Nitartha Digital Library
Tibetan
 
no previousམཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས།next

མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས།


MR22_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜིཏསྱནཡཨབཏཱརམུཁནཱམཤཱསྟྲབིཧརཏིསྨ།
མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །


MR22_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པཎྜི་ཏ་སྱ་ན་ཡཾ་ཨ་བ་ཏཱ་ར་མུ་ཁ་ནཱ་མ་ཤཱསྟྲཾ། བོད་སྐད་དུ། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དོན་བཅུ་ཡང་དག་ཐུགས་སུ་ཆུད་གྱུར་ཅིང་། །ཕྱག་རྒྱ་བཞི་ཡི་དོན་ནི་འགྲོ་ལ་སྟོན། །ཚིག་དོན་དྲི་མེད་ཆོས་རབ་སྣང་བའི་གཏེར། །སྨྲ་བའི་ཉི་མ་སྙིང་ལ་འཇུག་པར་མཛོད། །འདིར་ཤེས་བྱའི་གནས་མ་ནོར་བར་གཏན་ལ་འབེབས་པའི་ཤེས་རབ་ཐོབ་པར་འདོད་པས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་གསུངས་པ་ལྟར་མཁས་པར་བྱ་བའི་གནས་བཅུ་ལ་བསླབ་པར་བྱ་


MR22_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། གང་ཞེ་ན་ཕུང་པོ་ལ་༡མཁས་པ་དང་། དེ་བཞིན་དུ་ཁམས་༢དང་སྐྱེ་མཆེད་༣དང་། རྟེན་འབྲེལ་༤དང་། གནས་དང་གནས་མ་ཡིན་པ་དང་། ༥ །དབང་པོ་༦དང་། དུས་༧དང་། བདེན་པ་༨དང་། ཐེག་པ་༩དང་། འདུས་བྱས་འདུས་མ་བྱས་ལ་མཁས་པ་དང་༡༠བཅུའོ། །འདི་བཅུ་གཏན་ལ་ཕབ་པའི་ཤུགས་ཀྱིས་སྤང་བྱ་བདག་ཏུ་ལྟ་བ་བཅུ་ལྡོག་པ་སོགས་ལྟ་བ་ངན་པའི་རྨོངས་པ་ཀུན་ལས་གྲོལ་ཞིང་། ཇི་ལྟ་ཇི་སྙེད་ཀྱི་བློ་གྲོས་རྒྱས་པར་འགྱུར་པ་ཡིན་ནོ། །ཕུང་པོ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཅི་ཡང་རུང་བ་དུས་གསུམ་དང་། ཡུལ་ཉེ་རིང་སོགས་དང་། རྣམ་པ་བཟང་ངན་སོགས་ཐམས་


MR22_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྡུས་ཏེ་གཟུགས་ཀྱི་ཕུང་པོར་བཞག་པ་དེ་བཞིན་ཚོར་བ་སོགས་ལའང་ཤེས་པར་བྱ་སྟེ། དུ་མ་སྤུངས་པས་ན་ཕུང་པོ་ཞེས་བྱའོ། །དེ་ལ་གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་ཕུང་པོ་དེ་ལ་དབྱེ་ན། རྒྱུ་གཟུགས་བཞི། འབྲས་གཟུགས་བཅུ་གཅིག་གོ། །རྒྱུ་ནི་འབྱུང་བ་ཆེན་པོ་བཞི་སྟེ། སའི་ཁམས་ནི་སྲ་ཞིང་གཞི་འཛིན་པའི་ལས་བྱེད་པ། ཆུ་ཁམས་གཤེར་ཞིང་སྡུད་པ། མེ་ཁམས་དྲོ་ཞིང་སྨིན་པ། རླུང་ཁམས་གཡོ་ཞིང་འཕེལ་བར་བྱེད་པའོ། །འབྲས་གཟུགས་བཅུ་གཅིག་ནི། དབང་པོ་ལྔ་དང་། དོན་ལྔ་དང་བཅུ། མཛོད་ལྟར་ན་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་བཅུ་གཅིག །ཀུན་བཏུས་ལྟར་ན་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་བཅུ་གཅིག་གོ །གཟུགས་ཕུང་འདི་དག་རེག་པ་དང་དཔྱད་པའི་སྒོ་ནས་གཟུགས་སུ་ཡོད་པར་བཞག་སྟེ། དང་པོ་ལག་པ་དང་དབྱུག་པ་དང་རླུང་སོགས་ཀྱིས་ཐུག་རེག་ཡོད་པ་དང་། གཉིས་པ་མཉམ་པར་བཞག་པའམ་མ་བཞག་པའི་ཡིད་རྟོག་བཅས་ཀྱིས་གཟུགས་འདི་ནི་འདི་ལྟ་བུའོ། །ཞེས་བཀྲ་བར་བཟུང་བས་སོ། །དེ་ལ་དབང་པོ་ལྔ་ནི། མིག་གི་དབང་པོ་དང་། དེ་བཞིན་དུ་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོའོ། །དབང་པོ་ལྔ་པོ་འདི་དག་རང་རང་གི་ཤེས་པའི་བདག་རྐྱེན་ཐུན་མོང་མིན་པ་ནང་གི་གཟུགས་ཅན་དང་བ་སྟེ། མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་པོ་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ། སྣའི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུ། ལྕེའི་


MR22_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཟླ་བ་བཀས་པ་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུའོ། །དོན་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱའོ། །གཟུགས་ནི་མིག་གི་ཡུལ་ཏེ། དེ་ལ་དབྱེ་ན་ཁ་དོག་དང་། དབྱིབས་ཀྱི་གཟུགས་གཉིས། དང་པོ་ལ་སྔོ་སེར་དཀར་དམར་རྩ་བའི་ཁ་དོག་བཞི། དེའི་ཡན་ལག་ཏུ། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། ཉི་འོད་གྲིབ་མ། སྣང་བ་མུན་པ་རྣམས་དང་། ཡང་མངོན་པར་སྐབས་ཡོད་པ་ཞེས་པ་གཟུགས་དེ་གཞན་ལ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བ་བར་སྣང་སྐྱ་སིང་པོ་ལྟ་བུ་གཟུགས་བརྙན་སོགས་ཀྱང་དེ་དང་ཆ་འདྲའོ། །ཕྱག་འཚལ་བ་ལྟ་བུ་སོགས་རྣམ་པར་རིག་བྱེད། སྟེང་གི་ནམ་མཁའ་སྔོན་པོ་ཁ་དོག་གཅིག་པ་རྣམས་ཏེ་འདི་རྣམས་ཀྱང་གཟུགས་སུ་བསྡུ་བའི་ཆེད་དུ་བཤད་དོ། །རྩ་བའི་ཁ་དོག་གི་ཆ་ཤས་འདྲེས་པ་ལས་བྱེ་བྲག་གི་ཡན་ལག་མང་དུ་འགྱུར་རོ། །དབྱིབས་གཟུགས་ལ། རིང་པོ། ཐུང་ངུ་། ལྷམ་པ། ཟླུམ་པོ། མཐོ་བ། དམའ་བ། ཕྲ་བ། རགས་པ། ཕྱལ་ལེ་བ། ཕྱལ་ལེ་བ་མ་ཡིན་པ་རྣམས་ཀྱིས་སྤྱིར་བསྟན་ཏེ། ནང་གི་དབྱེ་བ་ལ། གྲུ་གསུམ། ཟླ་གམ། འཇོང་མོ་སོགས་མང་པོར་འགྱུར་རོ། །དབྱིབས་དང་ཁ་དོག་དེ་དག་བཟང་ངན་བར་མ་གསུམ་དུ་འདུའོ། །སྒྲ་ནི་རྣ་བའི་ཡུལ་ཏེ། དེ་ལ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་སེམས་ཅན་གྱི་ངག་དང་སེ་གོལ་གྱི་སྒྲ་ལྟ་བུ། མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ། ཆུ་ཀླུང་དང་རླུང་སོགས་ཀྱི་སྒྲ་ལྟ་བུ། གཉིས་


MR22_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལས་བྱུང་བ་རྔ་བརྡུང་བའི་སྒྲ་ལྟ་བུ། སེམས་ཅན་དུ་སྟོན་པ་དོན་རྗོད་པར་བྱེད་པ། སེམས་ཅན་དུ་མི་སྟོན་པ་དོན་རྗོད་པར་མི་བྱེད་པ། དོན་རྗོད་བྱེད་ལ་འཇིག་རྟེན་པས་ཐ་སྙད་བཏགས་པ། འཕགས་པས་ཐ་སྙད་བཏགས་པ་སོགས་ཀྱི་ཁྱད་པར་ཡོད་ཅིང་། དེ་དག་ལ་སྙན་མི་སྙན་བར་མའི་དབྱེ་བ་རྣམས་སོ། །དྲི་ནི་སྣའི་ཡུལ་ཏེ། དེ་ལ་དྲི་ཞིམ་མི་ཞིམ། ཆ་མཉམ་པ། ལྷན་སྐྱེས། སྦྱར་བྱུང་ངོ་། །རོ་ནི་ལྕེའི་ཡུལ་ཏེ། མངར་བ། སྐྱུར་བ། ལན་ཚྭ་བ། ཁ་བ། ཚ་བ། བསྐ་བ་དྲུག་དང་། དེ་དག་འདྲེས་པ་ལས་ནང་གི་དབྱེ་བ་དུ་མར་འགྱུར་རོ། །ཡང་ཡིད་དུ་འོང་མི་འོང་བར་མ་གསུམ་དང་། ལྷན་སྐྱེས་དང་། སྦྱར་བྱུང་གི་དབྱེ་བ་ཡང་ཡོད་དོ། །རེག་བྱ་ནི་ལུས་ཀྱི་ཡུལ་ཏེ། རྒྱུ་འབྱུང་བ་བཞིའི་རེག་བྱ་དང་། འབྲས་བུ་ལ། འཇམ་རྩུབ་ལྕི་ཡང་བཀྲེས་སྐོམ་གྲང་བ་བདུན་དང་། མཉེན་པ། ལྷོད་པ། དམ་པ། ཚིམ་པ། ན་བ། རྒ་བ། འཆི་བ། ངལ་སོས་པ། སྤུངས་ཆེ་བ་ཞེས་མི་འཇིགས་པ་སྟེ་ལུས་སྟོབས་དང་ལྡན་ནས་མ་ཞུམ་པའོ། །འདི་དག་གིས་མཚོན་ནས་ལུས་ཀྱི་ཕྱི་དང་ནང་གི་རེག་བྱ་མྱོང་ཚུལ་དུ་མ་ཡོད་པ་ཤེས་པར་བྱའོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་སྟེ། བསྡུས་པ་ལས་གྱུར་པ་ཞེས་པ་རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཟུགས་ཡིན་ཀྱང་ཡིད་ཀྱིས་ཤེས་པར་བྱ་བ་ཙམ་མོ། །མངོན་པར་སྐབས་ཡོད་པའམ་གསལ་བ་ནི་གོང་བཤད་ལྟར་གཞན་ལ་མི་ཐོགས་པའོ། །ཡང་དག་པར་བླངས་པ་ལས་བྱུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་


MR22_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཀུན་བཏགས་པའི་གཟུགས་ནི་གཟུགས་བརྙན་དང་རྨི་ལམ་གྱི་གཟུགས་ལྟ་བུའོ། །དབང་འབྱོར་བའི་གཟུགས་ནི་བསམ་གཏན་ལ་དབང་འབྱོར་བའི་སྟོབས་ཀྱིས་སྣང་བའི་གཟུགས་ཟད་པར་སྔོན་པོ་ལ་སོགས་པ་ལྟ་བུའོ། །དབང་འབྱོར་པའི་གཟུགས་ལྟ་བུ་སེམས་ཁོ་ནའི་སྟོབས་ཀྱིས་སྣང་བ་ལ་ནི་རྡུལ་ཕྲན་བསགས་པ་མེད་པའི་ཕྱིར་དེའི་རྒྱུ་འབྱུང་བ་རྣམས་མ་ཡིན་ཏེ་དེ་ལས་གཞན་པའི་གཟུགས་ཀྱི་དབང་དུ་མཛད་ནས་དེ་ལྟར་རྒྱུར་གསུངས་སོ། །རྣམ་པར་རིག་བྱེད་མིན་པ་འདི་གཟུགས་ཇི་ལྟར་ཡིན་ཞེ་ན། འདི་ནི་སྡོམ་སྡོམ་མིན་བར་སྡོམ་ཐོབ་པའི་ལུས་ངག་གི་ལས་ཤིག་ཡིན་ལ། དེ་ནི་གཡེང་བ་དང་སེམས་མེད་པའི་སྐབས་སུའང་རྒྱུན་མ་ཆད་པར་ཡོད་པས་སེམས་ཀྱིས་བསྡུས་པ་མིན་པ་དང་། དང་པོར་རང་རྒྱུད་ཀྱིས་ཟིན་པའི་འབྱུང་བ་རྣམས་རྒྱུར་བྱས་ནས་སྐྱེ་ཞིང་། ཟིན་འབྱུང་དེ་ལ་བརྟེན་ཏེ་ཇི་སྲིད་རྟེན་ཉམས་པའམ་གཏོང་རྒྱུ་མ་བྱུང་གི་བར་དུ་རྒྱུན་ཆགས་པར་འབྱུང་བ་ཡིན་པ་དང་། ངོ་བོ་དགེ་མི་དགེ་གང་རུང་དུ་ངེས་པ་ལུས་ངག་གི་ལས་ཀྱི་བྱེ་བྲག་ཅིག་ཡིན་པའི་རྒྱུ་མཚན་གསུམ་པོ་དེས་གཟུགས་སུ་འཇོག་པ་ཡིན་ནོ། །དེ་ཡང་དང་བས་ཕྱག་འཚལ་བའམ། མདོ་འདོན་པ་དང་སྡང་བས་གཞན་ལ་བརྡེག་པ་དང་ཚིག་རྩུབ་སྨྲ་བ་ལྟ་བུའི་ལས་ནི། རྒྱུ་ལུས་ངག་གི་རྡུལ་རྣམས་ལས་ཡན་གར་དུ་མེད་ཀྱང་། ལུས་ངག་གཡོ་བ་དང་བཀོད་པའི་རྣམ་འགྱུར་ཁྱད་པར་བ་དེ་ལ་ལས་སུ་འཇོག་དགོས་སོ། །ལས་དེས་ནི་རང་ཀུན་ནས་


MR22_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སློང་བྱེད་ལུས་ངག་གི་རྡུལ་ཀྱི་ཚོགས་པ་རྣམས་གཞན་ལ་རིག་པར་བྱེད་དེ། ཇི་ལྟར་ན་རྡེའུ་དུ་མ་རྟ་སོགས་ཀྱི་དབྱིབས་སུ་བཀོད་པ་མཐོང་བ་ན། རྡེའུ་རྣམས་མཐོང་བ་ཡིན་གྱི་དེ་ལས་གཞན་མཐོང་རྒྱུ་ཅི་ཡང་མེད་མོད། རྡེའུ་རྣམས་མཐོང་བའི་སྒོ་ནས་རྡེའུ་རྣམས་བཀོད་ལུགས་ཀྱི་དབྱིབས་དེ་ཡང་ཤེས་པ་བཞིན་ནོ། །རིག་བྱེད་མིན་གཟུགས་ཀྱང་ལུས་ངག་གི་ལས་ཀྱི་ཁྱད་པར་ཡིན་པ་ལ་རིག་བྱེད་ཀྱི་གཟུགས་དང་འདྲ་ཡང་། དེས་རང་ཀུན་ནས་སློང་བྱེད་ལུས་ངག་གི་ཆ་དེ་རང་གི་རྒྱུ་ཡིན་པར་གཞན་ལ་རིག་པར་མི་བྱེད་དེ། སྡོམ་ལྡན་གྱི་གང་ཟག་གི་སྡོམ་པ་འདི་ལྟ་བུའོ་ཞེས་དེའི་ལུས་སོགས་མཐོང་བ་ཙམ་གྱིས་མི་ཤེས་པ་བཞིན་ནོ། །དེས་ན་འདི་ལ་རྣམ་པར་རིག་བྱེད་མིན་པ་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཞེས་བྱ་བར་བརྗོད་དོ། །དབང་དོན་བཅུ་པོ་དེ་དག་རྡུལ་ཕྲན་བསགས་པ་ཡིན་པའི་ཕྱིར་གཟུགས་ཀྱི་མཐའ་ཕྲ་རབ་ཆ་མེད་ཀྱི་རྡུལ་ལས་བརྩམས་ཏེ་ཇེ་རྒྱས་སུ་འགྱུར་ཏེ། ཇི་ལྟར་ན་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་ཅེས་བྱའོ། །དེ་བཞིན་བདུན་འགྱུར་གྱིས། ལྕགས་ཆུ་རི་བོང་ལུག་གླང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། ཤིག་དང་། ནས་དང་སོར་ཚིགས་ཀྱི་ཚད་ཀྱི་བར་དུའོ། །སོར་མོ་ཉེར་བཞི་ལ་ཁྲུ་གང་ངོ་། །ཁྲུ་བཞི་གཞུ་འདོམ་གང་ངོ་། །གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་ཀྱི་ཚད་ཅེས་བྱའོ། །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ། དཔག་ཚད་དེས་རི་གླིང་སོགས་ཀྱི་ཚད་འཇལ་བར་བྱེད་དོ། །འདོད་ཁམས་ན་དབང་པོ་དང་སྒྲ་མེད་པའི་རྡུལ་གང་ལ་ཡང་འབྱུང་


MR22_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་གཟུགས་དྲི་རོ་རེག་གི་རྡུལ་བརྒྱད་ཡོད་ལ། སྒྲ་ཡོད་ན་སྒྲ་རྡུལ་དང་དགུ། ལུས་དབང་ཡོད་ན་དེའི་རྡུལ་དང་བཅུ། དབང་པོ་གཞན་ཡོད་ན་ལུས་དབང་དེ་དང་ལྷན་ཅིག་ཡོད་པས་རྡུལ་རིགས་མི་འདྲ་བ་བཅུ་གཅིག་ཡོད་དོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཚོར་བའི་ཕུང་པོ་དེ་ལ་དབྱེ་ན། བདེ་སྡུག་བཏང་སྙོམས་གསུམ་མམ། བདེ་བ་ཡིད་བདེ། སྡུག་བསྔལ་ཡིད་མི་བདེ་གཉིས་སུ་ཕྱེས་ན་ཚོར་བ་བཏང་སྙོམས་དང་དེ་ལྔའོ། །རྟེན་གྱི་དབང་དུ་བྱས་ན་མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང་། དེ་ལ་བདེ་སྡུག་བཏང་སྙོམས་གསུམ་གྱི་དབྱེ་བས་ཡིད་ཉེ་བར་རྒྱུ་བའི་ཚོར་བ་བཅོ་བརྒྱད་དུ་འགྱུར་རོ། །གཞན་ཡང་སྒོ་ལྔའི་ཤེས་པ་དང་མཚུངས་ལྡན་ལུས་ཚོར། ཡིད་ཤེས་དང་མཚུངས་ལྡན་སེམས་ཚོར། ལུས་ལ་སྲེད་པ་དང་མཚུངས་ལྡན་གྱི་ཚོར་བ་ཟང་ཟིང་བཅས་པ། སྲེད་པ་དང་མི་ལྡན་པ་ཟང་ཟིང་མེད་པའི་ཚོར་བ། འདོད་ཡོན་ལྔ་ལ་སྲེད་པ་དང་མཚུངས་ལྡན་ཞེན་པ་རྟེན་པའི་ཚོར་བ། ཞེན་པ་མེད་པ་མངོན་འབྱུང་རྟེན་པའི་ཚོར་བ་སོགས་ཀྱི་རྣམ་གྲངས་ཡོད་དོ། །འདུ་ཤེས་ནི་མཚན་མར་འཛིན་པ་སྟེ། དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་ཡིད་ཀྱི་བར་གྱི་དྲུག་གོ། །ཡང་དོན་ལ་མཚན་མར་འཛིན་པ་སྔོ་སེར་སོགས་སྣང་བ་འཛིན་པ། ཐ་སྙད་ལ་མཚན་མར་འཛིན་པ་སྐྱེས་པ་བུད་མེད་སོགས་སུ་རྟོག་པ་སྟེ། ནང་གི་དབྱེ་བ་ནི་ཤེས་


MR22_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་གྲངས་སྙེད་དོ། །ཡང་མཚན་མ་དང་བཅས་པའི་འདུ་ཤེས་ནི་ཐ་སྙད་ལ་མི་མཁས་པ་སྟེ། གཟུགས་མཐོང་ཡང་བརྡ་ལ་མ་བྱང་བས་བརྡ་མི་ཤེས་པ་དང་། མཚན་མེད་ཀྱི་དབྱིངས་དང་། སྲིད་རྩེ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་རྣམས་མ་གཏོགས་པ་དེ་ལས་གཞན་པའི་འདུ་ཤེས་ཐམས་ཅད་དོ། །མཚན་མ་མེད་པའི་འདུ་ཤེས་ནི་མ་གཏོགས་པ་དེ་དག་གོ། །ཆུང་ངུའི་འདུ་ཤེས་ནི་འདུ་ཤེས་གང་གིས་འདོད་ཁམས་ཤེས་པ། དེ་བཞིན་དུ་རྒྱ་ཆེན་པོའི་འདུ་ཤེས་ནི་གཟུགས་ཁམས་ཤེས་པ། ཚད་མེད་པའི་འདུ་ཤེས་ནི་ནམ་མཁའ་མཐའ་ཡས་དང་རྣམ་ཤེས་མཐའ་ཡས་ཤེས་པ། ཅི་ཡང་མེད་པའི་འདུ་ཤེས་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པ་སྟེ་དྲུག་ཏུ་དབྱེ་བ་སོགས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན། ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཐམས་ཅད་ལ་བརྗོད་དེ། དེ་ལ་སེམས་དང་མཚུངས་ལྡན་གྱི་འདུ་བྱེད་སེམས་བྱུང་རྣམས་དང་། མཚུངས་ལྡན་མིན་པའི་འདུ་བྱེད་ཐོབ་པ་སོགས་ལྡན་མིན་འདུ་བྱེད་རྣམས་སོ། །དེ་ཡང་སེམས་བྱུང་ལྔ་བཅུ་ང་གཅིག་ཡོད་ལ་ལྟ་བ་ལྔ་སོ་སོར་བརྩི་ན་ང་ལྔར་འགྱུར་རོ། །སེམས་བྱུང་ཀུན་འགྲོ་ལྔ་ནི། སེམས་པ་དང་ཚོར་བ་འདུ་ཤེས་ཡིད་ལ་བྱེད་པ་རེག་པ་ལྔ་ལས་ཚོར་འདུ་གཉིས་གོང་དུ་བཤད་ཟིན་ལ་དེ་དག་སེམས་བྱུང་ཡིན་ཀྱང་འདུ་བྱེད་ཀྱི་ཕུང་པོར་མི་བསྡུ་སྟེ་ལོགས་སུ་བཤད་པའི་ཕྱིར་རོ། །སེམས་པ་ནི་སེམས་ཡུལ་ལ་གཡོ་ཞིང་འཇུག་པ་སྟེ། རྟེན་གྱི་སྒོ་ནས་མིག་གི་འདུས་ཏེ་སེམས་པ་སོགས་དྲུག་གོ །


MR22_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱེད་ནི་དམིགས་པ་ལ་སེམས་འཛིན་པ། རེག་པ་ནི་གསུམ་འདུས་ནས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་ཚོར་བའི་རྟེན་བྱེད་པའོ། །འདི་ལྔ་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་བས་ཀུན་འགྲོ་ཞེས་བྱའོ། །ཡུལ་ངེས་བྱེད་ལྔ་ནི། འདུན་པ་མོས་པ་དྲན་པ་ཏིང་འཛིན་ཤེས་རབ་བོ། །དེ་ལ་འདུན་པ་ནི་འདོད་པའི་དངོས་པོ་ལ་དེ་དང་ལྡན་པར་བྱེད་པ་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པ། མོས་པ་ནི་ངེས་པའི་དངོས་པོ་ལ་དེ་བཞིན་དུ་འཛིན་པ་མི་འཕྲོག་པའི་བྱེད་ལས་ཅན་ནོ། །དྲན་པ་ནི་འདྲིས་པའི་དོན་མི་བརྗེད་པ་མི་གཡེང་བའི་ལས་ཅན་ནོ། །ཏིང་ངེ་འཛིན་ནི་བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཤེས་རབ་ནི་བརྟག་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ་སོམ་ཉི་ཟློག་པའི་ལས་ཅན་ནོ། །གོང་གི་བཅུ་པོ་འདི་ལ་སེམས་ཀྱི་ས་མང་པོ་བཅུ་ཞེས་བཤད་དོ། །དགེ་བའི་སེམས་བྱུང་བཅུ་གཅིག་ལས། དད་པ་ནི་ཡང་དག་པའི་གནས་ལ་དང་འདོད་ཡིད་ཆེས་པ་སྟེ་འདུན་པའི་རྟེན་བྱེད་པའོ། །བག་ཡོད་པ་ནི་བླང་དོར་གྱི་གནས་ལ་གཟོབ་པ་ལྷུར་ལེན་པ་སྲིད་ཞིའི་ལེགས་པ་སྒྲུབ་པའི་ལས་ཅན་ནོ། །ཤིན་ཏུ་སྦྱང་བ་ནི་ལུས་སེམས་དགེ་བ་ལ་བཀོལ་བཏུབ་པའི་ལས་སུ་རུང་བ་སྟེ་གནས་ངན་ལེན་འཇོམས་པའོ། །བཏང་སྙོམས་ནི་ཆགས་སྡང་གཏི་མུག་མེད་པར་སེམས་རྣལ་དུ་གནས་པ་སྟེ། ཉོན་མོངས་པའི་སྐབས་མི་འབྱེད་པའི་ལས་ཅན་ནོ། །ངོ་ཚ་ཤེས་པ་ནི་བདག་གམ་ཆོས་རྒྱུ་མཚན་དུ་བྱས་


MR22_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁ་ན་མ་ཐོ་བ་ལ་འཛེམ་པ་ཉེས་སྤྱོད་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཁྲེལ་ཡོད་པ་ནི་གཞན་ནམ་འཇིག་རྟེན་རྒྱུ་མཚན་དུ་བྱས་ཏེ་ཁ་ན་མ་ཐོ་བ་ལ་འཛེམ་པའི་ལས་ཅན་ནོ། །མ་ཆགས་པ་ནི་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པ་སྟེ་ཉེས་སྤྱོད་ལ་མི་འཇུག་པར་བྱེད་པའོ། །ཞེ་སྡང་མེད་པ་ནི་སེམས་ཅན་དང་སྡུག་བསྔལ་གྱི་ཆོས་ལ་ཀུན་ནས་མནར་སེམས་མེད་པ་སྟེ་ཉེས་སྤྱོད་ལ་མི་འཇུག་པར་བྱེད་པའོ། །གཏི་མུག་མེད་པ་ནི་སོ་སོར་བརྟགས་པའི་སྒོ་ནས་དོན་ལ་མ་རྨོངས་པ་སྟེ་ཉེས་པ་ལ་མི་འཇུག་པར་བྱེད་པའོ། །རྣམ་པར་མི་འཚེ་བ་ནི་ཞེ་སྡང་མེད་པའི་ཆར་གཏོགས་པ་སྙིང་རྗེ་བའི་སེམས་ཏེ། གཞན་ལ་ཐོ་མི་བརྩམ་པའི་ལས་ཅན་ནོ། །བརྩོན་འགྲུས་ནི་དགེ་བའི་གནས་ལ་སེམས་མངོན་པར་སྤྲོ་བས་འཇུག་པ་སྟེ། དགེ་བའི་ཕྱོགས་ཡོངས་སུ་སྒྲུབ་པར་བྱེད་པའོ། །མི་དགེ་བའི་སེམས་བྱུང་ལ་རྩ་བའི་ཉོན་མོངས་པ་དྲུག །ཉེ་བའི་ཉོན་མོངས་པ་ཉི་ཤུ་ཡོད་པའི། དང་པོ་རྩ་ཉོན་དྲུག་གི་མ་རིག་པ་ནི་ལས་འབྲས་དང་བདེན་པ་དཀོན་མཆོག་རྣམས་ཀྱི་ཚུལ་མི་ཤེས་པ་སྟེ། ཀུན་ཉོན་རྣམས་འབྱུང་བར་བྱེད་པའོ། །འདོད་ཆགས་ནི་ཁམས་གསུམ་པའི་ཟག་བཅས་ཀྱི་ཕུང་པོ་ལ་ཆགས་པ་སྟེ་སྲིད་པའི་སྡུག་བསྔལ་སྐྱེད་པར་བྱེད་པའོ། །འདི་ལ་འདོད་ཁམས་པའི་འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་། ཁམས་གོང་མ་གཉིས་ཀྱི་འདོད་ཆགས་ལ་སྲིད་པའི་འདོད་ཆགས་ཞེས་གཉིས་སུ་ཡང་གསུངས་སོ། །ཁོང་ཁྲོ་བ་ནི་སེམས་ཅན་


MR22_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡུག་བསྔལ་དང་སྡུག་བསྔལ་གྱི་གཞི་ལ་ཀུན་ནས་མནར་སེམས་པ་སྟེ། བདེ་བར་རེག་པ་ལ་མི་གནས་ཤིང་ཉེས་སྤྱོད་ཀྱི་རྟེན་བྱེད་པའོ། །ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ནས་སེམས་མཐོ་བའི་རྣམ་པར་ཁེངས་པ་སྟེ། གཞན་ལ་མ་གུས་པ་དང་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པ་དེ་ལ་དབྱེ་ན་བདུན་ཡོད་དོ། །ཐེ་ཚོམ་ནི་བདེན་པའི་དོན་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་ལ་མི་འཇུག་པའི་ལས་ཅན་ནོ། །ལྟ་བ་ཉོན་མོངས་ཅན་ཐམས་ཅད་ལྟ་བ་སྟེ། ལྟ་བ་ངན་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །དེ་ལྟར་རྩ་ཉོན་དྲུག་གོ། །ལྟ་བ་དེ་ལ་དབྱེ་ན་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གི་བར་ལྟ་བ་སྟེ། ལྟ་བ་གཞན་གྱི་རྟེན་བྱེད་པའོ། །མཐར་འཛིན་པའི་ལྟ་བ་ནི། བདག་གམ་ཕུང་པོ་ལྔ་ལ་རྟག་པ་དང་ཆད་པར་འཛིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་ནི། ལས་རྒྱུ་འབྲས་སོགས་ཡོད་པའི་དོན་ལ་མེད་པར་ལྟ་བ་སྟེ། དགེ་རྩ་གཅོད་པར་བྱེད་པའི་ལས་ཅན་ནོ། །ལྟ་བ་མཆོག་འཛིན་ནི་གོང་གི་ལྟ་བ་ངན་པ་གསུམ་དང་ལྟ་བའི་གནས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་མཆོག་དང་དམ་པར་ལྟ་བ་སྟེ་ལྟ་ངན་ལ་མངོན་པར་ཞེན་པར་བྱེད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། འདག་གྲོལ་མ་ཡིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཕུང་ལྔ་ལ་འདག་གྲོལ་ངེས་འབྱིན་དུ་ལྟ་བ་སྟེ། ངལ་བ་འབྲས་བུ་མེད་པར་བྱེད་པའི་ལས་ཅན་


MR22_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །མཆོག་འཛིན་གཉིས་པོ་འདིས་དངོས་པོའི་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ལྟ་ངན་དང་། ཐར་པའི་ཐབས་མིན་པའི་ལམ་ངན་ལ་ཞེན་པ་ཀུན་ཀྱང་མཚོན་པར་བྱེད་དོ། །ལྟ་བ་ལྔ་པོ་དེ་ཐམས་ཅད་ཤེས་རབ་ཉོན་མོངས་ཅན་ཡིན་ལ། ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་རྩ་ཉོན་བཅུ་པོ་དེ་ལས། མཆོག་འཛིན་གཉིས་དང་ལོག་ལྟ་ཐེ་ཚོམ་བཞི་ཀུན་བཏགས་ཡིན་ཞིང་། ལྷག་མ་དྲུག་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད་དོ། །ཉེ་ཉོན་ཉི་ཤུ་ལས།ཁྲོ་བ་ནི་ཁོང་ཁྲོ་འཕེལ་ཏེ་བརྡེག་པ་སོགས་གནོད་པ་དངོས་སུ་ཤོམས་པར་བྱེད་པའོ། །འཁོན་དུ་འཛིན་པ་ནི་ཁོང་ཁྲོ་བའི་ཆར་གཏོགས་པ་གནོད་པའི་བསམ་པ་རྒྱུན་མི་གཏོང་ཞིང་མི་བཟོད་པར་བྱེད་པའོ། །འཚིག་པ་ནི་ཁྲོ་བ་དང་འཁོན་འཛིན་གྱི་རྒྱུ་ལས་མི་བཟོད་པར་ཚིག་རྩུབ་སྨྲ་བར་བྱེད་པའོ། །རྣམ་པར་འཚེ་བ་ནི་ཁོང་ཁྲོའི་ཆར་གཏོགས་པ། སྙིང་བརྩེ་བ་མེད་པར་རྣམ་པར་ཐོ་བརྩམ་པའི་ལས་ཅན་ནོ། །ཕྲག་དོག་ནི་ཁོང་ཁྲོའི་ཆར་གཏོགས་པ། རང་རྙེད་བཀུར་སོགས་ལ་ཆགས་ནས་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པར་སེམས་ཁོང་ནས་འཁྲུགས་པ། ཡིད་མི་བདེ་ཞིང་སེམས་རྣལ་དུ་མི་གནས་ལ་ཉེས་པའི་རྟེན་བྱེད་པའོ། །གཡོ་ནི་རྙེད་བཀུར་སོགས་ལ་ཆགས་པས་རང་གི་ཉེས་པ་སྦས་ཏེ་ཉེས་རྒྱུན་སྐྱོང་བའི་སེམས་གྱ་གྱུ་བ་ཆགས་སྡང་གཏི་མུག་གི་ཆར་གཏོགས་པ་སྟེ་ཡང་དག་པའི་གདམས་ངག་རྙེད་པའི་བར་དུ་གཅོད་པའོ། །སྒྱུ་ནི་རྙེད་བཀུར་སོགས་ཀྱི་ཕྱིར་རང་ལ་མེད་པའི་ཡོན་ཏན་ཡོད་པར་འཆོས་


MR22_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདེན་པ་མིན་པས་གཞན་སླུ་བྱེད་རྨོངས་ཆགས་ཀྱི་ཆར་གཏོགས་པ་ཉོན་མོངས་དང་ཉེ་ཉོན་གྱི་གྲོགས་བྱེད་ཅིང་ལོག་འཚོ་སྒྲུབ་པའི་རྟེན་བྱེད་པའོ། །ངོ་ཚ་མེད་པ་ནི་བདག་རྒྱུ་མཚན་དུ་བྱས་ཏེ་སྡིག་པ་ལ་མི་འཛེམ་པ་དུག་གསུམ་གྱི་ཆར་གཏོགས་པ་ཉོན་མོངས་དང་ཉེ་ཉོན་གྱི་གྲོགས་བྱེད་པའོ། །ཁྲེལ་མེད་པ་ནི་གཞན་རྒྱུ་མཚན་དུ་བྱས་ཏེ་མི་དགེ་བའི་ཕྱོགས་ལ་འཛེམ་པ་མེད་པར་འཇུག་པ་དུག་གསུམ་གྱི་ཆར་གཏོགས་པ། ཉོན་མོངས་ཀུན་ཀྱི་གྲོགས་བྱེད་པའོ། །འཆབ་པ་ནི་གཏི་མུག་དང་ཆགས་པའི་ཆར་གཏོགས་པ་ལེགས་པར་བསྐུལ་བ་ལ་མི་འཇུག་ཅིང་རང་གི་ཉེས་པ་སྒྲིབ་པར་འདོད་པ་སྟེ། འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའོ། །སེར་སྣ་ནི་འདོད་ཆགས་ཀྱི་རྒྱུ་ལས་ཡོ་བྱད་སོགས་བདོག་པའི་དངོས་པོ་ལ་དམ་དུ་འཛིན་པ་སྟེ་ཡོ་བྱད་མི་བསྙུང་བར་བྱེད་པའོ། །རྒྱགས་པ་ནི་ནད་མེད་པ་དང་ལང་ཚོ་སོགས་རང་རྒྱུད་ལ་ཡོད་པའི་ཟག་བཅས་ཀྱི་ཕུན་ཚོགས་གང་ཡང་རུང་བ་ལ་དགའ་ཞིང་ཆགས་པའི་སེམས་ཀྱིས་རང་མགུས་འཐིགས་༼འགྱིངས་པའི་དོན་ཏོ།།༽པ་སྟེ། ཉོན་མོངས་དང་ཉེ་ཉོན་གྱི་རྟེན་བྱེད་པའོ། །མ་དད་པ་ནི་གཏི་མུག་གི་ཆར་གཏོགས་པ་ཡང་དག་པའི་གནས་དང་དགེ་ཆོས་ལ་མི་མོས་པ་ལེ་ལོའི་རྟེན་བྱེད་པའོ། །ལེ་ལོ་ནི་ཉལ་སྙེལ་ཕྲས་སོགས་ཀྱི་བདེ་བ་ལྟ་བུའི་བྱ་བ་ངན་པ་ལ་ཞེན་ནས་དགེ་བའི་ཕྱོགས་ལ་མི་སྤྲོ་ཞིང་འཇུག་པ་ལྷོད་པར་བྱེད་པ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སོ། །བག་མེད་


MR22_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དུག་གསུམ་ལེ་ལོ་དང་བཅས་པའི་རྒྱུ་ལས་དགེ་སྡིག་བླང་དོར་ལ་གཟོབ་པ་ལྷུར་མི་ལེན་པ་བག་ཡོད་པའི་མི་མཐུན་ཕྱོགས་ཏེ། མི་དགེ་འཕེལ་ཞིང་དགེ་བ་འགྲིབ་པའི་ལས་ཅན་ནོ། །བརྗེད་ངས་ནི་དགེ་བའི་དམིགས་པ་མི་གསལ་བར་བརྗེད་པ། དྲན་པའི་མི་མཐུན་ཕྱོགས་སུ་གྱུར་པའི་ཉོན་མོངས་དང་མཚུངས་ལྡན་གྱི་དྲན་པ་འཆལ་བ་སེམས་གཡེང་བའི་རྟེན་བྱེད་པའོ། །ཤེས་བཞིན་མིན་པ་ནི་ཉོན་མོངས་དང་མཚུངས་པར་ལྡན་པ་གཡེང་བའི་ཤེས་རབ་སྟེ། སྒོ་གསུམ་གྱི་སྤྱོད་པ་ལ་ཤེས་བཞིན་དུ་མི་འཇུག་པར་བབ་བབ་ཏུ་འཇུག་པ་སྟེ་ལྟུང་བ་འབྱུང་བའི་རྟེན་བྱེད་པའོ། །རྨུགས་པ་ནི་གཏི་མུག་གི་ཆར་གཏོགས་པ་ལུས་སེམས་ལྕི་བའི་རྣམ་པས་དམིགས་པ་ལ་འཇུག་མི་ནུས་པར་ནང་དུ་སྡུད་ཅིང་སེམས་ལས་སུ་མི་རུང་བ་ཉོན་མོངས་པའི་རྟེན་བྱེད་པའོ། །རྒོད་པ་ནི་སྡུག་པའི་མཚན་མའི་རྗེས་སུ་ཞུགས་པའི་འདོད་ཆགས་ཀྱི་ཆར་གཏོགས་པ་སེམས་ཡུལ་ལ་འཕྲོ་བས་ལས་སུ་མི་རུང་ཞིང་མ་ཞི་བར་བྱེད་པ་ཞི་གནས་ཀྱི་བར་དུ་གཅོད་པའོ། །རྣམ་པར་གཡེང་བ་ནི་དུག་གསུམ་གྱི་ཆར་གཏོགས་པ་སེམས་ཡུལ་ལ་གཡོ་ཞིང་འཕྱན་ཏེ་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་མི་གནས་པར་བྱེད་པ་སྟེ། འདི་ལ་ཕྱི་དང་ནང་དང་མཚན་མའི་གཡེང་བ་སོགས་ཀྱི་དབྱེ་བ་ཡོད་དོ། །དེ་ལྟར་ཉི་ཤུ་ནི་རྩ་ཉོན་གྱི་ཆར་གཏོགས་ཤིང་དེ་དང་ཉེ་བས་ཉེ་ཉོན་ཞེས་བྱའོ། །གཞན་འགྱུར་བཞི་ལས་གཉིད་ནི་གཉིད་ཀྱི་རྒྱུ་ལ་བརྟེན་ནས་དགེ་མི་དགེ་རིགས་མི་རིགས་དུས་དུས་མིན་སོགས་


MR22_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་འབྱེད་མེད་པར་སྒོ་ལྔའི་ཤེས་པ་ནང་དུ་སྡུད་པར་བྱེད་པ་གཏི་མུག་གི་ཆར་གཏོགས་པ་བྱ་བ་ཤོར་བའི་རྟེན་བྱེད་པའོ། །འགྱོད་པ་ནི་སྔར་བྱས་པ་ལ་ཡིད་མི་དགའ་བའི་རྣམ་པས་ཡིད་ལ་བཅགས་པ་སེམས་གནས་པའི་བར་དུ་གཅོད་པར་བྱེད་པའོ། །རྟོག་པ་ནི་སེམས་པ་དང་ཤེས་རབ་ལ་བརྟེན་ནས་དམིགས་པའི་དངོས་པོ་ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བརྗོད་པ་སྟེ། དོན་འོལ་སྤྱི་ཙམ་འཛིན་པ་རྩིང་པའི་རྣམ་པ་ཅན།རྒྱང་རིང་པོའི་གཟུགས་ལ་ཁམ་ཕོར་དང་བུམ་པའི་ཁྱད་མ་ཕྱེ་བར་དེ་ཙམ་འཛིན་པ་ལྟ་བུའོ། །དཔྱོད་པ་ནི་སེམས་པ་དང་ཤེས་རབ་ལ་བརྟེན་ནས་དོན་དེའི་ཁྱད་པར་སོ་སོར་རྟོག་པའི་ཡིད་ཀྱིས་གཞིགས་ནས་བཟུང་བ་ཞིབ་པའི་རྣམ་པ་ཅན་དེ་བུམ་པ་གསར་པ་མ་གས་པར་འཛིན་པ་ལྟ་བུའོ། །དེ་རྣམས་ཀུན་སློང་དང་བསམ་པའི་ཁྱད་པར་གྱིས་དགེ་སྡིག་ལུང་མ་བསྟན་ཅི་རིགས་པར་འགྱུར་བས་གཞན་འགྱུར་བཞི་ཞེས་བྱའོ། །སེམས་བྱུང་འདི་དག་གིས་སྤྱིར་སེམས་ཀྱི་ས་མང་དང་། དགེ་སྡིག་གི་སེམས་བྱུང་རྣམས་ཀྱི་ཁྱད་པར་འབྱེད་པའི་གཙོ་བོར་གསུངས་ཤིང་། གཞན་ཡང་སེམས་དང་འདུ་ཤེས་སོགས་ཀྱི་འཛིན་སྟངས་ཀྱི་ཁྱད་པར་ལས། སྐྱོ་བ་དང་མི་སྐྱོ་བ། དཀའ་བ་དང་མི་དཀའ་བ། བཟོད་པ་དང་མི་བཟོད་པ་སོགས་རྣམ་གྲངས་ཤིན་ཏུ་མང་པོར་འགྱུར་བ་ཤེས་པར་བྱའོ། །དེ་རྣམས་ནི་སེམས་དང་མཚུངས་ལྡན་གྱི་འདུ་བྱེད་དོ། །སེམས་བྱུང་ལྟ་བུའི་འདུ་བྱེད་མིན་ཡང་འདུས་


MR22_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སུ་ནི་གཏོགས་དགོས་ཤིང་བེམ་ཤེས་གང་རུང་དུ་བསྡུ་བར་མི་འོས་པའི་ཆོས་ལ་སེམས་དང་མཚུངས་པར་ལྡན་པ་མིན་པའི་འདུ་བྱེད་ཀྱི་ཆོས་ཡིན་པ་ཞེས་བྱའོ། །དེ་ལྟར་བེམ་ཤེས་ལྡན་མིན་གསུམ་གྱིས་འདུས་བྱས་ཐམས་ཅད་བསྡུས་པར་རིག་པར་བྱ་སྟེ། རྡུལ་དུ་གྲུབ་པ་བེམ་པོའོ། །གསལ་ཞིང་རིག་པ་ཤེས་པའོ། །དེ་གཉིས་མ་ཡིན་པའི་འདུས་བྱས་ཐམས་ཅད་ལྡན་མིན་འདུ་བྱེད་དོ། །ལྡན་མིན་འདུ་བྱེད་དེ་གང་ཞེ་ན། རང་གི་རྒྱུད་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་གང་ཞིག་སྔར་མེད་གསར་དུ་ཐོབ་པ་དང་ཐོབ་པ་དེའི་རྒྱུན་ལྡན་པ་ལ་ཐོབ་པ་ཞེས་བྱ་སྟེ། རྒྱུད་དུ་གཏོགས་པའི་ཆོས་ཡིན་ལ་འདུས་བྱས་ཀྱང་ཡིན་པས་ལྡན་མིན་འདུ་བྱེད་ཅེས་བྱའོ། །དེ་བཞིན་དུ་དགེ་སོགས་རང་རྒྱུད་ལ་ཐོབ་པ་ལས་ཉམས་ཏེ་འགྲིབ་པར་གྱུར་པ་ལ་མ་ཐོབ་པ་ཞེས་བྱའོ། །སེམས་ཅན་སོ་སོའི་རིས་སུ་སྐྱེས་ཏེ་སྐལ་པ་མཉམ་པའི་ཆོས་དེ་ལ་སྐལ་མཉམ་མམ་རིས་མཐུན་པ་ཞེས་བྱའོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་ཁམས་གོང་མའི་འདོད་ཆགས་དང་མ་བྲལ་བ་ཞིག་གིས་ཡིད་ལ་བྱེད་པའི་སྒོ་ནས་སེམས་སེམས་བྱུང་རྒྱུན་བརྟན་པ་མ་ཡིན་པ་འཇུག་ཤེས་དྲུག་པོ་རྣམས་གནས་སྐབས་སུ་འགོག་པར་བྱེད་པ་སྟེ། སེམས་སེམས་བྱུང་ཁེགས་པའི་གནས་སྐབས་དེ་ལྟ་བུ་སྙོམས་འཇུག་གི་ནུས་པས་སྔོན་མེད་གསར་དུ་ཐོབ་ཅིང་། ཡང་དེ་ལས་ལྡངས་ཏེ་འགག་པའི་ཕྱིར་སྐྱེ་འགག་ཡོད་ཀྱང་དེ་བེམ་ཤེས་གང་ཡང་


MR22_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི་ཆོས་ཡིན་པས་ལྡན་མིན་འདུ་བྱེད་དུ་བཞག་གོ། དེ་བཞིན་དུ་སྙོམས་འཇུག་དེས་འཕངས་ནས་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་འདུ་ཤེས་མེད་པ་པ་དང་། འགོག་པའི་སྙོམས་འཇུག་ནི་སྲིད་རྩེའི་སེམས་ལས་གྱེན་དུ་བསྐྱོད་དེ་བདག་མེད་པ་དང་ཞི་གནས་ཀྱི་འདུ་ཤེས་སྔོན་དུ་བཏང་བས་སེམས་བྱུང་བརྟན་པ་མིན་པ་རྣམས་དང་བརྟན་པ་ལས་ཁ་ཅིག་སྟེ། ཉོན་ཡིད་ཀྱིས་བསྡུས་པ་རྣམས་ཁེགས་པའོ། །འདི་གསུམ་ལྡན་མིན་འདུ་བྱེད་དུ་འཇོག་པའི་སྐབས་ན་ཇི་སྲིད་སེམས་སེམས་བྱུང་འགོག་པའི་ནུས་པ་དེ་ལ་གོ་དགོས་སོ། །བརྟན་པ་ཀུན་གཞི་ནི་འདུ་ཤེས་མེད་པ་པ་དང་སྙོམས་འཇུག་གཉིས་ཀྱིས་མི་ཁེགས་ཏེ་དེའི་དབང་གིས་སེམས་སླར་ཡང་སྐྱེ་བར་རུང་ངོ་། །སྲོག་གི་དབང་པོ་ནི་སེམས་ཅན་རིས་མཐུན་པར་སྔོན་ལས་ཀྱི་དབང་གིས་ཅི་ཙམ་གནས་པའི་དུས་ངེས་པ་ཚེ་ཞེས་བརྗོད་པ་གང་ཡིན་པའོ། །སྐྱེ་བ་ནི་འདུ་བྱེད་རྣམས་སྔར་མ་བྱུང་བ་ལས་ད་ལྟར་བྱུང་བའོ། །གནས་པ་ནི་དེའི་རྒྱུན་གནས་པའོ། །རྒ་བ་ནི་རྒྱུན་གཞན་དུ་འགྱུར་བའོ། །མི་རྟག་པ་ནི་རྒྱུན་འཇིག་པ་སྟེ་འདི་བཞི་ལ་འདུས་བྱས་སུ་མཚོན་པའི་མཚན་ཉིད་བཞི་ཞེས་བྱའོ། །མིང་གི་ཚོགས་ནི་ཀ་བུམ་སོགས་དོན་གྱི་ངོ་བོ་ཙམ་བརྗོད་པའི་བརྡའོ། །ཚིག་གི་ཚོགས་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ཏེ་སྟོན་པར་བྱེད་པའི་བླ་དྭགས་སོ། །ཡི་གེའི་ཚོགས་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་ཡིག་འབྲུ་ཨ་ལ་སོགས་


MR22_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འདི་གསུམ་སྐད་གདངས་ཀྱིས་བསྡུས་ན་ཡང་སྒྲ་ཙམ་དང་མི་འདྲ་བའི་ཁྱད་པར་སེམས་ཀྱི་བརྡར་བཏགས་ནས་བརྗོད་བྱ་ལུང་སྟོན་པ་སོགས་ཀྱི་ནུས་པ་ཅན་འདུ་བྱེད་ཀྱི་ཆོས་སུ་གཏོགས་པའོ། །མངོན་པ་མཛོད་ལས་བཅུ་བཞི་པོ་འདི་ཙམ་གསུངས་སོ། །མངོན་པ་ཀུན་བཏུས་ལས་སྔ་མ་བཅུ་བཞིའི་སྟེང་དུ། སོ་སོའི་སྐྱེ་བོ་ནི་འཕགས་པའི་ཆོས་མ་ཐོབ་པའོ། །འདི་ནི་བེམ་ཤེས་ལྡན་པ་ལ་བཏགས་པའི་གང་ཟག་གི་བྱེ་བྲག་གོ། །འཇུག་པ་ནི་རྒྱུ་དང་འབྲས་བུ་རྒྱུན་མི་འཆད་པར་འཇུག་པའོ། །སོ་སོར་ངེས་པ་ནི་རྒྱུ་དང་འབྲས་བུ་ཐ་དད་པའོ། །འབྱོར་འབྲེལ་བ་ནི་རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པའོ། །མགྱོགས་པ་ནི་རྒྱུ་དང་འབྲས་བུ་མྱུར་བར་འབྱུང་བའོ། །གོ་རིམ་ནི་རྒྱུ་དང་འབྲས་བུ་རེ་རེ་ནས་རིམ་བཞིན་འབྱུང་བའོ། །དུས་ནི་རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བའི་ཡུན་གྱི་གནས་སྐབས་སོ། །ཡུལ་ནི་ཕྱོགས་བཅུ་པོ་ཐམས་ཅད་ན་རྒྱུ་དང་འབྲས་བུ་ཡོད་པ་ལས་བཏགས་པའོ། །གྲངས་ནི་འདུ་བྱེད་རྣམས་སོ་སོ་ཐ་དད་པ་ལ་བགྲངས་ཏེ་བཞག་པའོ། །ཚོགས་པ་ནི་རྒྱུ་དང་འབྲས་བུའི་རྐྱེན་འདུས་པའི་གནས་སྐབས་ལས་སོ། །ཉེར་བཞི་པོ་འདི་དག་གིས་མཚོན་ནས་བེམ་ཤེས་ཀྱི་གནས་སྐབས་ལ་བཏགས་པའི་ཆོས་འདུས་བྱས་སུ་བསྡུ་དགོས་ལ་བེམ་ཤེས་གང་རུང་དུ་བསྡུར་མི་འོས་པ་དུ་མ་ཡོད་པ་ཤེས་པར་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ནི། ཆོས་རྣམས་ཀྱི་དོན་གྱི་ངོ་བོ་སོ་སོར་རིག་པར་བྱེད་པ་སྟེ་དེ་ལ་དབྱེ་ན། མིག་གི་རྣམ་པར་ཤེས་པ་ནས།


MR22_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཚོགས་དྲུག་ནི། བདག་རྐྱེན་མིག་གི་དབང་པོ་ལ་བརྟེན་ནས་སྐྱེས་པའི་བློ་གང་གིས་གཟུགས་ཤེས་པ་ནས། བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་བློ་གང་གིས་རང་ཡུལ་ཐུན་མིན་ཆོས་ཁམས་དང་དེ་ལས་གཞན་པ་རྣམས་ཀྱང་ཤེས་པའི་བར་དུའོ། །སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལས་ཚོགས་བརྒྱད་དུ་བཞེད་དེ། ཡིད་ཤེས་ཀྱི་བྱེ་བྲག་རྟག་ཏུ་རློམ་སེམས་པ་གང་ཞིག །ནང་དུ་ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས། བདག་ཏུ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ཏུ་ཆགས་པ་དང་། མ་རིག་པ་སྟེ་ཉོན་མོངས་བཞི་པོ་དང་མཚུངས་པར་ལྡན་པའི་སེམས་དེ་ནི། འཕགས་ལམ་མངོན་གྱུར་དང་། འགོག་པའི་སྙོམས་འཇུག་དང་། མི་སློབ་པའི་ས་མ་གཏོགས་པར་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཐམས་ཅད་དུ་འགྲོ་བ་ལ་ཉོན་མོངས་པའི་ཡིད་ཅེས་བྱའོ། །ཀུན་གཞིའི་རྣམ་ཤེས་ནི་ཕུང་ཁམས་སྐྱེ་མཆེད་ཀྱིས་ཡོངས་སུ་བསྒོས་པའི་ས་བོན་ཐམས་ཅད་པ་འཛིན་པ་སེམས་ཀྱི་གཞི་གསལ་རིག་ཙམ་རིས་སུ་མ་ཆད་པ་སྟེ། འདི་ལ་གནས་དོན་ལུས་སུ་སྣང་བ་འབྱུང་རུང་གི་ས་བོན་ཙམ་དུ་གནས་པའི་ཆ་ནས་ཀུན་གཞི་དང་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ། གནས་དོན་ལུས་སུ་སྣང་ཡང་རྨི་ལམ་གྱི་སྣང་བ་ལྟར་ཀུན་གཞིའི་རྣམ་ཤེས་ཉིད་དེར་སྣང་བ་ཙམ་དུ་ཟད་པའི་ཆ་ནས་རྣམ་པར་སྨིན་པའི་ཀུན་གཞིའམ་དེའི་རྣམ་ཤེས་ཞེས་ཀྱང་བྱའོ། །སེམས་དང་ཡིད་དང་རྣམ་ཤེས་ནི་དོན་


MR22_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མིང་གི་རྣམ་གྲངས་ཙམ་དུ་བཞེད་པ་ཡོད་ལ། ཡང་སེམས་ཀུན་གཞིའི་རྣམ་ཤེས། ཡིད་ཉོན་མོངས་པའི་ཡིད། རྣམ་པར་ཤེས་པ་ཚོགས་དྲུག་གི་མིང་དུ་བཞེད་དོ། །དེ་ལྟར་ཕུང་པོ་ལྔ་པོ་དེས་འདུས་བྱས་ཀྱི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་ན། དེ་ལས་བརྩམས་ཏེ་དུས་ལ་སོགས་པ་རྣམ་གྲངས་དང་རྣམ་བཞག་མང་པོ་འབྱུང་བའི་གཞི་ཡིན་པས། ཕུང་པོ་ལྔ་པོ་དེ་ལ་དུས་དང་གཏམ་གྱི་གཞི་དང་། ངེས་པར་འབྱུང་བ་དང་བཅས་པ། རྒྱུ་དང་བཅས་པ་ཞེས་ཟེར་ཞིང་། འཇིག་རྟེན་དང་ལྟ་བའི་གནས་དང་སྲིད་པ་ཞེས་ཀྱང་བྱའོ། །འདུན་པ་དང་འདོད་ཆགས་ཀྱི་སྒོ་ནས་ཉེ་བར་ལེན་པས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་ནི་འཐབ་པ་དང་བཅས་པ་དང་སྡུག་བསྔལ་དང་ཀུན་འབྱུང་ཞེས་ཀྱང་བྱའོ། །ཕུང་པོའི་རབ་ཏུ་དབྱེ་བའི་སྐབས་སོ།། །།ཁམས་བཅོ་བརྒྱད་ནི། གཟུགས་ཀྱི་ཕུང་པོ་ལས་ཁམས་བཅུ་བཞག་སྟེ། གང་ཞེ་ན་མིག་གི་ཁམས་ནས་ལུས་ཁམས་ཀྱི་བར་ལྔ་དང་། གཟུགས་ནས་རེག་བྱའི་བར་གྱི་ཁམས་ལྔ་སྟེ་བཅུའོ། །རྣམ་པར་ཤེས་པའི་ཁམས་བདུན་ཏེ་མིག་གི་རྣམ་ཤེས་ཀྱི་ཁམས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཀྱི་བར་དྲུག་དང་། ཡིད་ཀྱི་ཁམས་དང་བདུན་ནོ། །ཡིད་ཀྱི་ཁམས་ཞེས་པ་ཡིད་ཀྱི་དབང་པོ་སྟེ་རྣམ་པར་ཤེས་པ་དྲུག་པོ་འགག་མ་ཐག་པ་དེ་ཡིད་ཤེས་སྐྱེད་པའི་དབང་པོ་ཡིན་ནོ། །ཆོས་ཀྱི་ཁམས་ཞེས་བྱ་བ། ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་གསུམ་དང་། རྣམ་པར་རིག་བྱེད་མིན་པའི་གཟུགས་དང་། འདུས་མ་བྱས་ཐམས་ཅད་དོ། །


MR22_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་ལ། སོ་སོར་བརྟགས་པས་འགོག་པ་དང་སོ་སོར་བརྟགས་མིན་གྱིས་འགོག་པ་དང་ནམ་མཁའ་དང་གསུམ་དུ་མཛོད་ལས་བཤད། དེ་ལྟ་ན་ཆོས་ཁམས་བདུན་དུ་འདོད། ཡང་སེམས་ཙམ་པ་སོགས་ཀྱིས་དེ་བཞིན་ཉིད་བསྣན་ཏེ་བཞིར་བཞེད། ཀུན་བཏུས་སུ། དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དང་། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་འཇུག་གི་དུས་ཀྱི་སེམས་ཁེགས་པའི་གནས་སྐབས་གཉིས་ཏེ། གོང་གི་གསུམ་དང་བསྡོམས་པས་འདུས་མ་བྱས་བརྒྱད་དུ་བཞེད་དོ། །དེ་ལ་སོ་སོར་བརྟགས་འགོག་ནི་སོ་སོར་བརྟགས་པའི་ཤེས་རབ་སོགས་ལམ་གྱི་སྟོབས་ལས་སྤང་བྱ་ཉོན་མོངས་སོགས་གཏན་དུ་བྲལ་བའི་འདུས་མ་བྱས་ཀྱི་ཆའོ། །བརྟགས་མིན་འགོག་པ་ནི། སོ་སོར་བརྟགས་པས་ཁེགས་པ་མིན་ཡང་རྒྱུ་རྐྱེན་མ་ཚང་བའི་སྟོབས་ཀྱིས་གང་ན་གང་མེད་པ་སྟེ་རྟ་ཡི་མགོ་ལ་རྭ་ལྟ་བུའོ། །ཕྱོགས་གང་ན་བུམ་པ་མེད་པ་ལྟ་བུ་སོགས་མེད་པའི་བྱེ་བྲག་ཐམས་ཅད་འདིར་འདུའོ། །ནམ་མཁའ་ནི་གཟུགས་རུང་མེད་ཅིང་བྱེད་པ་ཐམས་ཅད་ཀྱི་གོ་འབྱེད་པ་ལ་མི་སྒྲིབ་པའོ། །དགེ་སོགས་ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སོ། །མི་གཡོ་བ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་འགོག་པའི་སྙོམས་འཇུག་གོ། །དེ་ལྟར་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ་དང་། ཚོར་འདུ་འདུ་བྱེད་ཀྱི་ཕུང་པོ་གསུམ་དང་། འདུས་མ་བྱས་


MR22_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དེ་བཅུ་དྲུག་པོ་དེ་ལ་ཆོས་ཀྱི་ཁམས་ཞེས་བྱའོ། །དེ་ལྟར་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་ཤེས་ཀྱི་ཁམས་ནས། ཡིད་ཤེས་ཀྱི་བར་དྲུག་ཚན་གསུམ་སྟེ་བཅོ་བརྒྱད་པོ་དེ་ལས། མིག་ནས་ཡིད་ཀྱི་བར་དྲུག་པོ་ཡུལ་ལ་འཛིན་པར་བྱེད་པའི་རྒྱུའམ་རིགས་སམ་ས་བོན་གྱི་དོན་དང་། དེ་བཞིན་དུ་གཟུགས་ནས་ཆོས་ཀྱི་བར་དྲུག་པོ་གཟུང་བའི་དང་། མིག་ཤེས་ནས་ཡིད་ཤེས་ཀྱི་བར་དྲུག་པོ་ཡུལ་དངོས་སུ་འཛིན་པའི་རྒྱུའམ་རིགས་སམ་ས་བོན་གྱི་དོན་ཏེ་ཁམས་ཞེས་པ་རྒྱུའམ་རིགས་དང་ས་བོན་གྱི་དོན་ཅན་ནོ། །གཞན་ཡང་སྐྱེས་བུ་ཁམས་དྲུག་པ་ཞེས་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་གསུངས་པ་དེ་ལུས་ཀྱི་འབྱུང་བ་བཞི་དང་། ནང་གི་བུ་ག་སྟོང་པའི་ཆ་ནི་ནམ་མཁའ་དང་། རྣམ་ཤེས་ཀྱི་ཁམས་ཏེ། དེས་མཚོན་པའི་ཁམས་ཀྱི་མིང་གིས་བཏགས་པའི་དབྱེ་བ་གཞན་དག་ཀྱང་དོན་གྱིས་ཁམས་བཅོ་བརྒྱད་དུ་མ་འདུས་པ་མེད་དོ། །ཁམས་ཀྱི་རབ་དབྱེ་ལ་ཁམས་བཅོ་བརྒྱད་ལས། གཟུགས་ཅན་དུ་གཏོགས་པ་དབང་ལྔ་དོན་ལྔའི་ཁམས་བཅུ་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་སྟེ། ལྷག་མ་གཟུགས་ཅན་མིན་པའོ། །མིག་ལམ་དུ་བསྟན་དུ་ཡོད་པ་ནི་གཟུགས་ཁམས་གཅིག་པུ། ལྷག་མ་བསྟན་མེད་དོ། །ཕན་ཚུན་ཐོགས་པ་དང་བཅས་པ་ནི་དབང་ལྔ་ཡུལ་ལྔ་སྟེ་གཟུགས་ཅན་བཅུ་ལས་ལྷག་མ་རྣམས་ཐོགས་པ་མེད་པའོ། །ཟག་མེད་ནི་ཁམས་ཐ་མ་ཡིད་དང་ཡིད་ཤེས་དང་ཆོས་ཁམས་ཀྱི་སེམས་བྱུང་ལམ་


MR22_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་དུ་གཏོགས་པ་དང་འདུས་མ་བྱས་རྣམས་ཡིན་ལ་དེ་རྣམས་མ་གཏོགས་པའི། ཁམས་ལྷག་མ་རྣམས་ཉོན་མོངས་སྐྱེ་བའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཟག་བཅས་སོ། །འདོད་པ་ན་ཁམས་ཐམས་ཅད་ཡོད། གཟུགས་ཁམས་ན་དྲི་རོ་དང་སྣ་ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པ་བཅུ་བཞི་ཡོད། གཟུགས་མེད་ན་ཁམས་ཐ་མ་གསུམ་གྱི་ཆ་ཤས་ཡོད་དོ། །སེམས་ཁམས་བདུན་དང་གཟུགས་སྒྲ་དང་ཆོས་ཁམས་བཅུ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཆར་ཡོད། ལྷག་མ་རྣམས་ལུང་དུ་མ་བསྟན་པའོ། །གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི་ཁམས་དྲུག་ཕྱི། ལྷག་མ་བཅུ་གཉིས་ནི་ནང་གིའོ། །དམིགས་པ་དང་བཅས་པ་ནི་སེམས་ཁམས་བདུན་དང་། ཆོས་ཁམས་ཀྱི་ཕྱོགས་གཅིག་སེམས་བྱུང་རྣམས་སོ། །ལྷག་མ་རྣམས་དམིགས་མེད་པའོ། །རྟོག་བཅས་ནི་ཡིད་དང་ཡིད་ཤེས་ཀྱི་ཆ་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་སེམས་བྱུང་གི་ཆ་རྟོག་བཅས་རྣམས་སོ། །རང་རྒྱུད་ཀྱི་ཚོར་བས་ཟིན་པ་དབང་པོ་ལྔ་དང་ནང་གི་གཟུགས་དྲི་རོ་རེག་དགུའོ། །ཆོས་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་རྟག་པ་ཡིན་ལ། གཞན་རྣམས་འདུས་བྱས་དང་མི་རྟག་པའོ། །དབང་པོ་ལྔ་དང་སེམས་སེམས་བྱུང་ནི་འཛིན་པ་དང་། གཞན་རྣམས་གཟུང་བའོ། །རྟོག་དཔྱོད་གཉིས་དང་བཅས་པ་ནི་རྣམ་ཤེས་ཀྱི་ཁམས་ལྔའོ། །ཡིད་ཡིད་ཁམས་སེམས་བྱུང་རྣམས་ལ་རྟོག་དཔྱོད་གཉིས་བཅས། གཉིས་མེད། རྟོག་མེད་དཔྱོད་བཅས་གསུམ་ཡོད། དེ་དག་གི་ལྷག་མ་རྣམས་རྟོག་དཔྱོད་མེད་པའོ། །གཟུགས་ཅན་གྱི་


MR22_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཅུ་ནི་རྡུལ་ཕྲན་བསགས་པའོ། །ལྷག་མ་ནི་མ་བསགས་པའོ། །གཅོད་བྱེད་ཡིན་པ་དང་གཅད་བྱ་ཡིན་པ་གཟུགས་དྲི་རོ་རེག་བཞི་ཁོ་ན་སྟེ། བསྲེག་འཇལ་ཡང་དེ་བཞིན་ནོ། །གཟུགས་ཅན་བཅུ་དང་མིག་ཤེས་སོགས་ལྔ་ནི་སྒོམ་པས་སྤང་བྱ། ཁམས་ཐ་མ་གསུམ་ལ་མཐོང་སྒོམ་གྱིས་སྤང་བྱ་དང་སྤང་བྱ་མིན་པ་གསུམ་དུ་ཡོད་དོ། །བྱུང་བ་གསུམ་གྱི་ཁྱད་པར་དབྱེ་ན། རྣམ་སྨིན་དང་རྒྱས་བྱུང་ནི་ནང་གི་དབང་པོ་ལྔའོ། །རང་གི་རིགས་འདྲའི་རྒྱུ་མཐུན་དང་རྣམ་སྨིན་ལས་སྐྱེས་པ་སེམས་ཁམས་བདུན་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་སེམས་བྱུང་རྣམས་ཏེ་ཐོགས་པ་མེད་པ་བརྒྱད་པོ་དེའི་ཆ་འགའོ། །སྒྲ་ལ་རྒྱུན་མེད་པས་རྣམ་སྨིན་ལས་སྐྱེས་པ་མིན་ལ། དབྱངས་སྙན་མི་སྙན་དུ་བྱེད་པའི་རྒྱུ་མགྲིན་པའི་དབྱིབས་སོགས་རྣམ་སྨིན་ལས་སྐྱེས་པའོ། །འདི་དག་གི་ལྷག་མ་དབང་པོའི་ཚོགས་པ་ཡོད་པ་རྣམས་ལ་རྒྱུ་མཐུན་རྒྱས་བྱུང་རྣམ་སྨིན་ལས་བྱུང་བ་གསུམ་ཡོད་ལ། ཕྱི་རོལ་ཀྱི་ཁམས་རྣམས་རྒྱུ་མཐུན་ཁོ་ན་ལས་སོ། །རྒྱས་བྱུང་ཞེས་པ་ལུས་རྒྱས་པའི་རྒྱུ་བཞི་ནི། ཟས་དང་། བཀུ་མཉེ་དྲིལ་ཕྱིས་སོགས་ལེགས་པར་བྱ་བ་དང་། གཉིད་དང་། ཏིང་ངེ་འཛིན་བཞིའོ། །དབང་པོ་རྣམས་ལ་རང་གི་ཤེས་པ་དངོས་སུ་རྟེན་པའི་བྱ་བ་བྱེད་བཞིན་པ་སད་ཅིང་གཟུགས་ལ་རྟོག་པའི་མིག་དབང་གི་གནས་སྐབས་ལྟ་བུ་ལ་དབང་པོ་རྟེན་བཅས་དང་། དེ་ལྟ་མིན་པ་གཉིད་ལོག་པའི་མིག་དབང་ལྟ་བུ་ལ་དེ་མཚུངས་ཞེས་བྱའོ། །ཁམས་གོང་མའི་ལུས་ལ་འོག་མའི་མིག་རྟེན་པ་མིན་ཏེ། རང་ས་ན་མིག་མཆོག་ཏུ་གྱུར་པ་


MR22_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར་རོ། །ཁམས་འོག་མའི་མིག་དབང་གིས་གོང་མའི་གཟུགས་མི་མཐོང་སྟེ་ཕྲ་བའི་ཕྱིར། རྣ་བའང་དེ་ལྟ་བུའོ། །འདོད་པའི་ཁམས་པས་བསྒོམས་སྟོབས་ཀྱིས་ལྷའི་མིག་རྣ་ཐོབ་ན། བསམ་གཏན་དེ་བའི་སས་བསྡུས་པའི་འབྱུང་བ་རྒྱུར་བྱས་པའི་དབང་པོ་དྭངས་པ་རང་གི་མིག་དང་རྣ་བའི་ཐེན་ཀོར་དུ་འབྱུང་སྟེ། དབང་པོ་དེ་ནི་རྟག་ཏུ་རྟེན་བཅས་ཡིན་ལ། ཞར་འོན་ལྟ་བུའི་མ་ཚང་བ་མེད་ཅིང་། ཐག་རིང་བ་དང་ཕྲ་བའི་གཟུགས་དང་། བསྒྲིབ་ཅིང་བར་ཆོད་པ་རྣམས་ཀྱང་མཐོང་བ་དང་ཐོས་པར་བྱེད་པའོ། །དེ་ཡང་བསམ་གཏན་དང་པོའི་དབང་པོས་རང་ས་དང་འདོད་པའི་སྤྱོད་ཡུལ་ཤེས་པ་སོགས་འགྲེའོ། །ལྷའི་མིག་དེ་ལྟ་བུ་དགྲ་བཅོམ་པ་ལ་ཡོད་པས་སྟོང་གཉིས་དང་། རང་རྒྱལ་བསེ་རུ་ལྟ་བུས་སྟོང་གསུམ་དང་། སངས་རྒྱས་ཀྱིས་གྲངས་མེད་པའི་བར་དུ་གཟིགས་སོ། །ལྷའི་མིག་དེ་ཚེ་འདིར་བསམ་གཏན་བསྒོམས་སྟོབས་ཀྱིས་མིན་ཀྱང་། སྔོན་བསྒོམས་པ་སོགས་ཀྱི་རྣམ་སྨིན་ལས་སྐྱེས་པ་སྐྱེ་བས་ཐོབ་པ་ཡོད་ཀྱང་། དེས་བར་སྲིད་མི་མཐོང་ཞེས་བཤད་དོ། །དེ་ལ་སོགས་པ་ཁམས་གོང་འོག་གི་དབང་པོ་དང་ཤེས་པ་འབྱུང་ཚུལ་སྣ་ཚོགས་ཤེས་པར་བྱའོ། །ཁམས་ཀྱི་སྐབས་སོ།། །།སྐྱེ་མཆེད་བཅུ་གཉིས་ནི། མིག་གི་ཁམས་དང་མིག་གི་སྐྱེ་མཆེད་དོན་གཅིག་སྟེ། སོ་སོའི་སྐབས་ཀྱི་རྣམ་བཞག་བྱ་ཚུལ་ཙམ་མོ། །དེ་བཞིན་དུ་གཟུགས་ཅན་གྱི་ཁམས་བཅུ་ནི་དེ་


MR22_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐྱེ་མཆེད་དང་། ཆོས་ཁམས་ནི་ཆོས་ཀྱི་སྐྱེ་མཆེད་དོ། །རྣམ་པར་ཤེས་པའི་ཁམས་བདུན་ནི། །ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པའོ།། དེ་ལ་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ནས། ཡིད་དང་ཆོས་ཀྱི་སྐྱེ་མཆེད་བར་བཅུ་གཉིས་སོ། །དེ་ཡང་མིག་ནས་ཡིད་ཀྱི་བར་ནང་གི་དྲུག་པོ་འཛིན་པ་དང་། གཟུགས་ནས་ཆོས་ཀྱི་བར་ཕྱིའི་དྲུག་ནི་གཟུང་བ་སྟེ། གཟུང་འཛིན་གྱི་སྒོ་ནས་རྣམ་ཤེས་ཡུལ་ལ་སྐྱེ་ཞིང་མཆེད་པའི་སྒོར་གྱུར་པས་སྐྱེ་མཆེད་ཅེས་བྱའོ། །ཕུང་པོ་ལྔས་འདུས་བྱས་ཐམས་ཅད་བསྡུས་ཀྱང་། འདུས་མ་བྱས་མ་བསྡུས་ལ། ཁམས་སྐྱེ་མཆེད་དུ་ནི་བསྡུས་པའི་ཕྱིར་འདི་གཉིས་ཀྱི་ཁོངས་སུ་ཤེས་བྱ་ཐམས་ཅད་འདུའོ། །གོང་དུ་ཁམས་ཀྱི་རབ་དབྱེ་བཤད་པས་སྐྱེ་མཆེད་ལ་ཡང་དེ་ལྟར་དོན་གྱིས་ཤེས་སོ། །སྐབས་འདིར་ཡིད་ཆོས་ཀྱི་སྐྱེ་མཆེད་ལས་འཕྲོས་ཏེ་ཐ་སྙད་ཀྱི་རྣམ་བཞག་འགའ་ཞིག་བརྗོད་པ་ལ་ཡིད་ཀྱིས་ནི་མིག་སོགས་ཀྱི་ཡུལ་གཟུགས་སོགས་ཀྱང་ཤེས། དབང་ལྔ་ཡང་རྣམ་ཤེས་དང་རྗེས་སུ་འགྲོ་ལྡོག་གི་ཚུལ་གྱིས་ཡོད་པར་ཤེས་པས་ཤེས་བྱ་ཐམས་ཅད་ཀྱི་ཡུལ་ཅན་ནོ། །དེར་མ་ཟད་ནང་དུ་ཤེས་པའི་རྒྱུད་གཅིག་གིས་བསྡུས་ཤིང་རང་རིག་པའི་ཕྱིར། ཡིད་ཤེས་རྟོག་མེད་ཀྱི་ཡུལ་དུ་སྒོ་ལྔའི་ཤེས་པ་དང་། ཡིད་རང་དང་བཅས་པ་ཡང་འགྱུར་བས་ཡིད་ནི་ཆོས་ཀུན་གྱི་ཡུལ་ཅན་ཡིན་ལ། དེའི་ཕྱིར་ཡིད་རྟོག་བཅས་ཀྱིས་ནི་ཕྱི་དང་ནང་གི་ཆོས་སོ་


MR22_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་ལ་ཐ་སྙད་བྱེད་དུ་རུང་ཞིང་། དེའི་སྒོ་ནས་ཤེས་བྱ་རྣམས་ལ་མ་རྨོངས་པར་འགྱུར་རོ། །དེས་ན་ཡིད་ནི་ཆོས་ཀུན་གྱི་ཡུལ་ཅན་དང་། ཆོས་རྣམས་ཀྱི་དོན་ཤེས་པར་བྱེད་པ་དང་། འཇུག་ལྡོག་བྱེད་པ་པོ་ཡིན་ལ། ཡིད་དེ་དགེ་ན་ཤེས་པ་གཞན་ཡང་དགེ་བ་སོགས་དང་། ཡིད་དེའི་ཡིད་བྱེད་ཀྱི་དབང་གིས་ཤེས་པ་གཞན་ཡུལ་ལ་འཇུག་ལྡོག་བྱེད་པ་སོགས་ཀྱི་ཕྱིར་ཡིད་ནི་གཙོ་བོ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་ལས། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཤེས་བྱེད་ཐམས་ཅད་བློ་དང་། ཤེས་བྱ་ཐམས་ཅད་ཆོས་སུ་འདུའོ། །བློ་དེ་ལ་སྒོ་ལྔའི་རྣམ་ཤེས་ནི་རྣམ་པ་ཀུན་ཏུ་རྟོག་མེད་ཡིན་ལ། ཡིད་ལ་རྟོག་བཅས་རྟོག་མེད་གཉིས་ཡོད་དེ། རྟོག་མེད་ཀྱི་ཤེས་པའི་ཡུལ་ནི། ཡུལ་དུས་རྣམ་པ་མ་འདྲེས་པ། རང་དུས་ཀྱི་རང་མཚན་མིང་གི་སྒྲ་དང་འདྲེས་སུ་མི་རུང་བའོ། །རྟོག་བཅས་ཀྱི་ཡུལ་ནི་བུམ་པ་སོགས་ཆོས་རྣམས་ཀྱི་རང་རང་གི་དོན་གྱི་སྤྱི་ཙམ་ཞིག་ཡིད་ངོར་སྣང་བ་སྟེ། འདི་ནི་མིང་གི་སྒྲ་དང་འདྲེས་སུ་རུང་བ་ཡིན་པས་འདི་ལ་དོན་སྤྱིའམ་སྒྲ་དོན་ཞེས་བྱ་སྟེ། བརྡ་ལ་བྱང་བ་རྣམས་ཀྱིས་དེ་དང་སྒྲ་བསྲེས་ནས་བཟུང་བ་དེའི་སྒོ་ནས་ཡུལ་དུས་རྣམ་པ་བསྲེས་པའི་ཚུལ་གྱིས་བུམ་པ་ལ་སོགས་པ་ཆོས་རྣམས་ཀྱི་རྣམ་བཞག་སྣ་ཚོགས་བྱེད་དེ། ཤེས་བྱ་དང་། དེའི་དབྱེ་བ་དངོས་དངོས་མེད་གཉིས་དང་། དངོས་པོ་ལ་བེམ་


MR22_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྡན་མིན་འདུ་བྱེད་གསུམ་དུ་དབྱེ་བ་ལྟ་བུའི་ཐ་སྙད་དང་། དེ་དག་གོང་མ་གོང་མར་བསྡུ་བ་དང་། ཤེས་བྱ་དང་དངོས་པོ་ནི་བེམ་པོ་སོགས་ཀྱི་སྤྱི་ཡིན་པ་དང་། བེམ་པོ་སོགས་དེའི་བྱེ་བྲག་ཡིན་པ་དང་། བཏགས་པ་ལ་མི་ལྟོས་པར་རང་ཉིད་རྫས་སུ་ཡོད་པ་སྔོན་པོ་ལྟ་བུ་དང་། བཏགས་པ་ཙམ་གྱིས་ཡོད་པ་སྤྱི་ལ་སོགས་པ་ལྟ་བུ་དང་། རྟོག་མེད་ཤེས་པ་རྣམས་སྣང་བའི་སྒོ་ནས་རྫས་ལ་འཇུག་པ་དང་། རྟོག་བཅས་ཀྱིས་དེ་མིན་གཞན་རྣམ་པར་བསལ་བས། གཞན་སེལ་ལམ། རྣམ་བཅད་དམ། གཞན་ལས་ལྡོག་པའི་སྒོ་ནས་བཏགས་པ་རྣམས་ལ་སེལ་བས་འཇུག་པ་ཡིན་ཞིང་། དེ་འདྲའི་བཏགས་པ་དེ་ལ་ལྡོག་པ་ཞེས་བྱའོ། །གཞན་སེལ་དེ་ལ་དོན་རང་མཚན་དེ་གཞན་ལས་ལོག་པའི་ངོ་བོར་གནས་པའི་ཆ་ནས་དོན་རང་མཚན་གྱི་གཞན་སེལ་དང་། གཞན་སེལ་བ་དང་མཐུན་པར་འཛིན་པའི་བློ་ཡི་གཞན་སེལ་གཉིས་ཡོད་དོ། །སེལ་བའམ་རྣམ་བཅད་དེའི་སྟོབས་ཀྱིས། གཞན་བུམ་པ་མིན་པ་རྣམ་པར་བཅད་ན། བུམ་པ་རང་ཉིད་ཡོངས་གཅོད་དུ་གྲུབ་ཅིང་། བུམ་པའི་སྟེང་ན་མ་བྱས་པ་ལས་ལོག་པའི་ཆ་ནས་བྱས་པ། རྟག་པ་ལས་ལོག་པའི་ཆ་ནས་མི་རྟག་པ་སོགས་ལྡོག་པའི་ཆོས་དུ་མར་འབྱེད་པའི་རྣམ་བཞག་བྱེད་དོ། །ཡང་ཡུལ་ཅན་བློ་ལ་རིགས་བཞི་སྟེ། མ་རྟོགས། ལོག་རྟོག །ཐེ་ཚོམ། ཡང་དག་པར་རྟོགས་པའོ། །མ་རྟོགས་པའི་བྱེ་བྲག་ལ་མངོན་སུམ་སྣང་ལ་མ་ངེས་པ་དང་། རྗེས་དཔག་


MR22_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་ལ་མ་བརྟེན་པའི་ཡིད་དཔྱོད་གཉིས་ནི། ཡིད་ཤེས་ལ་ངེས་པ་འདྲེན་མི་ནུས་པའི་ཆ་ནས་བཞག་པའོ། །ལོག་རྟོག་ནི་ཕྱིན་ཅི་ལོག་ཏུ་འཛིན་པའོ། །ཐེ་ཚོམ་ནི་རྩེ་གཉིས་སུ་འཇུག་པ་ཕྱོགས་མ་ཆོད་པའོ། །ཡང་དག་པར་རྟོགས་པ་ལ་རྒྱུ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས་སོ། །དེ་གཉིས་ཀྱི་འབྲས་བུ་བཅད་ཤེས་ཏེ་ངེས་ཤེས་སོ། །ཡུལ་ལ་སྣང་ཡུལ་ནི་རྟོག་མེད་ཤེས་པའི་ཡུལ་གཟུགས་སོགས་ལྟ་བུ་ཞེན་ཡུལ་ནི་རྟོག་བཅས་ཀྱི་ཤེས་པས་དོན་སྤྱི་ལ་ཡུལ་དུ་ཞེན་པ། དེ་གཉིས་ཀར་ཡང་སྐྱེས་བུའི་འཇུག་ལྡོག་གི་ཡུལ་དུ་བྱེད་པའི་ཆ་ནས་འཇུག་ཡུལ། བློས་བཟུང་བར་བྱ་བའི་ཡུལ་ཡིན་པའི་ཆ་ནས་གཟུང་ཡུལ་ཞེས་བརྗོད་ལ། དེ་ལྟར་ཡུལ་ཡུལ་ཅན་གྱི་རྣམ་བཞག་དང་། ཡང་འགལ་འབྲེལ་གྱི་རྣམ་བཞག་ལ། འགལ་བ་གཉིས་ཏེ་རྒྱུན་ནུས་མཚུངས་སུ་མི་འགྲོགས་པ་ལྷན་ཅིག་མི་གནས་འགལ་ཡིན་ལ། དེ་ལ་བདག་འཛིན་དང་བདག་མེད་འཛིན་པ་ལྟ་བུ་བློ་འགལ་དང་། ཚ་རེག་གྲང་རེག་ལྟ་བུ་དོན་འགལ་དང་གཉིས་ཡོད། ཕན་ཚུན་སྤང་འགལ་ལ་དངོས་འགལ་རྟག་མི་རྟག་ལྟ་བུ། བརྒྱུད་འགལ་འགལ་ཟླའི་ཁྱབ་བྱ་དང་འགལ་ཟླ་ཅིག་ཤོས་ཏེ། རྟག་པ་དང་། བྱས་པ་ལྟ་བུ་གཉིས་སོ། །འབྲེལ་བ་ལ་བྱས་མི་རྟག་ལྟ་བུ་ལྡོག་པ་ཐ་དད་ཀྱང་བུམ་པའི་ཆོས་སུ་ངོ་བོ་ཐ་དད་མེད་པ་ལྟ་བུ་བདག་གཅིག་འབྲེལ། མེ་དུ་ལྟ་བུ་དེ་བྱུང་འབྲེལ་གཉིས་སུ་ཡོད་དོ། །ཡང་བུམ་པ་ཞེས་


MR22_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཏགས་དོན་ལྟོ་ལྡིར་བ་བུམ་པ་འཇོག་བྱེད་ཀྱི་མཚན་ཉིད། དེས་བཞག་པའི་བུམ་པའི་ཐ་སྙད་མཚོན་བྱ། དེ་གཉིས་གང་ལ་སྒྲུབ་པའི་གཞིར་མཚོན་བྱའི་བྱེ་བྲག་ལས་གསེར་གྱི་ལྟོ་ལྡིར་བའི་གོང་བུ་འཛིན་པ་མཚན་གཞི་ལྟ་བུ་སྟེ། དེ་ལྟར་མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་དང་། ཡང་བུམ་པ་ལྟ་བུ་ཁྱད་གཞི་ཆོས་ཅན་དང་། དེའི་སྟེང་དུ་ཁ་ཁྱེར་དང་ལྟོ་བ་འདབ་མ་སོགས་དང་བྱས་མི་རྟག་སོགས་ཆོས་ཇི་སྙེད་ཡོད་པ་ཁྱད་པར་གྱི་ཆོས་ཞེས་བྱ་བའི་རྣམ་བཞག་དང་། ཡང་བརྗོད་བྱ་རྗོད་བྱེད་ཀྱི་རྣམ་བཞག་ནི། བརྟག་བྱ་ཕྱི་རོལ་ཀྱི་དོན་དང་། དེའི་དོན་སྤྱི་བློ་ལ་སྣང་བའི་སྣང་བརྟགས་གཅིག་ཏུ་བསྲེས་ནས་བརྡའ་རྣམས་དོན་ལ་འབྱོར་པར་འགྱུར་ལ། དེ་ལ་དཔྱད་ན་མིང་གི་སྒྲའི་དངོས་ཀྱི་བརྗོད་བྱ་དོན་སྤྱི། ཞེན་པའི་བརྗོད་བྱ་དོན་རང་མཚན། དངོས་ཀྱི་རྗོད་བྱེད་སྒྲ་སྤྱི། ཞེན་པའི་རྗོད་བྱེད་སྒྲ་རང་མཚན་ཡིན་ཀྱང་། ཡིད་རྟོག་བཅས་ཀྱིས་སྒྲ་དང་སྒྲ་སྤྱི་གཅིག་ཏུ་བསྲེས་ཏེ་རྗོད་བྱེད་དང་། དོན་དང་དོན་སྤྱི་གཅིག་ཏུ་བསྲེས་ཏེ་བརྗོད་བྱར་བཟུང་ནས། རྗོད་བྱེད་ཀྱི་ཚིག་ལས་བརྗོད་བྱའི་དོན་རྟོགས་པ་ཡིན་ནོ། །དེ་ལ་སོགས་པའི་ཐ་སྙད་དོན་མཐུན་གྱི་རྣམ་བཞག་འདི་དག་ལ་བརྟེན་ནས་ཤེས་བྱའི་དོན་ལ་མ་རྨོངས་པར་འགྱུར་པ་ཡིན་ནོ། །ཐ་སྙད་དེ་ལ་ཤེས་བརྗོད་འཇུག་གསུམ་དུ་བཞག་པ་ནི་སེམས་དང་ངག་དང་ལུས་ཀྱི་སྒོ་ནས་སོ། །ཐ་སྙད་བྱེད་པའི་རྒྱུའི་སྒོ་ནས་དབང་ཤེས་ཀྱིས་མངོན་


