དོན་རང་མཚན་རྣམས་ཀྱི་ཆོས་གཅིག་བསྒྲུབས་སམ་བཀག་པ་ན་བསྒྲུབ་བྱ་དེ་དང་བདག་ཉིད་གཅིག་པ་ཐམས་ཅད་ཅིག་ཅར་བསྒྲུབ་པ་ཉིད་དུ་གྱུར་པ་དང་། དགག་བྱ་དེ་བཞིན་དུ་དོན་དེ་ལ་དགག་པར་བྱ་བ་ཐམས་ཅད་ཅིག་ཅར་བཀག་པར་འགྱུར་ཏེ། དོན་རང་མཚན་གྱི་བདག་ཉིད་གཅིག་ལ་ཆ་ཐ་དད་དུ་མེད་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ། བུམ་པ་གྲུབ་པ་ན་དེ་དང་བདག་ཉིད་གཅིག་པའི་ཆོས་ཐམས་ཅད་གྲུབ་པ་དང་། བུམ་པ་བཤིག་པ་ན་ཀུན་འཇིག་པ་ལྟར་རང་མཚན་ལ་ཁ་ཅིག་གྲུབ་པ་དང་ཁ་ཅིག་མ་གྲུབ་པའི་ཆ་ཐ་དད་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རང་མཚན་དེ་དང་བསྒྲུབ་ཆོས་གཅིག་མ་ཡིན་པར་བསྒྲུབ་ཆོས་ཀྱི་རང་མཚན་ཐ་དད་དུ་ཡོད་པ་ཡིན་ན་འབྲེལ་བ་མེད་པ་གཞན་དང་གཞན་བཀག་པ་དང་ནི་བསྒྲུབས་པ་བཞིན་དུ་ཆོས་ཅན་གང་ལ་ཆོས་དེ་བསྒྲུབ་པ་དང་ནི་དགག་པ་དག་གཞན་དུ་འགྱུར་གྱི་ཆོས་ཅན་གཅིག་གི་ངོ་བོ་ལ་འདུ་བར་མི་འགྱུར་ཏེ། སྒྲ་ལ་མི་རྟག་དང་།


MR20_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཡོན་ཏན་སོགས་སྒྲུབ་པའམ། ཐམས་ཅད་དུ་ཁྱབ་པ་སོགས་བཀག་པ་ལྟ་བུ་ཆོས་ཅན་དེའི་ཆོས་ཡིན་པར་མི་འགྱུར་བར་སོ་སོ་ནས་ཐ་དད་པར་འགྱུར་རོ། །དེ་ལྟར་དངོས་པོའི་རང་མཚན་ལ་དགག་སྒྲུབ་བྱེད་པ་ན་ཆོས་དེ་དང་གཅིག་ཐ་དད་གང་དུའང་འཐད་པར་མི་འགྱུར་རོ། །གཉིས་པ་དགག་སྒྲུབ་ཇི་ལྟར་བྱེད་ཚུལ་ལ། རྟོགས་ངོར་དགག་སྒྲུབ་འཇུག་པའི་ཚུལ། །བཏག་ཙམ་དེ་ལ་ཐ་སྙད་རུང་། །བཏགས་པ་ཡིན་ཡང་དངོས་ལྟར་སྣང་། །དང་པོ། ལྡོག་པ་སྣ་ཚོགས་པའི་ཆོས་ཀྱི་རྟེན་གཞིར་གྱུར་པ་ཆོས་ཅན་སྒྲ་ལྟ་བུ་གཅིག་གི་དབང་དུ་བྱས་ཏེ། སྐད་ཅིག་མ་ལྟ་བུའི་ཆོས་གཅིག་སྒྲུབ་པ་ན་བསྒྲུབ་ཆོས་དེ་ཆོས་ཅན་དེ་ལ་བརྟེན་པ་ལྟ་བུར་སྣང་བ་དང་། དེ་ལས་གཞན་པའི་ཆོས་སྣ་ཚོགས་ཡོད་དུ་ཟིན་ཀྱང་དེ་རྣམས་དེའི་སྐབས་སུ་རྟོག་ཡུལ་དུ་མི་བཟུང་བར་བཏང་སྙོམས་ལྟ་བུ་དག་ཏུ་བྱེད་པ་དང་། སྒྲ་ལ་རྟག་པ་འགོག་པ་ན་དགག་བྱ་རྟག་པ་དེ་ཡིས་སྒྲ་དེ་དབེན་པ་ལྟ་བུར་སྣང་བ་དང་། དགག་བྱ་དེ་ལས་གཞན་པ་ལ་ལྟོས་པ་ལྟ་བུར་ཡང་སྣང་སྟེ། དགག་པ་ནི་དགག་བྱ་བཅད་ནས་བློ་ཡུལ་དུ་བྱེད་དགོས་ཤིང་། དགག་བྱ་རྣམ་བཅད་ལ་ཁེགས་པས་དགག་བྱ་མེད་པ་ཡོངས་གཅོད་དུ་གྲུབ་པ་དེ་ལ་ཆོས་ཅན་དེ་ལྟོས་པ་ལྟ་བུར་སྣང་སྟེ། དེའི་དབང་གིས་ལྡོག་པ་གཞན་ཡང་མི་འགོག་པ་ལྟ་བུར་བྱེད་དོ། །དེ་ཡང་འགོད་ཚུལ་གྱིས་ཡིན་ཡོད་དུ་སྒྲུབ་པའམ་མེད་མིན་དུ་དགག་པའི་ཐ་སྙད་དེས་དེ་ལྟར་བློ་ལ་འཆར་བར་བྱེད་པས་ན་གཞན་སེལ་བའི་ཡུལ་ཅན་གྱི་སྒྲ་ལ་ནི་ཐ་སྙད་སྣ་ཚོགས་རིམ་གྱིས་འཇུག་ཅིང་། དེ་ཡང་ཆོས་ཅན་གཅིག་ལ་འདུ་བར་རུང་བ་ཡིན་ནོ། །གཉིས་པ། ཡང་དག་པར་དཔྱད་ན་དངོས་པོར་མེད་པ་ཡི་ནི་དོན་ཅན་གྱི་སྒྲ་དོན་ལ་བརྟེན་ནས་བྱུང་བའི་ཐ་སྙད་གང་


MR20_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཇི་ལྟར་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་བློས་བསྟན་པ་སྟེ་བློ་རང་གི་ངང་གིས་མཚོན་པར་གྱུར་པ་འདི་ནི་ཇི་ལྟར་སྣང་བ་དེ་བཞིན་ཉིད་དེ་གྲུབ་པ་ཡིན་ནམ་མིན་ཞེས་མ་བརྟག་པར་ལྡོག་པ་ཐ་དད་པའི་དོན་གྱི་རྟེན་ནི་སྒྲ་དོན་ཙམ་མོ་ཞེས་ཁས་ལེན་པ་གང་དེ་འཇིག་རྟེན་ཐ་སྙད་ཀྱི་ཚུལ་ལ་བརྟེན་ནས་ཡིན་ནོ། །དེ་ལྟར་འཇིག་རྟེན་ཐ་སྙད་ཀྱི་ཚུལ་ལུགས་ལ་བརྟེན་ནས་ཁས་བླངས་ནའང་ཡང་དག་པར་དཔྱད་ན་རིགས་པས་མི་འགྲུབ་པའི་ཕྱིར་གནོད་དོ་སྙམ་ན་མ་ཡིན་ཏེ། འདི་ལྟར་མཐོང་ཞིང་གོམས་པ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་འཇིག་རྟེན་ན་ཐ་སྙད་ཀྱི་དོན་དེ་ལྟར་གནས་པ་ལ་དོན་དམ་པར་དཔྱོད་པའི་རིགས་པས་སུན་ཕྱུང་ཞིང་གནོད་པར་མི་འགྱུར་ཏེ། བརྡ་ནི་དོན་གོ་བ་ཙམ་དུ་ཟད་ལ་དོན་གོ་བ་ཡང་སྣང་བརྟག་བསྲེས་པའི་ཚུལ་གྱིས་འབྱུང་བ་ཙམ་བསྙོན་དུ་མེད་ལ། དེ་ཙམ་གྱིས་ཐ་སྙད་གྲུབ་པའི་ཕྱིར་དོན་དམ་པར་དཔྱད་ཀྱང་དེ་ཙམ་ལ་གནོད་པ་མེད་ལ་ཐ་སྙད་འདི་དག་ནི་མ་བརྟག་པར་བྱེད་ཀྱི་དངོས་པོའི་དོན་ལ་མིན་ཅེས་འདོད་པའི་ཕྱིར་རོ། །གསུམ་པ། མིག་དབང་དེ་ཉིད་མིག་ཤེས་དེ་ཡི་འབྲས་བུ་ཅན་ཡིན་པ་དང་ཉན་ཤེས་དེ་ཡི་འབྲས་བུ་མེད་པ་ཅན་ཡིན་ལ་རྣ་དབང་དེ་ལས་བཟློག་པའི་ཕྱིར་ན་མིག་དབང་དེ་རྣ་དབང་དེ་ལས་ཐ་དད་པ་ཡིན་ཅིང་། དེ་བཞིན་དུ་གཞན་སེལ་བའི་སྒོ་ནས་ཐ་དད་པའི་ཆོས་དུ་མ་ཆོས་ཅན་གཅིག་ལ་གནས་པར་བརྗོད་ཀྱང་དོན་གྱི་ངོ་བོ་རང་མཚན་གཅིག་ཏུ་ཟད་ཀྱི་ཐ་དད་པ་མེད་དོ། །འོན་ཀྱང་སེལ་བའི་ཡུལ་ཅན་རྟོག་པའི་ངོར་ལྡོག་པ་ཐ་དད་པའི་རྟེན་དུ་གྱུར་པའི་ཆོས་ཅན་དེ་ལ་བསྒྲུབ་པའི་ཆོས་གང་དང་གང་བཞག་པ་འཕེལ་བ་ལྟ་བུ་དང་། དགག་པ་བརྗོད་པའི་ཆ་ནས་དགག་བྱ་དེ་རྟེན་དེ་ལ་འགྲི༷བ་པ་ལྟ་བུར་བྱེད་པ་ཡི་རྣམ་པ་ཅན། རྟོག་པས་འཕེལ་འགྲིབ་ལྟ་བུར་བསླད་པ་དེ་དང་དེ་དག་གིས་


MR20_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་ཆོས་ཅན་དུ་དབྱེ་ཞིང་འདི་ལ་འདི་ཞེས་འབྲེལ་བ་ལྟ་བུར་ཞེན་པའི་རྐྱེན་འགའ་ཞིག་ལས་དོན་ལ་ཆོས་ཅན་དེ་ལ་ཆོས་དེ་ཐ་དད་དུ་ལྡན་པ་ཉིད་མིན་ཡང་རང་གི་རྣམ་པར་རྟོག་པས་དེ་ལྟར་མཐོང་བས་ལྷན་ཅིག་སྦྱོར་བར་བྱེད་པ་དེས་ན་དེ་དག་བསླད་པ་ཡིན་ནའང་བསླད་པ་ཉིད་དོ་ཞེས་ཤེས་ནས་ཐ་སྙད་ལ་མི་འཇུག་པ་མ་ཡིན་ཏེ། ཐ་སྙད་ལ་བརྟེན་ནས་བརྗོད་པ་ལྷུར་ལེན་པའི་སྐབས་ཡིན་པའི་ཕྱིར་དཔེར་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བརྗོད་པ་ན། སྒྲས་རྣམ་བཅད་ལྟར་བློས་ཀྱང་དེ་ལྟར་ཤེས་པར་མ་བྱས་ན་ཐ་སྙད་མི་འགྲུབ་པའི་ཕྱིར་རོ། །དེས་མཚོན་ནས་ཆོས་ཅན་དག་ཀྱང་བེམ་ཤེས་ལྡན་མིན་གསུམ་ལ་དངོས་པོ་ཞེས་པ་ལྟ་བུ་དུ་མ་གཅིག་ཏུ་བསྡུས་ནས་འགྲིབ་པ་ལྟ་བུ་དང་། གཅིག་ལས་དུ་མར་ཕྱེ་སྟེ་བེམ་པོ་ཤེས་པ་ལྡན་མིན་ཞེས་དང་། བེམ་པོ་ལའང་ཡུལ་ལྔ་དབང་ལྔར་ཕྱེ་བས་འཕེལ་བ་ལྟ་བུར་བྱས་ཀྱང་འབྲས་བུའི་ཆ་གང་ཞིག་ཡོད་མེད་ཀྱི་གཞན་སེལ་ལས་རྟོག་ངོར་དབྱེ་བསྡུ་ཙམ་ཡིན་གྱི་དངོས་པོའི་དོན་ལ་དེ་ལྟར་འཕེལ་བ་དང་འགྲིབ་པའམ་སྒྲུབ་པ་དང་དགག་པ་ཉིད་དུ་གྱུར་པ་མེད་དེ། དངོས་པོ་རང་གི་ཐ་སྙད་ཀྱི་ཆོས་ཉིད་ཇི་ལྟ་བ་ལས་གཞན་དུ་གཡོ་བ་མི་སྲིད་དོ། །གཉིས་པ་ལྟོས་གཞི་ཕྱོགས་ལ་བརྟག་པ་ལ། །འགོག་བྱེད་རིགས་པ་བསྟན་པ་དང་། །དེ་ཡི་གྲུབ་དོན་བསྡུ་བའོ། །དང་པོ་ལ། ལྟོས་གཞི་ཕྱོགས་ཉིད་མི་གྲུབ་དང་། །ཕྱོགས་གྲུབ་ན་ཡང་ལྡོག་མི་གྲུབ། །ལྡོག་གྲུབ་ཀྱང་བདག་བཅས་མི་གྲུབ། །དང་པོ། གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་སྲོག་ལྡན་རྟགས་སུ་འགོད་པ་འདིར་ལྡོག་པ་ཡོད་མེད་དཔྱོད་པ་ན་སྔོན་དུ་ཁྱབ་པ་གཉིས་པོའི་ལྟོས་གཞི་ཕྱོགས་གང་ཡིན་ཤེས་དགོས་པ་ལ་ཕྱོགས་ཤེས་པར་མི་ནུས་སོ་ཞེས་སྟོན་པ་ནི། འདི་


MR20_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སངས་རྒྱས་པའི་ངོར་བདག་ཡོད་པ་ཉིད་ལ་སྒྲུབ་བྱེད་གཏན་ཚིགས་འཇུག་བཞིན་པའམ་འགོད་བཞིན་པའི་སྐབས་ཡིན་པའི་ཕྱིར་བདག་དེ་མེད་པ་མ་ཡིན་ནམ་ཞེས་ཐེ་ཚོམ་དུ་འགྱུར་བ་ཡིན་པས་བུམ་སོགས་ཀྱང་བདག་མེད་པར་མ་གྲུབ་པས་མི་མཐུན་ཕྱོགས་སུ་མི་འགྱུར་རོ། །བུམ་སོགས་ལ་བདག་མེད་པར་སངས་རྒྱས་པས་ཁས་བླངས་པའི་ཕྱིར་མི་མཐུན་ཕྱོགས་སུ་ཅིས་མི་འགྱུར་ཞེ་ན། དེས་ཁས་བླངས་ཚད་མ་ཡིན་ན་ནི་གསོན་ལུས་ཀྱང་བདག་མེད་དུ་འགྱུར་བས་མི་མཐུན་ཕྱོགས་སུ་འགྱུར་རོ། །གསོན་ལུས་ལ་བདག་མེད་ཁས་བླངས་པ་དེ་ཚད་མ་མིན་ནོ་ཞེ་ན། སངས་རྒྱས་པའི་ཁས་བླངས་ཚད་མ་མིན་པ་ཡི་ཕྱིར་ན་དེ་ལས་བུམ་སོགས་ལ་བདག་མེད་པ་ཉིད་ཀྱང་རིགས་པ་མ་ཡིན་ན་འདི་མི་མཐུན་ཕྱོགས་ཡིན་པར་གང་གིས་ངེས། དེས་ན་བུམ་སོགས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་དུ་འགྱུར་གཏོལ་མེད་པས་འདི་འདྲའི་གཏན་ཚིགས་ལ་ཕྱོགས་ངོས་ཟིན་པ་མེད་ལ། དེ་མེད་པས་ལྡོག་པ་ཆིག་རྐྱང་ཡང་ཇི་ལྟར་འགྲུབ་སྟེ་རང་གར་སྨྲ་བ་ཙམ་མོ། །གལ་ཏེ་བུམ་པ་ལ་བདག་མེད་པར་རིགས་པས་ངེས་པ་ཡིན་ན་རིགས་པ་དེ་བརྗོད་དགོས་སོ། །སངས་རྒྱས་པའི་གཅིག་ཐ་དད་བརྟག་པ་སོགས་ཀྱིས་བདག་མེད་སྒྲུབ་པའི་རིགས་པ་ཁས་ལེན་ན་གསོན་ལུས་བདག་བཅས་སུ་སྨྲ་མི་རིགས་སོ། །གཉིས་པ་ལ། མ་ངེས་ལྡོག་ཙམ་ཐེ་ཚོམ་ཟ། །ངེས་པའི་ལྡོག་པར་སྒྲུབ་བྱེད་མེད། །དང་པོ། འདི་ལྟར་རིགས་པ་ཅན་པ་ཁྱོད་ཀྱིས་མཐུན་པའི་ཕྱོགས་མེད་པ་ལས་རྟགས་ལྡོག་པ་མེད་དོ་ཞེས་སྨྲས་པ་ཤིན་ཏུ་མི་རིགས་པར་བཀག་ཟིན་ཀྱང་། གལ་ཏེ་མེད་པ་ལས་རྟགས་ལྡོག་པ་མེད་དུ་ཆུག་ན་ཡང་དེས་ཁྱོད་ཀྱི་ཞེ་འདོད་ལ་ཅི་ཞིག་ཕན་ཏེ། ཁྱོད་རང་གི་བསྒྲུབ་བྱ་བདག་ཡོད་འདོད་ཀྱི་བདག་མེད་མི་འདོད་པས་སྲོག་རྟགས་སུ་བཀོད་པ་འདི་ནི་མཐུན་ཕྱོགས་བདག་ཡོད་པ་ལས་ཀྱང་ལྡོག་གམ་སྙམ་