MR22_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མཐོང་ནས་ཐ་སྙད་བྱེད་པ་མཐོང་བའི་ཐ་སྙད། དེ་བཞིན་དུ་ཡིད་ཆེས་པའི་ཚིག་ལས་ཐོས་པ་དང་། རང་གི་ཡིད་ཀྱིས་དཔྱད་ནས་བྱེ་བྲག་ཕྱེད་པ་དང་། རང་རིག་པས་ཉམས་སུ་མྱོ༷ང་བ་ལས་ཐ་སྙད་བྱེད་པའི་ཚུལ་བཞི་དང་། ཡང་ཡིན་ཡོད་དུ་སྒྲུབ་པ་དང་། མེད་མ་ཡིན་དུ་དགག་པ་སྟེ། སྒྲུབ་ཚུལ་གྱི་ཐ་སྙད་དགག་སྒྲུབ་ཀྱི་ཡན་ལག་བཞིའོ། །འདི་རྣམས་ཀྱིས་མཚོན་ནས་ཐ་སྙད་ཀྱི་རྣམ་བཞག་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་དེ་ཡང་། གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་དང་ཁམས་བཅུ་དང་། ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །དེའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་འདི་ཕུང་ལྔའི་ནང་ཚན་གྱི་གཟུགས་སུ་བརྗོད་ཀྱི་ཡུལ་ལྔའི་ནང་ཚན་གྱི་གཟུགས་ཁོ་ན་མིན་ནོ། །གཟུགས་བརྙན་དང་སྒྲ་བརྙན་ལྟ་བུ་མིག་རྣའི་ཤེས་པའི་ཡུལ་ཙམ་མིན་པར་ཐ་སྙད་དུ་ཁས་ལེན་པ་ལ་འགལ་བ་མེད་ཀྱང་། དེ་དག་ལ་གཟུགས་སྒྲ་རང་མཚན་པ་གང་ཡང་མེད་པས་མེད་པ་གསལ་སྣང་ཙམ་སྟེ་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སུ་བསྡུ་ཡི། གཟུགས་སྒྲའི་སྐྱེ་མཆེད་དུ་མི་བསྡུའོ། །ཡུལ་ལྔའི་བྱེ་བྲག་ཏུ་གྱུར་པའི་གཟུགས་ལ། བསྟན་ཡོད་ཐོགས་བཅས་ནི་ཀ་བུམ་སོགས་ཀྱི་གཟུགས་ལྟ་བུའོ། །བསྟན་མེད་ཐོགས་བཅས་ནི་དབང་རྟེན་མིག་སོགས་མཐོང་བྱ་འདིའི་ནང་ན་ཤིན་ཏུ་དྭངས་པ་ཉི་འོད་ལྟར་ཡོད་པ་ཕལ་པས་དབང་པོས་གཟུང་དུ་མེད་ཀྱང་ཐོགས་བཅས་སུ་


MR22_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །བསྟན་མེད་ཐོགས་མེད་ནི་རྣམ་པར་རིག་བྱེད་མིན་པའི་གཟུགས་ཏེ་དེ་གསུམ་ཙམ་གསུངས་ཀྱང་། གཟུགས་བརྙན་ལ་བསྟན་ཡོད་ཐོགས་མེད་ཀྱི་གཟུགས་ཀྱི་ཐ་སྙད་ཙམ་འདོགས་རུང་བར་མངོན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང་ཤེས་པའི་ཁམས་བདུན་གྱིས་བསྡུས་སོ། །ཕུང་པོ་གཞན་གསུམ་དང་། གཟུགས་ཕུང་གི་ཕྱོགས་གཅིག་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་དང་འདུས་མ་བྱས་དང་བཅས་པ་ནི་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །དེ་ཐམས་ཅད་གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་གསུམ་གྱི་ནང་དུ་འདུའོ། །ཡང་ཤེས་བྱ་གཞི་ལྔར་འདུ་སྟེ། སྣང་བ་གཟུགས་ཀྱི་གཞི་ནི། གཟུགས་ཀྱི་ཕུང་པོ་སྔར་ཇི་སྐད་བཤད་པ་བཞིན་ནོ། །གཙོ་བོ་སེམས་ཀྱི་གཞི་ནི། རྣམ་པར་ཤེས་པ་ཚོགས་དྲུག་གམ་བརྒྱད་པོ་དེའོ། །འཁོར་སེམས་བྱུང་གི་གཞི་ནི་སེམས་བྱུང་རྣམས་ཏེ་ཚོར་བ་དང་འདུ་ཤེས་དང་བཅས་པའི་སེམས་བྱུང་ང་གཅིག་གོ། །ལྡན་མིན་འདུ་བྱེད་ནི་སྔར་བཤད་པ་བཞིན་དང་། འདུས་མ་བྱས་ཀྱི་གཞི་ནི་ཆོས་ཀྱི་ཁམས་སུ་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །སྐྱེ་མཆེད་ཀྱི་སྐབས་སོ།། །།རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། ཕྱི་དང་ནང་གིས་བསྡུས་པའི་ཆོས་འདི་རྣམས་རྒྱུ་མེད་པར་བྱུང་བ་མ་ཡིན། རྒྱུ་མིན་པ་བདག་དང་དུས་དང་དབང་ཕྱུག་སོགས་བྱེད་པོ་རྟག་པ་གཞན་


MR22_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུ་ལས་བྱུང་བ་མ་ཡིན་ལ། རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་སྐྱེ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྟེ། ཚུལ་འདི་ལྟ་བུར་སྨྲ་བ་ནི་སངས་རྒྱས་ཀྱི་གསུང་ཐུན་མོང་མིན་པའི་རང་ལུགས་སོ། །དེ་ལ་ཕྱིའི་ཆོས་ཐམས་ཅད་ནི་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་ལ། ནང་གི་ཆོས་སེམས་ཅན་མཆོག་དམན་བར་མའི་ཕུང་པོ་ཐམས་ཅད་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འབྱུང་ངོ་། །དེ་ཇི་ལྟར་ན་ཕྱིའི་རྟེན་འབྲེལ་ནི་རྒྱུ་དང་འབྲེལ་བ་བདུན་དང་། རྐྱེན་དང་འབྲེལ་བ་དྲུག་གི་ཚུལ་གྱིས་ས་བོན་ལས་མྱུ་གུ་སོགས་འབྱུང་བའི་དཔེས་མཚོན་ནས་ཤེས་པར་བྱ་སྟེ། རྒྱུ་དང་འབྲེལ་བ་ནི། ས་བོན་དང་། མྱུ་གུ་དང་། འདབ་མ་དང་། སྡོང་བུ་དང་། སྦུ་གུ་དང་། སྙིང་པོ་དང་། མེ་ཏོག་དང་། འབྲས་བུ་རྣམས་སྔ་མ་ལས་ཕྱི་མ་རིམ་བཞིན་སྐྱེ་བ་ཉེར་ལེན་གྱི་རྒྱུའི་དབང་དུ་བྱས་ཏེ་གསུངས་སོ། །རྐྱེན་དང་འབྲེལ་བ་ནི། ས་ཆུ་མེ་རླུང་ནམ་མཁའ་དུས་དང་དྲུག་སྟེ། རིམ་པ་ལྟར་བརྟེན་པ་དང་སྡུད་པ་དང་སྨིན་པ་དང་འཕེལ་བ་དང་གོ་འབྱེད་པ་དང་རིམ་པས་འགྱུར་བར་བྱེད་དེ། ལྷན་ཅིག་བྱེད་པའི་རྐྱེན་འདི་དག་གིས་མྱུ་གུ་ནས་འབྲས་བུའི་བར་དུ་དྲུག་པོ་འབྱུང་བའི་གྲོགས་བྱེད་དོ། །ནང་གི་རྟེན་འབྲེལ་ལ་རྒྱུ་དང་འབྲེལ་བ་ནི་ཡན་ལག་བཅུ་གཉིས་ཏེ། གང་ཞེ་ན་མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་


MR22_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་ན་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ནས། དེ་བཞིན་དུ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག །རེག་པ།ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་བར་དུ་སྦྱར་ཞིང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག་སོགས་ནས། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བདེན་དོན་མི་ཤེས་ཤིང་། ཁམས་གསུམ་གྱི་རང་སའི་ཕུང་པོ་རྣམས་ལ། རྟག་པ་དང་བདེ་བ་དང་བདག་དང་རིལ་པོ་དང་གཅིག་པུ་དང་སེམས་ཅན་དང་བདག་གིར་འདུ་ཤེས་པ་ལ་སོགས་པ་དངོས་པོའི་རང་བཞིན་དང་མི་མཐུན་པར་ཕྱིན་ཅི་ལོག་ཏུ་འཛིན་པའི་རྨོངས་པ་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཀུན་རྟོག་དེ་ལ་མ་རིག་པ་ཞེས་བྱའོ། །བདག་ཏུ་འཛིན་པའི་མ་རིག་པ་དེ་ཡོད་ན་དེའི་དབང་གིས་ཆགས་སྡང་གཏི་མུག་གིས་བསྐྱེད་པའི་ལས་བསོད་ནམས་དགེ་བ་དང་། བསོད་ནམས་མིན་པ་མི་དགེ་བ་དང་། མི་གཡོ་བའི་ལས་རྣམས་འབྱུང་བས་ནི། རྣམ་ཤེས་ལ་ཡང་སྲིད་ཀྱི་


MR22_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་འདེབས་པས་འདུ་བྱེད་ཅེས་བྱ་སྟེ། དགེ་བས་མཐོ་རིས་ཀྱི་རྟེན་དང་བདེ་བ། མི་དགེ་བས་ངན་སོང་གི་རྟེན་དང་སྡུག་བསྔལ། མི་གཡོ་བས་ཁམས་གོང་མ་གཉིས་ཀྱི་ཡང་སྲིད་འདུ་བྱེད་དོ། །འདུ་བྱེད་དེས་ཕྱི་མའི་སྲིད་པའི་སྐྱེ་གནས་སུ་འགྲོ་བའི་རྣམ་ཤེས་འབྱུང་བར་བྱེད་དེ། ཡང་སྲིད་འཕེན་བྱེད་ཀྱི་ས་བོན་རྣམ་ཤེས་ལ་བཞག་པ་འཕེན་བྱེད་ཀྱི་རྣམ་ཤེས་དང་། ནམ་ཞིག་རྐྱེན་ཚོགས་ནས་སྲིད་པའི་སྐྱེ་གནས་སུ་ཁྲིད་པ་འཕངས་འབྲས་ཀྱི་རྣམ་ཤེས་ཞེས་བྱ་ཞིང་། དེ་གཉིས་ཀ་དོན་དུ་ཡང་སྲིད་འགྲུབ་བྱེད་རྣམ་ཤེས་ཀྱི་ཡན་ལག་ཏུ་གཅིག་གོ། རྣམ་ཤེས་དེའི་དབང་གིས་མངལ་དུ་ཉིང་མཚམས་སྦྱར་བ་ན་རྣམ་ཤེས་དང་ཚོར་འདུ་འདུ་བྱེད་དེ་མིང་བཞི་དང་། དེ་དང་ལྷན་ཅིག་པའི་མེར་མེར་པོ་ལ་སོགས་པ་གཟུགས་ཏེ་མིང་གཟུགས་ཀྱི་ཡན་ལག་དེ་དག་མདུང་ཁྱིམ་ལྟར་ཕན་ཚུན་བརྟེན་པའི་ཚུལ་གྱིས་སྲིད་པའི་ལུས་ཀུན་ནས་འཛིན་པ་འབྱུང་ངོ་། །དེ་ལས་མིང་གཟུགས་ཀྱི་གནས་སྐབས་ཡོངས་སུ་རྫོགས་པ་ནང་གི་མིག་སོགས་སྐྱེ་མཆེད་དྲུག་འབྱུང་ངོ་། །དེ་ལས་ཡུལ་དབང་ཤེས་གསུམ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་མིག་གི་འདུས་ཏེ་རེག་པ་སོགས་དྲུག་འབྱུང་བ་ནི་རེག་པའི་ཡན་ལག་གོ། རེག་པ་དེ་ལས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་ཆ་ལ་ཉེ་བར་ལོངས་སྤྱོད་པ་འབྱུང་བ་ནི་ཚོར་བའི་ཡན་


MR22_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གོ། ཚོར་བ་དེ་ལ་བརྟེན་ནས་ཚོར་བ་བདེ་བ་ལ་མི་འབྲལ་བར་འདོད་པའི་འདོད་སྲེད། མི་བདེ་བ་ལ་འདོར་བར་འདོད་པའི་འཇིགས་སྲེད། བཏང་སྙོམས་ལ་རང་གར་གནས་ཤིང་། གཟུགས་ནས་ཆོས་ཀྱི་བར་ཡུལ་དྲུག་པོ་དེ་ལ་སྲེད་པ་སྐྱེ་སྟེ། མདོར་ན་ཚོར་བའི་རྒྱུ་ལས་ཡུལ་གྱི་རོ་མྱང་བ་དང་དགའ་ཞིང་ཞེན་པ་སྐྱེ་བས་ཡུལ་སྡུད་པ་ནི་སྲེད་པའི་ཡན་ལག་གོ། འདི་ལ་འདོད་གཟུགས་གཟུགས་མེད་ཀྱི་སྲེད་པ་གསུམ་སོགས་སུ་དབྱེར་ཡོད་དོ། །སྲེད་པ་དེ་ལས་བདག་སྡུག་པ་དང་བདེ་བའི་ངོ་བོ་ལས་བྲལ་བར་མ་གྱུར་ཅིག །ཅེས་བརྐམ་ཆགས་ཀྱི་སྲེད་པ་ལྷག་པར་འཕེལ་ཏེ། ཡུལ་དང་དུ་ལེན་པ་ལ་དངོས་སུ་སྦྱོར་པ་ནི་ལེན་པའི་ཡན་ལག་སྟེ། འདི་ལ་དབྱེ་བ་བྱས་ན། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞིར་ཡང་གསུངས་སོ། །ལེན་པ་དེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྲིད་པ་ཕྱི་མ་འགྲུབ་པའི་ལས་མངོན་དུ་བྱས་པ་ནི་སྲིད་པའི་ཡན་ལག་སྟེ་ཁམས་གསུམ་གྱི་སྲིད་པ་གསུམ་སོགས་སུ་དབྱེར་ཡོད་དོ། །སྲིད་པ་དེའི་མཐུས་ནམ་ཞིག་རྐྱེན་ཚོགས་པ་ན། ཡང་སྲིད་ཀྱི་སྐྱེ་གནས་དེར་དངོས་སུ་དང་པོར་སྐྱེ་བ་དང་ལུས་རྫོགས་པ་དང་རིས་མཐུན་པར་གནས་པ་ནི་སྐྱེ་བའི་ཡན་ལག་སྟེ། དེ་ནི་རྟེན་དེ་ལ་སྡུག་བསྔལ་ཇི་སྙེད་མྱོང་བའི་གཞིར་གྱུར་པ་ཡིན་ནོ། །སྐྱེ་བ་དེ་


MR22_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕུང་པོའི་རྒྱུན་འགྱུར་པའི་རྒ་བ་དང་། རྒྱུན་འགགས་པའི་ཤི་བ་དང་། དེས་མཚོན་ནས་ནང་གི་ཡོངས་སུ་གདུང་བ་མྱ་ངན་དང་། དེ་ལས་བྱུང་བའི་ཚིག་སྨྲ་བ་སྨྲེ་སྔགས་འདོན་པ། སྒོ་ལྔའི་ཤེས་པ་དང་མཚུངས་ལྡན་གྱི་སྡུག་བསྔལ་བ། ཡིད་ཤེས་དང་མཚུངས་ལྡན་གྱི་ཡིད་མི་བདེ་བ། གཞན་ཡང་ཉམས་སུ་མི་བདེ་བའི་ཉེ་ཉོན་རྣམས་འབྱུང་བ་འཁྲུགས་པ་སྟེ། དེ་ལྟར་མདོར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་ནི་འཁོར་བར་སྐྱེ་བ་ལས་བྱུང་བའོ། །སྐྱེ་བ་དེ་ཡང་སྲིད་པ་ལས་བྱུང་བ་སོགས་ཡན་ལག་སྔ་མ་སྔ་མ་འདི་དག་ཡོད་པས་ཕྱི་མ་ཕྱི་མ་དག་ཡོད་པའི་ཐ་སྙད་འབྱུང་ལ། སྔ་མ་དག་སྐྱེས་པས་ཕྱི་མ་སྐྱེ་བའི་དོན་བྱེད་པ་ཡིན་ཞིང་། སྔ་མ་མེད་པ་དང་མ་སྐྱེས་པ་ན་ཕྱི་མ་འདི་མི་འབྱུང་ལ་མི་སྐྱེ་བ་ཡིན་པས། སྡུག་བསྔལ་གྱི་ཕུང་པོ་འགག་པར་འགྱུར་རོ། །རྐྱེན་དང་འབྲེལ་བ་ནི་མ་རིག་པ་སོགས་ཉོན་མོངས་རྣམས་དམིགས་པའི་ཡུལ་དང་ནང་གི་དབང་པོ་སོགས་ཀྱིས་ཀྱང་གྲོགས་བྱས་ནས་སྐྱེ་ལ། ལས་ཀྱང་དེ་བཞིན་ཏེ། སྡུག་བསྔལ་གྱི་གཞི་མིང་གཟུགས་སོགས་བདུན་ནི། ནང་གི་སའི་ཁམས་སྲ་བ་དང་། ཆུ་གཤེར་བ་དང་། མེ་དྲོ་བས་ཟས་སོགས་འཇུ་བ་དང་། དབུགས་འབྱིན་རྔུབ་སོགས་རླུང་གི་ཁམས་དང་། གོ་འབྱེད་པའི་བུ་ག་རྣམས་ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཏེ་ཁམས་དྲུག་གིས་ལྷན་ཅིག་


MR22_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྐྱེན་བྱས་ནས་སྐྱེ་བར་བྱེད་དོ། །མིག་ཤེས་ནི་རྟེན་མིག་དབང་དང་། དམིགས་པ་གཟུགས་དང་། མངོན་པར་སྣང་བ་དང་། མི་སྒྲིབ་པ་ནམ་མཁའ་དང་། བསམ་པ་ཡིད་བྱེད་ལྔས་ལྷན་ཅིག་བྱས་ནས་སྐྱེ་བ་དེ་བཞིན་དུ་ཤེས་པ་གཞན་ལའང་ཅི་རིགས་སུ་སྦྱར་ཏེ་ཤེས་པར་བྱའོ། །དེ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་ཇི་ཙམ་ཚོགས་དགོས་པ་ལས་གང་ཡང་རུང་བ་མ་ཚང་ན་མི་སྐྱེ་ལ། ཚང་ན་ངེས་པར་སྐྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངང་ཚུལ་ཏེ། ཐོག་མ་མེད་པའི་དུས་ནས་རྒྱུན་གྱི་འཇུག་པ་འདི་ལ་བྱེད་པ་པོ་བདག་དང་དབང་ཕྱུག་སོགས་གང་ཡང་མེད་ལ། རྒྱུ་རྣམས་ཀྱིས་རང་འབྲས་འདི་དག་སྐྱེད་དོ་སྙམ་དུ་མི་རྟོག །འབྲས་བུ་རྣམས་ཀྱིས་བདག་འདིས་སྐྱེད་དོ་སྙམ་དུ་མི་རྟོག་ཀྱང་། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཁྱད་པར་ལྔ་ལྡན་དུ་འབྱུང་སྟེ། གང་ཞེ་ན། ས་བོན་མ་འགགས་པར་ཡོད་བཞིན་མྱུ་གུ་སྐྱེ་བ་མིན་པར་ས་བོན་འགགས་ནས་མྱུ་གུ་སྐྱེ་བའི་ཕྱིར་རྟག་པ་མིན་པ་དང་། ས་བོན་འགགས་ཏེ་རྒྱུན་ཆད་པ་ལས་སྐྱེ་བ་མིན་པར་ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་སྲང་མདའི་མཐོ་དམན་བཞིན་དུ་བར་མ་ཆད་པར་འབྱུང་བས་ཆད་པ་མིན་པ་དང་། ས་མྱུག་དེ་གཉིས་ངོ་བོ་དང་བྱེད་ལས་ཀྱི་སྒོ་ནས་གཅིག་མིན་པས་སྔ་མ་ཕྱི་མར་འཕོས་པ་མིན་པ་དང་། ས་བོན་ཆུང་ངུས་འབྲས་བུ་ཆེ་བ་འབྱིན་པས་རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་འགྲུབ་པ་དང་།


MR22_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གྲོ་ཡི་ས་བོན་ལས་གྲོ་ཡི་མྱུ་གུ་དང་། དགེ་བ་ལས་བདེ་བ་ལྟ་བུ་རྒྱུ་དང་འབྲས་བུ་འདྲ་བའི་རྒྱུད་དམ་མཐུན་པ་ལྔ་ཡི་ཚུལ་དུ་ཕྱི་ནང་གི་རྒྱུ་འབྲས་རྣམས་ཤེས་པར་བྱ་སྟེ། དཔེ་ཇི་ལྟར་ན། ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྒྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། དེ་ལྟར་རྟོགས་ན་ཆོས་འདི་དག་རྟེན་འབྲེལ་གྱི་སྣང་བ་བསླུ་མེད་ཙམ་ལས། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མ་བྱུང་བས་མ་སྐྱེས་པ། དུས་དང་དབང་ཕྱུག་སོགས་བྱེད་པོས་མ་བྱས་པ། སྲོག་དང་གང་ཟག་དང་བྱེད་པ་པོ་དང་བདག་དང་ཆོས་ཀྱི་ངོ་བོ་མེད་པ། གསོག་དང་གསོབ་དང་རང་བཞིན་མེད་པར་ཤེས་ནས། བདག་སྔོན་དང་ད་ལྟ་ཕྱི་མར་ཅི་ལྟར་གྱུར་བའི་མཐའ་ལ་རྟོག་པ་སོགས་ཀྱི་གཡོ་བ་དང་བྲལ་ཏེ་ཕྱིས་མི་སྐྱེ་བར་བྱེད་པའི་བཟོད་པ་དང་ལྡན་པ་དེ་ལ་སངས་རྒྱས་རྣམས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་ནི་མ་རིག་པ་མ་སྤངས་ཀྱི་བར་དུ་རྒྱུན་གྱིས་འཇུག་སྟེ། སྔོན་གྱི་དུས་ཀྱི་རྒྱུ་མ་རིག་པ་དང་འདུ་བྱེད་ཀྱིས་ནི་ད་ལྟའི་འཕངས་འབྲས་ཀྱི་རྣམ་ཤེས་ནས་ཉོན་མོངས་སྲེད་ལེན་གྱིས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་བསགས་པ་སྲིད་པའི་བར་དུ་འབྱུང་ལ། དེ་ལས་སླད་མའི་ཚེ་ལས་དང་མཐུན་པར་གནས་རིས་གང་


MR22_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱེ་བ་ལེན་ཅིང་། རྟེན་དེས་འཁོར་བའི་སྡུག་བསྔལ་རྒ་ཤི་སོགས་མྱོང་ངོ་། །དེ་ལྟར་གྱུར་པའི་རྟེན་དེ་ལ་ཡང་། གཟུགས་ཅན་གྱི་སེམས་ཅན་རྣམས་ལ་རྣམ་ཤེས་ནས་སྲིད་པའི་བར་འབྱུང་ཞིང་། གཟུགས་མེད་དུ་སྐྱེ་བ་ན་རྣམ་ཤེས་ནས་མིང་བཞིའི་ཕུང་པོས་བསྡུས་པའི་སྲིད་པའི་བར་དུ་འབྱུང་ལ། གང་དང་གང་དུ་སྐྱེས་ཀྱང་དེའི་སྐྱེ་བ་དང་རྒ་ཤི་འབྱུང་སྟེ། སླར་ཡང་ལས་ཉོན་གྱི་འཕངས་ནས་སྐྱེ་བ་གཞན་ལེན་པས། དེ་ལྟར་མགལ་མེའི་འཁོར་ལོ་དང་ཟོ་ཆུན་ཁྱུད་མོ་ལྟར་ཁམས་གསུམ་སྲིད་པར་ཡང་ནས་ཡང་དུ་འཁོར་ཞིང་འཕྱན་པར་འགྱུར་རོ། །དེ་ལྟར་རྒྱུན་ཆགས་སུ་འབྱུང་ཚུལ་སྤྱིར་ཤེས་པར་བྱས་ནས་ཚེ་དུ་ལ་རྫོགས་དཔྱད་ན་སྔོན་དང་། ད་ལྟ་ཕྱི་མའི་སྐྱེ་བ་གསུམ་ལ་རྫོགས་ཚུལ་བཤད་མ་ཐག་པ་ལྟར་དང་། ཚེ་སྔོན་མའི་གནས་སྐབས་ཀྱི་ཕུང་པོས་བསྡུས་པའི་མ་རིག་པ་དང་། སྲེད་ལེན་གྱི་དབང་གི་ལས་འདུ་བྱེད་པ་དག་གིས་འཕངས་པའི་ཕྱི་མའི་སྐྱེ་བ་ལེན་ཞིང་དེ་ལ་རྣམ་ཤེས་ནས་སྲིད་པའི་བར་དང་རྒ་ཤི་ཡང་འབྱུང་བས་ཚེ་གཉིས་ཀྱིས་རྫོགས་པའང་ཡོད་དོ། །གང་ལྟར་ཡང་གཅིག་ལ་གཅིག་བརྟེན་ནས་རྒྱུ ན་ཆགས་པར་འབྱུང་བས་འདི་ལ་རྒྱུན་ཆགས་པའི་རྟེན་འབྲེལ་ཞེས་བྱའོ། །གཞན་ཡང་བྱ་བ་རྫོགས་པའི་སྐད་ཅིག་ལ་བཅུ་གཉིས་ཚང་ཚུལ། སྲོག་གཅོད་པ་ལྟ་བུ་ལ་མཚོན་ན། མི་ཤེས་པས་འཇུག་པ་མ་རིག་པ། དེ་བཞིན་དུ་ལས་དེ་འདུ་བྱེད་པ། དེ་དུས་


MR22_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེས་པ་འབྱུང་བ། དེ་དུས་ཀྱི་མིང་གཟུགས་དང་། སྐྱེ་མཆེད་དྲུག་མཚོན་བསྣུན་པ་སོགས་ཀྱི་རེག་པ། དེ་དུས་རང་གཞན་གྱི་བདེ་སྡུག་མྱོང་ཞིང་ཚོར་བ། དེ་ལ་དགའ་བས་འཇུག་ཅིང་སྲེད་པ། དེ་ལས་ཕྱི་མའི་ཆ་དང་དུ་ལེན་པ། ལས་བྱེད་དུས་ཀྱི་ཕུང་པོ་སྲིད་པ། དེ་ལས་ད་ལྟ་དང་ཕྱི་མའི་ཆ་སྐྱེ་བ། དེ་འགྱུར་ཞིང་འགག་པ་རྒ་ཤིའི་ཡན་ལག་གི་ཚུལ་དུ་འདོད་དེ་སྐད་ཅིག་མའི་རྟེན་འབྲེལ་ལོ། །རྒྱུན་ཆགས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་ན། མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་གསུམ་ནི་འཕེན་པའི་ཡན་ལག །མིང་གཟུགས་ནས་ཚོར་བའི་བར་བཞི་འཕངས་འབྲས་ཀྱི་ཡན་ལག །སྲེད་ལེན་སྲིད་པ་གསུམ་མངོན་པར་འགྲུབ་པའི་ཡན་ལག །སྐྱེ་བ་དང་རྒ་ཤི་གཉིས་མངོན་པར་གྲུབ་པའི་ཡན་ལག་སྟེ་བཞིར་འགྱུར་རོ། །ཡང་གསུམ་དུ་སྡུད་དེ་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སོ། །ལྷག་མ་བདུན་ནི་སྡུག་བསྔལ་གྱི་གཞི་བདུན་ནོ། །འདི་གསུམ་ལ་རིམ་པ་ལྟར་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ། ལས་ཀྱི་ཀུན་ནས་ཉོན་མོངས་པ། ཚེའམ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་འདོགས་ཏེ་འགྲོ་བ་རྣམས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ཡང་རིམ་པ་ལྟར་ཉོན་མོངས་པའི་གཞན་དབང་དང་། ལས་ཀྱི་གཞན་དབང་དང་། སྡུག་བསྔལ་གྱི་གཞན་དབང་ཞེས་ཀྱང་བརྗོད་དོ། །


MR22_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་གསུམ་ལས་ལས་གཉིས་འབྱུང་ལ། དེ་ལས་སྡུག་བསྔལ་གྱི་གཞི་བདུན་འབྱུང་ཞིང་། བདུན་པོ་ལས་སླར་ཡང་ཉོན་མོངས་དང་ལས་འབྱུང་སྟེ་དེ་ལྟར་རྒྱུན་གྱིས་འཁོར་རོ། །ཡན་ལག་བཅུ་གཉིས་ཀྱི་ནང་ནས་ལས་ཉོན་ལྔ་དང་རྣམ་ཤེས་རྣམས་ནི་ཡན་ལག་གཞན་རྣམས་སྡུད་པར་བྱེད་པའི་རྒྱུ་སྟེ། མ་རིག་པ་དང་། ལས་དང་། སྲེད་པ་དང་། རྣམ་ཤེས་བཞིའོ། །སྲེད་ལེན་གཉིས་སྲེད་པ་དང་། འདུ་བྱེད་སྲིད་པ་གཉིས་ལས་ཡིན་ནོ། །དེ་ལ་རྣམ་ཤེས་ནི་ས་བོན་ལྟ་བུ། ལས་ཞིང་ས། སྲེད་པ་རླན། མ་རིག་པ་འདེབས་བྱེད་དང་ལུད་ལྟ་བུ་སྟེ། དེ་བཞིས་སྲིད་པའི་སྐྱེ་གནས་རྣམས་སུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བྱེད་དོ། །ལུགས་འབྱུང་གི་རྟེན་འབྲེལ་དེ་དག་བསྡུས་ན་ལས་ཉོན་ལྔ་ནི་རྒྱུ་ཀུན་འབྱུང་གི་བདེན་པས་བསྡུས་ལ། ལྷག་མ་བདུན་ནི་སྡུག་བདེན་གྱིས་བསྡུས་པའོ། །ལུགས་ལྡོག་གི་དབང་དུ་བྱས་ན་བདེན་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་མ་རིག་པ་སྤངས་ནས་ལས་ཉོན་ལྔ་ལྡོག་པ་ལམ་བདེན་དང་། སྡུག་བསྔལ་གྱི་གཞི་བདུན་དེ་བཞིན་ཉིད་དུ་འགོག་པ་འགོག་བདེན་ཏེ་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་རང་བཞིན་ནོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་སངས་རྒྱས་ཀྱི་གསུང་གི་མཛོད་ཀྱི་ནང་ན་གཅེས་པ་ཟབ་མོར་གྱུར་པ་སྟེ། སུས་ཤེས་རབ་ཀྱི་སྤྱན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་འཕགས་ལམ་བརྒྱད་ཀྱི་རང་བཞིན་ཅན་གྱི་ཆོས་མཐོང་


MR22_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ཡེ་ཤེས་ཀྱི་གཟིགས་པས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པ་སངས་རྒྱས་ཆོས་ཀྱི་སྐུ་མཐོང་བ་ཡིན་ནོ། །ཞེས་གསུངས་སོ། །རྟེན་འབྲེལ་གྱི་སྐབས་སོ།། །།གནས་དང་གནས་མ་ཡིན་པ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་སྟེ། རྒྱུ་གང་ལས་གང་འབྱུང་མི་འབྱུང་གི་ཁྱད་པར། དགེ་བའི་ལས་ལས་བདེ་བ་འབྱུང་ཞིང་སྡུག་བསྔལ་མི་འབྱུང་བ་དང་། འབྲས་ཀྱི་ས་བོན་ལས་རང་གི་མྱུ་གུ་སྐྱེ་ལ་ནས་ཀྱི་མྱུ་གུ་མི་སྐྱེ་བ་ལྟ་བུ་དང་། གང་བདག་མེད་པར་རྟོགས་པ་ལས་ཐར་པ་ཐོབ་པ་གནས་ཡིན་ལ། བདག་ཡོད་པར་འཛིན་པ་ལས་ཐར་པ་ཐོབ་པ་གནས་མིན་པ་ལྟ་བུ་དང་། མེ་ཚ་བ་ཡིན་ཞིང་དེ་ལ་གྲང་བ་གནས་མེད་པ་ལྟ་བུ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་ལ་གནས་དང་གནས་མིན་སྣ་ཚོགས་ཡོད་དོ། །དེ་མཚོན་བྱེད་ཙམ་དུ་གཞན་དབང་བདུན་གསུངས་ཏེ། མི་འདོད་པ་གཞན་དབང་མི་དགེའི་ལས་ཀྱིས་ངན་འགྲོར་འགྲོ་བ་ལྟ་བུ། འདོད་པ་གཞན་དབང་དགེ་བའི་ལས་ཀྱིས་བདེ་འགྲོར་སྐྱེ་བ་ལྟ་བུ། རྣམ་པར་དག་པ་གཞན་དབང་སྒྲིབ་པ་མ་སྤངས་པར་རྣམ་དག་མི་ཐོབ་པ་ལྟ་བུ། མཉམ་དུ་འབྱུང་བ་གཞན་དབང་འགྲན་ཟླ་མེད་པའི་ལས་བསགས་པས་སངས་རྒྱས་དང་འཁོར་སྒྱུར་རེ་རེ་ལས་ཟུང་རེ་ལྷན་ཅིག་མི་འབྱུང་བ་ལྟ་བུ། དབང་མེད་པ་གཞན་དབང་བུད་མེད་གྱི་རྟེན་གྱིས་འཁོར་ལོ་སོགས་རིན་ཆེན་སྣ་བདུན་ལ་དབང་བྱེད་མི་ནུས་པ་ལྟ་བུ། འཐོབ་པ་གཞན་དབང་བུད་


MR22_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་རྟེན་ལ་རང་སངས་རྒྱས་མི་ཐོབ་པ་ལྟ་བུ། ཀུན་ཏུ་སྤྱོད་པ་གཞན་དབང་འཕགས་པས་སྲོག་གཅོད་སོགས་མི་སྤྱོད་པ་ལྟ་བུ་སྟེ། འདི་དག་ནི་གནས་དང་གནས་མིན་གྱི་གཞན་དབང་གིས་བྱས་ཀྱི། རང་གང་འདོད་དུ་ཅི་དགར་བྱེད་དུ་མེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ནོ་ཞེས་བསྟན་པ་འདིས་མཚོན་ནས། ཆོས་རྣམས་ལ་གང་དང་ཅི་ཞིག་གནས་ཡོད་པ་དང་། མེད་པ་ཤེས་པར་བྱ་སྟེ། རྒྱུ་ཀུན་འབྱུང་ལས་སྡུག་བསྔལ་འབྱུང་བ་དང་། ལམ་ལས་འགོག་པ་འབྱུང་བ་སོགས་གནས་ཡོད་དང་། ལམ་ལས་སྡུག་བསྔལ་དང་། ཀུན་འབྱུང་ལས་འགོག་པ་འབྱུང་བ་གནས་མེད་སོགས། རྟེན་ཅིང་འབྲེལ་འབྱུང་གི་ཚུལ་གྱིས་བདེན་བཞིའི་འཇུག་ལྡོག་གིས་བསྡུས་པ་ཐམས་ཅད་ཀྱང་འདིའི་ཁོངས་སུ་འདུ་སྟེ། མདོར་ན་ཤེས་བྱ་རིག་པའི་གནས་ཐམས་ཅད་གནས་དང་གནས་མིན་ཤེས་པའི་ཆེད་དུ་ཡིན་ཏེ། བཟོ་རིག་པས་གང་ལ་བྱ་བའི་དོན་ལེགས་པ་དང་མི་ལེགས་པའི་གནས་སྐབས་ཤེས་པར་བྱེད་པ་དང་། གསོ་དཔྱད་ཀྱི་རིག་པས་ནད་ཞི་བ་དང་མི་ཞི་བའི་གཉེན་པོ་སོགས་ཤེས་པ་དང་། སྒྲ་རིག་པས་མིང་སོགས་ཀྱི་རང་བཞིན་དང་། དེ་ལ་སྦྱར་བའི་རྐྱེན་དང་། དེ་ལས་རྣམ་འགྱུར་ཇི་ལྟར་བྱ་བའི་གནས་གནས་མིན་ཤེས་པར་བྱེད་པ་དང་། ཚད་མ་རིག་པས་བསྒྲུབ་བྱ་གང་ཞིག་སྒྲུབ་བྱེད་གང་ལས་འགྲུབ་མི་འགྲུབ་གྱི་ཚུལ་ཤེས་པ་དང་། ནང་རིག་པས་དངོས་པོའི་དེ་ཉིད་ཤེས་ཤིང་དོན་དུ་གཉེར་བྱའི་གཙོ་


MR22_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལམ་དང་འགོག་པ་ཡང་དག་པར་ཤེས་པར་བྱེད་པ་དང་། དེ་བཞིན་དུ་མངོན་བརྗོད་ཀྱིས་དོན་གང་ལ་མིང་སྣ་ཚོགས་འཇུག་མི་འཇུག །རྩིས་ཀྱིས་གྲངས་སོགས་ཇི་ལྟ་བུའི་གནས། ཟློས་གར་གྱིས་སྐད་རིགས་སྣ་ཚོགས། སྙན་ངག་གིས་བརྗོད་པ་མཛེས་མི་མཛེས། སྡེབ་སྦྱོར་གྱིས་ཚིགས་བཅད་ཀྱི་ལྕི་ཡང་སོགས་ཀྱི་གནས་གནས་མིན་ཤེས་པར་བྱེད་པ་ཡིན་མོད་ཀྱི། འདིར་ནི་ནང་རིག་པ་ལས་གྲུབ་པའི་མཐའ་མདོར་བསྡུས་པ་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཤེས་ན་གནས་གནས་མིན་གྱི་དོན་ལ་མཁས་པར་འགྱུར་བའི་ཕྱིར་རོ། །དེ་ཡང་གྲུབ་པའི་མཐའ་ལ་སྤང་བྱ་ཕྱི་རོལ་པ་དང་། བླང་བྱ་ནང་པ་གཉིས། ཕྱི་ནང་ཙམ་གྱི་ཁྱད་པར་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མི་ལེན་གྱིས་འབྱེད་དོ། །དེ་དག་གི་གྲུབ་མཐའ་ལ། ཕྱི་རོལ་པ་ལ་ལྟ་བ་དྲུག་ཅུ་རྩ་གཉིས་སོགས་དབྱེ་སྒོ་མང་ཡང་བསྡུས་ན་ཏརྐ་སྡེ་ལྔར་འདུ་ཞིང་སོ་སོའི་འདོད་ཚུལ་མང་དུ་ཡོད་ལ། དེ་ཐམས་ཅད་ཀྱི་རྩ་བ་བསྡུས་ན་རྟག་ཆད་སྨྲ་བ་གཉིས་སུ་འདུའོ། །དེ་ལ་རྟག་སྨྲ་བ་རྣམས་ཀྱིས་བདག་དང་དུས་དང་དབང་ཕྱུག་ཚངས་པ་ཁྱབ་འཇུག་སོགས་གང་ཡིན་པ་དེ་འཇིག་རྟེན་ཀུན་གྱི་བྱེད་པ་པོར་ལྟ་ཞིང་དེ་ཉིད་རྟག་པར་འདོད། རྟག་པ་དེ་འདྲ་བའི་གོ་འཕང་ཐོབ་ཕྱིར་ལྷ་མཉེས་པར་བྱེད་པ་དང་བསམ་གཏན་སྒོམ་པ་སོགས་ཀྱི་ལམ་ཡོད་དོ། །ཆད་པར་སྨྲ་བ་རྣམས་ཀྱིས་སྔོན་གྱི་ལས་སོགས་ཀྱི་


MR22_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པར་ད་ལྟའི་འཇིག་རྟེན་འདི་རང་གི་ངོ་བོས་བྱུང་སྟེ། སེམས་ནི་འབྱུང་བ་བཞི་ལས་གློ་བུར་དུ་བྱུང་ཞིང་། འཆི་བའི་དུས་ན་རྒྱུན་ཆད་པས་ཐར་པ་སྒྲུབ་ཕྱིར་ལམ་ལ་འབད་པ་སོགས་དོན་མེད་དོ་ཞེས་ཟེར། འདི་ཀུན་ཀྱང་བདག་ཡོད་པར་སྨྲ་བ་ཡིན་ནོ། །དེ་ལ་སངས་རྒྱས་པས་དཔྱད་ན། རྒྱུ་རྟག་པ་དེ་འདྲས་འཇིག་རྟེན་སྐྱེད་པའི་དོན་མི་བྱེད་དེ། འཇིག་རྟེན་ཐམས་ཅད་ཅིག་ཆར་བསྐྱེད་པར་མ་དམིགས་ལ། རིམ་གྱིས་བསྐྱེད་ན་རྒྱུ་མི་རྟག་པར་འགྱུར་རོ། །ཡང་བྱེད་པ་པོ་དེ་ལ་རྒྱུ་གཞན་ཡོད་ན་བྱེད་པོ་ཐུག་མེད་དུ་འགྱུར་ཞིང་མི་རྟག་པར་ཡང་འགྱུར་བ་དང་། མེད་ན་དེ་ཡོད་པའི་རྒྱུ་མཚན་བསྒྲུབ་དུ་མེད་པར་འགྱུར་བ་དང་། ཡང་དེས་བསམ་བཞིན་བྱེད་ན་བསམ་པའི་གཞན་དབང་ཅན་དང་མི་རྟག་པར་འགྱུར་ལ། སེམས་ཅན་སྡུག་བསྔལ་ཅན་བྱེད་པ་མི་རིགས་པ་བྱེད་པར་འགྱུར་རོ། །བསམ་བཞིན་མི་བྱེད་ན་རང་དབང་མེད་པ་དང་། དེ་མཆོད་ཀྱང་ཕན་པར་མི་འགྱུར་བ་སོགས་རིགས་པ་ཡང་དག་གི་སྒོ་དུ་མས་ཁེགས་པ་ཡིན་ནོ། །རྒྱུ་མེད་པར་འགྱུར་བ་མི་སྲིད་དེ། གལ་ཏེ་འབྱུང་ན་དེ་འདྲ་ཡུལ་དུས་ཀུན་ན་རྟག་ཏུ་ཁྱད་མེད་པར་ཡོད་པར་འགྱུར་ཏེ། རྒྱུ་མེད་ཀྱང་ཆོས་རྣམས་ཀྱི་རང་གི་ངོ་བོ་སྲིད་པར་འདོད་པའི་ཕྱིར་རོ། །ཡང་ན་མྱུ་གུ་སོགས་ཡུལ་དང་དུས་གང་ན་ཡང་མེད་པར་འགྱུར་ཏེ། ས་བོན་དང་ཆུ་སོགས་ཚོགས་ཀྱང་དེའི་རྒྱུ་མ་ཡིན་པར་འདོད་པའི་ཕྱིར་དེ་གང་གིས་ཀྱང་སྐྱེད་པ་མེད་


MR22_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་ལྟ་ན་ཡང་དངོས་པོ་རྣམས་ནི་གང་དུ་རྒྱུ་རྐྱེན་ཚོགས་པའི་ཡུལ་དུས་དེ་ན་ཡོད་ཅིང་། མ་ཚོགས་པ་ན་མེད་པས་རེས་འགའ་བ་ཡིན་པའི་ཕྱིར་རྒྱུ་ལས་བྱུང་བར་གྲུབ་བོ། །ཡང་འབྱུང་བ་བཞི་ལས་རྣམ་ཤེས་གསར་དུ་འབྱུང་ངོ་ཞེས་འདོད་ན། རང་གིས་ཆོས་རྣམས་རྒྱུ་མེད་དུ་ཁས་བླངས་པ་ཡང་ཉམས་ལ། ད་ལྟའི་རྣམ་ཤེས་ནི་རང་གི་ཉེར་ལེན་གྱི་རྒྱུ་རྣམ་ཤེས་སྔ་མ་ལས་སྐྱེ་ཞིང་རྒྱུན་འཇུག་པར་མཐོང་བའི་ཕྱིར། སྔར་རང་གི་ཉེར་ལེན་གྱི་རྒྱུ་མེད་པར་བེམ་པོ་ལས་འབྱུང་མི་སྲིད་དེ། རྡོ་ལས་མྱུ་གུ་དང་། མུན་པ་ལས་སྣང་བ་བཞིན་ནོ། །རྣམ་ཤེས་གསལ་རིག་གི་རྒྱུན་འདི་ཀློག་སོགས་བྱང་བ་ལྟར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་འབྱུང་ཞིང་རྒྱུན་མི་འཆད་པར་མཐོང་ན་རྒྱུ་ཚང་བཞིན་འཆི་བའི་ཚེ་ཇི་ལྟར་རྒྱུན་ཆད་པར་འགྱུར་ཏེ། ས་བོན་སྐྱོན་མེད་པས་ཆུ་སོགས་ཀྱི་རྐྱེན་དང་ལྡན་པའམ། ཀླུང་ཆེན་པོའི་རྒྱུན་འཇུག་པ་བཞིན་ནོ། །དེ་ལྟར་བརྟག་ན་ཆོས་ཐམས་ཅད་ནི་རང་རང་གི་རྒྱུ་ཡོད་ན་སྐྱེ་ལ་མེད་ན་མི་སྐྱེ་བས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་དངོས་སྟོབས་ཀྱི་རིགས་པས་མཐོང་བའི་ཕྱིར། དབང་ཕྱུག་སོགས་ཀྱི་རྒྱུ་ལས་མ་ཡིན་ཞིང་། རྒྱུ་མེད་པར་ཡང་མིན་ནོ། །དེ་ལྟ་བས་ན་བརྟེན་ནས་འབྱུང་བའི་ཕུང་པོ་ལྔ་པོ་འདི་ལ་བདག་དང་བྱེད་པ་པོ་མེད་དེ་ཕུང་པོ་དང་གཅིག་ཐ་དད་གང་དུ་ཡང་མ་དམིགས་པས་སོ། །ནང་པའི་གྲུབ་མཐའ་བྱེ་མདོ་དབུ་སེམས་བཞི་


MR22_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བྱེ་བྲག་སྨྲ་བས་ཤེས་བྱ་གཞི་ལྔ་དང་དུས་གསུམ་སོགས་རྫས་ཡོད་དུ་འདོད་དེ། གཞི་གྲུབ་པ་རྣམས་དེ་དང་དེའི་ཆོས་སུ་ཡོད་པས་ཐམས་ཅད་ཡོད་པར་འདོད། དེ་ལ་བཅོམ་པའམ་བློས་གཞན་བསལ་ན་གཞིག་ཏུ་རུང་བ་བུམ་པ་ལྟ་བུ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་དང་། གཞིག་ཏུ་མེད་པ་རྡུལ་ཕྲ་རབ་དང་སྐད་ཅིག་ཆ་མེད་གཉིས་ནི་དོན་དམ་དུ་ཡོད་པ་སྟེ་དངོས་པོ་ཀུན་གྱི་རྩོམ་གཞིའོ། །ཀུན་རྫོབ་དོན་དམ་དུ་ཡོད་པ་གཉིས་ཀ་ཡང་ཆོས་རང་རང་གི་ངོ་བོ་རྫས་སུ་ཡོད་པས་མི་སྟོང་པར་འདོད། གང་ཟག་གི་བདག་ནི་ཕུང་པོ་ལས་གཅིག་ཐ་དད་དུ་མེད་པས་རྫས་སུ་མེད་པ་དང་། མིག་དབང་སོགས་ལ་བརྟེན་པའི་ཤེས་པས་རང་དང་དུས་མཉམ་པའི་ཡུལ་རྣམ་མེད་རྗེན་ཅེར་དུ་འཛིན་པ་དང་། རང་རིག་མི་འདོད་པ་དང་། སྐྱེ་སོགས་མཚན་ཉིད་རྣམས་དངོས་པོ་ལས་ཐ་དད་པར་འདོད་པ་སོགས། ཐ་སྙད་འདོད་ཚུལ་དུ་མ་ཡོད་དོ། །མདོ་སྡེ་བས་ནི་ཆ་མེད་གཉིས་དང་བདག་མེད་འདོད་ཚུལ་གོང་དང་འདྲ་ལ། ལྡན་མིན་འདུ་བྱེད་དང་འདུས་མ་བྱས་རྣམས་རྫས་སུ་གྲུབ་པ་མེད་དེ་ཀུན་བཏགས་པ་ཙམ་མོ། །ལྡན་མིན་ནི་བེམ་ཤེས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ལས་རང་གི་ངོ་བོ་རང་རྐྱ་ཐུབ་པར་ལོགས་སུ་མེད་ལ། འདུས་མ་བྱས་ནི་དགག་བྱ་བཅད་པ་ལས་བཏགས་པ་ཙམ་མོ། །སྔ་མའི་ཡུལ་དབང་ཤེས་གསུམ་ཚོགས་པའི་རྒྱུ་ལས་ད་ལྟ་བའི་མིག་ཤེས་སོགས་སྐྱེ་ཞིང་། ཤེས་པ་


MR22_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཡུལ་གྱི་རྣམ་པ་བློ་ལ་ཤར་བ་དེ་འཛིན་གྱི་ཡུལ་དངོས་སུ་མི་འཛིན་ཏེ་ཡུལ་ནི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལྐོག་ན་ཡོད་པའོ། །ཤེས་པ་ཐམས་ཅད་ཀྱིས་རང་རིག་པར་བྱེད་པ་དང་། དངོས་པོ་རྣམས་རྐྱེན་བཞི་ལས་སྐྱེ་ཞིང་རང་གི་ངོ་བོས་སྐད་ཅིག་གིས་འགག་པའི་ཆོས་ཅན་ཏེ། དངོས་པོ་དེའི་མཚན་ཉིད་སྐྱེ་སོགས་ཐ་དད་དུ་མེད་དེ་ལྡོག་པའི་སྒོ་ནས་བཏགས་པ་ཙམ་དུ་འདོད་དོ། །དེ་དག་ནི་ཕྱི་དོན་གཞལ་བ་ལ་དངོས་སྟོབས་ཀྱི་རིགས་པ་དང་ལྡན་ཞིང་། བཏགས་པ་རྣམས་ལ་རྫས་སུ་གྲུབ་པའི་ངོ་བོ་མེད་པར་རྟོགས་པ་སོགས་ཀྱིས་དངོས་པོའི་དོན་ལ་ཕྱིན་ཅི་མ་ལོག་པར་གཞལ་བའི་ཚུལ་འགའ་ཞིག་གིས་བྱེ་སྨྲའི་གྲུབ་མཐའ་ལས་འཕགས་སོ། །ལྡན་མིན་རྣམས་བཏགས་པ་ཡིན་ཀྱང་ཐ་སྙད་དོན་མཐུན་ཡིན་པས་དངོས་པོའི་སྟེང་ན་ཡོད་པའི་ཆོས་སུ་ཁས་ལེན་དགོས་ཏེ་བྱེ་སྨྲས་ཀུན་བཏགས་འབའ་ཞིག་ཡིན་ན་དངོས་པོའི་སྟེང་ན་མི་རྟག་པ་མེད་པར་འགྱུར་པའི་གནད་ཤེས་པར་བྱའོ། །དེ་བཞིན་དུ་ནམ་མཁའ་སོགས་འདུས་མ་བྱས་ཀྱང་ཐ་སྙད་དུ་ཡོད་པར་འདོད་དགོས་པ་ཡིན་ནོ། །སེམས་ཙམ་པས་ནི། འདི་ལྟར་སྣང་བ་ཐམས་ཅད་ཐོག་མ་མེད་པའི་དུས་ནས་རྣམ་རྟོག་སྣ་ཚོགས་གོམས་པའི་བག་ཆགས་ཉིད་ཀུན་གཞིའི་རྣམ་ཤེས་ལ་བཞག་པ་དེ་ཉིད་ཀྱི་མཐུ་ལས་སེམས་ཀུན་གཞིའི་ཤེས་པ་ཉིད་གནས་དོན་ལུས་ཀྱི་སྣང་བའི་རྣམ་པ་ཉིད་དུ་ཤར་བ་མ་


MR22_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་གཞན་མེད་པས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་བཞིན་ནོ། །ཤེས་པ་ལས་གཞན་པའི་ཕྱི་རོལ་ཀྱི་དོན་མ་གྲུབ་སྟེ། དངོས་པོ་རགས་པ་རྣམས་བསིལ་བའི་མཐའ་རྩོམ་གཞི་ཆ་མེད་གཉིས་ཀྱང་དོན་དམ་པར་མི་འགྲུབ་སྟེ། རྡུལ་ཆ་མེད་ཀྱིས་རགས་པ་རྩོམ་པའི་ཚེ། དབུས་རྡུལ་གཅིག་ལ་ཕྱོགས་རྡུལ་དྲུག་གམ་བཅུས་བསྐོར་བ་ན། རྡུལ་ཐ་དད་ཀྱིས་རེག་པའི་ཆ་རེ་ཡོད་ན་ཆ་བཅས་སུ་འགྱུར་ལ། མེད་ན་ཕྲ་རྡུལ་ཅི་ཙམ་ཚོགས་ཀྱང་ཇེ་ཆེར་རྒྱས་པར་མི་འགྱུར་བས་ཆ་མེད་གཞིག་ཏུ་མི་རུང་བ་མ་གྲུབ་སྟེ་བཏགས་པ་ཙམ་དུ་འགྱུར་རོ། །དུས་མཐའི་ཆ་མེད་ཀྱང་། རང་གི་སྔ་ཕྱིའི་ཆ་མེད་ལ་ཕྱོགས་པའི་ཆ་ཐ་དད་ཡོད་ན་ཆ་བཅས་སུ་འགྱུར་ལ། མེད་ན་དུས་མཐའི་སྐད་ཅིག་དུ་བསགས་ཀྱང་རྒྱུན་རིང་བར་མི་འགྱུར་ཏེ་སྐད་ཅིག་ཙམ་དུ་འགྱུར་རོ། །དེ་ཕྱིར་ཕྱོགས་དང་དུས་ཀྱིས་བསྡུས་པའི་སྣང་བ་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་མོ། །འདི་ལྟ་བུའི་རྟེན་འབྲེལ་གྱི་སྣང་བ་འདི་ལ་གཞན་དབང་ཞེས་བྱ་སྟེ། རྟེན་འབྲེལ་གྱི་གཞན་དབང་གིས་སྣང་བ་ལས་རང་གི་ངོ་བོ་ཉིད་ཀྱིས་སྣང་བ་མིན་པའི་ཕྱིར་རོ། །གཞན་དབང་གི་སྣང་བ་འདི་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སྣ་ཚོགས་ཀྱི་ངོ་བོ་དང་། གང་ཟག་ཏུ་སྒྲོ་བཏགས་པའི་བདག་གཉིས་ནི་ཀུན་བཏགས་སོ། །ཀུན་བཏགས་པའི་སྤྱོད་ཡུལ་བདག་གཉིས་པོ་དེས་གཞན་དབང་


MR22_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་པར་ཤེས་པ་འདི་སྟོང་པ་ནི་ཡོངས་གྲུབ་སྟེ་ཆོས་ཉིད་དོ། །དེ་ལྟ་ན་སྤྲོས་པ་ཀུན་གྱི་ཡུལ་མིན་པའི་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་གསལ་ཙམ་ཞིག་དོན་དམ་པར་ཡོད་པར་འདོད་དོ། །དབུ་མ་པས་ཇི་ལྟར་འདིར་ནི་ཕྱི་དོན་མ་གྲུབ་པ་དེ་བཞིན་དེ་ལ་འཛིན་པའི་སེམས་ཀྱང་མི་འགྲུབ་ལ། དེ་གཉིས་ཀ་ཡང་རྟེན་འབྲེལ་གྱི་སྣང་བ་རང་གི་ངོ་བོ་ཉིད་མེད་པར་མཚུངས་ཤིང་། སྤྲོས་པའི་ཡུལ་མིན་པའི་ཤེས་པ་ཞིག་རྫས་སུ་ཡོད་པའང་བཏགས་པ་ཙམ་སྟེ། གང་རང་གི་ངོ་བོ་ཡོད་ཅིང་དམིགས་སུ་རུང་བ་ཞིག་ཡིན་ཕན་ཆོད། དེའི་ངོ་བོ་ལ་བརྟགས་ན་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མི་འགྲུབ་བོ། །དེ་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་སྣང་བ་བསླུ་མེད་དུ་ཤར་བ་ཙམ་ལས། རང་གི་ངོ་བོས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས་སྟོང་པ་ཉིད་དུ་གནས་སོ། །དེ་ལྟ་བུའི་སྟོང་པ་དང་རྟེན་འབྱུང་ལྡོག་པ་ཙམ་གྱི་སྒོ་ནས་ཐ་དད་དུ་བཞག་ཀྱང་། ངོ་བོ་ཐ་དད་དུ་མ་གྲུབ་པར་ཟུང་དུ་ཞུགས་པའི་དོན་སྤྲོས་བྲལ་སོ་སོ་རང་གིས་རིག་པར་བྱ་བ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་ལ། དེ་ནི་རྟག་ཆད་དང་སྣང་སྟོང་སོགས་ཀྱི་མཐའ་དང་བྲལ་བ་དབུ་མའི་ལམ་གྱིས་རྟོགས་བྱ་ཡིན་ཞིང་རྟོགས་བྱ་དེའི་ངང་ན་སྟོང་རྟེན་འབྱུང་དོན་གཅིག་པར་གྱུར་པའམ། ཐ་དད་དུ་མེད་པ་དང་། ཟུང་དུ་ཞུགས་པ་དང་། མཉམ་པར་གྱུར་པ་ཞེས་འདོད་དོ། །འདི་བས་གནས་ལུགས་ཇི་ལྟ་བ་


MR22_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཏན་ལ་ཕབ་པས་ན་གྲུབ་མཐའ་ཀུན་གྱི་ནང་ན་བླ་ན་མེད་པ་ཡིན་ནོ། །བྱེ་མདོ་གཉིས་ཐེག་དམན་དང་། དབུ་སེམས་གཉིས་ཐེག་ཆེན་གྱི་གྲུབ་མཐའ་སྟེ། ཀུན་རྫོབ་དང་དོན་དམ་པའི་སེམས་རྣམ་པ་གཉིས་བསྐྱེད་ནས། ལམ་ལྔ་ས་བཅུར་ཐེག་པ་ཆེན་པོའི་དོན་ཉམས་སུ་བླངས་པས། འབྲས་བུ་མི་གནས་པའི་མྱང་འདས་སངས་རྒྱས་སུ་འགྲུབ་པར་འདོད་པ་མཚུངས་པའི་ཕྱིར་རོ། །དབུ་སེམས་སོགས་ནང་གི་བྱེ་བྲག་ལས་འདོད་ཚུལ་མང་ཡང་། འདིར་སྤྱིའི་གནད་ཙམ་བརྗོད་པའོ། །དེ་ལྟར་གྲུབ་པའི་མཐའ་གོང་ནས་གོང་དུ་ཇེ་བཟང་དུ་གྱུར་པའི་ཚུལ་ལ་བརྟེན་ཏེ། ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས། ཆོས་ཐམས་ཅད་ཀྱི་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་རོ། །གནས་དང་གནས་མིན་བཤད་པའི་སྐབས་སོ།། །།དབང་པོ་ཉེར་གཉིས་ནི། མིག་གི་དབང་པོ་དང་། དེ་བཞིན་དུ་རྣ་བ་ནས་ཡིད་ཀྱི་དབང་པོའི་བར་དྲུག་གིས་རང་རང་གི་ཡུལ་འཛིན་པ་ལ་དབང་བྱེད། སྲོག་གི་དབང་པོས་རིས་མཐུན་པར་གནས་པ་ལ་དབང་བྱེད། ཕོ་དབང་དང་མོ་དབང་གིས་སོ་སོའི་རྟེན་ཅན་དུ་བྱེད་པ་དང་། མངལ་ནས་སྐྱེ་བ་རྒྱུན་མི་འཆད་པ་ལ་དབང་བྱེད། ཚོར་བ་བདེ་བའི་དབང་པོ། དེ་བཞིན་དུ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་ཀྱི་དབང་པོ་ལྔས་རྣམ་སྨིན་གྱི་འབྲས་བུར་ལོངས་སྤྱོད་པ་ལ་དབང་བྱེད། དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི་


MR22_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔས་འཇིག་རྟེན་པའི་དགེ་བའམ་དག་པ་ལ་དབང་བྱེད། ཀུན་ཤེས་བྱེད་པ། ཀུན་ཤེས་པ། ཀུན་ཤེས་ལྡན་པའི་དབང་པོ་ཞེས་མཐོང་སྒོམ་མི་སློབ་པའི་རྒྱུད་ཀྱི་དད་སོགས་ཀྱིས་འཇིག་རྟེན་ལས་འདས་པའི་དག་པ་ལ་དབང་བྱེད་པས་དབང་པོ་ཞེས་བྱའོ། །དེ་ལ་མིག་སོགས་དབང་པོ་དྲུག་ནི་སྔར་བཤད་པ་བཞིན་ལ། དེ་ལས་ཁྱད་པར་དུ་དབང་པོ་དྲུག་གི་ཟླས་ཕྱེ་བའི་ཡིད་དབང་ནི་ཡིད་ཤེས་སྐྱེད་པའི་རྟེན་ཙམ་ཡིན་ལ། འདིར་བཤད་པའི་ཡིད་དབང་ནི་རྟེན་དེ་ལས་སྐྱེས་པའི་ཡིད་ཤེས་ལ་ཡང་གོ་དགོས་སོ། །དེ་དྲུག་གིས་རང་ཡུལ་འཛིན་ཚུལ་ནི། མིག་དང་རྣ་བའི་དབང་པོས་ཡུལ་མ་ཕྲད་པར་རྒྱང་ནས་འཛིན་ཅིང་། ཡུལ་རང་ལས་ཆེ་ཆུང་ངེས་མེད་འཛིན། སྣ་ལྕེ་ལུས་དབང་གསུམ་གྱིས་ཕྲད་ནས་འཛིན་ལ་ཡུལ་ཆེ་ཆུང་རང་དང་མཉམ་པ་འཛིན་ཏེ་འདི་དག་གི་ཡུལ་ཡུལ་ཅན་ཕན་ཚུན་ཐོགས་བཅས་ཀྱི་རེག་བྱ་ཅན་ཡིན་པའི་ཆ་ནས་ཕྲད་མ་ཕྲད་དཔྱད་དུ་ཡོད་དོ། །ཡིད་དབང་ནི་རང་ཡུལ་ཆོས་ཁམས་ཙམ་དུ་མ་ཟད་ཆོས་ཐམས་ཅད་ཀྱི་ཡུལ་ཅན་ཡིན་པས། དེས་ཡུལ་གང་དང་གང་བཟུང་བ་ལ་རེག་པའི་ཐ་སྙད་བྱེད་པ་སྟེ། བླ་དྭགས་ཚིག་གི་རེག་པ་ཞེས་ཀྱང་བརྗོད་དོ། །དེའི་ཕྱིར་ཡུལ་དང་ཕྲད་མ་ཕྲད་དང་ཡུལ་རང་ལས་ཆེ་ཆུང་དཔྱད་དུ་མེད་དེ། ཤེས་པ་ལ་གཟུགས་མེད་པའི་ཕྱིར་རོ། །འདུ་ཤེས་རྒྱ་ཆེ་ཆུང་སོགས་ནི་གཟུགས་ཆེ་ཆུང་མ་ཡིན་ཏེ།


MR22_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཉིད་ཀྱི་ཁྱབ་རྒྱ་ཆེ་ཆུང་ཡིན་ནོ། །ཕོ་དབང་དང་མོ་དབང་ནི། ལུས་དབང་གི་བྱེ་བྲག་མཐེ་བོང་ལྟ་བུ་དང་རྔའི་སྦུབས་ལྟ་བུ་ཕོ་མོ་འདུ་འཕྲད་ཀྱི་བདེ་བ་མྱོང་བ་སོགས་ཀྱི་རྟེན་བྱེད་པའོ། །ཚོར་བ་ལྔ་དང་དད་སོགས་དང་སྲོག་ནི་སྔར་བཤད་པ་བཞིན་ནོ། །ཀུན་ཤེས་བྱེད་པ་མཐོང་ལམ་པའི་རྒྱུད་ཀྱི་དད་སོགས་ལྔ་དང་ཚོར་བ་བདེ་ཡིད་བདེ་བཏང་སྙོམས་གསུམ་དང་ཡིད་དབང་དང་དགུ་པོ་དེ་ལ་བརྗོད་པའོ། །སྒོམ་ལམ་པའི་རྒྱུད་ཀྱི་དེ་དགུ་ལ་ཀུན་ཤེས་པའི་དབང་པོ། མི་སློབ་པའི་རྒྱུད་ཀྱི་དེ་དགུ་ལ་ཀུན་ཤེས་ལྡན་པའི་དབང་པོ་ཞེས་བྱའོ། །དེ་ལྟར་དབང་པོ་ལ་གཟུགས་ཅན་བདུན་དང་། གཙོ་སེམས་ཅན་གཅིག་དང་། སེམས་བྱུང་བཅུ་དང་ལྡན་མིན་འདུ་བྱེད་དུ་གཏོགས་པ་གཅིག་དང་། སེམས་སེམས་བྱུང་དགུ་ལས་བཏགས་པ་ཟག་མེད་ཀྱི་དབང་པོ་གསུམ་སྟེ་ཉེར་གཉིས་སོ། །དབང་པོ་དེ་དག་གི་རབ་ཏུ་དབྱེ་བ་ལ། ཀུན་ཤེས་པར་བྱེད་པ་སོགས་གསུམ་ནི་ཟག་མེད་དོ། །གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་ཡིད་མི་བདེ་བཅས་བཅུ་པོ་སྒོམ་པས་སྤང་བྱ་ཡིན་པས་ཟག་བཅས་སོ། །དེའི་ལྷག་མ་ཚོར་བ་གསུམ་དང་དད་སོགས་ལྔ་ཡིད་དང་དགུ་ལ་ནི་ཟག་བཅས་ཟག་མེད་གཉིས་ཀྱི་ཆ་ཡོད་དོ། །སྲོག་ནི་རྣམ་སྨིན་ལས་སྐྱེས་པ། དད་སོགས་ལྔ་ཀུན་ཤེས་སོགས་གསུམ་ཡིད་མི་བདེ་ནི་རྣམ་སྨིན་མིན་པའོ། །དེ་ལ་ཡིད་མི་བདེ་ནི་རྟོག་པ་ཙམ་གྱིས་རང་འདོད་ཀྱིས་འཇུག་པས་


MR22_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་རྣམ་སྨིན་གྱི་འབྲས་བུ་མིན་ལ། དགེ་མི་དགེ་གང་རུང་དུ་ངེས་པས་རང་གིས་རྣམ་སྨིན་གྱི་འབྲས་བུ་འབྱིན་པ་དང་བཅས་པའོ་ཞེས་བྱེ་སྨྲས་འདོད་ཀྱང་། རྣམ་སྨིན་གྱི་ཆ་ལུང་མ་བསྟན་ཡང་ཡོད་དགོས་པར་མངོན་ནོ་སྙམ། འདི་དག་གི་ཞིབ་ཆ་གཞན་དུ་བཤད་པར་བྱའོ། །གོང་གི་ལྷག་མ་བཅུ་གཉིས་ལས། གཟུགས་ཅན་བདུན་རྣམ་སྨིན་ལས་བྱུང་བ་དང་། རྒྱས་བྱུང་རྣམས་རྣམ་སྨིན་མིན་ཀྱང་ཟེར།ཡིད་དང་ཚོར་བ་གཞན་བཞི་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པས། དགེ་མི་དགེ་ཟག་བཅས་རྣམ་སྨིན་དང་བཅས་པ་དང་། ལུང་མ་བསྟན་རྣམས་ལ་རྣམ་སྨིན་མེད་པའོ། །དད་སོགས་ལྔ་ཟག་བཅས་རྣམ་སྨིན་དང་བཅས་པ། ཟག་མེད་ཀྱི་ཡིད་དང་ཚོར་བ་དད་སོགས་ལྔ་པོ་རྣམས་ལ་རྣམ་སྨིན་མེད་དོ། །རྣམ་སྨིན་ནི་འཁོར་བའི་རྣམ་སྨིན་ལ་འཛིན་དགོས་སོ། །དད་སོགས་ལྔ་དང་ཀུན་ཤེས་སོགས་གསུམ་དགེ་བའོ། །ཡིད་དང་ཚོར་བ་བདེ་སོགས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་དོ། །གཟུགས་ཅན་བདུན་དང་སྲོག་དབང་དང་བརྒྱད་ནི་ལུང་མ་བསྟན་ནོ། །དྲི་མེད་གསུམ་མ་གཏོགས་པ་གཞན་བཅུ་དགུ་པོ་ཐམས་ཅད་འདོད་པར་གཏོགས་པ་ན་ཡོད། དེ་ལས་ཕོ་མོའི་དབང་པོ་དང་སྡུག་བསྔལ་གཉིས་མ་གཏོགས་པ་གཞན་གཟུགས་ཁམས་ན་ཡང་ཡོད། གཟུགས་ཅན་བདུན་དང་བཏང་སྙོམས་མིན་པའི་ཚོར་བ་གཞན་བཞི་མ་གཏོགས་པའི་


MR22_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་རྣམས་གཟུགས་མེད་ན་ཡོད། ཟག་མེད་གསུམ་ནི་ཁམས་གསུམ་པའི་ཆོས་སུ་གཏོགས་པ་མིན་ཡང་། ཁམས་གསུམ་པའི་རྒྱུད་ལ་མི་འབྱུང་བ་མ་ཡིན་ནོ། །ཡིད་དང་ཚོར་བ་བདེ་ཡིད་བདེ་བཏང་སྙོམས་བཞི་ལ་མཐོང་སྤང་སྒོམ་སྤང་སྤང་བྱ་མིན་པ་གསུམ་ཡོད། ཡིད་མི་བདེ་ནི་མཐོང་སྒོམ་གཉིས་ཀྱིས་སྤང་བྱའོ། །གོང་བཤད་ལྟར་གཟུགས་ཅན་བདུན་སོགས་བཅུ་ནི་སྒོམ་པས་སྤང་བྱའོ། །དད་སོགས་ལྔ་ཟག་བཅས་སྒོམ་སྤང་།ཟག་མེད་སྤང་བྱ་མིན་ནོ། །དྲི་མེད་ཀྱི་དབང་པོ་གསུམ་སྤང་བྱ་མིན་ནོ། །དབང་པོ་དེ་དག་རྙེད་ཚུལ་ནི། འདོད་ཁམས་སུ་མངལ་སྐྱེས་སོགས་ཀྱི་དང་པོར་རྣམ་སྨིན་གྱི་དབང་པོ་ལུས་སྲོག་གཉིས་རྙེད། རྫུས་སྐྱེས་མཚན་མེད་བསྐལ་པ་དང་པོའི་མི་རྣམས་ལྟ་བུས་མིག་སོགས་ལྔ་སྲོག་དང་དྲུག་ཅིག་ཆར་རྙེད། མཚན་གཅིག་པ་རྫུས་སྐྱེས་འདོད་ལྷ་རྣམས་ལྟ་བུས་སྔ་མ་དྲུག་གི་སྟེང་དུ་ཕོ་མོའི་དབང་པོ་གང་རུང་སྟེ་བདུན་རྙེད། རྫུས་སྐྱེས་མཚན་གཉིས་པ་ངན་སོང་ལ་སྲིད་པས་དེ་ལྟ་ན་བརྒྱད་རྙེད་དོ། །གཟུགས་ཁམས་ནས་དེའི་མིག་སོགས་ལྔ་སྲོག་དང་དྲུག་རྙེད་དོ། །གཟུགས་མེད་ན་སྲོག་དབང་གཅིག་པུ་གསར་དུ་རྙེད་དོ། །ཡང་གཟུགས་མེད་དུ་འཆི་བ་ན་སྲོག་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་གསུམ་ཅིག་ཆར་དུ་འགག་གོ། །གཟུགས་ཁམས་ན་དེ་གསུམ་དང་མིག་སོགས་ལྔ་སྟེ་བརྒྱད་དུས་གཅིག་འགག་གོ། །རྫུས་སྐྱེས་རྣམས་ཅིག་ཆར་འཆི་


MR22_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བས། མཚན་གཉིས་པ་ལ་སྔ་མ་བརྒྱད་ལ་མཚན་གཉིས་བསྣན་པས་བཅུ་འགག་གོ། །མཚན་གཅིག་ལ་དགུ་དང་། མཚན་མེད་ལ་བརྒྱད་དོ། །མངལ་སྐྱེས་སོགས་རིམ་གྱིས་འཆི་བ་དག་ལ་ལུས་ཡིད་སྲོག་བཏང་སྙོམས་བཞི་ཅིག་ཆར་འགག་གོ། །དེ་རྣམས་ནི་མ་བསྒྲིབ་ལུང་མ་བསྟན་དང་ཉོན་མོངས་པས་འཆི་སེམས་ཀྱི་དབང་དུ་བྱས་ཀྱི། དགེ་སེམས་སྐྱེས་ཐོབ་ལ་གནས་ཏེ་འཆི་བ་ལ་ཐམས་ཅད་དུ་དད་སོགས་ལྔ་བསྣན་པས་གཟུགས་མེད་དུ་བརྒྱད་འགག་པ་སོགས་སོ། །དབང་པོ་གང་གིས་རྒྱུན་ཞུགས་སོགས་འབྲས་བུ་བཞི་ཐོབ་ཚུལ་དཔྱད་ན། རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ནི། ཡིད་དང་དད་སོགས་ལྔ་སྟེ་དྲུག་གི་སྟེང་དུ། རྒྱུན་ཞུགས་ནི་འདོད་ཁམས་ལ་ཆགས་བཅས་ཡིན་པས་མི་ལྕོགས་མེད་ཀྱི་བཏང་སྙོམས་དང་། མཐོང་ལམ་སྐད་ཅིག་བཅོ་ལྔ་པར་ཀུན་ཤེས་བྱེད་པ་དང་བཅུ་དྲུག་པར་ཀུན་ཤེས་ཏེ་དགུས་ཐོབ་བོ། །དགྲ་བཅོམ་པ་བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞིར་བརྟེན་ན་དེ་གཉིས་ཀྱི་ཡིད་བདེ་དང་། གསུམ་པ་ལ་བརྟེན་ན་བདེ་བ། དེ་གསུམ་མ་ཡིན་པའི་གང་ལ་བརྟེན་ཀྱང་བཏང་སྙོམས་ཏེ། དེ་གསུམ་གང་རུང་དང་། བར་ཆད་མེད་ལམ་རྡོར་ཏིང་ཀུན་ཤེས་པ་དང་། རྣམ་གྲོལ་ལམ་ཀུན་ཤེས་ལྡན་པ་སྟེ་དགུས་ཐོབ་བོ། །ཕྱིར་འོང་ཕྱིར་མི་འོང་གཉིས་ནི། ཡིད་དང་དད་སོགས་དྲུག་གི་སྟེང་དུ། ཕྱིར་འོང་རིམ་གྱིས་པ་འཇིག་རྟེན་པའི་ལམ་གྱིས་འབྲས་


MR22_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཐོབ་པར་བྱེད་ན་མི་ལྕོགས་མེད་པའི་བཏང་སྙོམས་དང་བདུན། འདས་ལམ་གྱིས་ཐོབ་ན་དེའི་དད་སོགས་ལྔ་ལ་ཀུན་ཤེས་ཀྱི་མིང་ཐོབ་པས་དེ་དང་བརྒྱད་ཀྱིས་སོ། །འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་སྔོན་སོང་གིས་མཐོང་ལམ་དུ་ཕྱིར་འོང་རང་འབྲས་ཐོབ་པ་ལ་བརྒྱད་པོའི་སྟེང་དུ་ཀུན་ཤེས་བྱེད་དང་དགུའོ། །ཕྱིར་མི་འོང་དབང་རྟུལ་གྱིས་འཇིག་རྟེན་པའི་ལམ་གྱིས་མཐར་གྱིས་ཐོབ་ན། དང་པོའི་དངོས་གཞིའི་ཡིད་བདེ་རྣམ་གྲོལ་དགུ་པའི་ཚེ་མངོན་དུ་བྱེད་མི་ནུས་པས་མི་ལྕོགས་མེད་ཀྱི་བཏང་སྙོམས་དང་བདུན་ནོ། །ཡང་མཐར་གྱིས་པ་དབང་རྟུལ་འདས་ལམ་གྱིས་ཐོབ་ན་དེ་སྟེང་ཀུན་ཤེས་དང་བརྒྱད། གལ་ཏེ་དབང་རྣོན་འཇིག་རྟེན་པའི་ལམ་གྱིས་ཀྱང་དངོས་གཞིའི་ཡིད་བདེ་མངོན་དུ་བྱེད་ནུས་ན་ཡང་དེ་དང་བརྒྱད་དོ། །དབང་རྣོན་འདས་ལམ་གྱིས་ཐོབ་ན་བཏང་སྙོམས་ཡིད་བདེ་གཉིས་དང་བར་ཆད་མེད་ལམ་གྱི་ཚེ་ཀུན་ཤེས་དང་དགུས་ཐོབ་བོ། །ཡང་ཆགས་བྲལ་སྔོན་སོང་གིས་རང་འབྲས་ཐོབ་ན། ཚོར་བ་གསུམ་གང་རུང་དང་། ཀུན་ཤེས་བྱེད་པ་དང་། ཀུན་ཤེས་པ་དང་དགུས་ཐོབ་བོ། །ལྡན་ཚུལ་ནི། བཏང་སྙོམས་དང་ཡིད་དང་སྲོག་གང་རུང་དང་ལྡན་ན། གསུམ་ཀ་ངེས་པར་ལྡན་ནོ། །བདེ་བ་དང་ལུས་དབང་ལྡན་ན། སྔར་གྱི་གསུམ་སྟེང་རང་རང་དང་བཞི་ལྡན་ནོ། །མིག་སོགས་ལྡན་ན་གོང་གི་གསུམ་དང་ལུས་དང་རང་དང་ལྔ་ལྡན་ནོ། །ཡིད་བདེ་དང་ལྡན་ན་གོང་གསུམ་ལུས་དང་རང་བཅས་ལྔ་ལྡན་ནོ། །སྡུག་བསྔལ་


MR22_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ་གོང་གི་གསུམ་དང་ལུས་དང་བདེ་ཡིད་བདེ་རང་བཅས་བདུན་ལྡན་ནོ། །ཕོ་མོའི་དབང་པོ་གང་རུང་དང་ལྡན་པ་ལ་གོང་གི་བདུན་སྟེང་རང་དང་བརྒྱད་ལྡན་ནོ། །ཡིད་མི་བདེ་བ་ལ་ཡང་གོང་གི་བདུན་སྟེང་རང་བསྣན་ཏེ་བརྒྱད། དད་སོགས་ལྔ་ལ་གོང་གསུམ་སྟེང་ལྔ་པོ་བསྣན་ཏེ་བརྒྱད་དོ། །ཀུན་ཤེས་ལྡན་པའི་དབང་པོ་ལྡན་ན། ཟག་མེད་དགུ་དང་སྲོག་དང་རང་བཅས་བཅུ་གཅིག་ལྡན་ནོ། །ཀུན་ཤེས་བྱེད་པ་འདོད་པའི་རྟེན་ཅན་ཡིན་པས། གོང་གི་བཅུ་གཅིག་པོའི་སྟེང་དུ་ལུས་དང་སྡུག་བསྔལ་བསྣན་པས་བཅུ་གསུམ་དང་ལྡན་ནོ། །མང་ལྡན་ཉུང་ལྡན་གྱི་ཁྱད་པར་ནི། དགེ་རྩ་མེད་པའི་ནང་ན་དབང་པོ་ཉུང་བ་དང་ལྡན་པ་དག་ལུས་དང་ཚོར་བ་ལྔ་སྲོག་དང་ཡིད་བཅས་བརྒྱད་དང་ལྡན་ནོ། །གཟུགས་མེད་ཀྱི་བྱིས་པ་ཡང་། བཏང་སྙོམས་སྲོག་ཡིད་གསུམ་དང་དད་སོགས་ལྔ་སྟེ་བརྒྱད་དང་ལྡན་ནོ། །མང་པོར་ལྡན་པ་ལ་སོ་སྐྱེ་མཚན་གཉིས་པ་ལ་དྲི་མེད་གསུམ་མ་གཏོགས་པ་བཅུ་དགུ་ལྡན་ནོ། །ཡང་ན་འཕགས་པ་ཆགས་བཅས་མཚན་གཅིག་པ་ལ་དྲི་མེད་ཕྱི་མ་གཉིས་མ་གཏོགས་པའི་བཅུ་དགུ་ལྡན་པ་ཤེས་པར་བྱའོ། །དབང་པོའི་སྐབས་སོ།། །།དུས་ཞེས་བྱ་བ་ནི་གསུམ་སྟེ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་ལ་འདས་པའི་དུས་ཞེས་སྔོན་བྱུང་ཟིན་ནས་འགགས་པའོ། །རྒྱུ་སྤྱད་ལ་འབྲས་བུ་སྤྱད་མ་ཟིན་པ་ད་ལྟ་བའི་དུས་སོ། །རྒྱུ་ཡོད་ཀྱང་ད་ལྟ་རྒྱུ་མ་ཚང་བས་འབྲས་བུ་ཡང་སྤྱད་དུ་མེད་


MR22_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མ་འོང་པའི་དུས་ཞེས་བྱ་སྟེ། དེ་ལྟར་དུས་གསུམ་པོ་དག་ནི་དངོས་པོ་རྣམས་ཀྱི་རྒྱུ་འབྲས་ཀྱི་སྣང་བ་ལ་བརྟེན་ནས་རྣམ་བཞག་གི་སྒོ་ནས་བཏགས་པའོ། །དུས་གསུམ་གྱིས་བསྡུས་པའི་དུས་དེ་དག་ཡུན་རིང་ཐུང་གི་ཚད་ཀྱི་སྒོ་ནས་འདི་དང་འདི་ལྟ་བུའོ་ཞེས་ཤེས་པར་བྱེད་པ་ལ། དེའི་ཡུན་ཞེས་པ་འདས་ད་ལྟ་མ་འོངས་པའི་ཚུལ་གྱིས་སྐད་ཅིག་མའི་ཕྲེང་བ་རིམ་གྱིས་འབྱུང་བའི་ཚུལ་བཤད་ན། དུས་ཀྱི་མཐའ་ཤིན་ཏུ་ཕྲ་བ་སྔ་ཕྱིའི་ཆ་དབྱེར་མེད་པ་ལ་དུས་མཐའི་སྐད་ཅིག་མ་ཞེས་བྱའོ། །དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེ་ཡི་སྐད་ཅིག་གཅིག །དེ་ཡི་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག །ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་གཅིག །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག །ཉིན་ཞག་སུམ་ཅུར་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཅེས་བྱའོ། །སྐར་རྩིས་ཀྱི་གཞུང་ནས་སྐྱེས་བུ་དར་མ་ཁམས་སྙོམས་པའི་དབུགས་འབྱིན་རྔུབ་རྣལ་མ་ཟུང་རེ་གཅིག་ཏུ་བརྩིས་པ་ལ་དབུགས་གཅིག་ཅེས་བྱ། དབུགས་དྲུག་ལ་ཆུ་སྲང་གཅིག །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུ་ལ་ཞག་གཅིག་ཏུ་བཤད་དོ། །དེ་གཉིས་བསྟུན་ཏེ་གོ་བདེར་བརྗོད་ན། ཞག་གཅིག་ལ་དུས་མཐའི་སྐད་ཅིག་མ་ས་ཡ་དྲུག་དང་འབུམ་ཕྲག་བཞི་ཁྲི་བརྒྱད་ཡོད་དོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། དབུགས་རེའི་ཡུན་ལ་དུས་མཐའི་སྐད་ཅིག་མ་སུམ་བརྒྱ་ཡོད་དོ། །དབུགས་འབྱིན་རྔུབ་


MR22_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་ཡུན་ལ་སྐྱེས་བུ་ནད་མེད་ཐ་མལ་པའི་རྩ་ལན་ལྔ་འཕར་བ་ཡིན་པས། ཡུད་ཙམ་གཅིག་ལ་ཆུ་ཚོད་གཉིས་ཡོད་ཆུ་སྲང་ལྟར་ན་བརྒྱ་དང་ཉི་ཤུ་ཡོད། ཐང་ཅིག་རེ་ནི་ཆུ་སྲང་བཞིའི་ཡུན་ནོ། །དེའི་སྐད་ཅིག་མའི་ཡུན་ནི་རྩ་ལན་གཉིས་འཕར་ཡུན་ནོ། །དེ་ལྟར་བརྩིས་ན་རྩ་རེ་རེ་འཕར་ཡུན་དང་སེ་གོལ་རན་པར་གཏོགས་པ་དུས་མཉམ་པར་བྱས་ཏེ། དེའི་ཡུན་ལ་ཤ་མང་གི་འདབ་མ་དྲུག་ཅུ་ཐམ་པ་བརྩེགས་པ་ཁབ་ཀྱིས་ཕུག་པས་འདབ་མ་རེ་རེ་འབུག་པའི་ཡུན་ནི་དུས་མཐའི་སྐད་ཅིག་མའི་ཚད་དུ་ཤེས་པར་བྱ་སྟེ། འདབ་མ་རྣམས་རིམ་ཅན་དུ་འབུག་པ་ལས་ཅིག་ཆར་འབུག་མི་སྲིད་པས་རེ་རེ་འབུག་པའི་ཡུན་དེ་ལས་རྗེས་སུ་དཔགས་ནས་ཤེས་པ་ཡིན་ནོ། །དྲུག་ཅུ་རྩ་བཞི་དང་རྩ་ལྔར་གསུངས་པ་བརྩིས་ན་གཞུང་དང་མི་འགྲིགས་པས་དགོངས་པ་བརྟག་པར་བྱའོ། །སྐད་ཅིག་མ་འདི་ལ་དུས་མཐའི་སྐད་ཅིག་དང་། བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས་ཡོད་པའི། དང་པོ་གོང་དུ་བཤད་པ་དུས་ཀྱི་ཐུང་མཐའོ། །གཉིས་པ་བྱ་བ་གང་ཡིན་པ་དེ་མགོ་བརྩམས་ནས་ཡོངས་སུ་རྫོགས་པའི་བར་གྱི་ཡུན་ལ་འཇོག་པས་བྱ་བ་ལ་ལྟོས་ནས་རིང་ཐུང་མ་ངེས་པ་སྣ་ཚོགས་ཡོད་དེ། ཐུང་བ་སེ་གོལ་ཙམ་གཏོགས་པའི་བྱ་བ་རྫོགས་པ་ལ་ཡང་དེའི་མིང་ཐོབ་ཅིང་། རིང་བ་སངས་རྒྱས་ཀྱིས་དང་པོར་ཐུགས་བསྐྱེད་ནས་མཐར་བླ་མེད་བྱང་ཆུབ་མངོན་དུ་མཛད་པའི་བར་ལ་ཡང་བྱ་བ་རྫོགས་པའི་སྐད་ཅིག་གཅིག་ཏུ་འདོད་རུང་བ་ཡིན་ནོ། །དེ་ལྟར་


MR22_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་རྣམས་ཀྱི་ཡུན་ལ་སྐྱེས་བུའི་འདོད་པའི་དབང་གིས་དུས་སུ་བརྡ་འདོགས་པའི་ཕྱིར། རེས་ད་ལྟ་རང་དུས་སུ་ཡོད་པ་ཁོ་ན་ད་ལྟ་བ། དེའི་སྔར་བྱུང་ཐམས་ཅད་འདས་པ། རྗེས་སུ་འོང་འགྱུར་མ་འོངས་པར་བརྗོད་དེ་སྐད་ཅིག་ལ་དཔྱད་པའི་དབང་དུ་བྱས་པའོ། །རེས་བསྐལ་པ་འདི་ཆགས་ནས་མ་སྟོང་གི་བར་ལ་ད་ལྟ་བར་བྱེད་ཅིང་། དེའི་སྔ་ཕྱིར་བྱུང་བ་འདས་མ་འོངས་སུ་བྱེད་དོ། །དེ་ནི་འདོགས་ཡུལ་གྱི་དབང་གིས་དུས་ཀྱི་རྒྱུན་བློས་བསྡོམས་ཏེ་ཐ་སྙད་དེ་ལྟ་བུ་ཡང་བྱེད་རུང་བ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ལ་བརྟེན་ཏེ། བསྐལ་པ་ལ་ཆགས་གནས་འཇིག་སྟོང་གི་བསྐལ་པ་བཞི་དང་། བར་གྱི་བསྐལ་པ་དང་། བསྐལ་པ་ཆེན་པོ་དང་། ཡ་ཐོག་དང་མ་ཐོག་དང་། བར་ཁུག་དང་། ཡར་འཕེལ་བ་དང་། མར་འགྲིབ་པ་དང་། ཐ་མར་ནད་མཚོན་མུ་གེའི་བསྐལ་པ་དང་། མེ་ཆུ་རླུང་གིས་འཇིག་པའི་བསྐལ་པ་དང་། ཡང་རྫོགས་ལྡན་དང་སུམ་ལྡན་དང་། ཉིས་ལྡན་དང་། རྩོད་ལྡན་བཞི་དང་། བསྟན་པའི་དབང་དུ་བྱས་ཏེ་འབྲས་བུ་དང་། སྒྲུབ་པ་དང་། ལུང་དང་། རྟགས་ཙམ་འཛིན་པའི་དུས་ཏེ་བཞི་དང་གཞན་ཡང་མུན་པའི་བསྐལ་པ་དང་། སྒྲོན་མེའི་བསྐལ་པ་ལ་སོགས་པ་དུས་ལ་བརྟེན་པའི་རྣམ་གྲངས་སྣ་ཚོགས་ཡོད་པ་ཤེས་པར་བྱའོ། །ཉི་ཟླའི་བགྲོད་པ་ལ་བརྟེན་ནས་ཞག་གསུམ་གྱི་རྣམ་བཞག་བྱེད་དེ། ཉི་མས་རླུང་འགྲོས་ཀྱིས་གླིང་བཞི་འཁོར་བའི་ཡུན་ལ་ཆུ་ཚོད་དྲུག་ཅུ་ཐམ་པར་ངེས་པ་ཉིན་ཞག་གཅིག་དང་། རང་འགྲོས་ཀྱི་དབང་གིས་ཟླ་བའི་ཆ་བཅོ་ལྔ་འཕེལ་འགྲིབ་


MR22_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་ཡུན་ལ་ཚེས་ཞག་ཅེས་བྱ་སྟེ། དེ་ལ་གནས་སྐབས་སུ་འཕེལ་འགྲིབ་རིང་ཐུང་ཡོད་ཀྱང་། དཀར་ནག་གི་ཕྱོགས་ཀྱི་མཐར་དོན་ལ་ཉིན་ཞག་གི་ཚད་ལས་ཅུང་ཐུང་བ་དང་། ཉི་མས་རང་འགྲོས་ཀྱིས་ཁྱིམ་རེ་རེ་འཁོར་བའི་ཡུན་སུམ་ཅུར་བཅད་པ་ལ་ཁྱིམ་ཞག་ཅེས་བྱ་སྟེ་ཉིན་ཞག་གི་ཚད་ལས་ཅུང་རིང་བའོ། །ཞག་འདི་གསུམ་གྱི་དབང་གིས་ལོ་གཅིག་གི་དུས་རྣམས་བཞག་སྟེ། ཉིན་ཚེས་བསྟུན་ནས་ཚེས་ཀྱི་ཆད་ལྷག་དང་། ཚེས་ཞག་གི་དབང་དུ་བྱས་པའི་ཟླ་བ་རེ་དང་ཁྱིམ་ཞག་གི་དབང་དུ་བྱས་པའི་ཟླ་བ་གཉིས་རིང་ཐུང་མ་སྙོམས་པའི་དབང་གིས་ཟླ་བཤོལ་འབྱུང་བ་སྟེ། ཉི་མ་ཁྱིམ་བཅུ་གཉིས་སུ་བགྲོད་པའི་དབང་གིས་གླིང་བཞིར་དུས་བཞི་འབྱུང་བ་དང་། ཟླ་བའི་ཆ་འཕེལ་འགྲིབ་ཀྱི་དབང་གིས་དཀར་ནག་གི་ཕྱོགས་དང་། གོ་ལའི་རླུང་འགྲོས་ཀྱིས་ཉི་མ་འཆར་ཚུལ་ལས་ཉིན་ཞག་འབྱུང་བའི་ཕྱིར། དེ་དག་ལེགས་པར་མ་བརྩིས་ན་མཐར་དཀར་ནག་གི་ཕྱོགས་དང་། དཔྱིད་སོགས་དུས་བཞི་ལོག་པར་འགྱུར་བའི་ཕྱིར། སྐར་རྩིས་ཀྱི་གཞུང་ལས་ཞིབ་པར་གཏན་ལ་ཕབ་པ་བཞིན་ནོ། །དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཞག་སུམ་བརྒྱ་དྲུག་ཅུ། དེའི་སྔ་དྲོ་དང་ཕྱི་དྲོ་ཟན་ཟ་བའི་དུས་གཉིས་སུ་བརྩིས་པས་ཟ་མ་བདུན་བརྒྱ་ཉི་ཤུ་ཞེས་དང་། ཡང་ཉིན་མོ་དང་མཚན་མོ། ཉིན་ཞག་གཅིག་ལ་ཡང་ཐོ་རངས་དང་སྔ་དྲོ་སོགས་སུ་ཕྱེ་བས། ཐུན་བཞི་དང་། དྲུག་དང་། བརྒྱད་དང་བཅུ་གཉིས་སུ་དབྱེ་བ་དང་། ཟླ་བ་རེ་ལ་དཀར་ཕྱོགས་ནག་ཕྱོགས།


MR22_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་བཞི་དང་། དགུན་སྟོད་དགུན་སྨད་སོགས་དུས་དྲུག་དང་། ལྷོ་བྱང་གི་བགྲོད་པ་གཉིས་ལ་སོགས་པའི་རྣམ་བཞག་བྱེད་དོ། །བགྲང་བྱ་ལོ་དང་བསྐལ་པ་ལ་སོགས་པ་དེ་དག་གཅིག་དང་བཅུ་དང་བརྒྱ་སོགས་བཅུ་འགྱུར་གྱིས་གྲངས་མེད་པའི་བར་དུ་བརྩིས་པའི་སྒོ་ནས་ཡུན་གྱི་ཚད་ཐམས་ཅད་གཞལ་ནུས་སོ། །དེ་ལྟར་དུས་ཀྱི་རྣམ་བཞག་ལ་བརྟེན་ནས་སྔར་བསྐལ་པ་འདི་ཙམ་ན་སངས་རྒྱས་འདི་བྱོན་ནོ་ཞེས་དང་། མ་འོངས་པའི་དུས་དང་བསྐལ་པ་འདི་ཙམ་ན་འདི་འདྲ་འབྱུང་ངོ་ཞེས་དང་། ཐེག་པ་ཆེ་ཆུང་གི་ལམ་ལས་རང་འབྲས་དུས་ཅི་ཙམ་གྱིས་ཐོབ་པ། འགྲོ་བ་རྣམས་ཀྱི་ཚེ་ཚད་ཅི་ཙམ་ཡིན་པ་སོགས་ཤེས་པར་བྱེད་པ་ཡིན་ནོ། །དངོས་པོ་རྣམས་དུས་སྐད་ཅིག་མའི་སྐྱེ་འགག་གི་ཕྲེང་བ་རིམ་བྱུང་ཙམ་ཡིན་པར་ཡང་རྟོགས་པར་འགྱུར་རོ། །ཡང་ནང་སེམས་ཅན་གྱི་ཕུང་པོ་ལ་བརྟེན་ནས། སྐྱེ་བ་དང་། བྱིས་པ་དང་། གཞོན་ནུ་དང་། དར་བབས་དང་། ན་ཚོད་ཡོལ་བ་དང་། རྒས་པ་དང་། འཁོགས་པ་དང་། ཤི་བའི་དུས་སུ་བཞག་པ་དང་། ཕྱིའི་ཆོས་ལ། ས་བོན་དང་མྱུ་གུའི་དུས་སོགས་དང་། བྱ་བ་ལ་ལྟོས་ནས་དང་པོར་ཐུགས་བསྐྱེད་པ། བར་དུ་ཚོགས་བསགས་པ། ཐ་མར་སངས་རྒྱས་པ་ལྟ་བུ་སོགས་ཤེས་བྱའི་རྣམ་བཞག་ཕལ་མོ་ཆེ་དུས་ལ་བརྟེན་ནས་ཁོང་དུ་ཆུད་དགོས་པ་ཡིན་ལ། ད་ལྟ་ཇི་ལྟར་སྣང་བའི་དངོས་པོ་ལ་ད་ལྟའི་དུས་སུ་འདོགས་ཤིང་། དེ་ལ་བརྟེན་ནས་འདས་མ་འོངས་སུ་ཡང་སེམས་པར་བྱེད་དོ། །དེ་ཡང་


MR22_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟའི་སྐབས་སུ་སེམས་ཅན་ཕལ་ཆེར་རྒས་པ། ཕལ་ཆེར་གཞོན་པ། ཕལ་ཆེར་སྐྱེ་བ་སོགས་མི་འདྲ་ཞིང་། རང་དུས་གང་ཡིན་ལ་ལྟོས་ནས་དེའི་སྔ་ལོགས་སུ་བྱུང་བ་རྣམས་འདས་པ། ཕྱི་ལོགས་སུ་འབྱུང་བ་རྣམས་མ་འོངས་པར་འཇོག་པ་ནི། རང་གི་སྣང་ཚུལ་ཙམ་ལས་དུས་སུ་བཏགས་པ་ཙམ་ཡིན་གྱི་དོན་ལ་དུས་ཞེས་རྫས་སུ་གྲུབ་པ་གང་ཡང་མེད་པ་རྨི་ལམ་ན་དུས་རིང་ཐུང་སྣ་ཚོགས་སྣང་བ་ལྟར་རང་གི་རྟོག་པའི་དབང་གིས་ཆོས་ཁ་ཅིག་འདས་པ། ཁ་ཅིག་ད་ལྟ་བ། ཁ་ཅིག་མ་འོངས་པར་བཞག་ནས་སྣང་གི། གནས་ལུགས་ལ་ཆོས་གང་ཡང་སྔར་འགག་པ་མེད་ལ། ད་ལྟར་སྐྱེ་བའང་མེད། མ་འོངས་པ་ན་འབྱུང་བར་འགྱུར་བ་ཡང་མེད་དེ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་ན་དུས་ལ་ཡང་དག་པར་མཁས་པ་ཞེས་བྱ་སྟེ་དེ་ལ་དགོངས་ནས་དུས་གསུམ་དང་། བསམ་གྱིས་མི་ཁྱབ་པའི་དུས་བསྣན་ཏེ་བཞིར་གསུངས་པ་ཡང་ཤེས་པར་འགྱུར་ལ། ཕྱོགས་རྣམས་ཀྱང་དུས་དེ་དང་འདྲ་བར་བཏགས་པ་ཙམ་དུ་ཤེས་པར་འགྱུར་ཞིང་གནས་ལུགས་མཉམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །དུས་ཀྱི་སྐབས་སོ།། །།བདེན་པ་ལ་མཁས་པར་བྱ་བ་ལ། བླང་དོར་དུ་བྱ་བའི་ཆ་ནས་བདེན་པ་བཞིར་གསུངས་ཏེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། །སྡུག་བསྔལ་བདེན་པའི་གཞི་ནི་མ་དག་པའི་སྣོད་བཅུད་ལས་ཉོན་གྱི་དབང་གིས་བྱུང་བ་ཟག་བཅས་འབྲས་གྱུར་གྱི་ཆ་ཐམས་ཅད་དོ། །


MR22_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གང་དུ་སྐྱེ་བའི་སྣོད་ནི་འོག་གཞི་རླུང་དང་ཆུ་དང་ས་ཡི་དཀྱིལ་འཁོར་དང་། གླིང་བཞི་གླིང་ཕྲན་བརྒྱད། ལྕགས་རི་མུ་ཁྱུད། ལན་ཚྭའི་རྒྱ་མཚོར་བཅས་པ་དང་། རི་རབ་དང་། རི་བདུན། མཚོ་བདུན་དང་། འདོད་ལྷ་དྲུག་དང་། བསམ་གཏན་བཞིའི་གནས་རིས་རྣམས་ནམ་མཁའ་ལ་ཆགས་པའི་བར་གྱི་འོག་གཞི་དང་གནས་ཁང་སོགས་ལ་སྣོད་ཀྱི་འཇིག་རྟེན་ཞེས་བྱ་སྟེ་སེམས་ཅན་རྣམས་གནས་པའི་སྣོད་ཡིན་པའི་ཕྱིར་རོ། །དེ་ཡང་ཡི་དྭགས་དང་དམྱལ་བ་པ་ནི་ས་འོག་ས་དཀྱིལ་གྱི་གནས་སུ་ཆགས། དུད་འགྲོ་བྱིང་ན་གནས་པ་རྒྱ་མཚོ་ཆེན་པོ་སོགས་ལ་གནས། ཁ་འཐོར་གྱི་དུད་འགྲོ་ཕལ་ཆེར་ས་ཆུ་ཤིང་སོགས་དང་ལྷ་མི་ཀླུ་ཡི་གནས་སོགས་ན་གནས། ཉི་ཚེའི་དམྱལ་བ་དང་མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ཀྱང་ས་འོག་དང་མི་ཡི་གནས་སོགས་མ་ངེས་པ་ན་ཡོད། ལྷ་མིན་ནི་རི་རབ་ཀྱི་ཁོང་གསེང་དང་གསེར་གྱི་ས་གཞིར་ཐུག་གི་བར་དུ་གནས། ཀླུ་ཕལ་ཆེར་རོལ་མཚོ་སོགས་རྒྱ་མཚོར་གནས་སོ། །སའི་འོག་ན་གནས་པ་འདི་རྣམས་ལ། ས་འོག་པ་ཞེས་བྱའོ། །མི་རྣམས་ནི་གླིང་བཞི་གླིང་ཕྲན་བརྒྱད་ལ་གནས། འདོད་ལྷ་དྲུག་གི་སུམ་ཅུ་རྩ་གསུམ་པ་རྣམས་རི་རབ་ཀྱི་སྟེང་ན་གནས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ནི་རི་རབ་ཀྱི་བང་རིམ་བཞི་དང་། རི་བདུན་གྱི་ཁ་ཁྱེར་དང་། གོ་ལའི་རླུང་གི་གཞི་སོགས་ལ་གནས་ཏེ། འདི་ཐམས་ཅད་ལ་ས་སྟེང་ན་གནས་པ་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པའི་སྟེང་གི་ནམ་མཁའ་ལ་སྟེང་ནས་སྟེང་དུ་འཐབ་བྲལ་སོགས་བཞི་དང་། དེ་དག་གི་སྟེང་ན་གྱེན་


MR22_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྩེགས་ཏེ་ཚངས་རིས་ནས་འོག་མིན་པའི་བར་དུ་གཟུགས་ཁམས་བཅུ་བདུན་གནས་སོ། །གཟུགས་མེད་ལ་གནས་ཐ་དད་མེད་ཀྱང་། འདི་ཐམས་ཅད་ལ་ས་བླའི་འཇིག་རྟེན་ཞེས་བྱའོ། །གང་སྐྱེ་བ་ནང་བཅུད་ཀྱི་སེམས་ཅན་ནི་ཁམས་གསུམ་གྱིས་བསྡུས་པ་སྟེ། འདོད་པའི་ཁམས་ནི་མནར་མེད་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་ཏེ། འདོད་ལྷ་དྲུག །མི་བཅུ་གཉིས། དམྱལ་བ་བཅུ་དྲུག །དུད་འགྲོ་དང་། ཡི་དྭགས་བཅས་གནས་རིས་སོ་དྲུག་གམ། ལྷ་མིན་ལོགས་སུ་ཕྱེ་ན་སོ་བདུན་དུ་ཡང་འགྱུར་རོ། །ཀླུ་རྣམས་ལས་དབང་ཆེ་བ་འགའ་ཞིག་ལྷ་ལའང་གཏོགས་ལ། ཕལ་ཆེར་དུད་འགྲོར་གཏོགས་པའོ། །འགྲོ་བ་སོ་སོའི་ནང་གི་དབྱེ་བ་ཚད་མེད་ཡོད་དོ། །དམྱལ་བ་ལ་ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་ངུ་འབོད་ཆེ་བ་ཚ་བ་རབ་ཏུ་ཚ་བ་མནར་མེད་དེ་ཚ་དམྱལ་བརྒྱད། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་ཐམ་པ། ཆུ་བུར་ཅན། ཆུ་བུར་རྡོལ་བ། པདྨ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པ། ཨུ་དཔལ་ལྟར་གྱེས་པ་སྟེ་གྲང་དམྱལ་བརྒྱད། ཚ་དམྱལ་གྱི་ཕྱོགས་བཞིར་ཉེ་འཁོར་བཞི་བཞི་སྟེ་བཅུ་དྲུག་ཡོད་ཀྱང་དམྱལ་བའི་ཉེ་འཁོར་ཞེས་གཅིག་ཏུ་བྱས་སོ། །ཉི་ཚེ་བ་ཡང་དེ་བཞིན་ནོ། །ཡི་དྭགས་དང་། དུད་འགྲོ་ཡང་རིགས་བསྡུས་པའོ། །མི་ལ་ལུས་འཕགས་དང་། འཛམ་བུའི་གླིང་། བ་ལང་སྤྱོད། སྒྲ་མི་སྙན་ཏེ་གླིང་བཞི། དེ་དག་ལ་གླིང་གཡོག་གཉིས་རེ་སྟེ། ལུས་དང་ལུས་འཕགས་སོགས་བརྒྱད་དོ། །


MR22_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་ནི། ཆུ་མཚམས་མན་ཆད་ཀྱི་རི་རབ་ཀྱི་ཁོང་གསེང་ནས་གསེར་གྱི་ས་གཞིའི་བར་དུ། སྟེང་ནས་མར། སྒྲ་གཅན། དཀར་འཕྲེང་། མགུལ་འཕྲེང་། ཐགས་བཟང་རིས་ཏེ་རྒྱལ་པོ་བཞིའི་རིས་སུ་གནས་པའོ། །འདོད་ལྷ་རིགས་དྲུག་ནི། རྒྱལ་ཆེན་བཞིའི་རིས། སུམ་ཅུ་རྩ་གསུམ་པ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དྲུག་སྟེ། དགའ་ལྡན་ན་བྱམས་པ་བཞུགས་ལ། གཞན་འཕྲུལ་དབང་བྱེད་ན་བདུད་སྡིག་ཅན་གནས་པའོ། །རྒྱལ་ཆེན་བཞིའི་རིས་ནི། རི་རབ་བང་རིམ་བཞིའི་སྟེང་མ་ལ། རྒྱལ་ཆེན་བཞི་འཁོར་དང་བཅས་ཏེ་གནས། དེའི་འོག་གི་བང་རིམ་ལ་ཡས་ནས་མར་རིམ་པ་ལྟར། རྟག་མྱོས་དང་། ཕྲེང་ཐོགས་དང་། གཞོང་ཐོགས་ཀྱི་ལྷ་རྣམས་ཡོད་དོ། །རི་བདུན་གྱི་ཁ་ཁྱེར་དང་། ཉི་ཟླ་སྐར་མ་རྣམས་ཀྱང་རྒྱལ་ཆེན་བཞིའི་རིས་སུ་གཏོགས་པ་ཡིན་ནོ། །གཟུགས་ཁམས་ནི་གཞན་སྤྲུལ་པའི་སྟེང་གི་ནམ་མཁའ་ལ། བསམ་གཏན་དང་པོའི་གནས་གསུམ་གྱི་འོག་མ་ཚངས་རིས་ཡོད་དོ། །དེའི་སྟེང་ན་ཚངས་པ་མདུན་ན་འདོན་གྱི་ལྷ། དེའི་སྟེང་ན་ཚངས་ཆེན་ཏེ་གསུམ་མོ། །དེ་བཞིན་དུ་སྟེང་ནས་སྟེང་དུ་བརྩེགས་ཏེ་གནས་པས་མས་ནས་ཡར་བགྲངས་ཏེ། གཉིས་པར་འོད་ཆུང་ཚད་མེད་འོད་འོད་གསལ་གསུམ། གསུམ་པར་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་གསུམ། བཞི་པ་ལ་བརྒྱད་ཡོད་པའི་སྤྲིན་མེད་འོད་བསོད་ནམས་སྐྱེས་འབྲས་བུ་ཆེ་བ་གསུམ་དང་། འཕགས་


MR22_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤ་སྟག་གི་གནས་ཡིན་པས་གཙང་མ་ལྔ་ནི། མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམས་སྣང་བ། ཀུན་གྱི་སྟེང་ན་འོག་མིན་ནོ། །གཟུགས་མེད་པའི་ཁམས་བཞི་ནི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་སྐྱེ་མཆེད་མུ་བཞིའོ། །ཡོད་མིན་མེད་མིན་སྐྱེ་མཆེད་པ་ལ་སྲིད་པའི་རྩེ་མོའང་ཟེར་རོ། །གནས་རིས་སོ་སོའི་ཚེ་ཚད་དང་། ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར། བདེ་སྡུག་གི་སྣང་བ་སོགས་ཅི་ལྟ་བུ་ཡིན་པའི་ཚུལ་ནི་གཞན་ལས་ཤེས་པར་བྱའོ། །གླིང་བཞི་རི་རབ་འདོད་ལྷ་དྲུག་ཚངས་པའི་འཇིག་རྟེན་དང་བཅས་པ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ།དེ་སྟོང་ལ་དང་པོ་སྤྱི་ཕུད་སྟོང་གི་འཇིག་རྟེན་ཞེས་བྱའོ། །དེ་སྟོང་ལ་བར་མའི་སྟོང་གི་འཇིག་རྟེན་གྱི་ཁམས་དང་། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཞེས་བྱ་སྟེ། དེ་ན་གླིང་བཞི་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་སྟེ་ཐེར་འབུམ་རེ་ཡོད་པ་དེ་ནི་མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་ཞིང་ངོ་། །དེ་ལྟར་བཤད་པ་ནི་མི་མཇེད་ཀྱི་འཇིག་རྟེན་འདིའི་དབང་དུ་བྱས་ཀྱི། གཞན་དུ་སེམས་ཅན་གྱི་ལས་སྣང་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབང་གིས། ནམ་མཁའི་ཁམས་ཐམས་ཅད་དུ། ཞིང་ལ་ལ་ཆགས་བཞིན་པ། ལ་ལ་གནས་པ། ལ་ལ་འཇིག་པ། ལ་ལ་དག་པ། ལ་ལ་མ་དག་པ། དེ་བཞིན་དུ་རྒྱ་ཆེ་ཆུང་དང་དབྱིབས་


MR22_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཀོད་པ་མི་འདྲ་བ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་དེ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །དེ་ལ་མ་དག་པའི་ཞིང་རྣམས་ནི་སྡུག་བསྔལ་བདེན་པས་བསྡུས་ལ། དག་པའི་ཞིང་གི་སྣོད་བཅུད་རྣམས་ནི་མ་ཡིན་ཏེ། ཟག་བཅས་རྒྱུ་འབྲས་སུ་མི་གཏོགས་པའི་ཕྱིར་རོ། །གོང་དུ་སྣོད་བཅུད་བཤད་པ་ལྟར་གྱི་འགྲོ་བ་རྣམས་གང་དུ་སྐྱེ་བའི་སྐྱེ་གནས་ནི་རྣམ་པ་བཞི་སྟེ། རྫུས་སྐྱེས་དང་། དྲོད་གཤེར་སྐྱེས་དང་། མངལ་སྐྱེས་དང་། སྒོང་སྐྱེས་བཞི་གང་རུང་དུ་ཐོག་མར་སྐྱེ་བ་ལེན་ཏེ། བཞི་པོ་དེ་གོང་མ་གོང་མ་བཟང་ངོ་། །བརྫུས་ཏེ་སྐྱེ་བས་དང་པོར་སྐྱེ་མཆེད་དྲུག་ཅིག་ཆར་རྫོགས་ལ། མཐར་ཅིག་ཆར་འགག་སྟེ་རོ་མེད་དོ། །གཞན་གསུམ་རིམ་གྱིས་སྐྱེ་འཆི་བྱེད་ལ་རོ་ཡོད་དོ། །མི་དང་དུད་འགྲོ་ལ་སྐྱེ་གནས་བཞི་ལས་སྐྱེས་པ་ཡོད། དམྱལ་བ་རྣམས་དང་ལྷ་རྣམས་དང་སྲིད་པ་བར་མ་ནི་བརྫུས་ཏེ་སྐྱེ་བའོ། །ཡི་དྭགས་ཕལ་མོ་ཆེ་རྫུས་སྐྱེས་དང་། མངལ་ནས་སྐྱེ་བའང་ཡོད་དོ། །དེ་ཡང་སྐྱེ་སྲིད་དང་། དེ་ནས་འཆི་བ་མ་བྱུང་གི་བར་སྔོན་དུས་ཀྱི་སྲིད་པ་དང་། འཆི་སྲིད་དང་། བར་སྲིད་བཞིའི་གནས་སྐབས་ཅན་ནོ། །སྲིད་པ་བར་མ་ཞེས་པ་གང་ཞེ་ན། སེམས་ཅན་རྣམས་ཤི་ནས་གཟུགས་མེད་དུ་སྐྱེ་བ་རྣམས་མ་གཏོགས་པར་གང་དུ་སྐྱེ་ཡང་སྲིད་པ་སྔ་མ་འགགས་ལ་ཕྱི་མར་དངོས་སུ་མ་སྐྱེས་པའི་བར་དེར་ཡིད་ལས་བྱུང་བ་དབང་པོ་ཀུན་ཚང་གི་ལུས། རི་བྲག་སོགས་ལ་ཐོགས་པ་མེད་པ། ལས་ཀྱི་རྫུ་འཕྲུལ་དང་བཅས་པ། དྲི་ཟ་བའི་རིགས་


MR22_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ་ལུས་ཀྱི་ཆ་བྱད་སྲིད་པ་སྔ་མའི་གཟུགས་དང་། ཕྱི་མ་སྐྱེ་འགྱུར་གྱི་རྣམ་པ་ཅན་དུའང་གསུངས་ལ། ཡང་དང་པོར་སྔ་མའི་བག་ཆགས་ཀྱི་དབང་གིས་སྔར་གྱི་ལུས་ལྟར་སྣང་བ་དང་། དེ་ནས་དེ་མི་གསལ་བར་ཕྱི་མའི་ཤ་ཚུགས་སུ་སྣང་ཞེས་གཞུང་རྣམས་ལས་གསུངས། ཚེ་ཚད་ནི་རིང་མཐའ་ཞག་ཞེ་དགུར་གསུངས་ཏེ། བདུན་རེའི་ནང་དུ་སྲང་མདའི་མཐོ་དམན་བཞིན་ཤི་ནས་ཡང་རེ་རེ་སྐྱེ་བར་གསུང་། བར་སྲིད་གྲུབ་ནས་གང་དུ་སྐྱེ་བ་ལེན་པ་ལས་མི་ལྡོག་པར་ཉན་ཐོས་ཀྱི་གཞུང་ལས་འབྱུང་། ཅི་སྟེ་རྐྱེན་དང་ལྡན་ན་ལྡོག་པར་ཐེག་པ་གོང་མའི་གཞུང་ལས་གསུངས། དེའི་ཁ་དོག་ནི་ངན་སོང་དུ་སྐྱེ་ན་ཕྱར་བ་ནག་པོའམ་མུན་ནག་ལྟ་བུ་དང་། མཐོ་རིས་སུ་སྐྱེ་ན་སྣམ་བུ་དཀར་པོ་དང་ཟླ་འོད་ལྟ་བུར་གསུང་། དེ་ལ་ལས་ཀྱི་སྣང་བ་སྣ་ཚོགས་མ་ངེས་པ་འཆར་ཞིང་། དེ་ན་གནས་བཞིན་ལས་བསགས་པ་ཡང་ཡོད་པར་གསུངས་སོ། །དེ་གང་གིས་མཐོང་ན་གང་དུ་སྐྱེ་བ་མཚུངས་པ་དེ་དག་ནང་ཕན་ཚུན་དུ་མཐོང་ལ་གཞན་བསྒོམས་པ་ལས་བྱུང་བའི་ལྷའི་མིག་རྨུགས་གཉིད་རྒོད་པ་ཐེ་ཚོམ་ཡིད་མི་བདེ་སོགས་སྐྱོན་བཅུ་གཅིག་དང་བྲལ་བས་མཐོང་ངོ་། །སྐྱེས་ནས་འགྲོ་བ་རྣམས་གནས་རིས་དེ་དག་ཏུ་ཟས་བཞིས་གནས་པར་བྱེད་དེ། ཁམ་གྱི་ཟས་དང་། རེག་པའི་ཟས་དང་། སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་སོ། །ཁམ་གྱི་ཟས་ནི་དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་དེ། དེ་དག་སྣ་ལྕེ་ལུས་ཀྱིས་ཁམས་སུ་བྱས་ཏེ་ལུས་རྒྱས་པར་བྱེད་པའོ། །གསུམ་འདུས་


MR22_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་བྱུང་རེག་པ་དང་། སེམས་བྱུང་སེམས་པ་དང་། གཙོ་བོ་རྣམ་ཤེས་དང་གསུམ་གྱིས་ནི་སེམས་ཀྱི་ཁམས་རྒྱས་པར་བྱེད་དོ། །ཡང་ན་ཚེ་འདིར་བརྟེན་པ་ལུས་རྒྱས་པར་བྱེད་པ་ཁམ་ཟས། རྟེན་སེམས་སེམས་བྱུང་རྒྱས་པ་རེག་པ། ཕྱི་མའི་སྲིད་པ་གཞན་འཕེན་པ་སེམས་པ། སྲིད་པ་ཕྱི་མ་མངོན་དུ་འགྲུབ་པ་རྣམ་ཤེས་ཀྱི་ཟས་ཏེ་བཞིར་གསུངས་སོ། །ཟས་དེ་དག་ནི་སེམས་ཅན་བྱུང་བ་རྣམས་འཚོ་ཞིང་གནས་པར་བྱེད་ལ། སྲིད་པ་ཚོལ་བ་བར་སྲིད་པ་རྣམས་ལ་ཕན་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཁམ་གྱི་ཟས་ནི་འདོད་ཁམས་ཁོ་ན་ན་ཡོད། གཞན་གསུམ་ཁམས་ཀུན་ན་ཡོད་དོ། །གང་དུ་སྐྱེས་ཀྱང་། སྐྱེས་པའི་མཐར་འཆི་བ། འདུས་པའི་མཐའ་འབྲལ་བ། འབྱོར་བའི་མཐའ་རྒུད་པ། མཐོ་བའི་མཐའ་ལྟུང་བ་སྟེ་མཐའ་བཞིས་མ་བསྡུས་པ་མེད་པའི་ཕྱིར་འཁོར་བ་ལས་ཡིད་འབྱུང་བར་བྱའོ། །དགེ་རྩ་ཆད་པ་དང་། སླར་མཚམས་སྦྱོར་བ། ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང་། དེ་ལས་ཉམས་པ། འཆི་འཕོ་བ་དང་སྐྱེ་བ་ལེན་པ་རྣམས་ཡིད་ཀྱི་རྣམ་ཤེས་ཁོ་ནས་བྱེད་དོ། །འཆི་འཕོ་བ་དང་སྐྱེ་བ་ནི་ཚོར་བ་བཏང་སྙོམས་ལ་གནས་ནས་བྱེད་དོ། །ཡིད་ཤེས་དེ་ཉིད་རྩེ་གཅིག་ཏུ་གནས་བཞིན་པ་དང་།སེམས་མེད་ཀྱི་གནས་སྐབས་ལ་གནས་བཞིན་འཆི་མི་སྲིད་དེ། དེ་ལས་ལྡང་སྟེ་འཆིའོ། །སེམས་མེད་པའི་གནས་སྐབས་ནི། འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་འཇུག །འདུ་ཤེས་མེད་པའི་


MR22_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་འཇུག་གསུམ་ལྟ་བུའོ། །འགྲོ་བ་དེ་དག་རིགས་བསྡུས་ན། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དང་། མི་དང་ལྷ་མིན་ལྷ་སྟེ་མཐོ་རིས་གསུམ་དང་བསྡོམས་པས་རིགས་དྲུག་གོ། །ཡང་ལྷ་མིན་སྟོད་རིས་ལྷ་དང་། སྨད་དུད་འགྲོར་བསྡུས་ཏེ། ལྷ་མི་ངན་སོང་གསུམ་ལ་ལམ་རྒྱུད་ལྔ་ཞེས་བྱའོ། །ཡང་འཕགས་པ་རྣམས་ཡང་དག་པར་ངེས་པའི་ཕུང་པོ། དགེ་རྩ་ཆད་པ་དང་མཚམས་མེད་ལྔ་བྱེད་པ་ལོག་པར་ངེས་པའི་ཕུང་པོ། དེ་དག་ལས་གཞན་པ་རྣམས་མ་ངེས་པའི་ཕུང་པོ་སྟེ་གསུམ་དུ་བཞག་པ་སོགས་རྣམ་གྲངས་དུ་མ་གཞན་ལས་ཤེས་པར་བྱའོ། །སེམས་ཅན་གྱི་འཇིག་རྟེན་དེའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་བཤད་པ་ལ།དམ་ཆོས་ཀྱི་སྣོད་དུ་རུང་བའི་རྟེན་ཁྱད་པར་ཅན་ནི་དལ་འབྱོར་བཅོ་བརྒྱད་ཚང་བ་སྟེ། ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ་སྟེ་མི་མ་ཡིན་པའི་མི་ཁོམས་པའི་གནས་བཞི། མཐའ་འཁོབ་ཀླ་ཀློ། ལོག་ལྟ་ཅན་གྱི་རིགས། སངས་རྒྱས་མ་བྱོན་པའི་ཞིང་། དབང་ཤེས་བླུན་ལྐུག་བརྡ་མི་འཇལ་བ་སྟེ་མིའི་མི་ཁོམས་པ་བཞི་སྟེ། བརྒྱད་པོ་བྲལ་བའི་དལ་བ་བརྒྱད་དང་། རང་མིར་གྱུར། དབང་པོ་ཚང་། ཆོས་དར་བའི་ཡུལ་དབུས་སྐྱེས། ལས་ཀྱི་མཐའ་མ་ལོག་པ། དད་པ་ཡོད་པ་སྟེ་རང་འབྱོར་ལྔ། སངས་རྒྱས་འཇིག་རྟེན་དུ་བྱོན། ཆོས་གསུང་། བསྟན་པ་གནས། དེ་ལ་འཇུག་པ་ཡོད། ཆོས་སྟོན་པ་ཡོད་པ་སྟེ་གཞན་འབྱོར་ལྔ་བཅས། བཅོ་བརྒྱད་ཚངས་པའོ། །


MR22_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཆོས་ལ་འཕགས་ལམ་སྐྱེ་བའི་གེགས་སྒྲིབ་པ་གསུམ་ནི། ངན་སོང་གསུམ་ལྷ་མིན་སྒྲ་མི་སྙན་དུ་སྐྱེས་པ་ལྟ་བུ་རྟེན་གྱི་དབང་གིས་ལམ་མི་སྐྱེ་བ་རྣམ་སྨིན་གྱི་སྒྲིབ་པ། མཚམས་མེད་ལྔ་དང་ཆོས་སྤོང་སོགས་བྱས་པས་བདེན་པ་མཐོང་མི་ནུས་པ་ལས་ཀྱི་སྒྲིབ་པ། ཉོན་མོངས་ཤིན་ཏུ་དྲག་པོ་རྒྱུན་ཆགས་པས་ལམ་ལ་འཇུག་མི་ནུས་པ་ཉོན་མོངས་པའི་སྒྲིབ་པའོ། །ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་མཐུན་རྐྱེན་འཁོར་ལོ་བཞི་ནི། འཕགས་ལམ་སྐྱེ་བ་དང་མཐུན་པར་གྱུར་པའི་ཡུལ་ལྷ་མིའི་འགྲོ་བ་ན་གནས་པ། དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་ལ་བརྟེན་པ། བདག་ཉིད་ཀྱི་བློ་ཆོས་ལ་ལེགས་པར་སྨོན་པ། ཚེ་རབས་སྔོན་དུ་བསོད་ནམས་བགྱིས་པའི་རྒྱུ་ཡོད་པ་བཞིའོ། །སྐྱེས་བུ་རྣམས་ཀྱིས་དོན་དུ་གཉེར་བྱ་ཕུན་སུམ་ཚོགས་པ་སྡེ་བཞི་ནི། མངོན་མཐོ་ངེས་ལེགས་སྒྲུབ་པའི་ཆོས་དང་། གནས་གྲོགས་གྲགས་ནོར་སྒྲུབ་པ་སོགས་དོན་དང་། དེ་དག་གི་འབྲས་བུ་གནས་སྐབས་སུ་འདོད་པ་ལ་ལོངས་སྤྱོད་པ། མཐར་ཐུག་ཐར་པ་ཐོབ་པ་སྟེ། ཆོས་དོན་འདོད་ཐར་བཞིའོ། །མཐོ་རིས་ཀྱི་ཡོན་ཏན་བདུན་ནི། ཚེ་རིང་བ། ནད་མེད་པ། གཟུགས་བཟང་བ། སྐལ་པ་བཟང་བ། རིགས་མཐོ་བ། ནོར་མང་བ། ཤེས་རབ་ཆེ་བ་བདུན་ཏེ། རིགས་མཐོ་ཞིང་བཙུན་པ་རིགས་བཟང་བའོ། །ཀུན་གྱིས་བརྩི་ཞིང་དབང་ཆེ་བ་དང་དོན་གྲུབ་པ་སོགས་སྐལ་པ་བཟང་བ་སྟེ་ཡོན་ཏན་གཞན་ཐམས་ཅད་འདིའི་ནང་དུ་སྡུད་རུང་ངོ་། །འདི་དག་


MR22_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་གང་ལས་ཀྱང་འབྱུང་མོད་གཙོ་བོར་གཞན་ལ་སྲོག་གི་སྐྱབས་བྱེད་ཅིང་སྲོག་ལ་འཚེ་བ་ལས་ལྡོག་པས་ཚེ་རིང་བ། ནད་པ་ལ་སྨན་དང་གཡོག་བྱེད་པ་སོགས་ཀྱིས་ཕན་བཏགས་པ་དང་། གཞན་ལ་བརྡེག་པ་སོགས་སྤངས་པས་ནད་མེད་པ། ཁྲོ་བ་སྤངས་ཏེ་བཟོད་པར་བྱས་པས་གཟུགས་བཟང་པ། ཕྲག་དོག་སྤང་པས་སྐལ་པ་བཟང་བ། དམ་པ་བཀུར་ཞིང་ང་རྒྱལ་སྤངས་པས་རིགས་མཐོ་བ། རྐུ་བ་སྤང་ཞིང་སྦྱིན་པ་བྱིན་པས་ནོར་ཕུན་སུམ་ཚོགས་པ། བླང་དོར་འདྲི་བ་དང་ཆོས་ཀྱི་བསྟན་བཅོས་བྱིན་པས་ཤེས་རབ་འཐོབ་པར་གསུངས་སོ། །འཇིག་རྟེན་པའི་ཆོས་བརྒྱད་ནི། རྙེད་བདེ་གྲགས་བསྟོད་བཞི་འདོད་ཅིང་དང་དུ་ལེན་ལ། དེ་དག་གི་ལྡོག་ཕྱོགས་བཞི་མི་འདོད་པའོ། །དེའི་དབང་གིས་འཇིག་རྟེན་པ་རྣམས་རྩོམ་པ་སྣ་ཚོགས་དང་། རྩོད་པ་སོགས་འབྱུང་བའི་འཇིག་རྟེན་ཕལ་པའི་ཆོས་སོ། །རྩོད་དུས་ཀྱི་སྙིགས་མ་ལྔ་ནི། སྲོག་རྒུད་པ་ཚེའི་སྙིགས་མ་ཚེ་ཐུང་བ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་འབྲུ་རྣམས་རོ་ནུས་ཆུང་ཞིང་མི་སྨིན་པ་སོགས་སོ། །ཁྱིམ་པའི་དགེ་ཕྱོགས་རྒུད་བྱེད་ཉོན་མོངས་པའི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མ་སྟེ། གཟུགས་བློ་ནད་མེད་སོགས་ཉམས་པའི་སྙིགས་མ་ལྟ་བུའོ། །འཇིག་རྟེན་ལེགས་པར་བྱེད་པའི་ཆོས་ནི། རྒྱུ་འབྲས་ཡོད་པར་ཤེས་པའི་ཡང་དག་པའི་ལྟ་བ། དགེ་བ་བཅུའི་ལམ། རིག་


MR22_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས། དམ་པའི་ཆོས་རྣམས་སོ། །འདིར་དེ་ཙམ་ལས་མ་སྤྲོས་སོ། །དེ་ཡང་མ་དག་པའི་སྣོད་བཅུད་རྣམས་སྡུག་བསྔལ་བདེན་པའི་གཞིར་སྟོན་པ་དང་། སྡུག་བསྔལ་ཞེས་པ་ཅི་ལྟ་བུ་སྙམ་ན། འདི་དག་སྡུག་བསྔལ་གསུམ་དང་འབྲེལ་ཞིང་དེ་དག་གི་རྟེན་དུ་གྱུར་པའི་ཕྱིར་རོ། །གང་ཞེ་ན་འཁོར་བའི་བདེ་བ་ལྟར་སྣང་བ་ཐམས་ཅད་ཀྱང་མཐར་འགྱུར་བའི་སྡུག་བསྔལ་དང་། ཚ་གྲང་བཀྲེས་སྐོམ་ནད་སོགས་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཟག་བཅས་ཀྱི་ཕུང་པོ་མཐའ་དག་སྲིད་པ་ཉེ་བར་ལེན་པའི་རྒྱུ་ཡིན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་པོས་བཅིང་བའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་རྣམས་ཀྱིས་གཟིགས་ངོར་ཟག་བཅས་རྣམས་སྡུག་བསྔལ་བ་ཉིད་དུ་བདེན་པའོ། །གཞན་ཡང་སྡུག་བསྔལ་བརྒྱད་དེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྡུག་པ་དང་བྲལ་བ་དང་། མི་འདོད་པ་ཐོག་ཏུ་བབ་པ་དང་། འདོད་པ་བཙལ་ཀྱང་མ་རྙེད་པ་དང་། མདོར་ན་ཟག་བཅས་ཀྱི་ཕུང་པོ་ལྔ་སྡུག་བསྔལ་བ་སྟེ་གནས་ངན་ལེན་གྱི་ཕྱིར་རོ། །སྔ་མ་གསུམ་དང་བསྡོམ་ན་རྣམ་གྲངས་བཅུ་གཅིག་ཡོད་ཀྱང་། འདི་བརྒྱད་སྔ་མ་གསུམ་གྱི་ཁོངས་སུ་འདུའོ། །གཞན་ཡང་གནས་རིས་སོ་སོའི་དབང་དུ་བྱས་ན། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བླུན་རྨོངས་དང་། གཅིག་ལ་གཅིག་ཟ་བ། ཁ་འཐོར་རྣམས་ལ་བཀོལ་སྤྱོད་གསོད་པ། ལྷ་མིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆི་དང་ཡོངས་ཚོལ། ལྷ་ལ་འཕོ་ལྟུང་སོགས་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །ཟག་བཅས་ཀྱི་ཆོས་འདི་དག་


MR22_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་གནས་པའི་ཕྱིར་སྙིང་པོ་མེད་པ་དང་། ཡིད་བརྟན་གྱི་གནས་མ་ཡིན་ལ་སྡུག་བསྔལ་བ་ཉིད་དུ་བདེན་པ་ཞེས་བྱའོ། །རྒྱུ་གང་གིས་འཁོར་བར་སྐྱེ་བར་བྱེད་པ་ཀུན་འབྱུང་གི་བདེན་པ་ནི། ཟག་བཅས་འཁོར་བའི་ཕུང་པོ་འདི་དག་རྒྱུ་མེད་པ་དང་། བདག་དང་དུས་དང་དབང་ཕྱུག་སོགས་རྒྱུ་མིན་པ་གཞན་ལས་མ་བྱུང་སྟེ། ལས་ཉོན་གྱི་རྒྱུ་ལས་བྱུང་བའི་ཆ་ནས་ཀུན་འབྱུང་གི་བདེན་པ་ཞེས་སུ་རྣམ་པར་བཞག་གོ། །ཇི་ལྟར་བྱུང་ན། སེམས་ཅན་རྣམས་ལས་ཀྱི་རྒྱུ་ལས་སྐྱེས་སྟེ། གནས་རྣམས་ནི་སྣང་འགྱུར་ཐུན་མོང་བའི་ལས་དང་། སོ་སོའི་ལུས་དང་བདེ་སྡུག་ནི་མྱོང་འགྱུར་ཐུན་མོང་མིན་པའི་ལས་ཀྱིས་བསྐྱེད་པའོ། །ལས་དེ་དག་ལ་རྣམ་གྲངས་དུ་ཡོད་ཅེ་ན། མཐོ་རིས་ཀྱི་རྟེན་དང་བདེ་བ་སྐྱེད་བྱེད་དགེ་བའི་ལས་དང་། ངན་སོང་གི་རྟེན་དང་སྡུག་བསྔལ་བསྐྱེད་པ་མི་དགེ་བའི་ལས་དང་། དེ་གཉིས་གང་ཡང་མི་སྐྱེད་པ་ལུང་མ་བསྟན་པའི་ལས་གསུམ་དུ་ཡོད་ལ། ལས་དེ་དག་སེམས་ཀྱིས་བསམ་ཞིང་ལུས་ངག་གིས་འཇུག་པའི་ཕྱིར་སེམས་པ་ཡིད་ཀྱི་ལས་དང་། དེས་བསྐྱེད་པ་ལུས་ངག་གི་ལས་གཉིས་སུ་ཡང་དབྱེའོ། །ཡང་རྟེན་གྱི་སྒོ་ནས་ལུས་ངག་ཡིད་ཀྱི་ལས་གསུམ་སྟེ། དེ་གསུམ་དགེ་བ་ལ་ལེགས་སྤྱད་དང་གཙང་བྱེད། མི་དགེ་བ་ལ་ཉེས་སྤྱད་དང་མི་གཙང་བ་སོགས་སུ་བརྗོད་དོ། །ཡང་འཁོར་བའི་འབྲས་བུ་སྐྱེད་པའི་དགེ་མི་དགེ་


MR22_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཟག་བཅས་ཀྱི་ལས། འབྲས་བུ་མྱང་འདས་སྐྱེད་པའི་ལས་ལམ་བདེན་ནི་ཟག་མེད་ཀྱི་ལས་ཏེ་ཟག་བཅས་ཀྱི་ལས་ཟད་པར་བྱེད་པའི་གཉེན་པོའོ། །ཡང་འབྲས་བུ་སྐྱེད་པའི་ཆ་ནས་གསུམ་སྟེ། བདེ་བ་མྱོང་འགྱུར་གྱི་ལས་ནི་བསམ་གཏན་གསུམ་པ་མན་ཆད་དུ་རྣམ་སྨིན་བདེ་བ་མྱོང་བའི་རྒྱུ་བྱེད་པའི་དགེ་བའོ། །བདེ་མིན་སྡུག་མིན་མྱོང་འགྱུར་ནི། བསམ་གཏན་གསུམ་པ་ཡན་ཆད་ཀྱི་ཁམས་གོང་མ་མྱོང་འགྱུར་གྱི་ལས་སོ། །སྡུག་བསྔལ་མྱོང་འགྱུར་ནི་འདོད་ཁམས་སུ་སྡུག་བསྔལ་མྱོང་བར་བྱེད་པའི་ལས་མི་དགེ་བའོ། །ཡང་གསུམ་སྟེ་བསོད་ནམས་ནི་འདོད་པར་བདེ་བ་མྱོང་བྱེད་དགེ་བ། བསོད་ནམས་མིན་པ་འདོད་པར་སྡུག་བསྔལ་མྱོང་བའི་མི་དགེ་བ། མི་གཡོ་བའི་ལས་ནི་ཁམས་གོང་མ་གཉིས་ཐོབ་བྱེད་ཀྱི་དགེ་བ་སྟེ། དེ་དག་ས་དེ་ཉིད་དུ་སྨིན་པ་ལས་གཞན་དུ་མི་གཡོ་བའི་ཕྱིར་རོ། །ཡང་ལས་ལ་གཉིས་ཏེ། རྣམ་པར་རིག་བྱེད་ཀྱི་ལས་ནི་ལུས་ངག་གི་ལས་རིག་བྱེད་དེ། དེ་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ལས་གསུམ་ཡོད་དོ། །རིག་བྱེད་མིན་པའི་ལས་ནི་སྡོམ་པ་དང་སྡོམ་མིན། བར་མའི་སྡོམ་སྡོམ་མིན་གསུམ་གང་རུང་གིས་བསྡུས་པ་སྟེ། བྱ་བ་དངོས་སུ་མེད་ཀྱང་ཟིན་འབྱུང་གི་རྒྱུས་བྱུང་བའི་གཟུགས་རྒྱུན་ཆགས་སུ་ཡོད་པའོ། །འདི་དགེ་མི་དགེ་གང་རུང་དུ་ངེས་ཀྱི་ལུང་མ་བསྟན་མེད་དོ། །སྡོམ་པ་ནི་ཇི་སྲིད་འཚོའི་མཐའ་ཅན་དགེ་བ་ལ་ཞུགས་པའོ། །སྡོམ་མིན་ནི་ཇི་སྲིད་འཚོའི་མཐའ་ཅན་མི་དགེ་


MR22_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཞུགས་པའོ། །བར་མའི་སྡོམ་པ་ནི་དུས་ཇི་འདོད་ཞིག་ཏུ་དགེ་བའམ་མི་དགེ་བ་གང་ཡིན་ལ་འཇུག་པ་ཐོབ་པ་སྟེ། དཔེར་ན་ཟླ་བ་གཅིག་གི་བར་དུ་ཟས་མ་ཟོས་གོང་དུ་སངས་རྒྱས་ལ་ཕྱག་འཚལ་བར་བྱེད་དོ་སྙམ་པ་ལྟ་བུ་ཟླ་གཅིག་གི་བར་དུ་དགེ་བའི་སྡོམ་པ་ཐོབ་པ་དང་། ཡང་ཟླ་གཅིག་གི་བར་དུ་ལོག་པར་གཡེམ་པར་བྱའོ་སྙམ་དུ་དམ་བཅས་པས་ཐོབ་པ་མི་དགེ་བ་ལྟ་བུའོ། །དེ་དག་ཞིང་དང་བསམ་པ་དང་ཁས་ལེན་པ་ལས་ཐོབ་བོ། །བར་མའི་དགེ་མི་དགེ་ནི་དུས་སོགས་ཀྱི་རྒྱུན་འཇུག་པའི་ངེས་པ་མེད་པར་ཐད་ཀ་ཐད་ཀར་དགེ་མི་དགེ་བྱེད་པ་སྟེ་དེ་ནི་སྡོམ་སྡོམ་མིན་གང་ཡང་མིན་ཏེ་དེ་དུས་ཀྱི་རྣམ་པར་རིག་བྱེད་ཀྱི་ལས་ཡིན་ནོ། །སྡོམ་པ་ལ་སོ་ཐར་གྱི་སྡོམ་པ། བསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པ་གསུམ་དུ་ཡོད་པའི་དང་པོ་ལ་སོ་ཐར་རིགས་བརྒྱད་དེ། དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་སོ། །དེ་དག་ཆོ་ག་བཞིན་དུ་ཁས་བླང་པ་ལས་ཐོབ་བོ། །གཞན་ཡང་ཐེག་པ་ཆེན་པོ་བྱང་སེམས་དང་རིག་འཛིན་གྱི་སྡོམ་པ་དག་ཀྱང་སོ་སོའི་གཞུང་ལས་གྲགས་པ་བཞིན་ནོ། །བསམ་གཏན་གྱི་སྡོམ་པ་ནི་ཁམས་གོང་མའི་བསམ་གཏན་ཐོབ་པའི་སྟོབས་ཀྱིས་བསམ་གཏན་དེ་ལས་མ་ཉམས་གྱི་བར་དུ་མི་དགེ་བ་ལ་འཇུག་པ་ངང་གིས་ཁེགས་པ་ཐོབ་པའོ། །ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་ས་ཐོབ་པའི་སྟོབས་ཀྱིས་མི་


MR22_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་རྣམས་ལ་འཇུག་པ་གཏན་དུ་ལྡོག་པ་ཐོབ་པའོ། །སོ་ཐར་གྱི་སྡོམ་པ་ནི་དགེ་སློང་སོགས་ཇི་སྲིད་འཚོའི་མཐའ་ཅན་རྣམས། ཤི་བ་དང་བརྡ་འཕྲོད་པའི་དྲུང་དུ་བསླབ་པ་ཕུལ་བས་གཏོང་ལ། གཞན་ཡང་དགེ་རྩ་ཆད་པས་བསྲུང་འདོད་ཀྱི་གཞི་རྟེན་མེད་པ་དང་། མཚན་གཉིས་ཅིག་ཆར་བྱུང་བས་སྡོམ་པའི་ལུས་རྟེན་ཅན་དུ་མི་རུང་བས་ཀྱང་གཏོང་ངོ་། །བསྙེན་གནས་ནི་དང་པོ་ཁས་བླང་བ་བཞིན་མཚན་འདས་ནས་གཏོང་ངོ་། །སྡོམ་མིན་ནི་ཤན་པ་སོགས་སྡིག་བྱེད་ཀྱི་རིགས་སུ་སྐྱེས་ཤིང་རང་གིས་ཀྱང་ལས་འདིས་བདག་ཇི་སྲིད་འཚོ་བར་བྱའོ། །སྙམ་པ་ལས་སྡོམ་སེམས་མེད་པ་དག་བྱ་བ་དེ་ལ་དང་པོར་ཞུགས་པ་ཙམ་གྱིས་ཐོབ་ལ། གཞན་དེ་འདྲའི་རིགས་སུ་སྐྱེས་པ་མིན་ཀྱང་། རྔོན་སོགས་བྱའོ་སྙམ་དུ་ཁས་བླང་བ་ལས་ཐོབ་ཅིང་། ཇི་སྲིད་སྡོམ་མིན་དེ་གཉེན་པོ་སྡོམ་པ་ཐོབ་པ་ན་གཏོང་ལ། ཤི་བ་ན་ཡང་གཏོང་ངོ་། །མཚན་གཉིས་བྱུང་བས་ཀྱང་གཏོང་བར་བཤད་དོ། །དེ་ཕྱིར་སྡོམ་སྡོམ་མིན་འདི་དག་བྱ་བ་བྱེད་རུང་མི་བྱེད་རུང་རྒྱུན་ཆགས་སུ་འཕེལ་བས་དགེ་མི་དགེ་ལྷག་པར་ཆེ་བའི་ཕྱིར་སྡོམ་མིན་སྤང་སྟེ་སྡོམ་པ་ལ་གནས་པར་ནན་ཏན་བྱ་དགོས་སོ། །བར་སྡོམ་ནི་བསམ་པའི་འཕེན་ཤུགས་ཆད་པའམ། ཁས་བླང་ལས་ལྡོག་པའམ། འཇུག་པའི་བྱ་བ་ཆད་པའམ། དོན་གཙུག་ལག་ཁང་དང་རྒྱ་སོགས་ལྟ་བུ་ཆད་པ་དང་། ཚེ་འཕོས་པ་རྣམས་ཀྱིས་གཏོང་ལ་དགེ་རྩ་ཆད་པ་ལས་དགེ་བའི་སྡོམ་པ་གཏོང་ངོ་། །


MR22_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོའི་དབང་པོ་གང་ཡང་མེད་པའི་ཟ་མ། ཡོད་ཀྱང་ཉམས་པ་མ་ནིང་། མཚན་གཉིས་ཅིག་ཆར་ཡོད་པ། སྒྲ་མི་སྙན་པ་རྣམས་མ་གཏོགས་པའི་མི་རྣམས་ལ་སྡོམ་མིན་སྡོམ་པ་གཉིས་ཀ་ཐོབ་པ་ཡོད། འདོད་པའི་ལྷ་རྣམས་ལ་བར་སྡོམ་ཡོད། མི་རྣམས་ལ་སོ་ཐར་བསམ་གཏན་ཟག་མེད་ཀྱི་སྡོམ་པ་གསུམ་ཀ་ཡོད། འདོད་གཟུགས་ཀྱི་ལྷ་རྣམས་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་སྐྱེ་བ་ཡོད། ཟག་མེད་ཀྱི་སྡོམ་པ་ནི་འདུ་ཤེས་མེད་པ་མ་གཏོགས་པ་ལ་ཡོད་དེ། གཟུགས་མེད་འཕགས་པ་ལ་རང་ས་ན་འབྱུང་བ་མེད་པས་སྡོམ་པ་མངོན་གྱུར་མེད་ཀྱང་སྔར་འབྱུང་ཁམས་ཀྱི་ཟག་མེད་སྡོམ་པ་གཏོང་རྒྱུ་མ་བྱུང་བས་གཟུགས་མེད་དུ་སྐྱེས་པ་ལ་ཡང་ལྡན་པར་འདོད་དོ། །ཚངས་ཆེན་ནི་ཕྱིན་ཅི་ལོག་གི་ལྟ་བ་ཅན་ཏེ་ཐམས་ཅད་བདག་གིས་བྱས་སོ་སྙམ་དུ་སེམས་པས་འཕགས་པ་དག་དེར་མི་སྐྱེ་བས་ཟག་མེད་ཀྱི་སྡོམ་པ་སྐྱེ་བ་མེད་ཅེས་བྱེ་སྨྲས་འདོད། ཐེག་ཆེན་ལས་བྱང་སེམས་རྣམས་དེར་སྐྱེ་བ་བཞེས་པ་ཡོད་པར་བཞེད་དོ། །བསམ་གཏན་གྱི་སྡོམ་པ་ནི་སྙོམས་འཇུག་ལས་ཉམས་པ་དག་གིས་གཏོང་ལ། ས་འཕོས་པ་ལས་རང་སའི་བསྡུས་པ་ཐོབ་ཅིང་ས་གཞན་གྱི་བསྡུས་པ་གཏོང་བ་ཙམ་མོ། །ཟག་མེད་ལ་གཏན་ཉམས་མེད་ཀྱང་། ཐེག་དམན་གྱི་འབྲས་བུ་ཐོབ་པ་ལས་རེ་ཤིག་ཉམས་པ་ལས་གཏོང་ཡང་དེ་ནི་རྩལ་པོ་ཆེ་ལྡོག་འདྲེད་པ་ལྟར་མྱུར་དུ་སོར་ཆུད་པར་འགྱུར་རོ་ཞེས་བཤད།


MR22_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་འདི་ནི་དམན་ལམ་གྱི་འབྲས་བུ་ལས་གནས་སྐབས་ཉམས་ཚུལ་ཙམ་མོ། །དབང་པོ་རྟུལ་པོ་རྣོན་པོར་འཕོས་པ་དང་། འབྲས་བུ་གོང་མ་ཐོབ་པའི་ཚེ་སྔ་མས་བསྡུས་པ་གཏོང་ལ་ཕྱི་མས་བསྡུས་པ་ཐོབ་པ་ཙམ་གྱིས་དབྱེ་བ་མཛད་དོ། །ཡིད་ཀྱི་སྡོམ་པ་ནི་སེམས་པ་རྒྱུན་ཆགས་པ་ས་བོན་དང་བཅས་པ་སྟེ། དེའི་དབང་གིས་ལུས་ངག་གི་སྡོམ་པའང་ཐོབ་པར་བྱེད་ལ། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འབྲང་བའོ། །ཡིད་དང་དབང་ཤེས་ཀྱི་འཁོར་དུ་བྱུང་བའི་དྲན་པ་དང་ཤེས་བཞིན་ལ་ཡིད་དང་དབང་པོའི་སྡོམ་པ་ཞེས་པའི་ཐ་སྙད་མཛད་དོ། །ཡང་ལས་རྣམས་ཀུན་ནས་སློང་བར་བྱེད་པའི་ཀུན་སློང་ལ། དང་པོར་ཡིད་ཀྱི་བསམ་པ་རྒྱུའི་ཀུན་སློང་། དེ་ནས་ལས་དེ་དག་ལ་འཇུག་པ་རྣམ་ཤེས་ཚོགས་དྲུག་གིས་གྲོགས་བྱས་ནས་འཇུག་པ་དེ་དུས་ཀྱི་ཀུན་སློང་གཉིས་ཡོད་དོ། །ལས་དེ་དག་ནམ་མྱོང་ཚུལ་ལས། མཐོང་ཆོས་མྱོང་འགྱུར་གྱི་ལས་ནི་ཚེ་དེ་ལ་བྱས་པའི་ལས་སྟོབས་ལྡན་ཚེ་དེ་ཉིད་དུ་སྨིན་པ་རྣམས་ཏེ། བྱམས་པའི་ཏིང་ངེ་འཛིན་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། འགོག་སྙོམས་དང་། འབྲས་བུ་བཞི་པོ་ཐོབ་པ་ལས་ལངས་མ་ཐག་པ་ལ་ཕན་གནོད་བྱས་པ། སངས་རྒྱས་དང་དགེ་འདུན་ལ་བྱ་བ་བྱས་པ་སོགས་ཞིང་དང་བསམ་པ་དྲག་པོ་དང་ལས་སྟོབས་ལྡན་བྱས་པ་འགའ་ཞིག་ལྟ་བུའོ། །སྐྱེས་ནས་མྱོང་འགྱུར་གྱི་ལས་ནི་མཚམས་མེད་པའི་ལས་ལྟ་བུ་སྐྱེ་བ་ཕྱི་མ་ཁོ་ན་ལ་སྨིན་ངེས་པ། ལན་གྲངས་གཞན་ལ་


MR22_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་འགྱུར་དེ་ཕན་ཆད་དུ་མྱོང་བའི་ལས་རྣམས་སོ། །མྱོང་བར་མ་ངེས་པའི་ལས་བསགས་ཀྱང་སོ་སོའི་གཉེན་པོ་སོགས་ཀྱིས་བཅོམ་ནས་རྣམ་སྨིན་འབྱིན་པར་མ་ངེས་པ་སྟེ་བཞིར་གསུངས་སོ། །ཡང་བྱས་ལ་བསགས་པའི་ལས་ནི་ཀུན་སློང་དྲག་པོས་བསམ་བཞིན་བྱེད་པ། དངོས་གཞིའི་ལས་ཏེ་རྫོགས་པར་བྱས་པ། རྗེས་སུ་འགྱོད་པ་མེད་ཅིང་ཡི་རངས་པ། དེ་འཇོམས་བྱེད་ཀྱི་གཉེན་པོ་མེད་པ། འབྲས་བུ་སྨིན་ངེས་ཀྱི་ནུས་པ་ཡོད་པ་དྲུག་ཚང་བ་ལ་བརྗོད་དོ། །བྱས་ལ་མ་བསགས་པའི་ལས་ནི་གོང་གི་དྲུག་མ་ཚངས་པས་ལས་བྱས་ཀྱང་འབྲས་བུ་ཇི་ལྟ་བ་བཞིན་སྨིན་པར་མ་ངེས་པའོ། །ཡང་གཉིས་ཏེ་འཕེན་བྱེད་ཀྱི་ལས་ནི་གནས་རིས་གང་དུ་སྐྱེ་བར་བྱེད་པའི་ལས་སོ། །རྫོགས་བྱེད་ཀྱི་ལས་ནི་སྐྱེ་བ་དེ་ལ་བདེ་བ་དང་སྡུག་བསྔལ་གྱི་མྱོང་བ་ཅི་ཙམ་ཡོད་པ་སྐྱེད་ཅིང་རྫོགས་པར་བྱེད་པའི་ལས་སོ། །འདི་དག་ལ་འཕེན་བྱེད་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ཡང་ཡོད། དུ་མས་གཅིག་འཕེན་པ་ཡང་ཡོད། ལས་གཅིག་གིས་སྐྱེ་བ་གཅིག་འཕེན་པ་ཡང་ཡོད། དེ་བཞིན་དུ་རྫོགས་བྱེད་ལ་ཡང་ཤེས་པར་བྱ་ཞིང་། འཕེན་རྫོགས་གཉིས་ཀ་བྱེད་པའི་ལས་ཀྱང་ཡོད། གང་རུང་རེ་བྱེད་པའི་ལས་ཀྱང་ཡོད་པར་ཤེས་པར་བྱའོ། །ཡང་གསུམ་སྟེ་ལས་དང་འབྲས་བུ་གཉིས་ཀ་དཀར་བ་གཟུགས་ཁམས་དང་གོང་མ་མྱོང་བྱེད་ཀྱི་ལས། གཉིས་ཀ་གནག་པ་འདོད་པར་སྡུག་བསྔལ་མྱོང་བྱེད། འདྲེས་མ་འདོད་པར་


MR22_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་སྤེལ་མར་མྱོང་བྱེད་ཀྱི་ལས་ཏེ་ལས་ཀྱི་ངོ་བོ་དཀར་ནག་འདྲེས་པ་མིན་ཀྱང་བྱེད་ལས་ལས་དེ་ལྟར་བཞག་གོ། །དཀར་ནག་གི་ལས་དེ་དག་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་ནི་མི་དཀར་མི་གནག་པའོ། །དགེ་སྡིག་གང་ཡང་ཞིང་དང་བསམ་པ་དང་ནན་ཏན་གྱིས་རྒྱུན་དུ་བྱེད་པ་སོགས་ལས་སྟོབས་ཆེ་ཆུང་གཉིས་སུ་འགྱུར་རོ། །དེ་ལ་དགེ་བ་དང་མི་དགེ་བའི་ཁྱད་པར་ཅི་ཞིག་གིས་འབྱེད་ན། ངོ་བོ་ཉིད་ཀྱིས་དགེ་བ་ནི་དད་སོགས་དགེ་བའི་སེམས་བྱུང་བཅུ་གཅིག་གོ། །དེ་དང་མཚུངས་ལྡན་གྱི་ཆོས་རྣམས་འབྲེལ་བས་དགེ་བ། དེ་དག་གི་བག་ཆགས་རྗེས་འབྲེལ་གྱི་དགེ་བ། དེ་དག་གིས་ཀུན་ནས་བསླང་བའི་ལས་སློང་བའི་དགེ་བ། དེ་བཞིན་ཉིད་དང་མྱང་འདས་ནི་དོན་དམ་པའི་དགེ་བ་ཞེས་བྱའོ། །དགེ་བ་དེ་དག་ཐོབ་ཚུལ་ལ། སྔོན་གོམས་པའི་རྒྱུས་ཚེ་འདིར་ངང་གིས་དགེ་བ་བྱེད་པ་ཐོབ་པ་སྐྱེ་བས་ཐོབ་པའི་དགེ་བ། སྦྱོར་བས་དགེ་བ་ནི་དམ་པ་བསྟེན་ཞིང་ཆོས་མཉན་བསམ་བསྒྲུབ་པ་ལས་ཐོབ་པ། མདུན་དུ་བྱས་པའི་དགེ་བ་མཆོག་གསུམ་གྱི་རྟེན་མདུན་དུ་བྱས་ཏེ་མཆོད་པ་བྱེད་པ། ཕན་འདོགས་པའི་དགེ་བ་བསྡུ་དངོས་བཞིས་སེམས་ཅན་ལ་ཕན་འདོགས་པ། ཡོངས་སུ་འཛིན་པའི་དགེ་བ་བསོད་ནམས་བྱ་བའི་དངོས་པོས་མཐོ་རིས་དང་བྱང་གྲོལ་སྐྱེད་པ། གཉེན་པོའི་དགེ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་དག །རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བ་དང་སྤང་བ་དང་འབྲལ་བར་བྱེད་པའི་ལམ་


MR22_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྩོན་པའོ། །ཉེ་བར་ཞི་བའི་དགེ་བ་ནི་ཉོན་མོངས་པ་སྤོང་བ་དང་། འགོག་པའི་སྙོམས་འཇུག་དང་། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་དང་མི་གནས་པའི་མྱ་ངན་ལས་འདས་པ་རྣམས་སོ། །རྒྱུ་མཐུན་པའི་དགེ་བ་ནི་ཉེར་ཞི་མྱ་ངན་ལས་འདས་པ་ཐོབ་པ་དེའི་དབང་གིས་འཇིག་རྟེན་ལས་འདས་པའི་མངོན་ཤེས་སོགས་ཡོན་ཏན་འགྲུབ་པའོ། །མི་དགེ་བ་ལ་ཡང་དེ་བཞིན་དུ། འདོད་ཁམས་འདིར་འཇིག་ལྟ་དང་མཐར་ལྟ་དེ་གཉིས་དང་ལྷན་ཅིག་པའི་མ་རིག་པ་ནི། བསྒྲིབ་ལུང་མ་བསྟན་ཡིན་ཞིང་། དེ་གསུམ་ལས་གཞན་པའི་རྩ་བའི་ཉོན་མོངས་པ་དང་ཉེ་ཉོན་རྣམས་ཉེས་སྤྱོད་ཀུན་ནས་སློང་བའི་ཕྱིར་ཐམས་ཅད་ངོ་བོ་ཉིད་ཀྱིས་མི་དགེ་བའོ། །དེ་དག་དང་མཚུངས་ལྡན་ཐམས་ཅད་འབྲེལ་བས་མི་དགེ་བ། དེ་རྣམས་ཀྱི་བག་ཆགས་རྗེས་འབྲེལ་གྱི་མི་དགེ་བ། དེ་རྣམས་ཀྱིས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཐམས་ཅད་སློང་བའི་མི་དགེ་བ། དོན་དམ་པའི་མི་དགེ་བ་འཁོར་བའོ། །དེ་ཡང་སྔོན་གྱི་མི་དགེ་བ་གོམས་པས་ཚེ་འདིར་ཐོབ་པ་སྐྱེས་ཐོབ་ཀྱི་མི་དགེ་བ། ཚེ་འདིར་དགེ་བ་ལས་བཟློག་པའི་ལས་ལ་བརྩོན་པ་སྦྱོར་བའི་མི་དགེ་བ། འཚེ་བའམ་ལྟ་ངན་གྱི་སྒོ་ནས་ལྷ་རྟེན་བྱེད་ཅིང་མཆོད་སྦྱིན་ངན་པ་བྱེད་པ་མདུན་དུ་བྱས་པའི་མི་དགེ་བ། སེམས་ཅན་ལ་གནོད་པར་བྱེད་པ་གནོད་པར་བྱེད་པའི་མི་དགེ་བ། སྒོ་གསུམ་གྱི་ཉེས་སྤྱོད་ཀྱི་འབྲས་བུ་མི་འདོད་པ་འབྱིན་པ་ཡོངས་སུ་འཛིན་པས་མི་དགེ་བ།


MR22_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་གཉེན་པོའམ་མི་མཐུན་པ་སྡིག་པ་བྱེད་པ་རྣམས་མི་མཐུན་ཕྱོགས་ཀྱི་མི་དགེ་བ། དགེ་བའི་བར་ཆད་བྱེད་པའི་ཆོས་རྣམས་བར་ཆོད་བྱེད་པའི་མི་དགེ་བའོ། །ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐམས་ཅད་ནི་བསྒྲིབ་ལ་ལུང་མ་བསྟན་ཡིན་ཏེ་རྒྱུད་ཏིང་ངེ་འཛིན་གྱིས་ཁྱབ་པས་ཉོན་མོངས་དེ་དག་གིས་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་མི་ནུས་པའི་ཕྱིར་མི་དགེ་བ་མིན་ནོ། །ཟག་མེད་ལ་སྒྲིབ་པའི་མི་མཐུན་ཕྱོགས་ཡིན་པས་སྒྲིབ་པ་ཡིན་ཏེ། ཉོན་མོངས་པ་ལ་མི་བསྒྲིབ་པ་མི་སྲིད་དོ། །གོང་དུ་བསྟན་པའི་དགེ་མི་དགེའི་དོན་མདོར་བསྡུས་ན་མགོན་པོ་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར་ངེས་པར་བྱ་ཞིང་། དུག་གསུམ་དང་དེ་མེད་པའི་སེམས་གསུམ་གང་ཡང་མིན་པའི་སེམས་ཀྱིས་རང་གར་ཞུགས་པའི་ལས་ཐམས་ཅད་ནི་ལུང་མ་བསྟན་ནོ། །ཇི་ལྟར་ལུང་མ་བསྟན་ཡིན་ན། དེ་ལའང་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ནི་ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད་དང་དེ་དང་མཚུངས་ལྡན་གྱི་ཡིད་དང་། སྲོག་དབང་དང་རིས་མཐུན་པ་དང་མིང་ཚིག་ཡི་གེའི་ཚོགས་རྣམས་སོ། །འབྲེལ་བས་ལུང་མ་བསྟན་ནི། སྡང་བ་དང་དྭངས་པ་གང་ཡང་མིན་པའི་སེམས་ཀྱིས་ཀུན་ནས་བསླང་བ་མིང་ཚིག་ཡི་གེ་དེ་དག་གིས་ཟིན་པའི་སེམས་སེམས་བྱུང་གི་ཆོས་རྣམས་སོ། །རྗེས་


MR22_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ནི་དེས་བརྗོད་པའི་བག་ཆགས་སོ། །དེས་བསླང་བས་ལུས་ངག་གི་ལས་ནི་བསླང་བའི་ལུང་མ་བསྟན་ནོ། །དོན་དམ་པའི་ལུང་མ་བསྟན་ནི་ནམ་མཁའ་དང་བརྟག་མིན་འགོག་པའོ། །དེ་ལའང་སྐྱེ་བས་ཐོབ་པའི་ལུང་མ་བསྟན་ནི། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་རྣམས་སོ། །སྦྱོར་བས་ལུང་མ་བསྟན་ནི་ཉོན་མོངས་ཅན་དང་དགེ་བའི་སེམས་གང་ཡང་མིན་པས་བསྐྱེད་པའི་སྤྱོད་ལམ་དང་བཟོའི་གནས་སོ། །མདུན་དུ་བྱས་པའི་ལུང་མ་བསྟན་ནི། འཚེ་བའམ་ལྟ་ངན་མ་ཡིན་པར་འཇིག་རྟེན་པའི་ལྷའི་རྟེན་གང་རུང་བྱེད་པ་དང་། དེར་སྐྱེ་བོ་རྣམས་ལ་བསོད་ནམས་མིན་པ་མི་སྐྱེ་བར་རང་ག་བའི་ལས་བྱེད་པའོ། །ཕན་འདོགས་པའི་ལུང་མ་བསྟན་ནི་བྲན་དང་ཁྱེའུ་དང་ཆུང་མ་སོགས་ལ་སྡང་བའམ་དྭངས་པ་མེད་པར་སྦྱིན་པ་བྱིན་པའོ། །ཉེ་བར་སྤྱད་པས་ལུང་མ་བསྟན་ནི། སོ་སོར་བརྟག་པ་དང་ཉོན་མོངས་ཅན་གང་ཡང་མིན་པའི་སེམས་ཀྱིས་ལོངས་སྤྱོད་རྣམས་སྤྱད་པའོ། །ཡོངས་སུ་འཛིན་པས་ལུང་མ་བསྟན་ནི། དཔེར་ན་བཟོ་གནས་གོམས་པས་སླད་མའི་ཚེ་དེ་ལ་གོམས་པས་མྱུར་དུ་རྫོགས་པ་ལྟ་བུའོ། །གཉེན་པོས་ལུང་མ་བསྟན་ནི། དཔེར་ན་སོ་སོར་མ་བརྟག་པའི་སྨན་བསྟེན་པ་ལྟ་བུའོ། །ཉེ་བར་ཞི་བས་ལུང་མ་བསྟན་ནི། གཟུགས་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཏེ་ཞི་གནས་དང་ལྡན་པའི་ཕྱིར་འབྲས་བུ་མི་འབྱིན་པའོ། །རྒྱུ་མཐུན་པས་ལུང་མ་བསྟན་ནི། སྤྲུལ་པའི་སེམས་དང་ལྷན་ཅིག་སྐྱེས་པའོ། །བསྡུས་ན་འདོད་པའི་ཁམས་སུ་ལུང་མ་བསྟན་པ་བཞི་སྟེ། རྣམ་སྨིན་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། བཟོ་གནས་དང་སྤྲུལ་པའི་


MR22_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཞིས་བསྡུས་པ་དེ་དག་གོ། །གཟུགས་ཁམས་ན་བཟོ་གནས་མ་གཏོགས་པ་གཞན་གསུམ་ཡོད་དོ། །ལུང་མ་བསྟན་ཞེས་པ་ལ། དྲི་བ་མཐའ་གང་རུང་དུ་ལུང་མ་བསྟན་པ་དང་ཚོར་བ་བདེ་སྡུག་གང་དུའང་ལུང་མ་བསྟན་པ་དང་། བྱ་བ་འཇུག་ལྡོག་གང་དུའང་ལུང་མ་བསྟན་པ་སོགས་སུ་ཡོད་པ་ལས། སྐབས་འདིར་དགེ་སྡིག་གང་དུའང་ལུང་མ་བསྟན་པ་ཉིད་གོ་བར་བྱའོ། །ཡང་དགེ་མི་དགེའི་ལས་ཀྱི་བྱེ་བྲག་གི་རྣམ་གྲངས་ལ། སྦྱིན་པ་དང་། ཚུལ་ཁྲིམས། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་དང་། ཡང་མཐོ་རིས་ཀྱི་བདེ་བའི་ཆེད་དུ་དགེ་བ་བྱེད་པ་བསོད་ནམས་ཆ་མཐུན། མྱ་ངན་ལས་འདས་པའི་ཆེད་དུ་དགེ་བ་བྱེད་པ་ཐར་པ་ཆ་མཐུན། སྦྱོར་ལམ་པའི་དགེ་བ་ནི་ངེས་པར་འབྱེད་པ་མཐོང་ལམ་གྱི་རྒྱུ་ཡིན་པས་ངེས་འབྱེད་ཆ་མཐུན་ཏེ་གསུམ་དུ་ཡོད་ལ། ཐར་ཆ་ལ་ཐེག་པ་ཆེ་ཆུང་གི་མྱང་འདས་ལ་དམིགས་ཏེ་སྒྲུབ་པའི་ཆ་ནས་གཉིས་སུ་ཡོད་དོ། །ཡང་གཡོ་ལས་སྐྱེས་པའི་སྒོ་གསུམ་གྱི་ལས་ལ་ཡོན་པོ་དང་། ཞེ་སྡང་ལས་སྐྱེས་པའི་དེ་གསུམ་སྐྱོན་ཅན་དང་། འདོད་ཆགས་ལས་སྐྱེས་བའི་དེ་གསུམ་ལ་སྙིགས་མའི་ལས་ཞེས་སོགས་རྣམ་གྲངས་མང་པོ་ཡོད་པ་མདོ་ལས་ཤེས་པར་བྱའོ། །སྨིན་པར་ངེས་པའི་ལས་ནི་ཆུད་མི་ཟ་བའི་ཕྱིར་བཟོད་པ་ཐོབ་པ་ལ་ངན་སོང་དུ་སྐྱེ་འགྱུར་གྱི་ལས་དང་། ཕྱིར་མི་འོང་ཐོབ་པ་ལ་འདོད་པའི་ལས་དང་། དགྲ་བཅོམ་པ་ཐོབ་པ་ལ་ཁམས་


MR22_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མར་སྐྱེ་འགྱུར་གྱི་ལས་ཀྱིས་གེགས་ཤིན་ཏུ་བྱེད་དེ། དེ་དག་ཐོབ་ཕན་ཆད་ལས་དེ་དག་མྱོང་བའི་སྐབས་མེད་པའི་ཕྱིར་དེའི་སྔོན་དུ་སྨིན་པར་རྩོམ་པ་ཡིན་ནོ། །སྤྱིར་ལས་ཀྱི་རྣམས་གྲངས་ལ་ནང་གི་དབྱེ་བ་ཚད་མེད་ཀྱང་། གཙོ་བོ་ཆེ་ལོངས་བསྡུས་ནས་དགེ་མི་དགེ་བཅུར་གསུངས་ཏེ། གང་ཞེ་ན། མི་དགེ་བ་བཅུ་ནི་བརྣབ་སེམས་ཞེས་པ་འདོད་ཆགས་ཀྱི་རྩ་བ་ལས་བྱུང་བའི་སེམས་གང་ཞིག །ཕ་རོལ་གྱི་བདོག་པ་ལ་རང་གིར་འདོད་པའོ། །གནོད་སེམས་ནི་ཞེ་སྡང་གི་རྩ་བ་ཅན་ཕ་རོལ་སྡུག་བསྔལ་བར་འདོད་པའོ། །ལོག་ལྟ་ནི་གཏི་མུག་ལས་སྐྱེས་ཤིང་དེ་དང་མཚུངས་ལྡན་ལས་རྒྱུ་འབྲས་མེད་པར་ལྟ་བའོ། །དེ་གསུམ་ཡིད་ཀྱི་ལས་ཏེ། ལས་གཞན་བདུན་པོའི་ལམ་ཡང་ཡིན་ནོ། །ཕ་རོལ་ཀྱི་སྲོག་བསམ་བཞིན་གཅོད་པ། གཞན་གྱི་ནོར་མ་བྱིན་པར་ལེན་པ། གཞན་གྱི་བུད་མེད་སོགས་བསྒྲོད་བྱ་མིན་པ་ལ་འདོད་པས་ལོག་པར་གཡེམ་པ་གསུམ་ནི་ལུས་ཀྱི་ལས་སོ། །ཤེས་བཞིན་མི་བདེན་པའི་རྫུན་སྨྲ་བ། ཕ་རོལ་མཐུན་པ་དབྱེ་བའི་ཚིག་སྨྲ་བ་ཕྲ་མ། གཞན་གྱི་སྙིང་ལ་མི་འཐད་པའི་ཚིག་ངན་པ་སྨྲ་བ་ཚིག་རྩུབ། དེ་གསུམ་མིན་པའི་ཚིག་གང་ཞིག་ཉོན་མོངས་པས་ཀུན་ནས་བསླངས་ཏེ་བརྗོད་པ་ངག་ཀྱལ་བ་བཞི་ནི་ངག་གི་ལས་སོ། །སྲོག་གཅོད་སོགས་དེ་དག་དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ་འབྱུང་ལ། གསོད་པ་གནོད་སེམས་ཚིག་རྩུབ་


MR22_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཞེ་སྡང་གིས་རྫོགས་པར་བྱེད། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན་རྣམས་ཆགས་པས་དང་། ལོག་ལྟ་གཏི་མུག་དང་། རྫུན་ཕྲ་མ་ངག་འཁྱལ་རྣམས་ཆགས་སོགས་གསུམ་པོ་ཅི་རིགས་པས་རྫོགས་པར་བྱེད་དོ། །དེ་ཡང་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བས་ལས་རྫོགས་པར་བྱེད་དེ། གཞི་ནི་སྲོག་གཅོད་སོགས་ཞེ་སྡང་གིས་མཐར་ཕྱིན་པ་གསུམ་གྱི་གཞི་ནི་སེམས་ཅན་དང་། ཆགས་པས་མཐར་ཕྱིན་པ་གསུམ་གྱི་གཞི་ནི་ལོངས་སྤྱོད་དང་། ལོག་ལྟའི་གཞི་ནི་མིང་གཟུགས་ཀྱིས་བསྡུས་པའི་ཕུང་པོ་ལྔ་དང་། རྫུན་སོགས་བཞིའི་གཞི་ནི་མིང་ཡིན་ནོ། །དེ་དག་ཀྱང་སྨྲ་བར་བྱ་བའི་ཡུལ་སེམས་ཅན་རྣམས་ཀྱང་གཞིར་འགྱུར་རོ། །ཡུལ་དེ་དག་ལ། བསམ་བཞིན་དུ་ལས་སོ་སོའི་སྦྱོར་བ་བརྩམ་ཞིང་མཐར་ཡོངས་སུ་རྫོགས་པར་གྲུབ་པར་བྱས་པའོ། །དགེ་མི་དགེ་གང་ཡང་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བཅུག་ན་ཡང་འདྲའོ། །མི་དགེ་བཅུ་པོ་དེ་དག་གཅིག་ནས་བརྒྱད་ཀྱི་བར་དུས་གཅིག་འབྱུང་བ་ཡོད་དེ། ཡིད་ཀྱི་གསུམ་པོ་གང་རུང་མངོན་གྱུར་ཙམ་གཅིག་དང་། གནོད་སེམས་དང་ལྡན་པས་སྲོག་གཅོད་ན་གཉིས་ལྷན་ཅིག་འབྱུང་བ་སོགས་ནས། གནོད་བརྣབ་གང་རུང་མངོན་གྱུར་གྱིས་དྲུག་གཞན་ལ་བཅོལ་ནས་འདོད་ལོག་རང་གིས་སྤྱོད་པ་དེ་ཐམས་ཅད་དུས་མཉམ་པར་མཐར་ཕྱིན་པ་ལྟ་བུའོ། །ཡིད་ཀྱི་གསུམ་པོ་ལྷན་ཅིག་མི་འབྱུང་བས་དགུ་དང་བཅུ་ལྷན་ཅིག་འབྱུང་བ་མེད་དོ། །དགེ་བའི་སྐབས་སུ་སེམས་པ་དགེ་བ་ལ་


MR22_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བརྣབ་སེམས་དང་གནོད་སེམས་མེད་པ་གཉིས་འབྲལ་མེད་དུ་ཡོད་པས་གཅིག་ཁོ་ན་འབྱུང་བ་མེད་པ་སོགས་ཤེས་པར་བྱའོ། །མི་དགེ་བཅུ་པོ་དེ་ལས་དམྱལ་བ་ན་ཀྱལ་པ་ཚིག་རྩུབ་གནོད་སེམས་གསུམ་ལྡན་པ་དང་མངོན་གྱུར་གཉིས་ཀའི་སྒོ་ནས་ཡོད། བརྣབ་སེམས་དང་ལོག་ལྟ་ལྡན་པ་ཙམ་དུ་ཡོད་ཀྱང་། ལས་འབྲས་མངོན་དུ་གྱུར་པས་ལོག་ལྟ་མངོན་གྱུར་མེད་པ་དང་། གཞན་བསད་ཀྱང་མི་འཆི་བ་དང་། ལོངས་སྤྱོད་ཡིད་འོང་མེད་པས་བརྐུ་བ་མེད་པ་སོགས་ཀྱིས་གཞན་མེད་དོ། །སྒྲ་མི་སྙན་ན་ཡིད་ཀྱི་གསུམ་ལྡན་པའི་སྒོ་ནས་ཡོད། ཉོན་མོངས་པའི་སེམས་ཀྱིས་གླུ་ལེན་པ་སོགས་ཀྱལ་པ་དངོས་སུ་ཡོད། གཞན་མེད་དོ། །འདོད་པ་གཞན་ན་མི་དགེ་བཅུ་པོ་ལྡན་པའམ་མངོན་གྱུར་དུ་ཡོད་དོ། །མི་དགེ་བཅུ་པོ་དེ་དག་གི་རེ་རེའི་ཡང་། རྣམ་སྨིན་གྱི་འབྲས་བུས་ངན་སོང་དུ་ལྟུང་བ་དང་། རྒྱུ་མཐུན་པའི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་སྡིག་པ་གང་བྱེད་དེ་ཚེ་རབས་ཕྱི་མ་རྣམས་སུ་སྔར་གོམས་པའི་དབང་གིས་ཡང་བྱེད་འདོད་པ། མྱོང་བ་རྒྱུ་མཐུན་སྲོག་བཅད་པས་ཚེ་ཐུང་བ། མ་བྱིན་པ་ལེན་པས་དབུལ་བ་སོགས་དང་། བདག་པོའི་འབྲས་བུ་སྐྱེ་བའི་ཡུལ་སྲོག་ལ་འཚེ་བ་ཅན་དུ་སྐྱེ་བར་བྱེད་པ་སོགས་བཞི་རེ་འབྱིན་པར་འགྱུར་རོ། །དེ་དག་ཀྱང་རྒྱུའི་ལས་ལམ་རྫོགས་ཚུལ་ཆེ་ཆུང་དང་མཐུན་པར་འབྲས་བུ་མྱོང་བར་འགྱུར་རོ། །མི་དགེ་བ་བཅུ་སྤང་བ་སྲོག་མི་གཅོད་པ་སོགས་བཅུ་ནི་དགེ་བ་བཅུ་ཡིན་


MR22_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ནི་མཐོ་རིས་དང་བྱང་གྲོལ་གྱི་རྒྱུ་སྟེ་སོ་སོར་འབྲས་བུ་བཞི་མི་དགེ་བ་ལས་བཟློག་པའི་ཚུལ་དུ་འབྱུང་བ་ཤེས་པར་བྱ་སྟེ་ཉེས་སྤྱོད་སྤང་བའི་དགེ་བ་བཅུའོ། །སྲོག་གཅོད་པ་སོགས་སྤང་བ་དེ་ཡང་དངོས་དང་དེ་ཡི་ཕྱོགས་མཐུན་ཕྲ་མོའི་བར་དུ་སྤངས་ཏེ་ཡོངས་སུ་དག་པ་ལས། འབྲས་བུ་ཇེ་བཟང་དུ་འགྱུར་བའི་ཚུལ་རྣམས་མདོ་སྡེ་དྲན་པ་ཉེར་བཞག་སོགས་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཡང་སྲོག་མི་གཅོད་པ་ཙམ་དུ་མ་ཟད་གཞན་གྱི་སྲོག་བསྐྱབ་པ། དེ་བཞིན་དུ་སྦྱིན་པ་གཏོང་བ། རང་ཚངས་པར་སྤྱོད་ཅིང་གཞན་ལོག་གཡེམ་ལས་བཟློག་པ། དྲང་པོར་སྨྲ་བ། ཕྲ་མས་དབྱེ་བ་བཟླུམ་པ། དོན་དང་ལྡན་པ་ཆོས་མཐུན་གྱི་ཚིག་བརྗོད་པ། ཚིག་ཡིད་དུ་འཐད་པས་གཞན་ཡིད་དགའ་བར་བྱེད་པ། གཏོང་སེམས་གོམས་པ། བྱམས་པ་བསྒོམ་པ། ཡང་དག་པའི་ལྟ་བ་གོམས་པ་རྣམས་ནི་དགེ་བཅུ་ཁྱད་པར་ཅན་ཏེ་དགེ་བ་ཆོས་སྡུད་སྒྲུབ་པའི་ཆ་ནས་བརྗོད་པ་སྟེ་ཕན་ཡོན་ཁྱད་པར་ཅན་དང་ལྡན་པའོ། །ཡང་གང་ཞིག་བྱས་པས་ཚེ་འདིར་འཕགས་ལམ་སྐྱེ་བའི་གེགས་ཆེ་ཤོས་བྱེད་ཅིང་གཉེན་པོས་མ་བཅོམ་པར་ཤི་ན་ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་མནར་མེད་དུ་སྐྱེ་བར་ངེས་པ་མཚམས་མེད་པ་ལྔའི་ལས་ནི། ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་གསོད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་དབྱུང་བ། དགེ་འདུན་འཁོར་ལོའི་