MR20_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐེ་ཚོམ་ཟ་སྟེ། སྲོག་དང་བདག་ལ་འབྲེལ་བ་ཚད་མས་མ་མཐོང་བའི་ཕྱིར་རོ། །མཐུན་ཕྱོགས་དེ་ལ་ལྡོག་གམ་མི་ལྡོག་སྙམ་དུ་ཐེ་ཚོམ་ཟ་པའི་ཕྱིར་ན་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་པར་ཡང་ཐེ་ཚོམ་ཟ་སྟེ། མཐུན་ཕྱོགས་ལ་གྲུབ་ངེས་སུ་མ་མཐོང་བས་མི་མཐུན་ཕྱོགས་ལ་ལྡོག་ངེས་སུ་གང་གིས་འགྲུབ་སྟེ། འདི་ལྟར་བདག་ཡོད་མེད་ཀྱི་ཕུང་པོ་གཉིས་ལས་གང་རུང་གཅིག་ལ་ནི་ཡོད་ངེས་པར་གྲུབ་ན་གཞན་ཅིག་ཤོས་ལས་ནི་ལྡོག་པ་གྲུབ་ན་ཡང་དེ་ལྟ་བུ་འདི་ལ་མེད་པའི་ཕྱིར་རོ། །གང་ཞིག་ཚད་མས་ངེས་པ་དེ་ལྟ་བུ་མེད་པར་རྟགས་དེ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་ན་ཡང་མི་མཐུན་ཕྱོགས་མཐའ་དག་དངོས་སུ་མ་མཐོང་བས་ན་རང་གིས་མཐོང་བ་མེད་པའམ་མ་སྣང་བ་གཞན་དག་ལ་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་ཟ་སྟེ། དེའི་རྒྱུ་མཚན་མི་མཐུན་ཕྱོགས་མཐའ་དག་མ་མཐོང་ཡང་དེ་ལ་ཡོད་མི་སྲིད་པའི་ཚད་མས་ངེས་པ་མེད་པར་རང་ལ་སྣང་བ་རྣམས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པར་འདོད་པའི་ཕྱིར་རོ། །དེ་ལྟ་ན་བདག་མེད་པའི་བྱེ་བྲག་གམ་གསལ་བ་མཐའ་དག་ལ་སྲོག་འདི་ཁྱབ་བྱེད་དུ་ཡོད་པ་མ་ཡིན་ཡང་། བདག་མེད་དེ་ཡི་རིགས་སུ་གྱུར་པའི་དོན་འགའ་ཞིག་ལ་དེ་ཡོད་སྲིད་པས་སྲོག་འདི་བུམ་པ་སོགས་འགའ་ལ་མ་མཐོང་བས་བདག་མེད་ཀྱི་བྱེ་བྲག་འགར་ཡང་མེད་པའི་ངེས་པ་གྲུབ་པ་མེད་དེ། དཔེར་ན་མཁྲེགས་པ་ཐམས་ཅད་ལ་མཚོན་གྱིས་མི་ཆོད་པ་ཁྱབ་བྱེད་དུ་མ་མཐོང་སྟེ། ཤིང་དང་རྡོ་སོགས་མཚོན་གྱིས་ཆོད་པར་མཐོང་ཡང་མཁྲེགས་པའི་བྱེ་བྲག་རྡོ་རྗེ་ཕ་ལམ་སོགས་མི་ཆོད་པ་སྲིད་པར་བཞིན་ནོ། །གཉིས་པ། བུམ་སོགས་མི་མཐུན་ཕྱོགས་ཡིན་དུ་ཆུག་ཀྱང་དེ་ལས་སྲོག་སོགས་ལྡོག་པ་མི་འགྲུབ་སྟེ། བདག་མེད་པ་ལ་སྲོག་སོགས་དེ་ཡོད་པ་འགལ་བ་གཉིས་པོ་གང་ཡང་ཚད་མས་མ་མཐོང་ན་མི་


MR20_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་ལས་ལྡོག་གམ་མི་ལྡོག་སྙམ་པའི་ཐེ་ཚོམ་གང་ལས་ལྡོག་པར་འགྱུར་ཏེ་ཐེ་ཚོམ་ལྡོག་པའི་རྒྱུ་མཚན་མེད་ལ། བདག་མེད་ལ་འགལ་བ་དེ་ཡང་བརྒྱུད་འགལ་ཡིན་ན་ནི་ལ་ལར་ཏེ་བདག་ལ་རྟགས་དེ་འབྲེལ་དགོས་ལ། དེ་ཡང་བདག་དེ་ཡི་འབྲས་བུ་སྲོག་ཡིན་པ་དང་། ཡང་ན་བདག་གཅིག་གི་རང་བཞིན་དག་ཏུ་ངེས་པ་ལས་གཞན་ཤེས་བྱེད་ཅི་ཞིག་ཡོད་དེ་མེད་ལ། དེ་འདྲའི་ཤེས་བྱེད་དེ་མེད་པ་དེས་ན་མི་མཐུན་ཕྱོགས་བདག་མེད་པ་ལས་ཀྱང་སྲོག་འདི་ནི་ལྡོག་པར་བརྗོད་པ་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །གསུམ་པ། སྲོག་དེ་བདག་མེད་པའི་ཕྱོགས་ལས་ལྡོག་ཏུ་ཆུག་པ་དེ་ལྟ་ནའང་དེ་ཙམ་གྱིས་ཞེ་འདོད་ལ་མི་ཕན་ཏེ། བདག་མེད་པ་མེད་ཀྱང་དེ་ལས་བདག་གྲུབ་པར་མི་འགྱུར་བའི་ཕྱིར་རོ། །དེ་རྒྱུ་མཚན་གང་གིས་ཡིན་ཞེ་ན། རིགས་པ་ཅན་པ་དེ་ནི་ལྡོག་པ་མེད་པ་ལ་ངེས་པར་དངོས་པོར་འདོད་པ་མ་ཡིན་པའི་ཕྱིར་ཏེ། དཔེར་ན་རིགས་པ་ཅན་པ་དེས་སྲོ༷ག་སོགས་རྟགས་དེ་མཐུན་ཕྱོགས་ལ་ལྡོག་པ་མེད་ཀྱང་དེ་ལ་ཡོད་པ་མིན་པར་འདོད་པ་བཞིན་ནོ། །དེས་ན་དངོས་འགལ་གཅིག་བཟློག་པས་ཅིག་ཤོས་ལ་གོ་ནུས་ཏེ་བར་ན་ཕུང་གསུམ་མེད་པ་ཡིན་ཀྱང་འདི་པས་མཐུན་ཕྱོགས་ལས་ལྡོག་པ་མེད་ཅེས་ཁས་བླངས་ཀྱང་ལྡོག་པ་དང་དེ་མེད་པ་འགལ་བའི་ཕྱིར་ལྡོག་པ་མེད་ན་དགག་པ་གཉིས་ཀྱིས་རྣལ་མ་གོ་ནས་ཡོད་པར་རིགས་ལ། དེ་གྲུབ་པ་མིན་པར་འདོད་པ་བཞིན་དུ་བདག་མེད་མེད་ཅེས་པའི་དགག་པ་གཉིས་ཀྱིས་བདག་ཡོད་མི་འགྲུབ་པ་ཁོ་རང་གི་ཁས་བླངས་ལས་གྱུར་པ་ཡིན་ནོ། །གཉིས་པ་དོན་བསྡུ། གལ་ཏེ་གཏན་ཚིགས་སྲོག་དེ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་གི་མཐུན་ཕྱོགས་ལས་ལྡོག་པ་མེད་ན་དེ་ཡི་རྒྱུས་མཐུན་ཕྱོགས་ལ་རྗེས་འགྲོ་ཅན་དུ་གྲུབ་དགོས་ལ། རྗེས་འགྲོ་ཅན་ཡང་མིན་ལྡོག་པ་ཅན་ཡང་མིན་ན་བསྒྲུབ་


MR20_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ་འགལ་བ་དང་འབྲེལ་བ་གང་ཡང་མེད་པའི་དོན་ཡིན་པས་རྟགས་དེས་བདག་མེད་ཀྱང་སྒྲུབ་ནུས་པ་མ་ཡིན་ལ་བདག་བཅས་ཀྱང་འགྲུབ་མ་མིན་པས་འབྲེལ་མེད་རྟགས་སུ་འགོད་པ་ཁོ་ནར་ཟད་དེ། བ་ལང་ཡོད་པར་སྒྲུབ་པ་ལ་རྟ་དམིགས་པ་རྟགས་སུ་བཀོད་པ་བཞིན་ནོ། །གསུམ་པ་འབྲེལ་བར་དཔྱད་པ་ལ། །རྗེས་སུ་འགྲོ་ལྡོག་འབྲེལ་ལ་ལྟོས། །འབྲེལ་བ་སྒྲུབ་བྱེད་ཚད་མས་ངེས། །བདག་སྲོག་ལ་དེ་མེད་ཕྱིར་འཁྲུལ། །དང་པོ། བསྒྲུབ་བྱ་སྒྲུབ་པའི་སླད་དུ་རྟགས་འཇུག་པ་ལ་ནི་རྟགས་གང་གི་རང་གི་བདག་ཉིད་དམ་ངོ་བོ་དེ་བསྒྲུབ་བྱ་གང་མེད་ན་མི་འབྱུང་བ་ཅན་དུ་གྲུབ་པ་དེ་ཕྱིར་བསྒྲུབ་བྱ་དེ་ཉིད་ལོག་པ་ན་རྟགས་ལྡོག་པར་བྱེད་པར་འདོད་དེ། རྟགས་འཇུག་པ་སྟེ་ཡོད་པ་ན་ཡང་བསྒྲུབ་བྱ་འཇུག་པར་བྱེད་པ་ཡིན་ཏེ། དེ་ལྟར་འབྲེལ་བའི་དབང་གིས་རྗེས་སུ་འགྲོ་ལྡོག་གྲུབ་བོ། །གཉིས་པ། དེ་འདྲའི་མེད་ན་མི་འབྱུང་བ་དེ་ཡང་ནི་དེ་ལྟར་ངེས་ནུས་བསྒྲུབ་པར་བྱེད་པའི་ཚད་མ་ལ་ལྟོས་ནས་ངེས་དགོས་པ་ཡིན་གྱི་སྒྲུབ་བྱེད་མེད་པར་འབྲེལ་བ་བཞག་མི་ནུས་ཏེ། དངོས་པོ་གང་དང་གང་ལྟར་ཡིན་པ་ཚད་མ་ལ་ལྟོས་ནས་འཇོག་དགོས་པའི་ཕྱིར་རོ། །གསུམ་པ་ལ། དེ་བྱུང་འབྲེལ་མེད་དངོས་སུ་བསྟན། །བདག་གཅིག་འབྲེལ་མེད་དོན་གྱིས་བསྟན། །དང་པོ་ལ། རྒྱུ་འབྲས་ངེས་བྱེད་ཚད་མ་བཤད། །ངེས་པའི་རྒྱུ་འབྲས་འཁྲུལ་མེད་བསྒྲུབ། །དང་པོ་ལ། དངོས་དང་སྲོག་སོགས་ལ་དེ་མེད། །དང་པོ། འབྲེལ་བ་སྒྲུབ་བྱེད་ཅེས་པ་ཇི་ལྟ་བུ་ཞེ་ན། དེ་བྱུང་གི་འབྲེལ་བ་ལ་ནི་རྒྱུ་གང་ཞིག་མཐོང་ན་འབྲས་བུ་མཐོང་བ་དང་རྒྱུ་དེ་དག་མ་མཐོང་བ་ན་འབྲས་བུ་ཡང་མ་མཐོང་བ་གང་ཡིན་པ་སྟེ། དེ་ལྟ་བུར་རྗེས་སུ་འགྲོ་ལྡོག་དམིགས་པའི་ཚད་མས་དེ་དག་རྒྱུ་དང་འབྲས་བུ་ཉིད་དུ་ངེས་པ་ཡིན་ནོ། །གཉིས་པ།


MR20_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སྲོག་ལ་ནི་དེ་ལྟ་བུའི་འབྲེལ་བ་ངེས་བྱེད་མི་སྲིད་དེ། སྲོག་དམིགས་ཀྱང་དེ་བདག་གི་འབྲས་བུ་ཡིན་པར་མཐོང་མི་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་ཞེ་ན། བདག་ནམ་ཡང་མ་མཐོང་བས་དེའི་འབྲས་བུ་འདི་ཞེས་ཤེས་པ་མི་སྲིད་དོ། །དེས་ན་སྲོག་དེ་ཡོད་ན་བདག་ཡོད་པར་ངེས་པ་ཉིད་དུ་བྱེད་པའི་རྒྱུ་མཚན་མེད་པའི་ཕྱིར་འབྲེལ་མེད་དུ་གྱུར་པའི་དོན་གཞན་བདག་ཡོད་པར་རྟགས་དེས་རྟོགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྗེས་སུ་འགྲོ་བ་མ་མཐོང་བས་རྟགས་སྲོག་དེ་ཡོད་ཙམ་ནས་བདག་ཡོད་པ་མིན་ལ་ལྡོག་པའང་མེད་དེ། ཁྱོད་ཀྱི་བདག་རྟག་ཏུ་ཡོད་པ་དེ་ནི་ནམ་ཡང་མེད་པར་མི་རིགས་ལ། དེ་ལྟ་ན་རྒྱུ་བདག་མེད་པ་ན་འབྲས་བུ་སྲོག་དེ་དག་མེད་པར་མཐོང་བ་མི་སྲིད་པའི་ཕྱིར་སྲོག་དམིགས་པ་འདི་བདག་གི་འབྲས་བུར་ཚད་མ་གང་གིས་འགྲུབ་སྟེ་ཅུང་ཟད་ཀྱང་མ་ཡིན་ནོ། །གཉིས་པ་ངེས་པའི་རྒྱུ་འབྲས་དག་ནམ་ཡང་འཁྲུལ་བ་མེད་ཚུལ་ལ། རྒྱུ་འབྲས་འཆོལ་བ་མེད་པར་བསྒྲུབ། །འཆོལ་བར་འདོད་པའི་གཞན་ལན་དགག །དང་པོ། འབྲས་བུའི་རང་བཞིན་མི་འདྲ་བའི་ཐ་དད་པ་རྣམས་ནི་རྒྱུ་ཡི་དངོས་པོ་ཐ་དད་པ་རྣམས་ལས་ནི་བྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་རང་བཞིན་དུ་གྱུར་པ་རྣམས་ལ་ཆོས་ཉིད་ཀྱི་རིགས་པས་གཞན་དང་གཞན་དུ་འགྱུར་མི་སྲིད་པར་གྲུབ་སྟེ། དེས་ན་རང་གི་རྒྱུ་དེ་དག་མེད་པར་རྒྱུ་མིན་གཞན་ལས་བྱུང་བ་དེ་ནི་ཅི་ལྟར་རྒྱུ་དེས་བསྐྱེད་པའི་རང་བཞིན་ཡིན་ཏེ། རྒྱུ་གཞན་ལས་སྐྱེས་པའི་ཕྱིར་ཅིག་ཤོས་དང་རིགས་གཅིག་ཏུ་འཛིན་པ་ནི་འཁྲུལ་བ་ཡིན་ནོ། །དེ་ཡང་རྒྱུ་ཚོགས་པའི་ནུས་པ་མི་འདྲ་ཞིང་ཐ་དད་པའི་ཕྱིར་འབྲས་བུའི་དངོས་པོ་རྣམས་ཐ་དད་པ་སྣ་ཚོགས་པའི་ངོ་བོ་ཉིད་དེ་གྲོ་དང་ནས་ཀྱི་འབྲས་བུ་བཞིན་ནོ། །གལ་ཏེ་རྒྱུ་རིགས་མི་མཐུན་པ་ཐ་དད་ལས་སྐྱེས་ཀྱང་རྒྱུ་ཡི་དབང་གིས་འབྲས་བུ་རིགས་ཐ་དད་དུ་བྱེད་


MR20_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་ན་འགྲོ་བ་སྟེ་འཇིག་རྟེན་ན་ཡོད་དོ་ཅོག་འདི་ཀུན་ངོ་བོ་གཅིག་ཏུ་འགྱུར་ཏེ། རྒྱུ་ཐ་དད་ཀྱང་དེས་སོ་སོར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ལ། རྒྱུ་མིན་སྐྱེ་ལ་ཐལ་བ་བརྗོད། །དེ་ལ་མ་ངེས་རྩོད་པ་སྤང་། །དང་པོ་ལ། དངོས་དང་དེ་ཡི་གྲུབ་དོན་བཞག །དང་པོ། རིགས་མི་མཐུན་པའི་རྒྱུ་ཐ་དད་ལས་སྐྱེས་པའི་འབྲས་བུ་རིགས་མི་མཐུན་ཞེས་པ་དེ་མ་ངེས་ཏེ་རྒྱུ་འབྲས་འཆོལ་བར་སྐྱེ་བའང་མཐོང་བའི་ཕྱིར་ཏེ། དུ་བ་རང་གི་རྒྱུ་མེ་ལས་ཀྱང་སྐྱེ་ལ་རྒྱུ་མིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་སྐྱེ་བར་མཐོང་བའི་ཕྱིར་རོ་ཞེ་ན། བརྒྱ་བྱིན་སྤྱི་བོ་ལས་སྐྱེས་པ་དེ་མེ་འབྲས་དུ་བ་དང་རིགས་གཅིག་པ་མ་ཡིན་པས་དུ་བ་རྒྱུ་མིན་ལས་སྐྱེས་ཞེས་མི་བྱ་སྟེ་རྒྱུ་ཐ་དད་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་འདི་ཐ་དད་དུ་བྱེད་པ་ནི་རྒྱུ་ཡི་ཁྱད་པར་གྱིས་ཐ་དད་དུ་བྱེད་པ་མིན་ན་དུ་བ་གཅིག་གི་རང་བཞིན་དུ་འདོད་པ་དེ་ལའང་རིགས་གཉིས་ཡོད་པས་རང་བཞིན་གཅིག་པ་ཉིད་ཉམས་པར་འགྱུར་ཏེ། འདི་ལྟར་དུ་བའི་རང་བཞིན་དེ་ལ་མེ་མིན་ལས་སྐྱེས་པ་དང་མེ་ལས་སྐྱེས་པ་གཉིས་སུ་ཡོད་པའི་ཕྱིར་རོ། །དུ་བ་གཅིག་ནི་རིགས་དུ་མའི་བདག་ཉིད་ཡིན་པས་དེ་ལ་རང་བཞིན་དུ་མ་ཡོད་དེ། ཙནྡན་དང་ཤུག་པའི་དུ་བ་བཞིན་ཡིན་པས་ཅི་འགལ་སྙམ་ན། ཙནྡན་དང་ཤུག་པ་སོགས་ཀྱི་དུ་བའི་བྱེ་བྲག་ཐམས་ཅད་ཀྱང་རྒྱུ་མེ་ལས་སྐྱེས་པའི་ཕྱིར་དུ་བ་ཙམ་གྱི་རང་བཞིན་དུ་ཁྱད་མེད་ཀྱང་བྱེ་བྲག་གི་རིགས་ཐ་དད་པ་ཡོད་དོ། །དེ་ལྟར་དངོས་པོའི་རང་བཞིན་ཞེས་བྱ་བ་དེ་གཅིག་པ་དང་ཐ་དད་པར་བྱེད་པ་ནི་རྒྱུའི་སྟོབས་ལས་དེ་ལྟ་བུའི་ངོ་བོར་སྐྱེས་པའི་ཕྱིར་རོ། །དེ་ལྟར་མེ་མེད་བཞིན་དུ་མེ་འབྲས་དུ་བ་ནི་གྲོག་མཁར་དེ་ལ་ཡོད་ན་རྒྱུའི་ནུས་པ་སོ་སོར་ངེས་པ་མི་འགྲུབ་ལ། འབྲས་བུ་རྒྱུ་ལ་ངེས་པར་ལྟོས་པའང་མི་འགྲུབ་པས་རྟག་ཏུ་སྐྱེ་བར་ཐལ་ལོ། །རྟག་ཏུ་མི་སྐྱེ་ཡང་གྲོག་མཁར་ལ་བརྟེན་ནས་སྐྱེས་པ་དེ་དུ་