MR22_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེན་བྱེད་པ་ལྔའོ། །འཁོར་ལོའི་དབྱེན་ཞེས་པ་སངས་རྒྱས་བཞུགས་བཞིན་དུ་དེའི་ཉན་ཐོས་བཞི་གྲྭར་ལོངས་པ་ཕན་ཆད་སྟོན་པ་དང་ལམ་གཞན་ལ་ཁྲིད་དེ་འབྱེད་པའོ། །ལས་ཀྱི་དབྱེན་ནི་དགེ་འདུན་གྱི་སྡེ་གཞན་འབྱེད་པའོ། །མཚམས་མེད་དེ་དང་ཆ་འདྲ་བ་ཉེ་བ་ལྔ་ནི། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡིན་པ་འདོད་ལོག་གིས་སུན་ཕྱུང་བ། བྱང་སེམས་ངེས་གནས་གསོད་པ། འཕགས་པ་སློབ་པ་གསོད་པ། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ། མཆོད་རྟེན་བཤིག་པའོ། །མི་དགེ་བཅུའི་ནང་ན་ལོག་ལྟ་ལྕི་སྟེ་དེས་དགེ་རྩ་གཅོད་པར་བྱེད་ཅིང་། དེའི་དབང་གིས་དེའི་རྒྱུད་ལ་དགེ་བ་གང་ཡང་གནས་པར་མི་འགྱུར་ལ་མནར་མེད་པར་སྐྱེ་བར་བྱེད་པའོ། །དེ་ཡང་མིའི་རྟེན་ལ་ཆད་ལྟ་བའི་བསྟན་བཅོས་ངན་པ་ཐོས་པ་ལྟ་བུའི་རྐྱེན་ལས། སྲེད་པ་སྤྱད་པ་ཙམ་མིན་པར། ལྟ་བ་སྤྱད་པའི་སྒོ་ནས་ལས་རྒྱུ་འབྲས་མེད་ངེས་སོ་སྙམ་དུ་བསམ་པ་བརྟན་པོར་སྐྱེས་པས་དགེ་རྩ་འཆད་དོ། །ཡང་རྐྱེན་ལ་བརྟེན་ཏེ་ལས་རྒྱུ་འབྲས་ཡོད་མེད་ཐེ་ཚོམ་སྐྱེ་ཞིང་ཡོད་ལས་ཆེ་སྙམ་པས་མཚམས་སྦྱོར་ཞིང་ཡོད་པར་བཟུང་པའི་ཚེ་ན་དགེ་རྩ་སླར་ཡང་ལྡན་པར་འགྱུར་རོ། །ཡང་ཚེ་འདིར་ཚངས་པའི་བསོད་ནམས་སྐྱེད་པའི་ལས་བཞི་ནི། སྔོན་མེད་པའི་ཕྱོགས་སུ་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པ། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་དང་གཙུག་ལག་ཁང་འབུལ་བ། སངས་རྒྱས་ཀྱི་ཉན་ཐོས་དབྱེ་བ་བཟླུམ་པ། བྱམས་པ་ཚད་མེད་བསྒོམས་པའོ། །


MR22_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་རྣམ་གྲངས་དུ་མ་མདོ་ལས་གསུངས་པ་བཞིན་ནོ། །ཞིང་གི་དབང་དུ་བྱས་ཏེ་ཕ་མ་དང་ནད་པ་དང་ཆོས་སྨྲ་བ་དང་སྐྱེ་མཐའི་བྱང་སེམས་ལ་བྱས་པའི་ཡོན་གཞལ་དུ་མེད་པ་དང་། ཡོན་ཏན་གྱི་ཞིང་ནི་གོང་ནས་གོང་དུ་སངས་རྒྱས་ཀྱི་བར་དུ་ཆེར་འཕགས་ཤིང་། སྡུག་བསྔལ་གྱི་ཞིང་ནི་འོག་ནས་འོག་ཏུ་བཀྲེན་པ་དང་ཡི་དྭགས་སྤྱི་དང་། འཇུར་འགག་གི་ཡི་དྭགས་ལ་སྦྱིན་པ་བྱས་པས་ཕན་ཡོན་ཆེ་བ་སོགས་མདོ་ལས་གསུངས་པ་བཞིན་ནོ། །སྡིག་པ་ཀུན་གྱི་ནང་ན་ལོག་ལྟས་དགེ་རྩ་ཆད་པ་དང་། དམ་པའི་ཆོས་སྤོང་བ་སོགས་དཀོན་མཆོག་གསུམ་ལ་གནོད་པ་བགྱིས་པ་སོགས་ནི་ཆེས་ལྕི་ཞིང་མི་བཟད་པ་ཡིན་ལ། བསོད་ནམས་ཀུན་གྱི་ནང་ན་ཆེས་འཕགས་ཤིང་བསོད་ནམས་བསམ་གྱིས་མི་ཁྱབ་པ་འདུ་བྱེད་པ་ནི། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ། མཉམ་པ་ཉིད་ཀྱི་དོན་བསྒོམ་པ། ཐེག་པ་ཆེན་པོའི་ཆོས་འཆད་པ་སོགས་ཏེ་རྒྱས་པར་མདོ་ལས་ཤེས་པར་བྱའོ། །གཞན་ཡང་དགེ་སྡིག་གང་ལ་ཡང་བསམ་པ་མཉམ་པར་ཞུགས་པ་ཐམས་ཅད་བྱེད་པ་པོ་གཅིག་བཞིན་དུ་འདྲ་བར་ཐོབ་པ་དམག་ལ་སོགས་པ་ལྟ་བུ་དང་། དགེ་སྡིག་གང་ལའང་རྗེས་སུ་ཡི་རངས་ན་བྱེད་པོ་དང་འདྲ་བར་ཐོབ་པ་དང་། རྗེས་སུ་འགྱོད་ན་དགེ་སྡིག་གང་ཡང་འཛད་པ་དང་། ཐབས་མཁས་ན་སྡིག་པ་ཆེན་པོ་ཡང་མྱུར་དུ་བྱང་བ་དང་། དགེ་རྩ་ཆུང་ངུ་ཡང་ཚད་མེད་པར་འཕེལ་བ་སོགས་ཀྱི་ཚུལ་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བུར་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་ལས་དེ་ཡང་


MR22_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ཉོན་མོངས་པའི་དབང་གིས་བྱུང་ལ། མཐར་ཡང་སྲེད་སོགས་ཉོན་མོངས་པས་གསོས་མ་བཏབ་ན་སྐྱེ་བའི་འབྲས་བུ་མི་འབྱིན་པས་ཉོན་མོངས་པ་ནི་ཀླུ་གང་དུ་གནས་པར་ཆུ་ཡོད་པ་དང་། ཤིང་རྣམས་སྐྱེ་བའི་རྩ་བ་ལྟ་བུ་དང་། མྱུ་གུ་སྐྱེ་བའི་ས་བོན་དང་། མེ་འབྲས་རྣམས་སྐྱེད་པའི་ལྗོན་པ་ལྟ་བུ་འཁོར་བ་སྐྱེད་བྱེད་ཡིན་ནོ། །དེ་ལས་ཀྱང་དུས་དང་ས་དང་དངོས་པོ་ཐམས་ཅད་ཡོངས་སུ་ཚོལ་བའི་ཚུལ་གྱིས་ཀུན་ཏུ་འགྲོ་བ་སྲིད་པ་ལ་དགའ་ཞིང་ཆགས་པའི་སྲིད་པ་གཙོ་བོར་གྱུར་པའི་ཉོན་མོངས་པ་རྣམས་ཀུན་འབྱུང་གི་ཆོས་སུ་གསུངས་སོ། །ཉོན་མོངས་པའི་དབྱེ་བ་ནི་དྲུག་གམ་བཅུར་གང་དུ་བཤད་པ་བཞིན་ནོ། །དེ་དག་ཕྲ་བ་ནས་སྐྱེ་ཞིང་ཆེར་རྒྱས་པར་བྱེད་པས་ཕྲ་རྒྱས་ཞེས་ཀྱང་བྱའོ། །ཉོན་མོངས་དེ་དག་སྐྱེ་བའི་རྒྱུ་ནི། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པ་དང་། ཉོན་མོངས་སྐྱེ་པའི་ཡུལ་ཉེ་བར་གནས་པ་དང་། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་དང་གསུམ་ཚོགས་ནས་སྐྱེ་བར་འགྱུར་རོ། །ཉོན་མོངས་དེའི་བྱེད་ལས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །དེ་ཡང་འདིས་འཁོར་བར་ཟག་པར་བྱེད་པ་ནི་ཉོན་མོངས་པ་རྣམས་ཡིན་ལ། ཉོན་མོངས་དེ་དག་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཕན་ཚུན་འཕྲོད་ཅིང་གནས་ཐོབ་ལ། རྒྱས་སུ་རུང་བའི་ཆོས་རྣམས་ལ་ཟག་པ་དང་བཅས་པ་ཞེས་བྱ་སྟེ། དེ་གང་ཞེ་ན་ལམ་བདེན་དང་འདུས་མ་བྱས་ནི་ཟག་མེད་ཡིན་ལ་དེ་མ་གཏོགས་པའི་ཆོས་གཞན་འདུས་


MR22_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཐམས་ཅད་ཟག་བཅས་སོ། །དེ་ལ་དམིགས་པས་ཇི་ལྟར་རྒྱས་པར་བྱེད་ཅེ་ན། ཕུང་པོ་ལྔ་ལ་དམིགས་ནས་བདག་དང་བདག་གིར་ལྟ་ཞིང་དེའི་དབང་གིས་རྩ་ཉོན་དང་ཉེ་ཉོན་རྣམས་རྒྱས་པར་འགྱུར་རོ། །ལམ་དང་འགོག་པ་དང་འདུས་མ་བྱས་རྣམས་ལ་ལྟ་བ་སོགས་ཀྱིས་དམིགས་པ་ཙམ་ཡོད་ཀྱང་། དེ་དག་གཞིར་བྱས་ནས་མི་རྒྱས་ཏེ། ལམ་དང་འགོག་པ་ནི་ཟག་བཅས་ཀྱི་གཉེན་པོ་ཡིན་པས། དེ་ལ་འདུན་པ་འདོད་ཆགས་མིན་ལ། ལམ་མངོན་དུ་གྱུར་པ་ན་མ་རིག་པ་དང་ཐེ་ཚོམ་སོགས་ཉོན་མོངས་རྣམས་སྤོང་བར་བྱེད་ཀྱི་རྒྱས་པར་མི་བྱེད་ལ། གནོད་པ་མི་བྱེད་པས་ཞེ་སྡང་ཡང་རྒྱས་པར་མི་འགྱུར་ཞིང་། ཞི་བ་ཡིན་པས་ང་རྒྱལ་དང་། ཉོན་མོངས་སྤོང་བྱེད་དག་པ་ཡིན་པས་ལྟ་བ་མཆོག་འཛིན་སོགས་ལྟ་བ་གཞན་བཅས་དང་། ཐར་པའི་ཐབས་མཆོག་གྱུར་ཡིན་པས་དེ་ལ་མཆོག་འཛིན་བྱས་པ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རྒྱས་པ་མིན་པའི་ཕྱིར་རོ། །འདུས་མ་བྱས་ནི་བདེ་སྡུག་གི་རྟེན་དུ་མི་རུང་བས་དེ་ལ་ཉོན་མོངས་མི་རྒྱས་སོ། །དམིགས་པས་རྒྱས་ཚུལ་ལ་ཡང་། སྡུག་བདེན་མཐོང་བས་སྤང་བྱ་ལྟ་བ་ལྔ་དང་ཐེ་ཚོམ་དང་ཀུན་བདེན་མཐོང་བས་སྤང་བྱ་ལོག་ལྟ་དང་ལྟ་བ་མཆོག་འཛིན་ཐེ་ཚོམ་གསུམ་དང་། དེ་རྣམས་དང་མཚུངས་ལྡན་གྱི་མ་རིག་པ་དང་། རྩ་ཉོན་གཞན་དང་མ་འདྲེས་པའི་མ་རིག་པ་སྟེ་བཅུ་གཅིག་པོ་དེ་ལ་ཕྲ་རྒྱས་ཀུན་ཏུ་འགྲོ་བ་ཞེས་བྱ་སྟེ་འདོད་པ་སོགས་རང་སའི་སྤང་བྱ་རིས་ལྔ་པོ་མཐའ་


MR22_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཀུན་ཏུ་དམིགས་ཤིང་དེ་དག་སྐྱེད་པའི་རྒྱུ་བྱེད་དོ། །བཅུ་གཅིག་པོ་དེ་ལས་འཇིག་མཐར་གཉིས་མ་གཏོགས་པའི་ལྷག་མ་དགུས་ནི་ཁམས་གོང་མའི་ཟག་བཅས་ལ་ཡང་དམིགས་ཏེ་ཚུལ་བརྟུལ་གཞན་རྒྱུད་ཀྱི་དེ་ལ་ཡང་དམིགས་པ་ཡོད་ལ། གཞན་སེམས་ཅན་དུ་བཟུང་བ་ཙམ་འཇིག་ལྟ་མིན་ཞིང་། དེ་དང་འབྲེལ་བའི་མཐར་ལྟའང་མེད་ཅེས་ཟེར། ཀུན་འགྲོ་རྣམས་དང་ལྷན་ཅིག་བྱུང་བའི་སྐྱེ་སོགས་མཚན་ཉིད་རྣམས་ལའང་ཀུན་འགྲོའི་མིང་ཐོགས་སོ། །ཀུན་འགྲོ་མ་ཡིན་པ་རྣམས་ནི་རང་གི་རིས་སུ་གྱུར་པའི་ཡུལ་ལ་རྒྱས་ཀྱི་ཐམས་ཅད་དུ་མིན་ནོ། །མདོར་ན་ལྟ་བ་དང་ཐེ་ཚོམ་མ་རིག་པ་ནི་ཀུན་འགྲོ་ཡིན་ལ་གོང་མར་ཡང་དམིགས། ལྷག་མ་རྣམས་དེ་ལྟ་མིན་པའོ། །འགོག་ལམ་མཐོང་བས་སྤང་བྱ་ལོག་ལྟ་གཉིས་དང་ཐེ་ཚོམ་གཉིས་དང་། དེ་གཉིས་དང་མཚུངས་ལྡན་གྱི་མ་རིག་པ་དང་། མ་འདྲེས་པའི་མ་རིག་པ་དྲུག་གིས་ནི་ཟག་མེད་ལ་དམིགས་པར་བྱེད་དོ། །དེ་ལྟར་ཁམས་གོང་མ་དང་ཟག་མེད་ལ་དམིགས་པའི་ཉོན་མོངས་དེ་དག་ཀྱང་དེ་ལ་དམིགས་ནས་རྒྱས་པར་མི་འགྱུར་ཏེ། ཁམས་གོང་མ་ནི་བདག་གིར་མ་བྱས་པ་དང་། ཟག་མེད་ནི་གཉེན་པོ་ཡིན་པའི་ཕྱིར་རོ། །མཚུངས་ལྡན་གྱི་སྒོ་ནས་རྒྱས་པ་གང་ཞེ་ན། སེམས་དང་སེམས་བྱུང་ཉོན་མོངས་པ་དང་མཚུངས་ལྡན་དུ་གྱུར་པ་རྣམས་ཏེ་ཉོན་མོངས་རྣམས་མ་སྤང་གི་བར་དུ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་རོ། །དེ་ཡང་ཉོན་མོངས་རྣམས་ནང་ཕན་ཚུན་གང་དང་གང་མཚུངས་


MR22_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྡན་ལ་གང་དང་མི་ལྡན་ཞེ་ན། འདོད་ཆགས་ནི། ཁོང་ཁྲོ་དང་ཐེ་ཚོམ་དང་མཚུངས་ལྡན་དུ་མི་འབྱུང་། དེ་གཉིས་ལས་གཞན་པའི་ཉོན་མོངས་རྣམས་དང་ལྷན་ཅིག་མཚུངས་ལྡན་དུ་འབྱུང་ངོ་། །དེ་བཞིན་དུ་ཁོང་ཁྲོ་ནི་ཆགས་སྙེམས་ལྟ་བ་གསུམ་དང་། ང་རྒྱལ་ནི་ཁོང་ཁྲོ་ཐེ་ཚོམ་གཉིས་དང་། ལྟ་བའང་དེ་དང་འདྲ་ལ། ཐེ་ཚོམ་ནི་ཆགས་སྙེམས་ལྟ་བ་གསུམ་དང་མཚུངས་པར་མི་ལྡན་ཏེ། གོང་བཤད་དེ་དག་གི་ལྷག་མ་གཞན་རྣམས་དང་དེ་དག་ཕན་ཚུན་མཚུངས་ལྡན་དུ་འགྱུར་རོ། །ཁྲོ་བ་སོགས་ཉེ་ཉོན་རྣམས་ཕན་ཚུན་མཚུངས་པར་མི་ལྡན། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་ལ་མཚུངས་པར་ལྡན་པ་འདྲེས་པའི་མ་རིག་པ་དང་། མ་འདྲེས་པ་ནི་བདེན་པ་རྣམས་མི་ཤེས་པ་ཙམ་གྱི་རྨོངས་པ་འབའ་ཞིག་སྐྱེས་པའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །རྨུགས་རྒོད་མ་དད་བག་མེད་ལེ་ལོ་ལྔ་ནི་ཉོན་མོངས་ཐམས་ཅད་དང་མཚུངས་པར་ལྡན་དུ་རུང་ངོ་། །ཡང་ཚོར་བ་གང་དང་མཚུངས་པར་ལྡན་ཚུལ་ནི། འདོད་ཆགས་ནི་འདོད་ཁམས་ནས་བསམ་གཏན་གཉིས་པའི་བར་དུ་བདེ་དང་ཡིད་བདེ་བཏང་སྙོམས་གསུམ་དང་མཚུངས་པར་ལྡན་ནོ། །བསམ་གཏན་གསུམ་པར་བདེ་བ་དང་། དེ་ཡན་ཆད་བཏང་སྙོམས་དང་ལྡན་ནོ། །ཁོང་ཁྲོ་ནི་སྡུག་བསྔལ་ཡིད་མི་བདེ་བཏང་སྙོམས་གསུམ་དང་། ང་རྒྱལ་ནི་འདོད་པར་བདེ་ཡིད་བདེ་བཏང་སྙོམས་གསུམ་དང་། བསམ་གཏན་དང་པོ་གཉིས་སུའང་


MR22_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསུམ་དང་། གསུམ་པར་བདེ་བ་དང་བཏང་སྙོམས། བཞི་པ་ཡན་ཆད་བཏང་སྙོམས་ཁོ་ན་དང་ངོ་། །འཇིག་མཐར་མཆོག་འཛིན་གཉིས་ཏེ་ལྟ་བ་བཞི་ནི་ང་རྒྱལ་དང་འདྲ་བར་ཤེས་པར་བྱའོ། །ལོག་ལྟ་ནི་འདོད་པར་ཡིད་བདེ་མི་བདེ་བཏང་སྙོམས་གསུམ་དང་། གཟུགས་གཟུགས་མེད་ན་ཚོར་བ་གང་ཡོད་དེ་དང་མཚུངས་པར་ལྡན་ནོ། །ཐེ་ཚོམ་ནི་འདོད་པར་ཡིད་མི་བདེ་དང་བཏང་སྙོམས། ཁམས་གོང་མ་གཉིས་ན་ཚོར་བ་གང་ཡོད་པ་དེ་དང་ལྡན་ནོ། །མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་ལྡན་ཡིན་པས་ས་གསུམ་ན་ཚོར་བ་གང་ཡོད་པ་དེ་དང་ལྡན་ནོ། །མ་འདྲེས་པའི་མ་རིག་པ་ནི་འདོད་པར་ཡིད་མི་བདེ་དང་བཏང་སྙོམས། དེ་ཡན་ཆད་རང་སར་ཚོར་བ་གང་ཡོད་དང་མཚུངས་པར་ལྡན་ནོ། །ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་དུ་རུང་ཞེ་ན། ཉོན་མོངས་དེ་དག་སྐྱེས་པའི་ཚེ་བཏང་སྙོམས་ཐ་མལ་པར་འདུག་པ་ལ་བརྟེན་ནས་ནུབ་པར་འགྱུར་བའི་ཕྱིར་རོ། །འགྱོད་པ་ཕྲག་དོག་ཁྲོ་བ་རྣམ་འཚེ་ཁོན་འཛིན་འཚིག་པ་རྣམས་ཡིད་མི་བདེ་དང་མཚུངས་ལྡན། སེར་སྣ་ཡིད་བདེ་དང་ལྡན། གཡོ་སྒྱུ་འཆབ་གཉིད་བཞི་ནི། ཡིད་བདེ་མི་བདེ་གཉིས་ཀ་དང་ལྡན་རུང་། རྒྱགས་པ་ནི་བདེ་བ་དང་ལྡན་ལ། ཚོར་བ་བཏང་སྙོམས་ནི་དེ་ཀུན་དང་ལྡན་རུང་ངོ་། །ངོ་ཚ་མེད་ཁྲེལ་མེད་རྨུགས་རྒོད་བཞི་ནི་ཚོར་བ་ལྔ་དང་མཚུངས་ལྡན་དུ་འཇུག་རུང་ངོ་། །ཡང་རྣམ་ཤེས་གང་


MR22_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷན་ཅིག་ཏུ་འགྱུར་ཞེ་ན། ཆགས་སྡང་རྨོངས་གསུམ་ནི་འདོད་ཁམས་ན་རྣམ་ཤེས་ཚོགས་དྲུག་དང་མཚུངས་པར་ལྡན་རུང་ལ། ཆགས་རྨོངས་གཉིས་ནི་གཟུགས་ཁམས་ན་སྣ་ལྕེའི་མ་གཏོགས་པའི་རྣམ་ཤེས་བཞི་དང་། གཟུགས་མེད་ན་ཡིད་ཀྱི་རྣམ་ཤེས་ཁོ་ན་དང་ངོ་། །ང་རྒྱལ་ལྟ་བ་ཐེ་ཚོམ་གསུམ་ནི་ས་ཐམས་ཅད་དུ་ཡིད་ཀྱི་རྣམ་ཤེས་ཁོ་ན་དང་ལྡན་ནོ། །ཡང་འདོད་ཆགས་ཁོང་ཁྲོ་ང་རྒྱལ་གསུམ་ནི་འདོད་པར་དངོས་པོའི་ཕྱོགས་གཅིག་ལ་དམིགས་ནས་འཇུག་སྟེ་ཐམས་ཅད་ལ་ཁྱབ་པར་མིན་ནོ། །ཁམས་གོང་མའི་ང་རྒྱལ་དང་ཆགས་པ་ཡང་དེ་དང་འདྲའོ། །ལྷག་མ་རྣམས་ནི་དངོས་པོ་མཐའ་དག་ལའང་འཇུག་རུང་ངོ་། །ཡང་ཟག་པའི་སྒོ་དྲུག་ཏུ་ཕྱེ་ན། རྩ་ཉོན་དང་ཉེ་ཉོན་རྣམས་ཟག་པའི་ངོ་བོ། །དེ་དང་ལྷན་ཅིག་འབྱུང་བའི་སེམས་སེམས་བྱུང་རྣམས་ཟག་པ་དང་འབྲེལ་བ། དེའི་བདག་རྐྱེན་མིག་སོགས་ཟག་པ་དེ་དང་མཚུངས་ལྡན་གྱི་རྟེན། ཁམས་གསུམ་གྱི་དགེ་བ་ཟག་བཅས་རྣམས་ཟག་པས་བཅིངས་པ། ཟག་པ་དང་རྗེས་སུ་འབྲེལ་བ་དེའི་གནས་ངན་ལེན། ཟག་པའི་རྗེས་སུ་མཐུན་པ་ནི་ཟག་པའི་གཉེན་པོ་མིན་པར་ཟག་པ་དང་འཕྲོད་པའམ། ཡང་ན་གཟུགས་སོགས་ལ་དམིགས་ནས་ཉོན་མོངས་སྐྱེ་བའི་ཕྱིར་ཟག་པའི་དམིགས་པ་སྟེ། དེ་དྲུག་དང་འབྲེལ་བའི་ཆོས་ནི་ཟག་བཅས་སོ། །ཉོན་མོངས་པ་དེ་དག་གི་བྱེ་བྲག་གི་རྣམ་གྲངས་ལ། ཀུན་སྦྱོར་དགུ་ནི། རྗེས་སུ་ཆགས་པའི་ཀུན་སྦྱོར་ཞེས་


MR22_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁམས་གསུམ་གྱི་འདོད་ཆགས་ཏེ། དེས་ཁམས་གསུམ་ལ་ཡིད་མི་འབྱུང་བས་དགེ་བ་མི་སྤྱོད་ཅིང་མི་དགེ་བ་བསྒྲུབས་པས་ཕྱི་མ་ལ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བར་བྱེད་པའོ། །དེ་བཞིན་དུ་ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པའི་ཀུན་སྦྱོར་དང་། ལྟ་བ་འཇིག་མཐར་ལོག་གསུམ་ལ་ལྟ་བའི་ཀུན་སྦྱོར་ཞེས་དང་། མཆོག་འཛིན་གཉིས་ལ་མཆོག་འཛིན་གྱི་ཀུན་སྦྱོར་ཞེས་དང་། ཐེ་ཚོམ་དང་། ཕྲག་དོག་དང་། སེར་སྣའི་ཀུན་སྦྱོར་ཏེ། དེ་རེ་རེས་ཀྱང་མི་དགེ་བ་སྤྱོད་པས་རྒྱུ་བྱས་ནས་ཕྱི་མར་སྡུག་བསྔལ་ལ་སྦྱོར་བའི་ཕྱིར་ཀུན་སྦྱོར་ཞེས་བྱའོ། །དེ་དག་གིས་ཐར་པའི་ལམ་ལ་བསྒྲིབས་ཏེ། ཆགས་པས་འཁོར་བར་སྐྱེ་བ་དང་། ཁོང་ཁྲོས་སེམས་བཏང་སྙོམས་སུ་འདུག་པ་ལ་བསྒྲིབ་ཅིང་། ལྷག་མ་བདུན་གྱིས་ཐུན་མོང་དུ་དེ་ཁོ་ན་ཉིད་མཐོང་བ་ལ་བསྒྲིབ་ཅིང་། བྱེ་བྲག་ཏུ་ང་རྒྱལ་གྱིས་འཇིག་ལྟའི་ཉེས་དམིགས་ཤེས་པ་དང་། མ་རིག་པས་འཇིག་ལྟ་དེའི་གཞི་ཤེས་པ་དང་། ལྟ་བས་འགོག་པ་མངོན་བྱེད་ཤེས་པ་དང་། མཆོག་འཛིན་གྱིས་ལམ་ཡང་དག་ཤེས་པ་དང་། ཐེ་ཚོམ་གྱིས་དཀོན་མཆོག་གི་ཡོན་ཏན་ཤེས་པ་དང་། ཕྲག་དོག་གིས་རྙེད་བཀུར་གྱི་ཉེས་དམིགས་ཤེས་པ་དང་། སེར་སྣས་ཡོ་བྱད་བསྙུང་བ་ཡོངས་སུ་ཤེས་པ་ལ་བསྒྲིབས་ནས་དགེ་བ་ལ་མི་འཇུག་ཅིང་མི་དགེ་བ་སྤྱོད་པས་འཁོར་བར་ཀུན་ཏུ་སྦྱོར་བར་བྱེད་པ་ཡིན་པས་ཉོན་མོངས་པའི་སྒྲིབ་པ་ཞེས་བྱའོ། །ཡང་ཐ་མའི་ཆ་དང་


MR22_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་ཀུན་སྦྱོར་ལྔ་ནི། འཇིག་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ཐེ་ཚོམ་འདོད་འདུན་གནོད་སེམས་ཏེ་ཁམས་གསུམ་པའི་ཐ་མ་འདོད་ཁམས་པའི་རྒྱུད་ཁོ་ན་ལ་ཡོད་པ་འདོད་འདུན་དང་གནོད་སེམས་གཉིས་ཀྱིས་འདོད་པ་ལས་མི་འདའ་བར་བྱེད་ལ། ལྷག་མ་གསུམ་མ་སྤངས་ན་འདོད་ཁམས་པ་ལན་གཅིག་སྤངས་ཀྱང་ཕྱིར་ལྡོག་པར་བྱེད་པ་འདི་ལྔ་སྤངས་ན་ཕྱིར་མི་འོང་དུ་འགྱུར་བར་གསུངས་སོ། །ཡང་འཇིག་ལྟ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ཐེ་ཚོམ་གྱི་ཀུན་སྦྱོར་གསུམ་སྤངས་པས། རྒྱུན་ཞུགས་སུ་འགྱུར་བར་གསུངས་པ་ནི། དེ་མ་ཡིན་པའི་རྒྱུན་ཞུགས་ཀྱིས་སྤང་བྱ་ཡང་ཡོད་མོད་ཀྱི་འདི་གསུམ་ལམ་འགྲོད་པ་ལ་འགྲོ་མི་འདོད་པ་དང་། ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་སྐྱེས་པས་གེགས་བྱེད་པ་ལྟ་བུའི་ཀུན་སྦྱོར་ཡིན་པས་གཙོ་བོ་འདི་གསུམ་སྤངས་ན་གཞན་ཡང་སྤང་བར་དོན་གྱིས་མཚོན་ནས་གསུངས་པའོ། །ཡང་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་སྤང་བས་འཕགས་པ་དགྲ་བཅོམ་པར་འགྱུར་རོ་ཞེས་གསུངས་པ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། རྨོངས་པ་དང་། ང་རྒྱལ་ལྔའོ། །གཞན་ཡང་ཉོན་མོངས་པའི་དྲི་མ་དྲུག་སྟེ། སྒྱུ་དང་གཡོ་དང་རྒྱགས་པ་དང་འཚིག་པ་དང་འཁོན་འཛིན་དང་རྣམ་འཚེ་སྟེ། འདི་དག་གང་ལ་ཡོད་པའི་རྒྱུད་ཀྱང་དྲི་མར་བྱེད་དོ། །ཡང་བག་ལ་ཉལ་བདུན་ཏེ། འདོད་པའི་འདོད་ཆགས་ཀྱི་བག་


MR22_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་དང་། ཁོང་ཁྲོའི་བག་ཉལ་དང་། སྲིད་པའི་འདོད་ཆགས་བག་ཉལ་དང་། དེ་བཞིན་དུ་ང་རྒྱལ་མ་རིག་ལྟ་བ་ཐེ་ཚོམ་གྱི་བག་ཉལ་ཏེ། འདི་དག་སོ་སོའི་ཕྱོགས་མཐུན་གྱི་གནས་ངན་ལེན་རྣམས་ལ་བག་ཉལ་ཞེས་བྱའོ། །དེ་ཡང་འདོད་པ་ཚོལ་བ་མ་སྤངས་པས་འདོད་པའི་འདོད་ཆགས་དང་ཁོང་ཁྲོའི་བག་ཉལ་རྒྱས་པར་འགྱུར་རོ། །སྲིད་པ་ཚོལ་བ་མ་སྤངས་པས་སྲིད་པའི་འདོད་ཆགས་ཀྱི་བག་ཉལ་རྒྱས་པར་འགྱུར་རོ། །ལོག་པའི་ཚངས་སྤྱོད་ཚོལ་བ་མ་སྤངས་པས་ང་རྒྱལ་མ་རིག་ལྟ་བ་ཐེ་ཚོམ་གྱི་བག་ཉལ་རྒྱས་པར་འགྱུར་ཏེ། གཉེན་པོ་ཆུང་ངུ་ཙམ་གྱིས་ཁེངས་པ་དང་། བདེན་པ་ལ་རྨོངས་ནས་ལོག་པའི་ཐར་པ་དང་དེའི་ཐབས་ལ་རྟོག་ཅིང་། སངས་རྒྱས་ཀྱི་བསྟན་པ་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །ཀུན་ནས་དཀྲིས་པ་བརྒྱད་དེ། རྨུགས་གཉིད་རྒོད་འགྱོད་ཕྲག་དོག་སེར་སྣ་ངོ་ཚ་མེད་ཁྲེལ་མེད་པའོ། །འདི་དག་གིས་ཞི་གནས་དང་བཏང་སྙོམས་ཀྱི་དུས་ན་ཡང་ཡང་སེམས་ལ་དཀྲིས་པར་བྱེད་པས་དེ་སྐད་དུ་གསུངས་སོ། །ཡང་ཆུ་བོ་བཞི་ནི། འདོད་པའི་ཆུ་བོ་འདོད་པ་ཚོལ་བ་ལ་ཞུགས་པའམ་འདོད་པའི་ཉོན་མོངས་དང་། སྲིད་པའི་ཆུ་བོ་ཁམས་གོང་མའི་དེ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །དེ་བཞིན་དུ་དེ་བཞི་ལ་འདོད་པའི་སྦྱོར་བ་སོགས་བཞིར་བརྗོད་དོ། །ཉེ་བར་ལེན་པ་བཞི་སྟེ། འདོད་པ་ཉེ་བར་ལེན་པ། དེ་བཞིན་དུ་ལྟ་བ། ཚུལ་ཁྲིམས་བརྟུལ་ཞུགས། བདག་ཏུ་སྨྲ་


MR22_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉེ་བར་ལེན་པ་བཞི་སྟེ། དང་པོས་ནི་འདོད་པ་ལ་ལྷག་པར་ཞེན་པའི་རྒྱུས་ཁྱིམ་པ་རྣམས་དང་རྩོད་པ་བྱེད་ཅིང་སྲིད་པ་ཉེ་བར་ལེན་པའོ། །གཉིས་པ་ནི་ལྟ་བ་ལ་ཞེན་ནས་རབ་བྱུང་རྣམས་དང་རྩོད་པ་སོགས་སོ། །གསུམ་པ་ལོག་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཐ་དད་པས་མུ་སྟེགས་ཅན་ནང་ཕན་ཚུན་རྩོད་པ་དང་། བཞི་པ་ལྟ་བའི་གནས་འཇིག་ལྟ་ལ་ཆགས་ནས་བདག་མེད་སྨྲ་བ་དང་རྩོད་པ་སོགས་བྱེད་པའོ། །མདུད་པ་བཞི་སྟེ། བརྣབ་སེམས། གནོད་སེམས། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། འདི་བདེན་ནོ་ཞེས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་པ། དེ་རེ་རེའི་མཐར། ལུས་ཀྱི་མདུད་པ་ཞེས་སྦྱར་བ་བཞི་པོ་དེས་མཉམ་པར་བཞག་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་གཅོད་པའི་ཕྱིར་མདུད་པ་ཞེས་བྱ་སྟེ། འདི་ལྟར་གཡེངས་པའི་རྒྱུ་བཞི་ནི། ཟང་ཟིང་ཅུང་ཟད་ཙམ་གྱིས་རྒྱུས་གཡེངས་པ་དང་། དེ་བཞིན་དུ་རྩོད་པ་ལེགས་པར་མི་སྒྲུབ་པའི་རྒྱུ་དང་། ཚུལ་ཁྲིམས་བརྟུལ་ཞུགས་དྲག་པོས་སྡུག་བསྔལ་བ་དང་། ཚུལ་བཞིན་མིན་པར་ཤེས་བྱ་ལ་རྟོག་པའི་རྒྱུས་སེམས་གཡེང་བར་བྱེད་དོ། །སྒྲིབ་པ་ལྔ་སྟེ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་གཉིད་དང་། རྒོད་འགྱོད་དང་། ཐེ་ཚོམ་གྱི་སྒྲིབ་པ་འདི་དག་གིས་གོང་གི་རིམ་པ་བཞིན་དུ་རབ་ཏུ་བྱུང་བར་འདོད་པའི་དུས་དང་། ལེགས་པར་བསྐུལ་བ་སྒྲུབ་པའི་དུས་དང་། ཞི་གནས་ཀྱི་དུས་དང་། སེམས་རབ་ཏུ་འཛིན་པའི་དུས་དང་།


MR22_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ཀྱི་དུས་ན་དགེ་བའི་ཕྱོགས་ལ་མི་འཇུག་པར་བྱེད་པའོ། །རྨུགས་གཉིད་གཉིས། རྒོད་འགྱོད་གཉིས་བྱ་བ་མཚུངས་པས་གཅིག་ཏུ་བྱས་པའོ། །ཡང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལ་རང་རྒྱུད་བཅིངས་པས་འཆིང་བ་གསུམ་ཞེས་ཀྱང་བྱ་སྟེ། འདོད་ཆགས་ཀྱི་འཆིང་བ། ཞེ་སྡང་གི་འཆིང་བ། གཏི་མུག་གི་འཆིང་བ་ཞེས་བྱ་ཞིང་། འོག་མ་རྣམས་སུའང་དེ་བཞིན་སྦྱར་བར་བྱའོ། །སྔོན་གོམས་པས་ད་ལྟར་སྤྱོད་ཅིང་དེ་མ་སྤངས་པར་སེམས་ལས་སུ་མི་རུང་བ་དང་འབྲལ་བར་དཀའ་བའི་ཐ་བ་གསུམ་ཞེས་ཀྱང་བྱ། དེ་བཞིན་དུ་དེ་གསུམ་ལ་ཚུལ་ཁྲིམས་འཆལ་བས་དྲི་མ་གསུམ་དང་། དེ་དག་ལ་བརྟེན་ནས་དུས་རིང་པོར་སྐྱེ་འཆི་མྱོང་བས་སྡིག་པ་གསུམ་དང་། དེ་དག་གིས་འཁོར་བར་འཁོར་ཞིང་མཆོག་གསུམ་དང་བདེན་བཞི་ལ་ཐེ་ཚོམ་ཟ་བས་ཟུག་རྔུ་གསུམ་དང་། དེ་དག་གིས་འཁོན་དང་འཇིགས་པ་དང་གཡེང་བ་མང་བར་གནས་པར་བྱེད་པས་འདོད་ཆགས་ཀྱི་ལྕི་ཡང་སོགས་གསུམ་དང་། ཡང་དེ་དག་གིས་སྒོ་གསུམ་ལོག་པར་སྤྱོད་པར་བྱེད་པས་ཉེས་སྤྱོད་གསུམ་དང་། དེ་དག་ལ་བརྟེན་ནས་འདོད་པས་ཕོངས་པས་ན་ཕོང་བ་གསུམ་དང་། དེ་དག་ལ་བརྟེན་ནས་ལུས་སེམས་ཡོངས་སུ་གདུང་བས་ཡོངས་གདུང་གསུམ་དང་། དེ་དག་གིས་སྲིད་པའི་ནགས་སུ་སྐྱེ་བ་སྣ་ཚོགས་ལེན་པས་ནགས་སྦྱོར་གསུམ་དང་། ཐར་པའི་གེགས་སུ་གྱུར་པས་གེགས་གསུམ་དང་། དེ་བཞིན་འཁྲུགས་པ་གསུམ་དང་།


MR22_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་པ་གསུམ་དང་། དུག་གསུམ་དང་། རིམས་ནད་གསུམ་ཞེས་སོགས་སུ་བརྗོད་དོ། །ཡང་ཟག་པ་གསུམ་སྟེ། མཉམ་པར་མ་བཞག་པའི་ས་པ་འདོད་པའི་ཁམས་ན་སེམས་ཕྱི་རོལ་ཏུ་བལྟས་ཏེ། རྣམ་པར་འཕྲོ་ཞིང་ཟག་པར་བྱེད་པ་འདོད་པའི་ཟག་པ། མཉམ་བཞག་གི་ས་པ་ཁམས་གོང་མ་གཉིས་ན་སེམས་ཁ་ནང་དུ་བལྟས་ཏེ་ཟག་པ་སྲིད་པའི་ཟག་པ། ཟག་པ་དེ་གཉིས་ཀྱི་གནས་མ་རིག་པའི་ཟག་པ་དང་གསུམ་དུ་གསུངས་སོ། །ཉོན་མོངས་པ་འདི་དག་གི་ཁོང་ཁྲོ་ཁམས་གོང་མ་གཉིས་ན་མེད་ལ། གཞན་རྣམས་ཁམས་གསུམ་ཐམས་ཅད་ན་ཡོད་དོ། །ཁམས་གསུམ་ན་ཡོད་པའི་ཉོན་མོངས་པ་མཐོང་སྒོམ་ལམ་གྱི་སྤང་བྱར་གྱུར་པ་དུ་ཡོད་ཅེ་ན། མཐོང་ལམ་དུ་སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་བཞི་མཐོང་བས་སྤང་བྱ་བཞི་དང་། དེ་སྟེང་སྒོམ་ལམ་གྱིས་སྤང་བྱ་དང་བཅས་ཏེ་རིས་ལྔར་དབྱེ་བ་ལས། འདོད་པའི་ཁམས་འདིར་སྡུག་བདེན་མཐོང་བས་སྤང་བྱ་ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་བཅུ་ཡོད་ཅིང་། དེ་ཡང་འཇིག་མཐར་ལོག་གསུམ་མ་རིག་ཐེ་ཚོམ་ལྔ་ནི་སྡུག་བསྔལ་བདེན་པའི་རང་བཞིན་ལ་དངོས་སུ་ལོག་པར་ཞུགས་པ་སྟེ། ཟག་བཅས་འབྲས་གྱུར་ཉེར་ལེན་གྱི་ཕུང་པོ་འདི་བདག་མེད་ཅིང་རྟག་ཆད་མེད་པའི་དོན་ཅན་ཡིན་པ་ལ། རྨོངས་ནས་བདག་ཏུ་ལྟ་བ་དང་། རྟག་ཆད་དུ་ལྟ་བ་དང་། རྒྱུ་འ བྲས་མེད་པར་ལྟ་བ་དང་། བདེན་དོན་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །འདོད་ཆགས་དང་ང་རྒྱལ་དང་མཆོག་འཛིན་


MR22_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཏེ་བཞི་ནི། ལོག་པ་ལ་ལོག་ཞུགས་ཞེས་བྱ་སྟེ། བདག་དང་ཆོས་ཀྱི་ངོ་བོ་མེད་པ་ལ་བདག་ཏུ་བཟུང་བ་སོགས་ལོག་པ་དེ་ལ་ཆགས་ཤིང་ང་རྒྱལ་དུ་བྱེད་ལ། དེའི་ལྟ་བ་དང་། ཐབས་མིན་པ་ལ་ཡང་མཆོག་ཏུ་འཛིན་པའི་ཕྱིར་རོ། །ཁོང་ཁྲོ་ནི་དབང་གིས་ལོག་ཞུགས་ཏེ་བདག་ཏུ་འཛིན་པ་སོགས་ཀྱི་དབང་གིས་རང་རང་མི་མཐུན་པ་ལ་ཁྲོ་བ་སྐྱེ་བའི་ཕྱིར་རོ། །ཀུན་འབྱུང་བདེན་པ་མཐོང་བས་སྤང་བྱ་ལ་རྒྱུར་གྱུར་པའི་ཕུང་པོ་ལ་བདག་ཏུ་མི་ལྟ་ལ། དེའི་དབང་གིས་བདག་དེ་རྟག་ཆད་དུ་མི་འཛིན་ཞིང་། རྒྱུ་ཀུན་འབྱུང་གི་ཕུང་པོ་ཙམ་ཚུལ་ཁྲིམས་དང་བརྟུལ་ཞུགས་མིན་པས་དེའི་མཆོག་འཛིན་ཀྱང་མི་འབྱུང་ལ། དེ་གསུམ་མ་གཏོགས་པའི་ལྷག་མ་བདུན་སྤང་བར་བཞེད། འགོག་པ་ལ་ཡང་དེ་དང་འདྲ་སྟེ་བདུན་ནོ། །ལམ་བདེན་མཐོང་བས་སྤང་བྱ་ལ་བདུན་པོའི་སྟེང་དུ་ལམ་ལོག་པ་ལ་ཡང་དག་ཏུ་ལྟ་བ་དེ་འདིས་སྤང་བྱ་ཡིན་པས་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཀྱང་སྤང་བྱར་འདོད་པས་བརྒྱད་དུ་བརྗོད་དོ། །འགོག་ལམ་ལ་ཁོང་ཁྲོ་ཡང་དངོས་སུ་ལོག་ཞུགས་ཡོད་དེ་འགོག་ལམ་དེ་ལ་སྐྲག་ནས་སྡང་བ་ཡོད་དོ་ཞེས་ཟེར་ཀྱང་བདག་ལྟའི་དབང་གིས་སྐྲག་ཅིང་སྡང་བར་འདྲའོ་སྙམ་མོ། །དེ་ལྟར་ན་འདོད་པར་མཐོང་སྤང་སོ་གཉིས། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་ཉེར་བརྒྱད་ཉེར་བརྒྱད་རེ་སྟེ་ཁམས་གསུམ་ན་ཁྱོན་བསྡོམས་པས་མཐོང་བས་སྤང་བྱ་གྱ་བརྒྱད། འདོད་པ་ན་སྒོམ་ལམ་གྱིས་སྤང་བྱ་འདོད་ཆགས་ཁོང་ཁྲོ་


MR22_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་མ་རིག་པ་བཞི་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་གསུམ་རེ་གསུམ་རེ་ཡོད་པས། ཁྱོན་བསྡོམས་ན་སྒོམ་སྤང་བཅུའོ། །དེ་ལྟར་འདོད་པར་སྤང་བྱ་རིས་ལྔ་ཆར་བསྡོམས་པས་སོ་དྲུག །གཟུགས་ཁམས་ན་སོ་གཅིག་གཟུགས་མེད་ན་ཡང་སོ་གཅིག་སྟེ། ཁམས་གསུམ་གྱི་སྤང་བྱ་བསྡོམ་ན་དགུ་བཅུ་གོ་བརྒྱད་དུ་ཡོད་པ་མཛོད་ཀྱི་ལུགས་སོ། །མངོན་པ་ཀུན་བཏུས་ལྟར་ན། ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་བཅུ་པོ་དེ་ཐམས་ཅད་བདེན་བཞི་ལ་ཁྱད་མེད་པར་འཇུག་སྟེ། གཞི་དེ་དག་ལ་བདག་ཏུ་ལྟ་བ་དང་། རྟག་ཆད་དུ་ལྟ་བ་དང་། འདག་གྲོལ་གྱི་རྒྱུ་མིན་པའི་ལམ་ལ་མཆོག་འཛིན་ཡོད་པས་སོ་སོའི་བདེན་པ་མཐོང་བས་དེ་དག་སྤོང་བར་བྱེད་པ་ལ་ཁྱད་མེད་པར་བཞེད་དེ་དོན་ལ་དེ་བཞིན་ཡིན་ནོ། །དེའི་དབང་དུ་བྱས་ན་འདོད་པར་མཐོང་སྤང་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་སོ་དྲུག་པ་ཚན་གཉིས་ཏེ། ཁམས་གསུམ་ན་མཐོང་བས་སྤང་བྱའི་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་ཡོད་དོ། །སྒོམ་སྤང་ལ་འཇིག་མཐར་གཉིས་ལྷན་སྐྱེས་ཀྱང་ཡོད་པས་འདོད་ཆགས་སོགས་གོང་གི་སྒོམ་སྤང་བཞི་བཅས་འདོད་པ་ན་སྒོམ་སྤང་དྲུག །གོང་མ་གཉིས་ན་ཁོང་ཁྲོ་མེད་པས་ལྔ་རེ་ལྔ་རེ་སྟེ་ཁྱོན་སྒོམ་སྤང་བཅུ་དྲུག་ཏུ་བཞེད་དོ། །མཐོང་སྒོམ་གྱིས་སྤང་བྱ་དེ་དག་ཁམས་དང་སའི་སྒོ་ནས་དབྱེ་ན་དུ་མར་འགྱུར་རོ། །ཡང་སྒོམ་སྤང་ལ་ཁམས་དང་ས་དང་རྣམ་པའི་སྒོ་ནས་རྒྱས་པར་དབྱེ་ན་འདོད་པར་


MR22_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྤང་ཆུང་འབྲིང་ཆེན་པོ་གསུམ་ལ་ནང་གསེས་གསུམ་དུ་དབྱེ་བའི་སྐོར་དགུས་ཕྱེ་བས་ལྔ་བཅུ་ང་བཞི་ཡོད་དོ། །དེ་བཞིན་བསམ་གཟུགས་ཀྱིས་བརྒྱད་པོ་རེ་རེར་ཡང་སྐོར་དགུར་ཕྱེ་ནས། དེ་རྣམས་སུ་ཁོང་ཁྲོ་མ་གཏོགས་པ་ལྔ་རེ་བརྩིས་པས་སུམ་བརྒྱ་དྲུག་ཅུ། འདོད་པ་དང་བསྡོམས་པས་ཁམས་གསུམ་ན་སྒོམ་སྤང་བཞི་བརྒྱ་བཅུ་བཞི་ཡོད་དོ། །ཡང་ཁམས་གསུམ་ས་དགུ་ལ་ནང་གསེས་དགུ་རེར་ཕྱེ་བས་གྱ་གཅིག་ལ་སྒོམ་སྤང་ལྔ་རེ་ནི་དེ་ཐམས་ཅད་དུ་ཡོད་པས་གྱ་གཅིག་པ་ཚན་ལྔ་བཞི་བརྒྱ་དང་ལྔ། དེ་སྟེང་འདོད་པའི་ས་དགུའི་ཁོང་ཁྲོ་དགུ་བསྣན་པས་བཞི་བརྒྱ་བཅུ་བཞི་སྟེ་རྩི་ལུགས་ཙམ་མ་གཏོགས་སྔར་དང་དོན་གཅིག་གོ། །དེ་ལས་མཛོད་ཀྱི་ལུགས་ལྟར་བྱས་པའི་ཁམས་གསུམ་གྱི་སྤང་བྱ་རིས་ལྔ་ཆར་བསྡོམས་པ་གོ་བརྒྱད་པོའི་སྟེང་དུ་འདོད་པའི་སྤང་བྱ་ལ་གོང་བཤད་ཀུན་དཀྲིས་བརྒྱད་ལ་ཁྲོ་བ་དང་འཆབ་པ་བཅས་ཀུན་དཀྲིས་བཅུར་བྱས་པ་བསྣན་ནས་སྤང་བྱ་དེ་དག་ཐམས་ཅད་བསྡོམས་པས་བརྒྱ་དང་བརྒྱད་པོ་དེ་ལ་དགོས་པའི་དབང་གིས་ཟག་པ་གསུམ་དང་། ཆུ་བོ་བཞི་དང་། སྦྱོར་བ་བཞི་དང་། ཉེར་ལེན་བཞིར་དབྱེ་བ་ལས། དང་པོ་ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་ལ་མ་རིག་པའི་ཟག་པ་ཞེས་བྱ་སྟེ་ཉོན་མོངས་པ་ཀུན་གྱི་རྩ་བའོ། །དེའི་ལྷག་མ་འདོད་པའི་ཟག་པ་ཞེ་གཅིག །ཁམས་གོང་མ་གཉིས་ན་ཉེར་དྲུག་ཚན་གཉིས་ཏེ་སྲིད་པའི་ཟག་པ་ལྔ་བཅུ་ང་གཉིས་ཡོད་དོ། །ཉོན་མོངས་དེ་དག་གིས་


MR22_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་རྩེ་ནས་མནར་མེད་པའི་བར་གྱི་སྲིད་པར་སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས་ཟག་པར་བྱེད་པས་ན་ཟག་པ་ཞེས་བྱའོ། །ཆུ་བོ་བཞི་ནི་མ་རིག་པ་བཅོ་ལྔ་ལ་མ་རིག་པའི་ཆུ་བོ་ཡང་ཟེར་ལ། སྦྱོར་བ་ཡང་ཟེར་རོ། །ཁམས་གསུམ་གྱི་ལྟ་བ་སོ་དྲུག་ལོགས་སུ་ཕྱེ་བ་ལ་ལྟ་བའི་ཆུ་བོ་དང་སྦྱོར་བ་ཞེས་བྱའོ། །དེ་དག་གི་ལྷག་མ་འདོད་པའི་ཆུ་བོའམ་སྦྱོར་བ་ཉེར་དགུ། སྲིད་པའི་ཆུར་སྦྱོར་ཉེར་བརྒྱད་ཡོད་དེ། སྐྱེ་དགུ་རྣམས་འཁྱེར་ཞིང་གནས་མིན་དུ་སྦྱོར་བའི་གཙོ་བོའི་ཕྱིར་སྐབས་འདིར་ལྟ་བ་རྣམས་ལོགས་སུ་ཕྱེ་བའོ། །དེ་ཡང་འདི་དག་གིས་སྲིད་པའི་རྒྱ་མཚོར་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པའི་ཕྱིར་ཆུ་བོ་དང་། འཁོར་བའི་འདམ་དུ་རྣམ་ཤེས་སྦྱར་བར་བྱེད་པའི་ཕྱིར་སྦྱོར་བ་ཞེས་བྱའོ། །ཡང་ཉེ་བར་ལེན་པ་བཞིར་དབྱེ་བ་ལ། མ་འདྲེས་པའི་མ་རིག་པ་ཙམ་གྲོགས་མེད་རྐྱང་པས་འདོད་པ་དང་སྲིད་པའི་སྐྱེ་བ་ཉེ་བར་ལེན་པ་མིན་ཕྱིར་ཚུར་བསྲེས། ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ནི་ཕྱིན་ཅི་ལོག་གི་ལྟ་བ་དང་། ལོག་པའི་བརྟུལ་ཞུགས་དེས་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་བསླུ་བའི་ཕྱིར་ལོགས་སུ་ཕྱེ་སྟེ། འདོད་པ་ཉེ་བར་ལེན་པ་སོ་བཞི། སྲིད་པ་ཉེ་བར་ལེན་པ་སོ་བརྒྱད། ཁམས་གསུམ་གྱི་ལྟ་བ་ཉེ་བར་ལེན་པ་སུམ་ཅུ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཉེ་བར་ལེན་པ་དྲུག་གོ། །དེ་དག་ནི་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཡིན་པའི་ཕྱིར་ཉེར་ལེན་ཞེས་བྱ་སྟེ། གདུལ་བྱའི་


MR22_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ལ་ལྟོས་ནས་དགོས་པའི་དབང་གིས་དབྱེ་བ་དེ་ལྟར་མཛད་པ་ཡིན་ནོ། །གལ་ཏེ་མངོན་པ་གོང་མའི་ལུགས་གཞིར་བཞག་ནས་གོང་ལྟར་དབྱེ་བར་འདོད་ན། མཐོང་སྒོམ་གྱིས་སྤང་བྱ་བརྒྱ་ཉེར་བརྒྱད་ལ་འདོད་པར་ཀུན་དཀྲིས་བཅུ་བསྣན་ཏེ་བརྒྱ་དང་སོ་བརྒྱད་འབྱུང་བ་དེ་ལས། མ་རིག་པའི་ཟག་པ་བཅོ་ལྔ། འདོད་པའི་ཟག་པ་ང་གཅིག །སྲིད་པའི་ཟག་པ་དོན་གཉིས་སུ་འགྱུར་ཞིང་། མ་རིག་པའི་ཆུ་སྦྱོར་བཅོ་ལྔ། ལྟ་བའི་ཆུ་སྦྱོར་རེ་དྲུག །འདོད་པའི་ཆུ་སྦྱོར་ཉེར་དགུ། སྲིད་པའི་ཆུ་སྦྱོར་ཉེར་བརྒྱད། འདོད་པ་ཉེར་ལེན་སོ་བཞི། སྲིད་པ་ཉེར་ལེན་སོ་བརྒྱད། ལྟ་བ་ཉེར་ལེན་ང་བཞི། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཉེ་བར་ལེན་པ་བཅུ་གཉིས་སུ་འགྱུར་རོ། །དེ་ལ་མཐོང་བས་སྤང་བྱ་ནི་ཉོན་མོངས་ཀུན་བརྟགས་རྣམས་ཏེ་ཡང་དག་པའི་དོན་ལ་གཞན་དུ་རྟོག་པའི་ཉོན་མོངས་ཅན་གྱི་ལྟ་བ་ལ། ཞེན་པ་དང་། ཐེ་ཚོམ་དང་། ལྟ་བའི་གནས་དང་། ལྟ་བ་དེ་ལ་ལོག་པར་ཞུགས་པའི་ཉོན་མོངས་དང་ཉེ་ཉོན་གང་ཡིན་པ་དང་། ལྟ་བ་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་དང་། ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་ནི་མཐོང་བས་སྤང་བར་བྱ་བའོ། །བསྒོམ་པའི་ལམ་གྱིས་སྤང་བྱ་ནི་མཐོང་ལམ་ཐོབ་པ་ཡན་ཆད་ཀྱི་རྒྱུད་ཀྱི་ཉོན་མོངས་ལྷན་སྐྱེས་གང་ཞིག་མཐོང་བས་སྤང་བར་བྱ་བ་མིན་པ་རྣམས་སོ། །སྤང་བྱ་མིན་པ་ནི་ཟག་མེད་དོ། །ཇི་


MR22_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྤོང་ན་ཉོན་མོངས་པ་དེ་དག་སྐྱེ་བའི་གཞི་དང་། ཉོན་མོངས་པ་རང་གི་ངོ་བོ་དང་། དེའི་ཉེས་དམིགས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཤེས་རབ་ཀྱིས་ཉོན་མོངས་དེ་དག་འབྱུང་བར་འགྱུར་བ་དང་དུ་མི་ལེན་པར་བྱས་པས། ནམ་ཞིག་གཉེན་པོའི་ལམ་ཐོབ་ནས་ཉོན་མོངས་རྣམས་སླར་ཡང་སྐྱེ་བའི་ས་བོན་གནས་ངན་ལེན་རྩད་ནས་བཅོམ་སྟེ་ཕྱིས་མི་སྐྱེ་བར་འགྱུར་པ་ལ་སྤང་བ་ཞེས་བྱའོ། །དེ་ཡང་ཆོས་ཐམས་ཅད་བསྡོམས་པ་ལ་བདག་མེད་པའི་རྣམ་པར་ཡིད་ལ་བྱེད་པས། མི་རྟག་སོགས་རྣམ་པ་གཞན་ཀྱང་དེའི་ངང་དུ་མཐར་ཐུག་སྟེ་ཡིད་བྱེད་དེས་སྣང་བས་མུན་པ་ལྟར་ཉོན་མོངས་པའི་ས་བོན་འཇོམས་པར་བྱེད་དོ། །སྤྱིར་གཉེན་པོ་ལ་བཞི་སྟེ། སུན་འབྱིན་པའི་གཉེན་པོ་ནི་ཟག་བཅས་རྣམས་ལ་ཉེས་དམིགས་སུ་ལྟ་བའོ། །སྤོང་བའི་གཉེན་པོ་ནི་བར་ཆད་མེད་ཀྱི་སྦྱོར་བ་དང་བར་ཆད་མེད་ལམ་ཐམས་ཅད་དོ། །གཞིའམ་རྟེན་གྱི་གཉེན་པོ་ནི། རྣམ་གྲོལ་ལམ་མོ། །ཐག་བསྲིང་བའི་གཉེན་པོ་ནི། དེའི་གོང་མའི་ལམ་ཡིན་ནོ། །འདི་ནི་ཀུན་བཏུས་ལྟར་ཏེ་མཛོད་ན་འཆད་ཚུལ་གཞན་ཡོད་དོ། །ཐག་བསྲིང་བ་ལ་བཞི་སྟེ་མཚན་ཉིད་མི་མཐུན་པས་ཐག་བསྲིང་བ་ཚོགས་པ་གཅིག་ཏུ་གནས་ཀྱང་མཚན་ཉིད་མི་མཐུན་པས་མ་འདྲེས་ཤིང་རིང་བར་གྱུར་པས་སོགས་འབྱུང་བ་བཞི་ལྟ་བུ། མི་མཐུན་ཕྱོགས་སུ་གྱུར་པ་ཚུལ་ཁྲིམས་དང་འཆལ་ཁྲིམས་ལྟ་བུ། ཡུལ་རྣམ་པར་ཆད་པས་རིང་བ་ཤར་ནུབ་ཀྱི་རྒྱ་མཚོ་ལྟ་བུ། དུས་ཀྱིས་རིང་བ་འདས་མ་འོངས་


MR22_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །སྤང་བྱ་སྤང་བའི་འབྲས་བུ་ཡོངས་ཤེས་དགུ་སྟེ། འདོད་པའི་སྡུག་ཀུན་གྱི་སྤང་བྱ་ཟད་པའི་ཡོངས་ཤེས་གཅིག །འགོག་ལམ་གྱི་སྤང་བྱ་ཟད་པའི་ཡོངས་ཤེས་གཉིས་ཏེ་གསུམ། དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་གསུམ་སྟེ་དྲུག་ནི་མཐོང་ལམ་བར་ཆད་མེད་ལམ་གྱི་འབྲས་བུའོ། །ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས། ཟག་པ་ཀུན་ཟད་པའི་ཡོངས་ཤེས་གསུམ་ནི་སྒོམ་སྤང་སྤང་བའི་འབྲས་བུའོ། །གོང་དུ་ཇི་སྐད་བཤད་པའི་ཉོན་མོངས་པ་དང་ལས་དེ་དག་ནི་འཁོར་བར་སྐྱེ་བའི་རྒྱུ་དང་། ཀུན་འབྱུང་དང་། རབ་སྐྱེ་དང་། རྐྱེན་གྱི་རྣམ་པ་ཡིན་ཏེ་དེ་ལ་ཀུན་འབྱུང་གི་བདེན་པ་ཞེས་བྱའོ། །འགོག་པའི་བདེན་པ་ནི་རྒྱུ་ལམ་གྱི་སྟོབས་གང་གིས། དེ་བཞིན་ཉིད་གང་དུ། ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བར་བྱས་པ། འཁོར་བའི་རྒྱུ་འབྲས་རྒྱུན་ཆད་པའི་གོ་འཕང་རྟག་པ་དང་དམ་པའི་བདག་ཉིད་སྐྱེས་བུས་དོན་དུ་གཉེར་ཏེ་ཐོབ་པར་བྱ་བའི་མཆོག །འགོག་པ་ཞི་བ་གྱ་ནོམ་པ་ངེས་པར་འབྱུང་བའི་རང་བཞིན་ཅན་མྱ་ངན་ལས་འདས་པའོ། །དེ་ལ་དབྱེ་ན་འཁོར་བའི་སྡུག་བསྔལ་ལས་ཉེ་བར་ཞི་བ་ཙམ་གྱི་ཐེག་དམན་གྱི་མྱང་འདས་དང་། ཁྱད་པར་འཕགས་པ་ཐེག་པ་ཆེན་པོའི་མི་གནས་པའི་མྱང་འདས་གཉིས་སོ། །འགོག་པ་དེ་ལ་རྣམ་གྲངས་ཀྱི་དབྱེ་བ་ལ་ཡོངས་སུ་མ་རྫོགས་པའི་འགོག་པ་ནི་རྒྱུན་ཞུགས་སོགས་འབྲས་བུ་དང་པོ་


MR22_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་བསྡུས་པ་སློབ་པ་རྣམས་ཀྱི་འགོག་པ་དང་། ཡོངས་སུ་རྫོགས་པ་ནི་དགྲ་བཅོམ་པའི་འབྲས་བུས་བསྡུས་པ་མི་སློབ་པའི་འགོག་པའོ། །ཡང་འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པས་རེ་ཞིག་འགོག་པ་ལ་བརྡས་འགོག་པ་ཞེས་དང་། འཕགས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་གཏན་དུ་བཅོམ་པ་ལ་དོན་དམ་པས་འགོག་པ་ཞེས་བྱའོ། །དགྲ་བཅོམ་པ་དེ་ལ་གཉིས་ཏེ་རྒྱན་མེད་པ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་ཀུན་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པའོ། །རྒྱན་དང་བཅས་པ་ནི་རྣམ་ཐར་བརྒྱད་ཐོབ་པས་སེམས་སྙོམས་འཇུག་ལས་ཀྱང་གྲོལ་བ་སྟེ། མདོར་ན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་རིག་པ་གསུམ་དང་མངོན་ཤེས་དྲུག་དང་ལྡན་པའོ། །ཡང་ཕུང་པོའི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་དབྱེ་བ་གཉིས་སུ་ཡང་ཡོད་དོ། །འགོག་པ་དེ་ནི་འདུ་བྱེད་ཀྱི་རྒྱུན་འགག་པ་ཙམ་ལས་གཞན་དང་གཞན་མིན་སོགས་ཀྱི་སྤྲོས་པ་ཉེ་བར་ཞི་བས་ཟབ་པའོ། །དེ་ནི་འདུས་མ་བྱས་པ་དང་། བདུད་དང་བྲལ་བ། གནས་དང་གླིང་དང་སྐྱོབ་པ་སོགས་སུ་གྱུར་པ། ཤ་དང་ལྷའི་མིག་གི་སྤྱོད་ཡུལ་ལས་འདས་པས། བལྟ་དཀའ་བ། གཡོ་བ་མེད་པ། འཆི་འཕོ་མེད་པ། སྡུག་བསྔལ་ཐམས་ཅད་དང་བྲལ་བ། བདེ་བ་དགེ་བ་སོགས་ཡིན་ནོ། །འགོག་པ་མངོན་དུ་བྱས་པའི་དགྲ་བཅོམ་ཐོབ་པ་དེའི་ཚེ་ཡོན་ཏན་གྱི་ཁྱད་པར་ཡང་། སྔོན་གནས་


MR22_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ཟད་འཆི་འཕོ་སྐྱེ་ཤེས་གསུམ་གྱིས་སྔོན་དང་ད་ལྟ་ཕྱི་མཐའ་ལ་རྨོངས་པ་སེལ་བས་མི་སློབ་པའི་རིག་པ་གསུམ་དང་ཉོན་མོངས་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བ་གཉིས་དང་། མངོན་ཤེས་དྲུག་དང་། ཤེས་པ་བཅུ་དང་། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་དང་། རྣམ་ཐར་དང་ཟད་པར་དང་ཟིལ་གནོན་དང་། རྣམ་པར་ཐར་པའི་ཏིང་ངེ་འཛིན་གསུམ་དང་། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་དང་། མི་སློབ་པའི་ཆོས་བཅུ་དང་། ཟག་མེད་ཀྱི་ཕུང་པོ་ལྔ་ལ་སོགས་པ་ཡོན་ཏན་གྱི་རྣམ་གྲངས་མང་པོ་དང་ལྡན་པར་རིག་པར་བྱའོ། །ལམ་གྱི་བདེན་པ་ནི་ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ། ཀུན་འབྱུང་སྤོང་བ། འགོག་པ་མངོན་དུ་བྱེད་པའི་ཕྱིར། ལམ་བསྒོམས་པ་སྟེ། དེ་ལ་ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་གྱི་ལམ་ལྔ་ཡོད་པའི་དང་པོ་ཚོགས་ལམ་ནི། རང་འབྲས་བྱང་ཆུབ་གསུམ་ལས་གང་འདོད་པ་ལ་དམིགས་ནས། དེའི་རྒྱུར་གྱུར་པའི་དགེ་བ་གཞན་དང་། འབྲས་བུ་དེ་ཐོབ་བྱེད་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་དང་། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་ལྡན་པས། དབང་པོའི་སྒོ་སྡོམ་ཞིང་ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བ་སོགས་ཀྱིས། དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པའི་རྣལ་འབྱོར་ལ་བརྩོན་ཞིང་ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །རྒྱུ་དེ་དག་གིས་མངོན་པར་རྟོགས་པ་དང་རྣམ་པར་ཐར་པའི་


MR22_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་སྣོད་ཉིད་དུ་འགྱུར་ཏེ། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་བསྒོམ་པ་མངོན་པར་གོང་དུ་འཕགས་ཏེ། འབྲིང་པོར་ཡང་དག་སྤོང་བ་བཞིའི་རང་བཞིན་ཅན་གྱི་བརྩོན་འགྲུས་འབྱུང་བ་དང་། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་འབྱུང་ངོ་། །སྦྱོར་བའི་ལམ་ནི་ཚོགས་ལམ་དུ་བཤད་པའི་དོན་ལ་གོང་འཕེལ་དུ་འབད་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་རྩ་རྣམས་ཐོབ་པ་སྟེ་གང་ཞེ་ན་དྲོ་བ་སོགས་བཞིའོ། །དེ་ཡང་དྲོ་བ་ནི་སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ་མཐོང་ལམ་གྱི་ཡེ་ཤེས་མེ་ལྟ་བུའི་དྲོད་ཐོབ་པའོ། །རྩེ་མོ་ནི་བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ་མི་མཐུན་ཕྱོགས་ཀྱིས་དགེ་རྩ་གཡོ་བའི་ནང་ན་རྩེ་མོར་གྱུར་པའོ། །འདི་གཉིས་སུ་རྣམ་བྱང་ལ་དབང་བྱེད་པའི་དད་སོགས་དབང་པོ་ལྔ་འབྱུང་ངོ་། །བདེན་པའི་རྗེས་སུ་མཐུན་པའི་བཟོད་པ་ནི། བདེན་པ་རྣམས་ཀྱི་ཕྱོགས་གཅིག་ལ་ཞུགས་ཤིང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ་སོ་སྐྱེ་ཡིན་ཀྱང་ཆོས་ཉིད་ཀྱི་དོན་ལ་དོན་སྤྱིའི་ཚུལ་གྱིས་ལེགས་པར་ཁོང་དུ་ཆུད་པའོ། །ཆོས་མཆོག་ནི་སོ་སོ་རང་གི་ཤེས་པས་བདེན་པ་རྣམས་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ། མཐོང་ལམ་གྱི་སྔ་ལོགས་དེ་མ་ཐག་ཡིན་པས་དེ་དང་ཉེ་བའོ། །དེ་ནི་འཇིག་རྟེན་པའི་ཆོས་ཀྱི་ནང་ན་མཆོག་ཏུ་གྱུར་པ་སྟེ། དེའི་རྗེས་ཐོགས་སུ་འཕགས་པའི་ས་མཐོང་ལམ་འབྱུང་བའི་ཕྱིར་རོ། །བཟོད་མཆོག་གཉིས་ན་དབང་པོ་ལྔ་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་སྟོབས་སུ་


MR22_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡོད་དོ། །གང་རྩེ་མོ་ཐོབ་ནས་དེ་ཕན་ཆད་ལོག་ལྟས་དགེ་རྩ་འཆད་པ་ནམ་ཡང་མི་འབྱུང་ལ། བཟོད་པ་ཐོབ་ཕན་ཆད་ངན་སོང་དུ་མི་འགྲོའོ། །མཐོང་ལམ་ནི་ཆོས་མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པའོ། །འདིར་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཏུ་སྐྱེ་བར་འདོད་དེ། གང་ཞེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། དེ་བཞིན་དུ་ཀུན་འབྱུང་ཆོས་བཟོད་ཆོས་ཤེས། ཀུན་འབྱུང་རྗེས་བཟོད་རྗེས་ཤེས་བཞི་དང་། འགོག་པའི་དེ་བཞི་དང་། ལམ་གྱི་དེ་བཞི་སྟེ་བཅུ་དྲུག་སྐྱེ་བར་འདོད་ལ། དེ་ཡང་སྔ་མ་སྔ་མ་སྐྱེས་ནས་ཕྱི་མ་ཕྱི་མས་དེ་ཡུལ་ཏུ་བྱེད་ཅིང་ཤེས་པ་སོགས་ཀྱི་བཞེད་པ་དུ་མ་ཡོད་ཀྱང་འདོད་ཁམས་ཀྱིས་བསྡུས་པའི་ཆོས་ལ་བདེན་པ་བཞི་མཐོང་བ་རྣམས་ལ་ཆོས་ཀྱི་བཟོད་ཤེས་དང་། ཁམས་གོང་མ་གཉིས་ཀྱི་དེ་བཞི་ལ་རྗེས་སུ་བཟོད་ཤེས་ཞེས་བྱ་ལ། བཟོད་པ་ནི་བདེན་པ་མངོན་སུམ་རྟོགས་པའི་གཉེན་པོ་བར་ཆད་མེད་ལམ་ཟག་མེད་ཀྱི་ཤེས་རབ་དང་། ཤེས་པ་ནི་དེའི་རྣམ་གྲོལ་ལམ་མོ། །བཅུ་དྲུག་པོ་འདི་དག་རིམ་ཅན་དུ་སྐྱེ་བ་དང་། ཅིག་ཆར་དུ་སྐྱེ་བ་དང་སོ་སོའི་འཇོག་ཚུལ་གྱི་བཞེད་པ་འགའ་ཡོད་ཀྱང་། ཆོས་


MR22_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདག་མེད་པའི་དོན་མངོན་སུམ་རྟོགས་པའི་ཤེས་རབ་ཀྱི་བྱ་བ་རྫོགས་པའི་སྐད་ཅིག་མ་དེས་ཁམས་གསུམ་གྱི་བདེན་བཞིའི་ཆོས་ཉིད་རྫོགས་པར་རྟོགས་པ་ལ་ལྡོག་ཆས་བཅུ་དྲུག་ཏུ་དབྱེ་བ་ཙམ་དུ་བཞེད་པ་ནི་དོན་ལ་གནས་ཤིང་། ཁྱད་པར་དུ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་གཟིགས་པའི་ཐེག་ཆེན་གྱི་ལུགས་ལ་ནི་དེ་ལྟར་ཆེས་འཐད་པ་ཉིད་དོ། །འོན་ཀྱང་བདེན་བཞིའི་རྣམ་པ་ཅན་གྱི་སྤྲོས་བཅས་ཀྱི་ཤེས་རབ་ལ་ནི་སྡུག་བསྔལ་དང་། དེའི་རྒྱུ་ཀུན་འབྱུང་དང་། དེ་འགོག་པ་དང་། ལམ་གྱི་རིམ་པས་ངེས་པ་རིམ་ཅན་སྐྱེས་ནས་བདེན་བཞི་མཐོང་བའི་བྱ་བ་རྫོགས་པ་ཡང་ཡོད་དོ། །མཐོང་ལམ་གྱི་སྐབས་འདིར་ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་ལ་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་གསུངས་ཏེ། བཟོད་པ་རྣམས་ནི་རྡུལ་མེད་པ་དང་། ཤེས་པ་རྣམས་ནི་དྲི་མ་དང་བྲལ་བའོ། །གཞན་ཡང་ཆོས་མཐོང་བ། སོམ་ཉི་ལས་བརྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་མི་བཀྲི་བ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ཞེས་སོགས་གསུངས་ཏེ། སོ་སོ་རང་རིག་པས་ཆོས་ཉིད་མངོན་དུ་བྱས་པས་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་པ་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །ལམ་དེ་ནི་ཆོས་ཉིད་ཀྱི་བདེན་པ་མངོན་དུ་གཟིགས་པའི་ཆོས་


MR22_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣམ་འབྱེད་ཀྱི་ཤེས་རབ་གཙོ་བོར་གྱུར་པའི་བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་ཅན་ནོ། །སྒོམ་པའི་ལམ་ནི་མཐོང་ལམ་ཐོབ་པའི་རྗེས་སུ་དེའི་གོང་དུ་གྱུར་པའི་རྣལ་འབྱོར་སྒོམ་པ་སྟེ། དེ་ལ་འཇིག་རྟེན་པ་དང་ཐུན་མོང་པ་དང་། ཐུན་མིན་འཇིག་རྟེན་ལས་འདས་པ་གཉིས་སོ། །དང་པོ་འཇིག་རྟེན་པའི་ལམ་ནི་བསམ་གཏན་བཞི་དང་གཟུགས་མེད་པ་བཞིའི་ཏིང་ངེ་འཛིན་ཏེ་བརྒྱད་དོ། །དེ་དག་ནི་ཡིད་ལ་བྱེད་པ་བདུན་གྱི་སྒོ་ནས་སོ་སོའི་སྙོམས་པར་འཇུག་པ་བསྒྲུབ་པ་ཡིན་ཏེ། གང་ཞེ་ན། མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་ནི། བསམ་གཏན་དང་པོ་ལ་མཚོན་ན། འདོད་པའི་ཁམས་ནི་མཉམ་པར་མ་བཞག་པ་སོགས་སྡུག་བསྔལ་དང་ཉེས་པ་མང་བས་རགས་པ་དང་། བསམ་གཏན་དང་པོ་ནི་དེ་ལས་བཟློག་པ་ཞི་བའི་རྣམ་པ་ཅན་དུ་ལྟ་བའི་ཐོས་བསམ་གྱི་ཤེས་རབ་ཀྱིས། སེམས་ནང་དུ་སྡུད་ཅིང་ཡོངས་སུ་སྦྱང་བ་ལ་བརྩོན་ནས་བསམ་གཏན་དང་པོའི་ཏིང་འཛིན་བསྐྱེད་པ་ལ་འབད་པའོ། །མོས་པ་ལས་བྱུང་བའི་ཡིད་བྱེད་ནི་སྔ་མ་ལྟར་སྦྱང་བས་སྒོམ་བྱུང་གི་ཤེས་རབ་ཀྱིས། ཐོས་བསམ་ལས་འདས་པའི་བསམ་གཏན་དང་པོའི་ཏིང་འཛིན་སྦྱང་བ་སྐྱེ་བའོ། །རབ་ཏུ་དབེན་པ་ལས་བྱུང་བའི་ཡིད་བྱེད་ནི་ཡང་སྔ་མ་བཞིན་དུ་བསྒོམ་པས་འདོད་པའི་ཁམས་ཀྱི་སྒོམ་སྤང་ཆེན་པོ་སྤོང་བའི་གཉེན་པོ་སྐྱེས་ནས་འདོད་ཉོན་མངོན་གྱུར་སྤོང་བའོ། །དགའ་བ་སྡུད་པའི་ཡིད་བྱེད་ནི་རབ་ཏུ་དབེན་པ་ལས་བྱུང་བའི་


MR22_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་བདེ་བ་ཆུང་ངུས་རགས་པ་སྤོང་བ་ལ་དགའ་ཞིང་དེ་ལ་ཕན་ཡོན་དུ་མཐོང་ནས་དུས་སུ་དད་པ་ཆེན་པོ་ཡིད་ལ་བྱེད་པ་སྟེ་དེས་འདོད་ཉོན་འབྲིང་སྤོང་བའོ། །དཔྱོད་པ་ཡིད་བྱེད་ནི་དེ་ལྟར་གཉེན་པོས་ཉོན་མོངས་ཕལ་ཆེར་སྤང་པས་ད་ཉོན་མོངས་པ་ཐམས་ཅད་སྤངས་སམ་སྙམ་པའི་བློ་སྐྱེས་ནས་ཉོན་མོངས་སྐྱེ་མི་སྐྱེ་བརྟག་ཕྱིར་ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་སྤྱོད་པ་ཡིད་ལ་བྱེད་པའོ། །སྦྱོར་བའི་མཐའ་ཡིད་ལ་བྱེད་པ་ནི། དེ་ལྟར་བརྟག་ན་ཉོན་མོངས་སྐྱེ་བར་མཐོང་སྟེ། སྔར་བཞིན་ཞི་རགས་ཀྱི་རྣམ་པར་བསྒོམས་པས་འདོད་ཉོན་ཆུང་ངུའི་ཆུང་ངུའི་གཉེན་པོ་རྒྱུད་ལ་སྐྱེས་པའོ། །སྦྱོར་བའི་མཐའི་འབྲས་བུ་ཡིད་བྱེད་ནི་གོང་གི་ལམ་དེའི་རྗེས་ལ་བསྒོམས་པ་དེ་ཐམས་ཅད་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ཡིད་ལ་བྱེད་པའོ། །དེ་ལྟར་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་དུ་ཞི་རགས་རྣམ་ཅན་དུ་བལྟས་ཏེ་ཡིད་བྱེད་བདུན་གྱིས་བསྒྲུབ་པ་ཡིན་ནོ། །དེ་ལ་ཡིད་བྱེད་དང་པོ་གཉིས་རང་ལམ་དེའི་སྦྱོར་བའི་ལམ། རབ་དབེན་དགའ་སྡུད་སྦྱོར་མཐའ་གསུམ་བར་ཆད་མེད་ལམ། དཔྱོད་པ་ཁྱད་པར་གྱི་ལམ། སྦྱོར་འབྲས་ཡིད་བྱེད་རྣམ་གྲོལ་ལམ་མོ། །རབ་དབེན་དགའ་སྡུད་སྦྱོར་མཐའ་གསུམ་ལམ་ཆུང་འབྲིང་ཆེན་པོ་གསུམ་སྟེ་ཉོན་མོངས་ཆེ་འབྲིང་ཆུང་ངུའི་གཉེན་པོ་རིམ་བཞིན་ཡིན་ནོ། །འོག་སའི་ཉོན་མོངས་སྤངས་ནས་ས་རང་རང་གི་དངོས་གཞིའི་སེམས་ཐོབ་པ་ལ། བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་ལྡན་ཏེ། རྟོག་པ་དང་།


MR22_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལས་རྟོག་དཔྱོད་གཉིས་ནི་འདོད་ཁམས་པའི་སེམས་འདོད་འདུན་གནོད་སེམས་རྣམ་འཚེ་སོགས་སྤོང་བ་གཉེན་པོའི་ཡན་ལག་གོ། །མི་མཐུན་ཕྱོགས་སྤང་བས་དབེན་པ་ལས་སྐྱེས་པའི་ཡིད་དགའ་བ་དང་། ཤིན་སྦྱང་གི་སྟོབས་ཀྱིས་ལུས་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པའི་སྟོབས་ཀྱིས་དེ་གཉིས་འགྲུབ་པའི་ཏིང་ངེ་འཛིན་ནི་གནས་སམ་རྟེན་གྱི་ཡན་ལག་གོ། །དེ་བཞིན་དུ་གཉིས་པར་ཡན་ལག་བཞི་སྟེ། རབ་དད་ནི་རྟོག་དཔྱོད་སྤོང་བའི་གཉེན་པོ་ཡིན་ལ། འོག་མའི་སྐྱོན་ལས་ངེས་པར་བྱུང་བའི་རང་ས་ལ་རབ་ཏུ་དད་པའོ། །ཕན་ཡོན་དགའ་བདེ། གནས་ཏིང་ངེ་འཛིན་ཏེ་བཞིའོ། །གསུམ་པ་ལ་ལྔ་སྟེ། འདུ་བྱེད་བཏང་སྙོམས་དང་། སྒོམ་པ་མི་བརྗེད་པའི་དྲན་པ། དྲན་བཞིན་དུ་གནས་པའི་ཤེས་བཞིན་གསུམ་ནི་འོག་མའི་དགའ་བ་སྤོང་བའི་གཉེན་པོའོ། །བདེ་བ་ཕན་ཡོན། སེམས་ཀུན་ནས་གནས་པ་རང་བཞིན་ནམ་རྟེན་ནོ། །བཞི་པར་བཞི་སྟེ། ས་འོག་མའི་སྐྱོན་བརྒྱད་དང་བྲལ་བའི་དྲན་པ་ཡོངས་སུ་དག་པ་དང་། འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་གཉིས་ནི་བསམ་གཏན་གསུམ་པའི་བདེ་བ་སྤོང་བའི་གཉེན་པོའོ། །ཚོར་བ་བཏང་སྙོམས་ཕན་ཡོན། ཏིང་ངེ་འཛིན་ཡོངས་སུ་དག་པ་རྟེན་གྱི་ཡན་ལག་གོ། །སྐྱོན་བརྒྱད་ནི་བསམ་གཏན་དང་པོ་ལ་ཡོད་པའི་རྟོག་དཔྱོད་


MR22_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། གསུམ་པ་མན་ཆད་ན་ཡོད་པའི་དབུགས་འབྱིན་རྡུབ་གཉིས་དང་། འདོད་པ་ན་ཡོད་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་། གཉིས་པ་མན་ཆད་དུ་ཡོད་པའི་ཡིད་བདེ་དང་། གསུམ་པའི་བདེ་བ་སྟེ་དེ་བརྒྱད་དང་བྲལ་བའི་ཕྱིར་རླུང་མེད་པའི་མར་མེ་ལྟར་གཡོ་བ་མེད་པ་ཡིན་ནོ། །དེའི་ཕྱིར་འབྲས་བུ་སྐྱེ་བའི་གནས་རིས་དེར་མེ་ཆུ་རླུང་གིས་འཇིག་པ་མེད་ལ། བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་ལྟ་བུ། གཉིས་པར་དགའ་བདེ་ཆུ་ལྟ་བུ། གསུམ་པར་དབུགས་འབྱུང་རྡུབ་རླུང་ལྟ་བུ་ཡོད་པས་བསྐལ་པ་འཇིག་པའི་ཚེ་དེ་དག་གི་གནས་སྣོད་ཀྱི་ཁམས་ཀྱང་རིམ་པར་མེ་ཆུ་རླུང་གིས་འཇིག་པ་ཡོད་པའོ། །བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པའི་ཚེ། གཟུགས་ཁམས་ལ་ཆགས་པ་མ་བྲལ་ཡང་འདོད་པའི་ཁམས་ལ་ཆགས་པ་བྲལ་བའི་ཕྱིར། འདོད་ཁམས་ཀྱི་ཁམས་ཀྱི་ཟས་དང་། གཉིད་དང་འཁྲིག་པའི་འདོད་ཆགས་དང་བྲལ་བ། དེའི་དབང་གིས་གཟུགས་ཁམས་པ་ལ་ཁམས་ཀྱི་ཟས་མེད་ཅིང་ནང་དུ་ཏིང་ངེ་འཛིན་གྱིས་ལུས་རྒྱས་པ་ཡིན་ལ། མིག་རྣ་ལུས་ཤེས་གསུམ་ལས། སྣ་ལྕེའི་རྣམ་ཤེས་མི་འབྱུང་བའོ། །གཟུགས་མེད་པ་རྣམས་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་སོ་སོར་རྣམ་པར་བཞག་པ་མེད་ལ། ཐམས་ཅད་གཟུགས་ལ་ཆགས་པ་དང་བྲལ་ཏེ་གཟུགས་ཀྱི་འདུ་ཤེས་ནུབ་པ་ཡིན་ཞིང་། བྱེ་བྲག་ཏུ་གཟུགས་ཀྱི་འདུ་ཤེས་མེད་པར་ནམ་མཁའ་ཙམ་མཐའ་ཡས་སོ་ཞེས་དེ་ཙམ་ལ་སྙོམས་པར་ཞུགས་པ་ནམ་མཁའ་མཐའ་


MR22_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་དང་། ནམ་མཁའི་འདུ་ཤེས་ཀྱང་བཀག་སྟེ་རྣམ་ཤེས་ཙམ་དུ་འདུ་ཤེས་པ་རྣམ་ཤེས་མཐའ་ཡས་དང་། དེ་ཡང་བཀག་སྟེ་ཅི་ཡང་མེད་པའི་འདུ་ཤེས་ལ་གནས་པ་དང་། དེ་ཡང་བཀག་སྟེ་ཡོད་མིན་མེད་མིན་ཙམ་དུ་གནས་པ་སྲིད་པའི་རྩེ་མོའོ། །རྒྱུ་སྙོམས་འཇུག་གི་བསམ་གཏན་བཞི་པོ་དེ་དག་ཆུང་འབྲིང་ཆེན་པོ་གསུམ་དུ་གོམས་པའི་རིམ་པ་དང་མཚུངས་པར། འབྲས་བུ་སྐྱེ་བའི་བསམ་གཏན་ཞེས་པ་གཟུགས་ཁམས་ཀྱི་གནས་རིས་རྣམས་སུ་སྐྱེ་བར་བྱེད་པ་སྟེ། བསམ་གཏན་དང་པོའི་སྙོམས་འཇུག་ཆུང་ངུར་གོམས་པ་ལས་ཚངས་རིས། འབྲིང་ཚངས་པ་མདུན་ན་འདོན། ཆེན་པོས་ཚངས་ཆེན་སོགས་འབྲས་བུ་ཆེ་བའི་བར་དུ་དེ་ལྟར་ཤེས་པར་བྱའོ། །བསམ་གཏན་བཞི་པ་དང་ཟག་མེད་སྤེལ་ཏེ་བསྒོམ་པ་ཆུང་༣འབྲིང་༦ཆེ་བ་༩ཤིན་ཏུ་ཆེ་བ་༡༢ཆེས་ཤིན་ཏུ་ཆེ་བ་༡༥ལྔ་ལས་གནས་གཙང་ལྔར་སྐྱེ་བའོ། །གཟུགས་མེད་པ་ལ་གནས་གཞན་མེད་པས་སྐྱེ་བ་ཙམ་ལ་ཐ་དད་མེད་ཀྱང་། སྙོམས་འཇུག་ཆུང་འབྲིང་ཆེན་པོའི་རིམ་པ་བཞིན་སྐྱེ་བ་མཐོ་དམན་དང་བཟང་ངན་ཡོད་པར་གསུངས་སོ། །བསམ་གཏན་དང་གཟུགས་མེད་ཀྱི་ཏིང་འཛིན་དེ་ལ་ཉོན་མོངས་ཅན་དང་དག་པ་པ་གཉིས་སུ་ཡོད་པའི། དང་པོ་སྲེད་ལྟ་ང་རྒྱལ་མ་རིག་པ་བཞིས་བསླད་པ་ཅན་དེ་ཇི་ལྟར་ན། རང་སའི་རོ་མྱང་བའི་སྲེད་པ་ཤས་ཆེ་བའམ། ལྟ་བ་ཤས་ཆེ་བའམ། ང་རྒྱལ་ཤས་ཆེ་བའམ། མ་རིག་པའི་དབང་


MR22_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐེ་ཚོམ་ཤས་ཆེ་བའི་སྙོམས་འཇུག་དེ་ལ། རང་ས་ན་སྤྱོད་པའི་ཉོན་མོངས་དང་ཉེ་ཉོན་རྣམས་འབྱུང་བའོ། །དག་པ་པ་ནི་སྐྱོན་དེ་དག་མེད་པར་གྱུར་པའི་བསམ་གཟུགས་ཀྱི་ཏིང་འཛིན་ནི་དགེ་ཞིང་རྣམ་པར་བྱང་བའོ། །བསམ་གཏན་དང་པོས་བསྡུས་པའི་ཏིང་འཛིན་ཇི་སྙེད་པ་ལ་སངས་རྒྱས་བྱང་སེམས་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཙམ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་ཤེས་ལ། བསམ་གཏན་དང་པོས་བསྡུས་པའི་ཏིང་ངེ་འཛིན་ཇི་ལྟ་བར་བསམ་གཏན་ལྷག་མ་དང་གཟུགས་མེད་རྣམས་ལ་ཤེས་པར་བྱ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དེ་ལྟར་ཏིང་ངེ་འཛིན་ཚད་མེད་པ་ཡོད་དོ། །རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཟུགས་དེ་དག་བདེན་པ་བཞི་རྟོགས་པ་དང་མ་འབྲེལ་ན་འཇིག་རྟེན་པའི་ལམ་ཟག་བཅས་དང་། བསམ་གཏན་བཞི་དང་གཟུགས་མེད་སྔ་མ་གསུམ་སྟེ་བདུན་པོ་ལ་བརྟེན་ནས་སྒོམ་ལམ་དུ་བདེན་པ་བཞི་སྒོམ་པ་ནི། ཟག་མེད་འཇིག་རྟེན་ལས་འདས་པའི་ལམ་མོ། །སྲིད་རྩེ་ནི་སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་དེ་ལ་ཟག་མེད་ཀྱི་ལམ་མི་བརྟེན་པས་དེ་ཟག་བཅས་ཁོ་ན་ཡིན་ནོ། །བསམ་གཏན་དང་པོའི་དངོས་གཞི་ལ་ཙམ་པོ་པ་དང་། ཁྱད་པར་ཅན་གཉིས་ཡོད་པའི་སྔ་མར་རྟོག་དཔྱོད་གཉིས་ཀ་ཡོད་ལ། ཕྱི་མ་ལ་རྟོག་པ་མེད་ལ་དཔྱོད་པ་ཡོད་པས་ཙམ་ཁྱད་གཉིས་སུ་ཕྱེའོ། །ཟག་མེད་ཀྱི་ལམ་བརྟེན་པའི་གཙོ་བོ་བསམ་གཏན་ས་དྲུག་ནི། བསམ་གཏན་དང་པོའི་


MR22_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བསྡོགས་མི་ལྕོགས་མེད་དང་། དངོས་གཞི་ཙམ་ཁྱད་གཉིས། བསམ་གཏན་གོང་མ་གསུམ་བཅས་དྲུག་པོ་དེ་ལ་མཐོང་ལམ་སོགས་བརྟེན་པས་དེ་ལྟར་གསུངས་སོ། །ཐམས་ཅད་ཀྱི་ནང་ན་བསམ་གཏན་བཞི་པ་མཆོག་སྟེ་གཟུགས་མེད་ལྟ་བུ་ཧ་ཅང་ཞི་གནས་ཤས་ཆེ་བས་མི་གསལ་བ་ཡང་མིན་ལ། གསུམ་པ་སོགས་འོག་ས་ལྟར་གཡོ་བ་ཕྲ་མོའི་སྐྱོན་ཀྱང་མེད་པས་རབ་ཏུ་གྱུར་པའོ། །ཡང་ས་དྲུག་པོའི་སྟེང་དུ་གཟུགས་མེད་སྔ་མ་གསུམ་བསྣན་པས་བསམ་གཏན་ས་དགུར་འདོད་དོ། །འདི་རྣམས་ལ་ཟག་མེད་ཀྱི་ལམ་བརྟེན་པ་ཡིན་ནོ། །ཇི་ལྟར་བརྟེན་ན་མཐོང་ལམ་ནི་ས་དྲུག་གང་རུང་ལ་བརྟེན་པའོ། །སྒོམ་ལམ་ནི་ཟག་མེད་ལམ་མི་ལྕོགས་མེད་ལ་བརྟེན་པས་འདོད་པ་དང་བསམ་གཟུགས་བརྒྱད་དེ་ས་དགུ་པོའི་འདོད་ཆགས་བྲལ་ནུས་སོ། །ལྷག་མ་བརྒྱད་ཀྱིས་རང་ས་དང་གོང་མའི་ས་ལ་ཆགས་པ་བྲལ་བར་བྱེད་དོ། །མངོན་ཤེས་དང་པོ་ལྔ་ནི་བསམ་གཏན་བཞི་པོའི་དངོས་གཞི་ན་ཡོད། དེ་ལྔ་རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ནོ། །མངོན་ཤེས་རྣམས་བསམ་གཏན་བཞི་པ་ལ་བརྟེན་ནས་བསྒྲུབ་ན་མཆོག་ཏུ་འགྱུར་རོ། །དེ་ཡང་བསམ་གཏན་གྱི་སེམས་ལ་བརྟེན་ནས་སོ་སོའི་རྣམ་གནས་ཡིད་ལ་བྱེད་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ། །ཟག་མེད་ཀྱི་ལམ་དང་འབྲེལ་བ་རྣམས་ཀྱི་མངོན་ཤེས་ནི་འཇིག་རྟེན་པ་ལས་མཆོག་ཏུ་འགྱུར་རོ། །འགོག་པའི་སྙོམས་འཇུག་ནི་འཇིག་རྟེན་ལས་འདས་པ་


MR22_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དང་པོར་མི་རྣམས་ཀྱི་ནང་དུ་བསྒྲུབ་ནས། མི་རྣམས་ཀྱི་ནང་དུའམ་གཟུགས་ཁམས་སུ་མངོན་དུ་བྱེད་ཅིང་། གཟུགས་མེད་ཁམས་སུ་མངོན་དུ་མི་བྱེད་དེ། ཞི་བའི་རྣམ་ཐར་གྱི་རྣམ་པར་སྨིན་པས་གནས་པ་དེ་དག་དེ་ལ་འབད་པ་མི་རྩོམ་པའི་ཕྱིར་རོ། །དེ་ཡང་མཐར་གྱིས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་སྙོམས་པར་འཇུག་ཅིང་། ཁམས་གསུམ་ན་སེམས་ཕྲ་ཤོས་སྲིད་རྩེ་ཡིན་པས་དེའི་མཇུག་ཏུ་འདུ་ཤེས་དང་ཚོར་བ་མཐའ་དག་འགོག་པ་ལ་འཇུག་པ་ཡིན་ཏེ་འཕགས་པ་རྣམས་མ་གཏོགས་བྱིས་པ་རྣམས་ཀྱིས་མི་ནུས་སོ། །སེམས་སེམས་བྱུང་གི་འཇུག་པ་ཞི་བས་མཐོང་ཆོས་བདེར་གནས་སོགས་ཀྱི་དོན་དུ་དེ་ལ་འཇུག་པ་ན་ཇི་ཙམ་ཞིག་ན་ལྡང་བར་བྱའོ་སྙམ་པའི་འདུ་ཤེས་དེས་ཇི་ལྟར་འཕང་བ་ལྟར་འཇུག་ལྡང་བྱེད་པ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ལ་རིམ་གྱིས་འཇུག་ཅིང་ལུགས་ལས་བཟློག་སྟེ་མར་འོང་ནས། མཉམ་བཞག་མིན་པ་འདོད་པའི་སེམས་ཀྱིས་མཚམས་བཟུང་ཞིང་སྙོམས་འཇུག་དགུ་པོ་ལ་གཅིག་ནས་བརྒྱད་ཀྱི་བར་རིམ་པར་དོར་ནས་གཞན་དང་གཞན་ལ་འཇུག་པ་ནི་ཐོད་རྒལ་གྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཏིང་ངེ་འཛིན་རྩལ་སྦྱང་བའི་ཆེད་དུ་འདི་བསྒོམ་པ་ཡིན་ནོ། །སྤྱིར་ལམ་དེ་ལ་ཆུང་འབྲིང་ཆེན་པོ་ཞེས་པ་ས་དང་སའི་ཉོན་མོངས་སྤོང་ཚུལ་ལས་བཞག་པ་དང་། ཡང་སྦྱོར་བའི་ལམ་ཞེས་པ་གང་གིས་ཉོན་མོངས་པ་སྤོང་བར་རྩོམ་པ་བར་ཆད་མེད་ལམ་


MR22_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྔོན་དུ་འགྲོ་བ་དང་། བར་ཆད་མེད་ལམ་ནི་སྦྱོར་བའི་རྗེས་ཐོག་ཏུ་བར་གཅད་དུ་མེད་པར་ཉོན་མོངས་སྤོང་བར་བྱེད་པ་དང་རྣམ་གྲོལ་ལམ་ཉོན་མོངས་སྤོང་བའི་རྣམ་པར་གྲོལ་བ་མངོན་དུ་བྱས་པའོ། །ཁྱད་པར་གྱི་ལམ་ནི་ལམ་སྔ་མ་དེ་ལས་གོང་མར་ཉོན་མོངས་གཞན་སྤོང་བའི་སྦྱོར་བ་དང་བར་ཆད་མེད་རྣམ་གྲོལ་ལམ་གསུམ་ལ་བཞག་པའོ། །ཡང་ན་ཉོན་མོངས་སྤང་བ་མིན་ཡང་ཆོས་ལ་སེམས་པའམ། ཞུགས་ཤིང་གནས་པའི་སྙོམས་པར་འཇུག་པའམ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པའམ། དེ་ལ་གནས་པའི་ལམ་ལ་ཁྱད་པར་གྱི་ལམ་ཞེས་བྱའོ། །དེ་ལྟར་ལམ་དེ་ཅིའི་ཕྱིར་བསྒོམ་ན་དགེ་བའི་ཕྱོགས་འཕེལ་ཞིང་མི་དགེ་བ་བསལ་བའི་ཕྱིར་བསྒོམ་པའོ། །སྒོམ་པའི་ལམ་གྱི་སྐབས་སུ་ཆོས་ཉིད་ཀྱི་བདེན་པ་རྟོགས་ཟིན་པ་ཡིན་པའི་ཕྱིར། རྒྱུད་ཡང་དག་པའི་ལྟ་བས་ཁྱབ་པ་སོགས་ཡིན་པས་འཕགས་ལམ་བརྒྱད་འབྱུང་ངོ་། །དེ་ལྟར་ཟག་མེད་ཀྱི་ལམ་དེ་དག་ནི་བྱང་ཕྱོགས་སོ་བདུན་གྱིས་བགྲོད་པ་ཡིན་ལ་དེ་ཡང་དང་པོར་དྲན་པ་ཉེར་བཞག་བཞི་ནི་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་མོ། །དེ་བཞིན་དུ་སྤོང་བཞི་ནས་རིམ་པར་རྩོལ་བ་ལས་བྱུང་བའི་ལམ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་དང་། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་དང་། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། རྣམ་པར་དག་པར་ངེས་པར་འབྱིན་


MR22_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་འཕགས་ལམ་བརྒྱད་ཡིན་པའི་བར་དུ་སྦྱར་ཏེ་ཤེས་པར་བྱའོ། །ཡང་ལམ་གྱི་རྣམ་གྲངས་ལ་བཞིར་གསུངས་ཏེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ནི་དབང་པོ་རྟུལ་པོ་དངོས་གཞིའི་བསམ་གཏན་མ་ཐོབ་པའོ། །མངོན་ཤེས་མྱུར་ལ་དཀའ་བ་ནི་དབང་རྣོན་དངོས་གཞིའི་བསམ་གཏན་མ་ཐོབ་པའོ། །མངོན་ཤེས་བུལ་ལ་སླ་བ་ནི་དབང་རྟུལ་དངོས་གཞིའི་བསམ་གཏན་ཐོབ་པའོ། །མངོན་པར་ཤེས་པ་མྱུར་ལ་སླ་བ་ནི་དབང་རྣོན་དངོས་གཞིའི་བསམ་གཏན་ཐོབ་པའོ། །འདི་བཞི་ལ་གནས་དང་དབང་པོས་ཐ་དད་པའི་ལམ་ཞེས་བྱའོ། །ཡང་ཆོས་ཀྱི་གནས་བཞི་སྟེ། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དང་པོ་གཉིས་ཀྱིས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྦྱོང་བ་དང་། དྲན་པས་ལྷག་པ་སེམས་ཀྱི་དང་། ཐ་མས་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྦྱོང་བའི་ཕྱིར་འདི་བཞི་ལ་བསླབ་གསུམ་ཡོངས་སུ་སྦྱོང་བའི་ལམ་ཞེས་བྱའོ། །ཡང་ཞི་གནས་དང་ལྷག་མཐོང་ལ་ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་ལམ་ཞེས་བྱ་སྟེ། མི་གཡེང་བ་ཞི་གནས་ནི་སེམས་གནས་པའི་ཐབས་དགུས་ཤིན་ཏུ་སྦྱང་བ་དང་ལྡན་པའི་ཞི་གནས་ཀྱི་སེམས་གྲུབ་པའོ། །ཕྱིན་ཅི་མ་ལོག་པ་ལྷག་མཐོང་ནི་ཕྱིན་ཅི་ལོག་གི་མཚན་མ་དང་གནས་ངན་ལེན་སྤོང་བའི་ཕྱིར་བདེན་གཉིས་ཀྱི་ཆོས་རྣམས་སྤྱི་མཚན་གྱི་སྒོ་


MR22_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱེད་པ་དང་། རང་མཚན་གྱི་སྒོ་ནས་རབ་ཏུ་འབྱེད་པ་དང་། ངོ་བོ་ལ་ཡོངས་སུ་རྟོག་པ་དང་ཁྱད་པར་ལ་དཔྱོད་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་ཇི་བཞིན་མཐོང་བའོ། །དེ་ཡང་ཞི་གནས་ཐོབ་ལ་ལྷག་མཐོང་མ་ཐོབ་པ་སོགས་མུ་བཞིར་འགྱུར་ཏེ། གང་ཐོབ་པ་དེ་ལ་བརྟེན་ནས་ཅིག་ཤོས་ཚོལ་བ་དང་། གཉིས་ཀ་མ་ཐོབ་པས་གཉིས་ཀ་ལ་བརྩོན་པ་དང་། གཉིས་ཀ་ཐོབ་ན་ཟུང་དུ་ཞུགས་ཏེ་དོན་གྲུབ་པར་འགྱུར་རོ། །ལྷག་མཐོང་མཚན་ཉིད་པ་ནི་ཞི་གནས་ལ་བརྟེན་པའི་ཤེས་རབ་ཁྱད་པར་ཅན་གྱི་དོན་ཡིན་ཀྱང་གོང་དུ་མུ་བཞིའི་སྐབས་སུ་ཤེས་རབ་ཀྱི་ལྡོག་པ་ནས་བསྟན་པ་ཡིན་ནོ། །ལམ་གཞན་སྡུད་པའི་ལམ་ནི་དབང་པོ་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་སྦྱོར་བའི་ལམ་དང་མཐོང་ལམ་གྱི་སྐད་ཅིག་དང་པོ་བཅོ་ལྔ་ལ་དབང་བྱེད་པའོ། །ཀུན་ཤེས་པའི་དབང་པོ་ནི་མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ལ་བརྟེན་ནས་སློབ་ལམ་ཐམས་ཅད་ལ་དབང་བྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་མི་སློབ་པའི་ལམ་ལ་དབང་བྱེད་པ་སྟེ། ལམ་འདི་དག་ཐོབ་པས་ལམ་གཞན་སྡུད་པ་ལ་དབང་ཐོབ་པ་ཡིན་ནོ། །གཞན་ཡང་བསམ་གཏན་དང་པོའི་སས་བསྡུས་ཀྱི་ལམ་བསྒོམ་པ་ན་འདོད་པ་དང་ལྡན་པའི་དགེ་རྩ་རྣམས་ཤུགས་ཀྱིས་བསྒོམ་པར་འགྱུར་ཏེ་དེ་དག་ལ་དབང་འབྱོར་བ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་གོང་མའི་ལམ་བསྒོམ་


MR22_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་རང་གི་འོག་མར་གྱུར་པའི་ས་རྣམས་ཀྱི་དགེ་རྩ་རྣམས་སྒོམ་པ་ལ་དབང་ཐོབ་པ་དེས་ཀུན་མཚོན་ཏེ་ཤེས་པར་བྱའོ། །མཐར་ཕྱིན་པ་མི་སློབ་པའི་ལམ་ནི། སྤང་བྱ་རྣམས་རྒྱུན་བཅད་ནས་བྲལ་བའི་ཐོབ་པ་མངོན་དུ་བྱས་པ་སྟེ། དེ་ཡང་རང་ལམ་གྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་དེ་མ་ཐག་ཏུ་སེམས་དང་ལམ་གྱི་གནས་གྱུར་ཐོབ་ཅིང་ཟད་དང་མི་སྐྱེ་བ་ཤེས་པ་གང་ཡིན་པའོ། །ཟད་པ་ཤེས་པ་བདག་གིས་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་རྒྱུད་ལ་བརྟེན་ཟིན་ཏེ་སྤང་བྱ་ཐམས་ཅད་ཟད་དོ་ཞེས་ཤེས་པ་དང་། ཡང་སྡུག་བསྔལ་ཤེས་པར་བྱར་མེད་སོགས་བདེན་བཞིའི་ཚུལ་ཤེས་སྤང་ཐོབ་བརྟེན་སླར་ཡང་བྱར་མེད་དེ་དྲི་མ་རྣམས་ཕྱིས་མི་སྐྱེ་བར་ཤེས་པའོ། །དེ་ལ་ཐེག་དམན་གྱི་མི་སློབ་པ་ཉན་རང་དགྲ་བཅོམ་པས་ནི་ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་དང་བཅས་པ་སྤང་བས་དེའི་དབང་གིས་བྱུང་བ་ལས་དང་རྣམ་སྨིན་གྱི་གནས་ངན་ལེན་སོགས་ཟད་པའི་བྲལ་བ་ཐོབ་ནས་འགོག་བདེན་མངོན་དུ་བྱས་པའོ། །ཐེག་པ་ཆེན་པོའི་མི་སློབ་པ་སངས་རྒྱས་ཀྱི་སར་ནི་སྒྲིབ་པ་གཉིས་ཀྱི་ས་བོན་བག་ཆགས་དང་བཅས་པ་སྤངས་པས་སྤང་བ་ཆེན་པོ་མཐར་ཐུག་པའི་འགོག་བདེན་མངོན་དུ་མཛད་པ་སྟེ། དག་པ་གཉིས་ལྡན་གྱི་དེ་བཞིན་ཉིད་ངོ་བོ་ཉིད་སྐུ་ཐོབ་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་གང་ཞེ་ན་ཐེག་པ་ཆེ་ཆུང་སོ་སོའི་ལམ་གྱི་འབྲས་


MR22_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཐར་ཐུག་ཐོབ་པའི་གེགས་སུ་གྱུར་པའི་སྤང་བྱ་མཐར་ཐུག་འཇོམས་པ་ལ་ཐོགས་པ་མེད་པའི་གཉེན་པོ་བར་ཆད་མེད་ལམ་མོ། །དེ་ལའང་སྦྱོར་དངོས་རྗེས་གསུམ་ཡོད་པའི་དང་པོ་རྡོར་ཏིང་དེ་མ་ཐག་ཏུ་འདྲེན་ནུས་པའི་དངོས་རྒྱུར་གྱུར་པ་ལ་སྦྱོར་བའི་ལམ་ཞེས་བྱ་ཞིང་། དངོས་གཞི་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རང་ཉིད་དེ་སྤང་བྱའི་སྒྲིབ་པ་ཐམས་ཅད་ཀྱིས་ཚུར་མི་ཕྱེད་ལ་ཕར་འཇོམས་པའི་མཐུ་དང་ལྡན་པའོ། །དེའི་རྗེས་ཐོགས་ལ་དངོས་འབྲས་སུ་གྱུར་པ་ཟད་མི་སྐྱེ་ཤེས་པ་འབྱུང་བའི་གནས་སྐབས་ལ་རྣམ་གྲོལ་ལམ་ཞེས་བྱའོ། །མི་སློབ་པ་དེ་ནི་མི་སློབ་པའི་ཆོས་བཅུ་དང་ལྡན་ཏེ། གང་ཞེ་ན་མི་སློབ་པའི་ཡང་དག་པའི་ལྟ་བ་ནས། མི་སློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་གྱི་འཕགས་ལམ་བརྒྱད་དང་། མི་སློབ་པའི་ཡང་དག་པའི་རྣམ་པར་གྲོལ་བ་དང་། མི་སློབ་པའི་ཡང་དག་པའི་ཤེས་པ་སྟེ་བཅུའོ། །བཅུ་པོ་དེ་དག་ཟག་མེད་ཀྱི་ཕུང་པོ་ལྔས་བསྡུས་ཏེ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་གྱི་ཕུང་པོ་དང་། དྲན་ཏིང་གཉིས་ཏིང་ངེ་འཛིན་གྱི་དང་། ལྟ་རྟོག་རྩོལ་གསུམ་ཤེས་རབ་ཀྱི་དང་། རྣམ་པར་གྲོལ་བའི་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལྔ་ཉིད་དོ། །དེ་ལྟར་ལམ་གྱི་བདེན་པ་ནི་ཡང་དག་པའི་ལམ་དང་རིག་པ་དང་། སྒྲུབ་པ་དང་ངེས་འབྱིན་ཉིད་དུ་ཤེས་པར་བྱའོ། །བླང་དོར་དུ་བྱ་བའི་ཆ་ནས་བསྟན་པ་བདེན་པ་བཞི་བཤད་ཟིན་ཏོ། །སྐབས་


MR22_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མངོན་པར་རྟོགས་པ་ལམ་དང་ལམ་དེ་ཐོབ་པའི་གང་ཟག་གི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་བརྗོད་ན། གོང་དུ་བསྟན་པའི་ཟག་མེད་ཀྱི་ཕུང་པོ་ལྔ་ཙམ་ཉན་རང་དགྲ་བཅོམ་པ་ལ་ཡང་ཡོད་མོད་ཀྱི། དེ་བཞིན་གཤེགས་པའི་ཟག་མེད་ཀྱི་ཕུང་པོ་ལྔ་ནི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་སངས་རྒྱས་ཀྱི་གཟུགས་སྐུར་སྣང་བ་ནི་སེམས་ཅན་ཕལ་པའི་གཟུགས་ལྟ་བུ་མ་ཡིན་ཏེ། ཟག་མེད་ཀྱི་བསོད་ནམས་ཚད་མེད་པའི་རྒྱུ་ལས་ཕྱོགས་བཅུའི་ཞིང་གི་གདུལ་བྱ་ལ་ཅིག་ཆར་གཟུགས་བརྙན་ལྟར་སྣང་བ། ལྷར་བཅས་འཇིག་རྟེན་ཀུན་གྱི་ཉེས་པ་ཐམས་ཅད་སྤོང་ཞིང་དགེ་ཆོས་རླབས་པོ་ཆེ་སྡུད་པའི་དོན་བྱེད་པ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་ཚོར་བ་སྣ་ཚོགས་པ་མི་མངའ་སྟེ་རྟག་ཏུ་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་། འདུ་ཤེས་སྣ་ཚོགས་མི་མངའ་བར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་མཁྱེན་ཅིང་རྣམ་རྟོག་དང་བྲལ་བ་ཤེས་རབ་ཀྱི་ཕུང་པོ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་པས་ཕྱི་དང་ནང་གི་འདུ་བྱེད་ཀྱི་འཇུག་པ་མ་ལུས་པ་ཉེ་བར་ཞི་བ་རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་ཅན་གྱི་ཕུང་པོའི་ཆོས་ལས་རྣམ་པར་གྲོལ་བའི་བདག་ཉིད་ཀྱི་ཡེ་ཤེས་ཉིད་སོ་སོ་རང་རིག་པས་མཐོང་བའམ་གཟིགས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཞེས་བྱ་


MR22_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་ས་ན་ཐ་མལ་པའི་ཕུང་པོ་ལྔ་དང་ཁམས་སྐྱེ་མཆེད་རང་རྒྱུད་དུ་གྲུབ་པ་གང་ཡང་མེད་པས་ཁམས་གསུམ་ལས་འདས་པ་སྟེ་རིགས་ལྔ་དང་ཡེ་ཤེས་ལྔ་དང་ཟག་མེད་ཀྱི་ཕུང་པོ་ལྔའི་རང་བཞིན་དུ་སངས་རྒྱས་པ་ཡིན་ལ། མདོར་བསྡུས་ན་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་མཉམ་པ་ཉིད་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་བཞུགས་པའི་གནས་ཚུལ་རིག་པར་བྱས་ནས། སྐུ་དེ་ཉིད་གདུལ་བྱའི་སྣང་ངོར་འཇིག་རྟེན་མཐུན་འཇུག་གི་ཐབས་ལ་མཁས་པས་གང་ཟག་ཕལ་པ་རྣམས་དང་སྐལ་པ་མཉམ་པར་ཕུང་པོ་ལྔ་ལྡན་གྱི་ཚུལ་ཏུ་བསྟན་ཞིང་། དེ་དང་མཐུན་པར་ཐ་སྙད་བཏགས་པ་རྣམས་ཀྱང་དོན་ལ་འགལ་བ་ཅུང་ཟད་མེད་པར་སྣང་ཚུལ་ཙམ་གྱིས་དབང་དུ་བྱས་པ་གོ་དགོས་ཏེ། དཔེར་ན་སངས་རྒྱས་ལ་སྲིད་ཞི་ཐ་དད་ཀྱི་འདུ་ཤེས་དང་རྣམ་རྟོག་གང་ཡང་མེད་པས་ཆོས་གང་ཡང་མ་གསུང་ཞེས་བསྟན་པ་དང་། གདུལ་བྱའི་ཁམས་དབང་བསམ་པ་སོ་སོར་མཁྱེན་ནས་དེ་དང་མཐུན་པར་ཆོས་བསྟན་ཏོ་ཞེས་གསུངས་པ་འགལ་མེད་དོན་གཅིག་ཏུ་འཆར་བ་ནི། གནས་ཚུལ་མི་རྟོག་པའི་ཡེ་ཤེས་ཟབ་མོ་མངའ་བའི་མཐུས་གདུལ་བྱའི་དོན་ཅུང་ཟད་ཀྱང་ཆུད་མི་ཟ་བའི་སྟོབས་ཐོབ་སྟེ། རྣམ་རྟོག་གིས་འབད་རྩོལ་མེད་ཀྱང་ཤེས་བྱ་ཐམས་ཅད་མཁྱེན་པ་དང་ཕྲིན་ལས་ཀྱི་འཇུག་པ་འབད་མེད་ལྷུན་གྲུབ་ཏུ་ཡོད་པའི་དབང་གིས་གདུལ་བྱ་རྣམས་ལ་སྣང་ཚུལ་གྱི་དབང་དུ་བྱས་


MR22_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན། སོ་སོ་རང་རང་གི་ཁམས་དབང་བསམ་པ་གཟིགས་ནས་དེ་དང་འཚམས་པའི་ཆོས་ཇི་ལྟར་འདོད་པ་སྟོན་པ་དང་། གདུལ་བྱའི་དོན་ལ་མི་བསྙེལ་བར་འབད་རྩོལ་སྣ་ཚོགས་མཛད་པར་སྣང་བ་ཡང་སྣང་ངོ་ལ་ལྟོས་ནས་དེ་ལྟར་བསླུ་བ་མེད་པ་ཡིན་པ་བཞིན་ནོ། །དེ་ལྟར་ཤེས་ན་ཐེག་པ་ཆེན་པོའི་དགོངས་དོན་ལ་མི་རྨོངས་པར་འགྱུར་རོ། །ཕུང་པོ་རང་མཚན་པ་དང་ཚོར་བ་སོགས་ཐ་མལ་པ་མི་མངའ་བའི་ཕྱིར་བདུད་བཞི་བཅོམ་པ་ཡིན་ཏེ། ཟག་བཅས་ཀྱི་ཕུང་པོ་འགྲུབ་པར་བྱེད་པའི་རྒྱུ་ཉོན་མོངས་པ་རྣམས་ལ་ཉོན་མོངས་པའི་བདུད་ཅེས་བྱའོ། །རྒྱུ་དེས་གྲུབ་པའི་ཟག་བཅས་ཀྱི་ཕུང་པོ་ལྔ་ནི་ཕུང་པོའི་བདུད་དོ། །ཟག་པ་ཟད་བྱེད་ཀྱི་ལམ་ལ་གེགས་སུ་གྱུར་པའི་འདོད་ཡོན་རྣམས་ལ་ཆགས་པ་ལྷའི་བུའི་བདུད་དོ། །ཕུང་པོ་དེ་ཉིད་འགག་པར་བྱེད་པ་འཆི་བདག་གི་བདུད་དེ། འདི་དག་གིས་འགྲོ་བ་རྣམས་འཁོར་བ་ལས་ཐར་པའི་གེགས་བྱེད་པའི་ཕྱིར་བདུད་ཡིན་ལ། སངས་རྒྱས་ཀྱིས་དེ་རྣམས་གཏན་དུ་བཅོམ་པའི་ཕྱིར་བདུད་བཞི་ལས་ཡང་དག་པར་རྒྱལ་བ་ཞེས་བྱ་ཞིང་། དེ་བཞིན་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བ། རྟོགས་བྱ་མཐའ་དག་རྟོགས་པ་སོགས་ཀྱི་སྒོ་ནས་དགྲ་བཅོམ་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེ་བཞིན་གཤེགས་པ་དང་། བདེ་བར་གཤེགས་པ་དང་། སྟོན་པ་མཚུངས་པ་མེད་པ་སོགས་མཚན་གྱི་རྣམ་གྲངས་དང་ལྡན་པའོ། །སྐལ་པ་དྲུག་ནི་འདོད་དགུར་འབྱུང་བའི་དབང་ཕྱུག་


MR22_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ། དེ་བཞིན་དུ་མཚན་དཔེའི་གཟུགས་བཟང་པོ། འཁོར་ལ་སོགས་པ་ཚད་མེད་པའི་དཔལ་འབྱོར། འཇིག་རྟེན་ཀུན་ལ་སྙན་པར་གྲགས་པ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས། སེམས་ཅན་གྱི་དོན་མཛད་པའི་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། རིམ་པ་ལྟར་བསམ་གཏན་བཟོད་པ་སྦྱིན་པ་ཚུལ་ཁྲིམས་ཤེས་རབ་བརྩོན་འགྲུས་ཀྱི་འབྲས་བུའོ། །འདི་རྣམས་ལ་ལེགས་པའི་ཡོན་ཏན་དྲུག་ཅེས་ཀྱང་བྱའོ། །རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་ཆོས་དགེ་འདུན་གཏོང་བ་ཚུལ་ཁྲིམས་ལྷ་རྗེས་དྲན་ནོ། །སངས་རྒྱས་ནི་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པའི་སྐུ་ལྷུན་གྱིས་གྲུབ་པ་བརྙེས་པས་རང་དོན་ཕུན་སུམ་ཚོགས་པ། མཁྱེན་བརྩེ་ནུས་གསུམ་ཚད་མེད་པས་གཞན་དོན་ཕུན་ཚོགས་དང་ལྡན་པ་སྟེ། དེ་ལ་སྐུ་གསུམ་གྱིས་དབྱེ་བས་ཡོན་ཏན་ཚད་མེད་པ་མངའ་བའོ། །ཆོས་ལ་ཆགས་པ་བྲལ་བྱེད་ལམ་གྱི་བདེན་པ་ནི་རང་གི་ངོ་བོ་ལ་ཉོན་སྒྲིབ་མེད་པས་དག་པ། ཤེས་སྒྲིབ་མེད་པས་གསལ་བ། དེའི་ཕྱིར་སྒྲིབ་གཉིས་ཀྱི་མུན་པ་འཇོམས་པའི་གཉེན་པོར་གྱུར་པ་ཉི་མ་ལྟ་བུའི་ཡོན་ཏན་མངའ་བ་དང་། གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་ནི་སྤྲོས་པའི་སྤྱོད་ཡུལ་མིན་པས་བསམ་དུ་མེད་པ། ལས་ཉོན་གཉིས་མེད་པས་ཉེ་བར་ཞི་བ། སོ་སོ་རང་གིས་རིག་བྱ་ལས་རྟོག་པ་མེད་པ་གསུམ་གྱི་རང་བཞིན་ཏེ། མདོར་ན་དེ་བཞིན་ཉིད་རྟོག་མེད་ཞི་བ་བསམ་གྱིས་མི་ཁྱབ་པའོ། །


MR22_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འགོག་ལམ་གཉིས་པོ་དེ་ནི་རྟོགས་པའི་ཆོས་སོ། །དེ་གཉིས་བརྗོད་བྱར་བྱས་པའི་རྗོད་བྱེད་གསུང་རབ་རྣམས་ནི་ལུང་གི་ཆོས་སོ། །ལུང་རྟོགས་ཀྱི་ཆོས་དེ་དག་ཐོག་མཐའ་བར་གསུམ་དུ་དགེ་བ་གསུམ་དང་། དོན་དང་ཚིག་འབྲུ་བཟང་པོ་གཉིས་དང་། གཞན་དང་ཐུན་མོང་མིན་པ་མ་འདྲེས་པ་དང་། ཉོན་མོངས་པ་མཐའ་དག་སྤོང་བས་ཡོངས་སུ་རྫོགས་པ། རང་བཞིན་རྣམ་དག་གི་ཆོས་ཉིད་སྟོན་པས་ཡོངས་སུ་དག་པ། གློ་བུར་གྱི་དྲི་མ་བྲལ་བར་བྱེད་པས་ཡོངས་སུ་བྱང་བ་སྟེ་ཚངས་སྤྱོད་ཀྱི་ཡོན་ཏན་བཞི་དང་ལྡན་པའོ། །དགེ་འདུན་ནི་ཆོས་ཉམས་སུ་ལེན་པར་བྱེད་པ་རྣམས་ཏེ་དེ་ལ་སྐྱེ་འཕགས་གཉིས། འཕགས་པ་རྣམས་ནི་ཆོས་ཉམས་སུ་བླངས་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན་ལ། དེ་ལས་ཁྱད་པར་ཐེག་ཆེན་འཕགས་པ་ནི། རང་ལུགས་ཐེག་ཆེན་གྱི་རྟོགས་བྱ་ཐུན་མིན་ཟབ་ཅིང་རྒྱ་ཆེ་བ་སོ་སོ་རང་རིག་པས་རྟོགས་ནས། ཆགས་ཐོགས་དམན་སྒྲིབ་གསུམ་ལས་གྲོལ་བའི་རིག་གྲོལ་གྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའོ། །དེ་ལྟར་དཀོན་མཆོག་གསུམ་པོ་དེ་ཡི་ཡོན་ཏན་དྲན་ནས་སྟོན་པ་དང་ལམ་དང་ལམ་གྱི་གྲོགས་མཚུངས་པ་མེད་པའི་ཚུལ་དུ་རྗེས་སུ་དྲན་པའོ། །གཏོང་བ་དང་ཚུལ་ཁྲིམས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དང་། ལྷ་ནི་འདོད་གཟུགས་ཀྱི་ལྷ་དང་། འཕགས་པ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པ་དང་། རང་གི་བྱ་བ་ལ་དཔང་པོའི་ཚུལ་དུ་ཡང་དྲན་པར་བྱ་ལ། ལྷ་དེ་དག་གི་རྒྱུ་དགེ་བཅུ་བསམ་གཟུགས་


MR22_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་གསུམ་རྣམས་ཀྱང་དྲན་པ་སྟེ་འདི་ལ་རྒྱུ་འབྲས་ཀྱི་ཚུལ་དུ་ལྷ་རྗེས་སུ་དྲན་པ་ཞེས་གསུངས་སོ། །དེ་ལྟར་རྗེས་དྲན་ཕྱི་མ་གསུམ་འདིས་བསོད་ནམས་བྱ་བའི་དངོས་པོ་གསུམ་དྲན་པ་ཡིན་ནོ། །འཕགས་པའི་ནོར་བདུན་ནི། དད་པ་དང་། གཏོང་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། ཤེས་རབ་སྟེ་རེ་རེའི་མཐར་ཡང་ཕུན་སུམ་ཚོགས་པ་ཞེས་སྦྱར་བར་བྱ་ཞིང་འཕགས་པ་རྣམས་ལ་བདུན་པོ་འདིའི་ཡོན་ཏན་ཕུན་སུམ་ཚོགས་པ་ནམ་ཡང་ཟད་མི་ཤེས་པ་ཡོད་ལ་དེ་དག་གི་འབྱོར་བ་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱན་ལྔ་ནི་བསོད་ནམས་ལས་སྐྱེས་པའི་མིག་དབང་གང་གིས་དཔག་ཚད་བརྒྱ་ནས་སྟོང་ཆེན་པོའི་བར་གྱི་གཟུགས་ཕྲ་རགས་མཐོང་བ་ཤའི་སྤྱན། ཚེ་སྔ་མར་བསམ་གཏན་བསྒོམ་པའི་རྣམ་སྨིན་ལས་ཚེ་འདིར་འབད་མེད་འབྱུང་བ་ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་མཐོང་བ་ལྷའི་སྤྱན། ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཤེས་རབ་ཀྱི་སྤྱན། ལུང་རྟོགས་ཀྱི་ཆོས་དང་དེ་ལྡན་འཕགས་པའི་གང་ཟག་རྣམས་ཀྱི་དབང་པོ་སོགས་རྒྱུད་ཚོད་ཤེས་པ་ཆོས་ཀྱི་སྤྱན། ཤེས་བྱའི་རྣམ་པ་ཐམས་ཅད་གཟིགས་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ནོ། །བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་གཟུངས་ཀྱི་རྒྱན་ནོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་བཅུ་ནི། སངས་རྒྱས་མཆོད་པ། དམ་ཆོས་འཛིན་


MR22_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལུས་ཀུན་ཏུ་སྟོན་པ། ཞིང་ཀུན་ཏུ་འཇུག་པ། ཕར་ཕྱིན་རྫོགས་པ། སེམས་ཅན་སྨིན་པར་བྱེད་པ། ཞིང་སྦྱང་བ། བྱང་སེམས་རྣམས་དང་སྤྱོད་ཡུལ་མཐུན་པར་གནས་པ། སྤྱོད་པ་ཀུན་ཏུ་དོན་ཡོད་པ། བྱང་ཆུབ་ཆེན་པོ་འཐོབ་པའོ། །སྨོན་ལམ་དེ་བཅུ་ལ། སྨོན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་ཡོད་ཅིང་། དེ་བཅུ་མཐའ་ཐུག་པ་མེད་པའི་གནས་བཅུར་སྒྲུབ་སྟེ། གང་ཞེ་ན། སེམས་ཅན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་དང་། ནམ་མཁའི་ཁམས་དང་། དེ་བཞིན་དུ་དམ་པའི་ཆོས་དང་། མྱ་ངན་ལས་འདས་པ་དང་། སངས་རྒྱས་འབྱུང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སེམས་ཅན་རྣམས་ཀྱི་སེམས་ཀྱི་དམིགས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཁམས་ཇི་ཙམ་དུ་སྒྲུབ་པ་དང་། དེ་དགུ་པོ་བསྡུས་ཏེ་འཇིག་རྟེན་གྱི་རྒྱུད་དང་ཆོས་ཀྱི་རྒྱུད་དང་ཡེ་ཤེས་ཀྱི་རྒྱུད་ཀྱི་ཁམས་ཞེས་བྱ་བ་བཅུ་པོ་དེ་ནི་ཕྱོགས་དང་དུས་ཀྱི་མུ་མེད་པར་ཁྱབ་པ་ཡིན་ལ་དེ་སྙེད་དུ་སྨོན་ལམ་གྱི་འཕྲུལ་སྟོན་པ་ལ་འཇུག་པར་རིག་པར་བྱའོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ནི་བདག་གིས་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ནུས་སྙམ་པ་དང་། ནམ་སེམས་ཅན་དབུལ་བ་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང་། ནམ་ཤ་ཁྲག་དང་བཅས་པའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱ་ནུས་སྙམ་པ་དང་། ནམ་ཞིག་བདག་དམྱལ་བར་ཡུན་རིང་གནས་ནས་ཀྱང་སེམས་ཅན་ལ་ཕན་འདོགས་ནུས་


MR22_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་དང་། སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་སྒོ་གསུམ་དང་ནོར་དང་དབང་ཕྱུག་སོགས་དང་ལྡན་པ་དང་། དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པར་ཚེ་རབས་ཀུན་དུ་མ་གྱུར་ཅིག་སྙམ་པ་དང་། ནམ་སེམས་ཅན་ཀུན་གྱི་སྡིག་འབྲས་བདག་ལ་སྨིན་ཅིང་བདག་གི་དགེ་འབྲས་དེ་དག་ལ་སྨིན་ནས་བདེ་བར་གྱུར་ཅིག་སྙམ་པ་དང་། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆོན་པོས་སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་དུ་རྫོགས་པར་བྱེད་ནུས་སྙམ་པ་དང་། ནམ་ཞིག་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འབྱིན་ནུས་སྙམ་དུ་སེམས་པའོ། །ཡང་འཁོར་ལོ་གསུམ་ནི། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོའོ། །ཕྱི་མ་འདིར་བསྟན་འགྲོའི་དོན་ཅན་གྱི་བཟང་པོའི་ཕྲིན་ལས་ཇི་སྙེད་པ་འདུས་སོ། །ཉན་ཐོས་རྣམས་ཀྱིས་རྒྱུན་དུ་བསྟེན་པའི་འདུ་ཤེས་བཅུ་ནི། མི་རྟག །སྡུག་བསྔལ། བདག་མེད། མི་སྡུག་པ། འཆི་བ། སྣང་བ། ཆགས་བྲལ་གྱི་འདུ་ཤེས་རྣམས་དང་། ཟས་ལ་མི་འཕྲོད་པ། འཇིག་རྟེན་ཀུན་ལ་མངོན་པར་མི་དགའ་བ། མཚན་མ་ཀུན་འགོག་པའི་འདུ་ཤེས་ཏེ་གོང་མ་རྣམས་ཀྱི་མཐར་ཡང་འདུ་ཤེས་ཞེས་སྦྱར་བར་བྱ་སྟེ་དེ་ལྟར་བཅུའོ། །གཞན་


MR22_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མདོ་ལས་འདུ་ཤེས་སྣ་ཚོགས་གསུངས་པ་ལས། བདག་འཁོར་བ་ལས་མ་ཐར་བ་དང་། ཉོན་མོངས་པ་རྣམས་ལས་མ་གྲོལ་བ་དང་། སྡུག་བསྔལ་དང་འཇིགས་པ་ཀུན་གྱི་གཡང་སར་ལྷུང་བ་དང་། ལས་བདག་གིར་བྱ་བ་ལས་མ་འདས་པ་དང་། འཕགས་ལམ་གྱི་ཡོན་ཏན་མ་ཐོབ་བཞིན་དུ་འཆི་བ་དང་། ཡང་སྲིད་པར་སྐྱེ་ཞིང་དལ་འབྱོར་ཐོབ་པ་སོགས་ཀྱི་བདེ་བ་རྙེད་དཀའ་བ་ལ་སོགས་པའི་འདུ་ཤེས་རྣམས་ཀྱིས་ཁྱིམ་པ་སོགས་སྐྱོ་བ་དང་དྲེགས་པ་སེལ་བ་དང་ལམ་ལ་འཇུག་པར་བྱེད་དོ། །བདག་ནི་སངས་རྒྱས་ཀྱི་རྗེས་སུ་ཞུགས་པ། ཁྱིམ་པའི་བྱ་བ་དང་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ། ལམ་དང་འབྲས་བུའི་ཡོན་ཏན་དོན་དུ་གཉེར་བ་ཡིན་ན། བྱ་བ་ངན་པ་སྤངས་སམ། བཟང་པོ་ལ་ཞུགས་སམ། འབྲས་བུ་གང་ཡང་ཐོབ་བམ་སྙམ་དུ་རྟོག་པར་བྱེད་པའི་འདུ་ཤེས་སྣ་ཚོགས་གསུང་བ་ནི། དེ་དག་གིས་རབ་ཏུ་བྱུང་བ་རྣམས་འཇུག་ལྡོག་གི་གནས་ལ་བརྩོན་པར་བྱེད་པའོ། །སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས་བྱས་པ་གཟོ་བ། ཐེག་ཆེན་ལམ་གྱི་ཁྱད་པར་ཤེས་ནས་གུས་པ་སྐྱེ་བ། སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་ཤེས་ནས་དེ་ཐོབ་པར་འདོད་པ། སེམས་ཅན་རྣམས་མར་ཤེས་ཤིང་སྙིང་རྗེའི་སེམས་བསྒོམ་པའི་འདུ་ཤེས་སོགས་ནི་ཐེག་ཆེན་ལ་འཇུག་པར་བྱེད་པའི་དོན་ཏེ། མདོ་ལས་འདུ་ཤེས་འདི་དག་ལ་རྒྱས་བསྡུས་ཀྱི་རྣམ་གྲངས་སྣ་ཚོགས་གསུངས་པ་རྣམས་ཀྱང་ཤེས་པར་བྱའོ། །ཡང་ཏིང་ངེ་འཛིན་གསུམ་སྟེ། རྣམ་པར་ཐར་


MR22_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་བདེན་བཞིའི་རྣམ་པ་བཅུ་དྲུག་གི་ནང་ནས་སྟོང་བདག་མེད་གཉིས་ཀྱི་རྣམ་པ་ཅན་ནོ། །དེ་བཞིན་དུ་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་གི་རྣམ་པ་བཞི་སྟེ་དྲུག་པོ་དེའི་རྣམ་པ་ཅན་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ནོ། །འགོག་ལམ་གྱི་རྣམ་པ་བརྒྱད་ཀྱི་རྣམ་པ་ཅན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །ཡང་ཏིང་ངེ་འཛིན་བཞིར་གསུངས་ཏེ། འདོད་ཆགས་སྤང་བའི་ཏིང་ངེ་འཛིན་ནི་མི་གཙང་བ་བསྒོམ་པ། མཐོང་ཆོས་བདེར་གནས་ཀྱི་ཏིང་ངེ་འཛིན་ནི་དབེན་པའི་ཏིང་འཛིན་ལས་སྐྱེས་པའི་དགའ་བ་དེས་ལུས་མཉེན་ཅིང་ཁྱབ་པར་བྱེད་པའོ། །ཡེ་ཤེས་མཐོང་བ་ཐོབ་པའི་ཏིང་ངེ་འཛིན་ནི་མཚན་མོ་ཡང་ཉིན་མོའི་དུས་ལྟར་སྣང་བའི་འདུ་ཤེས་བསྒོམ་པའོ། །ཤེས་རབ་ཐོབ་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་བསྒོམ་པའོ། །དགེ་སྦྱོང་གི་ཆོས་བཞི་ནི། དངོས་སུ་ཚིག་ངན་པས་སྤྱོས་པ་ལ་སླར་མི་སྤྱོ། བརྡེག་པ་ལ་སླར་མི་བརྡེག །ལྐོག་ནས་གཤེ་བ་ལ་སླར་མི་གཤེ། ཁྲོས་པ་ལ་སླར་མི་ཁྲོ་བ་སྟེ། བཟོད་པ་ལས་བྱུང་བ་བཞིའོ། །སེམས་ཀྱི་སྤྱོད་པ་རྣམ་པར་སྦྱོང་བའི་ལམ་བསྒོམ་པ་ལ། འདོད་ཆགས་ཤས་ཆེ་ན་མི་སྡུག་པ། ཞེ་སྡང་ཤས་ཆེ་ན་བྱམས་པ། གཏི་མུག་ཤས་ཆེ་བས་རྟེན་འབྲེལ་གྱི་དོན། ང་རྒྱལ་ཤས་ཆེ་བས་ཁམས་ཀྱི་རབ་དབྱེ། རྣམ་རྟོག་ཤས་ཆེ་བས་དབུགས་འབྱུང་རྡུབ་དྲན་པ་རྣམས་ནི་ཉོན་མོངས་འདི་དག་ལྷག་པར་སྤྱོད་པའི་གཉེན་པོ་ཡིན་ནོ། །དེ་ལ་


MR22_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུག་པ་ཇི་ལྟར་བསྒོམ་ན་མི་གཙང་བ་དང་། མི་སྡུག་པ་དང་། ཀེང་རུས་ཀྱི་རྣམ་པ་བསྒོམ་པ་གསུམ་ལས། དང་པོ། གང་ལ་ཆགས་པར་བྱ་བའི་ལུས་ཀྱི་རང་བཞིན་མི་གཙང་བར་ཤེས་ཤིང་གོམས་པར་བྱ་བ་སྟེ། མི་གཙང་བ་སུམ་ཅུ་རྩ་དྲུག་གི་རང་བཞིན་དུའོ། །ལུས་ལ་ཡོད་པའི་མི་གཙང་བའི་རྫས་སོ་དྲུག་ནི། སྐྲ་དང་། ཁ་སྤུ་དང་། སོ་དང་། སེན་མོ་དང་། ཕྱི་ས་དང་། གཅིན་དང་། རྡུལ་དང་། ངར་སྣབ་དང་། མཆི་མ་དང་། མཆི་ལམ་༡༠དང་། དྲི་མ་དང་། པགས་པ་དང་། ཤ་དང་། ཁྲག་དང་། རུས་པ་དང་། ཚིལ་དང་། རྐང་དང་། རྩ་དང་། རྒྱུས་པ་དང་། གློ་བ་༡༠དང་། སྙིང་དང་། མཆིན་པ་དང་། མཚེར་བ་དང་། མཁལ་མ་དང་། ཕོ་བ་དང་། རྒྱུ་མ་དང་། ལོང་ཀ་དང་། གཉེ་མ་དང་། ལྒང་པ་དང་། ཞག་༡༠དང་། ཆུ་སེར་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཀླད་པ་དང་། ཀླད་རྒྱས་ཏེ། དེ་ལྟར་སོ་དྲུག་གོ། །འདི་སྐབས་དྲི་མ་ཞེས་པ་མིག་གི་རྔུ་མ་དང་། རྣ་སྦབ་དང་། སོ་དྲེག་སོགས་སོ། །གཞན་བརྡ་འཕྲོད་སླའོ། །ཡང་ཁ་དོག་དང་དབྱིབས་དང་རེག་བྱ་དང་བསྙེན་བཀུར་ལ་ཆགས་པ་ཞི་བར་བྱ་ཕྱིར། དུར་ཁྲོད་དུ་བོར་བའི་ཤི་རོ་གཡོ་མེད་ལ་བལྟས་ཏེ་དེ་ཇི་ལྟ་བར་ལུས་ཐམས་ཅད་ཀྱང་དེ་དང་འདྲ་བར་རྟོག་པ་སྟེ། དེ་ལ་མི་སྡུག་པའི་འདུ་ཤེས་དགུ་ནི། རྣམ་པར་བམ་པ་དང་། རྣམ་པར་འབུས་གཞིག་པ་དང་། རྣམ་པར་དམར་བ་དང་། རྣམ་པར་སྔོ་བ་དང་། རྣམ་པར་


MR22_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གནག་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་དང་། རྣམ་པར་ཚིག་པ་དང་། རྣམ་པར་རུལ་པའི་འདུ་ཤེས་དགུའོ། །ཀེང་རུས་ཀྱི་འདུ་ཤེས་ནི་གོང་གི་ཆགས་པ་བཞི་པོ་ཀུན་གྱི་གཉེན་པོ་མཆོག་ཏུ་གྱུར་པ་ཡིན་ཞིང་། དེ་ཡང་མངལ་ནས་སྐྱེས་པའི་ལུས་རྣམས་ནི་ཀེང་རུས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་ལ། ཀེང་རུས་དེ་བསྒོམ་ཚུལ་དང་པོར་རང་ལུས་རྐང་པའི་མཐེ་བོང་ངམ་དཔྲལ་བའི་དབྱེ་སོགས་ནས་མྱགས་ཏེ་རུས་པ་མཐེ་བ་གང་ཙམ་ལ་སེམས་གཏད་ནས། རིམ་གྱིས་ལུས་རིལ་པོ་ཀེང་རུས་སུ་བསྒོམ་ཞིང་། ཀེང་རུས་དེས་གནས་ཁང་དང་མཐར་གྱི་རྒྱ་མཚོའི་བར་དུ་ཁྱབ་པར་སྤྲོ་ཞིང་བསྒོམ་པ་དང་། ཚུར་རང་ལུས་ཀྱི་ཀེང་རུས་ཙམ་གྱི་བར་སྡུད་ཅིང་། ཡང་སྔར་ལྟར་སྤྲོ་ཞིང་སྡུད་པའི་ཚེ་རྐང་པའི་རུས་པ་བོར་ནས་གཞན་རྣམས་ལ་སྡུད་པ་དང་། ཡང་སྤྲོ་ཞིང་ལུས་ཕྱེད་དང་ཐོད་པའི་ཕྱེད་དང་། སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེ་བ་གང་ཙམ་ལ་བསྡུ་བ་སོགས་སྤྲོ་བསྡུ་བྱེད་པར་བཤད་དོ། །གང་ལྟར་ཡང་ཀེང་རུས་སུ་དམིགས་ནས་གོམས་པས་ཆགས་པ་སྤོང་བར་བྱེད་དོ། །ཆགས་པ་དང་བྲལ་ཚུལ་གྱི་རྣམ་གྲངས་ལ་ཆགས་ཡུལ་ཕྱོགས་རེ་ལ་ཆགས་པ་བྲལ་བ། མཐའ་དག་ལ་ཆགས་པ་བྲལ་བ། ཤེས་རབ་ཀྱི་རྟོགས་པས་ཆགས་བྲལ། ཞི་གནས་ཀྱིས་གནོན་པས་ཆགས་བྲལ། གཉེན་པོས་སྤང་བའི་ཆགས་བྲལ་ལྔ་ཡོད་དོ། །ཡང་རྣམ་གྲངས་བཅུ་སྟེ། སྡུག་བསྔལ་དང་དེའི་གནས་ལ་རང་བཞིན་


MR22_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཆགས་བྲལ། འཁྲིག་ཞུགས་གདུང་བ་བྲལ་བ་ལྟ་བུ་གནོད་པས་ཆགས་བྲལ། འགྲངས་པས་ཟས་ཞིམ་མི་འདོད་པ་ལྟ་བུ་ཉེ་བར་བརྟན་པས་ཆགས་བྲལ། བཟང་པོ་རྙེད་པས་ངན་པ་མི་འདོད་པ་ལྟ་བུ་ཕུལ་དུ་བྱུང་བས་ཆགས་བྲལ། བྱིས་པ་རྣམས་མྱང་འདས་མི་འདོད་པ་རྨོངས་པས་ཆགས་བྲལ། འདས་དང་མ་འདས་ལམ་གྱིས་ཉོན་མོངས་སྤོང་བ་གཉེན་པོས་ཆགས་བྲལ། མཐོང་ལམ་ཐོབ་ནས་ཁམས་གསུམ་མི་འདོད་པ་ཡོངས་སུ་ཤེས་པས་ཆགས་བྲལ། ས་ནས་སར་ཉོན་མོངས་རྣམས་སྤང་བ་སྤོང་བས་ཆགས་བྲལ། འཇིག་རྟེན་པ་དང་ཉན་རང་གི་ཆགས་བྲལ་གོང་མར་བཅས་པའི་ཆགས་བྲལ། སངས་རྒྱས་བྱང་སེམས་ཀྱི་ཆགས་བྲལ་གོང་ན་མེད་པའི་ཆགས་བྲལ་ལོ། །བྱམས་པ་བསྒོམ་པའི་ཚུལ་ནི། སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་རང་དང་ཚུལ་འདྲ་བར་ཤེས་ཤིང་བསམས་ལ། འདི་དག་རྨོངས་པའི་དབང་གིས་བདེ་བ་འདོར་ཞིང་སྡུག་བསྔལ་ལེན་པ་སྙིང་རེ་རྗེ། འདི་རྣམས་སྔོན་གྱི་ཚེ་རབས་རྣམས་སུ་བདག་གི་མ་སོགས་སུ་གྱུར་པ་གྲངས་མང་ལ། དེའི་ཚུལ་གྱིས་ཕ་མ་དང་། སྤུན་སྲིང་དང་། བུ་བུ་མོ་དང་། གཉེན་དང་སྣག་གི་གཉེན་མཚམས་དང་། བཤེས་དང་གྲོགས་ཀྱི་ཚུལ་དུ་སེམས་པ་བཅུས་སེམས་ཅན་རྣམས་ཡིད་དུ་སྡུག་པའི་རྣམ་པར་བསྒོམས་པ་ལས་དེ་དག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་སྐྱེ་བ་ཡིན་ལ། བྱམས་པའི་སེམས་དེ་ལྟ་བུ་ཡང་


MR22_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གོམས་པར་བྱས་ཏེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ་པའོ། །བསམ་གཏན་བཞི་གང་རུང་ལ་བརྟེན་ནས་བྱམས་པའི་སེམས་འཁོན་དང་དགྲ་ཟླ་མེད་པས་ཕྱོགས་བཅུའི་འཇིག་རྟེན་མཐའ་དག་ལ་དམིགས་པས་ཁྱབ་པར་བྱས་ཏེ་གནས་པ་ནི་བྱམས་པའི་ཏིང་ངེ་འཛིན་ཡིན་ནོ། །ཏིང་ངེ་འཛིན་དུ་མ་གྱུར་ཀྱང་བྱམས་པའི་སེམས་ཐང་གཅིག་ཙམ་དུ་བསྒོམ་པ་ཡང་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །དེ་ལྟར་བྱམས་པ་བསྒོམ་པས་དེ་དང་འཛིན་སྟངས་འགལ་བ། ཀུན་ནས་མནར་སེམས་ཀྱི་གཞི་དགུ་ལས་བྱུང་བའི་ཞེ་སྡང་རྣམས་ཞི་བར་བྱེད་དོ། །མནར་སེམས་ཀྱི་གཞི་དགུ་ནི། འདིས་བདག་ལ་སྔར་གནོད་པ་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པ་ན་བྱེད་པར་འགྱུར་རོ་སྙམ་པ་དང་། དེ་བཞིན་དུ་བདག་གི་མཛའ་བ་ལ་སྦྱར་ཏེ་གསུམ་དང་། བདག་གི་དགྲ་ལ་འདིས་ཕན་བཏགས་སོ། །འདོགས་པར་བྱེད་དོ། །འདོགས་པར་འགྱུར་རོ་སྙམ་པའོ། །བྱམས་པའི་ཕན་ཡོན་བྱམས་ཆོས་ཡོན་ཏན་བརྒྱད་ནི། ལྷ་དང་མི་རྣམས་བྱམས་པར་འགྱུར་བ་དང་། མི་མ་ཡིན་རྣམས་ཀྱིས་སྲུང་བ་དང་། ཡིད་བདེ་བ་མང་བ་དང་། ལུས་བདེ་བ་མང་བ་དང་། དུག་གིས་མི་གནོད་པ་དང་། མཚོན་གྱིས་མི་ཚུགས་པ་དང་། འབད་པ་མེད་པར་དོན་རྣམས་ཐོབ་པ་དང་། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའོ། །གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམ་པ་ནི། གོང་དུ་བཤད་པ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་


MR22_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྟེ་སྐྱེ་བ་རྟག་ཆད་མེད་པའི་དོན་གཏན་ལ་ཕབ་ནས་དེ་བཞིན་ཡང་ནས་ཡང་དུ་གོམས་པར་བྱས་པས་རྨོངས་པ་ཐམས་ཅད་བྲལ་བར་འགྱུར་རོ། །ང་རྒྱལ་ཤས་ཆེ་ན་ཁམས་ཀྱི་རབ་དབྱེ་བསྒོམ་པར་བྱ་སྟེ། དེ་ཡང་ང་རྒྱལ་ལ་བདུན་ཡོད་དེ། རང་ལས་ཡོན་ཏན་ཆུང་བ་ལ་དམིགས་ནས་འདི་ལས་བདག་ཆེ་ལ། མཚུངས་པ་དང་མཉམ་མོ་སྙམ་པ་ང་རྒྱལ་ཙམ་མམ་ཆུང་བའི་ང་རྒྱལ། མཚུངས་པ་བས་ཀྱང་བདག་ཆེའམ་འཕགས་ལ་ཆེ་བ་དང་མཉམ་པར་འཛིན་པ་ཆེ་བའི་ང་རྒྱལ། ཆེ་བ་བས་ཀྱང་བདག་འཕགས་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་དུ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བདག་བདག་གིར་ལྟ་བ་ངའོ་སྙམ་པའི་ང་རྒྱལ། གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་པ་མངོན་པའི་ང་རྒྱལ། ཆེས་འཕགས་པ་བས་བདག་ཅུང་དམན་མོད་ཀྱི་འོན་ཀྱང་བཟང་ངོ་སྙམ་པ་ཅུང་ཟད་སྙམ་པའི་ང་རྒྱལ། ཡོན་ཏན་མིན་པའི་སྐྱོན་ཉིད་ཡོན་ཏན་དུ་རློམ་ནས་ང་རྒྱལ་བ་ལོག་པའི་ང་རྒྱལ་ལོ། །དེ་དག་ཞི་བའི་ཆེད་དུ་ངའོ་སྙམ་པའི་གཞི་རང་གི་ཕུང་པོ་འདི་དག་ལ་ས་ཆུ་མེ་རླུང་ནམ་མཁའ་རྣམས་ཀྱི་ཁམས་དྲུག་ཏུ་དབྱེ་ཞིང་འབྱུང་བ་རྣམས་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པའི་བར་དང་། རྣམ་པར་ཤེས་པ་བདེ་སྡུག་དགེ་མི་དགེ་སོགས་སྣ་ཚོགས་དང་དུས་མཐའི་སྐད་ཅིག་གི་ཆའི་བར་དུ་དབྱེ་བར་བྱ་ཞིང་དེའི་དོན་ལ་གོམས་པར་བྱེད་པ་སྟེ། དེ་ཡང་ལུས་འདི་ལ་མི་གཙང་བའི་རྫས་སོ་དྲུག་པོའི་བཀོད་པ་སྣ་ཚོགས་པ་ཡོད་ཅིང་དེ་ཡང་རྡུལ་གྱི་མཐར་ཐུག་པའི་རང་བཞིན་


MR22_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ནས་དང་འབྲས་སོགས་བསྲེས་པའི་ཕུང་པོ་ལྟར་བློས་དབྱེ་ཞིང་དེ་ལྟར་ཕུང་པོ་ལྔ་ཆ་དང་ཆར་ཕྱེ་ནས་དེ་ཡང་སྐད་ཅིག་གིས་སྐྱེ་འགག་བྱེད་པའི་རང་བཞིན་ལ་སོ་སོར་བརྟག་པ་གོམས་པས་རིལ་པོ་དང་གཅིག་པུ་དང་རྟག་པའི་འདུ་ཤེས་རྨོངས་པའི་རང་བཞིན་ཅན་གྱི་ཡུལ་སུན་ཕྱུང་བས་ངའོ་སྙམ་པའི་ང་རྒྱལ་ལྡོག་ལ། དེ་ཡི་རྩ་བ་ཅན་གྱི་ང་རྒྱལ་ཐམས་ཅད་ཞི་བར་འགྱུར་ཞིང་བདག་མེད་པའི་དོན་ཀྱང་མཐོང་བར་འགྱུར་རོ། །རྣམ་རྟོག་ཤས་ཆེ་བས་དབུགས་འབྱིན་རྔུབ་རྗེས་སུ་དྲན་པ་གོམས་པས་སེམས་གནས་པ་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་དབུགས་འབྱིན་རྔུབ་ཀྱི་གྲངས་བཅུ་ལ་སོགས་པ་མ་ནོར་བར་བགྲང་བ་ཙམ་ལ་སེམས་གཏོད་པ་དང་། དབུགས་ལུས་ལ་འགྲོ་བ་དང་འོང་བའི་རྗེས་སུ་སེམས་འགྲོ་བ་དང་། དབུགས་དེ་སྣ་རྩེ་ནས་རྐང་མཐིལ་བར་ནོར་བུའི་ཐག་པ་ལྟར་ནར་གྱིས་གནས་པ་ལ་སེམས་འཇོག་པ་དང་། དབུགས་འབྱུང་རྡུབ་བྱེད་བཞིན་པ་དེ་ལ་འདི་ནི་རྡུལ་རྫས་བརྒྱད་དང་དེ་ལ་བརྟེན་པའི་སེམས་དང་བཅས་པའི་ཕུང་པོ་ལྔའི་རང་བཞིན་ཡིན་པར་དཔྱད་ཅིང་ཉེ་བར་རྟོགས་པ་དང་། དབུགས་འབྱིན་རྔུབ་དང་དྲོ་བ་སོགས་དགེ་བ་རྣམས་སྦྱར་ཏེ་དམིགས་པ་བསྒྱུར་བ་ལ་སེམས་གཏོད་པ་དང་། དབུགས་འབྱིན་རྔུབ་དེ་དག་མཐོང་སྒོམ་མི་སློབ་ལམ་དང་སྦྱར་ཏེ་ཡིད་ལ་བྱེད་པ་ལ་ཡོངས་སུ་དག་པ་ཞེས་བྱ་སྟེ། དེ་ལྟར་རྣམ་པ་དྲུག་གི་ཚུལ་གྱིས་དབུགས་ལ་སེམས་གཏད་པས་རྣམ་རྟོག་ཞི་བར་བྱེད་དོ། །


MR22_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ནི་ལམ་བདེན་དང་འབྲེལ་བར་སྐབས་ཀྱི་འཕྲོས་དོན་ཆོས་ཀྱི་རྣམ་གྲངས་འགའ་ཞིག་བསྟན་པའོ། །ཡང་སངས་རྒྱས་རྣམས་ཀྱིས་ཤེས་བྱའི་རང་བཞིན་གཏན་ལ་དབབ་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་གསུངས་ཏེ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཇི་ལྟར་སྣང་བའི་ཆོས་གཞི་འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པ་ཕུང་ཁམས་སྐྱེ་མཆེད་དང་། ལམ་ཕར་ཕྱིན་དང་བྱང་ཕྱོགས་སོགས་དང་། འབྲས་བུ་སྟོབས་བཅུ་ལ་སོགས་པ་མདོར་ན་ཤེས་བྱ་རྣམས་ཀྱི་སྣང་ཚུལ་བསླུ་མེད་ཀྱི་ངོས་ནས་བཞག་པ་ཇི་སྙེད་པ་རྒྱ་ཆེ་བའི་ཆོས་སོ། །དོན་དམ་བདེན་པ་ནི་གཞི་ལམ་འབྲས་བུའི་ཆོས་དེ་དག་རང་བཞིན་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་དུ་གནས་པ་ནི་གནས་ལུགས་ཀྱི་ངོས་ནས་བཞག་པ་སྟེ་ཇི་ལྟ་བ་ཟབ་མོའི་ཆོས་སོ། །དེ་གཉིས་ཡང་དག་པའི་དོན་དུ་ཟུང་འཇུག་མཉམ་པ་ཉིད་དུ་རྟོགས་པ་ནི་རྟོགས་བྱ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་བ་མཐར་ཐུག་གི་དོན་ནོ། །ཡང་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་གསུམ་དུ་གསུངས་པ་ཡང་། བདེན་པ་དང་པོ་གཉིས་སུ་ཕྱེ་ཡང་མཐར་ཐུག་སོ་སོར་མཚན་ཉིད་ཀྱིས་གྲུབ་པ་མེད་པར་བདེན་པ་གཅིག་པུ་ཟུང་འཇུག་མཉམ་པ་ཆེན་པོར་བསྟན་པ་ཡིན་ཏེ། དེ་ནི་དོན་དམ་བདེན་པ་མཐར་ཐུག་པ་ཆོས་ཀྱི་དབྱིངས་སོ། །བདེན་པ་ལ་མཁས་པའི་སྐབས་ལེགས་པར་བཤད་པའོ། །ཐེག་པ་ལ་


MR22_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ནི། ཐེག་པ་ཞེས་བྱ་བ་འདིས་བཏེགས་ནས་རང་འབྲས་ལ་འཇོག་པར་བྱེད་པ་སྟེ་ལམ་ལ་གཙོ་བོར་བརྗོད་མོད། འདིས་འདེགས་པ་ལམ་གྱི་ཐེག་པ་དང་། འདིར་འདེགས་པ་འབྲས་བུའི་ཐེག་པ་ཞེས་རྣམ་གྲངས་གཉིས་སུ་ཡང་གསུངས་སོ། །ཐེག་པ་དེའི་དབྱེ་བ་ལ་ལྷ་དང་མིའི་ཐེག་པ་དང་ཚངས་པའི་ཐེག་པ་སྟེ་མཐོ་རིས་ཀྱི་ཐེག་པ་གཉིས་དང་། ཉན་རང་བྱང་སེམས་ཀྱི་ཐེག་པ་སྟེ་བྱང་གྲོལ་གྱི་ཐེག་པ་གསུམ་དང་ལྔར་གསུངས་པའི། ལྷ་མིའི་ཐེག་པ་ནི་རྒྱུ་འབྲས་ལ་ཡིད་ཆེས་པ་ཡང་དག་པའི་ལྟ་བ་ལ་བརྟེན་ནས་དགེ་བཅུ་སྤྱོད་པས་ལྷ་དང་མིའི་སྐྱེ་བ་དང་བདེ་བ་འགྲུབ་པར་བྱེད་པའོ། །ཚངས་པའི་ཐེག་པ་ནི་བསམ་གཏན་ལ་བརྟེན་ནས་ཚད་མེད་བཞི་བསྒོམ་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་སོགས་ཁམས་གོང་མ་བསམ་གཟུགས་ཀྱི་འབྲས་བུ་འགྲུབ་པར་བྱེད་པའོ། །དེ་དག་ནི་གནས་སྐབས་མངོན་མཐོའི་རྟེན་བསྒྲུབ་པ་ཙམ་ལས་གཏན་དུ་ཐར་པའི་གནས་མ་ཡིན་པས་འཇིག་རྟེན་པ་ཡིན་ཞིང་འདས་པའི་ལམ་གྱི་རྟེན་ཙམ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་གསུངས་པའི། དང་པོ་གཉིས་ཐེག་དམན་དང་ཐ་མ་ཐེག་པ་ཆེན་པོ་ཡིན་ནོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ནི་འཁོར་བའི་སྐྱོན་དང་མྱང་འདས་ཀྱི་ཡོན་ཏན་གཞན་ལས་ཐོས་པའི་སྒོ་ནས་འཁོར་བ་ལ་ཡིད་ཕྱུང་ཞིང་གཞན་དོན་ལ་


MR22_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྤྲོ་བ་རང་ཉིད་གཅིག་པུ་ཞི་བའི་གོ་འཕང་དུ་ངེས་པར་འབྱུང་བ་ལ་གཞོལ་བས་རིགས་དང་མོས་པ་རྒྱ་ཆུང་བ་ཡིན་ལ། དེའི་ལམ་ལ་དེ་དག་གི་ཐེག་པ་ཞེས་བྱ་སྟེ། དེ་ཡང་གཞི་ཚུལ་ཁྲིམས་ལ་གནས་ནས་ཐོས་བསམ་བསྒོམ་པའི་ཤེས་རབ་ལ་སྦྱོར་བར་བྱེད་པ་སྟེ། འདོད་པ་ཆུང་ཞིང་ཆོག་ཤེས་པ་མ་ཆགས་འཕགས་པའི་རིགས་ལ་གནས་པ་དེས་ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་བསྲིང་བ་གཉིས་དང་ལྡན་པར་ལམ་སྒོམ་པར་བྱེད་པ་ཡིན་ལ། དེ་ཡང་ཐོག་མར་འདོད་ཆགས་ཤས་ཆེ་ན་མི་སྡུག་པ་དང་། རྣམ་རྟོག་ཤས་ཆེ་ན་དབུགས་འབྱིན་རྔུབ་ལ་སེམས་འཛིན་པ་ཙམ་གྱི་སྤྱོད་པ་རྣམ་སྦྱོང་གི་དམིགས་པ་སྔོན་དུ་བཏང་ནས་ཞི་གནས་གྲུབ་པར་གྱུར་པ་ན། དྲན་པ་ཉེར་བཞག་བཞི་སྒོམ་པར་བྱེད་དེ། ལུས་ལ་སོགས་པའི་དངོས་པོ་འདི་དག་ལ་གང་ཟག་གི་བདག་གི་ངོ་བོ་མེད་པ། ཆོས་ཐམས་ཅད་གང་ཟག་གི་བདག་དེས་སྟོང་པ། མི་རྟག་པ་སྡུག་བསྔལ་པའི་རྣམ་པར་ཡིད་ལ་བྱས་པས་གོང་ནས་གོང་དུ་ཡང་དག་པར་སྤོང་བ་བཞི་སོགས་འབྱུང་སྟེ་ཚོགས་སྦྱོར་གྱི་ལམ་བགྲོད་ནས། མཐོང་ལམ་དུ་གང་ཟག་གི་བདག་མེད་པ་གཙོ་བོར་གྱུར་པའི་བདེན་བཞིའི་དོན་མངོན་སུམ་མཐོང་ལ། སྒོམ་ལམ་ས་དགུའི་ཉོན་མོངས་རྣམས་རིམ་གྱིས་སྤངས་ནས་ཁམས་གསུམ་ཀུན་དུ་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བས་འཁོར་བ་ལས་གཏན་དུ་ལྡོག་པར་བྱེད་པ་སྟེ། མདོར་ན་ལམ་ལྔར་རང་ལམ་གྱི་བྱང་ཕྱོགས་


MR22_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བདུན་བསྒོམ་པས་གནས་སྐབས་སུ་རྒྱུན་ཞུགས་སོགས་གསུམ་གྱི་འབྲས་བུ་དང་། མཐར་འབྲས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པའོ། །སློབ་པ་དང་མི་སློབ་པའི་ལམ་དེ་དག་ཏུ་ཤེས་པ་བཅུ་འབྱུང་སྟེ། ཆོས་ཤེས་དང་། རྗེས་ཤེས་དང་། ཀུན་རྫོབ་ཤེས་པ། ཕ་རོལ་སེམས་ཤེས། སྡུག་བསྔལ་ཤེས་པ་སོགས་བཞི། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པའོ། །དེ་ཡང་ཆོས་ཤེས་ནི་འདོད་པའི་སྡུག་ཀུན་ཤེས་པ། རྗེས་ཤེས་ཁམས་གོང་མའི་དེ་གཉིས་ཤེས་པ། ཟག་བཅས་སོགས་ཤེས་པ། གང་ཞིག་ཤེས་པ། གཞན་དགུ་པོ་མིན་པ་ཐམས་ཅད་ནི་ཀུན་རྫོབ་ཤེས་པ། ཕ་རོལ་ཀྱི་སེམས་ཤེས་པ་གཞན་རྒྱུད་ཤེས་པ། འགོག་པ་སོགས་བདེན་བཞི་ཤེས་པ་དང་། ཟད་མི་སྐྱེ་ཤེས་པ་གོང་དུ་བཤད་པ་བཞིན་ནོ། །ཤེས་པ་དེ་དག་གི་དབང་གིས་ཡོན་ཏན་གྱི་ཁྱད་པར་གཞན་རྣམས་ཀྱང་འབྱུང་བ་ཡིན་ནོ། །ཤེས་བཅུ་འདི་དག་སངས་རྒྱས་ལ་ནི་ཁྱད་པར་འཕགས་པ་མངའོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་སྔོན་གོམས་པའི་སྟོབས་ལས་སྲིད་པ་ཐ་མ་པར་གྱུར་པ་ན་འཁོར་འདས་ཀྱི་སྐྱོན་ཡོན་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་རང་ཉིད་འཁོར་བ་ལས་ཡིད་ཕྱུང་སྟེ་དུར་ཁྲོད་སོགས་སུ་སོང་ནས་ཤི་བའི་རུས་གོང་མཐོང་བ་ལྟ་བུ་ལ་འདི་ནི་རྒ་ཤི་ཞེས་བྱ་སྟེ་འདིའི་རྒྱུ་ནི་སྐྱེ་བའོ་ཞེས་སོགས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་ཚུལ་རང་གི་ཁོང་དུ་ཆུད་པར་བྱས་ནས་བདེན་བཞིའི་ཆོས་ཉིད་རྟོགས་ཤིང་།


MR22_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་བདག་མེད་དང་ཆོས་ལས་གཟུང་བ་གཟུགས་ཀྱི་ཕྱོགས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་བདག་མེད་ཕྱེད་གཉིས་རྫོགས་པའི་ཤེས་རབ་དང་ཏིང་འཛིན་གྱིས་ཁམས་གསུམ་གྱིས་ཀུན་ཏུ་སྦྱོར་བ་རྣམས་སྤང་བར་བྱས་ཏེ། འདུ་འཛི་ལ་མི་དགའ་བས་སྒྲ་མེད་ལུས་ཀྱིས་ཆོས་སྟོན་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད་པ་རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པའོ། །ཐེག་པ་ཆེན་པོའི་ལམ་ནི། ཐེག་ཆེན་པའི་རིགས་ཀྱི་སྟོབས་ལས་བསམ་པ་དང་མོས་པ་རྒྱ་ཆེ་བའི་གང་ཟག་གང་ཞིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། བསྐལ་པ་གྲངས་མེད་པར་རྫོགས་སྨིན་སྦྱང་བ་རྒྱ་མཚོ་ལྟ་བུ་ལ་འཇུག་པར་འདོད་པ་དེས། ཉམས་སུ་བླང་བར་བྱ་བའི་ལམ་གྱི་ཐེག་པ་ནི། བདག་མེད་གཉིས་ཀ་ཡོངས་སུ་རྫོགས་པར་རྟོགས་པའི་ཟབ་པ་དང་། ས་དང་ལམ་དང་ཕར་ཕྱིན་སོགས་ཚད་མེད་པའི་སྤྱོད་ཡུལ་ལ་འཇུག་པའི་རྒྱ་ཆེ་བ་སྟེ་དེ་ལྟར་ཟབ་པའི་ཤེས་རབ་དང་རྒྱ་ཆེ་བའི་ཐབས་མཁས་ཟུང་དུ་འཇུག་པར་བསྒྲུབས་ནས། སྲིད་ཞི་ལ་སྐྱོན་ཡོན་དུ་མི་རྟོག་པར་མཉམ་པ་ཉིད་དུ་ཤེས་པའི་སྒོ་ནས་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པར་ངེས་པར་འབྱུང་བར་བྱེད་པ་ཡིན་པས་ལམ་མཆོག་ཏུ་གྱུར་པ་དེ་ལྟ་བུ་ལ་འཇུག་པ་ཡིན་ནོ། །ཐེག་པ་ཆེན་པོ་དེ་ནི་ཐེག་པ་དམན་པ་ལས་དམིགས་པ་སོགས་ཆེན་པོ་བདུན་གྱིས་འཕགས་པ་སྟེ། དམིགས་པ་


MR22_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྗོད་བྱེད་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚད་མེད་པ་དང་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་དོན་མཐའ་དག་ལ་དམིགས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། སྒྲུབ་པ་ཆེན་པོ་རང་དང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་གཉིས་སྒྲུབ་པར་བྱེད་པ་དང་། ཡེ་ཤེས་ཆེན་པོ་བདག་མེད་གཉིས་ཀ་ཡོངས་སུ་རྫོགས་པའི་དབང་གིས་སྟོང་དང་སྙིང་རྗེ་ཟུང་དུ་ཞུགས་པའི་སྤྲོས་བྲལ་སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པ་དང་། བརྩོན་འགྲུས་ཆེན་པོ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་རྫོགས་སྨིན་སྦྱང་བ་ལ་འཇུག་པ་དང་། ཐབས་ལ་མཁས་པ་ཆེན་པོ་སྲིད་ཞིར་མི་གནས་པའི་ལམ་ལ་བསླབ་པས་སེམས་ཅན་ཡོངས་སུ་མི་གཏོང་ཞིང་རང་གི་སྒོམ་པའི་ཆོས་ཀྱང་རྫོགས་པར་བྱེད་པ་དང་ལྔ་པོ་ནི། འདིས་འགྲོ་བ་ལམ་གྱི་ཐེག་པའི་དབང་དུ་བྱས་པའོ། །ཡང་དག་འགྲུབ་པ་ཆེན་པོ་སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་འགྲུབ་པ་དང་། སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་དུ་སེམས་ཅན་རྣམས་ལ་ཕན་བདེའི་ཕྲིན་ལས་ཀྱི་རྒྱུན་ཆད་པ་མེད་པར་འཇུག་པ་དང་གཉིས་ནི་འདིར་འགྲོ་བ་འབྲས་བུའི་ཐེག་པའི་དབང་དུ་བྱས་པའོ། །ཡང་རྣམ་གྲངས་ཀྱི་སྒོ་གཞན་ཡང་བླ་ན་མེད་པ་གསུམ་གྱིས་འཕགས་ཏེ། སྒྲུབ་པ་བླ་ན་མེད་པ་ནི་ཕར་ཕྱིན་བཅུ་པོ་དེ་དག་རྒྱ་ཆེ་བ་དང་རྒྱུན་མི་ཆད་པ་དང་ཡུན་རིང་པོར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་ཅིང་ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པར་སྒྲུབ་ལ། དེ་ཡང་ཐབས་མཁས་ཀྱི་སྒོ་ནས་ཚེགས་མེད་པ་དང་།


MR22_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་སྒོ་ནས་དབང་འབྱོར་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བཟུང་བས་ཡོངས་སུ་དག་པ་དང་། ཤེས་རབ་གསུམ་གྱིས་ཡང་ཡང་ཡིད་ལ་བྱེད་པ་དང་། ཞི་ལྷག་གི་སྒོ་ནས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་། མཐའ་གཉིས་དང་བྲལ་བར་སྒྲུབ་པ་དང་། ས་བཅུར་གོང་ནས་གོང་དུ་འཕགས་པར་སྒྲུབ་པའོ། །དམིགས་པ་བླ་ན་མེད་པ་ནི་ཐེག་པ་ཆེན་པོའི་གཞུང་ན་ཇི་ལྟར་བསྟན་པའི་ས་དང་ཕར་ཕྱིན་སོགས་རྒྱ་ཆེ་བའི་རྣམ་པར་བཞག་པ་ཐམས་ཅད་དང་། ཟབ་པ་དེ་བཞིན་ཉིད་ཀྱི་དབྱིངས་དང་། དེ་གཉིས་ཟུང་འཇུག་ཏུ་སྒྲུབ་པར་བྱེད་པའི་ལམ་ལ་དམིགས་ནས་ལམ་དང་ས་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་སྒོ་ནས་དམིགས་པར་བྱེད་པའོ། །ཡང་དག་པར་འགྲུབ་པ་བླ་ན་མེད་པ་ནི་རིགས་ཀྱི་མཐུན་རྐྱེན་ཚངས་པས་ཐེག་པ་ཆེན་པོའི་རིགས་སད་པ་འགྲུབ་པ་ནས་བརྩམས་ཏེ་ལམ་ལྔའི་ཡོན་ཏན་རྣམས་རིམ་གྱིས་འགྲུབ་ཅིང་མཐར་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཐོབ་པ་དང་། བྱང་ཆུབ་ཀུན་ཏུ་སྟོན་པའི་ཕྲིན་ལས་རྒྱུན་མི་འཆད་པའི་བར་དུ་འགྲུབ་པ་སྟེ་རྒྱས་པར་ཤེས་འདོད་ན་དབུས་མཐའ་རྣམ་འབྱེད་ལས་རྟོགས་པར་བྱའོ། །ཡང་ཁྱད་པར་གསུམ་གྱིས་འཕགས་ཏེ། ཆེད་དུ་བྱ་བའི་ཁྱད་པར་སེམས་ཅན་གྱི་སྡེ་དང་རིས་ཆེན་པོའི་མཆོག་ཉིད་དུ་གྱུར་པའི་སེམས་ཆེན་པོ་སྟེ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བའི་


MR22_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་ཆེན་པོ་དང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་མངོན་སུམ་སྒྲིབ་མེད་དུ་གཟིགས་པའི་རྟོགས་པ་ཆེན་པོ་སྟེ་དེ་གསུམ་ཐོབ་པའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ཡིན་པས་དེ་ལྟར་ཆེད་དུ་བྱ་བའི་སྒོ་ནས་འཕགས་སོ། །ལམ་སྒྲུབ་པའི་ཁྱད་པར་ནི་དམིགས་པ་ཚད་མེད་པ་དང་གོ་ཆ་ཚད་མེད་པ་དང་། འཇུག་པ་ཚད་མེད་པ་དང་། ཚོགས་ཚད་མེད་པ་དག་གི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་ཟུང་འཇུག་ཏུ་སྒྲུབ་པར་བྱེད་པའོ། །མཐར་འབྲས་ལ་ངེས་པར་འབྱུང་བའི་ཁྱད་པར་ནི། ཤེས་རབ་ཆེན་པོས་སྲིད་ཞི་མཉམ་ཉིད་དུ་རྟོགས་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཐའ་ཡས་པ་ཕྱད་པར་མཛད་པ་དང་། དེ་ཡང་འབད་མེད་ལྷུན་གྲུབ་ཏུ་མཛད་པ་གསུམ་ནི་སེམས་ཆེན་པོའི་ཁྱད་པར་རོ། །རྟག་ཆད་ཀྱི་མཐའ་ལས་འདས་པ་དང་། ཐེག་པ་གསུམ་གྱི་སྤངས་རྟོགས་ཀྱི་རིགས་ཐམས་ཅད་ཐོབ་པ་ནི་སྤོང་བ་ཆེན་པོའི་ཁྱད་པར་རོ། །ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་མཁྱེན་པ་རྟོགས་པ་ཆེན་པོ་སྟེ། དེ་ལྟར་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་བདག་ཉིད་མངོན་དུ་གྱུར་པ་མི་སློབ་པའི་འབྲས་བུ་སངས་རྒྱས་ཀྱི་ས་དེ་ལ། ལམ་གྱི་ཡུལ་ཅན་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ངེས་པར་འབྱུང་བར་བྱེད་པ་ཡིན་ཏེ། རྒྱས་པར་མངོན་རྟོགས་རྒྱན་ལས་རྟོགས་པར་བྱ་ཞིང་འདིར་ནི་ཐེག་པ་ཆེན་པོའི་གནད་མན་ངག་གིས་བསྡུས་པ་ཡིན་ནོ། །ཐེག་པ་ཆེན་པོའི་ལམ་ནི་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ནམ་མཁའ་དང་


MR22_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ལྟར་རྣམ་གྲངས་ཀྱི་མཐའ་དཔག་པར་དཀའ་བ་ཡིན་ཀྱང་། དེའི་ཉམས་ལེན་མདོར་བསྡུས་ན་མི་ཟད་པ་བརྒྱད་ཅུའི་ཚུལ་དུ་འདུ་བས་སྐབས་འདིར་དེ་ཉིད་བཤད་པར་བྱ་སྟེ། དེ་ཡང་ཐེག་ཆེན་ལམ་གྱི་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་པ་འབྱུང་སྟེ། འདི་ཐེག་ཆེན་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེད་པའི་རྟེན་དུ་གྱུར་པས་འདུན་པ་ས་ལྟ་བུའི་སེམས་བསྐྱེད་ཅེས་བྱའོ། །དེ་ཇེ་བཟང་དུ་འཕེལ་ཏེ་སྙིང་རྗེའི་ཡུལ་སེམས་ཅན་གྱི་དོན་བྱེད་པར་འདོད་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་བདག་ཉིད་ཅན་སངས་རྒྱས་ཉིད་ཐོབ་པར་འདོད་པ་དང་། དེའི་རྒྱུ་ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ལ་སྨོན་ཅིང་མི་གཏོང་བའི་བསམ་པ་འགྱུར་བ་མེད་པ་ལ་བསམ་པ་གསེར་ལྟ་བུའི་སེམས་བསྐྱེད་ཅེས་བྱའོ། །དེའི་སྟོབས་ཀྱིས་ཕར་ཕྱིན་རྣམས་ཉམས་སུ་ལེན་པའི་འཇུག་པ་ལྷོད་པ་མེད་པ་ལ་སྤྱོར་བ་ཞེས་བྱ་བ་སྟེ། དེ་ནི་ཟླ་བ་ཡར་གྱི་ངོ་ལྟ་བུར་གོང་ནས་གོང་དུ་འཕེལ་བའོ། །དེ་ཡང་གོང་དུ་འཕེལ་ཏེ་གཞན་དོན་ཁུར་ཁྱེར་དང་ལམ་ལ་ལྷག་པར་སློབ་པ་ནི་ལྷག་བསམ་ཞེས་བྱ་སྟེ། རང་གིས་བྱ་བར་བུད་ཤིང་ལ་མེ་ལྟར་ངང་གིས་འཇུག་ཅིང་མི་མཐུན་ཕྱོགས་ཉམས་པར་བྱེད་པ་མེ་ལྟ་བུའི་སེམས་བསྐྱེད་དོ། །འདི་བཞི་ནི་ཚོགས་ལམ་གསུམ་དང་སྦྱོར་ལམ་སྟེ་མོས་སྤྱོད་གྱི་ས་ལའོ། །ཚུལ་དེ་དང་ལྡན་པས་འཇུག་བྱ་ཐེག་ཆེན་གྱི་ལམ་ཀུན་བསྡུ་ན། ཕར་ཕྱིན་དྲུག །ཚད་མེད་བཞི། མངོན་ཤེས་ལྔ། བསྡུ་དངོས་བཞི། སོ་སོ་ཡང་དག་རིག་པ་བཞི། རྟོན་པ་