MR20_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རང་བཞིན་ཁོ་ནའོ་སྙམ་ན། དངོས་པོའི་རང་བཞིན་ནི་རྒྱུའི་སྟོབས་ལས་ཐ་དད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རང་བཞིན་དུ་མར་འགྱུར་རོ། །དུ་མར་གྱུར་ཀྱང་དུ་བའི་རང་བཞིན་དུ་གཅིག་ན་རང་བཞིན་གཅིག་ཀྱང་ཡིན་ལ་རང་བཞིན་དུ་མ་ཡང་ཡིན་དགོས་པས་དེ་འགལ་ཏེ། དེ་གཉིས་གཞི་གཅིག་ལ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གཅིག་དང་དུ་མ་མི་འགལ་ན་དེ་དུ་བ་ཙམ་དུ་མ་ཟད་དེའི་རྒྱུར་འདོད་པ་བརྒྱ་བྱིན་སྤྱི་བོ་ཡང་མེ་དང་མེ་མིན་གྱི་རང་བཞིན་གཉིས་སུ་ཐལ་བར་འགྱུར་ཏེ། དེ་ལས་སྐྱེས་པ་དེ་དུ་བ་དངོས་ཡིན་པས་དེའི་རྒྱུ་དེ་མེ་དངོས་སུ་འགྱུར་ཞིང་། ཡང་རྒྱུ་མིན་དུ་ཁས་ལེན་པས་མེས་དབེན་པར་ཡང་འགྱུར་རོ། །དེ་ལྟར་ན་དངོས་པོ་འདི་ལ་ཡིན་པ་དང་མིན་པའི་རྣམ་པར་གཞག་པ་ཅུང་ཟད་ཀྱང་མི་སྲིད་དེ། འགལ་བའི་གཞི་མཐུན་སྲིད་པར་འགྱུར་བའི་ཕྱིར་རོ། །དེས་ན་རྒྱུ་མིན་པ་གཞན་བརྒྱ་བྱིན་སྤྱི་བོ་ནི་དུ་བ་དེ་བསྐྱེད་པའི་རང་བཞིན་ཡིན་ན་བརྒྱ་བྱིན་སྤྱི་བོ་དེ་མེ་དེ་ཉིད་ཡིན་ཏེ་དེའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །མེ་ལས་བྱུང་བའི་དུ་བ་དེ་བསྐྱེད་པའི་རང་བཞིན་ཅན་མ་ཡིན་ན་དུ་བ་དེ་ནི་བརྒྱ་བྱིན་སྤྱི་བོ་དེ་ལས་ཅི་ལྟར་འབྱུང་སྟེ། རྒྱུའི་རང་བཞིན་ཐ་དད་པ་དེ་ཙམ་གྱིས་ཅིག་ཤོས་ཀྱི་འབྲས་བུ་མི་བསྐྱེད་པར་གྲུབ་ཀྱི་གཞན་དཔྱད་མི་དགོས་ཏེ། ཙནྡན་གྱི་མེ་ལས་ཀྱང་ཤུག་པའི་དུ་བ་འབྱུང་བ་ནི་མེད་དོ། །གཉིས་པ་གྲུབ་དོན། དེ་ལྟར་རྒྱུ་དང་འབྲས་བུ་དག་ཕན་ཚུན་གཞན་དུ་འཆོལ་བ་མེད་པའི་རང་བཞིན་དུ་ངེས་པ་ཉིད་ཡིན་པ་དེས་ཇི་ལྟར་མེ་རང་གི་རང་བཞིན་མཐོང་བ་ན་དེ་ཡོད་པ་ལ་མི་འཁྲུལ་བ་བཞིན་མེ་མ་མཐོང་བར་འབྲས་བུ་དུ་བ་མཐོང་ན་ཡང་མེ་དེ་ཡོད་པ་འཁྲུལ་མེད་དུ་རྟོགས་པར་འགྱུར་རོ། །གཉིས་པ་ལ། དོགས་པ་འགོད་དང་དེ་ཡི་ལན། །དང་པོ། ཅི་སྟེ་རྒྱུ་གྲོག་མཁར་དང་མེ་


MR20_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མི་མཐུན་པས་འབྲས་བུ་དུ་བ་གཅིག་མི་བསྐྱེད་ཅེས་པ་དེ་ངེས་པ་ཡིན་ན་ཆུ་དང་འོ་མ་རིགས་མི་མཐུན་པའི་ཐ་དད་ཡིན་ཀྱང་འབྲས་བུ་རུལ་བ་གཅིག་སྐྱེད་པར་བྱེད་དེ། འོ་མས་ཀྱང་འབྲས་ཆན་སོགས་རུལ་བར་བྱེད་ལ་ཆུས་ཀྱང་དེ་བྱེད་པར་འགྱུར་བ་བཞིན། རྒྱུའི་རང་བཞིན་མི་འདྲ་བ་དུ་མ་ལས་འབྲས་བུ་རིགས་གཅིག་པ་ཇི་ལྟར་འགྱུར་ཏེ་འགྱུར་བར་མི་རིགས་ནའང་དེ་ལྟར་འགྱུར་བ་ཡོད་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ། ལན་དང་དེ་ཡི་གྲུབ་དོན་བརྗོད། །དང་པོ། ཆུ་དང་འོ་མ་དག་རུལ་བ་བསྐྱེད་པ་ལ་རིགས་མི་མཐུན་པ་མ་ཡིན་ཏེ། གཉིས་ཀའང་གཤེར་བའི་ནུས་པ་ཡོད་པར་རིགས་གཅིག་པ་གང་ལས་འབྲས་ཆན་སོགས་རུལ་བར་འགྱུར་ཏེ། དེས་ན་དེ་གཉིས་ཀའང་གཤེར་བར་རིགས་གཅིག་ཉིད་ཡིན་གྱི་མེ་དང་མེས་དབེན་གྲོག་མཁར་ལྟ་བུ་མིན་ནོ། །ཕ་རོལ་པོ་ན་རེ། དེ་ལྟ་ན་ཅི་ཆུ་དང་འོ་མ་འདི་ནི་རྫས་ཐ་དད་པ་དག་ཡིན་ན་གཅིག་པའི་བདག་ཉིད་དུ་འདོད་དམ། འདོད་ན་ནི་ཐམས་ཅད་གཅིག་ཏུ་འགྱུར་ལ། གལ་ཏེ་ཐ་དད་ན་རྒྱུ་ཐ་དད་པ་ཁོ་ནར་འགྱུར་གྱི་གཤེར་བ་ཉིད་དུ་གཅིག་པའང་ཇི་ལྟར་ཡིན་ཏེ། ཆུའོ་ལས་ཐ་དད་པའི་གཤེར་བ་ཞེས་པ་གཅིག་པུར་གྱུར་པའི་འབྲས་བུ་སྐྱེད་ནུས་ནི་གང་ཡང་མེད་དོ་ཞེ་ན། དེ་ནི་བདེན་ཏེ་འདི་ལྟར་རང་མཚན་གྱི་ངོ་བོ་ལ་བསམས་ན་ཆུ་དང་འོ་མར་མ་ཟད། འབྲས་བུ་སོ་སོའི་རྒྱུར་གྱུར་པའི་ཆུ་ནང་ཕན་ཚུན་ཡང་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་ཕན་ཚུན་རྗེས་སུ་འགྲོ་བ་མེད་པའི་ཐ་དད་ཡིན་ཞེས་ལེགས་པར་བསྒྲུབས་ཟིན་པ་བཞིན་ནོ། །འོ་ན་རིགས་གཅིག་པ་ཞེས་པ་གང་ཞེ་ན། བརླན་པར་གྱུར་པའི་ཆོས་ཙམ་གཤེར་མིན་ལས་ལོག་པ་ལ་གཤེར་བ་ཞེས་བརྗོད་ཅིང་གཤེར་བ་དེ་ཡི་རང་བཞིན་དུ་གཅིག་པར་འཛིན་པ་ཅན་གྱི་བློ་འཇུག་པ་ལ་ཆུ་དང་འོ་མ་འདི་གཉིས་ཐ་དད་


MR20_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་གཤེར་བར་རིགས་གཅིག་ཅེས་བརྗོད་པ་ཡིན་ལ། དེ་ནི་འདི་ཙམ་དུ་མ་ཟད་རིགས་གཅིག་པའི་དངོས་པོ་ཐམས་ཅད་ལ་ཐ་སྙད་བྱེད་ཚུལ་དེ་ལྟར་ཡིན་གྱི་གཞན་དུ་རང་མཚན་མ་འདྲེས་པ་ཁོ་ན་ལ་འདིའི་རྒྱུ་འདི་དང་འདིའི་འབྲས་བུ་འདི་ཞེས་སྤྱིའི་ཚུལ་གྱིས་ཐ་སྙད་བྱེད་པར་མི་ནུས་སོ། །གཉིས་པ་གྲུབ་དོན་ལ། རང་གིས་འདོད་པ་གྲུབ་པའི་ཚུལ། །གཞན་གྱི་ཞེ་འདོད་ཁེགས་པའི་དོན། །དང་པོ། ཆུའོ་རྫས་ཐ་དད་ཀྱང་གཤེར་བར་རིགས་གཅིག་པ་དེ་བཞིན་མེ་ཡི་ཁྱད་པར་དག་ནི་ཐ་དད་ཀྱང་མེ་མིན་ལས་ལྡོག་པའི་ཆ་གང་གིས་ནི་དངོས་པོ་གང་ལ་འདི་ཐམས་ཅད་མེར་རིགས་གཅིག་ཅེས་རྟོགས་པའི་རྟེན་དུ་གྱུར་པ་ཚ་ཞིང་སྲེག་པའི་རང་བཞིན་ཅན་གང་ཡིན་པའི་དངོས་པོ་དེས་ནི་རང་འབྲས་དུ་བ་སྐྱེད་པ་དེས་ན་དེ་ལྟར་རྒྱུ་འབྲས་སུ་གྱུར་པའི་ཕྱིར་དུ་བས་མེ་རྟོགས་པ་ཡིན་ཞིང་། དེ་འདྲའི་མེར་ཤེས་པར་བྱ་བའི་དངོས་པོ་དེ་ནི་དུ་བ་འབྱུང་བའི་ལྷན་ཅིག་བྱེད་རྐྱེན་ནམ་ཡན་ལག་ཏུ་གྱུར་པ་གཞན་བུད་ཤིང་ཡང་ཡོད་པ་ལ་ནི་ལྟོས་པ་ཉིད་ལས་དུ་བ་བྱུང་བའི་ཕྱིར་འབྲས་བུ་དུ་བ་དེ་ནི་རྒྱུ་མེ་དེ་ལ་འཁྲུལ་བ་མེད་པ་ཅན་ཡིན་ཏེ། རྒྱུ་མེད་པར་འབྲས་བུ་འབྱུང་མི་སྲིད་པའི་ཕྱིར་རོ། །དུ་བ་མེ་ལ་མི་འཁྲུལ་བ་དེ་ལྟར་འབྲས་བུ་གཞན་ཐམས་ཅད་ཀྱང་དེ་བཞིན་དུ་མི་འཁྲུལ་བར་འགྲུབ་པ་ཡིན་ཏེ། འབྲས་བུ་ཐམས་ཅད་ལ་བྱེ་བྲག་མེད་དོ། །གཉིས་པ། དུ་བ་འབྱུང་བ་དང་བུད་ཤིང་ལ་འགྱུར་བ་སྐྱེད་པ་ཡི་ཡན་ལག་ཏུ་གྱུར་པའི་རྟེན་གང་ཡིན་པ་དེ་ལ་ཐ་སྙད་དུ་མེར་འཇོག་པའི་ཕྱིར། གལ་ཏེ་བརྒྱ་བྱིན་སྤྱི་བོ་དེ་དེ་འདྲའི་མེ་དེ་མིན་ན་དེ་ལས་བྱུང་བ་སྔོ་ལ་ཕྱུར་བ་དེ་དུ་བ་མིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་དེ་དུ་བ་དངོས་ཡིན་ན་མེའང་བརྒྱ་བྱིན་སྤྱི་བོ་དེ་ཉིད་ཡིན་ཏེ། དུ་བའི་རྒྱུ་ལ་མེར་འཇོག་པའི་ཕྱིར་རོ། །གཉིས་པ་བདག་གཅིག་འབྲེལ་ནི། ཅི་ལྟར་རྟགས་དེ་


MR20_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རང་གི་རྒྱུ་མཚན་ནམ་རྟེན་ནམ་གཞིར་གྱུར་པ་ལ་ལྟོས་ནས་དེ་འདྲའི་ཁྱབ་བྱེད་ཀྱི་རང་བཞིན་དེ་མེད་ན་རྟགས་ཁྱབ་བྱ་དེ་ཡང་མི་འབྱུང་བར་ཤེས་པར་བྱ་བ་ནི། དཔེར་ན། རང་བཞིན་མི་རྟག་པའམ་འཇིག་པ་དང་རང་བཞིན་ཅན་བྱས་པ་ཉིད་དོན་ལ་བདག་གཅིག་གི་འབྲེལ་བ་དང་ལྡོག་པ་ཐ་དད་པ་ལས་རྟགས་དང་བསྒྲུབ་བྱར་འགྱུར་ཚུལ་གོང་དུ་ལེའུ་དང་པོ་སོགས་སུ་ཇི་སྐད་བཤད་པ་བཞིན་ནོ། །དེ་ལྟ་བུའི་བདག་གཅིག་གི་འབྲེལ་བ་དེ་ཡང་བདག་དང་སྲོག་ལ་མེད་པར་དོན་གྱིས་བསྟན་ཏེ། འདིར་དེའི་འབྲེལ་བ་དཔྱད་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ཚུལ་དེས་རིགས་ཅན་གཞན་མཚོན་ཚུལ་ནི། ལྡོག་པ་ཆིག་རྐྱང་ཅན་དུ་འདོད་པའི་གཏན་ཚིགས་ཐམས་ཅད་གཏན་ཚིགས་མ་ཡིན་པར་མཚུངས་པར་བསྟན་པའི་ཕྱིར་སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་ཉིད་ནི་དཔེར་བརྗོད་པར་མཛད་པ་ལས། དེ་གཏན་ཚིགས་མིན་པ་ཉིད་སུས་ཀྱང་རྟོགས་པར་ནུས་པ་ཡི་ཚུལ་འདིས་ལྡོག་པ་ཆིག་རྐྱང་དུ་འདོད་པ་ཐམས་ཅད་མཉན་བྱ་དེ་དང་མཚུངས་པར་གཏན་ཚིགས་མིན་པར་དཔག་པར་བྱ་བ་ཡིན་པས་དེ་ལྟར་དཔེར་བརྗོད་མཛད་པ་ཡིན་ནོ། །གསུམ་པ་དགག་རྟགས་ཀྱི་དཔེ་ཐ་དད་དུ་མི་སྟོན་པའི་རྒྱུ་མཚན་ལ། རྒྱུ་ཁྱབ་རང་གསུམ་དོན་གྱིས་མཚོན། །ལྷག་མ་དེ་དང་འདྲ་བ་ཡིན། །དང་པོ་ལ། སོ་སོར་དཔེ་ལས་དོན་གྱིས་གྲུབ། །ཀུན་ཀྱང་མ་དམིགས་ཙམ་དུ་འདུ། །དང་པོ་ལ། རྒྱུ་ཁྱབ་མ་དམིགས་དཔེ་གྲུབ་ཚུལ། །རང་བཞིན་མ་དམིགས་ཀྱང་གྲུབ་པ། །དང་པོ་ལ། དངོས་དང་ལོག་པར་རྟོག་པ་བསལ། །དང་པོ། ཕྱོགས་ཆོས་དགུར་ཕྱེ་བའི་སྐབས་སུ་འབྲས་རང་གི་དཔེ་སོ་སོར་བསྟན་པ་ན་མ་དམིགས་པའི་དཔེ་ཡང་སྟོན་པར་རིགས་པ་ལ་དེ་མ་སྨོས་པ་མི་འཐད་དོ་ཟེར་ན། དེ་ནི་དཔེ་བརྗོད་གཉིས་པོའི་དོན་གྱིས་གྲུབ་པ་ཡིན་ནོ། །ཇི་ལྟར་ན་


MR20_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རང་གི་གཏན་ཚིགས་གཉིས་པོའི་ལྡོག་པ་སྟོན་པ་ན། རྒྱུ་དང་ངོ་བོ་ལྡོག་པ་ཉིད་ཀྱིས་འབྲས་བུ་དང་ཁྱབ་བྱའི་དོན་རྟོག་པར་ནི་བརྗོད་པ་ལས། རྒྱུ་ཁྱབ་མི་དམིགས་པ་གཉིས་པོའི་དཔེ་ནི་དོན་གྱིས་གྲུབ་པའི་ཕྱིར་མ་དམིགས་པའི་དཔེ་ལོགས་སུ་ཐ་དད་པར་ནི་མ་བཤད་དོ། །དེ་ཡང་ཕྱོགས་ཆོས་འདིས་རྟགས་ཀྱི་གནད་རྣམས་མདོར་བསྡུས་ཏེ་བསྟན་པས་མཁས་པ་རྣམས་ཀྱིས་དེ་ཙམ་ལས་དོན་ཁོང་དུ་ཆུབ་ནུས་པའི་ཕྱིར་རོ། །དེ་ཡང་རྒྱུ་ལོག་ན་འབྲས་བུ་ལྡོག་ངེས་པ་དང་། ཁྱབ་བྱེད་ལོག་པས་ཁྱབ་བྱ་ལྡོག་ངེས་པར་གྲུབ་པ་དེ་ཡིས་མ་དམིགས་པ་གཉིས་པོ་གྲུབ་པ་ཡིན་ཏེ། དོན་དེ་ཉིད་དགག་རྟགས་སུ་བརྗོད་པ་ཙམ་ལས་གཞན་དུ་མེད་དོ། །གཉིས་པ་ལ། སྣང་རུང་ཁྱད་པར་མི་དགོས་དང་། །རྟགས་གསུམ་འཆོལ་བར་རྟོག་པ་བསལ། །དང་པོ། དེ་ལྟར་མ་དམིགས་པ་གཉིས་པོ་དོན་གྱིས་ཤེས་པར་གྱུར་ན་ཡང་མ་དམིགས་པ་ལ་སྣང་རུང་དང་མི་རུང་གཉིས་སུ་མ་ཕྱེས་ན་ཡུལ་དེ་ཁེགས་མི་ཁེགས་ཀྱི་ཁྱད་པར་མི་འབྱེད་པས་དེ་འདྲའི་ངེས་གཟུང་མེད་པས་འདི་སྣང་རུང་གི་ཁྱད་པར་དང་བཅས་པར་ཅི་ལྟར་རྟོགས་ཤེ་ན། རྒྱུ་ཁྱབ་མ་དམིགས་པ་དེ་ལའང་སྣང་རུང་གིས་ཁྱད་པར་དུ་བྱ་དགོས་པར་བཞེད་པ་ཡིན་ཏེ། རིགས་པ་ཅན་པས་གསོན་ལུས་བདག་བཅས་སུ་བསྒྲུབ་པར་སྲོག་གཏན་ཚིགས་སུ་བཀོད་པ་ན། དེ་ལ་ལན་དུ། བདག་གམ་སྐྱེས་བུ་དེའི་ངོ་བོ་མཐོང་རུང་དུ་མེད་པ་ལས་ན་སྲོག་སོགས་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་པ་ངེས་པར་བྱ་བ་མེད་པའི་ཕྱིར་གཏན་ཚིགས་དེ་ལ་ཐེ་ཚོམ་ཟ་ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོས་རིགས་པ་བརྟག་པ་སོགས་སུ་བཤད་པས་ན། དགག་བྱ་འགོག་པ་དེ་ཡང་བལྟར་རུང་གི་དོན་ལ་མ་དམིགས་པ་དེ་རྟགས་ཡིན་ནོ་ཞེས་པ་བསྟན་པ་ཡིན་ཏེ། གང་གི་ཕྱིར་སྐྱེས་བུ་མ་མཐོང་བ་དེའི་ཕྱིར་དེ་ལྡོག་པས་སྲོག་ལ་སོགས་པ་ལྡོག་པར་ངེས་


MR20_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་མ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ། རྟགས་ཐམས་ཅད་བསྒྲུབ་བྱ་འགྲུབ་པའི་ནུས་པ་ཅན་དུ་མཚུངས་ཤིང་བསྒྲུབ་བྱ་མིན་པ་རྣམ་པར་གཅོད་པ་ཙམ་སྒྲུབ་པ་ལའང་མཚུངས་ལ། སྒྲུབ་པའི་སྐབས་ལྡོག་པའི་དོན་གྱིས་དགག་པའང་གོ་ནུས་པས་ན་འབྲས་རང་མ་དམིགས་པ་གསུམ་དུའང་ཕྱེ་མི་དགོས་པར་འགྱུར་རོ་ཞེ་ན། བསྒྲུབ་བྱ་འགྲུབ་ནུས་སོགས་སུ་མཚུངས་མོད་ཀྱི་དགག་སྒྲུབ་ཀྱི་ཁྱད་ཡོད་པས་སོ་སོར་དབྱེ་བ་འཐད་དེ། མ་དམིགས་པ་འདིས་ནི་དགག་གཞིའི་དངོས་པོ་ལའང་དངོས་པོའི་ཆ་གང་ཡང་ཁས་བླང་བ་མེད་པར་དགག་བྱ་དེ་དགག་པ་ཙམ་གྱི་སྒོ་ནས་དགག་བྱས་དབེན་པ་ཉིད་དུ་ཤེས་པར་བྱེད་པ་ཡིན་ལ། དངོས་པོའི་ཆ་སྒྲུབ་པར་བྱེད་པ་སྔ་མ་འབྲས་རང་གི་གཏན་ཚིགས་གཉིས་པོ་དག་གིས་ནི་དགག་པ་ཙམ་སྟོན་པ་མ་ཡིན་ཏེ། དངོས་པོ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་དེ་ལྟར་སོ་སོར་ཕྱེ་བའང་འཐད་པར་འགྱུར་རོ། །གཉིས་པ་ཚུལ་དེས་རང་བཞིན་མ་དམིགས་པའི་དཔེ་ཡང་གྲུབ་པ་ལ། རང་བཞིན་མ་དམིགས་དགོས་པ་བཤད། །དེ་ཡི་བྱེད་ལས་གང་ཡིན་བསྟན། །དེ་དཔེ་ལོགས་སུ་མ་བསྟན་དོན། །དང་པོ། འོ་ན་སློབ་དཔོན་གྱིས་ནི་རྒྱུ་ཁྱབ་མ་དམིགས་པ་ཙམ་ལས་རང་བཞིན་མ་དམིགས་པའི་དཔེ་ལོགས་སུ་མི་བཞེད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རང་བཞིན་མ་དམིགས་པའི་དཔེ་ལོགས་སུ་མ་བསྟན་ཀྱང་དོན་གྱིས་གྲུབ་པ་ཡིན་ཏེ། དེ་ལ་བུམ་སོགས་དམིགས་སུ་རུང་བ་རྣམས་ཀྱི་ནི་ཡོད་པ་ཞེས་པ་དེ་འདི་ལྟར་ཡོད་པར་དམིགས་པའམ་སྣང་བ་འདི་ལས་གཞན་དུ་ཡོད་པ་མིན་པའི་ཕྱིར་གང་རྒྱུའམ་ཁྱབ་བྱེད་སྣང་དུ་རུང་བ་དེ་དམིགས་ན་ཡོད་ཅེས་ཐ་སྙད་བྱེད་ལ། དེ་ལས་ལྡོག་སྟེ་མ་དམིགས་ན་མེད་ཅེས་དོན་གྱིས་གྲུབ་སྟེ་མ་དམིགས་པ་ཐམས་ཅད་སྣང་རུང་རང་གི་ངོ་བོ་མ་དམིགས་པ་


MR20_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ནར་གནས་ཤིང་། འོན་ཀྱང་དགག་བྱ་རང་གི་ངོ་བོ་མ་དམིགས་པའི་རྒྱུ་མཚན་ལས་དེ་མེད་ཅེས་པའི་ཐ་སྙད་གྲུབ་ན་རང་བཞིན་མ་དམིགས་པ་དང་། དེའི་འབྲས་བུ་འགོག་ན་རྒྱུ་མ་དམིགས་པ་སོགས་སྦྱོར་བའི་སྒོ་ནས་ཐ་དད་པ་ཙམ་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །དམིགས་པ་ལས་ཡོད་པར་གྲུབ་པ་དེ་ཡི་ལྡོག་དོན་སྣང་རུང་དེ་མ་དམིགས་ན་མེད་པར་འགྲུབ་པ་དེ་ཕྱིར་རང་བཞིན་སྣང་རུང་དེ་མ་དམིགས་ན་ཡང་མེད་པའི་ཐ་སྙད་ངེས་པར་སྦྱོར་བ་མི་ཤེས་པ་ཤེས་བྱའི་ཕྱིར་དུ་མེད་པའི་ཐ་སྙད་སྒྲུབ་པ་རང་བཞིན་མི་དམིགས་པའི་དཔེ་གཅིག་ཡོད་པའང་སློབ་དཔོན་གྱིས་བཞེད་པ་ཡིན་ཏེ། དཔེ་དེས་མི་ཤེས་པ་སེལ་ནུས་པའི་ཕྱིར་དགོས་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །གཉིས་པ་དེའི་བྱེད་ལས་ལ། དངོས་དང་དེ་ལ་རྩོད་པ་སྤང་། །དང་པོ་ལ། དགག་བྱ་ཤེས་བརྗོད་ཐེ་ཚོམ་འགོག །དེ་ལས་མེད་པའི་ཐ་སྙད་གྲུབ། །དང་པོ། རང་བཞིན་མ་དམིགས་པའི་རྟགས་དེས་ཅི་ཞིག་འགོག་ཅིང་ཅི་ཞིག་སྒྲུབ་པར་བྱེད་པ་ཡིན་སྙམ་ན། ཡོད་ངེས་ཀྱི་ཐ་སྙད་འཇུག་པའི་ཡུལ་བུམ་སོགས་དེ་མེད་པའི་ཕྱིར་ན་དགག་གཞི་དེར་ཡུལ་ཅན་དུ་གྱུར་པ་ཡི་ནི་ཡོད་ངེས་ཀྱི་ཤེས་བརྗོད་དག་གི་ཐ་སྙད་དང་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་དག་ནི་འགོག་པར་འགྱུར་ཏེ། ཡུལ་མེད་པ་ལ་ཡུལ་ཅན་གྱི་ཐ་སྙད་དོན་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡུལ་མེད་པ་ནི་རྟགས་ལ་བརྟེན་མི་དགོས་པར་གྲུབ་ཏུ་ཟིན་ཀྱང་དེ་ལས་དེའི་ཐ་སྙད་བསྒྲུབ་པ་དོན་ཡོད་དེ། དཔེར་ན་དམར་འབར་བ་མཐོང་ནས་མེ་མིན་གྱི་ཐ་སྙད་མ་གྲུབ་པ་ལ་འདི་ནི་སྲེག་པར་བྱེད་པ་མིན་པའི་ཕྱིར་མེ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །དེ་ལ་སྲེག་པར་མི་བྱེད་པ་གྲུབ་ཟིན་ཀྱང་དེ་ལ་མེ་མིན་གྱི་ཐ་སྙད་སྒྲུབ་པ་དོན་ཡོད་དེ། དེས་མེ་ཡིན་གྱི་ཐ་སྙད་དང་ཐེ་ཚོམ་གཉིས་ཀ་འགོག་ནུས་ལ། མེ་མིན་གྱི་ཐ་སྙད་


MR20_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ནུས་ཏེ་ནོག་ལྐོག་ཤལ་དང་ལྡན་པའི་དངོས་པོ་མཐོང་ཞིང་ཐ་སྙད་མི་ཤེས་པ་ལ། གོང་བུ་འདི་ཆོས་ཅན། བ་ལང་ཡིན་ཏེ། ནོག་ལྐོག་ཤལ་དང་ལྡན་པའི་ཕྱིར་རོ། །ཞེས་བརྗོད་པ་བཞིན་ནོ། །གཉིས་པ་ལ། རྟགས་དེ་འབྲས་ལ་མ་ངེས་སྤང་། །དགོས་དོན་མེད་པར་ཐལ་བ་སྤང་། །དང་པོ། མ་དམིགས་པ་ཐ་སྙད་འཇུག་པའི་རྟེན་ཡིན་ཞིང་རྒྱུ་དེ་ལས་མེད་པའི་ཐ་སྙད་འབྱུང་དགོས་པས་ན་རྟགས་འདི་རྒྱུས་འབྲས་བུ་སྒྲུབ་པར་འགྱུར་ལ། དེ་ལྟ་ན་རྒྱུ་ནི་འབྲས་བུ་སྒྲུབ་པ་ལ་མ་ངེས་པས་འཁྲུལ་བར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ལྟར་དམིགས་སུ་རུང་བའི་དངོས་པོ་རྣམས་ཀྱི་དོན་མེད་པ་ནི་དོན་དེ་མི་དམིགས་པ་ལས་གཞན་མ་ཡིན་ཏེ། སྤྱིར་དམིགས་པ་ཞེས་ལས་སུ་བྱ་བ་ཡུལ་རང་ཉིད་ཀྱི་ངོ་བོར་ཡོད་པ་ཙམ་དང་བྱེད་པ་པོ་ཡུལ་ཅན་ལ་དེ་ལྟར་སྣང་བ་གཉིས་སུ་ཕྱེ་བ་ཡོད་ཀྱང་ཡུལ་ཅན་གྱི་དབང་དུ་བྱས་ནའང་སྣང་རུང་གང་ཞིག་མ་སྣང་བ་དེ་ནི་མེད་ཅེས་བྱ་སྟེ། ཡུལ་ཡོད་མེད་དུ་འཇོག་པ་བློ་ལ་ལྟོས་པ་ལས་གཞན་དུ་གྲུབ་ཐབས་མེད་ལ། ཡུལ་རང་གི་ངོ་བོ་གང་ན་ལྡོག་པའི་གཞི་དེར་དེ་ཉིད་མི་སྣང་བ་དེ་ལས་གཞན་པའི་མེད་པ་ཞེས་བྱ་བ་ཅི་ཡང་མེད་དོ། །དེ་ཕྱིར་གང་ན་བལྟར་རུང་གི་དོན་མི་དམིགས་པ་དེ་ཡོད་པ་ལས་དམིགས་པ་དེའི་རྒྱུ་མཚན་ཅན་གྱི་མེད་པའི་སྒྲ་དང་ཤེས་པའི་ཐ་སྙད་སྒྲུབ་པ་ཡིན་ནོ། །དེ་ཐ་སྙད་དེའི་རྒྱུ་མཚན་ཡིན་ཡང་རྒྱུ་དེ་འབྲས་བུ་སྒྲུབ་པ་ལ་མ་ངེས་པ་མིན་ཏེ། རྒྱུ་མཚན་དེ་ཡོད་ཙམ་ནས་གཞན་ལ་རག་མ་ལས་པར་ཐ་སྙད་དེ་འཇུག་པའི་ངོ་བོར་གནས་པའི་ཕྱིར། སྣང་དུ་རུང་བ་དེ་མ་མཐོང་ན་དེ་ཙམ་གྱིས་མེད་ཅེས་བྱ་བའི་ཐ་སྙད་འདི་སྤྱིར་གནག་རྫི་མོའི་བར་ལ་གྲགས་ཤིང་གྲུབ་པས་མེད་པའི་ཐ་སྙད་དེ་མི་དམིགས་པ་དེ་ཡི་འབྲས་བུ་ཡིན་ཡང་རྒྱུ་དེ་ལས་


MR20_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མེད་ཅེས་པའི་བློ་དང་སྒྲ་ཐེ་ཚོམ་མེད་པར་འགྲུབ་པ་ཡིན་ཏེ། རྒྱུ་དེ་ལས་གཞན་ལ་རག་ལས་པ་མེད་པས་ན་མ་ངེས་པ་ཅི་ཞིག་ཡོད་དེ་མེད་དོ། །གཉིས་པ་ལ། དངོས་དང་དེ་ཡི་དཔེ་བསྟན་པའོ། །དང་པོ། དེ་ལྟ་ན་རྟགས་འདི་བཀོད་པ་ལ་དགོས་པ་མེད་པར་འགྱུར་ཏེ། འདིས་མི་ཤེས་པ་ཤེས་སུ་གཞུག་པའི་དོན་ཅི་ཡང་མི་བྱེད་པའི་ཕྱིར། བུམ་པ་ཡོད་དེ། དམིགས་པའི་ཕྱིར་རོ། །ཞེས་པ་དང་མཚུངས་སོ་སྙམ་ན་མ་ཡིན་ཏེ། མེད་པའི་ཐ་སྙད་འཇུག་པའི་ཡུལ་སྣང་རུང་མ་དམིགས་པ་དེ་མངོན་སུམ་གྱིས་གྲུབ་ནས་ཡོད་ན་ཡང་བསྟན་བཅོས་ངན་པ་སོགས་ལ་འཆེལ་ནས་དེ་འདྲའི་རྒྱུ་མཚན་ལ་རྨོངས་པས་དོན་འདིར་གཞན་གྲངས་ཅན་པ་ལ་སོགས་པ་དག་ཐ་སྙད་ཀྱི་ཡུལ་དེ་དང་རྗེས་སུ་མཐུན་པའི་ཐ་སྙད་མི་བརྗོད་པ་དེ་དག་ལ་བུམ་སོགས་མི་དམིགས་ན་མེད་པའི་ཐ་སྙད་གྲུབ་པ་དེ་དང་ནི་ཆོས་མཐུན་པ་ཉིད་དུ་བསྟན་པ་ལས། རྨོངས་པའི་ཞེ་འདོད་ཀྱིས་ཡོད་པར་འདོད་པ་དེ་ལའང་མེད་པའི་བརྡ་འདོགས་པར་དྲན་པ་སྐྱེད་པར་བྱེད་པ་འབའ་ཞིག་སྟེ་འདི་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གོ། དཔེར་ན་ས་མྱུག་ལྟ་བུའི་རྒྱུ་འབྲས་གཉིས་ཆར་སྣང་རུང་དུ་འདོད་བཞིན་རྒྱུ་ལ་འབྲས་བུ་མ་མཐོང་ཡང་མེད་ཅེས་མི་འདོད་པའི་གྲངས་ཅན་པ་ལ། ཕྱོགས་འདི་ན་ཆོས་ཅན། བུམ་པ་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར། ཞེས་བཀོད་པ་དེས་རྒྱུ་ལའང་འབྲས་བུ་མེད་ཅེས་པའི་བརྡའམ་ཐ་སྙད་དྲན་པར་བྱེད་པའི་སླད་དུའོ། །གཉིས་པ། དེ་ལྟར་གཞན་ལ་དཔེ་སྟོན་པ་ཙམ་གྱི་ཆེད་ཁོ་ནར་མ་ཟད་རང་གི་ངོ་བོའང་གཏན་ཚིགས་སྐྱོན་ཅན་མིན་ཏེ། དེ་འདྲའི་ཐ་སྙད་སྐྱོན་མེད་སྒྲུབ་ནུས་པ་ནི་ཅི་ལྟར་གང་ཡོད་ན་གང་མཐོང་བའི་རྗེས་འགྲོ་དང་། མེད་ན་མ་མཐོང་བའི་ལྡོག་པ་སྟེ་རྗེས་སུ་འགྲོ་ལྡོག་མངོན་སུམ་མཐོང་བ་ལས་འདི་ནི་རྒྱུ་