MR22_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ཚོགས་གཉིས། བྱང་ཕྱོགས་སོ་བདུན། ཞི་ལྷག་གཉིས། གཟུངས་སྤོབས་གཉིས། སྡོམ་བཞི། གཅིག་པུས་བགྲོད་པའི་ལམ། ཐབས་མཁས་ཏེ་དོན་དྲུག་པོ་འདི་ཙམ་དུ་འདུ་ལ་གོང་གི་འདུན་བསམ་སྦྱོར་བ་ལྷག་བསམ་བཞི་དང་བཅས་པས་མི་ཟད་པ་བརྒྱད་ཅུ་པོ་འདི་ནི་རེ་རེ་ལའང་བསམ་པ་དང་སྦྱོར་བ་དང་འབྲས་བུ་དང་ཡོན་ཏན་གྱི་ཆ་མི་ཟད་པ་སྟེ་ཐེག་པ་ཆེན་པོའི་ལམ་ཐམས་ཅད་བསྡུས་པའི་སྡོམ་ཡིན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་གོ། །རང་གི་བདོག་པའི་དངོས་པོ་ལ་མ་ཆགས་པར་དེ་གཞན་ལ་གཏོང་བ་ནི་སྦྱིན་པ་སྟེ། དེ་ལ་ཟང་ཟིང་དང་། ཆོས་དང་། སྐྱབས་ཀྱི་སྦྱིན་པ་གསུམ་དུ་དབྱེ་བ་ཡོད་ལ། དང་པོ་ལ་ཡོ་བྱད་སོགས་སྦྱིན་པ་ལ་གཏོང་བ་དང་། བུ་དང་བུ་མོ་སོགས་སྦྱིན་པ་གཏོང་བ་ཆེན་པོ། རང་གི་ལུས་སྲོག་གཏོང་བ་ལ་ཤིན་ཏུ་གཏོང་བ་ཞེས་སོགས་ནང་གི་དབྱེ་བ་མང་པོ་ཡོད་དོ། །བླང་དོར་གྱི་གནས་ལ་འཇུག་ལྡོག་ཚུལ་བཞིན་བྱེད་པ་ལས་མི་འདའ་བ་ནི་ཚུལ་ཁྲིམས་ཏེ། དེ་ལ་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དུ་དབྱེ་བ་སོགས་སོ། །ཅིས་ཀྱང་མི་འཁྲུགས་པའི་སྒོ་ནས་བྱ་དཀའ་བ་དང་དུ་ལེན་པ་ལ་བཟོད་པ་ནི་བཟོད་པ་སྟེ། དེ་ལ་གནོད་བྱེད་ལ་ཇི་མི་སྙམ་དུ་བཟོད་པ། ཆོས་ཕྱིར་དཀའ་སྤྱད་སོགས་སྡུག་བསྔལ་དང་ལེན་གྱི་བཟོད་པ། ཟབ་མོའི་དོན་ལ་མི་སྐྲགས་པའི་བཟོད་པ་གསུམ་སོགས་


MR22_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དབྱེའོ། །དགེ་བའི་གནས་ལ་སྤྲོ་བའི་སྒོ་ནས་ནན་ཏན་གྱིས་འཇུག་པ་ནི་བརྩོན་འགྲུས་ཏེ། དེ་ལ་བསམ་པ་མ་ཞུམ་པ་གོ་ཆའི་བརྩོན་འགྲུས་སམ་གུས་སྦྱོར་གྱི་བརྩོན་འགྲུས། སྦྱོར་བ་མི་འགོང་པ་རྟག་སྦྱོར་གྱི་བརྩོན་འགྲུས། སེམས་ཅན་གྱི་དོན་བྱེད་པ་དང་སངས་རྒྱས་ཀྱི་ཆོས་རྫོགས་པ་ལ་ཆོག་མི་ཤེས་པའི་བརྩོན་འགྲུས་དང་གསུམ་དུ་དབྱེ་བ་ལ་སོགས་པའི་རྣམ་བཞག་ཡོད་དོ། །དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན་ཏེ། འདི་ལ་འཇིག་རྟེན་པའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང་། བསམ་གཟུགས་ལ་བརྟེན་པའི་ཟག་མེད་ཀྱི་ཏིང་ངེ་འཛིན་རྣམས་ནི་དོན་རབ་འབྱེད་པའི་བསམ་གཏན་དང་། དཔའ་འགྲོ་དང་། རྡོ་རྗེ་ལྟ་བུ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོགས་སངས་རྒྱས་བྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་པ་རྣམས་ནི་དེ་བཞིན་གཤེགས་པ་དགྱེས་པའི་བསམ་གཏན་ཞེས་བྱའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཤེས་རབ་ཡིན་ལ། དེ་ལ་ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ་དང་། མཉམ་བཞག་ཟག་མེད་འཇིག་རྟེན་ལས་འདས་པའི་ཤེས་རབ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཤེས་རབ། སེམས་ཅན་དོན་བྱེད་ཀྱི་ཤེས་རབ་གསུམ་དང་། གཞན་ཡང་འཇིག་རྟེན་པའི་ཤེས་རབ། འཇིག་རྟེན་ལས་འདས་པའི་ཤེས་རབ་གཉིས་དང་། དོན་དམ་ཤེས་པ་ཟབ་པའི་ཤེས་རབ། ཀུན་རྫོབ་རྣམས་ཤེས་པ་རྒྱ་ཆེ་བའི་ཤེས་རབ་སོགས་སུ་དབྱེ་བ་ཡོད་དོ། །སྦྱིན་པ་ལ་སོགས་པ་དེ་དག་


MR22_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པོ་སྦྱིན་ཡུལ་སྦྱིན་བྱ་སྟེ་འཁོར་གསུམ་དུ་དམིགས་པ་ཡོད་པ་འཇིག་རྟེན་པ་དང་། འཁོར་གསུམ་མི་དམིགས་པས་ཟིན་ན་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་ཞིང་། ཐེག་ཆེན་གྱི་ལམ་ཐམས་ཅད་ཕར་ཕྱིན་དྲུག་པོ་འདིར་འདུའོ། །དེ་ཡང་ཕར་ཕྱིན་རེ་རེ་བཞིན་རང་རང་གི་མི་མཐུན་ཕྱོགས་སེར་སྣ་སོགས་སྤང་བ། གྲོགས་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ། ཐབས་དེས་ཡུལ་སེམས་ཅན་རྣམས་ཀྱི་འདོད་པ་ཡོངས་སུ་རྫོགས་པ། དེའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པ་བཞིས་ཐེག་ཆེན་གྱི་ལམ་དུ་འགྱུར་རོ། །དེ་དག་གི་རྣམ་བཞག་རྒྱས་པ་ནི་གཞན་ལས་ཤེས་པར་བྱའོ། །སེམས་བསྐྱེད་དང་མཚུངས་ལྡན་དུ་གྱུར་པའི་ཕར་ཕྱིན་དེ་དག་ནི། སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་རིམ་པ་ལྟར། ལོངས་སྤྱོད་མི་ཟད་པ་གཏེར་ལྟ་བུ་དང་། དེ་བཞིན་དུ་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་དང་། གཏིང་ནམ་ཡང་མི་འཁྲུགས་པ་རྒྱ་མཚོ་དང་། ཕར་འཇོམས་ཤིང་ཚུར་མི་ཚུགས་པ་རྡོ་རྗེ་དང་། གཡོ་བ་མེད་པ་རི་རབ་དང་། ཉོན་མོངས་པའི་ནད་སེལ་བ་སྨན་གྱི་རྒྱལ་པོ་ལྟ་བུ་ཞེས་བྱའོ། །གཞན་ཡང་ཤེས་རབ་ཁྱད་པར་ཅན་གྱི་གནས་སྐབས་ལས། ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞིར་ཕྱེ་བས་ཕར་ཕྱིན་བཅུར་འགྱུར་ཏེ། ཐབས་ནི་འོག་ཏུ་ཐབས་མཁས་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །སྟོབས་ནི་ཕར་ཕྱིན་རྣམས་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པའི་སྟོབས་སུ་


MR22_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའོ། །སྨོན་ལམ་ནི་སྨོན་ལམ་ཆེན་པོ་བཅུ་སོགས་འདུན་པའི་སྨོན་ལམ་གྱི་སྒོ་ནས་དོན་ཡོངས་སུ་གྲུབ་པར་བྱེད་པའོ། །ཡེ་ཤེས་ནི་ཇི་ལྟ་ཇི་སྙེད་ཀྱི་དོན་མ་ནོར་པར་རྟོགས་ནས་རྗོད་བྱེད་གསུང་རབ་ཀྱི་དྲང་ངེས་སོགས་འབྱེད་པ་ལ་ཡང་བཤད་ཅིང་། བརྗོད་བྱ་ཆོས་ཀྱི་དབྱིངས་སུ་ཡུལ་ཡུལ་ཅན་གཉིས་སུ་མེད་པའི་དོན་རྟོགས་པ་སྟེ། མདོར་ན་རྣམ་པར་འབྱེད་པའི་ཤེས་རབ་སེམས་ཀྱིས་བསྡུས་པ་ལས་འདས་ཏེ་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་གནས་འགྱུར་བ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། རྣམ་ཤེས་ནི་མི་རྟག་པའོ། །ཡེ་ཤེས་ནི་རྟག་པའོ་ཞེས་གསུངས་པ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །ཚད་མེད་པ་བཞི་ལས། བྱམས་པ་ནི་སེམས་ཅན་བདེ་བ་དང་ལྡན་འདོད་ཀྱི་རྣམ་པ་ཅན་ནོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་པ་ཅན་ནོ། །བཏང་སྙོམས་ནི་སེམས་ཅན་ཀུན་ལ་ཉེ་རིང་དང་ཆགས་སྡང་མེད་པའམ། ཡང་ན་སྔ་མ་གསུམ་གནས་སྐབས་ཀྱི་བདེ་བ་འདོད་པ་དང་། བཏང་སྙོམས་ནི་སེམས་ཅན་རྣམས་ཆགས་སྡང་དང་བྲལ་ཏེ་གཏན་བདེ་ཐར་པ་ཐོབ་པར་འདོད་པ་ཕན་པའི་བསམ་པ་ཅན་དུ་ཡང་གསུངས་སོ། །བྱམས་སོགས་འདི་དག་གི་སྐབས་སུ་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པ་གསུམ་གྱི་རྣམ་གྲངས་གསུངས་པ་ལས། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ནི་དམིགས་པ་མེད་པས་ཁྱད་པར་དུ་བྱས་པ་ཡིན་པར་རིགས་པར་བྱའོ། །བྱམས་སོགས་འདི་དག་ཡུལ་


MR22_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཚད་མེད་པ་ལ་དམིགས་པས་ཕན་ཡོན་ཚད་མེད་པ་དང་། བསམ་གཏན་གྱི་སེམས་ལ་བརྟེན་ཏེ་འདི་བཞི་བསྒོམ་པས་ཚངས་པའི་འཇིག་རྟེན་གྱི་བདེ་འབྲས་ཐོབ་པར་བྱེད་ཅིང་ཚངས་པ་ཆེན་པོའང་འདི་བཞི་ལ་རྟག་ཏུ་གནས་པས་ན་ཚངས་པའི་གནས་པ་བཞི་ཞེས་བྱ་ལ། དེ་བཞིས་རིམ་པ་ལྟར་གནོད་སེམས། རྣམ་འཚེ། མི་དགའ་བ། ཆགས་སྡང་གཉིས་པོའི་གཉེན་པོ་བྱེད་དེ། དེ་ལྟ་བུའི་བྱམས་པའི་སེམས་འཁོན་དང་དགྲ་ཟླ་མེད་པ་ལ་སོགས་པ་བཞི་པོ་དེ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་རྒྱས་པར་བྱས་ཏེ་བསྒོམ་པ་ཡིན་ནོ། །བྱང་སེམས་ཀྱི་དེ་བཞི་ནི་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ཅིང་སེམས་ཅན་སྨིན་པར་བྱེད་པ་སོགས་ཀྱིས་ཁྱད་པར་དུ་འཕགས་པའོ། །འདི་བཞི་དང་ལྡན་པའི་སེམས་བསྐྱེད་ནི་བཤེས་གཉེན་ནམ་མཛའ་བ་ཆེན་པོ་དང་འདྲ་བར་སེམས་ཅན་ལ་ཕན་འདོགས་པར་བྱེད་པའོ། །མངོན་ཤེས་ལྔ་ལས་ལྷའི་མིག་གི་མངོན་ཤེས་ནི་བསམ་གཏན་བསྒོམ་པའི་སྟོབས་ལས་བྱུང་བའི་བསམ་གཏན་པའི་སས་བསྡུས་པའི་མིག་གི་དབང་པོ་དང་བ་ལ་བརྟེན་ནས་ཐག་ཉེ་རིང་གི་གཟུགས་ཕྲ་རགས་ཐམས་ཅད་དང་སེམས་ཅན་རྣམས་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཤེས་པའོ། །ལྷའི་རྣ་བའི་མངོན་ཤེས་ནི་གོང་བཞིན་གོང་སས་བསྡུས་པའི་རྣ་དབང་ལ་བརྟེན་ནས་ཐག་ཉེ་རིང་གི་སྒྲ་དང་སྐད་ཐམས་ཅད་ཤེས་པའོ། །


MR22_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་སེམས་ཤེས་ཀྱི་མངོན་ཤེས་ནི་བསམ་གཏན་ལ་བརྟེན་ནས་གཞན་གྱི་སེམས་ཇི་ལྟ་བར་གྱུར་པ་ཤེས་པའོ། །སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ནི་བསམ་གཏན་ལ་བརྟེན་པའི་སེམས་ཀྱིས་རང་གཞན་རྣམས་ཚེ་རབས་སྔ་མ་རྣམས་སུ་གང་དུ་སྐྱེས་ནས་བདེ་སྡུག་སོགས་ཅི་མྱོང་བ་ཐམས་ཅད་ཤེས་པའོ། །རྫུ་འཕྲུལ་གྱི་མངོན་ཤེས་ནི་བསམ་གཏན་གྱི་སེམས་ལ་བརྟེན་ཏེ། མང་པོ་གཅིག་ཏུ་བྱེད་པ་དང་། གཅིག་དུ་མར་བསྒྱུར་བ་དང་། འོད་འབྱིན་པ་དང་། མེ་འབར་ཞིང་ཆུ་འབྲུབ་པ་སོགས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་སྟོན་པའོ། །འདི་ལྔ་བསམ་གཏན་བཞི་གང་རུང་ལ་བརྟེན་ནས་སྒྲུབ་པ་ཡོད་ཀྱང་། བྱང་ཆུབ་སེམས་དཔས་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ནས་སོ་སོའི་རྣམ་གནས་ཡིད་ལ་བྱེད་པ་ལས་བསྒྲུབ་ཅིང་དེ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་སྒོ་ནས་འཇིག་རྟེན་པ་དང་ཉན་རང་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །མངོན་ཤེས་འདི་དག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སོགས་ལ་ཐོགས་པ་མེད་པའི་མཐུ་ཐོབ་པ་ཡིན་པས། འདི་དག་མཚུངས་ལྡན་གྱི་སེམས་བསྐྱེད་ལ་ཡིད་བཞིན་ནོར་བུ་ལྟ་བུ་ཞེས་བྱའོ། །འདི་ལྔའི་སྟེང་དུ་ཟག་པ་ཟད་པའི་མངོན་ཤེས་བསྣན་ན་དྲུག་ཏུ་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་ལས་སྦྱིན་པ་ནི་སེམས་ཅན་རྣམས་ལ་ཟང་ཟིང་སོགས་བྱིན་ནས་ཆོས་ཀྱི་ཕྱིར་སྡུད་པར་བྱེད་པའོ། །སྙན་པར་སྨྲ་བ་ནི་སེམས་ཅན་རྣམས་ལ་ཚིག་ཡིད་དུ་འཐད་པ་སྨྲ་


MR22_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡིད་དྲངས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པའོ། །དོན་སྤྱོད་པ་ནི་སེམས་ཅན་རྣམས་ལ་ཕན་ཕྱིར་གྱི་དོན་དེ་དག་སྒྲུབ་པར་བྱེད་པ་ལ་ཡང་ནས་ཡང་དུ་མི་ལྡོག་པར་འཇུག་པར་བྱེད་པའོ། །དོན་མཐུན་པ་ནི་རང་ཡང་ཕ་རོལ་པོ་དེ་དང་དོན་མཐུན་པར་ཕར་ཕྱིན་ལ་འཇུག་པ་སྟེ་ཚུལ་འདི་དག་གིས་སེམས་ཅན་རྣམས་སྡུད་ཅིང་སྨིན་པར་བྱེད་པས་འདི་དང་མཚུངས་ལྡན་གྱི་སེམས་བསྐྱེད་ལ་ཉི་མ་ལྟ་བུ་ཞེས་བྱ་སྟེ་ཉི་མས་ལོ་ཏོག་སྨིན་པར་བྱེད་པ་བཞིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞིའི། དོན་སོ་སོ་ཡང་དག་པར་རིག་པ་ནི་གསུང་རབ་ཀྱི་བརྗོད་བྱ་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀྱི་དོན་འདི་དང་འདིའོ་ཞེས་སོ་སོ་མ་ནོར་བར་ཡང་དག་པར་རིག་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་རྗོད་བྱེད་ཐེག་པ་གསུམ་གྱི་དམ་པའི་ཆོས་མཐའ་དག་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །འདི་གཉིས་ནི་བཤད་བྱའི་དོན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། ཆོས་དང་དོན་དུ་འབྲེལ་བ་དེ་ཡང་ལྷ་ཀླུ་མི་སོགས་ཀྱི་སྐད་སྣ་ཚོགས་ཀྱིས་འཆད་པ་ལ་ཐོགས་པ་མེད་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི། གདུལ་བྱ་དང་འཚམས་པར་རྒྱས་བསྡུས་དང་ཟབ་པ་དང་རྒྱ་ཆེ་བ་སོགས་ཇི་ལྟར་འདོད་པ་བཞིན་དུ་འཆད་ནུས་པའི་སྤོབས་པ་མི་ཟད་ཅིང་ཐོགས་པ་མེད་པའོ། །འདི་གཉིས་ནི་འཆད་བྱེད་དོ། །འདི་བཞི་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་ཆོས་བསྟན་པས་གདུལ་བྱའི་ཡིད་འཕྲོག་པ་དྲི་ཟའི་གླུ་དབྱངས་ལྟ་བུའོ། །རྟོན་པ་བཞི་སྟེ། ཚིག་


MR22_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་རྟོན་དོན་ལ་རྟོན་པ་ནི། རྗོད་བྱེད་ཀྱི་ཚིག་ཙམ་ལྷུར་ལེན་པ་གཙོ་བོར་མི་བྱ་བར་བསྟན་བྱའི་དོན་ལ་དཔྱོད་པའོ། །རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ནི། གཟུང་འཛིན་ཅན་གྱི་རྣམ་ཤེས་ཀྱི་སྤྱོད་ཡུལ་ལྷུར་མི་ལེན་པར་གཟུང་འཛིན་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཡིད་རྟོན་པའོ། །དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ནི་ཐེག་པ་དམན་པ་སོགས་གདུལ་བྱའི་ངོར་གསུངས་པའི་དྲང་དོན་ལ་གཙོ་བོར་མི་བྱ་བར། ངེས་པའི་དོན་ལ་ཡིད་འཇུག་ཅིང་གཏོད་པར་བྱེད་པའོ། །གང་ཟག་ལ་མི་རྟོན་ཆོས་ཉིད་ལ་རྟོན་པ་ནི་ཆོས་འཆད་པ་པོ་གང་ཟག་གི་བཟང་ངན་ཙམ་ལ་མི་རྟོན་པར་དེས་བཤད་པའི་ཆོས་ཉིད་ལ་རྟོན་པའོ། །རྟོན་པ་བཞི་འདི་ལ་དོན་སྣ་ཚོགས་སུ་བཤད་དུ་ཡོད་དེ་རྒྱས་པར་མདོ་ལས་ཤེས་པར་བྱའོ། །བྱང་སེམས་གང་ཞིག་འདི་བཞི་དང་ལྡན་པ་དེས་རྡོ་ལས་གསེར་བཙག་པ་ལྟར་ཐེག་ཆེན་གྱིས་རྟོགས་བྱ་ཟབ་མོ་རྣམས་ཁོང་དུ་ཆུད་ནས་ཐེག་པ་ཆེན་པོའི་ཆོས་ལ་དབང་བསྒྱུར་ནུས་པའི་ཕྱིར་འདི་དང་ལྡན་པ་ལ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཅེས་བྱའོ། །ཚོགས་གཉིས་ལས་བསོད་ནམས་ཀྱི་ཚོགས་ནི་ཕར་ཕྱིན་ལྔའམ་དྲུག་གིས་བསྡུས་པའི་བསོད་ནམས་དགེ་བའི་དངོས་པོ་ཐམས་ཅད་དོ། །ཡེ་ཤེས་ཀྱི་ཚོགས་ནི་དེ་དག་ཟིན་བྱེད་འཁོར་གསུམ་མི་དམིགས་པའི་ཤེས་རབ་བསྒོམ་པའོ། །ཚོགས་གཉིས་པོ་འདི་ནི་ཐེག་ཆེན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཡིན་པས་འདི་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ལ་བང་མཛོད་ལྟ་


MR22_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལས། དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ། དེ་བཞིན་དུ་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པའོ། །དེ་དག་གི་དམིགས་པ་ནི་ལུས་ལ་སོགས་པ་སྟེ། གནས་ངན་ལེན་གྱི་རྒྱུའི་གཙོ་བོ་ལུས་དང་། སྲེད་པའི་གཞི་ཚོར་བ། བདག་ཏུ་དམིགས་པའི་གཞི་སེམས། ཀུན་བྱང་སོགས་སུ་འཛིན་པའི་གཞི་ཆོས་ཀུན་ལ་མ་རྨོངས་པར་བྱ་བའི་ཕྱིར་བཞིར་བཤད་དེ། དེ་དག་ལ་ཚུལ་བཞིན་དམིགས་པས་བདེན་པ་བཞི་ལ་འཇུག་པར་བྱེད་དོ། །དྲན་ཉེ་བཞི་པོ་དེ་དག་གི་ངོ་བོ་ནི་དྲན་པ་དང་མཚུངས་ལྡན་གྱི་ཤེས་རབ་བོ། །གྲོགས་ནི་དེ་དག་དང་མཚུངས་ལྡན་སེམས་སེམས་བྱུང་རྣམས་ཏེ། འོག་མ་རྣམས་ཀྱི་སྐབས་སུའང་གྲོགས་དེ་ལྟར་ཤེས་པར་བྱའོ། །ཇི་ལྟར་སྒོམ་ན་ནང་གི་ལུས་ནི་གཟུགས་ཅན་གྱི་སྐྱེ་མཆེད་ནང་རང་རྒྱུད་ཀྱིས་བསྡུས་པ། ཕྱིའི་ལུས་ནི་ཕྱིའི་སྐྱེ་མཆེད་གཟུགས་ཅན་གྱིས་བསྡུས་པ། ཕྱི་ནང་གཉིས་ཀའི་ལུས་ནི་ནང་གི་སྐྱེ་མཆེད་དང་འབྲེལ་བའི་ཕྱིའི་སྐྱེ་མཆེད་གཟུགས་ཅན་པ་དབང་པོའི་ཡུལ་རྣམས་དང་། གཞན་རྒྱུད་གྱི་ནང་གི་སྐྱེ་མཆེད་རྣམས་ཏེ། མདོར་ན་གཟུགས་ཀྱི་ཕུང་པོར་གཏོགས་པ་ཐམས་ཅད་སྐབས་འདིའི་ལུས་དྲན་པ་ཉེར་བཞག་གི་དམིགས་ཡུལ་ལོ། །ལུས་ལ་ལུས་ཀྱིས་རྗེས་སུ་ཇི་ལྟར་ལྟ་ན་ཉན་ཐོས་པ་རྣམས་ཀྱིས་ནི་སྡུག་བདེན་གྱི་རྣམ་པ་བཞིའི་


MR22_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་ལྟ་ཞིང་། བྱང་ཆུབ་སེམས་དཔས་ནི་ཐ་སྙད་དུ་སྒྱུ་མ་ལྟ་བུ་དང་། དོན་དམ་པར་མཐའ་ཀུན་དང་བྲལ་བའི་སྤྲོས་བྲལ་དུ་ལྟ་ཞིང་དེ་ལས་མ་ཡེངས་པར་གོམས་པར་བྱེད་པའོ། །དེ་བཞིན་དུ་ཚོར་བ་དང་སེམས་དང་ཆོས་ལ་དམིགས་པ་ཡང་ཤེས་པར་བྱའོ། །བསྒོམས་པའི་འབྲས་བུ་ཕྱིན་ཅི་ལོག་སྤངས་ནས་བདེན་དོན་མཐོང་བར་བྱེད་པའོ། །ཡང་དག་པར་སྤོང་བ་བཞི་ནི། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤོང་བར་བྱེད་པ། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་མི་ཉམས་པར་བྱེད་པའོ། །འདི་བཞིའི་དམིགས་པ་མི་མཐུན་ཕྱོགས་མི་དགེ་བ་དང་། གཉེན་པོ་དགེ་བའི་ཆོས་དེ་གཉིས་སྐྱེས་པ་དང་མ་སྐྱེས་པ་ལའོ། །ངོ་བོ་ནི་བརྩོན་འགྲུས་སོ། །གྲོགས་ནི་གོང་བཞིན་ནོ། །ཇི་ལྟར་སྒོམ་པ་ནི། འདུན་པ་བསྐྱེད་ནས་བརྩོན་འགྲུས་བརྩམ་པ་སོགས་ཀྱི་སྒོ་ནས་གོང་ནས་གོང་དུ་སྤེལ་བའོ། །འབྲས་བུ་མི་མཐུན་ཕྱོགས་སྤོང་ཞིང་གཉེན་པོ་འཕེལ་བར་བྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། དེ་བཞིན་དུ་བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །འདི་དག་གི་དམིགས་པ་ནི་ཏིང་ངེ་འཛིན་སྒྲུབ་པའི་བྱ་བའོ། །ངོ་བོ་ཏིང་འཛིན་ནོ། །དེ་ཡང་འདུན་པའི་ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་འཇོག་པར་འདུན་པའི་གུས་སྦྱོར་ཡིན་ཞིང་། དེ་ལ་བརྟེན་ནས་སེམས་རྩེ་གཅིག་ལ་རེག་པའོ། །བརྩོན་འགྲུས་ནི་དེའི་རྒྱུན་སྦྱོར་ཏེ། དེ་ལ་བརྟེན་ནས་


MR22_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩེ་གཅིག་ཐོབ་པའོ། །སེམས་པ་ནི་སྔར་གོམས་པ་ལ་བརྟེན་ནས། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གྱུར་པ་དངོས་སོ། །དཔྱོད་པ་ནི་ཏིང་ངེ་འཛིན་གྲུབ་པའི་ཤེས་རབ་ཀྱི་ཆ་སྟེ་སྔར་གཞན་གྱིས་ཏིང་ངེ་འཛིན་སྒྲུབ་ཚུལ་གྱི་གདམས་ངག་བསྟན་པ་བཞིན་ཆོས་རབ་ཏུ་འབྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་ཐོབ་པ་དང་། ཏིང་ངེ་འཛིན་གྱི་དུས་ན་ཡང་དེ་དང་མཚུངས་ལྡན་གྱི་ཤེས་རབ་ཏིང་ངེ་འཛིན་གྱི་སྐྱོན་སྤང་ཞིང་ཡོན་ཏན་ཚུལ་བཞིན་སྒྲུབ་ཤེས་པའོ། །རྒྱུ་བཞི་པོ་དེས་བསྒྲུབས་པས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་ཏིང་ངེ་འཛིན་ནོ། །དེ་དག་ནི་སྤོང་བའི་འདུ་བྱེད་བརྒྱད་བརྟེན་ནས་གོང་ནས་གོང་དུ་གོམས་པར་བྱེད་ལ། འབྲས་བུ་ནི་ཏིང་ངེ་འཛིན་གྱི་མཐུས་མངོན་དུ་བྱ་བར་འདོད་པའི་ཆོས་ཀྱི་དོན་རྣམས་འབྱོར་པར་འགྱུར་རོ། །དབང་པོ་ལྔ་ནི། དད་པའི་དབང་པོ། དེ་བཞིན་དུ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོའོ། །དེ་དག་གི་དམིགས་པ་ནི་འཕགས་པའི་བདེན་པ་བཞིའོ། །ངོ་བོ་ནི་དད་པ་སོགས་ལྔ་པོ་རང་རང་ངོ་། །གྲོགས་ནི་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་སོ། །སྒོམ་ཚུལ་ནི་བདེན་པ་རྣམས་ལ་ཡིད་ཆེས་པ་དང་། དེ་ལ་སྤྲོ་བའི་བརྩོན་འགྲུས་དང་། མི་བརྗེད་པར་གནས་པ་དང་། སེམས་རྩེ་གཅིག་པ་དང་། རབ་ཏུ་འབྱེད་པའི་ཚུལ་གྱིས་ཏེ་གོ་རིམ་བཞིན་ནོ། །འབྲས་བུ་བདེན་པ་རྣམས་མྱུར་དུ་རྟོགས་པའི་དྲོ་བ་སོགས་བསྒྲུབ་པའོ། །སྟོབས་ལྔ་


MR22_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དད་པའི་སྟོབས་སོགས་གོང་གི་སྐབས་དང་འདྲ་ལ། ཁྱད་པར་ནི་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པར་གྱུར་པའོ། །དམིགས་པ་སོགས་གོང་དང་འདྲའོ། །བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དེ་བཞིན་དུ། ཆོས་རབ་ཏུ་རྣམ་པར་འབྱེད་པ། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱང་བ། ཏིང་ངེ་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འདི་དག་གི་དམིགས་པ་འཕགས་པའི་བདེན་པ་ཡང་དག་པ་ཉིད་དོ། །ངོ་བོ་ནི་བདུན་པོ་དེ་དག །གྲོགས་ནི་གོང་བཤད་བཞིན་ནོ། །འདི་བདུན་ལས་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། སྔར་ཡང་ཡང་གོམས་པའི་དྲན་པ་དེ་ལས་བདེན་དོན་མངོན་སུམ་མཐོང་བ་སྐྱེ་ཞིང་དེས་སྔར་མ་ཤེས་ཤིང་མ་རྒྱལ་བ་ལས་རྒྱལ་བར་བྱེད་པས་འཁོར་ལོ་རིན་པོ་ཆེ་ལྟ་བུའོ། །ཆོས་རབ་རྣམ་འབྱེད་ནི། རང་བཞིན་གྱི་ཡན་ལག་སྟེ་བདེན་དོན་མཐོང་བའི་ཤེས་རབ་ཀྱི་ངོ་བོ་མཚན་མ་ཐམས་ཅད་འཇོམས་པ་གླང་པོ་རིན་པོ་ཆེ་ལྟ་བུ་མི་མཐུན་ཕྱོགས་གཅོད་པའོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། རང་གིས་རྟོགས་བྱའི་མངོན་པར་ཤེས་པ་ལ་ངེས་པར་འབྱུང་བའམ་སྦྱོར་བར་བྱེད་པ་རྟ་མཆོག་རིན་པོ་ཆེ་ལྟར་གང་འདོད་དུ་ཕྱིན་པར་བྱེད་པའོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ་བདེན་དོན་མཐོང་བའི་ཆོས་ཀྱི་སྣང་བ་འཕེལ་བའི་དགའ་བས་ལུས་སེམས་རྒྱས་པར་ཁྱབ་པ་ནོར་བུ་རིན་པོ་ཆེའི་འོད་ཀྱིས་ཁྱབ་


MR22_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །ཤིན་སྦྱང་སོགས་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་ཡིན་ཞིང་། དེ་ཡང་ཤིན་སྦྱང་ནི་ཉོན་མོངས་མེད་པའི་གནས་ཡིན་ཏེ་ལུས་སེམས་ཤིན་ཏུ་སྦྱང་བའི་བདེ་བས་ལས་སུ་རུང་བར་བྱས་པ་ནི་ཉོན་མོངས་མེད་པའི་སེམས་ཀྱི་གནས་སུ་གྱུར་པ་སྟེ། དཔེར་ན་བཙུན་མོ་རིན་པོ་ཆེས་རེག་པའི་བདེ་བ་སྟེར་བ་ལྟ་བུའོ། །ཏིང་ངེ་འཛིན་ནི་ཉོན་མོངས་མེད་པའི་གཞིའི་ཡན་ལག་སྟེ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་སེམས་རྩེ་གཅིག་ཏུ་གནས་པ་ཡིན་ལ། དེ་ལས་བསམ་པའི་དོན་ཀུན་འབྱོར་བ་འབྱུང་པས་ཁྱིམ་བདག་རིན་པོ་ཆེ་ལས་ནོར་ཇི་འདོད་འབྱུང་བ་ལྟ་བུའོ། །བཏང་སྙོམས་ནི་ཉོན་མོངས་མེད་པའི་ངོ་བོ་སྟེ་ཆགས་སྡང་སོགས་དང་བྲལ་བའི་རང་བཞིན་དེ་ལས། དུས་ཇི་ལྟར་འདོད་པར་འཕགས་པའི་གནས་པ་ལ་གནས་པར་བྱེད་པས་བློན་པོ་རིན་པོ་ཆེས་དཔུང་གི་ཚོགས་འགྲོ་བ་དང་གནས་པ་དང་ལྡོག་པར་བྱེད་པ་ལྟ་བུའོ། །དེ་ལྟར་འཁོར་ལོས་སྒྱུར་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ལ་ནི། རྒྱལ་སྲིད་རིན་པོ་ཆེ་བདུན་ལྟ་བུའི་བྱང་ཆུབ་ཡན་ལག་བདུན་གྱི་འབྱོར་པ་མངའ་བ་ཡིན་ནོ། །བྱང་ཆུབ་ཡན་ལག་བདུན་པོ་དེ་སྒོམ་པ་ནི། རེ་རེ་ཡང་སྡུག་བསྔལ་གྱིས་དབེན་པ། ཀུན་འབྱུང་ལ་ཆགས་བྲལ། འགོག་པ་ལ་གནས་པ། སྤོང་ལམ་ཡོངས་སུ་བསྒྱུར་བ་བསྒོམ་པ་ཞེས་དོན་དུ་བདེན་བཞིའི་ཆོས་ཉིད་རྟོགས་པ་ལ་གནས་པའི་སྒོ་ནས་གོང་ནས་གོང་དུ་སྒོམ་པར་བྱེད་པའོ། །འབྲས་བུ་མཐོང་སྤང་


MR22_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བར་བྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་འཕགས་པའི་ལམ། དེ་བཞིན་དུ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག །ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་འཕགས་པའི་ལམ་མོ། །འདི་དག་གི་དམིགས་པ་ནི་བདེན་པ་བཞིའི་ཡང་དག་པ་ཇི་ལྟ་བའོ། །ངོ་བོ་ནི་བརྒྱད་དེ་ལྟ་བ་ནི་ཆོས་ཉིད་ཀྱི་བདེན་པ་ཅི་ལྟ་བ་བཞིན་ཡོངས་སུ་གཅོད་པའི་ཡན་ལག་སྟེ་ཤེས་པར་བྱེད་པའོ། །དེ་བཞིན་དུ་རྟོག་པ་ནི་གོ་བར་བྱེད་པའི་ཡན་ལག་སྟེ། རང་གིས་ཇི་ལྟར་རྟོགས་པ་ལྟར་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བའི་རྟོག་པ་དེས་གོ་བར་བྱེད་པའོ། །ངག་དང་ལས་མཐའ་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ངག་རྣམ་དག་གིས་གཞན་ལ་ཆོས་བསྟན་པ་ལས་འཕགས་པ་དེ་ལྟ་བ་རྣམ་པར་དག་པར་ཡིད་ཆེས་པར་བྱེད་པ་དང་། ལས་མཐའ་ནི་སྲོག་གཅོད་སོགས་མི་དགེ་བ་ཐམས་ཅད་སྤང་བ་ཐོབ་པས་ལས་ཀྱི་མཐའ་ཐམས་ཅད་རྣམ་པར་དག་པའི་གང་ཟག་དེ་ལ་གཞན་གྱིས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པར་བྱེད་པ་དང་། ལོག་འཚོ་ཐམས་ཅད་སྤང་བས་འཚོ་བ་ཡང་དག་པ་དེས་འཚོ་བ་རྣམ་པར་དག་པར་ཡིད་ཆེས་པར་བྱེད་པའོ། །ལྷག་མ་གསུམ་ནི་སྒྲིབ་པ་སྦྱོང་བའི་ཡན་ལག་སྟེ། རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་ཡན་ལག །དྲན་པ་ནི་ཉེ་ཉོན་གྱི་


MR22_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་སྦྱོང་བའི་ཡན་ལག །ཏིང་ངེ་འཛིན་དབང་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་གེགས་སུ་གྱུར་པའི་སྒྲིབ་པ་སྦྱོང་བའི་ཡན་ལག་གོ། །དེ་དག་བསྡུས་ན་བསླབ་པ་གསུམ་གྱི་རང་བཞིན་དུ་འདུ་སྟེ། ལྟ་རྟོག་གཉིས་ཤེས་རབ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་དང་། དྲན་ཏིང་རྩོལ་གསུམ་ཏིང་ངེ་འཛིན་ནོ། །གྲོགས་ནི་གོང་བཤད་བཞིན་དང་། སྒོམ་པ་བྱང་ཆུབ་ཡན་ལག་གི་སྐབས་བཞིན་ནོ། །འབྲས་བུ་ནི་ཡོངས་སུ་གཅོད་པ་སོགས་ཀྱི་ལས་བྱེད་པ་གོང་བཞིན་ནོ། །དེ་ཡང་བྱང་ཕྱོགས་འདི་དག་ལམ་ལྔ་དང་སྦྱར་ཚུལ་བདེན་བཞིའི་སྐབས་སུ་བཤད་པ་བཞིན་ལ་ཐེག་པ་ཆེ་ཆུང་གི་བྱང་ཕྱོགས་སྒོམ་ཚུལ་གྱི་ཁྱད་པར་ནི། ཐེག་པ་དམན་པ་དག་གིས་དྲན་པ་ཉེར་བཞག་སྒོམ་པའི་སྐབས་སུ་དམིགས་པ་གཙོ་བོར་རང་རྒྱུད་ཀྱི་ལུས་སོགས་ལ་དམིགས། བྱང་སེམས་ཀྱིས་ཕྱི་ནང་གཉིས་ཀའི་ལུས་སོགས་ལ་དམིགས་པས་འཕགས་ཤིང་། ཡིད་ལ་བྱེད་ཚུལ་ནི་ཐེག་དམན་པས་མི་རྟག་སྡུག་བསྔལ་བདག་མེད་སོགས་འབའ་ཞིག་གི་རྣམ་པར་རྟོག་ཅིང་ཡིད་ལ་བྱེད། བྱང་སེམས་རྣམས་ཀྱིས་རྗེས་ཐོབ་ཐ་སྙད་ཙམ་དུ་དེ་ལྟར་ཤེས་པར་ཡང་བྱེད་ལ་སྒྱུ་མ་ལྟ་བུར་མངོན་པར་མ་ཞེན་པའི་ཚུལ་གྱིས་འཇུག་ཅིང་། དོན་དམ་པར་རྟག་མི་རྟག་སྡུག་བསྔལ་མི་བསྔལ་བདག་བདག་མེད་སྟོང་མི་སྟོང་སོགས་ཀྱི་སྒྲོ་འདོགས་སོ་གཉིས་དང་བྲལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཉིད་


MR22_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉམ་པར་འཇོག་པས་ཐེག་དམན་ལས་རྟོགས་རིགས་ཆེས་འཕགས་ཤིང་དེའི་དབང་གིས་གཟུང་འཛིན་གྱིས་བསྡུས་པའི་རྣམ་རྟོག་ཐམས་ཅད་སྤོང་བར་བྱེད་དེ། དཔེར་མཚོན་ན་འཛིན་པ་པོ་ལ་རྫས་ཡོད་དང་བཏགས་ཡོད། གཟུང་བྱ་ལ་འཇུག་ལྡོག་དང་། ཀུན་བྱང་གི་རྣམ་པར་ཕྱེ་ཞིང་དེ་དག་གི་ཁྱད་པར་གྱི་དབྱེ་བ་དང་བཅས་ཏེ། མཐོང་སྒོམ་གྱིས་སྤང་བྱའི་རྟོག་པ་ཡུམ་དང་མངོན་རྟོགས་རྒྱན་ལས་གསུངས་པ་ལྟ་བུ་སྟེ་རྫས་སུ་འཛིན་པ་ནི་བྱང་འཕགས་ལ་རྗེས་ཐོབ་ཏུ་ཡང་མེད་ལ། བཏགས་པས་འཛིན་པ་ཙམ་གྱི་འཇུག་ལྡོག་གི་རྟོག་པ་ཙམ་ཡོད་མོད་ཀྱི། མཉམ་བཞག་ཏུ་ནི་བཏགས་པ་ཙམ་གྱི་འཛིན་པ་དང་འཇུག་ལྡོག་གི་རྣམ་རྟོག་ཀྱང་ལྡོག་ལ། དག་པའི་སར་ནི་མཉམ་རྗེས་ཀུན་ཏུ་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་རྟོག་པ་མེད་པའོ། །འཇུག་ལྡོག་གི་རྟོག་པ་མེད་པའི་མི་རྟོག་ཡེ་ཤེས་ཐོབ་ན་རྫོགས་སྨིན་སྦྱང་བའི་དོན་ཅུང་ཟད་ཀྱང་ཆུད་མི་ཟ་བར་འབད་མེད་ལྷུན་གྲུབ་ཐོབ་པ་ཡིན་པའི་གནད་ལ་མཁས་པར་བྱའོ། །འཐོབ་པ་ནི་ཉན་རང་གིས་ལུས་སོགས་ཟག་བཅས་དམན་པ་དེ་དང་བྲལ་བའི་ཐར་པ་ཐོབ་པར་འདོད་པ་ཡིན་ལ་དེ་བཞིན་དུ་འབྲས་བུ་འཐོབ་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་ནི་ལུས་སོགས་དང་འབྲལ་མི་འབྲལ་གཉིས་ཀའི་དོན་དུ་མ་ཡིན་ཏེ། ཆོས་ཉིད་མཉམ་པ་ཉིད་དང་རྗེས་སུ་མཐུན་པར་བསྒོམ་པས་འབྲས་བུ་སྲིད་ཞིར་མི་གནས་པའི་མྱང་འདས་ཐོབ་པས་ཁྱད་པར་འཕགས་པ་སྟེ། དེ་ལྟར་ཁྱད་པར་གསུམ་གྱི་སྒོ་ནས་དྲན་པ་


MR22_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་བཞག་སྒོམ་པ་ཁྱད་པར་འཕགས་པས་ལམ་གོང་མ་གོང་མ་དག་ལ་དེའི་ཚུལ་གྱིས་འཕགས་པར་དོན་གྱིས་ཤེས་ཏེ། ལམ་མངོན་པར་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་གནས་སྐབས་ལ་བྱང་ཕྱོགས་ཕྱི་མ་རྣམས་ཀྱི་སྒོ་ནས་བསྟན་པ་ཡིན་པའི་ཕྱིར་རོ། །བྱང་ཕྱོགས་སོ་བདུན་པོ་འདི་ནི་ལམ་པོ་ཆེ་དང་འདྲ་བར་འཕགས་པ་ཐམས་ཅད་ཀྱིས་འཇུག་པར་བྱ་བའི་གནས་ཡིན་པས་འདི་དང་མཚུངས་ལྡན་གྱི་སེམས་བསྐྱེད་ལ་ལམ་པོ་ཆེ་ལྟ་བུ་ཞེས་བྱའོ། །ཞི་ལྷག་གཉིས་ཀྱི་ཞི་གནས་ནི་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པའི་རྒྱུ་ལས་བྱུང་བའོ། །ཉེས་པ་ལྔ་ནི་ལེ་ལོ་དང་། ཏིང་ངེ་འཛིན་སྒྲུབ་པའི་གདམས་ངག་བརྗེད་པ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ། ནང་དུ་བྱིང་བ་དང་། ཕྱིར་འཕྲོ་བས་རྒོད་པ་གཉིས་ཀྱིས། ཏིང་ངེ་འཛིན་གྱི་དངོས་གཞི་ལ་སྒྲིབ། བྱིང་རྒོད་བྱུང་ན་དེའི་གཉེན་པོ་འདུ་མི་བྱེད་པ་དང་། གཉེན་པོས་ཞི་ན་ཡང་ཧ་ཅང་འདུ་བྱེད་པ་གཉིས་ཀྱིས་ཏིང་ངེ་འཛིན་ཁྱད་པར་དུ་འཕེལ་བར་བྱེད་པ་ལ་སྒྲིབ་བོ། །དེ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ནི། རྩོལ་བའི་གནས་འདུན་པ་དང་། འདུན་པ་དེའི་རྒྱུ་དད་པ་དང་། འདུན་པ་དེ་ལ་གནས་པ་རྩོལ་བ་དང་། རྩོལ་བའི་འབྲས་བུ་ཤིན་སྦྱངས་སྟེ་དེ་ལྟར་དད་འདུན་རྩོལ་བ་ཤིན་སྦྱང་བཞིས་ལེ་ལོ་སྤོང་བར་བྱེད་པའོ། །དམིགས་པ་མ་བརྗེད་པར་དྲན་པས་གདམས་ངག་བརྗེད་པ་སྤོང་། ཤེས་བཞིན་གྱིས་བྱིང་རྒོད་བྱུང་བ་རྟོགས་ནས། སེམས་


MR22_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་གཉིས་ཀྱི་གཉེན་པོ་མངོན་པར་འདུ་བྱེད་པ་ཡིན་པས། དེ་གཉིས་ཀྱིས་གཉེན་པོ་འདུ་མི་བྱེད་པའི་ཉེས་པ་སྤོང་། བཏང་སྙོམས་ཀྱིས་བྱིང་རྒོད་ཞི་ཚེ་གཉེན་པོ་འདུ་བྱེད་པ་སྤངས་ནས་རྣལ་དུ་འཇུག་པར་བྱེད་དོ། །ཞི་གནས་དེ་ཇི་ལྟར་སྒྲུབ་ཚུལ་ནི་སེམས་གནས་པའི་ཐབས་དགུ་སྟེ། སེམས་དམིགས་པ་ལ་གཏོད་པ་འཇོག་པ། དེའི་རྒྱུན་སྐྱོང་བ་རྒྱུན་དུ་འཇོག་པ། བརྗེད་ནས་ཡེངས་ན་སླར་ཡང་དམིགས་པ་ལ་བླན་ཏེ་འཇོག་པ། དེ་ལྟར་བཞག་པས་གོང་ནས་གོང་དུ་སེམས་དམིགས་པ་ལ་ནང་དུ་སྡུད་པ་ཇེ་ཆེར་བྱས་པ་ཉེ་བར་འཇོག་པ། དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་ལ་སེམས་དགའ་བས་དུལ་བར་བྱེད་པ། དེ་ནས་རྣམ་གཡེང་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ། དེ་ནས་གཡེང་བའི་རྒྱུ་ཅན་གྱི་ཉེ་ཉོན་བརྣབ་སེམས་རྨུགས་གཉིད་ཡིད་མི་བདེ་སོགས་ལྡང་བ་རྣམ་པར་ཞི་བར་བྱེད་པ། དེ་ནས་མངོན་པར་འདུ་བྱེད་པ་དང་བཅས་ཏེ་གནས་པ་ཐོབ་པ་རྩེ་གཅིག་ཏུ་བྱེད་པ། དེ་ནས་འབད་རྩོལ་གྱིས་མངོན་པར་འདུ་བྱེད་མི་དགོས་པར་དམིགས་པ་ལ་ངང་གིས་གནས་པ་ཐོབ་པ་ནི་མཉམ་པར་འཇོག་པར་བྱེད་པའོ། །དེ་དག་སྟོབས་དྲུག་གིས་བསྒྲུབ་པ་སྟེ། གདམས་ངག་ཐོས་པའི་སྟོབས་ཀྱིས་འཇོག་པ་འགྲུབ། བསམ་པས་རྒྱུན་འཇོག་དྲན་པས་བླན་འཇོག་ཉེར་འཇོག་གཉིས་འགྲུབ་སྟེ་གཡེང་ན་བསྡུ་ཞིང་དེ་གོམས་པས་མི་གཡེང་བ་འབྱུང་ངོ་། །ཤེས་བཞིན་གྱི་སྟོབས་ཀྱིས་དུལ་


MR22_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་ཞི་བ་དང་རྣམ་ཞི་གསུམ་འགྲུབ་སྟེ། དེས་ཤེས་བཞིན་དུ་དགའ་ཞིང་རྣམ་རྟོག་དང་ཉེ་ཉོན་གྱི་དབང་གིས་འཕྲོ་བའི་ཉེས་དམིགས་རིག་ནས་འཕྲོར་མི་སྟེར་བའོ། །བརྩོན་འགྲུས་ཀྱིས་རྣམ་ཞི་རྩེ་གཅིག་གཉིས་འགྲུབ་སྟེ། རྣམ་རྟོག་དང་ཉེ་ཉོན་བྱུང་བ་ཕྲ་མོ་ཡང་སྤངས་ཏེ་དང་དུ་མི་ལེན་པར་བྱེད་པས་སོ། །བྱིང་རྒོད་ཀྱིས་བར་ཆད་མི་ནུས་པའི་ཏིང་ངེ་འཛིན་རྒྱུན་ཆགས་སུ་སྐྱེ་བ་སེམས་གནས་ཐ་མ་ནི་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་འཐོབ་པའོ། །དེ་རྣམས་ཡིད་ལ་བྱེད་པ་བཞིའི་གནས་སྐབས་ཀྱིས་བསྡུས་ཏེ་སེམས་གནས་ཐབས་དང་པོ་གཉིས་ཀྱི་སྐབས་ན་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད། དེ་ནས་ལྔའི་བར་དུ་བྱིང་རྒོད་ཀྱིས་བར་བཅད་ནས་རྒྱུན་རིང་པོར་སྐྱོང་མི་ནུས་པས་ཆད་ཅིང་འཇུག་པའི་ཡིད་བྱེད། བརྒྱད་པ་ལ་རྩོལ་བ་མ་བཏང་ན་བྱིང་རྒོད་ཀྱི་བར་ཆད་མི་ནུས་པས་ཐུན་གྱི་རྒྱུན་རིང་པོར་སྐྱོང་ཐུབ་པ་ལ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད། དགུ་པར་འབད་མེད་དུ་རྒྱུན་འཇུག་པས་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་ཅེས་བྱའོ། །སེམས་གནས་དགུ་པ་ཐོབ་པ་ལ་འདོད་སེམས་རྩེ་གཅིག་པ་ཞེས་བྱ་ཞིང་། དེའི་ངང་དུ་གོམས་པ་ལས་ལུས་སེམས་རང་དབང་དུ་བཀོལ་ཐུབ་ཅིང་བདེ་བའི་རྣམ་པ་དང་བཅས་པའི་ཤིན་སྦྱང་སྐྱེ་བ་ཡིན་ལ། ཤིན་སྦྱང་དེ་ཡང་དང་པོར་རགས་པ་དང་། རིམ་པས་དེའི་ཤུགས་ཟད་ནས། གྲིབ་མ་ལྟར་ཤིན་ཏུ་བསྲབ་པའི་ཤིན་སྦྱང་མི་གཡོ་བ་ཏིང་


MR22_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་དངོས་གཞི་དང་མཐུན་པ་འབྱུང་སྟེ། དེ་ལ་ཞི་གནས་ཞེས་བྱའོ། །དེ་ནས་ཞི་རགས་རྣམ་ཅན་གྱི་ཡིད་བྱེད་ཀྱི་སྒོ་ནས་བསམ་གཏན་དང་པོའི་དངོས་གཞིའི་ཏིང་ངེ་འཛིན་སོགས་འཇིག་རྟེན་པའི་བསམ་གཟུགས་རྣམས་སྒྲུབ་པ་དང་། ཞི་གནས་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་བདེན་པའི་རྣམ་ཅན་གྱི་འདས་ལམ་སྒྲུབ་པར་བྱེད་པ་ཡིན་ནོ། །ཞི་གནས་ཀྱི་མི་མཐུན་ཕྱོགས་གཡེང་བ་ལ། ངོ་བོ་ཉིད་ཀྱིས་གཡེང་བ་ཁ་ཕྱིར་བལྟས་སྒོ་ལྔའི་ཤེས་པ་སྟེ་དེ་དང་མཚུངས་ལྡན་གྱི་ཡིད་ཤེས་རྟོག་བཅས་སྐྱེས་པས་ཏིང་འཛིན་ལས་ལྡང་བར་བྱེད་དོ། །ཡིད་ཤེས་ཕྱི་རོལ་ཀྱི་ཡུལ་གཞན་ལ་འཕྲོ་བ་ཕྱི་རོལ་ཀྱི་གཡེང་བ། ཏིང་ངེ་འཛིན་གྱི་རོ་མྱང་བ་དང་བྱིང་རྒོད་ནི་ནང་གི་གཡེང་བ། ཏིང་ངེ་འཛིན་ལ་ཡིད་ཆེས་པས་མཚན་མར་འཛིན་པ་མཚན་མའི་གཡེང་བ་སྟེ་དེ་དག་སྤང་བའི་ཡིད་ཤེས་རྩེ་གཅིག་དུ་གནས་པའི་ཏིང་ངེ་འཛིན་སྒྲུབ་པ་དང་། ཡང་ངར་འཛིན་པའི་སྒོ་ནས་གཞན་ལས་འཕགས་པར་འཛིན་པ་གནས་ངན་ལེན་གྱི་གཡེང་བ། ཐེག་པ་དམན་པ་ཡིད་བྱེད་དང་འདྲེས་པ་ཆུང་ངུའི་སེམས་ཀྱི་གཡེང་བ་སྟེ་དྲུག་པོ་དེ་སྤང་བའི་ཐེག་ཆེན་གྱི་ཞི་གནས་མི་གཡེང་བ་བསྒྲུབ་པར་བྱའོ། །ལྷག་མཐོང་ནི་ཞི་གནས་ལ་བརྟེན་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་སྤྱི་དང་རང་གི་མཚན་ཉིད་དང་ངོ་བོ་དང་ཁྱད་པར་འབྱེད་པའི་སྒོ་ནས་དོན་མ་ནོར་བར་མཐོང་བ་གང་ཡིན་པའོ། །ཞི་ལྷག་དང་ལྡན་པའི་སེམས་བསྐྱེད་ནི་བཞོན་པ་ལྟ་བུ་


MR22_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལ་བརྟེན་ནས་གང་འདོད་པའི་དོན་གྱི་གནས་སུ་ཕྱིན་པར་བྱེད་པ་ཡིན་ནོ། །གཟུངས་སྤོབས་གཉིས་ཀྱི་དང་པོ་མི་བརྗེད་པའི་གཟུངས་ནི། དྲན་པ་དང་ཤེས་རབ་མཚུངས་པར་ལྡན་པས་ཚིག་དང་དོན་མི་བརྗེད་པར་འཛིན་པ་སྟེ། དེ་ཡང་གཟུངས་ཐོབ་པའི་རྒྱུ་ནི། བཟོད་པ་ཐོབ་པ་སྒོའི་གཟུངས་ཞེས་བྱ་བ། ཨ་ལ་སོགས་པའི་ཡིག་འབྲུ་རྣམས་ཀྱིས་ཐ་སྙད་དུ་དོན་བརྗོད་པ་དང་། དོན་དམ་པར་བརྗོད་དུ་མེད་པའི་བདེན་གཉིས་མཉམ་པ་ཉིད་ལ་དམིགས་པས་སྐྱེ་མེད་ཀྱི་དོན་ལ་བཟོད་པ་ཐོབ་ཅིང་། དེ་ལས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །གཟུངས་ཀྱི་ངོ་བོ་ནི་ཚིག་གི་གཟུངས་དང་དོན་གྱི་གཟུངས་གཉིས་ཏེ། མདོ་སྡེ་སོགས་གསུང་རབ་ཀྱི་ཚིག་ཐོས་པ་ཐམས་ཅད་སྒྲ་ཟུར་ཙམ་ཡང་ནམ་ཡང་མི་བརྗེད་པ་དང་། བསྟན་བྱའི་དོན་གང་ཡིན་པ་ཉམས་པ་མེད་པར་ནམ་ཡང་མི་བརྗེད་པའོ། །གཟུངས་ཐོབ་པའི་འབྲས་བུའམ་བྱེད་ལས་ཀྱིས་སྔགས་ཀྱི་གཟུངས་འབྱུང་སྟེ། གཟུངས་ཐོབ་པ་དེས་སྔགས་སུ་བྱིན་གྱིས་བརླབ་ན་སྔགས་དེས་ཇི་ལྟར་བྱིན་གྱིས་བརླབས་པ་ལྟར་འདོད་པའི་ལས་བྱེད་པའོ། །གཟུངས་དེ་དག་བསོད་ནམས་ཀྱི་རྣམ་སྨིན་དང་། ཐོས་པ་གོམས་པ་དང་། ཏིང་ངེ་འཛིན་ལས་བྱུང་བ་གསུམ་ཡོད་པ་ལ་རིམ་བཞིན་ཆུང་འབྲིང་ཆེན་པོ་ཞེས་བྱ་ཞིང་། ཡང་སོ་སྐྱེའི་རྒྱུད་ཀྱི་གཟུངས་ནི་ཆུང་བ། མ་དག་ས་བདུན་པའི་འབྲིང་པོ། དག་ས་པའི་རྒྱུད་ཀྱི་གཟུངས་ནི་ཆེན་པོ་ཡིན་ལ། གཟུངས་


MR22_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་གྲངས་ལ་ཆེས་མང་དུ་ཡོད་དེ། གཟུངས་དབང་གིས་ཞུས་པའི་མདོ་ལས་བརྒྱད་གསུངས་པ་ལྟ་བུ་ལ་སོགས་པའོ། །བརྒྱད་གང་ཞེ་ན། སྒྲ་དབྱངས་རྣམ་པར་དག་པའི་གཟུངས་ནི་ཆོས་ཐམས་ཅད་སྐྱེ་མེད་བརྗོད་མེད་དུ་རྟོགས་པས་ཡི་གེ་ཨ་གཅིག་གིས་བསྐལ་པ་དུ་མར་ཆོས་ཀྱི་ཚུལ་དོན་དང་ཡི་གེ་སྣ་ཚོགས་རྒྱུན་མ་ཆད་པས་བསྟན་ཀྱང་ཨ་ཡི་སྒྲ་ཡང་མི་འདོར་ལ་ཆོས་སྟོན་པ་རྒྱུན་མི་འཆད་པ་སྟེ། གཟུངས་འདི་ལ་གནས་པས་སྒོ་གསུམ་དང་ཕྱིན་དྲུག་སོགས་ཡོངས་སུ་དག་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །མི་ཟད་པའི་ཟ་མ་ཏོག་གི་གཟུངས་ནི་གཟུགས་མི་རྟག་པ་ལྟ་བུའི་དོན་གཅིག་བརྗོད་པས་ཆོས་བསྟན་པ་བསྐལ་པའི་མཐར་ཡང་ཟད་མི་ཤེས་པའོ། །འཁྱིལ་བ་མཐའ་ཡས་པའི་གཟུངས་ནི། མཐའ་རྟག་ཆད་དང་། འཁྱིལ་བ་རྟེན་འབྲེལ་དུ་ཤེས་པས་མཐའ་སྤོང་བ། དེ་བཞིན་ལེན་འདོར་མཐའ། མི་ལེན་མི་འདོར་བ་འཁྱིལ་པ་སོགས་མཐའ་དང་འཁྱིལ་བའི་རྗེས་སུ་སོང་བས་མཐའ་ཐམས་ཅད་དང་བྲལ་ལ་དབུས་སུའང་མི་དམིགས་པའི་གཟུངས་ཐོབ་པ་དེས་ཆོས་བསྟན་པ་མི་ཟད་པའོ། །རྒྱ་མཚོའི་ཕྱག་རྒྱའི་གཟུངས་ནི། ཇི་ལྟར་ས་ལ་བསྟེན་པའི་དངོས་པོ་ཇི་སྙེད་པ། རྒྱ་མཚོ་ཆེན་པོའི་རྒྱས་བཏབ་སྟེ་དེའི་ཁོང་དུ་ཆུད་པ་ལྟར། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་བསྟན་པ་ཇི་སྙེད་པ་ཡང་ཨ་ར་པ་ཙ་ན་སོགས་ཡིག་འབྲུ་རྣམས་ཀྱིས་ཕྱག་རྒྱས་ཐེབས་པའི་སྒོའི་གཟུངས་ཐོབ་པའི་བྱང་སེམས་དེའི་སྒོ་གསུམ་རྒྱ་དང་མཚུངས་པར་སངས་རྒྱས་


MR22_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་བསྟན་པ་ཐམས་ཅད་ཆད་ལྷག་མེད་པར་སེམས་ཅན་རྣམས་ལ་སྟོན་པར་བྱེད་པའོ། །པདྨ་བཀོད་པའི་གཟུངས་ནི། གཟུངས་དེ་ཐོབ་པའི་བྱང་སེམས་དེ་ཉིད་འཁོར་གྱི་ནང་དུ་པདྨ་སྣ་ཚོགས་བྱུང་བ་དེ་ལ་འདུག་བཞིན་མཉམ་པར་བཞག་སྟེ་མི་སྨྲ་ཡང་། པདྨའི་ཆར་བབ་པ་དང་། དེའི་བ་སྤུའི་ཁུང་བུ་ནས་འོད་ཟེར་ལས་པདྨ་སྣ་ཚོགས་བྱུང་བས་ཕྱོགས་བཅུའི་ཞིང་དུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པར་བྱེད་པའོ། །ཆགས་པ་མེད་པར་སྙོམས་པར་འཇུག་པའི་གཟུངས་ནི། བྱང་སེམས་དེས་ཆོས་སྒོ་བསྟན་པ་གཅིག་ནས་ཞིང་གངྒཱའི་ཀླུང་གི་རྡུལ་སྙེད་ཀྱི་བར་དུ་བསྟན་པ་ལ་ཆགས་པ་མེད་པར་ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་གྲངས་རྣམས་བསྟན་པ་གཅིག་གིས་སྟོན་ལ། དེ་ཡང་དོན་དང་ངེས་ཚིག་ལྡན་པར་སྟོན་ཀྱང་དེ་ལ་ཆགས་པ་མེད་ཅིང་སྟོན་པ་རྒྱུན་ཆད་མེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམ་པར་ངེས་པའམ། རྣམ་པར་གདོན་མི་ཟ་བའི་གཟུངས་ནི། སོ་སོ་ཡང་དག་རིག་པ་བཞི་བསྟན་པ་མི་ཟད་པ་སྟེ། ཕྱོགས་བཞིའི་སེམས་ཅན་ཇི་སྙེད་པས་རིག་པ་བཞི་པོ་སོ་སོར་དྲིས་ན་བྱང་སེམས་དེས་དེ་དག་སོ་སོའི་སྐད་ཀྱིས་དུས་གཅིག་ཏུ་ཐམས་ཅད་ལ་དོན་ཐམས་ཅད་རིག་པར་བྱེད་པའོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་གཟུངས་ནི། བྱང་སེམས་དེ་འཁོར་གྱི་ནང་དུ་ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པའི་སྤྱི་གཙུག་ཏུ་སངས་རྒྱས་ཀྱི་སྐུ་གསེར་མདོག་མཚན་དཔེས་བརྒྱན་པའི་ཕྱག་གཡས་པ་བཞག་


MR22_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོད་ལ་བྱང་སེམས་དེ་སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པའི་ལུས་ངག་ཡིད་དང་དྲན་པ་དང་ལྡན་པར་འགྱུར་ཏེ། དེས་འཁོར་རྣམས་ཀྱི་བསམ་པ་ཇི་ལྟ་བར་ཆོས་སྟོན་ལ། ཞག་གཅིག་ནས་ལོ་བརྒྱ་སྟོང་ཇི་ཙམ་འདོད་པར་ཆོས་བསྟན་ཀྱང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བཟུང་བའི་ཕྱིར་ཆོས་བསྟན་པ་མི་ཟད། ལུས་སེམས་མི་ངལ། སེམས་ཅན་རྣམས་ཀྱི་བསམ་པ་དང་མཐུན་པར་ཆོས་སྟོན་པར་བྱེད་དོ། །ཞེས་གསུངས་པ་སོགས་གཟུངས་ཀྱི་རྣམ་གྲངས་མང་པོ་མདོ་ལས་ཤེས་པར་བྱའོ། །མི་འཇིགས་པའི་སྤོབས་པ་ནི་ཚིག་དང་དོན་གྱི་གནས་མ་ལུས་པ་སོ་སོ་ཡང་དག་པར་རིག་པའི་ཤེས་རབ་ཀྱི་མཐུ་ལས་ཟབ་ཅིང་རྒྱ་ཆེ་བའི་གནས་ལ་ཐོགས་པ་མེད་པའི་སྤོབས་པ་སྟེ། འདི་ལ་ཤེས་བྱའི་དོན་གང་ཡིན་པ་གཞལ་བ་ཙམ་གྱིས་མི་འགྱང་བར་ཤེས་པ་མྱུར་བའི་སྤོབས་པ། ནག་ནོག་དང་འཁྲུལ་པའི་དྲི་མ་མེད་པ་གསལ་བའི་སྤོབས་པ། རྣམ་པ་སྣ་ཚོགས་མཐའ་ཐུག་པ་མེད་པའི་དོན་རྟོགས་པ་རྒྱ་ཆེ་བའི་སྤོབས་པ། ཕྲ་ཞིང་གཏིང་དཔག་དཀའ་བའི་དོན་བདེ་བླག་ཏུ་ཤེས་པ་རྣོ་བའི་སྤོབས་པ། མཆོག་ཏུ་ཞི་བ་སྤྲོས་མེད་ཀྱི་དོན་ལ་འཇུག་པ་ཟབ་པའི་སྤོབས་པ། ཅི་ཙམ་བརྗོད་ཀྱང་ཟད་མི་ཤེས་པ་རྒྱུན་མི་འཆད་པའི་སྤོབས་པ་ལྟ་བུས་མཚོན་ནས་རྣམས་གྲངས་སྣ་ཚོགས་སུ་མདོ་ལས་གསུངས་པ་ལྟ་བུའོ། །གཞན་ཡང་མི་བརྗེད་པའི་དྲན་པ་དང་། ཆོས་རབ་ཏུ་འབྱེད་པའི་བློ་གྲོས་དང་། དམ་པའི་ཆོས་ཀྱི་དོན་རྟོགས་པ་དང་གསུམ་པོ་འདི་ནི་སྤོབས་པའི་རྒྱུ་ཡིན་ལ། རྒྱུ་དེ་


MR22_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། དྲན་པ་གཙོ་ཆེ་བའི་གཟུངས་ཐོབ་པ་དང་། ཤེས་རབ་ཀྱི་བྱེད་ལས་གཙོ་ཆེ་བའི་སྤོབས་པ་གཉིས་འབྱུང་ལ། དེ་ལས་ཆོས་འཛིན་པ་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་དང་། སྐྱེ་མེད་ཀྱི་དོན་ལ་བཟོད་པ་ཐོབ་པར་བྱེད་དོ། །གཟུངས་སྤོབས་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་བཀོད་མའི་ཆུ་ལྟ་བུ་སྟེ། གཟུངས་ཀྱིས་མི་ཟད་པ་དང་། སྤོབས་པས་འབྱིན་པར་བྱེད་པའི་སྒོ་ནས་ཆོས་བསྟན་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ཆོས་ཀྱི་སྡོམ་བཞི་ནི་འདུ་བྱེད་ཐམས་ཅད་མི་རྟག་པ། འདུ་བྱེད་ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །དམ་པའི་ཆོས་ཀྱི་བརྗོད་བྱའི་དོན་གྱི་གཙོ་བོ་ཐམས་ཅད་འདི་བཞི་ལ་འདུས་པས་འདི་བཞི་བརྗོད་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བརྗོད་པར་མདོ་ལས་གསུངས་སོ། །དེ་བཞི་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་ཀུན་དགའི་སྒྲ་སྙན་པོ་དང་འདྲ་བར་གདུལ་བྱ་ཚིམ་པར་བྱེད་པའོ། །བགྲོད་པ་གཅིག་པུའི་ལམ་ནི་གང་ནས་ཞུགས་ཀྱང་འདིར་མཐར་ཐུག་པའི་འཇུག་ངོགས་ཏེ། ཐར་ལམ་ཐུན་མོང་དུ་བདག་མེད་ལྟ་བུ་དང་། ཐེག་ཆེན་ལམ་ལྟར་ན་མཉམ་པ་ཉིད་དམ། མཐར་ཐུག་ཞི་བའི་ཆོས་སྐུ་ཆེན་པོར་འཇུག་པ་རྡོར་ཏིང་ལྟ་བུའོ། །ལམ་ལ་འཇུག་པ་པོ་ལ་སྦྱར་ན་གཅིག་པུས་བགྲོད་པ་ཞེས་བདག་གཅིག་པུས་སེམས་ཅན་ཐམས་ཅད་སྨིན་པར་བྱའོ་སྙམ་པ་


MR22_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྫོགས་སྨིན་སྦྱང་བ་མཐའ་མེད་པ་ཐམས་ཅད་གཞན་ལ་རག་མ་ལས་པར་རང་ཁོ་ནས་བྱེད་པའི་དོན་ནོ། །འདི་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་ཆུ་བོའི་ཀླུང་ཆེན་པོའི་རྒྱུན་རྒྱ་མཚོར་འབབ་པ་ལྟར་མཐར་བྱང་ཆུབ་ཆེན་པོར་གཞོལ་བའོ། །ཐབས་ལ་མཁས་པ་ནི་ཤེས་རབ་ཁྱད་པར་ཅན་གཙོ་བོར་གྱུར་པའི་སྟོབས་ཀྱིས་ཚེགས་ཆུང་ངུས་དོན་ཆེན་པོ་དང་བྱ་དཀའ་བ་རྣམས་བདེ་བླག་ཏུ་འགྲུབ་པ་སོགས་ངོ་མཚར་བའི་ཚུལ་ཅན་ཏེ། དཔེར་ན་སྦྱིན་པ་ཆུང་ངུ་ཞིག་བཏང་བ་ལ་ཡང་བསམ་པ་སེམས་བསྐྱེད་དང་། སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་རྒྱུར་སྦྱིན་པའི་བསམ་པས་ཟིན་པ་དང་། སྦྱོར་བ་གུས་ཤིང་སྤྲོ་བ་སོགས་ཀྱིས་ཕ་རོལ་གྱི་བསམ་པ་རྫོགས་པར་བྱེད་པ་དང་། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་དང་། རྗེས་ལ་ཡི་རང་ཞིང་བསྔོ་བས་རྒྱས་གདབ་པ་ལྟ་བུའི་སྒོ་ནས་ཚད་མེད་པར་འཕེལ་བས་ཕར་ཕྱིན་རྫོགས་པར་བྱེད་པ་ལྟ་བུ་དང་། ཡང་ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ་ཞིང་སྡིག་པ་བཤགས་པ་སོགས་ཡན་ལག་བདུན་པའི་སྒོ་ནས་ཚོགས་རླབས་པོ་ཆེ་ཚེགས་མེད་པར་རྫོགས་པར་བྱེད་པ་ལྟ་བུ་དང་། ཤིན་ཏུ་ཡུན་རིང་པོ་ན་རྟོགས་པར་བྱ་བ་ཡང་ཐབས་ལ་མཁས་པས་བདེ་བླག་ཏུ་རྟོགས་ཏེ་མངོན་ཤེས་མྱུར་པར་བྱེད་པ་དང་། དུས་དང་དུས་མིན་ཐབས་དང་ཐབས་མིན་སོགས་ཤེས་ནས་གདུལ་བྱ་སེམས་ཅན་ལ་འདུལ་ཐབས་སྣ་ཚོགས་པའི་དབང་གིས། ལ་ལ་ཚར་གཅོད་པ། ལ་ལ་རྗེས་སུ་འཛིན་པ། ལ་ལ་


MR22_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་སྤྱོད་པས་འདུལ་བ་དང་། དེ་བཞིན་དུ་ཆོས་སྟོན་པ། རྩེད་མོ་བྱས་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པ་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པའི་ཆེད་དུ། བདུད་བཞི་དང་ཉན་རང་གི་ས་ལས་འདའ་བ་དང་། རྣམ་ཐར་སྒོ་གསུམ་རྟོགས་པས་ཆོས་རྣམས་ལ་མཐའ་གང་དུའང་མི་གནས་པ་དང་། ཡང་དག་མཐའ་ཤེས་ཀྱང་དུས་མིན་དུ་མངོན་དུ་མི་བྱེད་པ་དང་། འཇུག་ཡུལ་གང་ལ་ཡང་དུས་དང་དུས་མིན་ཤེས་ནས་འཇུག་པ་དང་། སྨོན་ལམ་གྱི་ཤུགས་ཇི་ལྟ་བ་བཞིན་དུ་འབྱིན་པ་དང་། ཆོས་གང་ལ་ཡང་མ་ཆགས་པ་དང་། ཐབས་མཁས་པའི་ཡུལ་ཚད་མེད་པ་ཤེས་པ་དང་། ཉོན་མོངས་རྣམས་དབང་དུ་བྱས་ཏེ་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒྱུར་བ་དང་། དངོས་པོ་རྣམས་དག་པའི་ཆོས་ཉིད་དུ་འཆར་བ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་དེ། ཐབས་མཁས་འདི་དང་མཚུངས་ལྡན་གྱི་སེམས་བསྐྱེད་ནི་སྤྲིན་ཆེན་པོ་དང་འདྲ་སྟེ་དགེ་བའི་ལོ་ཏོག་སྨིན་པར་བྱེད་ལ། སྤྲིན་དེ་ལ་རྣམ་རྟོག་མེད་ཀྱང་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་ནས་ངན་སོང་དག་གི་བར་དུ་རྣམ་པ་སྣ་ཚོགས་པའི་བཀོད་པ་སོ་སོར་སྟོན་པ་ལྟ་བུའོ། །དེ་ལྟར་བརྒྱད་ཅུ་པོའི་དང་པོ་བཞི་ནི་མོས་སྤྱོད་དུའོ། །ཕྱིན་དྲུག་ནི་གཙོ་ཆེར་ས་དྲུག་པོ་ན་རིམ་པ་བཞིན་ནོ། །ས་བདུན་པར་ཐབས་མཁས་ལྔ་སྟེ། སེམས་ཅན་མི་འདོར་བ་ཚད་མེད་བཞི། མངོན་པར་འདོད་པའི་འབྲས་བུ་རྒྱ་ཆེན་པོ་ལ་དབང་


MR22_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་མངོན་ཤེས་ལྔ། སེམས་ཅན་སྨིན་བྱེད་བསྡུ་དངོས་བཞི། གྲོལ་བྱེད་ཡང་དག་རིག་པ་བཞི། ཆུད་མི་ཟ་བ་རྟོན་པ་བཞིའོ། །ཇི་ལྟར་ཆུད་མི་ཟ་ན་སྔ་མ་གསུམ་གྱིས་ལུང་གི་ཆོས་དང་། ཡེ་ཤེས་ལ་རྟོན་པས་རྟོགས་པའི་ཆོས་ལ་ཆུད་མི་ཟ་བར་དབང་བསྒྱུར་བར་ནུས་སོ། །དེ་ལྟར་བདུན་ནི་ལྷག་བསམ་དག་པའི་གནས་སྐབས་སོ། །ས་བརྒྱད་པར་སྟོབས་ཀྱི་ཕར་ཕྱིན་ལ་ཉེ་བར་རྟོན་པ་ཚོགས་གཉིས། ངེས་པར་འབྱིན་པ་བྱང་ཕྱོགས་སོ་བདུན། དེ་གཉིས་ཀའི་རྟེན་ཞི་ལྷག་དང་གསུམ་མོ། །ས་དགུ་པར་སྨོན་ལམ་ཆེན་པོ་ལ་དབང་བས་འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱའི་སྐལ་པ་དང་མཐུན་པར་ཡང་དག་རིག་པ་བཞིས་ཆོས་འཆད་པ་ལ། བཤད་པའི་རྒྱུ་གཟུངས་སྤོབས། བཤད་པའི་ངོ་བོ་སྡོམ་བཞིའོ། །དག་པ་ས་གསུམ་ན་ངར་འཛིན་མེད་པས་རྒྱུད་ཐ་དད་དུ་འཛིན་པ་མེད་པའི་ཕྱིར་བགྲོད་གཅིག་ལམ་མཉམ་པ་ཉིད་ལ་ཞུགས་པས་གཅིག་པུས་བགྲོད་པ་ཞེས་ཀྱང་རུང་ངོ་། །ས་བཅུ་པར་མངོན་ཤེས་དྲུག་ལ་མངའ་བརྙེས་ཤིང་ཡེ་ཤེས་ཀྱི་ཕར་ཕྱིན་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་དུ་མཛད་པ་བཅུ་གཉིས་སོགས་སྟོན་པའི་ཐབས་ལ་མཁས་པ་སྟེ། དེ་ལྟར་དག་པའི་ས་གསུམ་རྣམ་པར་སྨིན་པའི་གནས་སྐབས་དང་སྦྱར་བའོ། །སྒྲིབ་པ་ཐམས་ཅད་སྤང་བ་སངས་རྒྱས་ཀྱི་ས་ན་ལམ་ཐམས་ཅད་ཡོངས་སུ་མཐར་ཕྱིན་ཏེ་རྣམ་པར་སྨིན་པ་མཐར་ཐུག་པ་ཉིད་དོ། །འདི་དག་གཙོ་ཆེ་བའི་དབང་དུ་བྱས་ཀྱི་ལམ་ཐམས་ཅད་ན་ཡང་ཀུན་གྱི་ཉམས་


MR22_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་ཆ་ཡོད་པར་ཤེས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་དེ་དག་ཉམས་སུ་ལེན་ཚུལ་མདོར་བསྡུས་ན། མགོན་པོ་བྱམས་པས་ཐེག་པ་ཆེན་པོ་བསྡུ་བའི་དོན་གསུངས་པ། རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་སེམས་ནི་བསྐྱེད་པ་དང་། །སྦྱིན་ལ་སོགས་པ་སྒྲུབ་པ་དང་། །སྐྱོན་མེད་པ་ལ་འཇུག་པ་དང་། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང་། །ཞིང་ནི་རྣམ་པར་སྦྱོང་བ་དང་། །མི་གནས་མྱ་ངན་འདས་པ་དང་། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་པ་ལྟར། འདིའི་དང་པོ་བཞི་ནི་གཙོ་བོར་མོས་སྤྱོད་ཀྱི་སས་བསྡུས་པའོ། །སྐྱོན་མེད་པ་ལ་འཇུག་པ་ས་དང་པོའི་སྐབས་སོ། །དེའི་རྗེས་ཀྱི་གསུམ་ནི་སྒོམ་ལམ་གྱི་སྐབས་ཀུན་ཏུའོ། །ཐ་མ་གཉིས་ནི་སངས་རྒྱས་ཀྱི་སས་བསྡུས་པ་འབྲས་བུའོ། །དེ་ཡང་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དེ་ཐེག་ཆེན་ལ་འཇུག་པར་བྱེད་པ་ཡིན་ནོ། །རིགས་ཞེས་པ་གང་ཞེ་ན་རང་བཞིན་དུ་གནས་པའི་རིགས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། དེའི་ངོ་བོ་ནི་གདོད་ནས་སྐུ་དང་ཡེ་ཤེས་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་རིག་སྟོང་ཟུང་དུ་འཇུག་པ་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པ། རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཐམས་ཅད་ལ་རྗེས་སུ་སོང་བའི་དེ་བཞིན་ཉིད་ནམ་མཁའ་ལྟར་འཕོ་འགྱུར་མེད་པ་ཉིད་ཡིན་ལ། དེའི་ངང་ན་སེམས་ཅན་གྱི་ཕུང་པོ་ཁམས་དབང་རྣམས་སྐྱེ་འཇིག་བྱེད་ཀྱང་དེ་ལ་སྐྱེ་འཇིག་མེད་ལ། དེའི་རང་


MR22_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྟོགས་པ་ལས་དཀོན་མཆོག་གསུམ་འབྱུང་བ་ཡིན་ནོ། །ཟག་མེད་ཀྱི་ཁམས་དེ་སེམས་ཅན་ཐམས་ཅད་ལ་ཁྱད་མེད་པར་སེམས་ཀྱི་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པ་ནི་ས་འོག་གི་གཏེར་ལ་སོགས་པའི་དཔེའི་ཚུལ་གྱིས་བསྟན་ཏོ། །འོན་ཀྱང་རིགས་ཀྱི་དྲི་མ་བཞི་པོས་བསྒྲིབས་ནས་རིགས་མ་སད་པ་རྣམས་ལ་རིགས་ཡོད་ཀྱང་བྱ་བ་བྱེད་པ་མངོན་དུ་མི་སྣང་ལ། རང་བཞིན་གྱིས་དག་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པ་ཡང་ཡིན་པས་ཕལ་པས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །གལ་ཏེ་རིགས་ཀྱི་དྲི་མ་བསྲབ་ན་རིགས་དེའི་བྱེད་ལས་འཁོར་བ་སྤོང་འདོད་དང་མྱང་འདས་སྒྲུབ་འདོད་འབྱུང་བར་བྱེད་དོ། །རིགས་ཀྱི་དྲི་མ་བཞི་ནི་ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ། བདག་ཏུ་ལྟ་བ། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ། སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པའོ། །དྲི་མ་དེ་རྣམས་དག་པར་བྱེད་པའི་རྒྱུ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ། ལྷག་པའི་ཤེས་རབ་དང་ཏིང་ངེ་འཛིན་སྙིང་བརྩེ་བ་དང་བཞིའོ། །དེ་བཞི་དང་ལྡན་ན་རིགས་སད་པའི་སྟོབས་ཀྱིས་ཐེག་པ་ཆེན་པོའི་དགེ་བ་ཡང་དག་པར་ལེན་པའི་རྒྱས་འགྱུར་གྱི་རིགས་ཐོབ་ལ། ཐེག་ཆེན་གྱི་ཆོས་ལ་མོས་པ་ལྷག་པར་འབྱུང་བ་ཡིན་ནོ། །མོས་པ་དེ་ལ་བརྟེན་ནས་ཐེག་ཆེན་གྱི་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཕྱི་ཡི་ཡོངས་འཛིན་ཐེག་ཆེན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་


MR22_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། མཐའ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་སངས་རྒྱས་འཐོབ་པ་ལ་ཉེ་བའི་ཐབས་ཀྱི་དམ་པར་གྱུར་པ། མཐར་འཛིན་དང་དམིགས་པ་ཅན་འབྲས་ཡུམ་ལ་རིང་ཞིང་ཐེག་ཆེན་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པ་རྣམས་ཀྱི་གཉེན་པོར་གྱུར་པའི་ལམ་ཡང་དག་པ་ཟབ་ཅིང་རྒྱ་ཆེ་བ་ཟུང་དུ་འཇུག་པའི་གདམས་ངག་ཚང་ལ་མ་ནོར་བ་ནོད་པར་བྱས་ནས་དེ་ཚུལ་བཞིན་ཡིད་ལ་བྱ་བ་ནང་གི་ཡོངས་འཛིན་དང་མ་བྲལ་བར་བྱའོ། །དེ་ལྟར་བྱས་ནས་བསམ་པ་ཕུན་ཚོགས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པས། སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་པོ་ཉིད་མོས་བསྔོ་ཡི་རངས་སོགས་ཐབས་མཁས་དང་མི་རྟོག་པའི་ཤེས་རབ་ཕར་ཕྱིན་ཟུང་དུ་འབྲེལ་བའི་སྒོ་ནས་བསྒྲུབ་པར་བྱའོ། །དེ་ལྟར་ཡུལ་མི་དམིགས་ཤིང་ཡུལ་ཅན་གྱིས་མི་སྦྱོར་བའི་ཚུལ་གྱིས་ཤེར་ཕྱིན་ཉམས་སུ་བླངས་པས་ཚོགས་ཀྱི་ལམ་བགྲོད་ནས་སྦྱོར་ལམ་བཞིར་འཁོར་བ་ལས་དབུགས་དབྱུང་ཞིང་མཚན་མའི་རྣམ་རྟོག་མངོན་དུ་རྒྱུ་ནུབ་པས་མཚམས་ཀྱི་ནགས་ཚལ་མཐོང་བ་དང་རྒྱ་མཚོ་དང་ཉེ་བར་གྱུར་ཏེ། རི་སོགས་མི་སྣང་བའི་དཔེས་བསྟན་པ་ལྟར་དེ་དག་གི་སྦྱོར་བ་རྣམས་རྫོགས་པའི་མཐུས། སྤང་བྱའི་སྐྱོན་མེད་པ་འཇིག་རྟེན་ལས་འདས་པའི་ལམ་གྱི་དང་པོ་མཐོང་ལམ་འཕགས་པའི་ས་ལ་འཇུག་པར་འགྱུར་རོ། །དེ་ལྟར་ཞུགས་ནས་ཚད་མེད་དང་བསྡུ་དངོས་མངོན་ཤེས་ལྔ་སོགས་ཐབས་མཁས་ཀྱི་


MR22_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཅི་རིགས་པའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཞིང་སྦྱང་བ་དང་། ཟབ་དང་རྒྱ་ཆེའི་ལམ་ཐམས་ཅད་ཟུང་དུ་ཞུགས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་སྟོབས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་སྲིད་ཞི་མཉམ་ཉིད་དུ་རྟོགས་པས་སངས་རྒྱས་ཀྱི་ཆོས་རྫོགས་པར་བྱེད་པ་སྟེ། དེ་ལྟར་མདོར་ན་རྫོགས་སྨིན་སྦྱང་བ་ཁྱད་པར་ཅན་ལ་བསླབ་པར་བྱའོ། །དེ་ཡང་མ་དག་པའི་ས་བདུན་དུ་སེམས་ཅན་སྨིན་བྱེད་གཙོ་བོར་གྱུར་པས་དེ་གསུམ་ཆུང་ངུ་དང་དག་ས་གསུམ་དུ་སྐུ་གསུམ་དངོས་སུ་ཐོབ་བྱེད་སྲིད་ཞི་མཉམ་ཉིད་ཞིང་དག་པ་ཐབས་མཁས་སྦྱོར་བ་གསུམ་ཁྱད་པར་ཅན་འབྱུང་བ་ཡིན་ནོ། །དེ་ཡང་ཁ་ཕྱིར་བལྟས་སྒོ་ལྔའི་རྣམ་ཤེས་གནས་གྱུར་པས་ཞིང་དག་པ་མངོན་དུ་སྣང་ཞིང་། ནང་བལྟས་ཉོན་ཡིད་གནས་གྱུར་པས་སྲིད་ཞིར་མི་གནས་པའི་མཉམ་ཉིད་མངོན་དུ་གྱུར་པ་ཡིན་ལ། དེའི་སྟོབས་ཀྱིས་ཐབས་མཁས་ཚད་མེད་པས་སྤྲུལ་པའི་རྣམ་རོལ་སྣ་ཚོགས་ཀྱིས་སེམས་ཅན་སྨིན་པར་བྱེད་པ་དང་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་སོགས་ཀྱང་ཁྱད་པར་འཕགས་པ་ཐོབ་བོ། །དེ་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཆོས་ཀྱི་སྐུ་ཐོབ་པ་དང་། དེ་ཐོབ་ནས་ནམ་མཁའ་ཇི་སྲིད་དུ་གཟུགས་ཀྱི་སྐུས་ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་བྱང་ཆུབ་ཆེན་པོའི་ཚུལ་མཛད་པ་བཅུ་གཉིས་སོགས་སྟོན་པའི་ཕྲིན་ལས་སེམས་ཅན་གྱི་ཁམས་ལ་རྒྱུན་མི་འཆད་པར་འཇུག་པ་ཡིན་ནོ། །ཐེག་པ་ཆེན་པོའི་ལམ་བགྲོད་ཚུལ་ནི་ལམ་


MR22_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ས་བཅུ་གཅིག་གི་ཚུལ་གྱིས་བགྲོད་དེ། དེ་ཡང་ལམ་ལྔ་པོ་བྱང་ཕྱོགས་སོ་བདུན་གྱིས་བགྲོད་པ་གོང་བཤད་ལྟར་ལ། ཁྱད་པར་འཕགས་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡིན་པས་མཐོང་ལམ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་ཚེ་བདག་མེད་གཉིས་ཀ་ཡོངས་སུ་རྫོགས་པའི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་གཟིགས་པ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་སོགས་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པ་ཡིན་ནོ། །དེའི་ཚེ་འཇིགས་པ་ལྔ་དང་བྲལ་བ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་སོགས་འབྱུང་ངོ་། །དེའི་འོག་ཏུ་སྒོམ་པའི་ལམ་གྱིས་སྒོམ་སྤང་སྐོར་དགུ་སྤང་བས་རིམ་པ་ལྟར་ས་གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་ཐོབ་སྟེ་ས་འདི་དག་ལ་གནས་པ་རྣམས་ཐེག་པ་ཆེན་པོའི་འཕགས་ལམ་ཡན་ལག་བརྒྱད་དང་ལྡན་པ་ཡིན་ནོ། །ས་བཅུ་པོ་འདི་དག་གི་སྐབས་སུ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་སྒྲིབ་པ་གཉིས་ཀ་རིམ་བཞིན་སྤོང་བར་བྱེད་དོ། །དེ་ཡང་ཉོན་མོངས་པ་སྤོང་ཚུལ་གོང་དང་འདྲ་སྟེ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་གང་ཟག་གི་བདག་འཛིན་ཡིན་པས་བདག་མེད་མཐོང་བས་དེ་ལྡོག་པར་བྱེད་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་ཞེས་བྱ་བ་ནི། ཇི་ལྟ་ཇི་སྙེད་ཀྱི་དོན་མ་ནོར་བར་


MR22_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ལ་གེགས་སུ་གྱུར་པའི་སྒྲིབ་པའོ། །དེ་རྒྱུ་གང་ལས་བྱུང་ན་ཆོས་ཐམས་ཅད་གཉིས་མེད་ཆོས་དབྱིངས་ཀྱི་རང་བཞིན་དུ་གནས་པ་མ་རྟོགས་ཤིང་གཟུང་འཛིན་སྣ་ཚོགས་སུ་འཛིན་པ་ལས་སོ། །དེའི་ཕྱིར་འཁོར་གསུམ་དུ་རྣམ་པར་རྟོག་པ་ཤེས་སྒྲིབ་ཏུ་མགོན་པོ་བྱམས་པས་གསུངས་སོ། །འཁོར་གསུམ་དུ་རྟོག་པའི་རྩ་བ་ནི་ཆོས་ཀྱི་བདག་འཛིན་ཡིན་པས་མདོར་ན་ཆོས་ཀྱི་བདག་འཛིན་ལས་བྱུང་བའི་སྒྲིབ་པ་ཐམས་ཅད་ཤེས་སྒྲིབ་ཡིན་ལ། ཆོས་བདག་མེད་སྟོང་པ་ཉིད་མཐོང་བས་དེ་སྤོང་བར་བྱེད་དོ། །དེས་ཇི་ལྟ་བ་ལ་སྒྲིབ་པའི་ཤེས་སྒྲིབ་སྤོང་དུ་ཆུག་ཀྱང་ཇི་སྙེད་པ་ལ་སྒྲིབ་པའི་ཤེས་སྒྲིབ་ཇི་ལྟར་སྤོང་ནུས་སྙམ་ན། ཇི་སྙེད་པ་དང་ཇི་ལྟ་བ་རྣམས་དངོས་པོའི་དོན་ལ་ཐ་དད་དུ་མེད་ལ། དངོས་པོའི་རང་བཞིན་དང་མི་མཐུན་པར་འཛིན་པའི་རྨོངས་པས་སེམས་བསླད་པ་དེ་ཉིད་སྤང་ན་དངོས་པོ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡེ་ཤེས་དེས་ཇི་སྙེད་པའི་དོན་ཐམས་ཅད་འབད་མེད་དུ་རྟོགས་པར་འགྱུར་ཏེ། དཔེར་ན་མིག་གི་རབ་རིབ་དག་ན་གཟུགས་ཇི་སྙེད་པ་གསལ་པོར་ཤེས་པ་དང་། སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བ་བསམ་གཏན་གྱི་སེམས་ཀྱིས་ལྐོག་གྱུར་རྣམས་ཀྱང་ཤེས་པ་བཞིན་ནོ། །དེ་ལྟར་ས་དང་པོའི་ཡེ་ཤེས་ཐོབ་པས་ཆོས་དབྱིངས་ཀུན་ཏུ་འགྲོ་བར་མ་རྟོགས་པའི་རྨོངས་པ་བསལ་བས་དེའི་རྗེས་ཐོབ་ན་ཆོས་ཀྱི་དབྱིངས་ཤེས་བྱ་ཀུན་ལ་རྗེས་སུ་འགྲོ་བ་འབད་མེད་དུ་རྟོགས་ནས་མ་རྨོངས་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པས་


MR22_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ནས་ཀུན་རྨོངས་བཅུ་ས་བཅུས་སྤང་པར་དབུས་མཐའ་ལས་གསུངས་པས་མཚོན་ནས་ས་རྣམས་སུ་ཤེས་སྒྲིབ་སྤང་བའི་སྟོབས་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་རྨོངས་པ་མེད་པར་གོང་ནས་གོང་དུ་འཕགས་པར་འགྱུར་རོ། །དེའི་ཕྱིར་ས་རང་རང་གི་ངོས་སྐལ་གྱི་སྒྲིབ་གཉིས་སྤོང་བའི་རྗེས་ཐོགས་སུ། ས་དེ་དང་དེའི་གནས་སྐབས་ན་རང་རང་གི་སྐབས་དང་འཚམས་པར་བསྒྲུབ་བྱ་རྫོགས་སྨིན་སྦྱང་བའི་དོན་ལ་འཇུག་པ་དང་། ས་གོང་མ་གོང་མའི་སྤྱོད་ཡུལ་ལ་འཇུག་པར་རུང་བ་ཉིད་དུ་སྒྲུབ་པའི་ཕྱིར་ས་རྣམས་ཀྱི་ཡོངས་སྦྱོང་ལ་བརྩོན་པར་བྱེད་པ་ཡིན་ནོ། །མཐར་སྒྲིབ་གཉིས་ས་བོན་བག་ཆགས་དང་བཅས་པ་ཡོངས་སུ་དག་པ་སངས་རྒྱས་ཀྱི་ས་ན་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་གཟིགས་པར་འགྱུར་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པའི་ཕྱིར་རོ། །ས་འདི་དག་གི་སྐབས་སུ་སྤང་བྱ་གང་དང་གང་སྤོང་བ་དང་། ཕར་ཕྱིར་གང་དང་གང་དག་པ་ཐོབ་པ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཀྱིས་མཚོན་པའི་ཡོན་ཏན་ཇི་དང་ཇི་ཐོབ་པ་དང་། ཟག་མེད་ཀྱི་ཕུང་པོ་ལྔ་ཇི་ལྟར་སྦྱང་བ་དང་། གནས་གྱུར་པ་གང་དང་གང་ཐོབ་པ་དང་། ས་དེ་དག་གི་ངེས་ཚིག་སོགས་ཀྱི་རྣམ་བཞག་རྒྱས་པ་གཞན་ལས་རྟོགས་པར་བྱའོ། །དེ་ཡང་ས་དང་སར་ཆོས་ཉིད་མཉམ་པ་ཉིད་ཀྱི་རྗེས་སུ་ཞུགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་གོང་ནས་གོང་དུ་འཕགས་པའི་དབང་གིས་མ་དག་གཟུང་འཛིན་གྱིས་བསླད་པའི་དུས་


MR22_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྣང་བའི་སྣང་བ་རྣམས་གནས་གྱུར་པ་རིམ་པས་ཐོབ་པའི་གནས་གྱུར་གྱི་རྣམ་གྲངས་མང་པོ་གསུངས་པ་མདོར་བསྡུས་ན་ཐུན་མོང་སྣོད་ཀྱི་འཇིག་རྟེན་དང་ལུས་སུ་སྣང་བ་རྣམས་གནས་གྱུར་པ་ཐོབ་པས་ཞིང་དང་ལུས་དག་པ་ཉིད་དུ་སྣང་སྟེ་དེའི་ཚེ་ན་དེའི་ཡུལ་ཅན་སྒོ་ལྔའི་ཤེས་པ་ཡང་གནས་གྱུར་པ་ཐོབ་དགོས་པས་དེ་གནས་གྱུར་པས་ཇི་ལྟར་འདོད་པའི་འབྱོར་པས་མཛེས་པའི་སངས་རྒྱས་ཀྱི་ཞིང་དག་པར་སྣང་ཞིང་ཐམས་ཅད་དུ་མངོན་པར་ཤེས་པའི་མཐུ་བསམ་གྱིས་མི་ཁྱབ་པ་ཐོབ་བོ། །རྟེན་དབང་པོ་ལྔ་གནས་གྱུར་པས་དབང་པོ་རེ་རེའང་ཡུལ་ཀུན་ལ་འཇུག་ནུས་པ་དང་དབང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཀྱི་འབྱོར་པ་དམ་པ་ཐོབ་པར་འགྱུར་རོ། །འཁྲིག་པའི་ཚོར་བ་གནས་གཞན་དུ་གྱུར་པ་ན་ཟག་མེད་ཀྱི་བདེ་བར་གནས་ཤིང་བུད་མེད་མཐོང་ན་ཉོན་མོངས་མི་སྐྱེ་བའི་འབྱོར་པ་ཐོབ་པ་དང་། ནམ་མཁའི་འདུ་ཤེས་གནས་གྱུར་པ་ན་ནམ་མཁའ་ལས་བསམ་པའི་དོན་ཐམས་ཅད་འབྱུང་བ་དང་། ནམ་མཁའ་དང་རི་བྲག་སོགས་ལའང་ཐོགས་མེད་དུ་འགྲོ་བ་དང་། ནམ་མཁའ་ལས་གཟུགས་སྣ་ཚོགས་སྟོན་པ་འགྲུབ་བོ། །ཐ་མལ་པའི་ངག་དང་མདོ་སྡེ་སོགས་སུ་སྣང་བའི་སྒྲ་ཡི་སྣང་བ་སྒྲ་ཡི་སྣང་བ་གནས་གྱུར་པ་ན་ཆོས་ཀྱི་སྒྲ་དབྱངས་མི་ཟད་པ་འདོམ་པ་ལ་དབང་ཐོབ་པ་དང་། རྟོག་བཅས་ཀྱི་ཡིད་གནས་གྱུར་ན་དུས་རྟག་ཏུ་ཐོགས་པ་མེད་པའི་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང་ལས་རྣམས་ཀུན་ལ་ཐོགས་པ་མེད་པ་ལ་དབང་འབྱོར་བ་དམ་པ་ཐོབ་པར་འགྱུར་རོ། །ཉོན་མོངས་པའི་ཡིད་གནས་གྱུར་ན་


MR22_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྔའི་ཟག་མེད་ཀྱི་འབྱོར་པ་དང་མཐུན་པར་ལོངས་སྤྱོད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དྲི་མ་མེད་པ་ལ་དབང་འབྱོར་པ་དམ་པ་ཐོབ་པར་འགྱུར་རོ། །རྟེན་ཀུན་གཞིའི་རྣམ་ཤེས་གནས་གྱུར་ན། མི་གནས་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ས་དྲི་མ་མེད་པའི་གནས་ལ་དབང་འབྱོར་པ་དམ་པ་ཐོབ་པར་འགྱུར་རོ། །དེ་ལྟར་མདོར་ན་མ་དག་པའི་དུས་ན་ཇི་ལྟར་སྣང་བ་སྣང་སྲིད་ཀྱིས་བསྡུས་པའི་ཆོས་རྣམས་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་རང་རང་གི་སྣང་བ་གནས་གྱུར་པའི་ཚེ་ན་དེ་སྙེད་ཀྱི་གནས་གྱུར་གྱི་སྣང་བ་ཡོངས་སུ་དག་ཅིང་རྒྱ་ཆེ་བའི་འབྱོར་པ་བསམ་གྱིས་མི་ཁྱབ་པ་ཡོད་པས་སངས་རྒྱས་ཀྱི་ས་ན་ཟག་མེད་ཀྱི་འབྱོར་བ་ཆོས་ཀྱི་དབྱིངས་ཀྱི་ས་ཀླས་པ་བསམ་གྱིས་མི་ཁྱབ་པ་ཡོད་དེ། འདི་ལྟར་ཉན་ཐོས་རྣམས་ཀྱི་ཡོན་ཏན་གྱི་འབྱོར་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་ལ། ཉན་ཐོས་རྣམས་ཀྱི་འབྱོར་པ་རང་སངས་རྒྱས་ཀྱི་ཟིལ་གྱིས་གནོན་ཀྱང་དེས་བྱང་ཆུབ་སེམས་དཔའི་འབྱོར་པའི་ཆ་ཙམ་ཡང་མི་ཕོད་དོ། །བྱང་སེམས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་འབྱོར་པའི་ཆར་ཡང་མི་ཕོད་པས། སངས་རྒྱས་རྣམས་ཀྱི་གནས་ཡོངས་སུ་གྱུར་པའི་འབྱོར་པ་ནི་ཚད་གཞལ་དུ་མེད་པར་གསུངས་སོ། །ས་བཅུའི་རྒྱུན་གྱི་མཐའ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་མི་སློབ་ལམ་མངོན་དུ་བྱེད་དེ། དེ་ཡང་སྔོན་སློབ་ལམ་དུ་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་ཀུན་ཐ་སྙད་


MR22_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་འདྲེས་མ་ནོར་བར་ཤེས་ཤིང་དོན་དམ་པར་རང་བཞིན་མེད་པར་རྟོགས་ནས་བདེན་གཉིས་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ལ་ཆོས་ཐམས་ཅད་འདུས་པའི་ཚུལ་དུ་གོམས་པར་བྱས་པ་མཐར་ཐུག་པའི་སྐབས་འདིར། ཤེས་བྱའི་ཆོས་ཐམས་ཅད་ཅིག་ཆར་གསལ་ལ་མ་འདྲེས་པར་རྫོགས་ཀྱང་མཚན་ཉིད་མེད་པར་རོ་གཅིག་པའི་དོན་ལ་ཡུལ་དང་ཡུལ་ཅན་ཐ་དད་མེད་པར་མཉམ་པ་ཉིད་དུ་གྱུར་པས་ཡེ་ཤེས་སྐད་ཅིག་མ་དེས་སྒྲིབ་གཉིས་ཀྱི་ས་བོན་བག་ཆགས་དང་བཅས་པ་བཅོམ་པའི་རྣམ་གྲོལ་ལམ་ལ་ཡོངས་སུ་དག་པའི་འབྲས་བུ་མཐར་ཐུག་པ་མི་སློབ་པའི་ལམ་དང་ས་བཅུ་གཅིག་པ་ཀུན་ཏུ་འོད་ཐོབ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་མངོན་དུ་བྱེད་དོ། །འབྲས་བུ་སངས་རྒྱས་ཀྱི་ས་དེ་ནི་སྐུ་བཞི་དང་ཡེ་ཤེས་ལྔས་བསྡུས་ཏེ། དང་པོ་ངོ་བོ་ཉིད་ཀྱི་སྐུ་ནི་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཀྱི་སྐུའོ། །དེ་ཅི་ལྟ་བུ་ཞེ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྣང་སྟོང་ཟུང་འཇུག །རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་ཡིན་ལ། དེ་ཡང་སྣང་བའི་ཆ་ནས་རིས་སུ་མ་ཆད་པའི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན། སྟོང་པའི་ཆ་ནས་ཅིར་ཡང་མ་གྲུབ་པའི་དབྱིངས་དང་འདུ་འབྲལ་མེད་པ། ཡེ་ནས་ལྷུན་གྱིས་གྲུབ་པ་ཆོས་ཉིད་ཀྱི་བབ། སུས་ཀྱང་མ་བྱས་པའི་འདུས་མ་བྱས་ཏེ། དེ་ཡང་དངོས་དངོས་མེད་གཉིས་ཀའི་མཐའ་ལ་མི་གནས་པའི་འདུས་མ་བྱས་


MR22_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡིན་ནོ། །འདི་ནི་གཞིའི་དུས་སུ་ཐེག་ཆེན་ལམ་གྱིས་རྟོགས་བྱའི་དམ་པ་དེ་ཁོ་ན་ཉིད་དང་། དོན་དམ་པའི་བདེན་པ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། བསྟན་ཀྱང་རུང་མ་བསྟན་ཀྱང་རུང་། རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་སྔ་ཕྱིའི་ཁྱད་པ་མེད་པར་དེ་ཁོ་ན་བཞིན་དུ་གནས་པ་ཡིན་ཞིང་། འདི་ཆོས་ཀུན་གྱི་ཆོས་ཉིད་ཡིན་པས། སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་ཀྱང་འདི་ལས་གཞན་དུ་མེད་དོ། །འདི་ཡོད་པ་དང་རྟོགས་ཤིང་ལམ་དུ་བྱས་པ་ལས་མཐར་འབྲས་ཐོབ་པ་ཡིན་པས་ན་རང་བཞིན་གྱིས་གནས་པའི་རིགས་དང་། བདེ་གཤེགས་སྙིང་པོ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དང་ངོ་བོ་ཐ་དད་དུ་མེད་པས་རང་བྱུང་གི་ཡེ་ཤེས་ཞེས་ཀྱང་བྱའོ། །འདི་ནི་ཆོས་ཀུན་གྱི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི། དཀོན་མཆོག་གསུམ་གྱི་འབྱུང་གནས། མཐར་ཐུག་ཐེག་གཅིག་འགྲུབ་པའི་རྟེན། ཆོས་ཉིད་མཉམ་པ་ཉིད་ཉག་གཅིག་གོ། །གནས་ལུགས་ཆོས་ཉིད་དེ་རང་བཞིན་གྱིས་རྣམ་པར་དག་ཀྱང་སེམས་ཅན་རྣམས་རང་སྣང་གི་སྒྲིབ་པས་བསྒྲིབས་ནས་མངོན་དུ་མ་གྱུར་པ་ལ། དེ་བཞིན་གཤེགས་པ་ཐབས་ལ་མཁས་པས་ཆོས་ཀྱི་སྒོ་སྣ་ཚོགས་ཀྱིས་གདུལ་བྱའི་བློ་རིམ་པར་སྦྱངས་ནས། མཐར་ཐུག་དབྱིངས་དེའི་རང་བཞིན་ཤེས་ཤིང་མངོན་དུ་བྱེད་པ་འཇིགས་མེད་རྟག་པ་


MR22_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཆོག་གི་ལམ་བསྟན་པ་དེ་ལ་བརྟེན་ནས་གློ་བུར་གྱི་དྲི་མ་ཐམས་ཅད་བྲལ་བ་ན། དག་པ་གཉིས་ལྡན་གྱི་བྲལ་འབྲས་ངོ་བོ་ཉིད་ཀྱི་སྐུ་ཟག་མེད་ཀྱི་ཆོས་ཀུན་གྱི་གཞིར་གྱུར་པ་གཙང་བདེ་རྟག་བདག་གི་མཐར་ཕྱིན་པ་རྡོ་རྗེ་ལྟ་བུའི་སྐུ། ཡེ་ཤེས་ཀྱི་སྐུ། མཉམ་པ་ཉིད་ནམ་མཁའ་ལྟ་བུའི་སྐུ་དེ་མངོན་དུ་གྱུར་པ་ནི་སངས་རྒྱས་ཀྱི་སྐུ་མཐར་ཐུག་པའོ། །རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་དེའི་མཁྱེན་ཆ་ལ་ཡེ་ཤེས་ཆོས་ཀྱི་སྐུ་དང་། དག་པའི་གདུལ་བྱ་ལ་གཟུགས་སྐུར་སྣང་བ་ངེས་པ་ལྔ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། མ་དག་པའི་གདུལ་བྱ་ལ་གཟུགས་སྐུར་སྣང་བ་སྤྲུལ་པའི་སྐུ་སྟེ་སྐུ་བཞིར་གསུངས་སོ། །དེ་ཡང་སངས་རྒྱས་ནི་ཡེ་ཤེས་ཀྱི་སྐུ་འབའ་ཞིག་ཡིན་པས་སངས་རྒྱས་ཀྱི་ས་ཐམས་ཅད་ཡེ་ཤེས་ལྔས་བསྡུས་པར་རིག་པར་བྱ་སྟེ་གང་ཞེ་ན་ཀུན་གཞི་གནས་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་སོང་བ་ནམ་མཁའ་ལྟ་བུ་སྟེ། ངོ་བོ་ཉིད་དང་ཆོས་ཀྱི་སྐུའི་གདགས་གཞི་མཐར་ཐུག་པའོ། །ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། རྟག་ཏུ་ཆོས་ཉིད་ལས་མི་གཡོ་ཞིང་ང་དང་ང་ཡིར་མེད་པ། ཡུལ་ཡོངས་སུ་མ་ཆད་པ། དུས་རྟག་ཏུ་གནས་པ། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཤེས་བྱ་ཀུན་ལ་མ་རྨོངས་པར་གསལ་ཀྱང་ཡུལ་ཡུལ་ཅན་གྱི་རྣམ་རྟོག་མེད་པ།


MR22_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཕྱི་མ་གསུམ་དང་སངས་རྒྱས་ཀྱི་ཡེ་ཤེས་སུ་གདགས་པ་ཀུན་གྱི་འབྱུང་གནས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་དུ་གདགས་པའི་གཞི་མཐར་ཐུགས་པའོ། །ཉོན་ཡིད་གནས་གྱུར་པ་མཉམ་ཉིད་ཡེ་ཤེས་ནི་སྲིད་ཞིར་མི་གནས་པའི་མཉམ་པ་ཉིད་དུ་ཞུགས་པ། དམིགས་པ་མེད་པའི་བྱམས་པ་དང་ཐུགས་རྗེ་ཆེན་པོས་སེམས་ཅན་རྣམས་ལ་རང་རང་གི་མོས་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་སྟོན་པར་བྱེད་པའོ། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་རྟག་ཏུ་ཆགས་ཐོགས་མེད་པས་ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར་དང་འདྲ་བ། འཁོར་ཀྱི་དཀྱིལ་འཁོར་ཀུན་ཏུ་ཆོས་ཀྱི་འབྱོར་བ་ཆེན་པོ་ཐམས་ཅད་སྟོན་ཅིང་ཐེ་ཚོམ་གཅོད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པར་བྱེད་པའོ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྐུ་དང་གསུང་དང་ཐུགས་སོགས་སྣ་ཚོགས་དཔག་ཏུ་མེད་པའི་སྤྲུལ་པས་སེམས་ཅན་ཀུན་གྱི་དོན་སྒྲུབ་པར་བྱེད་པའོ། །དེ་ལ་ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་གི་བདག་ཉིད་ཅན་དུ་གསུངས་ཏེ། གང་ཞེ་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནི་སྡེ་ཚན་དང་པོ་སྟེ། དེ་དག་གི་དོན་སྔར་བཤད་ཟིན་ལ་འདིར་བྱང་ཕྱོགས་དེ་དག་མཐར་ཕྱིན་པ་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་དམ་པར་གནས་ཡོངས་སུ་གྱུར་པ་ཡིན་གྱི་སེམས་དང་སེམས་བྱུང་གི་དངོས་པོ་རང་རྒྱུད་པ་མིན་པར་གོ་


MR22_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ལ། གཞན་ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ཚད་མེད་བཞི་ཡི་དོན་ཀྱང་སྔར་བཤད་ཟིན་ལ་འདིར་མཐར་ཕྱིན་པ་ཡེ་ཤེས་ཀྱིས་བསྡུས་པ་བསམ་གྱིས་མི་ཁྱབ་པའོ། །གསུམ་པ་རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར་གཉིས་ནི། ནང་བྱེད་པ་པོ་རང་ཉིད་ལ་གཟུགས་ཡོད་པ་དང་མེད་པར་འདུ་ཤེས་བཞག་ནས་ཕྱི་རོལ་ཀྱི་གཟུགས་རྣམས་ལ་མི་སྡུག་པར་ལྟ་བའོ། །སྡུག་པའི་རྣམ་པར་ཐར་པ་ནི་གཟུགས་མི་སྡུག་པས་སྐྱོ་བ་ལས་ཐར་པའི་སྡུག་པར་མོས་ཤིང་དེ་འདྲ་སྤྲུལ་པའོ། །དེ་ལྟར་སྡུག་མི་སྡུག་ཐམས་ཅད་ལྟོས་ནས་བློས་བཏགས་པ་ཙམ་དུ་ཤེས་པས། གཟུགས་ལ་ཆགས་པ་ལས་ཐར་པར་བྱེད་པའི་ལམ་མོ། །ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར་སོགས་བཞི་ནི་གཟུགས་མེད་བཞིའི་ཏིང་ངེ་འཛིན་ཏེ་གཟུགས་ཀྱི་ཁམས་དང་རང་ས་འོག་མ་དག་གི་ཆགས་པ་ལས་ཐར་པར་བྱེད་པའོ། །འགོག་པའི་རྣམ་པར་ཐར་པ་ནི། སྲིད་རྩེའི་སེམས་ལས་ཀྱང་འདས་ཏེ་ཚོར་བ་དང་འདུ་ཤེས་འགོག་པའི་ཏིང་ངེ་འཛིན་ཏེ་དེས་ཁམས་གསུམ་གྱི་ཆགས་པ་ལས་ཐར་བར་བྱེད་པའོ། །དེ་བརྒྱད་ཀྱི་དང་པོ་བདུན་ནི་འཇིག་རྟེན་པ་རྣམས་ཀྱིས་ཀྱང་བསྒྲུབ་ལ། འགོག་སྙོམས་ནི་ཉན་ཐོས་དགྲ་བཅོམ་པས་བསྒྲུབ་པ་ཡིན་ཞིང་། དེ་ཐམས་ཅད་བསམ་གཏན་ལ་བརྟེན་ནས་བསྒྲུབ་སྟེ་ཆགས་པ་ལས་ཐར་བའི་དོན་དུ་སྒོམ་པ་ཡིན་ལ། དེ་དག་མཐར་ཕྱིན་པ་འབྲས་བུའི་


MR22_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ངོ་བོར་གྱུར་པ་བསམ་གྱིས་མི་ཁྱབ་པ་ནི་སངས་རྒྱས་ཀྱི་ས་ན་ཡོད་པ་སྟེ་འོག་མ་ཟིལ་གནོན་སོགས་ཐམས་ཅད་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བཞི་པ་མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ནི་བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞི་དང་འགོག་པའི་སྙོམས་འཇུག་དང་དགུ་སྟེ། འདི་དག་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བའི་དོན་དུ་བསྒོམ་པ་སངས་རྒྱས་ཀྱི་སར་མཐར་ཐུག་པའོ། །ལྔ་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་ཀྱི་གཟུགས་ཆུང་ངུ་ཟིལ་གནོན་དང་། ཆེན་པོ་ཟིལ་གནོན་གཉིས། ནང་གཟུགས་མེད་པར་འདུ་ཤེས་པས་དེ་གཉིས་ཏེ་དབྱིབས་ཟིལ་གནོན་བཞིའོ། །ནང་གི་འདུ་ཤེས་གཉིས་གོང་བཞིན་དང་གཟུགས་ཆུང་ངུ་སེམས་ཅན་གྱི་གཟུགས། ཆེན་པོ་སྣོད་གྱི་གཟུགས་རྣམས་སོ། །ཁ་དོག་གི་ཟིལ་གནོན་བཞི་ནི་སྔོ་སེར་དཀར་དམར་ཟིལ་གནོན་བཞིའོ། །འདི་དག་ཏིང་ངེ་འཛིན་ལ་བརྟེན་ནས་བསྒྲུབས་པས་དབྱིབས་དང་ཁ་དོག་ཇི་ལྟར་དམིགས་པ་ལྟར་སྣང་བས་གཞན་ཟིལ་གྱིས་མནན་ནས་རང་ཡིད་མི་འཕྲོག་པར་བྱེད་པ་སྟེ། དབྱིབས་བཞི་ལ་མི་སྡུག་པ་ཡང་ཡོད་ལ། ཁ་དོག་བཞི་སྡུག་པའོ། །དྲུག་པ་ཟད་པར་བཅུ་ནི་ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ལྔ་དང་། སྔོ་སེར་དཀར་དམར་རྣམ་ཤེས་ལྔ་སྟེ་བཅུའོ། །དེ་ཡང་ཏིང་ངེ་འཛིན་ལ་བརྟེན་ནས་ཟད་པར་བསྒྲུབས་པས། སྣང་བ་ཐམས་ཅད་གང་དམིགས་པ་དེ་ཉིད་དུ་སྣང་བ་སྟེ།


MR22_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་ཞེས་པ་མཐའ་དག་གི་དོན་ཏེ་ཐམས་ཅད་ལ་ཁྱབ་པར་སྣང་བ་ལ་བརྗོད་དོ། །དེའི་ཕྱིར་སར་དམིགས་ན་ཐམས་ཅད་དུ་སར་སྣང་བ་སོགས་སུ་ཤེས་པར་བྱའོ། །རྣམ་ཐར་དང་ཟད་པར་དང་ཟིལ་གནོན་འདི་དག་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་དོན་དུ་བསྒོམ་པ་ཡིན་ཞིང་འདི་རྣམས་བསམ་གཏན་ལ་བརྟེན་ནས་ཏིང་འཛིན་དང་ཤེས་རབ་ཀྱི་ངོ་བོ་ཡིན་ལ་དེ་དང་མཚུངས་ལྡན་རྣམས་དང་བཅས་པ་སྟེ་གཞན་རྣམས་ལའང་དེ་བཞིན་ཤེས་པར་བྱའོ། །འདི་དག་ལ་སྤྲུལ་པ་འབྱོང་བའི་ལམ་ཞེས་བྱའོ། །འདི་དག་གིས་མཚོན་ནས་སངས་རྒྱས་ཀྱི་ས་ན་འཇིག་རྟེན་པ་དང་ཉན་ཐོས་སློབ་མི་སློབ་དང་། བྱང་སེམས་རྣམས་དང་ཐུན་མོང་དུ་གྱུར་པ་ཞེས་པའི་ཆོས་སུ་བཞག་པ་དེ་དག་རྣམ་པ་ཆ་འདྲ་བའི་སྒོ་ནས་དེ་ལྟར་བཞག་ཀྱང་། སངས་རྒྱས་ཀྱི་ས་ན་ནི་ཐུན་མོང་མིན་པའི་ངོ་བོ་ཉིད་དུ་གྱུར་པ་ཡིན་ནོ། །བདུན་པ་ཉོན་མོངས་མེད་པ་ནི། སྐབས་འདིར་ཕ་རོལ་ཀྱི་སེམས་རྒྱུད་རང་ལ་དམིགས་ནས་ཉོན་མོངས་མི་སྐྱེ་བར་རྗེས་སུ་སྲུང་བར་བྱེད་པ་སྟེ། དེ་ཡང་ཉན་ཐོས་དགྲ་བཅོམ་པ་རྣམས་གྲོང་སོགས་སུ་བྱོན་པ་ན་ཐོག་མར་དེར་སོང་ན་བདག་ལ་དམིགས་ནས་གཞན་རྒྱུད་ལ་ཉོན་མོངས་སྐྱེའམ་མི་སྐྱེ་མངོན་ཤེས་ཀྱིས་བརྟགས་ནས་སྐྱེ་བར་མཐོང་ན་དེར་མི་འགྲོ་བ་སོགས་ཀྱིས་ཕ་རོལ་རྗེས་སུ་སྲུང་བ་ཙམ་ཡིན་ལ། དེ་ཡང་མ་བརྟག་པར་ཞུགས་པས་ཕ་རོལ་ཀྱི་ཉོན་མོངས་སྲུང་མ་ནུས་པ་ཡང་འབྱུང་ངོ་། །སངས་རྒྱས་ནི་ཉོན་མོངས་སྐྱེ་བའི་སེམས་ཅན་དེའི་དྲུང་དུ་གཤེགས་


MR22_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐབས་ལ་མཁས་པས་དེ་དག་གི་ཉོན་མོངས་པ་རྒྱུན་གཅོད་པར་མཛད་པས་ཉོན་མོངས་མེད་པ་ཁྱད་པར་དུ་འཕགས་པའོ། །བརྒྱད་པ་སྨོན་ནས་མཁྱེན་པ་ཞེས་པ་ཉན་ཐོས་རྣམས་ཀྱིས་གཞལ་བྱ་ལྐོག་གྱུར་དང་། གཞན་གྱིས་དྲིས་པའི་དོན་གང་དང་གང་ཡིན་པ་དེ་ལ་འདི་ཤེས་པར་བྱའོ་ཞེས་སྨོན་ནས། བསམ་གཏན་ལ་མཉམ་པར་བཞག་པས་དོན་དེ་ཤེས་པར་བྱེད་པ། དཔེར་ན་མོའུ་གལ་གྱི་བུས་ཤཱཀྱའི་རྒྱལ་རབས་བཤད་པ་ལ་སོགས་པ་ལྟ་བུའོ། །ཉན་ཐོས་དེ་དག་གིས་དོན་ཅི་རིགས་ཤེས་ཀྱང་ཡུལ་དུས་རྣམ་པ་ཤིན་ཏུ་བསྐལ་པའི་དོན་མི་ཤེས་པ་ཡང་ཡོད་དོ། །སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། ཤེས་བྱ་ཐམས་ཅད་ཆགས་ཐོགས་མེད་པར་གཟིགས་པ་དང་། མཉམ་པར་བཞག་ན་ཤེས་ཀྱི་མ་བཞག་ན་མི་ཤེས་པ་ལྟ་བུ་མེད་པར་རྟག་ཏུ་མཉམ་བཞག་ལ་གནས་བཞིན་པ་ཡིན་པའི་ཕྱིར། སེམས་ཅན་རྣམས་ཀྱིས་གང་དང་གང་འདོད་པའི་དྲི་བ་མཐའ་དག་གི་ལན་འདེབས་པར་མཛད་པས་ཉན་ཐོས་རྣམས་ཀྱི་ཚུལ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དགུ་པ་མངོན་པར་ཤེས་པ་དྲུག་ནི་མངོན་ཤེས་ལྔ་དང་ཟག་ཟད་དང་དྲུག་གོང་དུ་བཤད་པ་བཞིན་ནོ། །བཅུ་པ་སོ་སོ་ཡང་དག་པར་རིག་པ་བཞི་ནི་སྔར་བཤད་ཟིན་ཏོ། །བཅུ་གཅིག་པ་རྣམ་པ་ཐམས་ཅད་དག་པ་བཞི་ནི། ལུས་དང་དམིགས་པ་དང་སེམས་དང་ཡེ་ཤེས་དག་པ་སྟེ། ལུས་གང་འདོད་དུ་བསྒྱུར་བ་


MR22_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངའ་དབང་བརྙེས་པ་དང་པོ། ཡུལ་གང་འདོད་དུ་བསྒྱུར་བ་ལ་མངའ་དབང་བརྙེས་པ་གཉིས་པ། ཏིང་ངེ་འཛིན་མཐའ་དག་ལ་མངའ་བརྙེས་པ་གསུམ་པ། ཤེས་བྱ་ཀུན་ལ་ཆགས་ཐོགས་མི་མངའ་བ་བཞི་པའོ། །བཅུ་གཉིས་པ་དབང་བཅུ་ནི། ཚེ་ལ་དབང་བ་སྐུ་ཚེ་གཏོང་བའམ། བཞུགས་པར་འདོད་ན་བསྐལ་པ་ཚད་མེད་པའི་མཐར་ཡང་བཞུགས་པ་སྟེ་ཇི་ལྟར་བཞེད་པ་བཞིན་དུ་ཚེ་ལ་དབང་ཐོབ་པའོ། །འདི་ནི་སྦྱིན་པ་གཙོ་བོར་གྱུར་པའི་འབྲས་བུའོ། །སེམས་ལ་དབང་བ་མཉམ་པར་འཇོག་པ་སོགས་ཇི་ལྟར་འདོད་པར་དབང་ཐོབ་པ་བསམ་གཏན་གྱི་འབྲས་བུ། ཡོ་བྱད་ལ་དབང་བ་ནི་ལྷ་དང་མི་དང་བྱང་སེམས་ཀྱི་འབྱོར་པའི་ཁྱད་པར་ཇི་ལྟར་བཞེད་པ་བཞིན་འབྱུང་བ་སྦྱིན་པ་མཐར་ཕྱིན་པའི་འབྲས་བུའོ། །ལས་ལ་དབང་བ་ནི་ལས་སུ་བྱ་བ་གང་དང་ཅི་བཞེད་པ་དེ་ལྟར་འགྲུབ་པ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་ནི་གནས་གང་དང་གང་དུ་ཅི་དང་ཇི་ལྟ་བུའི་སྐྱེ་བ་སྣ་ཚོགས་ཅི་བཞེད་པ་བཞིན་སྟོན་པ་ལ་དབང་བ་སྟེ། དེ་གཉིས་གཙོ་བོར་ཚུལ་ཁྲིམས་ཀྱི་འབྲས་བུའོ། །མོས་པ་ལ་དབང་བ་ནི་གདུལ་བྱའི་གང་མོས་པ་ལྟར་དོན་བྱེད་པ་ལ་དབང་ཐོབ་པ་ནི་སློབ་ལམ་དུ་གདུལ་བྱའི་བསམ་པ་དང་མཐུན་པར་བྱས་པའི་བཟོད་པའི་འབྲས་བུའོ། །སྨོན་ལམ་ལ་དབང་བ་ནི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་ཡང་དག་པར་འགྲུབ་པ་བརྩོན་པའི་འབྲས་བུའོ། །རྫུ་འཕྲུལ་ལ་དབང་བ་རྫུ་འཕྲུལ་གང་དང་ཇི་བཞེད་པ་བཞིན་སྟོན་པ་


MR22_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོགས་པ་མེད་པའི་དབང་ཐོབ་པ་བསམ་གཏན་གྱི་འབྲས་བུའོ། །ཡེ་ཤེས་ལ་དབང་བ། དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཆེན་པོའི་མངའ་དབང་བརྙེས་པ་དང་། ཆོས་ལ་དབང་བ། གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་ལུང་གི་ཆོས་ཐམས་ཅད་གདུལ་བྱའི་ཇི་ལྟར་འདོད་པ་བཞིན་འཆད་པ་ལ་ཐོགས་པ་མེད་པའི་དབང་ཐོབ་པ་སྟེ་འདི་གཉིས་ཤེས་རབ་ཀྱི་འབྲས་བུའོ། །སྡེ་ཚན་བཅུ་གསུམ་པ་སྟོབས་བཅུ་ནི། དགེ་བ་ལས་བདེ་བ་འབྱུང་བ་གནས་ཡིན་ཞིང་སྡུག་བསྔལ་འབྱུང་བ་གནས་མིན་པ་ལྟ་བུས་མཚོན་ཏེ་ཕྱོགས་བཅུ་དུས་གསུམ་གྱིས་བསྡུས་པའི་ཤེས་བྱའི་ཁོང་ན་གང་གནས་ཡིན་པ་དང་། མ་ཡིན་པའི་ཤེས་བྱ་ཇི་སྙེད་ཡོད་པ་ཐམས་ཅད་ཆགས་ཐོགས་མེད་པར་སྐད་ཅིག་ལ་མཁྱེན་པ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སོ། །དེ་བཞིན་དུ་དགེ་མི་དགེ་ཟག་བཅས་ཟག་མེད་ཀྱིས་བསྡུས་པའི་ལས་ཐམས་ཅད་དང་དེ་དག་གི་རྣམ་པར་སྨིན་པ་ཅི་ལྟ་བུ་ཡིན་པ་མཁྱེན་པ་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་སོ། །དེ་བཞིན་དུ་གདུལ་བྱའི་རིགས་ཀྱི་ཁམས་དང་ཁམས་བཅོ་བརྒྱད་སོགས་ཁམས་ཇི་སྙེད་པ་སྣ་ཚོགས་མཁྱེན་པ་དང་། འགྲོ་བ་ཐམས་ཅད་ཀྱི་མོས་པ་རྣམ་པ་སྣ་ཚོགས་མཁྱེན་པ་དང་། དབང་པོ་རྣོ་རྟུལ་རྣམ་པ་སྣ་ཚོགས་མཁྱེན་པ་དང་། ཟག་བཅས་དང་ཟག་མེད་ཀྱི་བསྡུས་པ་མཐོ་རིས་དང་ངན་སོང་། ཐར་པ་དང་ཐམས་


MR22_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པར་ཀུན་ཏུ་འགྲོ་བའི་ལམ་སྣ་ཚོགས་པ་མཁྱེན་པ་དང་། ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པའི་བསམ་གཏན་གྱི་བཀོད་པ་སྣ་ཚོགས་ཇི་སྙེད་པ་མཁྱེན་པ་དང་། རང་གཞན་གྱི་སྔོན་གྱི་གནས་སྣ་ཚོགས་པ་ཇི་སྙེད་མཁྱེན་པ་དང་། ལྷའི་མིག་གིས་འགྲོ་བ་རྣམས་འཆི་འཕོ་བ་དང་མ་འོངས་པའི་སྐྱེ་བ་ཇི་སྙེད་པ་མཁྱེན་པ་དང་། ཟག་པ་ཐམས་ཅད་ཟད་པ་ཉིད་དུ་གྱུར་པའི་ལམ་དང་འབྲས་བུ་མཁྱེན་པའོ། །སྟོབས་བཅུ་པོ་འདི་དག་རྡོ་རྗེ་ལྟ་བུར་མི་ཕྱེད་པ་སྟེ། གནས་དང་གནས་མིན་མཁྱེན་པ་སོགས་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་ལྟ་བུ་འབིགས་པ་དང་། བསམ་གཏན་དང་སྔོན་གནས་འཆི་འཕོ་མཁྱེན་པ་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་ལྟ་བུ་བཤིག་པ་དང་། ཟག་ཟད་མཁྱེན་པའི་སྟོབས་ཀྱིས་བག་ཆགས་ཀྱི་སྒྲིབ་པ་ཤིང་ལྟ་བུ་གཅོད་པའི་ཕྱིར་དང་། ཡང་གནས་གནས་མིན་མཁྱེན་པའི་སྟོབས་ཀྱིས་རྒྱུ་དང་རྒྱུ་མིན་ཤེས་པས་སེམས་ཅན་རྣམས་བདེ་འགྲོ་དང་ངན་འགྲོར་འགྲོ་བའི་རྒྱུ་ལ་རྨོངས་ནས་ཐབས་ལ་བསླུ་བའི་བདུད་འཇོམས་པར་བྱེད་ཅིང་། ལས་མཁྱེན་པའི་སྟོབས་ཀྱིས་སྐྱབས་ལ་བསླུ་བའི་བདུད་འཇོམས་ཏེ། འགྲོ་བ་རྣམས་ལས་ཀྱི་དབང་གིས་བདེ་སྡུག་མྱོང་བ་ལས་དབང་ཕྱུག་སོགས་ཀྱིས་སྐྱབས་བྱེད་མི་ནུས་པར་ཤེས་པར་བྱེད་དོ། །ཀུན་ཉོན་དང་རྣམ་བྱང་གི་བསམ་གཏན་མཁྱེན་པའི་སྟོབས་ཀྱིས་ཟག་བཅས་ལ་དག་པར་ལྟ་ཞིང་བསླུ་བའི་བདུད་འཇོམས་ཏེ།


MR22_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཟུགས་ཐོབ་པ་ཙམ་གྱིས་འཁོར་བ་ལས་མི་ཐར་བར་ཤེས་པར་བྱེད་དོ། །ལྷག་མ་བདུན་གྱིས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་བསླུ་བའི་བདུད་འཇོམས་ཏེ། ཁམས་མཁྱེན་པས་རིགས། མོས་པས་དད་པ། དབང་པོས་ཤེས་རབ་ཀྱི་དབྱེ་བ་རྣམས་ལས་སྣོད་ཀྱི་ཁྱད་པར་མཁྱེན་ནས། སྔོན་གནས་འཆི་འཕོ་མཁྱེན་པའི་སྟོབས་ཀྱིས་ལམ་གྱི་རྟེན་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པས་ལམ་གྱི་ངོ་བོ་དང་། ཟག་ཟད་མཁྱེན་པས་ངེས་པར་འབྱུང་བའི་འབྲས་བུ་མཁྱེན་ནས་གདུལ་བྱ་ལ་དེ་ལྟར་སྟོན་པའི་ཕྱིར་རོ། །སྡེ་ཚན་བཅུ་བཞི་པ་མི་འཇིགས་པ་བཞི་ནི། རང་དོན་རྟོགས་པ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་ནི། བདག་གིས་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་ནོ་ཞེས་ཞལ་གྱིས་བཞེས་པ་དང་། རང་དོན་སྤང་བ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་ནི། བདག་གིས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་སྤང་བྱ་མ་ལུས་སྤངས་སོ་ཞེས་ཞལ་གྱིས་བཞེས་པ་གཉིས་ནི་རང་གི་དོན་ཇི་ལྟར་ཡིན་པ་བདེན་པར་གསུངས་པ་དང་། གཞན་དོན་དུ་ངེས་པར་འབྱུང་བའི་ལམ་སྟོན་པ་ལ་མི་འཇིགས་པ་ནི། བདག་མེད་རྟོགས་པ་སོགས་ལམ་འདི་དག་གིས་ཐར་པའི་གནས་སུ་ངེས་པར་འབྱུང་ངོ་ཞེས་སྟོན་པ་དང་། གཞན་དོན་དུ་ལམ་གྱི་གེགས་སྟོན་པ་ལ་མི་འཇིགས་པ་ནི། ཆགས་སོགས་ཉོན་མོངས་རྣམས་ནི་ལམ་གྱི་


MR22_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་ཡིན་ནོ་ཞེས་སྟོན་པ་སྟེ། དེ་གཉིས་གཞན་དོན་དུ་བདེན་པར་གསུངས་པའོ། །དེ་ལྟར་གསུངས་བ་བཞི་པོ་དེ་ལ་ལྷའམ་བདུད་དང་ཚངས་པ་དང་བྲམ་ཟེ་སོགས་འཇིག་རྟེན་ན་ཆེ་བ་སུས་ཀྱང་དེ་ལྟར་མ་ཡིན་ནོ་ཞེས་ཆོས་དང་མཐུན་པའི་རྒོལ་བ་མེད་པས་འཁོར་གྱི་ནང་ན་སེང་གེ་བཞིན་དུ་འཇིགས་པ་དང་བག་ཚ་བ་མེད་པར་སེང་གེའི་སྒྲ་དེ་ལྟ་བུ་སྒྲོག་པར་མཛད་པ་ཡིན་ནོ། །སྡེ་ཚན་བཅོ་ལྔ་པ་མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་པ་མི་མངའ་བ། གསུང་ལ་ཅ་ཅོ་མི་མངའ་བ། ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ། མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ། འདུ་ཤེས་སྣ་ཚོགས་མི་མངའ་བ། མ་བརྟག་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང་། དཀོན་མཆོག་གི་གདུང་འཛིན་ཅིང་སེམས་ཅན་ལ་ཕན་པར་བྱེད་པའི་འདུན་པ་ཉམས་པ་མི་མངའ་བ། དེ་བཞིན་དུ་གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས། ཆོས་ཀུན་ཇི་བཞིན་གཟིགས་པ་མི་བརྗེད་པའི་དྲན་པ། ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ། སྒྲིབ་གཉིས་ལས་རྣམ་པར་གྲོལ་བ། ཆོས་ཀུན་ལ་དབང་འབྱོར་བའི་ཡེ་ཤེས་སྒྲིབ་པ་ཀུན་ལས་གྲོལ་བ་སོ་སོ་རང་རིག་པ་མངའ་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་སྟེ། དེ་ཐམས་ཅད་ཀྱི་མཐར་ཉམས་པ་མི་མངའ་བ་ཞེས་སྦྱར་ནས་ཤེས་པར་བྱ་སྟེ། རྟོགས་པས་བསྡུས་པ་དྲུག་གོ། །སྐུའི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་


MR22_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའམ་འཇུག་པ་དེ་བཞིན་གསུང་དང་ཐུགས་ཀྱི་ལས་ལ་སྦྱར་ཏེ་དེ་གསུམ་ནི་མཛད་པས་བསྡུས་པ་ཡིན་ལ། སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་རྣམ་པ་ཀུན་ཏུ་དོན་ཡོད་པའོ། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ། དེ་བཞིན་ད་ལྟ་དང་མ་འོང་པ་ལ་སྦྱར་བ་གསུམ་ནི་དུས་ཀྱིས་བསྡུས་པ་གསུམ་སྟེ་དུས་ཐམས་ཅད་ནས་ཐམས་ཅད་དུ་མཁྱེན་པའོ། །དེ་བཅོ་བརྒྱད་ནི། སངས་རྒྱས་ཁོ་ན་ལས་གཞན་ས་བཅུའི་སེམས་དཔའ་རྣམས་ལའང་མེད་པས་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་ཞེས་བྱ་སྟེ་འབྱུང་བ་བཞི་དང་མ་འདྲེས་པའི་ནམ་མཁའ་རང་གི་ཁམས་ལྟ་བུའོ། །གཞན་ཡང་སངས་རྒྱས་ཁོ་ནའི་ཁྱད་ཆོས། སྐུ་ཚད་མེད་ཅིང་ཐམས་ཅད་ལས་འཕགས་པ། སྤྱི་གཙུག་བལྟར་མི་མངོན་པ། རྩི་སྨན་ལྟར་མཐོང་མ་ཐག་ཏུ་སེམས་ཅན་གྱི་སྐྱོན་ཞི་བར་བྱེད་པ། ན་བཟའ་སྐུ་ལ་སོར་གཅིག་གིས་མ་རེག་པ་སོགས་མ་འདྲེས་པའི་ཡོན་ཏན་གཞན་ཡང་མང་དུ་ཡོད་དོ། །ཤེར་ཕྱིན་རྒྱན་ན་མདོའི་གོ་རིམ་གྱི་དབང་གིས་མ་འདྲེས་པ་འདི་སྡེ་ཚན་ཉི་ཤུ་པར་བཞག་པར་མཛད་དོ། །སྡེ་ཚན་བཅུ་དྲུག་པ་བསྲུང་བ་མེད་པ་ཞེས། སྐུ་ལ་བསྲུང་བ་མེད་པ་སོགས་གསུམ་ནི། སྐུ་གསུང་ཐུགས་ལ་བཅབ་པར་བྱ་རྒྱུའི་སྐྱོན་གྱི་རྣམ་པ་ཕྲ་མོ་ཡང་མི་མངའ་བས་གཞན་ལ་འཛེམ་པའམ་བསྲུང་བ་ཅི་ཡང་མེད་པའོ། །


MR22_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ཚན་བཅུ་བདུན་པ་དྲན་པ་ཉེ་བར་བཞག་པ་གསུམ་ནི། གུས་པས་ཆོས་ཉན་པ་ལ་ཆགས་པ་མེད་པར་དྲན་པ་ཉེ་བར་བཞག་པ། དེ་བཞིན་དུ་མ་གུས་ཤིང་མི་ཉན་པ་ལ་སྡང་བ་མེད་པར་དྲན་པ་ཉེར་བཞག་དང་། ཉན་མི་ཉན་གཉིས་ཀ་ལ་ཆགས་སྡང་གཉིས་ཀ་མེད་པར་དྲན་པ་ཉེ་བར་བཞག་པའོ། །བཅོ་བརྒྱད་པ་བསྙེལ་བ་མི་མངའ་བ་ནི། གདུལ་བྱའི་དོན་མཛད་པ་ལ་དུས་ལས་འདའ་བ་ཅུང་ཟད་ཀྱང་མེད་པ་རྒྱ་མཚོའི་རླབས་ལྟ་བུ་སྟེ་མདོར་ན་དུས་སུ་འགྱང་ནས་ཕྱི་བསྙིལ་མི་མངའ་བའོ། །བཅུ་དགུ་པ་བག་ཆགས་ཡང་དག་པར་བཅོམ་པ་ནི། སྒོ་གསུམ་གྱི་གནས་ངན་ལེན་ཉོན་ཤེས་ཀྱི་ས་བོན་ཕྲ་བ་ཙམ་དུ་མ་ཟད་དེ་དག་གི་བག་ཆགས་པ་ཙམ་ཡང་གཏན་ནས་མི་མངའ་བའོ། །ཉན་ཐོས་རྣམས་ལ་ཉོན་མོངས་པའི་ས་བོན་མེད་ཀྱང་བག་ཆགས་ཀྱི་གད་མོ་རྟ་གད་དུ་རྒོད་པ་ལྟ་བུ་སོགས་དུ་མ་ཡོད་དོ། །ཉི་ཤུ་པ་ཐུགས་རྗེ་ཆེན་པོ་ནི། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་ཐུགས་རྗེ་ཆེན་པོས་ཉིན་མཚན་ལན་དྲུག་གིས་མཚོན་ནས་རྟག་ཏུ་གཟིགས་ཤིང་སྐྱོབ་པར་མཛད་པའོ། །སྡེ་ཚན་ཉེར་གཅིག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། སངས་རྒྱས་ཉིད་ཁོ་ནའི་མཁྱེན་པའི་རྣམ་པ་སྟེ་ཤེས་བྱའི་རྣམ་པ་ཐམས་ཅད་མ་ལུས་པ་ཅིག་ཆར་མངོན་སུམ་དུ་མཁྱེན་པ་དང་། དེ་ཡང་དེ་བཞིན་ཉིད་དང་གཉིས་སུ་མེད་ཅིང་། རང་བྱུང་གི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ལྡོག་ཆ་


MR22_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སངས་རྒྱས་ཉིད་ཀྱི་རྣམ་པ། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ་ཞེས་ཀྱང་གསུངས་སོ། །སྡེ་མཚན་ཉེར་གཅིག་པོ་དེ་དག་གིས་སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་ཐམས་ཅད་བསྡུས་པ་ཡིན་ལ། རྣམ་གྲངས་གཞན་ཡང་། སྔོན་དང་ད་ལྟ་ཕྱི་མའི་མཐའ་མཁྱེན་པའི་རིག་པ་གསུམ་དང་། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་གསུམ་དང་། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། གསུང་ཀུན་བརྗོད་པ། ཐུགས་རྗེས་བསྟན་ཀྱི་ཆོ་འཕྲུལ་གསུམ་སོགས་རྣམ་གྲངས་མང་པོ་གཞན་ལས་ཤེས་པར་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཀྱི་གཟུགས་སྐུ་མཐར་ཐུག་པ་དག་པའི་གདུལ་བྱ་ས་དང་པོ་ནས་བཅུ་པའི་བར་གྱི་སེམས་དཔའ་རྣམས་ལ་སྣང་བ་སྟེ། དེ་ནི་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བྱེད་པའི་སྐུའོ། །དེ་ཉིད་ངེས་པ་ལྔ་དང་ལྡན་ཏེ། གནས་ངེས་པ་འོག་མིན་ཆེན་པོ་ཁོ་ནར་བཞུགས་པ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱི་རང་བཞིན། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་པ། འཁོར་ངེས་པ་ས་བཅུའི་སེམས་དཔའ་ཤ་སྟག་པ། དུས་ངེས་པ་འཁོར་བའི་མཐའི་བསྐལ་པ་ཇི་སྲིད་དུ་བཞུགས་པའོ། །གཟུགས་ཀྱི་སྐུའི་ཡོན་ཏན་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་སྟེ། དེ་ཡང་མཚན་བཟང་སོ་གཉིས་ནི། ཕྱག་ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་གི་རྣམ་པ་རྒྱ་


MR22_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱ་ཡི་འབུར་དོད་པ་ལྟ་བུས་མཚན་པ་དང་། ༡ ཞབས་ཀྱི་མཐིལ་གཉིས་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་ཞིང་ལེགས་པར་གནས་པ་དང་། ༢ ཕྱག་ཞབས་ཀྱི་སོར་མོ་ངང་པ་ལྟར་དྲ་བས་འབྲེལ་བ་དང་། ༣ ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ༤ སྐུ་ཡི་གནས་བདུན་མཐོ་བ་སྟེ། ཕྱག་ཞབས་ཀྱི་རྒྱབ་བཞི་ཕྲག་པ་གཉིས་ལྟག་པ་དང་བདུན་པོ་ཤོང་བུ་མེད་པར་རྒྱས་ཤིང་གང་སྟེ་མཐོ་བ་དང་། ༥ ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་། ༦ ཞབས་ཀྱི་རྟིང་པ་བཞི་ཆ་ཕྱིར་འཕགས་ཤིང་ཡངས་པ་དང་། ༧ ཕལ་པ་ལས་ཁྲུ་བདུན་ཙམ་དུ་སྐུ་ཆེ་ཞིང་དྲང་བ་རྡོ་རྗེ་ལྟར་མཁྲེགས་ལ་སྲེད་མེད་བུའི་སྟོབས་མངའ་བ་དང་། ༨ ཞབས་ཀྱི་ལོང་བུ་ལྷ་ང་བཅས་པའི་འབུར་མི་མངོན་པ་དང་། ༩ སྐུའི་བ་སྤུ་ཐམས་ཅད་གྱེན་དུ་ཕྱོགས་པར་སྐྱེས་པ་དང་། ༡༠ བྱིན་པ་རི་དྭགས་ཨེ་ན་ཡ་དང་འདྲ་བར་ཟླུམ་ལ་རྒྱས་ཤིང་མཛེས་པ་དང་། ༡༡ སྐུ་མ་བཏུད་ཀྱང་ཕྱག་བརྐྱང་པ་པུས་མོའི་ལྷ་ངར་སླེབ་པས་ཕྱག་རིང་ཞིང་མཛེས་པ་དང་། ༡༢ གླང་པོ་ཆེའམ་རྟ་ཅང་ཤེས་ལྟར་འདོམས་ཀྱི་སྦ་བ་སྟེ་གསང་བ་སྦུབས་སུ་ནུབ་པ་དང་། ༡༣ པགས་པ་གསེར་གྱི་མདོག་ལྟ་བུར་དྭངས་གསལ་སྣུམ་ལ་ཡིད་དུ་འོང་བ་དང་། ༡༤ པགས་པ་སྲབ་ཅིང་འཇམ་པ་དང་། ༡༥སྐུའི་བ་སྤུ་ཐམས་ཅད་ཕྲ་ཞིང་འཇམ་ལ་རེ་རེ་ནས་སྐྱེས་ཏེ་གཡས་ཕྱོགས་སུ་འཁྱིལ་བ་དང་། ༡༦ ཞལ་གྱི་སྨིན་མཚམས་ན་མཉེན་འཇམ་དཀར་བའི་མཛོད་སྤུ་རང་བཞིན་དུ་ཁྲུ་གང་ངམ་གསུམ་ཙམ་པ་གཡས་སུ་འཁྱིལ་


MR22_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱུ་རུ་རའི་འབྲས་བུའི་ཚད་ཙམ་དངུལ་གྱི་འབུར་ལྟ་བུས་བརྒྱན་པ་དང་། ༡༧ རོ་སྟོད་སེང་གེ་ལྟར་འཕེལ་ཀ་ཆེ་བ་དང་། ༡༨ དཔུང་པ་གཉིས་ཀྱི་མགོ་གསེར་གྱི་བུམ་པ་ལྟར་ཟླུམ་པ་དང་། ༡༩ཐལ་གོང་གཉིས་གཤོང་བུ་མེད་པར་རྒྱས་ཤིང་གང་བ་དང་། ༢༠ ལྗགས་ལ་རོ་གང་བླང་བ་རོ་ཞིམ་པའི་མཆོག་ཏུ་འགྱུར་བའི་ཡོན་ཏན་ཡོད་པ་དང་། ༢༡ སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་སྟེ་གྱེན་འཕྲེད་ཆ་སྙོམས་པར་མཛེས་པ་དང་། ༢༢ ཟླུམ་ཞིང་གནག་ལ་གཡས་ཕྱོགས་སུ་འཁྱིལ་བའི་གཙུག་ཏོར་བལྟར་མི་མངོན་པ་དང་། ༢༣ རང་བཞིན་དུ་ཞལ་གྱི་དཀྱིལ་འཁོར་ཁེབས་པ་ཙམ་གྱི་ལྗགས་རིང་ལ་མཛེས་པ་དང་། ༢༤ གསུང་ཚངས་པའི་དབྱངས་ལྟ་བུ་དང་ལྡན་པ་ནི། ༢༥ ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ། མཉན་པར་འོས་ཤིང་མི་མཐུན་པ་མེད་པ། ཟབ་ཅིང་རྗེས་སུ་སྒྲོག་པ། བཏང་མི་བྲ་ཞིང་རྣ་བར་སྙན་པ། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་དང་ལྡན་པའམ། དེ་ལས་ཕྱེས་ཏེ་དྲུག་ཅུར་བགྲང་བའམ། ཡང་ན་གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་འོག་ནས་འཆད་འགྱུར་ལྟར་རོ། །འགྲམ་པ་གཉིས་སྡུག་ཅིང་ཟླུམ་ལ་རྒྱས་པ་མེ་ལོང་གི་ངོས་སམ་སེང་གེའི་འགྲམ་པ་འདྲ་པ་དང་། ༢༦ མཆེ་བ་བཞི་སོགས་ཚེམས་ཐམས་ཅད་མདོག་ཤིན་ཏུ་དཀར་བ་དང་། ༢༧ ཚེམས་ཐམས་ཅད་མཐོ་དམན་རིང་ཐུང་གི་ཚད་མཉམ་པ་དང་། ༢༨ ཚེམས་ལ་བར་མཚམས་མ་བྱེ་བས་ཐགས་བཟང་བ་དང་། ༢༩


MR22_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་དང་མན་ན་ཉི་ཤུ་རེ་སྟེ་ཚེམས་ཀྱི་གྲངས་བཞི་བཅུ་ཐམ་པ་ཚང་བ་དང་། ༣༠ སྤྱན་ནི་རིན་པོ་ཆེ་མཐོན་མཐིང་དང་འདྲ་བར་མཛེས་པ་ ༣༡ ཞེས་གཙོ་བོར་སྨྲོས་པ་སྟེ། ནང་གསེས་སུ་དབུས་ཀྱི་སྤྱན་འབྲས་ཟླུམ་པོ་བུང་བ་ལྟར་གནག་པའི་དབུས་ན་རྣོ་མིག་ཤིན་ཏུ་གནག་པ་དང་བཅས་པ། དེའི་རྒྱབ་ཏུ་གཡས་གཡོན་གྱི་སྤྱན་ཚིལ་དཀར་བ། དེའི་གྲྭ་ཟུར་གཉིས་དམར་བའི་བག་དང་ལྡན་པ། སྤྱན་དབུས་ཀྱི་ཁ་སོ་སྔོ་བ། གཏིང་དུ་གསེར་གྱི་མདོག་ལྟར་སེར་བ་ལྔ་ཡོད་དོ། །སྤྱན་གྱི་རྫི༷་མ་༼འཇིག་རྟེན་པས་སྨིན་མ་ལ་རྫི་མ་ཟེར་ཡང་འདིར་དེ་མིན་ནོ། །མཆན།༽ བ་མཆོག་སྟེ་བ་ཡི་ཁྱུ་མཆོག་དང་འདྲ་བ་ནི། སྤྱན་གྱི་ཡ་ལྕིབས་མ་ལྕིབས་ཀྱི་སྤུ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པ་ཁྱུ་མཆོག་དང་བེའུའི་རྫི་མ་ལྟ་བུ་སྟེ། མཚན་སོ་གཉིས་པོ་འདི་དག་གང་གིས་མཐོང་བ་ཙམ་གྱིས་འདི་ནི་སྐྱེས་བུ་ཆེན་པོའོ་ཞེས་ཤེས་ཤིང་། དང་བ་སྐྱེད་པར་བྱེད་པས་འདི་དག་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པས་མཚན་ཞེས་བྱའོ། །རྒྱུད་བླ་མར་བ་སྤུའི་གཉིས་དང་། པགས་པའི་གཉིས་གཅིག་ཏུ་བརྩིས། རྟིང་པ་ཡངས་པ་དང་། ལོང་བུ་མི་མངོན་པ་ཁོངས་གཅིག་ཏུ་བྱས། དེའི་ཚབ་ཏུ་མགྲིན་པ་དྲི་མ་མེད་པའི་དུང་དང་འདྲ་བ་རི་མོ་གསུམ་པ་དང་། སྐུ་ཡོངས་སུ་དག་པ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང་། དབུ་སྐྲ་རིན་པོ་ཆེ་མཐོན་མཐིང་དང་འདྲ་བ་གསུམ་གསུངས། སྐུ་ཆེ་ཞིང་དྲང་བའི་དོད་དུ་སྲེད་མེད་བུ་ཡི་སྟོབས་མངའ་བ་སོགས་གསུངས་པ་རྣམས་མདོ་སོ་སོའི་དགོངས་


MR22_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པར་མངོན། མགྲིན་པ་དྲི་མེད་དུང་ལྟ་བུ་ནི་གསུང་ཚངས་པའི་སྒྲ་དབྱངས་འབྱུང་བའི་གནས་ཆོས་ཀྱི་དུང་ཞེས་བྱ་བ་ཡིན་ཏེ། འདི་མཚན་བཟང་གི་སྐབས་སུ་བགྲངས་ལ་ཚངས་དབྱངས་ཉིད་བགྲངས་པ་མང་ངོ་། །དཔེ་བྱད་ནི་མཚན་གྱི་ཆ་ཤས་རྣམས་རྫོགས་པར་བྱེད་པ་སྟེ། མེ་ཏོག་གི་ཆ་ཤས་ཟེའུ་འབྲུ་ཡིན་པ་ལྟར་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་ཟེའུ་འབྲུས་མཛེས་པ་ཞེས་གསུངས་སོ། །དཔེ་བྱད་བརྒྱད་བཅུ་ནི། སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ། སེན་མོའི་མདོག་སྣུམ་པ། གཤོང་བུ་དང་ལེབ་མོ་མིན་པར་དབུས་མཐོ་བ་གསུམ་དང་། སོར་མོ་རྣམས་ཟླུམ་པ། རྒྱས་པ། བྱིན་གྱིས་ཕྲ་བ་གསུམ་དང་། རྩ་མི་མངོན་པ། རྩ་མདུད་མེད་པ་གཉིས་དང་། ཞབས་ཀྱི་ལོང་བུ་མི་མངོན་པ། ཞབས་རིང་ཐུང་མེད་པར་མཉམ་པ། གོམ་པ་ཆེ་ཆུང་སྙོམས་པར་འདོར་བ་གསུམ་དང་། མི་ཟིལ་གྱིས་གནོན་པ་སེང་གེའི་སྟབས་སུ་གཤེགས་པ་དང་། ཀླུ་ཟིལ་གྱིས་གནོན་པ་གླང་ཆེན་གྱི་སྟབས་སུ་གཤེགས་པ་དང་། མཁའ་ལ་བྱ་ངང་པའི་སྟབས་སུ་གཤེགས་པ་དང་། གང་འདོད་པའི་གནས་སུ་འཁོར་གྱི་སྣ་དྲང་བ་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། ཆོས་ཉིད་ཀྱིས་གཡས་ཕྱོགས་སུ་གཤེགས་པ་དང་། མཛེས་ཤིང་ཡིད་དུ་འོང་བར་གཤེགས་པ་དང་། མ་ཡོ་བར་དྲང་པོར་གཤེགས་པ་སྟེ་གཤེགས་སྟངས་བདུན་དང་། དབུ་


MR22_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་ལྟར་ཟླུམ་ལ་རྒྱས་པ། སྐྲ་མཚམས་ལེགས་པར་འབྱེས་པ། དཔྲལ་བ་རྒྱས་ཤིང་དབྱེས་ཆེ་བ་གསུམ་དང་། དབུ་སྐྲ་བུང་བ་ལྟར་གནག་པ། ཡིད་དུ་སྡུག་པ། འཇམ་པ། མ་འཛིང་བ་སྟེ་མ་འཕྱིང་བ། མི་གཤོར་བ་མི་རྩུབ་པ། དྲི་ཞིམ་པ་དྲུག་དང་། སྤྱན་ཨུཏྤལ་གྱི་འདབ་མ་འདྲ་བ་ནི་དཀྱུས་རིང་ཞིང་ཡངས་པ། དཀར་ནག་འབྱེས་པ་སོགས་ཀྱིས་ཡིད་དུ་འོང་བ་པདྨའི་འདབ་མ་འདྲ་བ། སྤྱན་ལ་རི་མོ་ར་རི་སོགས་ཀྱི་སྐྱོན་མེད་པས་སྤྱན་གཉིས་དག་པ། སྤྱན་གྱི་ཡུལ་གཟིགས་པ་ལ་རབ་རིབ་སོགས་ཀྱི་དྲི་མ་མེད་པས་རྣམ་པར་དག་པ། སྤྱན་གྱི་རྫི༷་མ་ཡིད་དུ་འོང་བས་སྡུག་པ་སྟེ་སྤྱན་གྱི་ལྔའོ། །སྤྱན་གྱི་སྟེང་གི་སྨིན་མ་གཉིས་ཀྱི་སྨིན་ཚུགས་རིང་བ། སྤུ་འཇམ་པ། མདོག་སྣུམ་པ། སྤུ་རིང་ཐུང་མཉམ་པ་བཞི་དང་། སྙན་གཉིས་རིང་ཐུང་ཆེ་ཆུང་སོགས་མཉམ་པ། སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤང་བ་གཉིས་དང་། ཤངས་གཟེངས་མཐོ་བ་དང་། སྣབས་སོགས་ཀྱིས་ཡོངས་སུ་དག་པ་གཉིས་དང་། ཞལ་ཧ་ཅང་མི་རིང་བར་ཆེ་ཆུང་འཚམས་པ་དང་། མཆུ་ཤིང་ཐོག་བི༷མ་པ་ལྟར་དམར་ལ་གཟུགས་བརྙན་སྣང་བ་ཙམ་དུ་དང་བ་གཉིས་དང་། ལྗགས་པདྨ་ལྟར་མཉེན་པ། སྲབ་པ། དམར་བ་གསུམ་དང་། མཆེ་བ་བཞི་ཟླུམ་པ། རྩེ་རྣོ་བ། མདོག་དཀར་བ། རིང་ཐུང་མཉམ་པ། བྱིན་གྱིས་ཕྲ་བ་ལྔ་དང་།


MR22_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་འབྲུག་སྒྲ་ལྟར་བརྗིད་ཆེ་བ། གསུང་ལ་རད་རོད་ཀྱི་འཛེར་བག་མེད་པས་མཉན་ཞིང་འཇམ་པ་གཉིས་དང་། ཕྱག་རིང་ཞིང་རྒྱས་པ། ཤིང་བལ་ལྟར་འཇམ་པ་གཉིས་དང་། ཕྱག་གི་རི་མོ་རྣམས་གསལ་ཞིང་མདངས་ཡོད་པ། གཏིང་ཟབ་པར་དོད་པ་མ་ཆད་པར་རིང་དུ་དོད་པ་གསུམ་དང་། སྐུ་མཉེན་ཞིང་འགྱིང་ལེགས་པས་འཁྲིལ་བག་ཆགས་པ། རིང་ཐུང་སྦོམ་ཕྲ་སོགས་མ་འཆོལ་བས་རིམ་པར་མཚམས་པ། མཚན་རྣམས་ཀྱི་ཆ་ཤས་མཐའ་དག་གསལ་ཞིང་རྫོགས་པ། སྐུ་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་བཟང་བ། སྐུ་ཤིན་ཏུ་གཞོན་ཤ་ཅན་དུ་གྱུར་པ། སྐུ་ལ་རྩུབ་པའི་བག་མེད་པས་འཇམ་པ། སྐུ་རིད་པ་སོགས་ཀྱི་སྐྱོན་མེད་པས་ཞུམ་པ་མེད་པ། སྐུ་ཤ་རྒྱས་པ། སྐུ་མི་ལྷོད་པར་ཤིན་ཏུ་གྲིམ་པ། སོར་མོ་དང་ཡན་ལག་རྣམས་སྦོམ་ཕྲ་སོགས་ཀྱི་ཆ་ཕྱེད་པས་ཤིན་ཏུ་རྣམ་པར་འབྱེས་པ་བཅུ་ནི་སྐུ་སྤྱིའི་ཡོན་ཏན་དང་། སྐུ་ལ་སྨེ་བ་དང་གནག་བག་མེད་པ། སྐུ་མི་མཛེས་པའི་སྐྱོན་གྱིས་རྣམ་པར་དག་པ། མིག་རྣག་སོ་དྲེགས་སོགས་དྲི་མས་གཙང་བ། ཁྲུས་སོགས་མ་བྱས་ཀྱང་རང་བཞིན་གྱིས་དག་པས་བྱི་དོར་བྱས་པ་འདྲ་བ་དང་བཞི་ནི་སྐུ་ལ་སྐྱོན་མེད་པའི་ཡོན་ཏན་ནོ། །དཀུ་ཟླུམ་པ་ཞེས་པ་དཔྱིའི་སྟ་ཟུར་གྱིས་མཚོན་པའི་སྐེད་པ་ཟླུམ་པ། སྐེད་སྐབས་འཚམས་པས་སྐབས་ཕྱིན་


MR22_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྐེད་པ་ཧ་ཅང་མི་རིང་བས་མ་རྙོང་པ། སྐུའི་ཕྱལ་ཏེ་ལྟོ་བ་མཐོ་དམན་མེད་པས་ཕྱང་ངེ་བ་བཞི་སྐུ་སྨད་ཀྱིའོ། །ལྟེ་བ་གཏིང་ཟབ་པ། ལྟེ་བའི་རི་མོ་གཡས་སུ་འཁྱིལ་བ་གཉིས་དང་། སྒོ་གསུམ་གྱི་ཀུན་སྤྱོད་གཙང་བ། སྤྱོད་ལམ་ཐམས་ཅད་ལྟ་ན་སྡུག་པ་གཉིས་དང་། དཔེ་བྱད་ཐམས་ཅད་མཐོང་བ་ཙམ་གྱིས་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ་དང་ཕྱག་ཞབས་ཀྱི་མཐིལ་སོགས་ལ་བཀྲ་ཤིས་ཀྱི་རི་མོས་མཚན་པ་གཅིག་དུ་བརྩིས་པས་གསུམ་པོ་དེ་ནི་སྤྱིའི་ཡོན་ཏན་ནོ། །དེ་ལ་བཀྲ་ཤིས་ཀྱི་རི་མོ་ནི། དཔལ་བེའུ་དང་། གཡུང་དྲུང་འཁྱིལ་བ་དང་། གྲུ་བཞི་པ་དང་། རྡོ་རྗེ་དང་། པདྨ་དང་། དུང་དང་། རྟ་དང་། བ་དན་ལ་སོགས་པ་སྟེ། བཀྲ་ཤིས་ཀྱི་རི་མོ་བརྒྱད་ཅུར་གསུང་བ་བཞིན་ནོ། །མཚན་དཔེའི་སྐབས་སུ་ཚིག་འདྲ་བ་རྣམས་མཚན་གྱི་སྐབས་སུ་ངོ་བོ་དང་། དཔེ་བྱད་དུ་དེའི་ཁྱད་པར་ཕྲ་མོ་རྫོགས་པའི་ཆ་ནས་གོ་བར་བྱའོ། །གཙུག་ཏོར་བལྟར་མི་མངོན་པ་སོགས་ཁྱད་པར་འགའ་མ་གཏོགས། མཚན་དཔེའི་ཡོན་ཏན་ཅི་རིགས་ཆ་འདྲ་ཙམ་འཁོར་སྒྱུར་སོགས་ལ་ཡོད་མོད་ཀྱི། སངས་རྒྱས་ཀྱི་མཚན་དཔེ་ནི་དག་ཅིང་གསལ་ལ་རྫོགས་པས་ཆེས་ཁྱད་པར་འཕགས་པ་སྟེ་གཞན་པས་ཆ་ཙམ་ཡང་འགྲན་དུ་མེད་དོ། །སངས་རྒྱས་ཀྱི་བ་སྤུ་གཅིག་གི་ཡོན་ཏན་ཡང་ཚད་མེད་ཀྱང་། ཡོན་ཏན་ཆེ་བའི་ཚད་དཔེས་ཕྱོགས་ཙམ་བསྟན་པ་མདོ་ལས་གསུངས་པ། འཇིག་རྟེན་


MR22_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ན་ཡོད་པའི་སོ་སྐྱེ་ཉན་རང་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་བསྡོམས་པ་བཅུར་བསྒྲེས་པས་སངས་རྒྱས་ཀྱི་བ་སྤུའི་དངོས་པོ་གཅིག་འགྲུབ་བོ། །དེ་འདྲ་བར་བ་སྤུ་ཐམས་ཅད་སྐྱེད་པའི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་འགྲུབ་བོ། །དེའི་ཚུལ་གྱིས་དཔེ་བྱད་བརྒྱད་བཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱར་བསྒྱུར་བས། མཛོད་སྤུ་དང་གཙུག་ཏོར་གཉིས་མ་གཏོགས་པའི་མཚན་སུམ་ཅུ་པོའི་རེ་རེ་འགྲུབ་བོ། །མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་འགྲུབ་བོ། །མཛོད་སྤུ་འགྲུབ་པའི་བསོད་ནམས་འབུམ་འགྱུར་གྱིས་གཙུག་ཏོར་འགྲུབ་བོ། །གཙུག་ཏོར་འགྲུབ་པའི་བསོད་ནམས་བྱེ་བ་འབུམ་ཕྲག་བརྒྱས་མགྲིན་པ་ཆོས་ཀྱི་དུང་འགྲུབ་པར་གསུངས་སོ། །གསུང་དབྱངས་ཡན་ལག་དྲུག་ཅུ་ནི། སེམས་ཅན་གྱིས་ཐོས་ན་དགེ་རྩ་བསྐྱེད་པས་མཉེན་པ། མཐོང་བའི་ཆོས་ལ་བདེ་བར་རེག་པར་བྱེད་པས་འཇམ་པ་གཉིས་ནི་འབྲས་བུའི་ཡོན་ཏན་ནོ། །བླང་དོར་གྱི་དོན་སྟོན་པས་ཡིད་དུ་འོང་བ་ནི་བརྗོད་བྱའི་ཡོན་ཏན་ནོ། །རྗོད་བྱེད་ཡི་གེ་བཟང་བས་ཡིད་དུ་འཐད་པ་སྟེ་འདི་བཞི་དབྱངས་རང་གི་ངོ་བོའི་ཡོན་ཏན་དུའང་རུང་ངོ་། །འཇིག་རྟེན་འདས་པའི་རྗེས་ལས་ཐོབ་པ་ཡིན་པས་ཀུན་སློང་དགེ་བས་དག་པ་དང་། ཉོན་མོངས་པའི་བག་ཉལ་སྤངས་པས་ཀུན་སློང་ཉོན་མོངས་མེད་པ་དྲི་མ་མེད་པ་གཉིས་ཀུན་སློང་གི་སྒོ་ནས་


MR22_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་སྟེ་ངག་རང་གི་ངོ་བོ་སྐྱོན་མེད་པ་ལ་ཡང་གོ་རུང་ངོ་། །ཚིག་དང་ཡི་གེ་གསལ་བས་གསལ་བ་ནི་སྦྱོར་བའི་སྒོ་ནས་སོ། །ལྟ་ངན་སེལ་བས་སྙན་ལ་འཇེབས་པ། ངེས་འབྱུང་གི་ཐབས་སྟོན་པས་མཉན་པར་འོས་པ། ཕ་རོལ་ཀྱི་དཔྱས་བྱ་མིན་ཞིང་ལོག་པར་སྨྲ་བ་སེལ་བས་མི་ཚུགས་པ། ཉན་པ་པོའི་ཡིད་ལ་དགའ་བ་བསྐྱེད་པས་སྙན་པ། ཆགས་སོགས་ཀྱི་གཉེན་པོ་སྟོན་པས་འདུལ་བ་ལྔ་ནི་ནུས་པའི་ཡོན་ཏན་ལྔ་སྟེ་དབྱངས་ཀྱི་ཡོན་ཏན་ལའང་ཤུགས་ཀྱིས་གོ་རུང་བ་ཅི་རིག་ཡོད་པ་གོང་འོག་ཀུན་ཏུ་ཤེས་པར་བྱའོ། །ངལ་དུབ་ལ་མི་སྦྱོར་བས་མི་རྩུབ་པ། ལྟུང་བ་ལས་ལྡང་བའི་ཐབས་སྟོན་པས་སྤྱད་མི་དཀའ་བ་མི་བརླང་བ་གཉིས་ཀྱིས་ཚུལ་ཁྲིམས་ལ་སྦྱོར་བའོ། །ཐེག་པ་གསུམ་ལ་འགོད་པས་རབ་ཏུ་དུལ་བ། གེགས་རྣམས་གཡེངས་སེལ་བས་རྣ་བར་སྙན་པ། ཤིན་སྦྱང་དང་ལྷག་མཐོང་གིས་གདུལ་བྱའི་ལུས་དང་སེམས་ཚིམ་པར་བྱེད་པ་གཉིས་སོ་སོར་བརྩིས་པ་དེ་བཞི་ནི་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་པའོ། །ཐེ་ཚོམ་སེལ་བས་སྙིང་དགའ་བ། ལོག་རྟོག་དང་མ་ངེས་པ་སེལ་བས་བདེ་བ་སྐྱེད་པ་གཉིས་ནི་ཤེས་རབ་ལ་སྦྱོར་བ་སྟེ་བསླབ་པ་གསུམ་ལ་སྦྱོར་བའི་ཡོན་ཏན་བརྒྱད་དོ། །འགྱོད་པ་མེད་པར་བྱེད་པས་གདུང་བ་མེད་པ། ཐོས་པས་ཤེས་རབ་ཕུན་སུམ་ཚོགས་པར་བྱེད་པས་ཀུན་ཤེས་པ། བསམ་པའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་བྱེད་པས་རྣམ་པར་རིག་པར་བྱ་བ་གསུམ་ནི་སིམ་པར་


MR22_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཡོན་ཏན་ནོ། །དཔེ་མཁྱུང་མེད་པར་སྟོན་པས་རྣམ་པར་གསལ་བ་ནི་ཆོས་ལ་སེར་སྣ་མེད་པའི་ཡོན་ཏན་ནོ། །རང་གིས་ཡོན་ཏན་ཐོབ་པ་སྤེལ་བ་ལ་རྗེས་སུ་དགའ་བས་དགའ་བར་བྱེད་པ། མ་ཐོབ་པ་བསྐྱེད་པ་ལ་དགའ་བས་མངོན་པར་དགའ་བ། ཟབ་པ་སྟོན་པས་ཀུན་ཤེས་པར་བྱེད་པ། རྒྱ་ཆེ་བ་སྟོན་པས་རྣམ་པར་རིག་པར་བྱེད་པ་བཞི་ནི་སེམས་ཅན་རྗེས་སུ་འཛིན་པའི་ཡོན་ཏན་ནོ། །ཚད་མ་དང་ལྡན་པར་བརྗོད་པས་རིགས་པ་དང་། གདུལ་བྱའི་སྣོད་དང་འཚམས་པར་བསྟན་པས་དེའི་རྒྱུད་དང་འབྲེལ་པ་དང་། དོན་ཐ་དད་མེད་པ་ཡང་ཟློས་པའི་སྐྱོན་དང་བྲལ་བ་མ་ཟློས་པ་སྟེ་དེ་གསུམ་ནི་ཤེས་པས་སྦྱར་བའི་ཡོན་ཏན་ནོ། །རྒོལ་བ་སྐྲག་པར་བྱེད་པ་སེང་གེའི་དབྱངས་དང་། འཁོར་ལ་ཁྱབ་པ་རྒྱ་ཆེ་བ་གླང་པོའི་དབྱངས་དང་། གདངས་ཟབ་པ་འབྲུག་གི་སྒྲ་དབྱངས་དང་། གཟུང་བར་འོས་ཤིང་འདའ་བྱ་མིན་པ་ཀླུ་དབང་གི་དབྱངས་དང་། སྙན་ལ་ཡིད་འཕྲོག་པ་དྲི་ཟའི་དབྱངས་དང་། རྒྱུན་མི་འཆད་ལ་གོ་བྱེད་དང་སུན་འབྱིན་ལ་ཐོགས་པ་མེད་པས་འཇིག་པར་བྱེད་པ་ཀ་ལ་པིང་ཀའི་དབྱངས་དང་། ཐག་རིང་པོར་གྲགས་པ་ཚངས་པའི་དབྱངས་དང་། གྲུབ་པ་ཐམས་ཅད་ལ་བཀྲ་ཤིས་པའི་ལྟས་སུ་གྱུར་པས་བཀྲིས་པ་ཤང་ཤང་ཏེའུའི་དབྱངས་དང་། ཚིག་བཙུན་པ་ལྷ་དབང་གི་དབྱངས་དང་། བདུད་གསོལ་ལས་རྒྱལ་བ་ལྷའི་རྔ་བོ་ཆེའི་སྒྲ་


MR22_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། ཆེ་བའི་དཔེ་བསྟན་པ་བཅུའོ། །ཉོན་མོངས་མེད་པས་བསྟོད་ཀྱང་མ་ཁེངས་པ། སྨད་ཀྱང་མི་དམའ་བ། ཇི་སྐད་གསུངས་པ་ལས་གཞན་དུ་མི་འགྱུར་བའམ་བརྡ་སྤྲོད་པའི་མཚན་ཉིད་ལ་ཞུགས་པ་སྒྲ་ཀུན་གྱི་རྗེས་སུ་ཞུགས་པ། དྲན་པ་ཉམས་པ་མེད་པས་སྒྲ་ཀུན་ཟུར་མ་ཆགས་པ། དུས་དང་སྐབས་ཀྱི་གདུལ་བྱའི་དོན་དུ་བྱ་བ་ཐམས་ཅད་ལ་ཁྱབ་ཅིང་གནས་པས་དོན་དུ་གཉེར་བྱ་མ་ཚང་བ་མེད་པ། རྙེད་བཀུར་སོགས་ཀྱི་སྲེད་པ་དང་བྲལ་བས་མི་ཞུམ་པ། འཁོར་དུ་བག་ཚ་བའི་འཇིགས་པ་དང་བྲལ་བས་མི་ཞན་པ། ཆོས་སྟོན་པ་ལ་སྐྱོ་དུབ་མེད་པས་རབ་ཏུ་དགའ་བ། རིག་པའི་གནས་ཤེས་བྱ་ཀུན་ལ་མཁས་པས་དོན་མཐའ་དག་ལ་ཁྱབ་པ། དགེ་རྩ་མེད་པ་རྣམས་ཀྱང་རྗེས་སུ་འཛིན་ཞིང་སེམས་ཅན་རྣམས་ལ་བྱམས་པའི་ཐུགས་ཀྱིས་དོན་ཁོང་དུ་ཆུད་པར་མཛད་པས་ཐ་བ་མེད་པ། རྟག་པར་གསུང་བའམ་རྒྱུན་མི་འཆད་པར་གསུངས་པས་རྒྱུན་ཆགས་པ། བརྗོད་བྱའི་དོན་རྣམ་པ་སྣ་ཚོགས་འབེལ་ཞིང་ཤེས་པར་བྱེད་པས་འབེལ་བ་སྟེ་དེ་ལ་བརྗིད་པ་ཞེས་ཀྱང་བྱའོ། །སྒྲ་གཅིག་ལ་ཡང་ལྷའི་སྐད་སོགས་དང་སྒྲའི་རྣམ་རིག་དུ་མ་གནས་པས་སྒྲ་ཀུན་རྫོགས་པར་བྱེད་པ། སོ་སོའི་གང་གང་ཤེས་པར་འདོད་པའི་དོན་ཀུན་སྣང་བས་དབང་པོ་ཚིམ་པར་བྱེད་པ། དམ་བཅས་པ་ཇི་ལྟ་བ་བཞིན་དུ་གནོད་པས་མི་བསྐྱོད་པས་མ་སྨད་པ། དུས་མིན་མི་འདོམས་ཤིང་དུས་ལ་བབ་པར་སྦྱོར་བས་གཞན་དོན་འབྱུང་པ་ལས་མི་འགྱུར་བ། ཧ་ཅང་མྱུར་


MR22_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྒྲ་ཟུར་མི་ཕྱིན་པ་སོགས་རྟབ་རྟབ་པོར་མི་གསུང་བས་མ་རྟབས་པ། ཐག་ཉེ་རིང་ལ་ཁྱད་མེད་པར་མཚུངས་པར་ཐོས་པས་འཁོར་ཀུན་ཏུ་གྲགས་པ། དངོས་པོ་ཐམས་ཅད་དཔེར་བྱས་ཏེ་དོན་རྫོགས་པར་སྟོན་ནུས་པས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ། བཅུ་དགུ་པོ་དེ་ནི་གདུལ་བྱ་ལ་ཕན་པར་བྱེད་པའི་ཡོན་ཏན་ནོ། །དེ་སྟེང་ཆགས་སྡང་རྨོངས་གསུམ་བདུད་དང་བཞི་འཇོམས་པ་བསྣན་ཏེ་དྲུག་ཅུ་རྩ་བཞིར་ཡང་གསུངས་སོ། །སངས་རྒྱས་སྤྲུལ་པའི་སྐུ་ནི། སྲིད་པ་ཇི་སྲིད་དུ་ཕྱོགས་དུས་ཀྱི་འགྲོ་བ་རྣམས་ལ་ཕན་བདེ་སྣ་ཚོགས་པ་དག་དུས་མཉམ་དུ་མཛད་པ་སྟེ། དེ་ལ་དབྱེ་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་བྱང་ཆུབ་ཆེན་པོའམ་མཆོག་གི་སྤྲུལ་སྐུ། དྲི་ཟ་རབ་དགའ་འདུལ་ཕྱིར་དྲི་ཟའི་པི་ཝཾ་ལེན་པར་སྤྲུལ་པ་ལྟ་བུ་སོགས་འདུལ་བའི་དབང་གིས་གང་ཟག་རྣམ་པ་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་པ་བཟོ་སྤྲུལ་སྐུ་སྟེ་སྤྲུལ་སེམས་ཀྱི་དབང་གིས་དཔེར་ན་བཟོ་བྱས་པའི་གཟུགས་ལྟར་གདུལ་བྱའི་ངོར་དེ་དང་དེར་སྣང་བ་ཙམ་ཡིན་པའི་ཕྱིར་དེ་ལྟར་བརྗོད་དོ། །ཁ་ཅིག་སངས་རྒྱས་ཀྱི་སྐུ་རྟེན་རྣམས་ཀྱང་བཟོ་སྤྲུལ་གྱི་ཁོངས་སུ་གཏོགས་པར་འདོད་པ་ཡོད་ཀྱང་སྣ་ཚོགས་སྤྲུལ་སྐུར་གཏོགས་སོ། །སེམས་ཅན་རྣམས་འདུལ་བའི་དབང་གིས་བརྒྱ་བྱིན་དང་རི་དྭགས་རུ་རུ་སོགས་སྐྱེ་གནས་སྣ་ཚོགས་སུ་སྐྱེ་བར་སྟོན་པ་སྐྱེ་བ་སྤྲུལ་པའི་སྐུ་དང་གསུམ་དུ་