MR20_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་ཞེས་དང་། འདི་ནི་འབྲས་བུ་ཉིད་དོ་ཞེས་སྒྲུབ་པ་འཇིག་རྟེན་ན་ཡོད་པ་བཞིན་ཏེ། དེ་འདྲའི་རྗེས་སུ་འགྲོ་ལྡོག་ཅན་གྱི་དངོས་པོ་དེ་གཉིས་ལ་ནི་འབྲས་བུ་ཞེས་པའི་སྒྲ་དང་། སོགས་པའི་སྒྲས་རྒྱུ་ཞེས་པའི་སྒྲ་སྦྱར་བ་འདི་ནི་དེ་དག་ལ་དེ་འདྲའི་ཐ་སྙད་སྒྲུབ་པའི་དོན་དུ་རྗེས་སུ་འགྲོ་ལྡོག་དམིགས་པ་རྒྱུ་མཚན་དུ་བཀོད་པ་ཡིན་ཏེ། རྗེས་སུ་འགྲོ་ལྡོག་གི་དོན་ནི་སྔར་ནས་གྲུབ་ཟིན་པ་ལ་ད་བསྒྲུབ་མི་དགོས་སོ། །འོན་ཀྱང་དེ་འདྲའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གྱིས་ལྟོས་པ་ཅན་འབྲས་བུ་དང་། ལྟོས་ཡུལ་རྒྱུ་གཉིས་ཀ་ལ་རྒྱུ་འབྲས་ཞེས་པའི་ཐ་སྙད་སྦྱར་བས་རྗེས་སུ་འགྲོ་ལྡོག་གི་དོན་དེ་དག་བདེ་བླག་ཏུ་ཤེས་ནུས་ཤིང་དེའི་དོན་མང་པོ་བརྗོད་མི་དགོས་པར་ཐ་སྙད་ཟོར་ཡང་བས་རྟོགས་བྱ་ཁོང་དུ་ཆུབ་པ་ཡིན་ནོ། །གསུམ་པ་དེའི་དཔེ་ལོགས་སུ་མ་བསྟན་པའི་དོན་ནི། འོ་ན་རང་བཞིན་མ་དམིགས་འདི་ནི་རྒྱུ་ལས་འབྲས་བུ་སྒྲུབ་པ་ཡིན་ཞིང་། དེ་ཡང་མི་འཁྲུལ་བའི་རྟགས་ཡིན་ན་རྒྱུས་འབྲས་བུ་སྒྲུབ་པ་ཞེས་པའི་གཏན་ཚིགས་བཞི་པ་སྲིད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྣམ་འཇོག་གི་རྒྱུ་མ་དམིགས་པ་རང་གི་ངོ་བོ་ལས་འབྲས་བུ་རང་གི་ཐ་སྙད་མེད་པའི་སྒྲ་བློ་གཞན་ལ་རག་མ་ལས་པར་བསྒྲུབ་པས་ན་འདི་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་རབ་དབྱེ་བཤད་པ་ལས་འབྲས་རང་མ་དམིགས་པ་གསུམ་ཁོ་ནར་བསྟན་གྱི་འདི་ཐ་དད་པར་ནི་རྒྱུ་ལས་འབྲས་བུ་སྒྲུབ་པའི་དཔེར་མ་བསྟན་ཏེ། རང་བཞིན་གྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །དེ་ཡང་སྔར་ཚོགས་པས་འབྲས་བུ་སྐྱེད་པ་དངོས་པོའི་རང་གི་ནུས་པ་ཉིད་དུ་ཟད་པས་རང་བཞིན་གྱི་རྟགས་སུ་བཤད་པ་བཞིན་ཏེ། འདིར་སྣང་རུང་མ་དམིགས་པ་ཉིད་མེད་པའི་ཐ་སྙད་ཀྱི་ཡུལ་དུ་གནས་པའི་རང་བཞིན་ཡིན་ལ། དེ་ཡང་རྒྱུ་ཚོགས་པ་ཐ་མའི་སྐབས་ཀྱི་དངོས་རྒྱུ་ནུས་པ་ཐོགས་མེད་བཞིན་དུ་གཞན་ལ་རག་མ་ལས་པ་ཡིན་ཏེ། མ་དམིགས་པ་ཙམ་ནས་མེད་པའི་ཐ་སྙད་བྱ་རུང་བའི་ངོ་བོར་གྱུར་པ་ཡིན་ནོ། །དངོས་རྒྱུ་ལས་དངོས་འབྲས་འབྱིན་ངེས་པ་དང་མ་དམིགས་


MR20_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཐ་སྙད་བྱེད་ངེས་མེད་དེ་གྲངས་ཅན་པ་བཞིན་ནོ་སྙམ་ན། དངོས་རྒྱུ་ནི་དངོས་པོ་ཡིན་ལ་མ་དམིགས་པ་དངོས་མེད་ནི་སྐྱེད་པའི་རྒྱུ་མིན་ཏེ། རྣམ་པར་བཞག་འཇོག་གི་རྒྱུ་ཡིན་པས་མཚུངས་པར་རྩོད་དུ་མེད་དོ། །གཉིས་པ་དགག་རྟགས་ཀུན་ཀྱང་མ་དམིགས་པ་ཙམ་དུ་འདུ་བ་ལ། རྟགས་ཀྱི་ཕྱོགས་ཆོས་མྱོང་བས་གྲུབ། །དེ་ལས་གཞན་དུ་མི་འཐད་པའོ། །དང་པོ་ལ། མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ། །དང་པོ། བུམ་པ་མེད་པ་མ་དམིགས་པའི་རྟགས་ཀྱིས་སྒྲུབ་པ་འདི་ལ་དཔྱད་ན་མི་འཐད་དེ། མ་དམིགས་པ་ཞེས་པ་དམིགས་པའི་བློ་མ་སྐྱེས་པ་ཙམ་ཡིན་ལ་དེ་ཙམ་གྱིས་དོན་ཁེགས་ན་གཉིད་དང་མིག་བཙུམས་པ་སོགས་སུ་ཉེ་འཁོར་གྱི་གཟུགས་དམིགས་པའི་བློ་མི་སྐྱེ་བས་ཀྱང་ཁེགས་པར་འགྱུར་ཏེ་ཚད་མ་ལོག་པས་གཞལ་བྱ་འགྲུབ་པ་ཧ་ཅང་ཐལ་ལོ། །གལ་ཏེ་ཡུལ་མ་དམིགས་པ་ཞེས་པ་དངོས་མེད་ཡིན་ན་དེ་མངོན་སུམ་དུ་ཅི་ལྟར་དམིགས་ཏེ་མེད་པ་ལ་དབང་པོའི་བློ་འཇུག་པ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་མ་གྲུབ་ན་རྟགས་ཐུག་མེད་དུ་བཀོད་ནས་གྲུབ་པ་མི་སྲིད་དོ་ཟེར་ན། འདི་དངོས་མེད་ཡན་གར་བ་མངོན་སུམ་གྱིས་བཟུང་བའང་མ་ཡིན་ལ། དམིགས་བྱེད་ལོག་པ་ཙམ་ཡང་མ་ཡིན་མོད་ཀྱི་མེད་པར་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། ཇི་ལྟར་ན། དགག་བྱ་མེ་ལྟ་བུས་དབེན་པའི་དངོས་པོ་ཕྱོགས་ལྟ་བུ་གཅིག་མངོན་སུམ་གྱིས་དམིགས་ཤིང་དེ་ལྟ་བུར་རང་རིག་གིས་ཉམས་སུ་མྱོང་བ་ལས། ཕྱོགས་འདི་ནི་འདི་ལྟར་མངོན་སུམ་དམིགས་སོ་ཞེས་བྱ་བའམ་ཕྱོགས་འདི་ན་མེ་མ་དམིགས་སོ་ཞེས་ཡོད་མེད་ཀྱི་དོན་ལ་དཔྱོད་པའི་རྟོག་པ་ཅན་གྱི་བློ་ནི་དེ་ལྟར་སྐྱེ་བར་འགྱུར་བ་ཡིན་ཏེ། དགག་བྱས་དབེན་པའི་དངོས་པོ་དེ་དམིགས་པ་ན་དགག་བྱ་མ་དམིགས་པར་དོན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་ལ། དམིགས་ནས་མྱོང་ན་དེ་དོན་གྲུབ། །ཁྱད་


MR20_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མྱོང་ལས་འདི་གཞན་མིན། །དང་པོ། དངོས་པོ་གང་དང་གང་མྱོང་བ་ན་དགག་བྱ་དང་མ་འདྲེས་པའི་ཁྱད་པར་ཅན་དུ་མྱོང་བ་ཉིད་ལས་དོན་རྣམས་ཀྱང་དེ་དང་དེས་དབེན་པའི་ཁྱད་པར་ཅན་དུ་རྟོགས་པ་ཡིན་ཏེ། ཀ་བ་རང་ཉིད་ཀྱི་ངོ་བོ་སྣམ་བུས་དབེན་པར་གནས་པ་ཉིད་དེ་ལྟར་སྣམ་བུ་དང་མ་འདྲེས་པར་ཁྱད་པར་ཅན་དུ་མྱོང་བ་ན་ཀ་བ་ལ་སྣམ་བུ་མེད་པར་དམིགས་པའང་དེ་ལས་གཞན་དུ་མེད་དོ། །དེ་བཞིན་དུ་ཕྱོགས་གང་ན་མེས་དབེན་པའང་དེ་དང་འདྲའོ། །མ་འདྲེས་པའམ་དབེན་པ་དེ་ལྟའི་བདག་ཉིད་ཅན་དུ་མྱོང་བ་རང་རིག་པ་འདི་ནི་དངོས་པོ་འདི་རྣམས་ནི་མ་འདྲེས་པར་གཅིག་གཅིག་གིས་དབེན་པའི་ཐ་དད་པར་འཛིན་པའི་བློ་ཡི་རྒྱུ་ཡིན་ཏེ། ཀ་བུམ་ཐ་དད་པར་མྱོང་བའི་ཀ་བ་ལ་བུམ་པ་མ་དམིགས་ཞེས་འདོད་པ་བཞིན་ནོ། །དེ་ཕྱིར་དགག་བྱ་གང་གིས་དབེན་པའི་རྣམ་པ་ཅན་གྱི་བློ་ཐ་དད་པའི་དབྱེ་བ་ནི་དེ་ལྟར་མྱོང་བའི་བློ་རང་རིག་ཉིད་ལས་གྲུབ་པར་འགྱུར་ཏེ་མངོན་སུམ་མྱོང་བ་ཙམ་ལས་འགྱུར་རོ། །བློ་ཐ་དད་པར་སྐྱེས་པ་དེ་དག་གིས་ཡུལ་ཅན་དེའི་གཞལ་བྱའི་དོན་དེ་ཡང་དེ་ལྟར་དབེན་པ་དང་མི་དབེན་པར་འཇོག་སྟེ། དཔེར་ན་དུང་ལ་དཀར་པོས་དབེན་པ་མ་དམིགས་ཤིང་ནག་པོས་དབེན་པར་མཐོང་བའི་ཕྱིར་དུང་ལ་ཁ་དོག་དཀར་པོ་ཡོད་ཅེས་དང་ནག་པོ་མེད་ཅེས་འཇོག་པ་བཞིན་ནོ། །དེ་ལྟར་གཅིག་དམིགས་པས་དེ་ལ་མེད་པའི་དགག་བྱ་མ་དམིགས་པར་རང་ཉིད་ལས་གྲུབ་པ་དེ་ལྟ་མིན་ན་མ་དམིགས་པ་འདི་མངོན་སུམ་མྱོང་བས་མི་འགྲུབ་པས་དེ་སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་བའི་ཕྱིར་ཆོས་འགའ་ཡང་ཐ་དད་དུ་གྲུབ་བར་མི་འགྱུར་ཏེ། དཔེར་ན་བུམ་པ་ལ་སྣམ་བུ་མ་དམིགས་པ་མངོན་སུམ་གྱིས་མི་འགྲུབ་ཅིང་སྒྲུབ་བྱེད་ཇི་བཀོད་ཀྱང་དེ་ཡང་བསྒྲུབ་མི་དགོས་པ་མི་སྲིད་པས་སྣམ་མེད་མི་འགྲུབ་ལ། དེ་མ་གྲུབ་ན་བུམ་


MR20_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་ཐ་དད་པའང་མི་འགྲུབ་བོ། །གཉིས་པ། ཆོས་གང་གི་རང་བཞིན་དགག་བྱ་དང་མ་འདྲེས་པར་དབེན་པའི་ཁྱད་པར་ཅན་མངོན་སུམ་ཉམས་སུ་མྱོང་བ་ལས་དེ་ལ་མེད་པའི་ཆོས་གཞན་བསལ་བའམ་མ་དམིགས་པ་ནི་རང་གི་ངོ་བོ་གཞན་དུ་ཡོད་པ་མ་ཡིན་པ་དེ་ཕྱིར་དགག་བྱ་དེ་མི་དམིགས་པ་ཞེས་པ་འདི་ཡང་དགག་བྱ་མེད་པ་ཙམ་ཡན་གར་དུ་དམིགས་པ་མ་ཡིན་ཏེ། དགག་བྱ་དེ་ལས་ཁྱད་པར་ཅན་ཏེ་མ་འདྲེས་པའི་དངོས་པོ་གཞན་དམིགས་པ་ཉིད་ཡིན་ནོ། །གསུམ་པ། དེས་ན་མི་དམིགས་པ་འདི་ནི་དགག་བྱ་དེས་དབེན་པའི་དངོས་པོ་རང་ཉིད་མངོན་སུམ་དུ་བྱས་པ་ལས་རྟོགས་པས་ན་རྟགས་ལ་མི་ལྟོས་པར་མི་དམིགས་པ་རང་ཉིད་མཐོང་བ་ཙམ་གྱིས་དེའི་ཐ་སྙད་འཇུག་པ་ཅན་ཡིན་ཏེ། དམིགས་པ་ཙམ་ལས་ཡོད་པའི་ཐ་སྙད་འཇུག་པ་བཞིན་དུ་ཁྱད་པར་ཅན་དམིགས་པ་དེ་ལས་གཞན་མི་དམིགས་པ་ཞེས་བྱའི་དོན་ལོགས་སུ་དམིགས་མི་དགོས་པའི་ཕྱིར་རོ། །དེས་ན་མི་དམིགས་པ་རྟགས་སུ་བྱས་ནའང་དགག་བྱ་དེ་མེད་པའི་རྣམ་གཞག་གམ་ཐ་སྙད་གོ་བར་བྱེད་པ་ཡིན་ཏེ། སྣང་རུང་མ་དམིགས་ན་མེད་པའི་ཐ་སྙད་བྱེད་པ་ལ་ཐེ་ཚོམ་ཡང་མི་དགོས་པའི་ཕྱིར་རོ། །གཉིས་པ། དེ་ལས་གཞན་དུ་མི་དམིགས་པ་མྱོང་བས་གྲུབ་པ་མིན་ན་བུམ་སོགས་དོན་གང་ཡིན་གྱི་མེད་པ་ཉིད་མི་དམིགས་པ་རྟགས་སུ་བཀོད་པ་ལས་རྟོགས་པར་འགྱུར་དགོས་ལ། རྟགས་གཞན་གྱིས་དམིགས་པ་མེད་པ་ཉིད་ཀྱང་བསྒྲུབ་དགོས་པ་ཡིན་པའི་ཕྱིར་ན་མི་དམིགས་པའི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་ཏེ། རྟགས་གང་བཀོད་ཀྱང་མཐའ་མངོན་སུམ་གྱིས་གྲུབ་པ་མི་སྲིད་པས་མི་དམིགས་པའམ་དགག་པ་གྲུབ་པའི་ཐབས་མེད་དོ། །གཉིས་པ་དགག་རྟགས་ལྷག་མ་དེ་དང་འདྲ་བར་བསྟན་པ་ལ། མི་སྣང་དགག་ཡུལ་གྱི་ཁྱད་ཙམ། །འགལ་དམིགས་སྦྱོར་དབྱེ་ཙམ་དུ་བསྟན། །དང་


MR20_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། ཡོད་ངེས་ཐ་སྙད་འཇུག་པ་འགོག །མེད་ངེས་སྒྲུབ་པར་མི་ནུས་པའོ། །དང་པོ། ཕྱོགས་ཆོས་དགུའི་སྐབས་སུ་འབྲས་རང་གི་གཏན་ཚིགས་ཀྱིས་རྒྱུ་ཁྱབ་རང་གསུམ་དེ་ལྟར་དོན་གྱིས་མཚོན་དུ་ཆུག་ཀྱང་དགག་རྟགས་ལྷག་མ་མི་སྣང་བ་མ་དམིགས་པ་དང་འགལ་དམིགས་དག་མཚོན་པར་མི་ནུས་སོ་སྙམ་ན། མི་སྣང་བ་མ་དམིགས་པ་འདི་ནི་མ་དམིགས་པ་ཙམ་དུ་ཁྱད་མེད་ཀྱང་དགག་བྱ་དེ་ལ་སྣང་རུང་མི་རུང་གཉིས་ཀྱི་ཁྱད་ཡོད་པའི་ཕྱིར་མི་སྣང་བའམ་སྣང་དུ་མི་རུང་བ་དག་མ་དམིགས་ཀྱང་དེ་ཙམ་གྱིས་མི་ཁེགས་ཏེ། བསྐལ་དོན་ཤ་ཟ་ལྟ་བུ་མདུན་གྱི་གཞི་སོགས་སུ་ཡོད་མེད་གང་དུའང་ངེས་པ་མི་རུང་བའི་ཕྱིར། མེད་ངེས་ལས་གཞན་དུ་ཡོད་ངེས་ཀྱི་ཐ་སྙད་བཞག་པ་ཙམ་འགོག་པར་འགྱུར་བ་ཡིན་ཏེ། དཔེར་ན་སེམས་ཅན་གཞན་གྱི་རྒྱུད་ལ་དཔྱོད་པ་ན་དེའི་རྒྱུད་ཀྱི་རྣམ་རྟོག་ཕྲ་མོ་མ་དམིགས་ཀྱང་ཡོད་མེད་དུ་ངེས་པའི་རྟགས་ཀྱང་མེད་པར་འགྱུར་པའི་རྣམ་རྟོག་ཕྲ་མོ་ལྟ་བུ་ལ་སོགས་པ་ཡོད་ངེས་སུ་མི་འགྲུབ་པ་བཞིན་ནོ། །གཉིས་པ་ལ། དངོས་དང་དེ་ལ་དོགས་པ་སྤང་། །དང་པོ། ཡོད་ངེས་པ་དང་མེད་པའི་འབྲས་བུ་མཐའ་གཅིག་ཏུ་ངེས་པ་མེད་པ་ཅན་མི་སྣང་བ་མ་དམིགས་པ་འདིས་ནི་བསྐལ་དོན་མ་དམིགས་པ་ཙམ་ཡིན་ཀྱང་དེ་མེད་ངེས་སུ་འགོག་པ་ལ་རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་པ་སྒྲུབ་པར་ནུས་པ་མ་ཡིན་ཏེ། ཤ་ཟ་ལྟ་བུ་ཡོད་ཀྱང་མ་དམིགས་པ་སྲིད་པའི་ཕྱིར་རོ། །གཉིས་པ། དེ་ལྟར་མི་དམིགས་པ་དེ་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡིན་པར་མ་བཤད་དམ་སྙམ་ན། དེ་ནི་མེད་ངེས་པ་སྒྲུབ་ནུས་པའི་ཕྱིར་དོན་དགག་པའི་གཏན་ཚིགས་ལ་དང་པོའི་སྟེ་སྣང་རུང་མ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། སྣང་རུང་མ་དམིགས་ན་དོན་དེ་ཁེགས་པའི་


MR20_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་སྣང་བ་མ་དམིགས་པ་ལས་ནི་དམིགས་པའི་རྒྱུ་མཚན་ཅན་གྱི་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ལ་རྒྱུ་མཚན་མེད་པའི་ཕྱིར་ཡུལ་ཅན་འགོག་པ་ཙམ་མོ། །གཉིས་པ་ལ། འགལ་གཉིས་དབྱེ་བ་སྤྱི་རུ་བསྟན། །ཚད་མས་གནོད་འགལ་བྱེ་བྲག་བཤད། །དང་པོ། འགལ་དམིགས་ཀྱི་དཔེ་ལོགས་སུ་མི་སྟོན་པ་ཅི་ཞེ་ན། འདི་ནི་དགག་བྱ་འགོག་པ་ལ་སྦྱོར་བའི་དབྱེ་བ་ཙམ་ལས་དོན་དགག་བྱ་རང་ཉིད་མི་དམིགས་པ་དང་འགལ་ཟླ་ཡོད་པར་དགག་བྱ་དེ་ནམ་ཡང་མ་དམིགས་པ་གྲུབ་ཟིན་པས་གང་དབེན་པའི་དངོས་པོ་དེ་རྟགས་སུ་འགོད་པ་ཙམ་གྱི་ཁྱད་པར་དུ་ཟད་དེ། དགག་བྱ་མེད་ངེས་སུ་མཚོན་པ་སྣང་རུང་མི་དམིགས་པ་རང་གི་ངོ་བོར་ཁྱད་མེད་ཀྱང་སྦྱོར་བ་འགོད་པ་དག་ལ་ནི་གཉིས་སུ་ཡོད་དེ། མི་དམིགས་པ་དེའི་རང་གི་ངོ་བོའི་ཚུལ་དངོས་སུ་སྨོས་པའི་སྦྱོར་བ་རྒྱུ་ཁྱབ་རང་གསུམ་འབྲས་བུ་དང་བཅས་པའམ། ཡང་ན་དགག་བྱའི་དོན་ལ་གནོད་བྱེད་ཀྱི་ངོ་བོ་རྟགས་སུ་འགོད་པ་སྟེ་དེ་ལའང་ལྷན་ཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ་གཉིས་སུ་གནས་པ་ལས། དང་པོ་ནི་དོན་གང་ཞིག་རྒྱུ་མ་གཏུགས་པས་རྒྱུན་ཆགས་སུ་འབྱུང་བ་ཡོད་ན་ཡང་འགལ་ཟླ་ཡོད་པར་གྱུར་པས་དེ་མེད་པའི་ཕྱིར་ལྷན་ཅིག་མི་གནས་པ་ཞེས་བྱ་སྟེ། རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དག་ཡིན་ལ། འདི་ལ་ཚ་རེག་གྲང་རེག་ལྟ་བུ་དོན་འགལ་དང་། བདག་འཛིན་དང་བདག་མེད་དུ་འཛིན་པ་ལྟ་བུ་བློ་འགལ་གཉིས་སུ་ཡོད་དོ། །རམ་གྱི་སྒྲ་ནི་སྡུད་ཚིག་གོ། །གཉིས་པ་ནི་ཆོས་གང་ཞིག་ཕན་ཚུན་སྤངས་པའི་སྒོ་ནས་ཐ་དད་པར་གྲུབ་པའི་ཕྱིར་ཏེ། གཅིག་བཅད་པས་ཅིག་ཤོས་གོ་ནུས་པའི་དངོས་འགལ་དུ་གྱུར་པ་དཔེར་ན་བརྟན་པའི་དངོས་པོ་སྟེ་རྟག་པ་དང་ནི་འཇིག་པ་སྟེ་མི་རྟག་པ་བཞིན་དུ་གྱུར་པ་ནི་དངོས་འགལ་ལོ། །དངོས་འགལ་དུ་གྱུར་པ་ཕན་ཚུན་རྟགས་དང་རྟགས་ཅན་དུ་བྱས་ནས་དགག་པ་བརྗོད་པ་མིན་ཀྱང་དེ་ཁྱབ་བྱེད་


MR20_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་བརྒྱུད་འགལ་དག་གཞི་གཅིག་ཏུ་འདུ་བ་ལ་ཚད་མ་གཞན་གྱིས་གནོད་པའི་ཕྱིར་ཡང་ཚད་མས་གནོད་འགལ་ཞེས་བྱ་སྟེ། དཔེར་ན་དངོས་པོ་གྲུབ་ཙམ་ནས་འཇིག་ངེས་པར་གྱུར་པ་དང་ནི་འཇིག་པ་རྒྱུ་ལ་ལྟོས་པ་བཅས་པ་ཡིན་པ་བཞིན་ནོ། །དེ་ཡང་དེ་གཉིས་དངོས་སུ་འགལ་བ་མིན་ཡང་ངེས་གྱུར་དང་ལྟོས་བཅས་ཀྱི་ཁྱབ་བྱེད་མ་ངེས་པ་འགལ་བའམ། ལྟོས་བཅས་དང་ངེས་གྱུར་གྱི་ཁྱབ་བྱེད་ལྟོས་མེད་འགལ་བས་ན་བརྒྱུད་འགལ་ལམ་ཚད་མའི་གནོད་འགལ་གྱི་དཔེར་བརྗོད་དོ། །གཉིས་པ་ལ། ལྟོས་བཅས་ན་ནི་ངེས་མི་འཐད། །ལྟོས་མེད་མ་ངེས་པར་མི་འཐད། །རང་ཆོས་ངེས་པར་མཇུག་བསྡུ་བའོ། །དང་པོ་ལ། ཐལ་བ་འགོད་དང་དེའི་ལན་དགག །དང་པོ། ངེས་གྱུར་དང་ལྟོས་བཅས་འདི་ཚད་མས་གནོད་འགལ་ཇི་ལྟར་ཡིན་ཟེར་ན། གལ་ཏེ་འཇིག་པ་དེ་རྒྱུ་གཞན་ལས་སྐྱེ་བའི་ཕྱིར་འཇིག་རྒྱུ་ལ་ལྟོས་པ་དང་བཅས་པ་ཡིན་ན་དངོས་པོ་གྲུབ་ཙམ་དང་ཉེ་བར་ནི་གདོན་མི་ཟ་བར་འཇིག་ངེས་པར་གྱུར་པ་དེ་ག་ལ་ཡོད་དེ། འཇིག་རྒྱུ་དང་མ་ཕྲད་པར་སྲིད་པས་འཇིག་པར་མ་ངེས་པ་ཡོད་པའི་ཕྱིར་གོས་ལ་ཚོན་བཞིན་ནོ། །དེས་ན་ལྟོས་བཅས་མིན་ན་ངེས་པ་དང་འགལ་ལོ། །གཉིས་པ། ལྟོས་བཅས་ཡིན་ཀྱང་འཇིག་པར་ངེས་ཏེ་དངོས་པོའི་རྒྱུ་རང་ཉིད་ལས་འཇིག་པ་དེ་བྱུང་བ་ཡིན་ནོ་ཞེ་ན། དངོས་པོ་སྐྱེད་བྱེད་ཀྱི་རྒྱུ་དེས་དངོས་པོ་འཇིག་པར་བྱེད་དོ་ཞེས་ཁས་མི་ལེན་པར་དངོས་པོའི་རྒྱུས་དངོས་པོ་བསྐྱེད་ལ། སླར་ཡང་དངོས་པོ་དེ་འཇིག་པར་བྱེད་པའི་རྒྱུ་གཞན་ཞིག་དེའི་བར་དུ་བརྒྱུད་པའི་དུབ་པས་ཅི་ཞིག་བྱ་སྟེ། རྒྱུ་གཉིས་པོའི་ནུས་པ་འཇུག་ཡུལ་དངོས་པོ་ཉིད་ཡིན་ལ་དེ་གྲུབ་ཟིན་པ་ལ་ཡང་གྲུབ་བྱར་མེད་ཅིང་མ་གྲུབ་ན་རྒྱུ་ཡང་མིན་པའི་ཕྱིར་རོ། །ལས་སུ་བྱ་བའི་ཡུལ་དངོས་པོ་དེ་ཡིན་ཀྱང་སྐྱེད་བྱེད་ཀྱི་རྒྱུས་སྐྱེད་པར་བྱེད་ལ་འཇིག་རྒྱུས་དངོས་མེད་དུ་བྱེད་དོ་སྙམ་ན། དངོས་པོ་གྲུབ་ཟིན་དངོས་མེད་


MR20_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་ནུས་ལ་དངོས་མེད་དངོས་མེད་དུ་བྱ་བ་མི་སྲིད་པས་འཇིག་རྒྱུ་འདིའི་ལས་སུ་བྱ་བ་དངོས་མེད་ཡིན་དུ་ཆུག་ཀྱང་དངོས་མེད་ལ་རྒྱུ་མི་སྲིད་ཅིང་། དངོས་པོ་ལ་དེས་ཅི་ཡང་མི་བྱེད་པའི་ཕྱིར་དེ་ནི་རང་གར་སྨྲ་བ་ཙམ་མོ། །འོ་ན་དངོས་པོ་ཡང་སྐྱེད་མི་དགོས་ལ་དངོས་མེད་སྐྱེད་མི་ནུས་པས་སྐྱེ་བའི་རྒྱུ་ཡང་མི་སྲིད་པ་ཡིན་ནམ་ཞེ་ན། རྒྱུ་འབྲས་ནི་ཐ་སྙད་དུ་བཏགས་པ་སྟེ་འོན་ཀྱང་རྒྱུ་ཚོགས་པའི་འབྲས་བུ་སྐད་ཅིག་མའི་སྣང་བ་བསྙོན་དུ་མེད་ལ། དེ་འདྲའི་དངོས་པོ་ད་ལྟ་བ་དེ་དངོས་པོ་ཉིད་ཡིན་པས་དེ་རྒྱུ་མི་དགོས་ཀྱང་དེ་ཙམ་གྱིས་སྐྱེད་རྒྱུ་མི་འཐད་པ་མིན་ཏེ། སྔར་གྱི་རྒྱུ་མེད་པར་འདི་འབྱུང་མི་སྲིད་པས་སོ། །གལ་ཏེ་རྒྱུ་དེ་ཉིད་ཀྱིས་བསྐྱེད་པ་དང་འཇིག་པ་འགལ་བ་དག་མི་བྱེད་པས་སྐྱེད་བྱེད་ཀྱི་རྒྱུ་དེས་འཇིག་པ་དོན་གཞན་དུ་གྱུར་པ་ཞིག་བསྐྱེད་པས་བུམ་སོགས་དངོས་པོ་དེ་ནི་འཇིག་པར་འགྱུར་རོ་ཞེ་ན། བུམ་པའི་རྒྱུ་དེས་བུམ་པའི་དངོས་པོ་དེ་ཉིད་འཇིག་པ་ཡི་ངང་ཚུལ་ཅན་དུ་བསྐྱེད་ན་མི་རུང་བའི་སྐྱོན་ཅི་ཞིག་ཏུ་འགྱུར་པར་མཐོང་ནས་འཇིག་པ་དོན་གཞན་སྐྱེད་ཅེས་ཁས་ལེན་པ་ཡིན་ཏེ། དངོས་པོ་སྐད་ཅིག་མའི་ངང་ཚུལ་ཅན་དེ་ལ་རྒྱུ་ལས་སྐྱེས་པ་དང་སྐད་ཅིག་གཉིས་པར་མི་སྡོད་པ་གཉིས་ཀ་འགལ་བ་རྡུལ་ཙམ་མེད་པའི་ཕྱིར་རོ། །འོན་ཀྱང་རིམ་གྱིས་སྐྱེ་བ་དང་དེའི་འོག་ཏུ་འཇིག་པ་ཆོས་ཉིད་ཡིན་ནོ་སྙམ་ན། དེ་ཡང་འཇིག་པ་དེ་ནི་མེའི་ཚ་བ་བཞིན་དུ་བུམ་སོགས་དངོས་པོའི་བདག་ཉིད་ལ་གྲུབ་པར་གྱུར་ན་རང་གི་རྒྱུ་ལས་བདག་གི་ངོ་བོ་གྲུབ་ཟིན་པ་ལ་ཕན་འདོགས་བྱེད་པ་ཡི་རྒྱུ་གཞན་གང་ཞིག་ཡོད་དེ་ཅི་ཡང་མི་དགོས་ལ། གལ་ཏེ་འཇིག་པ་དེ་བུམ་སོགས་དངོས་པོ་ལ་མ་གྲུབ་པར་གཞན་དུ་ཡོད་པ་ཞིག་ན་འཇིག་རྒྱུ་དེས་དོན་གཞན་དེ་ལ་ཕན་འདོགས་སུ་ཆུག་ཀྱང་བུམ་སོགས་དངོས་པོ་བདག་ཉིད་ལ་ནི་ཕན་ཅུང་ཟད་ཀྱང་འདོགས་པར་བྱེད་པ་མིན་པས་ན་དངོས་པོ་དེ་ཡིས་ལྟོས་བྱ་


MR20_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གཞན་གང་ཅི་ཞིག་ཡིན་ཏེ། བུམ་པ་བྱས་པས་ཀ་བ་མི་འཇིག་པ་བཞིན་དུ་དངོས་པོའི་འཇིག་རྒྱུ་ཞེས་དངོས་པོའི་རྒྱུར་འདོད་པ་དོན་མེད་ལ་དངོས་པོ་དང་མ་འབྲེལ་ན་དངོས་པོ་འཇིག་པའི་དོན་མེད་དོ། །གཉིས་པ་ལ། དངོས་དང་དེ་ལ་རྩོད་སྤང་གཉིས། །དང་པོ། དེ་ལྟར་སྐྱེས་ཙམ་ནས་མེའི་ཚ་བ་བཞིན་དུ་དངོས་པོའི་གཤིས་ཀྱིས་འཇིག་ངེས་པར་གྱུར་པ་གང་ཞིག་འཇིག་རྒྱུ་གཞན་ལ་ལྟོས་མེད་ཀྱི་དངོས་པོ་ནི་དུས་ནམ་དུ་ཡང་ནི་འཇིག་པ་དེ་ལྟ་བུ་མིན་པར་རེས་སྐད་ཅིག་ཕྱི་མ་རྣམས་སུ་མི་འཇིག་པར་ཇི་ལྟར་འགྱུར་ཏེ། དཔེར་ན་བུམ་པ་དང་སྒྲ་ལ་སོགས་པ་དེ་ཉིད་འཇིག་ཀ་མར་ཅུང་ཟད་ཀྱང་སྡོད་པ་ལ་བརྟེན་པར་མི་འདོད་པ་བཞིན་ནོ། །གཉིས་པ། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་ན་སྐད་ཅིག་ཀྱང་དངོས་པོ་ཡོད་པ་མིན་པར་འགྱུར་རོ་ཞེ་ན། སྐད་ཅིག་ཏུ་སྐྱེ་མ་མྱོང་ན་དངོས་མེད་ཅེས་བྱའི་དེ་ལ་འཇིག་པ་ཞེས་བྱ་བའང་མི་འཐད་པས་སྐྱེས་པར་གྱུར་པ་སྐད་ཅིག་གཉིས་པར་མི་སྡོད་པ་དེ་ལྟར་གྱུར་པ་དེ་ནི་དངོས་པོ་ཉིད་ཀྱི་ངང་ཚུལ་ཡིན་གྱི་དངོས་མེད་ཡིན་ན་སྐད་ཅིག་མི་སྡོད་པ་དེ་ལྟར་ཅི་ལྟར་འགྱུར་ཏེ། དེ་ནི་རྒྱུ་ལས་མ་སྐྱེས་པ་ཞེས་བྱའོ། །གསུམ་པ། དངོས་པོ་གང་དག་ལ་མི་རྟག་པ་དེ་ཡོད་པ་ནི་མེའི་ཚ་བ་བཞིན་དུ་རང་གི་ཆོས་ཉིད་དུ་ཟད་པས་རྒྱུ་གཞན་ལ་ལྟོས་པ་མེད་པ་དེ་དག་དངོས་པོ་དེ་ཡོད་ཙམ་ལ་ངེས་པ་ཡིན་ཏེ། དཔེར་ན་རྒྱུ་ཚོགས་པ་ཚང་ནས་ནུས་པ་ཐོགས་མེད་དུ་གྱུར་པ་དག་རང་གི་འབྲས་བུའི་ལས་ཏེ་འབྲས་བུ་སྐྱེད་པར་བྱེད་པའི་ལས་ལ་གེགས་བྱེད་པ་མེད་པ་ཅན་གྱི་ཚོགས་པ་བཞིན་ནོ། །གསུམ་པ་མཇུག་དོན་ལ། གཞུང་འདི་རྟོགས་པར་དཀའ་བའི་ཚུལ། །རྟོགས་ན་ཕན་ཡོན་ཆེ་བའོ། །དང་པོ། འདི་ལྟར་བློ་ཡི་ནུས་པ་ཆུང་བ་མེད་པར་གྲགས་པ་ཡི་རྣམ་དཔྱོད་དང་ལྡན་པ་དེ་དག་གིས་ཀྱང་འདི་ལྟ་བུའི་ཟབ་མོའི་དེ་ཁོ་ན་ཉིད་རྟོགས་པ་མེད་པ་ཅན་ཡིན་ལ། ཉིན་དང་མཚན་


MR20_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབད་པས་བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་གཞུང་འདི་ལྟ་བུའི་ངེས་གསང་མཆོག་གི་དེ་ཉིད་ཚུལ་བཞིན་མཐོང་བ་མེད་པ་དང་ལྡན་ན་ཤེས་རབ་ཆུང་ཞིང་ལེ་ལོ་ཅན་གྱིས་ལྟ་ཅི་སྨོས། དེས་ན་འགྲོ་བ་རྣམས་ལ་རྩོམ་པ་པོ་རང་ཉིད་དང་མཚུངས་པར་ལེགས་བཤད་འདི་ལྟ་བུ་བདག་རྩོམ་པ་པོའི་རྗེས་སུ་སླར་འཛིན་པར་བྱེད་པ་མི་རྙེད་པ་ཅན་ཆོས་ཀྱི་གྲགས་པ་ཁོ་བོའི་གཞུང་འདི་ནི། དཔེར་ན་རྒྱ་མཚོ་ཆེན་པོ་ལ་ནི་ཆུ་བོ་བབས་པ་བཞིན་དུ་རང་གི་བློ་གྲོས་ཀྱི་ལུས་ལ་ཐིམ་ཞིང་མི་མངོན་པར་ནུབ་པ་ཉིད་དུ་འགྱུར་རོ་ཞེས་རྟོགས་དཀའ་བར་བསྟན་པའོ། །གཉིས་པ། རིགས་པ་དང་མི་རིགས་པའི་ཚུལ་དང་ཚུལ་མིན་རྣམ་པར་འབྱེད་པ་ལ་མཁས་པར་བྱེད་པའི་ཡོན་ཏན་དང་། ཕྱིན་ཅི་ལོག་གི་ལྟ་བ་ངན་པའི་ནགས་འཐུག་པོའི་ཚང་ཚིང་སྲེག་པར་བྱེད་པ་དང་། འཕགས་པ་འཇམ་དཔལ་ཉིད་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ནས་བཤད་པ་ཡང་དག་པའི་རིགས་པའི་ལམ་སྟོན་པ་དང་། འདི་འདྲ་བའི་གཞུང་ལུགས་ཉིན་མོར་བྱེད་པ་བློ་ཡི་སྣང་བ་གསལ་བར་ནུས་པའི་ཡོན་ཏན་བརྒྱ་དང་ལྡན་པ་འདི་ནི། བློ་གྲོས་ངན་པ་ཉི་སྤོང་སྟེ་འུག་པ་ལྟ་བུ་རྣམས་འདི་ལ་འཇིགས་པ་སྐྱེ་ཞིང་སྤོང་བར་བྱེད་པ་དེ་ལྟ་མོད་ཀྱི་བློ་གྲོས་ཀྱི་མིག་རྣམ་པར་དག་པ་དང་ལྡན་པ་མཁས་པའི་ཚོགས་ཀྱི་བློ་ཡི་པདྨོ་རྒྱས་པར་བྱེད་པ་ཡིན་ཞེས་ཆོས་ལྔས་ཉི་མ་དང་སྦྱར་ཏེ་གཟུགས་ཅན་གྱི་རྒྱན་དུ་བྱས་པའོ། །ཚིགས་བཅད་ཕྱི་མ་འདི་ནི་བོད་ཀྱི་ལོ་ཙཱ་བ་དག་གིས་འགྲོ་དོན་འཕེལ་བའི་རྟེན་འབྲེལ་གྱི་སླད་དུ་སྦྱར་བའོ། །ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་སྟེ་ལེའུ་བཞི་པའོ། །བཞི་པ་མཇུག་དོན་ལ་མཛད་བྱང་དང་འགྱུར་བྱང་གཉིས་ལས། དང་པོ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་


MR20_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པ་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ། །གཉིས་པ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཏི་ཤྲཱི་ཤཱནྟི་ཞེས་དཔལ་ལེགས་འབྱོར་ཞི་བ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཞེས་རྨ་ལོ་ཙཱའི་འགྱུར་བྱང་ངོ་། །འཇིག་རྟེན་མིག་གཅིག་རྔོག་ལོ་ཙཱ་ཆེན་པོའི་འགྱུར་བྱང་ནི། དཔལ་ལྡན་དམ་པའི་ལས་ལ་མངོན་དགེས་པ། །སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག །དགེ་བའི་ཐུགས་མངའ་དེས་བས་ས་སྐྱོང་བ། །མི་ཡི་བདག་པོ་དབང་སྡེའི་བཀས་བསྐུལ་ནས། །བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པོ་དང་། །ཉན་པོ་རྒོལ་དང་ཕྱི་རྒོལ་དོན་ངེས་དང་། །འབེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར། །འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང་། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པ། །ལྟ་བ་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིགས་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །སྒྲ་དོན་གཉིས་ཀ་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་བསླད་ལེགས་བསྒྱུར་བ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི། དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །དཔལ་ལྡན་ཁ་ཆེའི་རིགས་པ་བའི་། །གཙུག་གི་ནོར་བུ་སྐལ་ལྡན་ནི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །བློ་ལྡན་བཟང་པོས་འདི་བསྒྱུར་རོ། །གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་པ་ཞེས་བྱ་བ་གྲུབ་པའི་གནས་སུ་གྲགས་པའི་


MR20_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར་ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དེ་ལྟར་ཚུ་རོལ་མཐོང་བའི་ཡུལ་དུ་གྱུར་པའི་དོན་འདི་དག་དགག་སྒྲུབ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་ན་དེས་དམ་པའི་དོན་ལའང་བདེ་བླག་ཏུ་འཇུག་ནུས་པ་ཡིན་གྱི། གཞན་དུ་ཕྱིན་ཅི་ལོག་གི་འཛིན་པ་སྟུག་པོའི་ཚང་ཚིང་ལས་ཀྱང་བརྒལ་མི་ནུས་ན། ཚུར་མཐོང་ལས་འདས་པའི་དེ་ཁོ་ན་ཉིད་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའི་དོན་ཇི་ལྟར་རྟོགས་པར་ནུས་ཏེ་གནས་མ་ཡིན་པའི་ཕྱིར་རོ། །དེས་ན་ཐོག་མར་ཚུ་རོལ་མཐོང་བའི་སྒོ་ནས་དེའི་ཡུལ་དུ་གྱུར་པའི་དངོས་པོའི་དེ་ཁོ་ན་ཉིད་ལ་མཁས་པར་བྱས་ནས་དམ་པའི་དོན་ལ་གདོད་འཇུག་པར་བྱ་བ་ཡིན་ཏེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། སློབ་དཔོན་ལེགས་ལྡན་བྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང་། ཟླ་བ་གྲགས་པས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་བཞིན་ནོ། །དེས་ན་འདི་ལྟ་བུའི་དངོས་སྟོབས་ཀྱི་རིགས་པས་འཇིག་རྟེན་པའི་ཚུར་མཐོང་ལས་འདས་པའི་ཤུལ་ལམ་བསལ་ཞིང་མཚོན་པར་བྱས་པ་ཡིན་པས་ཤཱཀྱའི་རིང་ལུགས་འཛིན་པ་རྣམས་ཀྱིས་ཐོག་མར་ཤེས་པར་བྱ་བ་གལ་པོ་ཆེ་ཡིན་ཏེ། མདོ་དང་སྔགས་


MR20_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཞུང་གང་འཆད་ཀྱང་བརྡ་དང་ཐ་སྙད་ཀྱི་ལམ་ལ་བརྟེན་ནས་དོན་མ་ནོར་བར་འཇལ་དགོས་པས་ཐོས་བསམ་བྱེད་པ་ལ་སྤྱིར་མེད་དུ་མི་རུང་བ་ཡིན་ཞིང་། ཏ་རྐ་སྡེ་ལྔ་ལ་སོགས་པ་ཚུར་མཐོང་གི་དཔྱོད་པས་ལམ་ཚོལ་བ་ཐམས་ཅད་ཚུར་མཐོང་གི་ཡུལ་ལ་མགོ་རྨོངས་པར་གྱུར་པ་ཤ་སྟག་ཡིན་པས་འདི་ལྟ་བུའི་རིགས་ལམ་གྱིས་ཚུ་རོལ་མཐོང་བའི་སྤྱོད་ཡུལ་ལ་དགག་སྒྲུབ་ཀྱི་མཚང་དམར་འབྱིན་དུ་བཏོལ་བའི་ཚེ། ཚུར་མཐོང་དང་རྣམ་ཤེས་ཀྱི་སྤྱོད་ཡུལ་ལག་མཐིལ་བཞིན་དུ་གསལ་བའི་ཉམས་རྙེད་པ་ན་དེ་ཙམ་ལ་ཡེ་ཤེས་ཀྱི་སྤྱོད་ཡུལ་མཐར་ཐུག་གི་དོན་དུ་མངོན་པར་ཞེན་པའང་ཤུགས་ཀྱིས་འཇིག་ཅིང་། རྟོག་གེའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་དེ་ཁོ་ན་ཉིད་ལའང་འདྲ་ཤན་མ་ཤོར་བའི་ངེས་པ་རྣམ་དག་རང་ཤུགས་ཀྱིས་འདྲོང་པར་འགྱུར་ཏེ། རྣམ་ངེས་ལས། འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ནོ། །འདི་ལའང་ཕ་རོལ་རྨོངས་པས་འཇིག་རྟེན་སླུ་བར་བྱེད་པའི་ཕྱིར་རོ། །བསམ་པ་ལས་བྱུང་བའི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་བས་དབེན་ཞིང་དྲི་མ་མེད་ལ་ལྡོག་པ་མེད་པའི་དོན་དམ་པའི་ཚད་མ་མངོན་སུམ་དུ་བྱེད་དོ། །ཞེས་དང་། ཚད་མ་མདོ་ལས། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལས་ཆེས་བསྲིང་ཉམས་པ་ཡིན། །དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་རྣམས། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས། །ཞེས་གསུངས་ཏེ། དེའི་དོན་ནི། ཆོས་ཉིད་ཟབ་མོ་ནི་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རྟོག་གེའི་ལམ་ཁོ་ནས་ཆོས་ཉིད་ཚོལ་ན་ཐུབ་པའི་བསྟན་པ་ལས་རྒྱང་རིང་དུ་བསྲིང་ཞིང་ཉམས་པར་བྱས་པ་ཡིན་ནོ། །འོན་ཀྱང་ཆོས་ཉིད་ཟབ་མོ་སྟོན་པའི་ཐུབ་པའི་དགོངས་དོན་རྣམས་ལོག་པར་སྨྲ་ཞིང་གཞན་དུ་སྨྲ་


MR20_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བ་ངན་པ་དག་ནི་འདི་ལ་བརྟེན་ནས་སུན་དབྱུང་བར་བྱའོ། །ཞེས་པ་སྟེ། ཏིང་འཛིན་རྒྱལ་པོ་ལས། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་འཁྲུལ་བ་ཐམས་ཅད་ཚུར་མཐོང་གི་རྟོག་གེ་འབའ་ཞིག་ལས་འབྱུང་བའི་ཕྱིར་དེ་དངོས་སྟོབས་ཀྱི་རིགས་པས་སུན་དབྱུང་བར་བྱ་སྟེ། ལམ་གང་ཞིག་ཆོས་ཉིད་ཟབ་མོའི་དོན་དུ་འཇུག་པ་དང་མི་མཐུན་པར་འགྲོ་བ་དེ་དག་དངོས་སྟོབས་ཀྱི་རིགས་པ་དང་མི་མཐུན་པར་འཇུག་པ་ཆོས་ཉིད་ཡིན་པས་དེ་དངོས་སྟོབས་ཀྱི་རིགས་པས་སུན་ཕྱུང་བ་ན། རྟོག་གེ་ལས་འདས་པའི་ཡེ་ཤེས་དམ་པའི་ཤུལ་ལམ་བཏོད་པ་ལྟ་བུ་ཡིན་པས་ཤིན་ཏུ་གལ་ཆེ་ཞིང་། འཁྲུ་སྨན་དུག་ཏུ་སོང་བའི་དཔེ་བཞིན་ཕྱོགས་རེའི་རྟོག་གེའི་སྙེམས་པ་ཙམ་གྱིས་རྟོག་གེ་ལས་འདས་པའི་དོན་ལ་སྐུར་བ་འདེབས་ཤིང་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་དགོངས་པ་ཟབ་མོ་སྤང་བར་མི་བྱ་སྟེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི། །གང་


MR20_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་པ། །རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ལ། །རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །ཅེས་དང་། ལང་ཀར་གཤེགས་པ་ལས། མགོན་པོ་རྣམས་ནི་གང་གསུངས་པའི་། །སོ་སོ་རང་རིག་སྤྱོད་ཡུལ་ནི། །རྟོག་པ་ཅན་གྱི་ཡུལ་མ་ཡིན། །ཉན་ཐོས་རྣམས་ཀྱིའང་དེ་བཞིན་མིན། །ཞེས་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང་། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །ཞེས་དང་། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོད་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། ཕྲ་ལ་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་ལྟ་བར་དཀའ། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་སྟོང་ཞི་ཞིང་སྡུག་བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ་པར་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་བསྟན་དོན་ལྟར་ཡིད་ལ་བཞག་ནས། འདི་ལྟར་ཚུ་རོལ་མཐོང་བའི་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་དུ་གྱུར་པའི་བདེན་གཉིས་ཀྱི་ཚུལ་ཐ་སྙད་དང་དོན་དམ་དཔྱོད་པའི་རིགས་པ་རྣམ་པ་གཉིས་ཀྱི་ཚུལ་བཞིན་གཏན་ལ་ཕབ་ནས་མཐར་ཐུག་གི་གྲུབ་དོན་བདེན་པ་དབྱེར་མེད་ཚུར་མཐོང་གི་ཤེས་བརྗོད་འཇུག་གསུམ་གྱི་སྤྱོད་ཡུལ་མ་ཡིན་པ་སོ་སོ་རང་རིག་པའི་ཡེ་ཤེས་དམ་


MR20_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ལ་འཇུག་པར་བྱ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། གང་འདི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་དང་། སྒྲ་དང་བརྡས་བསྟན་པ་ཇི་སྙེད་པའོ། །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་མེད་པ་སྟེ་ཡི་གེ་ལྟ་ཅི་སྨོས། མཚན་ཉིད་ཀྱི་བདེན་པ་ནི། གང་འདི་མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་པ་སྟེ། མཚན་ཉིད་གཅིག་པོ་དེ་ཡང་མཚན་ཉིད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པར་ཡང་མི་ལྟུང་། མཚན་ཉིད་ཀྱི་བདེན་པས་བདེན་པ་གཅིག་ཏུ་རྟོགས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །ཞེས་དང་། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་


MR20_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་ཡང་དག་པར་འདས་པ་ཡིན་ཏེ། ལྷའི་བུ་དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་འཇུག་པ་ཡང་མེད་ལྡོག་པའང་མེད་དོ་ཞེས་དང་། ལྷའི་བུ་འདི་ནི་དོན་དམ་པའི་བདེན་པ་ཞེས་སྒྲོ་བཏགས་ཏེ་བརྗོད་མོད་ཀྱི་ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བྱ་བ་ལྟར་ནི་མ་ཡིན་ནོ་ཞེས་དང་། དོན་དམ་པར་གང་ལ་ཐ་སྙད་ཐམས་ཅད་མི་འཇུག་པ་དེ་ནི་ལྷའི་བུ་དོན་དམ་པའི་བདེན་པ་སྟེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ་ཞེས་དང་། ལྷའི་བུ་དོན་དམ་པའི་བདེན་པ་ནི་དམིགས་པ་ཅན་ཐམས་ཅད་ཀྱིས་མོས་པར་དཀའ་འོ་ཞེས་དང་། གང་འདི་སྙམ་དུ་དོན་དམ་པར་འདི་ཡོངས་སུ་ཤེས་པར་བྱའོ། །འདི་སྤང་བར་བྱའོ། །འདི་བསྒོམ་པར་བྱའོ། །འདི་མངོན་དུ་བྱའོ་སྙམ་དུ་སེམས་པའི་སྦྱོར་བ་དེ་ནི་མཚན་མ་དང་བཅས་པ། སྤྲོས་པ་དང་བཅས་པ། དམིགས་པ་དང་བཅས་པ། ཉོན་མོངས་པ་དང་བཅས་པ། འཁྲུགས་པ་དང་བཅས་པ། འཇིགས་པ་དང་བཅས་པ། ནད་དང་བཅས་པ། སྡུག་བསྔལ་དང་བཅས་པ། ཟུག་རྔུ་དང་བཅས་པ། དུག་དང་བཅས་པ་སྟེ་དེ་ནི་སྦྱོར་བ་ཡང་དག་པ་མ་ཡིན་ནོ་ཞེས་དང་། དོན་དམ་པར་ན་ཀུན་ནས་ཉོན་མོངས་པ་གང་དང་མཉམ་པ་དོན་དམ་པར་ན་རྣམ་པར་བྱང་བ་ཡང་དེ་དང་མཉམ་མོ། །དོན་དམ་པར་ན་རྣམ་པར་བྱང་བ་གང་དང་མཉམ་པ་དོན་དམ་པར་ན་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་མོ། །དེ་ལྟར་དོན་དམ་པར་ན་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཡང་དག་པར་སྦྱོར་བའི་དགེ་སློང་ནི་ལྷའི་བུ་དོན་དམ་པར་ན་ཡང་དག་པར་སྦྱོར་བ་ཞེས་བྱ་སྟེ། ཞེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཀུན་རྫོབ་


MR20_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱང་ཆུབ་སེམས་དཔའ་ཆེན་པོས་ཉོན་མོངས་པ་རྣམས་ལ་འཇིགས་པར་བྱའོ། །དེ་བས་ཀྱང་དེས་ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་གྱི་སེམས་ལ་ཤིན་ཏུ་འཇིགས་པར་བྱ་སྟེ། ཉོན་མོངས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་སྤྱོད་པའི་ས་ལ་སྤྱོད་པ། མི་དམིགས་པ་ལ་མོས་ཤིང་། ཉོན་མོངས་པ་དང་བཅས་པ་བླའི་། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་ངེས་པར་གྱུར་པ་ཐོབ་པ་ཉོན་མོངས་མེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་དང་། འདི་ལྟ་སྟེ། དཔེར་ན་བརྒྱར་གཤགས་པའི་སྐྲའི་རྩེ་མོའི་ཐོག་མས་མར་གྱི་ཐིགས་པ་བླངས་པ་ཚད་ཡོད་པ་བཞིན་དུ། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་གྱི་འདུས་མ་བྱས་ཀྱི་ཡེ་ཤེས་ནི་ཆུང་ངོ་། །དམིགས་པ་དང་བཅས་པའོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་མར་གྱིས་གང་བ་དེ་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པ་མེད་པ། དད་པས་སྤྱོད་པའི་ས་ལ་མི་སྤྱོད་པའི་ཚུལ་གྱིས་སྤྱོད་པའི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བསྡུས་པ་འདུས་བྱས་ཀྱི་ཡེ་ཤེས་སུ་མི་བལྟ་བའི་ཚུལ་གྱིས་བལྟའོ། །དེ་ཡང་དོན་དམ་པའི་མེ་འབར་བས་ཡོངས་སུ་སྨིན་པར་བྱས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མི་དམིགས་པའི་ཚུལ་གྱིས་འགྱུར་རོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདུས་མ་བྱས་ཐོབ་པའི་ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཟིལ་གྱིས་གནོན་ཏོ། །ཞེས་


MR20_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །ཞེས་གསུངས་པ་བཞིན་ནོ། །མདོར་ན་བདེན་པ་གཉིས་ཀྱི་ཚུལ་སྟོན་པའི་བདེ་བར་གཤེགས་པའི་གསུངས་རབ་ཀྱི་དོན་ལ་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་བཞིན་དུ་རིགས་པ་རྣམ་པ་བཞིས་ལེགས་པར་གཏན་ལ་ཕབ་པའི་མཐུས་རྟོན་པ་རྣམ་པ་བཞི་བསྐྱེད་ནས་ཐེག་པའི་རིམ་པ་ཀུན་གྱི་དགོངས་དོན་འགལ་བ་མེད་པར་སྐས་ཀྱི་གདང་བུ་བཞིན་དུ་བགྲོད་དེ། མཐར་ཐུག་འཕགས་པའི་ཡེ་ཤེས་དགོད་པའི་དབང་དུ་བྱས་པའི་ངེས་དོན་ཟབ་མོའི་དགོངས་བཅུད་མྱོང་བར་བྱེད་ནུས་པ་དེ་དག་ནི། ཡང་དག་པའི་རིགས་ལམ་གྱི་ང་རོ་སྒྲོགས་ཤིང་བློ་གྲོས་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་པ་འཇིགས་མེད་མིའི་སེང་གེ་ཞེས་བྱ་བ་སྟེ། བདེ་བར་གཤེགས་པའི་གསུང་རབ་དམ་པའི་ཆོས་ཀྱི་མཛོད་སྲུང་བའི་མཐུ་དང་ལྡན་པ་ཡིན་ནོ། །འདིར་སྨྲས་པ། གང་གི་བློ་གྲོས་ལས་བབས་ལེགས་བཤད་ཀླུང་། །འཛིན་པའི་གོ་སྐབས་གཞན་དུ་རྙེད་དཀའ་བས། །རྒྱ་མཚོར་ཆུ་བོ་བཞིན་དུ་རང་ཉིད་ལ། །ཐིམ་པར་འགྱུར་ཞེས་རྟོགས་དཀར་བསྔགས་པའི་གཞུང་། །སླར་ཡང་ཆུ་གཏེར་ཆེ་ལས་ཆུ་ཀླུང་བཞིན། །དད་བརྩོན་བློ་ཡི་ལམ་དུ་དེང་དྲངས་ནས། །རློམ་པ་མེད་པར་བརྩེ་བའི་བསམ་པ་ཡིས། །མ་འོངས་སྐལ་བཟང་རྣམས་ཀྱི་བཙས་སུ་བཞག །རང་ཁྱད་འབྱིན་སླད་བསྟོད་པས་མ་བསྒྲགས་ཀྱང་། །སེམས་ཉིད་མཁའ་ལ་རྣམ་དཔྱོད་ཁྱིམ་གྱི་མེ། །གཟི་བརྗིད་ཅི་འདྲ་ཚིག་གི་ལམ་ནས་ནི། །བློ་གྲོས་མིག་དང་ལྡན་པས་ལྟ་བར་


MR20_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས། །བདག་འདྲ་ཡུལ་དུས་གང་ཟག་དམན་ན་ཡང་། །གཞུང་འདི་འཆད་ལ་འཁྲུལ་བ་མེད་སྙམ་པའི་། །གདིང་ཚོད་དང་བཅས་ཕྱོགས་མེད་བསྟན་འགྲོ་ལ། །ཕན་པར་གྱུར་ཅིག་སྙམ་དུ་སྤེལ་བ་ལགས། །འདི་ཡི་ལེགས་བྱས་ཉི་མའི་སྣང་བ་ཡིས། །སྙིགས་མའི་མུན་པ་ཕ་མཐར་བསྐྲད་ནས་སུ། །ཡང་དག་བློ་ཡི་ཨུཏྤལ་གཞོན་ནུའི་ཚལ། །ཕྱོགས་མཐར་རྒྱས་པའི་དགའ་སྟོན་མྱོང་གྱུར་ཅིག །བདག་ཀྱང་སྐྱེ་ཀུན་བདེ་གཤེགས་གསུང་གི་མཛོད། །རྣམ་འབྱེད་བློ་ཡི་སྣང་བས་འབྱོར་གྱུར་ཅིག །ང་རྒྱལ་མེད་པར་ལྷག་པའི་བསམ་པ་ཡིས། །བསྟན་འགྲོའི་ཕན་བདེ་སྲིད་མཐར་སྤེལ་གྱུར་ཅིག །ཆོས་ཀྱི་རྒྱལ་པོས་ལུང་བསྟན་ཆོས་ཀྱི་རྗེ། །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་བཞིན། །ཆོས་རབ་རྣམ་འབྱེད་ཆོས་ཀྱི་མིག་ཐོབ་ནས། །ཆོས་མིན་ཚར་གཅོད་ཆོས་ཚུལ་རྒྱས་གྱུར་ཅིག །འཇམ་དབྱངས་ཉི་མའི་སྣང་བ་སྙིང་ལ་འབར། །ལེགས་བཤད་ཚིག་གི་འདབ་ཡངས་ཕྱོགས་བཅུར་བཞད། །གཞན་ཕན་སྦྲང་རྩིའི་རྡུལ་དམར་མཁའ་མཐར་རྒྱས། །ཚུལ་དེས་འགྲོ་ཀུན་རྗེས་སུ་འཛིན་གྱུར་ཅིག །ལྟ་བའི་རབ་རིབ་རྣམ་པར་བསལ་བ་ཡི། །ཤེས་བྱའི་དེ་ཉིད་མཐོང་བའི་ཤེས་རབ་སྤྱན། །སྲིད་འདིར་ནང་གི་ཉིན་མོར་བྱེད་པ་དེས། །འགྲོ་ཀུན་རྟག་ཏུ་མཛེས་པར་བྱེད་གྱུར་ཅིག །སྨྲ་བའི་སེང་གེའི་ཞབས་ཀྱི་ཆུ་སྐྱེས་ལ། །སྤྱི་བོས་རེག་བྱས་རྣམ་དཔྱོད་ཡངས་པའི་སྤྱན། །མཁའ་དང་མཉམ་པ་རིགས་ལམ་སེང་གེའི་སྒྲ། །སྒྲོགས་པས་འཇིག་རྟེན་འདི་ཀུན་མཛེས་གྱུར་ཅིག །ཕྱོགས་མེད་རྒྱལ་བསྟན་དར་ཞིང་རྒྱས་གྱུར་ཅིག །ཕྱོགས་འཛིན་ཟུག་རྔུའི་རིམས་ནད་བྱང་གྱུར་ཅིག །ཕྱོགས་


MR20_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒོལ་བ་ཀུན་ནས་ཞི་གྱུར་ཅིག །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་བསྒྲེང་གྱུར་ཅིག །སྒྲིབ་བྲལ་ཡིད་ཀྱི་མཁའ་ལ་ཉེར་གནས་པ། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །འགོག་མེད་འཆར་བས་མཐའ་ཡས་འགྲོ་བ་ཀུན། །ཀུན་ནས་ཀུན་ཏུ་བཟང་པོར་གྲུབ་གྱུར་ཅིག །འདི་ན་ཉིན་མོར་བྱེད་པའི་སྣང་བ་ནི། །གནས་པ་སྲིད་དུ་སྣང་བའི་གཏེར་འདི་ཡང་། །སྐྱེད་གུའི་ཡིད་ཀྱི་མཁའ་ལ་རྟག་གནས་ནས། །ངག་ལ་དབང་ཐོབ་དོན་ཀུན་གྲུབ་གྱུར་ཅིག །ཅེས་པ་འདི་ནི་སྔ་ནས་བྲི་འདུན་ཡོད་ཀྱང་དེ་གའི་ངང་དུ་ལུས་པ། ཕྱིས་སུ་མཁྱེན་མཆོག་གྲུབ་དབང་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དཔལ་འཇིགས་མེད་རིག་པའི་རལ་གྲི་སོགས་བློ་གྲོས་ཀྱི་སྣང་བ་མཆོག་ཏུ་གསལ་བ་བཀྲ་ཤིས་ཀྱི་གྲངས་ལ་གཞུང་འདིའི་བཤད་པ་བགྱིས་པའི་སྐབས་སུ་དེར་ཉན་པར་འཁོད་པ་ལྷག་བསམ་རྒྱལ་མཚན་དང་ལེགས་པའི་བློ་གྲོས་གཉིས་ཀྱིས་འགྲེལ་བཤད་གསལ་པོ་ཞིག་གྲུབ་པ་ཅིས་ཀྱང་གལ་ཆེ་ཞེས་མཐུན་པའི་རྐྱེན་སྦྱར་ནས་ནན་གྱིས་བསྐུལ་བ་ལ་བརྟེན་ནས། བློ་རྣམ་གཉིས་ཀྱི་འགྲེལ་བ་གཙོ་བོར་བཟུང་། གཞན་ཚད་མའི་རྒྱ་གཞུང་སྐོར་བོད་དུ་བཞུགས་སོ་འཚལ་གྱི་ལེགས་པར་བཤད་པའི་རོ་མྱང་ཞིང་། ཀརྨ་པ་ཆོས་གྲགས་རྒྱ་མཚོ། འུ་ཡུག་པ་རིགས་པའི་སེང་གེ་རྒྱལ་ཚབ་དར་མ་རིན་ཆེན། ཉ་དབོན་ཀུན་དགའ་དཔལ། རོང་སྟོན་ཆོས་རྗེ། བསོད་ནམས་སེང་གེ་རེད་མདའ་བ་སོགས་བོད་ཀྱི་མཁས་པའི་འགྲེལ་བཤད་མང་པོ་དང་། གཞན་ཡང་། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་སོགས་བོད་ཀྱི་སྔ་ཕྱིའི་མཁས་པ་སོ་སོའི་བཞེད་གཞུང་གི་ཚུལ་ཀུན་མ་འདྲེས་པར་མཐོང་བར་བྱས་ཤིང་། ཚད་མའི་


MR20_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་དོན་གྱི་གནད་ལ་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད་པའི་བློ་དང་ལྡན་པ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས་རང་ལོ་ཞེ་གཅིག་པ་རབ་ཚེས་མི་ཟད་པའི་ལོའི་ཐ་སྐར་ཟླ་བའི་ཚེས་བཅུ་ནས་བརྩམས་སྔ་དྲོ་བཤད་པ་དང་། ཕྱི་དྲོ་འགྲེལ་པ་འབྲི་བ་སྒྲགས་མའི་ཚུལ་གྱིས་ཐམས་ཅད་འདུལ་ཞེས་བྱ་བ་མེ་མོ་ཕག་གི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་ཚུལ་འདི་ལ་དོན་གཉེར་ཆེན་པོས་འབྱོར་བའི་སྐྱེས་དང་བཅས་ཏེ་ཡང་དང་ཡང་དུ་བསྐུལ་ཞིང་ལྷག་བསམ་གྱི་ཁུར་མཆོག་ཏུ་ལེན་པ་གནས་ལྔ་རིག་པ་ཀརྨ་ལྷག་བསམ་བསྟན་པའི་རྒྱལ་མཚན་ནམ་འཇམ་དཔལ་དགའ་བའི་གོ་ཆ་ཞེས་བྱ་བས་བགྱིས་པ་སྟེ། འདིས་ཀྱང་མཐའ་ཡས་པའི་འགྲོ་བ་ཐམས་ཅད་འཇམ་དཔལ་དཔའ་བོས་རྗེས་སུ་འཛིན་པ་དང་། བསྟན་པའི་སྣང་བ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག ༈ ཨོཾ་སྭ་སྟི་བི་ཛ་ཡནྟུ། རྨད་བྱུང་ཚོགས་གཉིས་ཡོངས་སུ་རྫོགས་པ་ཡི། །མཉམ་མེད་ཐུབ་པ་མཆོག་གི་ཟླ་བ་ནི། །སྲིད་པའི་ཉོན་མོངས་རིམས་ནད་མཐར་བྱེད་པ། །བཀྲ་ཤིས་མཆོག་གིས་འགྲོ་འདི་དགེ་བར་མཛོད། །རྒྱལ་བ་སྐྱོབ་པ་དེ་ཡི་ལེགས་གསུངས་ཆོས། །སྡེ་སྣོད་གསུམ་གྱི་སྣང་བྱེད་རིན་པོ་ཆེས། །འཇིག་རྟེན་མཛེས་པར་བྱས་པ་དེ་སྲིད་དུ། །ས་གསུམ་བཀྲ་ཤིས་དཔལ་དང་ལྡན་པ་ཡིན། །ལེགས་པར་གསུངས་པའི་དགོངས་པ་དྲི་མེད་པ། །ཚད་མའི་ལམ་ནས་ཉི་བཞིན་གསལ་མཛད་པའི་། །རིགས་པ་སྨྲ་བས་འཇིག་རྟེན་སྣང་བྱེད་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཉིད། །དེ་ཕྱིར་སྨྲ་བའི་སེང་གེའི་རིང་ལུགས་ཀྱི། །གནད་རྣམས་གསལ་བར་བྱས་པའི་ལེགས་བཤད་འདི། །རིས་མེད་བསྟན་པ་ཡོངས་ཀྱི་གསལ་བྱེད་དང་། །བསིལ་ལྡན་བློ་གསལ་ཚོགས་ཀྱི་དགའ་སྟོན་དུ། །འཇིགས་བྲལ་སྔ་འགྱུར་བསྟན་པའི་


MR20_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་མཆོག །འཛིན་མཛད་རུ་དམ་རྫོགས་ཆེན་སྤྲུལ་པའི་སྐུའི་། །ཐུགས་བསྐྱེད་ཟབ་མོས་སྤར་དུ་ལེགས་བཞེངས་པའི་། །མཐུན་འགྱུར་ལྷ་རིགས་ཆོས་རྗེ་བླ་མས་མཛད། །འདི་ཡི་ལེགས་བྱས་སྟོན་ཀའི་ཟླ་བ་ལྟར། །གསལ་ཞིང་དྲི་མ་མེད་པར་གྱུར་པ་དེས། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཡང་དག་རྒྱལ་བའི་གསུང་རབ་ཟབ་མོའི་དོན། །གཞན་དྲིང་མི་འཇོག་ཚད་མའི་རིགས་ལམ་ནས། །སྨྲ་བའི་ལྗགས་བཟང་རྐྱོང་བས་མངོན་མཛེས་པ། །བསྟན་འཛིན་ཚོགས་ཀྱིས་ས་སྟེང་འགེངས་པར་ཤོག །རྒྱལ་བའི་བསྟན་པ་གཅེས་པར་འཛིན་པ་ཡི། །རིས་མེད་བསྟན་འཛིན་ཚོགས་རྣམས་ཞབས་བརྟན་ཅིང་། །བཤད་དང་སྒྲུབ་པས་འཇིག་རྟེན་ཁམས་ཁྱབ་ནས། །དགེ་འདུན་འདུས་པའི་ཚོགས་ཀྱང་འཕེལ་གྱུར་ཅིག །ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་མི་གཡོ་ཞིང་། །དབུ་འཕང་ལེགས་ལམ་ཡར་ངོའི་ཟླ་ལྟར་འཕེལ། །སྐྱེ་རྒུ་ཀུན་ཀྱང་ཆོས་ལམ་ཉེར་ཞུགས་ནས། །ས་གསུམ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །བསྟན་ལ་ཉེ་བར་འཚེ་བའི་ཀླ་ཀློ་དང་། །ཆོས་ལྟར་བཅོས་པའི་མུན་སྤྲུལ་སྣ་ཚོགས་པ། །ཉེ་བར་ཞི་ནས་རྒྱལ་བ་རྒྱལ་སྲས་ཀྱི། །དགོངས་དོན་དྲི་མེད་མཆོག་ཏུ་གསལ་གྱུར་ཅིག །བསིལ་ལྡན་ར་བ་དཀར་པོའི་ཁོར་ཡུག་གི། འགྲོ་རྣམས་ཡང་དག་ཚད་མའི་རིགས་ལམ་ལ། །མི་ཕྱེད་འདུན་པའི་བློ་དང་ལྡན་གྱུར་ནས། །ཆོས་ཀྱི་རྔ་ཆེན་རྟག་ཏུ་སྒྲོགས་གྱུར་ཅིག །འཇམ་པའི་དབྱངས་ཀྱིས་བདེན་གསུང་ཚད་མ་ཡིས། །ཕྱོགས་ཀྱི་གླང་པོར་ལུང་བསྟན་ཇི་བཞིན་དུ། །སྐྱེ་རྒུའི་མིག་ཏུ་གྱུར་པ་ཚད་མའི་གཞུང་། །མི་ཉམས་ཕྱོགས་དུས་ཀུན་ན་རྒྱས་གྱུར་ཅིག །ཅེས་པའང་དྷཱི་མིང་པས་གང་དྲན་ཤར་མར་སྤར་བྱང་དུ་སྤེལ་བ་དགེའོ། །མངྒ་ལཾ།། །