MR22_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་ལ། གཞན་ཡང་རིང་བསྲེལ་དང་པདྨ་དང་ནོར་བུ་དང་ཟས་གོས་ཤིང་རྟ་སོགས་སེམས་ཅན་ཕན་བདེ་ལ་སྦྱོར་བའི་གཟུགས་སྣ་ཚོགས་སུ་སྟོན་པ་ལ་སྣ་ཚོགས་སྤྲུལ་པའི་སྐུ་ཞེས་ཀྱང་བྱའོ། །སངས་རྒྱས་དེའི་ཕྲིན་ལས་ནི་ནམ་མཁའི་མཐའ་དང་མཉམ་པའི་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང་། དུས་ཐམས་ཅད་དུ་རྒྱུན་མི་འཆད་པས་རྟག་པ་དང་། རྣམ་པར་རྟོག་པ་མེད་པར་འབད་མེད་ལྷུན་གྱིས་གྲུབ་པ་དང་གསུམ་གྱི་བདག་ཉིད་ཅན་ཡིན་ནོ། །ཇི་ལྟར་རྟོག་པ་མེད་བཞིན་སེམས་ཅན་གྱི་ཁམས་ལ་ཕྲིན་ལས་འཇུག་སྙམ་ན། སྐུ་སྣང་བ་བརྒྱ་བྱིན་གྱི་གཟུགས་བརྙན་དང་། གསུང་གྲགས་པ་ལྷའི་རྔ་བོ་ཆེ་དང་། ཐུགས་མཁྱེན་བརྩེས་ཁྱབ་པ་སྤྲིན་དང་། སྤྲུལ་པ་སྣ་ཚོགས་སྟོན་པ་ཚངས་པ་དང་། ཡེ་ཤེས་སྤྲོ་བ་ཉི་མ་དང་། ཐུགས་ཀྱི་གསང་བ་ནོར་བུ་དང་། གསུང་གི་སྣང་བ་སྒྲ་བརྙན་དང་། སྐུའི་གསང་བ་ནམ་མཁའ་དང་། གཞན་དོན་མཛད་པ་ས་གཞིའི་དཔེ་དགུས་བསྟན་ཏེ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་རྒྱུད་བླ་མ་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཕྲིན་ལས་དེས་སེམས་ཅན་ལ་གནས་སྐབས་བདེ་བ་དང་། མཐར་ཐུག་ཕན་པ་མཐའ་དག་མཛད་དེ། རྒྱས་པར་ཕྱེ་ན་ཚད་མེད་ཀྱང་མདོར་བསྡུ་ན། འགྲོ་བ་རྣམས་ལམ་གྱི་རྟེན་མངོན་མཐོ་ལ་འགོད་པ་དང་། བྱང་ཆུབ་གསུམ་གྱི་ལམ་ལ་འགོད་པ་དང་། ལམ་ཐམས་ཅད་ཀྱི་མཐར་ཕྱིན་པ་འབྲས་བུ་མི་གནས་པའི་མྱང་འདས་ལ་འགོད་པར་མཛད་པ་ཡིན་ནོ། །


MR22_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ནི་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་སྟེ། མདོར་བསྡུ་ན་སངས་རྒྱས་ནི་ཡེ་ཤེས་ཀྱི་སྐུ་རྟག་ཁྱབ་འདུས་མ་བྱས་པ་ཡིན་ལ། དེ་རྣམ་པ་ཐམས་ཅད་པར་འཆར་བའི་ཚུལ་གྱིས་གཟུགས་སྐུའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་དེ་བཞིན་གཤེགས་པས་བསྐལ་པའི་མུར་ཐུག་པར་གསུངས་ཀྱང་ཟད་པར་མི་འགྱུར་ལ། སོ་སོར་ཕྱེ་ན་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་གསུམ་གྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་གསུམ་དང་། དེ་བཞིན་དུ་སངས་རྒྱས་དེའི་བསོད་ནམས་ཀྱི་སྟོབས་དང་། རྫུ་འཕྲུལ་གྱི་སྟོབས་དང་། བསྒོམས་པའི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། རྣམ་པར་གྲོལ་བའི་སྟོབས་དང་། ཐུགས་རྗེ་ཆེན་པོའི་སྟོབས་དང་། ཡོན་ཏན་གྱི་འབྱོར་བའི་སྟོབས་དང་། ཕྲིན་ལས་ཀྱི་སྟོབས་རྣམས་བསམ་གྱིས་མི་ཁྱབ་པའི་ཚུལ་མདོ་སྡེ་རྣམས་ནས་དཔེ་དང་དོན་གྱི་རྣམ་གྲངས་དུ་མས་བསྟན་པ་ལྟར་རིག་པར་བྱའོ། །ཐེག་པ་ལ་མཁས་པའི་སྐབས་སོ།། །།འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་ལས། འདུས་བྱས་ནི་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཆོས་གང་ཞིག །རང་གི་ངོ་བོ་ལ་སྐྱེ་གནས་འགག་པ་གསུམ་ཡོད་པ་སྟེ་མཚན་གཞི་ཕུང་པོ་ལྔས་བསྡུས་པའི་ཆོས་ཐམས་ཅད་དོ། །འདུས་མ་བྱས་ནི་དེ་ལས་བཟློག་སྟེ་རྒྱུ་ལས་མ་སྐྱེས་ཤིང་སྐྱེ་འགག་མེད་པའོ། །འདུས་བྱས་དེ་དག་སྐྱེ་བ་ལ་རྒྱུ་དྲུག་དང་། རྐྱེན་བཞི་དང་། འབྲས་


MR22_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྔར་རྣམ་པར་བཞག་པ་ལས། རྒྱུ་དྲུག་ནི། བྱེད་པའི་རྒྱུ། ལྷན་ཅིག་འབྱུང་བའི་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ། ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུའོ། །བྱེད་རྒྱུ་ནི་བྱེ་བྲག་སྨྲ་བས་འབྲས་བུ་རང་ལས་གཞན་པའི་ཆོས་ཐམས་ཅད་ལ་འདོད་དེ། དེ་ལྟར་ན་རྒྱུ་དང་རྒྱུ་མིན་གཞན་ཐམས་ཅད་ཀྱང་འདིའི་ཁོངས་སུ་འདུའོ། །བྱེད་རྒྱུ་ལ་ནུས་བཅས་ནུས་མེད་གཉིས་ལས་དང་པོ་མྱུ་གུ་ལ་ཕན་འདོགས་པ་ས་བོན་ལ་སོགས་པ་ལྟ་བུ། གཉིས་པ་མྱུ་གུ་ལ་འདུས་མ་བྱས་དང་། གཟུགས་མེད་པའི་སེམས་ཅན་སྐྱེ་བ་ལ་དམྱལ་བ་པའི་ཕུང་པོ་ལྟ་བུ་སྟེ། དེ་དག་རྒྱུར་འཇོག་པ་ནི་སྐྱེ་བ་ལ་གེགས་མི་བྱེད་པ་ཙམ་གྱི་ཆ་ནས་བཞག་ལ། དེ་དག་གིས་བརྒྱུད་ནས་ཕན་པའང་འགའ་ཞིག་སྲིད་དོ་ཞེས་ཟེར་ཀྱང་། བྱེད་རྒྱུ་ནུས་བཅས་ཁོ་ན་ལ་འཛིན་དགོས་ཤིང་འདི་ནི་རྒྱུ་ཀུན་གྱི་སྤྱིའོ། །བྱེད་རྒྱུ་འདིའི་སྐབས་སུ་རྒྱུ་ཡི་ཚུལ་ལ་མི་རྨོངས་པར་བྱ་བའི་ཕྱིར་རྒྱུའི་རྣམ་གྲངས་འགའ་ཞིག་བསྟན་པ་ལ། སྐྱེད་བྱེད་ཀྱི་རྒྱུ་ལ། ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་གཉིས་སུ་གསུངས་ཏེ། དང་པོ་ས་བོན་ལས་མྱུ་གུ་དང་། རྣམ་ཤེས་སྔ་མ་ལས་ཕྱི་མ་འབྱུང་བ་ལྟ་བུའོ། །གཉིས་པ། མྱུ་གུ་ལས་ཆུ་སོགས་དང་། ཤེས་པ་ལ་དམིགས་རྐྱེན་དང་དབང་པོ་ལྟ་བུའོ། །ཡང་མྱུ་གུ་ལ་ས་བོན་ལྟ་བུ་སྐྱེད་བྱེད་ཀྱི་རྒྱུ་དང་། མུན་ཁང་གི་བུམ་པ་ལ་མར་མེ་ལྟ་བུ་གསལ་བྱེད་ཀྱི་རྒྱུ་གཉིས་སུའང་གསུངས་ཤིང་།


MR22_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱེད་རྒྱུ་བཅུར་ཡང་བཤད་དེ། སྐྱེ་བའི་བྱེད་རྒྱུ་མིག་དབང་ལས་མིག་ཤེས་སྐྱེ་བ་ལྟ་བུ། གནས་པའི་བྱེད་རྒྱུ་ཟས་བཞིས་ལུས་གནས་པ་ལྟ་བུ། རྟེན་པའི་བྱེད་རྒྱུ་བཅུད་རྣམས་ས་གཞི་ལ་བརྟེན་པ་ལྟ་བུ། བསྟན་པར་བྱ་བ་གསལ་བྱེད་ཀྱི་བྱེད་རྒྱུ་མུན་ཁང་གི་གཟུགས་ལ་མར་མེ་ལྟ་བུ། འགྱུར་བའི་བྱེད་རྒྱུ་བཙོ་བསྲེག་བྱེད་པའི་མེ་ལྟ་བུ། འབྲལ་བར་བྱེད་པའི་བྱེད་རྒྱུ་རྩ་བརྔ་བ་ལ་ཟོར་བ་ལྟ་བུ། གཞན་དུ་བསྒྱུར་བའི་བྱེད་རྒྱུ་བཟོ་ཤེས་པ་མགར་བས་གསེར་གྱི་དངོས་པོ་ལས་གདུ་བུ་སོགས་བྱེད་པ་ལྟ་བུ། ཡིད་ཆེས་པའི་བྱེད་རྒྱུ་དུ་བ་ལས་མེར་ངེས་པ་ལྟ་བུ། གོ་བར་བྱེད་པའི་བྱེད་རྒྱུ་གཏན་ཚིགས་ལས་བསྒྲུབ་བྱ་ཁོང་དུ་ཆུད་པ་ལྟ་བུ། འཐོབ་པའི་བྱེད་རྒྱུ་ལམ་ལས་མྱང་འདས་ཐོབ་པ་ལྟ་བུར་བཤད་དོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་ཕན་ཚུན་གཅིག་གཅིག་གི་འབྲས་བུར་གྱུར་པ་སྟེ་མདུང་ཁྱིམ་བཞིན་དུ་བརྟེན་པའོ། །དེ་ནི་ཚོགས་པ་གཅིག་པའི་འབྱུང་བ་བཞི་དང་། སེམས་དང་། སེམས་ཀྱི་རྗེས་སུ་འཇུག་པ་རྣམས་དང་། མཚན་ཉིད་དང་མཚན་གཞི་ལྟ་བུའོ། །སེམས་ཀྱི་རྗེས་སུ་འཇུག་པ་ཞེས་པ་གང་ཞེ་ན། སེམས་བྱུང་རྣམས་དང་། བསམ་གཏན་ཟག་མེད་ཀྱི་སྡོམ་པ་ལྟ་བུ་ཡིན་ལ། སེམས་དང་རྗེས་འཇུག་དེ་དག་གི་མཚན་ཉིད་རྣམས་ཀྱང་དེ་ཡིན་ནོ། །དེ་ཅིའི་ཕྱིར་ན་སེམས་དང་རྗེས་འཇུག་དེ་དག་དུས་སྔ་ཕྱི་མེད་པར་གཅིག་པ་དང་། འབྲས་བུ་


MR22_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྐྱེད་པ་དང་། དགེ་བ་སོགས་ཀྱི་ངོ་བོར་གཅིག་པའི་ཕྱིར་སེམས་ཀྱི་རྗེས་འཇུག་ཞེས་བྱའོ། །ལྷན་ཅིག་འབྱུང་རྒྱུ་འདི་ནི་སྤྱིར་རྒྱུ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དང་། མེད་ན་མི་འབྱུང་བའི་ཚུལ་གྱིས་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཀྱི་འཇོག་ཚུལ་གཉིས་ཡོད་པ་ལས། དང་པོ་མྱུ་གུ་ལ་ས་བོན་དང་ཆུ་སོགས་ལྟ་བུ། གཉིས་པ་རིང་པོ་ལ་བརྟེན་ནས་ཐུང་ངུ་། ཕ་རོལ་ལ་བརྟེན་ནས་ཚུ་རོལ་འཇོག་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །སྐབས་འདིར་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ལྟར་ཡིན་ཏེ། དངོས་སུ་གཅིག་གིས་གཅིག་སྐྱེད་པ་མིན་ཞིང་རྒྱུ་གཅིག་ལས་སྐྱེས་པའི་དུས་མཉམ་ཡིན་མོད་ཀྱི། གཅིག་མེད་ན་གཅིག་ཤོས་ཀྱང་མི་འབྱུང་བའི་རྒྱུ་མཚན་ཙམ་ལས་རྒྱུར་བཞག་པའོ། །སྐལ་མཉམ་གྱི་རྒྱུ་ནི་རྒྱུ་དང་འབྲས་བུ་རིགས་འདྲ་བའི་ཆ་ནས་བཞག་པ་སྟེ། དགེ་སེམས་ལས་དགེ་བ་སྐྱེ་བ་སོགས་དང་། ནས་ལས་ནས་སྐྱེ་བ་ལྟ་བུ་ལ་སོགས་པའོ། །དེ་ཡང་འབྲས་བུའི་སྔར་བྱུང་བའི་རྒྱུ་གང་ཞིག་གཙོ་ཆེར་རང་གི་རིགས་དང་སར་གཏོགས་པ་ལ་བཞག་པའོ། །མཚུངས་ལྡན་གྱི་རྒྱུ་ནི་སེམས་སེམས་བྱུང་ཁོ་ནའི་དབང་དུ་བྱས་པ་ལྷན་ཅིག་འབྱུང་རྒྱུའི་བྱེ་བྲག་ཡིན་ནོ། །དེ་ཡང་མཚུངས་པ་ལྔས་མཚུངས་ཏེ། སེམས་སེམས་བྱུང་གཉིས་ཀ་རྟེན་བདག་རྐྱེན་དབང་པོ་གཅིག་ལ་བརྟེན་པར་མཚུངས། ཡུལ་དམིགས་པ་གཅིག་ལ་དམིགས་པར་མཚུངས། དུས་སྔ་ཕྱི་


MR22_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གཅིག་པར་མཚུངས། རྣམ་པ་སྔོ་སོགས་ཀྱི་འཛིན་སྟངས་གཅིག་པར་མཚུངས། ངོ་བོ་རྫས་རེ་རེ་བར་མཚུངས་པའོ། །འདི་ནི་སེམས་སེམས་བྱུང་ཕན་ཚུན་མཚུངས་ལྡན་གྱི་ཚུལ་དུ་སྐྱེའོ་ཞེས་ཤེས་པའི་ཆེད་དུ་ཡིན་ལ་རྣམ་པར་བཞག་འཇོག་གི་ཚུལ་ནི་གོང་བཞིན་ནོ། །ཀུན་འགྲོའི་རྒྱུ་ཞེས་པ་ཀུན་འགྲོ་ནི་ཉོན་མོངས་ཡིན་ལ། ཉོན་མོངས་ཅན་གྱི་ཆོས་རྣམས་ཀྱི་སྐྱེད་བྱེད་ལོགས་སུ་བཤད་པ་ཙམ་མོ། །ཉོན་མོངས་ཅན་ལས་ཉོན་མོངས་ཅན་སྐྱེ་བ་ལྟ་བུ་སྐལ་མཉམ་གྱི་བྱེ་བྲག་ཏུ་ཡང་འགྲོའོ། །དེ་ཡང་རང་སའི་ཉོན་མོངས་ཅན་སྐྱེ་བ་རྣམས་ཀྱི་སྐྱེད་བྱེད་འབྲས་བུའི་སྔོན་དུ་བྱུང་བ་རྣམས་སོ། །རྣམ་སྨིན་གྱི་རྒྱུ་ནི་འཁོར་བའི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་སྐྱེད་པའི་ཆ་ནས་ལོགས་སུ་བཤད་པ་སྟེ། ཟག་བཅས་ཀྱི་དགེ་བ་དང་མི་དགེ་བ་ཁོ་ནའོ་དེ་ལྟར་རྒྱུ་དྲུག་གོ། །འབྲས་བུ་ལྔ་ཡི་དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། ཟག་བཅས་འཁོར་བའི་བདེ་སྡུག་གི་མྱོང་བ་སྐྱེད་པའི་རྟེན་དུ་གྱུར་པའི་འབྲས་བུའི་ཆ་རྣམས་ཏེ། རང་གི་ངོ་བོ་མ་བསྒྲིབ་ལུང་མ་བསྟན་ཡིན་པ་རང་རྒྱུ་དགེ་མི་དགེ་གང་རུང་དུ་ལུང་བསྟན་པ་རྣམ་སྨིན་གྱི་རྒྱུ་ལས་བྱུང་བ། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའམ། དེ་དང་འབྲེལ་བའི་ཆོས་སུ་གཏོགས་པའོ། །བདག་པོའི་འབྲས་བུ་ནི་བྱེད་རྒྱུའི་འབྲས་བུར་གྱུར་ཚད་ལ་བརྗོད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྐལ་


MR22_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དང་ཀུན་འགྲོ་གཉིས་ཀྱི་འབྲས་བུ་ཡིན་ཏེ། འབྲས་བུ་དེ་རང་གི་རྒྱུ་དང་མཐུན་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་པ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་འབྲས་བུ་ཡིན་ཏེ། ཇི་ལྟར་སྐྱེས་བུས་བུམ་པ་བྱས་པ་ན་བྱེད་པོ་དང་བྱ་ཡུལ་གཉིས་ཀ་སོ་སོར་ཡོད་པ་ལ་དཔེར་བྱས་ནས་འདྲ་བ་ལས་མིང་བཏགས་པའོ། །དེ་ཐམས་ཅད་འདུས་བྱས་སོ། །བྲལ་བའི་འབྲས་བུ་ནི་བློ་ཤེས་རབ་ཀྱིས་སོ་སོར་བརྟགས་པའི་སྟོབས་ཀྱིས་སྤང་བྱ་བྲལ་བའི་ཆས་འགོག་པ་སྟེ། འདི་རང་གི་ངོ་བོ་འདུས་མ་བྱས་ཡིན་ཀྱང་འབྲས་བུར་བཞག་པ་ནི། རང་གི་ངོ་བོ་རྒྱུས་བསྐྱེད་པ་མེད་ཀྱང་འདིའི་གེགས་སྤང་བྱ་སྤང་བ་ལས་འདི་འབྱུང་བའི་ཕྱིར་མེད་ན་མི་འབྱུང་གི་རྒྱུ་ལས་ཡིན་ནོ། །བརྟགས་འགོག་མ་གཏོགས་འདུས་མ་བྱས་གཞན་ལ་རྒྱུ་མི་བཞག་ཟེར་ཡང་། ས་བོན་བསྲེག་པ་ལྟ་བུ་ཕྱིན་ཆད་མྱུ་གུ་མེད་པའི་བརྟགས་མིན་འགོག་པའི་མེད་ན་མི་འབྱུང་བའི་ཐ་སྙད་ཀྱི་རྒྱུ་ཙམ་དུ་འདྲ་སྙམ་མོ། །དེ་ཡང་ད་ལྟའི་འདུས་བྱས་ཐམས་ཅད་ནི་འདུས་བྱས་ཁོ་ནའི་བདག་འབྲས་སུ་བརྗོད་རུང་ངོ་། །རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེས་པ་ལ་སྐྱེས་བུ་བྱེད་པའི་འབྲས་བུར་བརྗོད་པའང་ཡོད་ལ། འབྲས་བུ་དང་རྒྱུ་འདྲ་བའི་ཆ་འགའ་ཞིག་དང་བསྟུན་ཏེ་རྒྱུ་མཐུན་པའི་འབྲས་བུར་བརྗོད་པའང་ཡོད། འབྲས་བུ་དེ་རང་གི་ཉེར་ལེན་གྱི་རྒྱུའི་རྒྱུ་མཐུན་འབྲས་དང་། ལྷན་ཅིག་བྱེད་


MR22_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དང་རྣམ་པར་བཞག་འཇོག་གི་རྒྱུའི་སྐྱེས་བུ་བྱེད་འབྲས་སུ་བརྗོད་པའི་སྐབས་ཀྱང་ཡོད་པར་ཤེས་པར་བྱའོ། །ཉོན་མོངས་ཅན་ཐམས་ཅད་ནི་རྣམ་སྨིན་གྱི་རྒྱུ་མ་གཏོགས་པ་གཞན་ལྔས་བསྐྱེད་ལ། རྣམ་སྨིན་ལས་སྐྱེས་པ་ནི་ཀུན་འགྲོའི་རྒྱུ་མ་གཏོགས་པ་ལྔས་བསྐྱེད་དེ། དེ་ཉོན་མོངས་ཅན་མིན་ཕྱིར། ཀུན་འགྲོའི་རྒྱུས་མ་བསྐྱེད་པའོ། །དེ་གཉིས་ཀྱི་ལྷག་མ་མ་བསྒྲིབ་ལུང་མ་བསྟན་བཟོ་སྤྱོད་ལམ་སོགས་ཀྱི་སེམས་དང་། ཟག་མེད་སྐད་ཅིག་དང་པོ་ལས་གཞན་པའི་དགེ་བ་རྣམས་ནི་གོང་གི་རྣམ་སྨིན་ཀུན་འགྲོ་གཉིས་མ་གཏོགས་པའི་རྒྱུ་བཞི་ལས་སྐྱེའོ། །ཟག་མེད་སྐད་ཅིག་དང་པོ་ལ་རང་གི་སྔོན་དུ་རིགས་འདྲའི་སྐལ་མཉམ་ཡང་མེད་པས་རྒྱུ་གསུམ་ལས་སྐྱེའོ། །དེ་ཐམས་ཅད་སེམས་སེམས་བྱུང་གི་དབང་དུ་བྱས་པའོ། །སེམས་སེམས་བྱུང་མ་ཡིན་པའི་འདུས་བྱས་གཟུགས་དང་ལྡན་མིན་འདུ་བྱེད་རྣམས་ལ་མཚུངས་ལྡན་གྱི་རྒྱུ་མེད་པ་མ་གཏོགས་རྒྱུ་གཞན་ལྔ་ཅི་རིགས་སུ་སྦྱར་བར་བྱ་སྟེ། ལུས་ངག་གི་བྱ་བ་མི་དགེ་བ་རྣམས་ཉོན་མོངས་ཅན་གྱི་ཆོས་ཡིན་པས་ཀུན་འགྲོའི་རྒྱུས་བསྐྱེད་པ་ཡོད་དེ་ལྷག་མ་རྣམས་གོ་སླའོ། །རྐྱེན་ནི་བཞི་སྟེ་རྒྱུ་ཡི་རྐྱེན་ཞེས་པ་བྱེད་རྒྱུ་མ་གཏོགས་པ་གཞན་ལྔ་པོ་བསྡོམས་ནས་དེར་བཞག་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་པ་སེམས་སེམས་བྱུང་རྣམས་ཀྱི་སྔ་མ་གང་ཞིག་རང་གི་ཕྱི་ལོགས་ཀྱི་སེམས་


MR22_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྱུང་སྐྱེད་པའོ། །དེ་ཡང་དགྲ་བཅོམ་པ་ལྷག་མེད་དུ་འཇུག་ཁ་མའི་སེམས་སྐད་ཅིག་ཐ་མ་མ་གཏོགས་པའི་སེམས་སེམས་བྱུང་ཐམས་ཅད་དེ་མ་ཐག་རྐྱེན་ཡིན་ནོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དེ་དེ་ལ་དམིགས་ནས་ཤེས་པ་སྐྱེ་བའོ། །བྱེད་རྒྱུ་ལ་བདག་པོའི་རྐྱེན་ཞེས་བྱ་སྟེ། དེ་ལྟར་བཞི་ལས་དམིགས་རྐྱེན་དེ་མ་ཐག་རྐྱེན་གཉིས་ནི་བློའི་རྒྱུ་འབའ་ཞིག་དང་གཞན་གཉིས་ནི་འདུས་བྱས་ཀུན་སྐྱེད་པའི་རྐྱེན་ཡིན་ནོ། །དེའི་ཕྱིར་སེམས་སེམས་བྱུང་ནི་རྐྱེན་བཞིས་བསྐྱེད་དོ། །དེར་དམིགས་བསལ་དམིགས་རྐྱེན་མ་གཏོགས་པ་གཞན་གསུམ་གྱིས་སེམས་མེད་པའི་སྙོམས་འཇུག་གཉིས་བསྐྱེད་དོ། །དེ་ལ་སེམས་བཀག་པ་ཙམ་ལས་དམིགས་རྐྱེན་མེད་དོ། །གཞན་གཟུགས་ཅན་དང་ལྡན་མིན་འདུ་བྱེད་རྣམས་ནི་རྒྱུ་བདག་གཉིས་ལས་སོ། །དེ་ལྟར་རྒྱུ་དེ་དག་གི་སྐྱེད་ཚུལ་ལ་ནང་གི་དབྱེ་བ་དུ་མར་འགྱུར་བ་རང་གི་བློས་ཤེས་པར་བྱའོ། །དེ་ལྟར་རྒྱུ་རྐྱེན་འབྲས་བུའི་ཚུལ་བསྟན་པས་སྤྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་རྟོགས་པ་དང་། བྱེ་བྲག་ཏུ་རྣམ་སྨིན་གྱི་རྒྱུས་ལས་ལས་འབྲས་བུ་འབྱུང་བ་ཤེས་པ་དང་། སྐལ་མཉམ་གྱི་རྒྱུས་རྒྱུ་འབྲས་འཆོལ་བ་མེད་པར་རྒྱུའི་རྗེས་སུ་མཐུན་པ་ཤེས་པ་དང་། ཀུན་འགྲོའི་རྒྱུས་ཉོན་མོངས་པ་རྣམས་ཀྱང་སེམས་ཀྱི་གཤིས་ལ་གནས་པ་མིན་པར་རྒྱུ་ལས་གློ་བུར་དུ་སྐྱེ་བའི་ཕྱིར་རྒྱུ་ལ་གེགས་བྱས་པས་སྤོང་ཚུལ་ཤེས་པ་དང་། ལྷན་


MR22_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་པའི་རྒྱུས་རྒྱུ་ལ་རིལ་པོ་དང་བྱེད་པ་པོར་འཛིན་པ་བཤིག་སྟེ་རྒྱུ་དེ་ཉིད་ལ་ཆོས་དུ་མ་ཡོད་པར་རྟོགས་པ་དང་། མཚུངས་ལྡན་གྱིས་རྒྱུས་སེམས་ལ་རིལ་པོ་དང་རྟག་གཅིག་བྱེད་པོར་འཛིན་པ་བཤིག་སྟེ་ཆོས་དུ་མ་ཚོགས་པས་སྐྱེད་པར་ཤེས་པར་བྱེད་ལ། བྱེད་རྒྱུས་ནི་དམིགས་བསལ་གྱི་རྒྱུ་རྣམས་སུ་མ་འདུས་པའི་རྒྱུ་གཞན་ཐམས་ཅད་བསྡུས་ཤིང་སྤྱིར་ཆོས་རྣམས་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་ལས་སྐྱེ་བ་ཤེས་པར་བྱེད་དོ། །དེ་ལྟར་རྒྱུ་དྲུག་པོ་དེས་རྒྱུ་ཐམས་ཅད་བསྡུས་ཤིང་འབྲས་བུ་སྐྱེད་ཚུལ་གོ་ནུས་པ་ཡིན་ནོ། །འབྲས་བུའི་སྐབས་སུ་འཇིག་རྟེན་འདི་སྔོན་གྱི་ལས་ལས་མ་བྱུང་བ་འགོག་པའི་ཆེད་དུ་རྣམ་སྨིན་གྱི་འབྲས་བུ་བསྟན་ཅིང་། དེ་ཡང་རྒྱུ་འབྲས་མ་འཆོལ་བར་དཀར་ནག་གི་ལས་སོ་སོར་སྨིན་པ་དང་འབྲས་བུ་རྣམས་རྒྱུ་དང་རྗེས་སུ་མཐུན་པར་རྟོགས་པའི་ཆེད་དུ་རྒྱུ་མཐུན་གྱི་འབྲས་བུ་བསྟན། གཅེར་བུ་པ་སོགས་སྔོན་ལས་ཁོ་ན་རྒྱུར་འདོད་པ་བསལ་བའི་ཕྱིར་སྔོན་ལས་ཁོ་ན་མིན་ཡང་སྐྱེས་བུས་བྱ་བ་བྱེད་པ་དང་འདྲ་བར་ད་ལྟའི་རྒྱུ་དག་གིས་ཀྱང་འབྲས་བུ་སྐྱེད་དོ་ཞེས་ཤེས་པའི་ཆེད་དུ་སྐྱེས་བུ་བྱེད་པའི་འབྲས་བུ་བསྟན་ནོ། །དམིགས་བསལ་གྱི་རྒྱུ་དེ་དག་གི་འབྲས་བུ་མིན་ཡང་རྒྱུའི་འབྲས་བུ་ཡིན་ཚད་བདག་འབྲས་ཀྱིས་བསྡུས་ཏེ་བསྟན་པ་དེ་དག་གིས་འདུས་བྱས་རྣམས་ཀྱི་འབྲས་བུ་ཐམས་ཅད་བསྡུས་ནས་བསྟན་ཏོ། །ཐར་པ་འདུས་མ་བྱས་ཡིན་ཀྱང་ལམ་གྱི་སྟོབས་ལས་ཐོབ་ཏུ་


MR22_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་ཤེས་པའི་ཆེད་དུ་བྲལ་བའི་འབྲས་བུ་བསྟན་ཏོ། །དེ་ལྟར་དགོས་པའི་དབང་གིས་རྒྱུ་དྲུག་ཏུ་ཕྱེ་བ་དེ་ཡང་གཉིས་སུ་བསྡུས་ཤིང་། སེམས་བསྐྱེད་ཚུལ་ལ་དེ་ལས་གཉིས་ལོགས་སུ་ཕྱེ་བས་རྐྱེན་བཞི་པོ་འདི་དག་གིས་ནང་གི་ཤེས་པ་དང་། ཕྱི་རོལ་ཀྱི་དོན་རྣམས་སྐྱེ་ཚུལ་བདེ་བླག་ཏུ་ཁོང་དུ་ཆུད་ནུས་པ་ཡིན་ནོ། །འདུས་མ་བྱས་ནི་འགོག་པ་གཉིས་དང་ནམ་མཁའ་དང་དེ་བཞིན་ཉིད་བཞིར་གོང་དུ་བཤད་པ་ལྟར་ལ། དེ་བཞིན་ཉིད་རང་གི་ངོ་བོ་ལ་ཐ་དད་མེད་ཀྱང་སྟོང་གཞི་ཆོས་ཅན་ལ་ལྟོས་ནས་དབྱེ་བ་དུ་མར་གསུངས་ཏེ། རང་བཞིན་རྣམ་དག་གི་དེ་བཞིན་ཉིད་དང་། གློ་བུར་བྲལ་དག་གི་དེ་བཞིན་ཉིད་གཉིས་དང་། དྲི་བཅས་དྲི་མེད་ཀྱི་དེ་བཞིན་ཉིད་གཉིས་དང་། ཡང་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་སྒོ་ནས་གཉིས་དང་། གཞི་ལམ་འབྲས་བུའི་དེ་བཞིན་ཉིད་གསུམ་དུ་དབྱེ་བ་སོགས་དང་། རྒྱུ་མཚན་མ་མེད་པ། ངོ་བོ་སྟོང་པ་ཉིད། འབྲས་བུ་སྨོན་པ་མེད་པ་སྟེ་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སྟོང་པའི་ཆ་ནས་རྣམ་ཐར་སྒོ་གསུམ་བཞག་སྟེ། དེ་དག་གི་རིམ་པ་ལྟར་ངོ་བོ་དང་ཁྱད་པར་སོགས་ཀྱི་མཚན་མར་འཛིན་པ་དང་། བདག་ལྟ་དང་མཐར་ལྟ་དངོས་དངོས་མེད་སོགས་ཀྱི་ལྟ་བ་ཐམས་ཅད་དང་། དང་དུ་ལེན་ཞིང་འཛིན་པ་སོགས་སྨོན་པ་ཐམས་ཅད་སྤོང་བ་ཡིན་ནོ། །རྣམ་ཐར་གསུམ་གྱི་སྟེང་དུ་རང་བཞིན་གྱིས་འོད་གསལ་བ་འདུས་མ་བྱས་པ་བསྟན་ཏེ་རྣམ་ཐར་སྒོ་བཞིར་ཡང་གསུངས་སོ། །ཡང་སྟོང་ཉིད་བཅུ་དྲུག་ཏུ་


MR22_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཕྱིའི་སྐྱེ་མཆེད་དྲུག་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ཕྱི་སྟོང་པ་ཉིད། དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་སྟོང་པ་ནང་སྟོང་པ་ཉིད། ཕྱི་དང་ནང་གི་སྐྱེ་མཆེད་གཉིས་ཀ་སྟོང་པ་ཕྱི་ནང་སྟོང་པ་ཉིད་དེ། དེ་གསུམ་གྱིས་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པར་བསྟན་པའོ། །ཆེན་པོ་ནི་ཕྱོགས་བཅུ་སྟེ་ཐམས་ཅད་དུ་ཁྱབ་པས་རྒྱ་ཆེ་བའོ། །ཕྱོགས་དེ་དག་རང་གི་ངོ་བོ་ཉིད་མེད་པ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་སྟེ། ཕྱོགས་ལ་ཆེན་པོར་འཛིན་པའི་འདུ་ཤེས་བཟློག་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་མེད་པ་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བ་ཅན་གྱི་འཁོར་བ་ཡིན་ལ། དེ་རང་གི་ངོ་བོས་སྟོང་པ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེ་འཁོར་བ་ལ་ཞེན་པ་དང་སྐྲག་པ་སྤང་བའི་ཕྱིར་རོ། །སྐྱེ་འགག་གནས་གསུམ་ཡོད་པའི་འདུས་བྱས་ཀྱིས་བསྡུས་པ་ཁམས་གསུམ་རང་གི་ངོ་བོས་སྟོང་པ་འདུས་བྱས་སྟོང་པ་ཉིད། སྐྱེ་འགག་མེད་པ་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཐམས་ཅད་རང་གི་ངོ་བོས་སྟོང་པ་འདུས་མ་བྱས་སྟོང་པ་ཉིད་དེ་ཆོས་ཐམས་ཅད་འདུས་བྱས་འདུས་མ་བྱས་སུ་མ་འདུས་པ་མེད་ལ་དེ་དག་རང་བཞིན་མེད་པར་བསྟན་པའོ། །ཆོས་རྣམས་ཀྱི་ཆོས་ཉིད་རང་བཞིན་མེད་པ་ནི་སྟོང་པ་ཉིད་ཡིན་ལ། སྟོང་ཉིད་དེ་ཡང་རང་གི་ངོ་བོས་སྟོང་པ་སྟོང་པ་ཉིད་སྟོང་པ་ཉིད་དོ། །གང་ལ་རྟག་ཆད་སོགས་ཀྱི་མཐའ་མེད་པ་ནི་མཐའ་ལས་འདས་པའོ། །དེ་ཡང་རང་གི་ངོ་བོས་


MR22_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དེ་ནི་སུས་ཀྱང་མ་བྱས་པས་རང་གི་རང་བཞིན་ཞེས་བྱ་ལ། དེ་ཡང་རང་གི་ངོ་བོས་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དོ། །དུས་གསུམ་མི་དམིགས་པ་ལ་མི་དམིགས་པ་ཞེས་བརྗོད་དེ། དེ་ཉིད་རང་གི་ངོ་བོས་སྟོང་པ་མི་དམིགས་པ་སྟོང་པ་ཉིད་དོ། །དོན་དམ་པ་ནི་རྟོགས་བྱའི་མཆོག་དེ་བཞིན་ཉིད་དང་ཐོབ་བྱའི་མཆོག་མྱང་འདས་གཉིས་ཡིན་ལ། དེ་རང་རང་གི་ངོ་བོས་སྟོང་པ་དོན་དམ་པ་སྟོང་པ་ཉིད་དོ། །ཆོས་གང་ལ་འབོར་བའམ་འདོར་བ་མེད་པ་ནི་དོར་བ་མེད་པ་ཞེས་བྱ་ལ། དེ་ཡང་རང་གི་ངོ་བོས་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །རྐྱེན་ལས་བྱུང་བའི་དངོས་པོ་རྣམས་ལ་རྒྱུན་དང་ཚོགས་པའི་དངོས་པོ་མེད་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཞེས་བྱ་བ་ཡིན་ཞིང་། དེ་ཉིད་རང་གི་ངོ་བོས་སྟོང་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་བདུན་ནི་གཉེན་པོ་ལ་ཞེན་པ་འགོག་པའི་ཆེད་དུ་སྟེ་རིམ་པ་ལྟར་སྟོང་ཉིད་དང་མཐའ་བྲལ་དང་། རང་བཞིན་དང་། མི་དམིགས་པ་དང་། དོན་དམ་པ་དང་། དོར་བ་མེད་པ་དང་། དངོས་མེད་ངོ་བོ་ཉིད་དུའང་གྲུབ་པ་ཅི་ཡང་མེད་དོ་ཞེས་ཤེས་ནས་དེ་དང་དེར་ཞེན་པའི་དམིགས་པའི་འཛིན་སྟང་མ་ལུས་པ་ལོག་པའི་སྤྲོས་བྲལ་རྟོགས་པའི་ཕྱིར་གསུངས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་འདུས་བྱས་འདུས་མ་བྱས་ཀྱི་ཆོས་


MR22_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་གི་ངོ་བོས་སྟོང་པ་ཆོས་ཐམས་ཅད་སྟོང་པ་ཉིད་དེ་མདོར་ན་ཤེས་བྱ་ཡིན་ཚད་ལ་མི་སྟོང་པ་མེད་པར་བསྟན་པས་གོང་གི་ཐམས་ཅད་ཀྱི་དོན་བསྡུས་ནས་བསྟན་པའོ། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་སུ་གདགས་པ་དེ་ཐམས་ཅད་ཀྱི་བཏགས་དོན་གཟུགས་སུ་རུང་བ་ལ་སོགས་པ་རང་གི་མཚན་ཉིད་ཡིན་ཏེ། མེ་ཡི་ཚ་བ་དང་ཆུའི་གཤེར་བ་ལ་སོགས་པ་ལྟ་བུའོ། །རང་མཚན་དེ་དང་དེ་ལ་བརྟེན་ནས་འདི་དང་འདིའོ་ཞེས་ཆོས་སུ་ཞེན་པར་བྱེད་ཀྱང་། དེ་དག་གི་ངོ་བོ་ཉིད་མེད་པར་རང་གི་མཚན་ཉིད་སྟོང་པ་ཉིད་དེ། ཆོས་འདི་དག་གཉེན་པོ་གཞན་གྱིས་སྟོང་པ་ཉིད་དུ་བྱས་པ་ལྟ་བུ་མ་ཡིན་ཏེ་འདི་ལྟར་སྣང་བ་ཉིད་ཀྱིས་རང་གི་རང་བཞིན་སྟོང་པ་ཉིད་དེ་ལྟ་བུར་གནས་པའོ་ཞེས་ཤེས་པའི་ཆེད་དུ་བསྟན་པ་ཡིན་ནོ། །དེ་ལྟར་སྟོང་ཉིད་བཅུ་དྲུག་ཏུ་གསུངས་ནས་སླར་ཡང་དེ་དག་བཞིར་བསྡུས་ཏེ་བསྟན་པ་ནི། འདུས་བྱས་ཕུང་པོ་ལྔས་བསྡུས་པའི་ཆོས་རྣམས་རང་གི་ངོ་བོས་སྟོང་པ་དངོས་པོ་སྟོང་པ་ཉིད། འདུས་མ་བྱས་རྣམས་ནི་དངོས་མེད་ཡིན་ལ། དེ་རྣམས་རང་གི་ངོ་བོས་སྟོང་པ་དངོས་པོ་མེད་པ་སྟོང་པ་ཉིད། ཆོས་ཐམས་ཅད་ཆོས་ཉིད་དམ་རང་གི་རང་བཞིན་ནམ་བབ་ཀྱིས་སྟོང་པ་ཉིད་དུ་གནས་པ་རང་བཞིན་ནམ་ངོ་བོ་ཉིད་སྟོང་པ་ཉིད། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཆ་ནས་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་གསུངས་སོ། །དབུས་མཐའ་


MR22_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྱེད་ལས། ལོངས་སྤྱོད་པ་པོ་ནང་གི་སྐྱེ་མཆེད་དྲུག་དང་། སྤྱད་བྱ་ཕྱི་ཡི་སྐྱེ་མཆེད་དྲུག་དང་། ཕྱི་ནང་དེ་གཉིས་ཀའི་རྟེན་ནམ། ལུས་སམ་གཞི་རྣམས་དང་། གནས་ཀྱི་གཞི་སྣོད་རྣམས་ཆེན་པོ་སྟེ། དེ་བཞི་ངོ་བོས་སྟོང་པ་ནི། རྟོགས་བྱའི་ཡུལ་གྱི་ཆ་ནས་གསུངས། གང་གིས་སྟོང་ཉིད་མཐོང་བའི་བློ་ལ་ཡུལ་གྱི་མིང་གིས་སྟོང་ཉིད་ཅེས་བཏགས་པ་དེ་རང་གི་ངོ་བོས་སྟོང་པ་སྟོང་པ་ཉིད་སྟོང་ཉིད། ཇི་ལྟར་མཐོང་ན་དོན་དམ་པར་མཐོང་བ་དེ་རང་ངོས་སྟོང་པ་དོན་དམ་པ་སྟོང་ཉིད། བློ་དེས་སྟོང་ཉིད་དོན་དམ་པ་མཐོང་བ་དེ་དག་གང་གི་ཕྱིར་དུ་ཡིན་པ་ལ་བརྒྱད་དེ། འདུས་བྱས་འདུས་མ་བྱས་ཀྱི་དགེ་རྩ་དག་པ་ཐོབ་ཕྱིར་དེ་གཉིས་སྟོང་པར་རྟོགས་པ་དང་། སྲིད་ཞིར་མི་གནས་པའི་མྱང་འདས་མཐའ་ལས་འདས་པ། ཐོག་མཐའ་མེད་པ་འཁོར་བ། དོར་མེད་ཕུང་པོ་ལྷག་མེད་དུ་ཡང་དགེ་རྩ་མི་ཟད་པ། རང་བཞིན་ནི་རང་བཞིན་དུ་གནས་པའི་རིགས། སངས་རྒྱས་ཀྱི་མཚན་དཔེ་ནི་སྐབས་འདིར་རང་མཚན། ཆོས་ཐམས་ཅད་ནི་སྐབས་འདིར་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་ཐམས་ཅད་དེ། དེ་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་དུ་ཤེས་ནས་འཁོར་བ་ལ་མི་སྐྲག་པ་དང་། ལམ་དང་མྱང་འདས་ཀྱི་དགེ་རྩ་དེ་དང་དེ་དག་ཐམས་ཅད་ཡོངས་སུ་དག་པ་ཐོབ་པའི་ཕྱིར་བསྒོམ་མོ་ཞེས་གསུངས་ཞིང་། དེ་བཅུ་བཞིའི་སྟེང་དུ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱི་


MR22_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མེད་པ་དངོས་པོ་མེད་པ་སྟོང་པ་ཉིད། བདག་གཉིས་ཀྱི་ངོ་བོ་མེད་པའི་སྟོང་ཉིད་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། སྔ་མ་རྣམ་བཅད་ཀྱི་སྒོ་ནས་བསྟན་པས་བདག་གཉིས་སུ་སྒྲོ་འདོགས་པ་སེལ་བ་དང་། ཕྱི་མ་སྟོང་པ་ཉིད་ཡོངས་གཅོད་དུ་གྲུབ་པའི་སྒོ་ནས་བསྟན་པས་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་སེལ་བར་གསུངས་ཏེ། དེ་ལྟར་སྟོང་ཉིད་བཅུ་དྲུག་གི་དབྱེ་བ་གསུངས་སོ། །སྟོང་ཉིད་བཅུ་དྲུག་དང་བཞི་པོ་བསྡོམས་ན་སྟོང་ཉིད་ཀྱི་དབྱེ་བ་ཉི་ཤུའོ། །སྟོང་ཉིད་དེ་ལ་གང་ཟག་གི་བློ་འཇུག་པའི་རིམ་པའམ། རྟོགས་ཚུལ་གྱི་དབང་དུ་བྱས་ན། རྣམ་གྲངས་དང་། རྣམ་གྲངས་མིན་པའི་དོན་དམ་མམ་སྟོང་ཉིད་གཉིས་སུ་ཡོད་དེ། དང་པོ་ཆོས་ཀུན་ལ་བདེན་གྲུབ་ཙམ་ཁེགས་པའི་མེད་དགག་སྟེ། སྤྲོས་པ་ཕྱོགས་རེ་བཅད་པའི་འཛིན་སྟངས་ཀྱི་ཡུལ་སྤྲོས་བྲལ་མཐའ་དག་མ་རྟོགས་པའོ། །འདི་ནི་དོན་དམ་དང་སྟོང་པ་ཉིད་བཏགས་པ་ཙམ་ལས། དངོས་མིན་ཡང་འདི་ལ་བརྟེན་ནས་དོན་དམ་སྟོང་པ་ཉིད་མཚན་ཉིད་པ་རྟོགས་དགོས་པས་མཐུན་པའི་དོན་དམ་ཞེས་བྱའོ། །དེ་ལ་རྣམ་པར་རྟོག་པ་དང་བཅས་པའི་བློའི་ཡུལ་དུ་གྱུར་པའི་ཤེས་བྱའི་ཆོས་འདི་རྣམས་བརྟེན་ནས་སྐྱེ་བ་དང་། བརྟེན་ནས་བཏགས་པ་གཉིས་ཀྱི་སྒོ་ནས་ཡོད་པར་བཞག་པ་ཁོ་ན་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་འདུས་བྱས་རྣམས་ནི། བརྟེན་ནས་


MR22_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་སྒོ་ནས་ཡོད་པའོ། །འདུས་མ་བྱས་རྣམས་རྒྱུ་ལས་སྐྱེས་པ་མིན་ཡང་། བརྟེན་ནས་བཏགས་པ་ཙམ་གྱི་སྒོ་ནས་ཡོད་པ་སྟེ། དེ་དག་རང་རང་གིས་དགག་བྱ་རྣམ་པར་བཅད་པ་ལས་དེ་དང་དེའི་ཐ་སྙད་འགྲུབ་པ། ཐོགས་རེག་མེད་པ་ལ་ནམ་མཁའ་དང་། སྤང་བྱ་ཟད་པ་ལ་བརྟགས་འགོག་དང་། གང་ན་གང་མ་སྐྱེས་པ་ལ་བརྟག་མིན་འགོག་པ་དང་། བདེན་གྲུབ་བསལ་བའི་ཆ་ནས་བདེན་མེད་དུ་འཇོག་པ་བཞིན་ནོ། །དེའི་ཕྱིར་འདུས་མ་བྱས་རྣམས་ཀྱང་བརྟེན་ནས་བཏགས་པའི་རྟེན་འབྱུང་ལས་མ་འདས་པས་ན། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ལ། འདི་འདྲའི་འདུས་མ་བྱས་འདི་དག་ནི་དངོས་མེད་འདུས་མ་བྱས་ཡིན་པས། རྣམ་རྟོག་ཁོ་ནས་ཤེས་པར་བྱ་བའི་ཡུལ་དང་། བློས་ཕར་བཏགས་པ་ཙམ་སྟེ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་མ་ཡིན་ནོ། །དེའི་ཕྱིར་འདི་དག་ལ་བློས་གཞིག་ན་རང་གི་ངོ་བོས་མི་སྟོང་པ་གང་ཡང་མེད་པས་དོན་དམ་པར་དམིགས་སུ་མེད་པ་ཡིན་པས། དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་དངོས་དངོས་མེད་ཀྱི་ཆོས་མཐའ་དག་རང་གི་ངོ་བོས་མི་སྟོང་པ་མེད་ཀྱང་། ཐ་སྙད་ཀྱི་སྣང་བ་བསླུ་བ་མེད་པ་རྣམས་ཡེ་ནས་སྟོང་བཞིན་དུ་སྣང་བ་ཡིན་པས་སྣང་སྟོང་འགལ་མེད་དོན་གཅིག་ཏུ་རྟོགས་པ་ནི། གང་གིས་


MR22_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་ཅེས་གསུངས་པ་ལྟར། གང་དངོས་དངོས་མེད་དུ་གདགས་པ་རྣམས་ཀྱང་ཡང་དག་པའི་དོན་དུ་སོ་སོ་རང་ས་ན་མ་འདྲེས་པར་ཐ་དད་པའི་ཚུལ་དུ་འཛིན་པའི་ཞེན་པ་དང་བྲལ་ཏེ། སྣང་དང་སྟོང་པའམ་སྟོང་དང་རྟེན་འབྱུང་ཐ་མི་དད་པའི་ཆོས་ཉིད་སྤྲོས་པ་མཐའ་དག་དང་བྲལ་བའི་རང་བཞིན་དུ་གནས་པ་གང་ཞིག །གཟུང་འཛིན་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་རིག་པས་རྟོགས་པར་བྱ་བ་ནི་རྣམ་གྲངས་མིན་པའི་དོན་དམ་ཡིན་ཏེ། འདི་ལ་ནི་ཆོས་ཀྱི་དབྱིངས་དང་། དོན་དམ་པའི་བདེན་པ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་ལ་སོགས་པའི་རྣམ་གྲངས་སྣ་ཚོགས་སུ་གདགས་པར་མཛད་དོ། །འདི་ནི་བློས་བཏགས་པ་ཙམ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་བབས་ཀྱི་གནས་ལུགས་ཡེ་ནས་གནས་ཤིང་དུས་གསུམ་གྱིས་འགྱུར་བ་མེད་པ། བློས་བཏགས་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པ། དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པས་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་ཅི་ཡང་མེད་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འདི་ནི་ཐེག་པ་ཆེན་པོའི་རྟོགས་རིགས་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པའི་མཐར་ཐུག་པའོ། །ཟུང་འཇུག་འདུས་མ་བྱས་པ་འདི་ནི་དངོས་མེད་


MR22_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་མ་བྱས་དང་མི་འདྲ་ཞིང་དངོས་དངོས་མེད་གང་གི་མཐའ་ལའང་མི་གནས་པའི་འདུས་མ་བྱས་ཆེན་པོ་ཡིན་ཏེ། འདི་རྒྱུས་མ་བསྐྱེད་པ་ཙམ་དུ་མ་ཟད། ལྟོས་ནས་བཏགས་པས་གྲུབ་པ་ཙམ་གྱིས་དམིགས་པའི་ཐ་སྙད་ལས་ཀྱང་འདས་པའི་ཕྱིར་འདུས་མ་བྱས་ཡང་དག་ཡིན་པ་དེ་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་སོགས་གསུངས་ཤིང་། ཆོས་ཀྱི་རྒྱལ་པོ་རིགས་ལྡན་འཇམ་དཔལ་གྲགས་པའི་ཞལ་སྔ་ནས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་རྟོགས་པའི་ངོར་བདེན་པ་གཉིས་སུ་ཐ་དད་དུ་ཕྱེ་བ་མེད་དེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཐིག་ལེ་ཉག་གཅིག་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པས་ན། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ན་སྤྲོས་བྲལ་མཉམ་པ་ཉིད་དུ་གསུངས་པ་ཐམས་ཅད་ཀྱི་དོན་གཏིང་སླེབ་པར་འགྱུར་རོ། །འོ་ན་བདེན་པ་གཉིས་སུ་ཕྱེ་བ་དོན་མེད་ཅིང་བདེན་པ་གཅིག་ཏུ་


MR22_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་སྙམ་ན། བདེན་པ་གཉིས་སུ་ཕྱེ་བ་ནི་བདེན་པ་གཅིག་པུ་དོན་དམ་བདེན་པ་མཐར་ཐུག་པ་ཆོས་དབྱིངས་མཉམ་པ་ཉིད་འདི་ལ་འཇུག་པའི་ཐབས་ཡིན་པས་དོན་ཡོད་ལ། མཐར་ཐུག་བདེན་པ་གཅིག་པུ་ཆོས་ཐམས་ཅད་གདོད་ནས་ཞི་ཞིང་མ་སྐྱེས་ལ་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཡིན་པར་རྒྱལ་བ་ཉིད་ཀྱིས་གསུངས་ཤིང་། ཤིང་རྟ་ཆེན་པོ་རྣམས་ཀྱིས་བསྟན་བཅོས་དག་ལས་ཀྱང་དེ་ལྟར་བསྒྲུབས་ཟིན་ཏོ། །དེ་ལྟར་ཟབ་མོའི་མཐར་ཐུགས་པའི་དོན་འདི་ལ་བཟོད་པ་ནམ་ཐོབ་ན་དེའི་ཚེ་དེ་བཞིན་གཤེགས་པའི་གསུངས་རབ་མཐའ་དག་གི་བསྟན་དོན་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བ་སྐྱེ་བ་ཡིན་ནོ། །འོན་ཀྱང་ཐེག་པ་ཆེན་པོ་ལ་བློ་མ་སྦྱང་ཞིང་ཚོགས་བསགས་པ་དམན་པ་བདེན་གཉིས་འགལ་བར་འཛིན་པའི་བློ་ཅན་རྣམས་སྐྲག་པའི་གནས་སུ་འགྱུར་མོད་ཀྱི། ཟབ་མོ་བརྒྱད་ལྡན་རྟོགས་པའི་ཤེས་རབ་ཀྱི་སྤྱན་དང་ལྡན་པ་རྣམས་གནས་འདི་ལ་ཤིན་ཏུ་ཡིད་ཆེས་པར་འགྱུར་ཏེ། ཟབ་མོ་བརྒྱད་གང་ཞེ་ན། སྐྱེ་བ་དང་སྐྱེ་མེད་ལྟ་བུ་བདེན་པ་གཉིས་པོ་དེ་དག་བྱིས་པའི་བློ་ལ་འགལ་བ་ལྟར་སྣང་ཡང་། ཟབ་མོའི་ཆོས་ཉིད་གཟིགས་པ་རྣམས་ཀྱི་ངོར། དོན་དམ་པར་སྐྱེ་བ་བརྟག་ན་དབེན་བཞིན་རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་ཐ་སྙད་དུ་སྐྱེ་བ་ཡོད་པ་འགལ་བ་མེད་པར་མ་ཟད་དོན་གཅིག་ཏུ་འཆར་བ་སྐྱེ་བ་ལ་ཟབ་པ། དེ་བཞིན་དུ་དོན་དམ་པར་


MR22_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མེད་ཀྱང་ཐ་སྙད་དུ་འགག་པ་ཡོད་པ་འགལ་མེད་དོན་གཅིག་ཏུ་རྟོགས་པ་འགག་པ་ལ་ཟབ་པ། སློབ་ལམ་དུ་ཤེས་རབ་ཀྱིས་དེ་བཞིན་ཉིད་ཤེས་ཀྱང་ཐབས་མཁས་པས་དུས་མིན་པར་མངོན་དུ་མི་བྱེད་པར་གསུངས་པ་ལ། བློ་ཆུང་བ་དག་གིས་དེ་བཞིན་ཉིད་ཤེས་ཤིང་གོམས་པར་བྱ་བ་ཡིན་ན་མངོན་དུ་བྱེད་མི་རུང་བ་ཅི་ཞིག་ཡོད། ཡོད་ན་ཤེས་ཤིང་གོམས་པར་བྱ་བ་དོན་མེད་དོ་སྙམ་དུ་ཁོང་དུ་ཆུད་དཀའ་ལ། བློ་ལྡན་རྣམས་ཀྱིས་དེ་བཞིན་ཉིད་ཤེས་ཤིང་གོམས་པའི་སྟོབས་ཀྱིས་དེ་འབའ་ཞིག་དུས་མིན་པར་མངོན་དུ་མི་བྱེད་པར་ཡོངས་སུ་དག་པ་མཐར་ཐུག་པའི་ངོ་བོས་མངོན་དུ་བྱེད་པ་འགལ་མེད་དོན་གཅིག་ཏུ་ཤེས་པ་དེ་བཞིན་ཉིད་རྟོགས་པ་ལ་ཟབ་པ། དོན་དམ་སྤྲོས་བྲལ་ལ་སྦྱིན་སོགས་སྒྲུབ་ཏུ་མེད་པར་ཤེས་བཞིན་ཐ་སྙད་དུ་སྦྱིན་སོགས་ཚད་མེད་པར་སྒྲུབ་པ་ཡང་། ཕལ་བའི་བློ་ལ་སྒྲུབ་ཏུ་མེད་ན་སྦྱིན་སོགས་སྒྲུབ་པར་ཡང་མི་འཐད་ལ། སྒྲུབ་པར་བྱེད་ན་སྒྲུབ་པ་མེད་པ་ཡང་མ་ཡིན་ནོ་སྙམ་དུ་འགལ་བའི་ཚུལ་གྱིས་དེའི་དོན་མི་ཤེས་ཀྱང་། ཟབ་མོའི་བློ་དང་ལྡན་པ་དག་གིས་དོན་དམ་པར་སྒྲུབ་ཏུ་མེད་པའི་དབང་གིས་ཐ་སྙད་དུ་སྒྲུབ་པ་དང་དེའི་འབྲས་བུ་འགྲུབ་པ་བསླུ་མེད་དུ་ཡོད་ཀྱི། དོན་དམ་པར་ཡོད་ན་དེ་ལྟ་བུ་མི་རིགས་པའི་ཚུལ་ཤེས་ནས་དེ་གཉིས་དོན་གཅིག་ཏུ་རྟོགས་པ་ཤེས་བྱ་ལ་ཟབ་པ། དོན་དམ་པར་ཆོས་གང་ཡང་དམིགས་སུ་མེད་པས་མཐོང་བ་ཅི་ཡང་མེད་ལ།


MR22_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡང་མ་མཐོང་བ་དེ་ཉིད་མཐོང་བའི་དམ་པའོ་ཞེས་གསུངས་པ་ལ། བློ་དམན་པ་དག་གིས། ཅི་ཡང་མ་མཐོང་བ་ལ་མཐོང་བའི་དམ་པ་ཅི་ཞིག་ཡོད། མཐོང་བ་དམ་པ་ཡོད་ན་དེ་ཉིད་མཐོང་བ་ཡིན་གྱི་ཅི་ཡང་མ་མཐོང་བ་མ་ཡིན་ནོ་སྙམ་དུ་འགལ་བར་འཛིན་ལ། ཟབ་མོའི་བློ་ལྡན་རྣམས་ཀྱིས་དངོས་དངོས་མེད་ཀྱི་ཆོས་སུ་གཏོགས་པའི་མཐོང་བའམ་དམིགས་པར་བྱ་བ་ཡོད་ན་དེ་ཉིད་དེའི་མཚན་མར་འཛིན་པ་དང་ལྟ་བར་གྱུར་པ་ཡིན་པས་མི་རྟོག་པའི་ཡེ་ཤེས་ཡོད་མི་སྲིད་ལ། དམིགས་པས་མཐོང་བར་བྱ་བ་ཅི་ཡང་མེད་པའི་དོན་སོ་སོ་རང་གིས་རིག་པ་ལ་ཐེ་ཚོམ་མེད་ཅིང་ཆོས་ཀུན་གྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ་འདི་ཁོ་ན་ཡིན་པར་ཉམས་སུ་མྱོང་བ་ཡོད་པའི་ཚུལ་ཁོང་དུ་ཆུད་པ་ཤེས་པ་ལ་ཟབ་པ། དེ་བཞིན་དུ་དོན་དམ་པར་ཆོས་གང་ཡང་སྤྱོད་དུ་མེད་པ་ལ་སྤྱོད་པ་ནི་སྤྱོད་པའི་མཆོག་སྟེ་གནས་ལུགས་ཀྱི་དོན་ལ་སྤྱོད་པར་གསུངས་པ་ལའང་གོང་དུ་བཤད་པའི་ཚུལ་གྱིས་འགལ་མེད་དོན་གཅིག་ཏུ་རྟོགས་པ་སྤྱོད་པ་ལ་ཟབ་པ། ཡང་དག་པའི་དོན་དུ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་མེད་ཀྱང་ཐ་སྙད་དུ་ལམ་སྒྲུབ་པ་ཡང་གོང་དུ་བཤད་པའི་ཚུལ་གྱིས་འགལ་མེད་དོན་གཅིག་ཏུ་རྟོགས་པ་གཉིས་མེད་ལ་ཟབ་པ། ཀུན་རྫོབ་ཏུ་ཚོགས་གཉིས་རྫོགས་པར་བྱེད་ལ་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཐོབ་དུ་མེད་པར་བསྟན་པ་དང་། ཐོབ་མེད་ཉིད་ཐོབ་པའི་མཆོག་ཏུ་བསྟན་པ་ལའང་།


MR22_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་རྣམས་ཀྱིས་འགལ་འདུར་བཟུང་ནས། སྒྲ་ཇི་བཞིན་དུ་རྟོགས་མི་ནུས་པར་རྣམ་བཞག་གཞན་དང་གཞན་དུ་འཆད་པར་སེམས་ཀྱང་། ཟབ་མོའི་བློ་དང་ལྡན་པ་རྣམས་ཀྱིས་དོན་དམ་པར་ཐོབ་ཏུ་ཡོད་པའི་དམིགས་པ་ཅན་ཞིག་ཡོད་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་ཉིད་མ་ཡིན་ཏེ་ཆོས་ཉི་ཚེ་བས་བསྡུས་པའི་འབྲས་བུ་ཉི་ཚེ་བའོ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ནི་བསྒྲུབ་ཐོབ་མེད་པར་ཤེས་ཀྱང་། དེ་འདྲའི་ཆོས་ཉིད་མངོན་དུ་འགྱུར་བ་ལ་གློ་བུར་གྱི་དྲི་མ་དག་བྱེད་ཚོགས་གཉིས་རྫོགས་དགོས་པ་ཡིན་ཞིང་། དེ་ཡང་དོན་དམ་པར་བསྒྲུབ་མེད་དང་ཐོབ་མེད་ཡིན་པའི་གནད་ཀྱིས་ཐ་སྙད་དུ་བསྒྲུབ་ཅིང་ཐོབ་པ་བསླུ་མེད་ཡིན་པའི་ཚུལ་འགལ་མེད་དོན་གཅིག་ཏུ་རྟོགས་པ་ནི་འབྲས་བུ་མངོན་དུ་བྱེད་པའི་ཐབས་མཁས་ལ་ཟབ་པ་སྟེ། མདོར་ན་སྟོང་རྟེན་འབྱུང་འགལ་མེད་ཟུང་འཇུག་དོན་གཅིག་ཏུ་རྟོགས་པའི་ཟབ་མོ་བརྒྱད་ལྡན་འདི་ནི་མངོན་དུ་གྱུར་པ་ས་བརྒྱད་པ་པའི་རྟོགས་རིགས་སུ་གསུངས་པ་ཡིན་ལ། ཟབ་མོའི་དོན་དང་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པ་རྣམས་ལའང་ཆ་འདྲ་བ་འབྱུང་ཞིང་། ཐེག་ཆེན་གྱི་དགོངས་དོན་ལ་འཇུག་པར་འདོད་པའི་བློ་ལྡན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་མཐུན་པའི་བློ་བསྐྱེད་པར་བྱ་དགོས་པ་ཡིན་ནོ། །དེ་ལྟ་བུ་བདེན་གཉིས་ཟུང་འཇུག་ཆོས་ཀྱི་དབྱིངས་ཡང་དག་པ་འདི་ལ་ངེས་པའི་ཤེས་པ་ཚུལ་བཞིན་སྐྱེས་ན་ཐེག་པ་ཆེན་པོའི་དགོངས་དོན་མཐའ་དག་ལ་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་འགྱུར་རོ། །འདུས་བྱས་དང་འདུས་མ་བྱས་ཀྱི་སྐབས་སོ། །དེ་ལྟར་མཁས་པར་བྱ་བའི་


MR22_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅུའི་དོན་ལེགས་པར་བཤད་ནས། དེ་དག་གི་རྟོགས་བྱའི་སྙིང་པོ་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་དབབ་པ་ནི། མདོ་ལས། འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །ཞེས་གསུངས་པ་བཞིན། དང་པོ་འདུ་བྱེད་པ་ཞེས་པ། ཆོས་གང་ཞིག་རྒྱུ་རྐྱེན་གྱིས་འདུ་བྱེད་པ་ཅན་ནམ་འདུས་བྱས་སུ་གཏོགས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་སྐད་ཅིག་གིས་སྐྱེ་ཞིང་འགག་པས་མི་རྟག་པ་ཡིན་པར་ཤེས་པར་བྱ་སྟེ། གང་ཞིག་རྒྱུ་ལས་མ་བྱུང་བ་ནི་མ་སྐྱེས་ལ། གང་སྐྱེས་པ་དེ་དག་ནི་རྒྱུ་རྐྱེན་དེ་དག་མ་ཚོགས་པའི་སྔ་རོལ་ན་མེད་ཅིང་རྒྱུའི་ཚོགས་པ་ཚང་བའི་དེ་མ་ཐག་ཏུ་སྐྱེ་བའི་སྐད་ཅིག་དང་པོ་འགྲུབ་ལ། དེ་ཡང་རང་གྲུབ་པའི་དུས་ལས་སྐད་ཅིག་གཉིས་པར་མི་གནས་པར་འགག་ཅིང་། རིམ་པས་རྒྱུའི་ཚོགས་པ་མ་ལོག་པ་དེ་སྲིད་དུ་སྔ་མ་དང་འདྲ་བའི་རྒྱུན་བར་མ་ཆད་པར་འཇུག་པ་དེ་ལ། བྱིས་པ་རྣམས་ཀྱིས་དངོས་པོ་དེ་བྱུང་ནས་མ་ཞིག་བར་དུ་རྟག་པའོ་སྙམ་དུ་འཁྲུལ་པར་ཟད་ཀྱི། དོན་ལ་འབབ་ཆུ་དང་མར་མེའི་མེ་ལྕེ་ལ་སོགས་པ་བཞིན་དུ། བེམ་པོར་གྱུར་པ་ཕྱི་སྣོད་དང་ནང་གི་ལུས་དང་ཤེས་པས་བསྡུས་པ་སེམས་སེམས་བྱུང་ཐམས་ཅད་ཀྱང་སྐད་ཅིག་གིས་སྐྱེ་འགག་བྱེད་པ་སྟེ། འདི་ལྟར་གློག་དང་ཆུ་བུར་སྤྲིན་སོགས་ནས་ལྷུན་པོའི་བར་


MR22_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་པོ་རྣམས་གནས་པའི་ཡུན་རིང་ཐུང་ཇི་ལྟར་སྣང་ཡང་། སྐད་ཅིག་མའི་རང་བཞིན་དུ་འདྲ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་འདི་དག་མཐར་འཇིག་པ་དང་། རྒྱུན་གྱི་གནས་སྐབས་མི་འདྲ་བར་མཐོང་བས་ཤེས་ཏེ། སྐད་ཅིག་དང་པོའི་གནས་སྐབས་དེ་ལས་གཞན་མ་འགྱུར་ན། མཐར་འཇིག་པ་དང་། བར་དུ་མི་འདྲ་བའི་ཁྱད་པར་གཞན་ཡོད་པར་མི་རིགས་ཏེ། རྟག་ཏུ་ད་ལྟར་བྱུང་མ་ཐག་པའི་སྐད་ཅིག་དང་པོ་དེ་བཞིན་དུ་གནས་པར་འགྱུར་རིགས་ན་ཡང་། དེ་ལྟ་བུ་མ་ཡིན་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གལ་ཏེ། དཔེར་ན། འཇིམ་པ་དང་། སྐྱེས་བུའི་ལག་པའི་འདུ་བྱེད་དང་། འཁོར་ལོ་དང་དབྱུག་གུ་སོགས་ཀྱི་རྒྱུ་ལས་བུམ་པ་སྐྱེ་ལ། སྐྱེས་ནས་ཇི་སྲིད་དུ་ཐོ་བ་སོགས་འཇིག་པའི་རྒྱུ་དང་མ་འཕྲད་བར་དུ་བུམ་པ་དེ་ཉིད་རྟག་པར་གནས་སོ་སྙམ་ན། བུམ་པ་སྐད་ཅིག་དང་པོ་རྒྱུ་ལས་སྐྱེས་པ་དེ་ཉིད་རང་གྲུབ་པའི་དུས་ལས་སྐད་ཅིག་གཉིས་པར་མི་སྡོད་པར་འགག་པའི་ཆོས་ཅན་ཡིན་གྱི། གལ་ཏེ་མི་འགག་པར་གནས་ན་གནས་སྐབས་ཕྱི་མའི་ཁྱད་པར་གང་ཡང་མི་སྲིད་པར་འགྱུར་ན་ཡང་། བུམ་པ་ལ་ནི་སོ་རྙིང་དང་། རི་མོ་དང་མདོག་དབྱིབས། ནང་དུ་ཆུ་ཡོད་པ་དང་མེད་པ། སྐྱེས་བུས་ལག་


MR22_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟུང་བ་སོགས་ཀྱི་བྱ་བ་བྱེད་པ་དང་མི་བྱེད་པ་སོགས་ཡུལ་དུས་ཀྱི་རྣམ་པ་མི་འདྲ་བའི་གནས་སྐབས་སྣ་ཚོགས་ཡོད་པའི་ཕྱིར་ན། བུམ་པ་རང་གི་རྡུལ་རྫས་རྣམས་ཀྱི་ཉེར་ལེན་དང་། མེ་ཆུ་མགར་བ་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་ནས་དངོས་པོའི་གནས་སྐབས་གཞན་དང་གཞན་དུ་འགྱུར་པའི་སྐད་ཅིག་མའི་ཕྲེང་བ་ཅན་དུ་ཤེས་པར་བྱའོ། །བུམ་པ་དེ་ཡུལ་དེ་ལས་མ་བསྐྱོད་ལ་རྣམ་པ་གཞན་དུ་མ་གྱུར་ཅིང་རྐྱེན་གཞན་དང་མ་ཕྲད་པའི་དུས་ན། དེ་ལ་སྔར་དང་མི་འདྲ་བའི་ཁྱད་པར་གཞན་དངོས་སུ་མ་མཐོང་ཡང་། དུས་སྐད་ཅིག་སྔ་ཕྱིའི་ཁྱད་མེད་པ་མི་སྲིད་པས་བུམ་པ་བྱུང་ནས་ཞིག་པའི་བར་ལ་སྐད་ཅིག་ཅི་ཙམ་ཚོགས་པ་དེ་ཙམ་གྱིས་སྐྱེ་འགག་ཅན་དུ་ཤེས་པར་བྱའོ། །གལ་ཏེ་བྱིས་པ་རྣམས་ཀྱིས་བུམ་པ་རྟག་པར་གནས་པའི་གེགས་སུ་གྱུར་པ་ནི་འཇིག་པའི་རྒྱུ་ཐོབ་ལྟ་བུ་ཡིན་ལ་དེས་བུམ་པ་མི་རྟག་པར་བྱེད་ཀྱི་དེ་དང་མ་འཕྲད་པར་དུ་རྟག་གོ་སྙམ་ན། དེ་མ་ཡིན་ཏེ་རང་སྐྱེད་བྱེད་ཀྱི་རྒྱུ་ལས་སྐྱེས་ཚད་རང་གི་ངང་གིས་སྐད་ཅིག་གིས་འཇིག་པ་ཡིན་པས་འཇིག་པ་ལ་རྒྱུ་གཞན་མི་དགོས་སོ། །ཐོ་བས་བུམ་པའི་རྒྱུན་མི་གནས་པར་བྱེད་པ་ནི་བུམ་པ་རྟག་པ་ཐོ་བས་གཟོད་བཤིག་པ་མ་ཡིན་ཏེ། རྟག་ན་བཤིག་མི་ནུས་སོ། །འོན་ཀྱང་བུམ་པ་རང་ཉིད་སྐད་ཅིག་མར་འཇིག་པའི་ངང་ཚུལ་ཅན་ལ། བུམ་པའི་སྐད་ཅིག་ཐ་མའི་ཉེར་ལེན་དང་། ཐོ་བའི་ལྷན་ཅིག་བྱེད་རྐྱེན་ལས་གྱོ་མོའི་གནས་སྐབས་བྱུང་བ། དཔེར་ན་འཇིམ་


MR22_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་དང་ལག་པའི་འདུ་བྱེད་ཀྱི་རྐྱེན་ལས་བུམ་པ་སྐད་ཅིག་དང་པོ་བྱུང་བ་ལྟ་བུ་ཡིན་མོད་ཀྱི་བུམ་པའི་རྣམ་པ་རིགས་འདྲ་བར་མ་ཆད་པར་འབྱུང་བའི་རྒྱུན་ཆད་པར་བྱེད་པའི་ཐོ་བས་བུམ་པ་བཤིག་ཅེས་འཇིག་རྒྱུར་ཐ་སྙད་བྱེད་པ་ཙམ་མོ། །རགས་པ་རྒྱུན་གྱི་མི་རྟག་པའི་སྣང་ཚུལ་ལ་བརྟེན་ནས་ཐོ་བས་བུམ་པ་བཤིག་ཅེས་པའི་ཐ་སྙད་འདི་དོན་དང་མི་མཐུན་པ་མེད་མོད་ཀྱི། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་མ་ཤེས་པར་བུམ་པ་རེ་ཞིག་རྟག་ཀྱང་འཇིག་རྒྱུ་གཞན་གྱི་དབང་ཁོ་ནས་མི་རྟག་པར་བྱས་སོ་སྙམ་པ་ནི་འཁྲུལ་པའོ། །དེས་ན་རྒྱུ་རྐྱེན་མི་འདྲ་བ་ཚོགས་པ་ལས། དངོས་པོ་རྣམས་ཀྱི་གནས་སྐབས་རིགས་འདྲ་བ་དང་མི་འདྲ་བར་འཇུག་པ་ཐམས་ཅད། རྟེན་ཅིང་འབྲེལ་འབྱུང་གི་ངང་ཚུལ་ཅན་སྐད་ཅིག་མའི་ཕྲེང་བ་རིམ་པར་བཀོད་པ་ཉིད་ཡིན་ནོ། །དེ་ལྟར་དངོས་པོ་རྣམས་རྒྱུ་ལས་གསར་དུ་བྱུང་ཞིང་རྒྱུའི་འཕེན་པ་ཡོད་ཀྱི་རིང་ལ་རིགས་འདྲ་བར་མ་ཆད་དུ་གནས་པ་དང་། རྒྱུ་ལོག་པའི་ཚེ་མཐར་རིགས་འདྲའི་རྒྱུན་ཀྱང་འགག་པའི་སྐྱེ་འགག་གནས་གསུམ་ཅན་དུ་སྣང་ལ་དེ་ཡང་རྒྱུ་གཞན་ལ་མི་ལྟོས་པར། རང་ཉིད་ངང་གིས་སྐད་ཅིག་གཉིས་པར་མི་གནས་པ་མི་རྟག་པའི་མཚན་ཉིད་ཅན་དུ་འཕགས་པ་རྣམས་ཀྱིས་གཟིགས་ཤིང་། དེ་ལྟར་ལུང་ལས་གསུངས་པ་བཞིན་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་ཡིན་ནོ། །དེ་ལྟར་དཔྱད་ན་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་རླུང་དང་ཆུ་དང་ས་དང་།


MR22_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་དང་རྡོ་རྗེའི་རྡོ་བ་ལ་སོགས་སྲ་བརྟན་གྱི་དངོས་པོར་སྣང་བ་རྣམས་ཀྱང་། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའི་ཁམས་སུ་སྤྲིན་བཞིན་གསར་དུ་ཆགས་ལ། རེ་ཞིག་གནས་པ་དང་། མཐར་མེ་སོགས་ཀྱིས་བཤིག་སྟེ་ནམ་མཁའི་ངང་དུ་སྟོང་པར་འགྱུར་བ་ཡིན་པའི་ཕྱིར་དང་། འདི་ལྟར་གནས་བཞིན་པའི་དུས་ན་ཡང་། ཕྱི་རོལ་ཀྱི་འབྱུང་བ་བཞི་དང་གཟུགས་སོགས་དོན་ལྔ་པོ་རྣམས་ནི། རྐྱེན་གྱི་དབང་གིས་འཕེལ་འགྲིབ་ཅན་དུ་ཡོངས་སུ་འགྱུར་བར་དམིགས་པ་དང་། སྔོན་ལས་ཀྱི་དབང་གིས་ཡུལ་གྱི་རྣམ་པ་འགྱུར་བ་དང་། དེ་བཞིན་དུ་སྐྱེས་བུའི་བརྐོ་བ་སྲེག་སོགས་ཀྱི་བྱ་བ་བྱས་པ་དང་། མེ་སོགས་འབྱུང་བ་གཞན་གྱིས་གནོད་པ་དང་། དུས་ཀྱི་རྙིད་པས་ཡོངས་སུ་འགྱུར་བ་དང་། ནང་གི་སེམས་འགྱུར་བའི་ཕྱི་རོལ་ཀྱི་དོན་རྣམས་ཀྱང་དེ་བཞིན་འགྱུར་བ་ཏིང་འཛིན་ཐོབ་པའི་སྤྱོད་ཡུལ་ལ་སོགས་པ་ལྟ་བུས་ན། སྐད་ཅིག་མའི་མི་རྟག་པར་གྲུབ་ཀྱང་། མདོག་དབྱིབས་རེག་བྱ་སོགས་ཀྱི་རྣམ་པ་མཚུངས་པས། འདྲ་བ་གཞན་རྒྱུན་ཆགས་པའི་སྐད་ཅིག་མ་ལ་སྔ་ཕྱི་རྣམས་གཅིག་ཏུ་འཁྲུལ་ཏེ་རྟག་པར་རློམ་པར་ཟད་དོ། །ནང་སེམས་ཅན་སོ་སོའི་ལུས་དང་དབང་པོའི་རྣམ་པ་སྣ་ཚོགས་པ་ནི། གསར་དུ་ལས་ཉོན་གྱིས་བསྐྱེད་ཅིང་སྐྱེ་ལ། རིས་མཐུན་པར་གནས་པའི་མཐར་ཚེ་འཕོས་ཏེ་འགག་པ་ཡིན་པ་དང་། ད་ལྟ་གནས་བཞིན་པའི་སྐབས་སུ་ཡང་། དང་པོ་མངལ་ན་གནས་པ་


MR22_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཙས་པ་དང་། བྱིས་པ་ནས། རྒས་ཤིང་འཁོགས་ཏེ་འཆི་བའི་མཐར་ཐུག་པའི་བར་དུ། ན་ཚོད་ཀྱི་གནས་སྐབས་རིམ་པས་འགྱུར་བ་དང་། བདེ་སྡུག་སོགས་ཀྱི་གནས་སྐབས་ཐ་དད་རིམ་པས་འབྱུང་བ་སྟེ། འདི་ལྟར་སེམས་ཀྱི་རྒྱུན་དང་འབྲེལ་བར་ཚོར་བས་ཟིན་པ་དང་བཅས་ཏེ་སྐད་ཅིག་རེ་རེ་བཞིན་དུ་སྔ་ཕྱི་རྒྱུ་འབྲས་སུ་འབྲེལ་བར་སྐྱེ་ཞིང་། སྔོན་ལས་ཀྱི་འཕེན་པ་དང་མཐུན་པར། དག་པ་དང་མ་དག་པའི་སེམས་ཀྱི་རྗེས་སུ་འཇུག་པ་མཐུན་པར་འགྱུར་བ་དང་། འཕེལ་འགྲིབ་དང་། མཆོག་དམན་དང་། བདེ་སྡུག་དང་། ཡུལ་དང་བྱ་བ་གཞན་དང་གཞན་གྱི་གནས་སྐབས་མི་འདྲ་བར་དམིགས་པའི་ཕྱིར་སྐད་ཅིག་ཐ་དད་དུ་མར་ཤེས་པར་བྱའོ། །ཤེས་པས་བསྡུས་པ་ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་ནི། རིས་འདྲ་བར་རྒྱུན་འབྱུང་བ་བསམ་གཏན་གྱི་སེམས་ལྟ་བུའམ། མི་འདྲ་བ་འདོད་པའི་སེམས་གཡེང་བ་སྣ་ཚོགས་ཅན་ལྟ་བུ་གང་ཡིན་ཡང་། གནས་སྐབས་མི་འདྲ་བ་སྣ་ཚོགས་མགྱོགས་པར་འབྱུང་ཞིང་འགྱུར་བ། དེ་མ་ཐག་རྐྱེན་དང་དམིགས་རྐྱེན་སོགས་རྐྱེན་བཞི་པོ་སྣ་ཚོགས་མི་འདྲ་བའི་རྒྱུ་ལས་ཡོངས་སུ་འགྱུར་བ་ཅན། ཁམས་གསུམ་གྱིས་བསྡུས་པའི་རིས་ཐ་དད་པར་སྐྱེ་བའི་དུས་དང་། གང་དུ་སྐྱེས་ནས་སོ་སོའི་ཚེ་ཚད་རྫོགས་ཀྱི་བར་ལ་དུས་མཐའི་སྐད་ཅིག་མའི་ཕྲེང་བ་སྐྱེ་འགག་རིམ་ཅན་དུ་འབྱུང་བར་རིག་པར་བྱའོ། །


MR22_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འདུས་བྱས་ཐམས་ཅད་རྒྱུ་རྐྱེན་འདུས་པའི་སྟོབས་ཀྱིས་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པའི་ཚུལ་དུ་རིམ་པར་འགྱུར་བ་ཡིན་པས། བསྐལ་པར་གནས་པའི་དངོས་པོ་རྣམས་ཀྱང་ལོ་ཟླ་ཞག་དུས་ནས་སྐད་ཅིག་མའི་བར་གྱི་སྐྱེ་འགག་སྲང་མདའི་མཐོ་དམན་བཞིན་དུ་བར་ཆད་པ་མེད་པར་འཇུག་པ་ཙམ་གྱི་མི་རྟག་པར་ཤེས་ན། འདུས་བྱས་ཀྱི་སྤྱོད་ཡུལ་ཀུན་ལ་མི་ཆགས་པ་དང་། ཐར་པ་ལ་མོས་པ་དང་། སྟོང་པ་ཉིད་ཀྱི་དོན་ལ་འཇུག་པའི་རྟེན་དུ་གྱུར་པ་སོགས་ཀྱི་དགོས་པ་མཆོག་དང་ལྡན་པས་ན། མདོ་ལས་རྗེས་ཐམས་ཅད་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་པ་བཞིན་དུ། འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པའི་འདུ་ཤེས་མཆོག་གོ། །ཞེས་གསུངས་སོ། །གཉིས་པ་འདུ་བྱེད་པའམ། འདུས་བྱས་པའི་ཆོས་སུ་གཏོགས་པ་དེ་ལའང་ཟག་བཅས་ཟག་མེད་གཉིས་ཡོད་པའི་ཟག་མེད་རྣམས་ནི་སྡུག་བསྔལ་གྱི་རྒྱུ་དང་ངོ་བོ་དང་འབྲས་བུས་མ་བསྡུས་པའི་ཕྱིར། སྡུག་བསྔལ་མིན་ཀྱང་ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་ཉིད་དུ་གནས་ཏེ། ཅིའི་ཕྱིར་ན་སྡུག་བསྔལ་ཞེས་བྱ་བ་ནི། ལུས་དང་སེམས་ཀྱིས་མི་འདོད་པ་སིམ་པ་བྱེད་པར་མ་ཡིན་པའོ། །ཟག་བཅས་དེ་དག་ཀྱང་སྡུག་བསྔལ་གྱི་ངོ་བོའམ། དེ་དང་འབྲེལ་ཞིང་འདྲེས་ལ། དེ་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ། །ཇི་ལྟར་ན་ངན་སོང་གི་སྡུག་བསྔལ་དང་། མཐོ་རིས་ན་ཡང་སྐྱེ་རྒ་ན་འཆི་དང་། སྡུག་པ་དང་བྲལ་བ། མི་འདོད་པ་ཐོག་ཏུ་བབ་པ།


MR22_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བཙལ་ཀྱང་མ་རྙེད་པ་ལས་གྱུར་པའི་སྡུག་བསྔལ་ཆེ་ཕྲ་ཅི་ཡོད་པ་ཐམས་ཅད་བྱུང་ཙམ་ནས། དུད་འགྲོ་ཚུན་ཆད་ཀྱིས་མི་འདོད་ཅིང་སྡུག་བསྔལ་བར་ཤེས་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། སྡུག་བསྔལ་གཞན་གཉིས་ལས། འདི་ནི་ངོ་བོའི་སྡུག་བསྔལ་ཉིད་དུ་ཤེས་པའི་ཆེད་དུ། སྡུག་བསྔལ་གྱི་མིང་གཉིས་ཁྱད་གཞི་དང་ཁྱད་ཆོས་སུ་སྦྱར་ཏེ་གསུངས་པ་ཡིན་ལ། མདོ་ལས་སྡུག་བསྔལ་གྱི་སྡུག་བསྔལ་གང་ཞེ་ན། གང་སྐྱེ་བ་ན་སྡུག་བསྔལ། གནས་པ་ན་སྡུག་བསྔལ་ལ། འགྱུར་བ་ན་བདེ་བའོ་ཞེས་གསུངས་པ་བཞིན་ནོ། །སྡུག་བསྔལ་སོ་སོའི་རྣམ་གྲངས་ནི། དམྱལ་བར་ཚ་གྲང་སོགས་ཀྱིས་མཚོན་ཏེ་ཚད་མེད་པ་ཡོད་དོ། །མངོན་པ་ཀུན་བཏུས་སུ་སྡུག་པ་བྲལ་བ་སོགས་འགྱུར་བའི་སྡུག་བསྔལ་དུ་བསྡུ་བར་གསུངས་པ་མ་ཡིན་ནམ་ཞེ་ན། ཡིན་མོད་དེ་ནི་ནམ་ཞིག་འབྲལ་བར་འགྱུར་པའི་དོན་ལ་དགོངས་ཀྱི། འདིར་ནི་བྲལ་བ་སོགས་ཀྱི་སྡུག་བསྔལ་མྱོང་བཞིན་པའི་ཆ་ནས་བརྗོད་པའོ། །འགྱུར་བའི་སྡུག་བསྔལ་ནི་མཐོ་རིས་སོགས་འཇིག་རྟེན་གྱི་ཁམས་གང་ན་ཡང་། ཟག་པ་དང་བཅས་པའི་གནས་ལུས་ལོངས་སྤྱོད་བདེ་བའི་རྣམ་པ་ཇི་ལྟ་བུར་སྣང་ཡང་། དེ་བཞིན་དུ་རྟག་མི་ཐུབ་པར་མཐར་འགྱུར་བ་ཁོ་ནར་ངེས་ཏེ་མཐའ་བཞིས་བསྡུས་པ་ལས་མ་འདས་པའོ། །འགྱུར་བའི་ཚེ་ན་སྔར་གྱི་བདེ་བ་དེ་ཉིད་ཡིད་གདུང་བའི་རྒྱུར་འགྱུར་པ་ནི། བུ་ཤི་བའི་མྱ་ངན་ལྟ་བུ་སྟེ། བུ་མ་བྱུང་ན་དེ་ཤི་བའི་མྱ་ངན་ཡང་མི་འབྱུང་བ་བཞིན་ནོ། །དེ་ཡང་མདོ་ལས། འགྱུར་བའི་སྡུག་བསྔལ་ནི་སྐྱེ་བ་ན་བདེ། གནས་པ་ན་བདེ་ཡང་འགག་པ་ན་སྡུག་བསྔལ་བའོ། །ཞེས་


MR22_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེས་ན་བདེ་བ་ཆེ་ཕྲ་གང་མྱོང་ཡང་སྔ་མ་རིམ་པས་འགག་ནས་ཕྱི་མ་རིམ་པས་སྐྱེ་ལ་མཐར་རྒྱུན་འགག་པས་མ་བསྡུས་པ་མེད་པའི་ཕྱིར། ཡིད་བརྟན་དུ་མི་རུང་བ་སྟོན་དུས་ཀྱི་སྤྲིན་དཀར་མཛེས་པ་དང་འདྲ་ལ། འདོད་ཡོན་གྱི་བདེ་བ་ལ་ཆགས་པའི་སྒོ་ནས་ངན་སོང་སོགས་ཀྱི་སྡུག་བསྔལ་མི་བཟད་པ་མང་པོ་འགྲུབ་པ་དང་། ཐར་པའི་ལམ་ལ་འཇུག་པའི་གེགས་བྱེད་པ་སོགས་ཀྱི་ཉེས་པའི་དྲི་མ་དང་འདྲེས་པའི་ཟག་བཅས་ཀྱི་བདེ་བ་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་ཕན་ཆད། གནས་སྐབས་བདེ་ཡང་རུང་སྡུག་བསྔལ་ཡང་རུང་། བཏང་སྙོམས་སུ་གྱུར་ཀྱང་རུང་སྟེ། དེའི་སྐད་ཅིག་མའི་ཆ་ཐམས་ཅད་ཕུང་པོ་ཕྱི་མའི་ཉེར་ལེན་གྱི་རྒྱུ་བྱེད་པས་ན་མ་འོངས་པའི་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར། དུག་ཅན་གྱི་ཟས་དང་། འབྲས་ཀྱི་ནད་གཟོད་སྨིན་འགྱུར་དང་། གསོད་སར་གོམ་པ་འདོར་བའི་གྲངས་བཞིན་འཆི་བའི་སྡུག་བསྔལ་ལ་ཇེ་ཉེར་སོང་བ་ལྟར། སྡུག་བསྔལ་གྱི་རྒྱུར་གནས་པ་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྐྱེ་བ་དང་གནས་པ་དང་འགག་པ་ན་ཡང་སྡུག་བསྔལ་དུ་མི་མངོན་མོད་ཀྱི། འོན་ཀྱང་སྡུག་བསྔལ་གྱི་རྒྱུར་གྱུར་པའོ། །ཞེས་གསུངས་པ་ལྟར། ཟག་བཅས་འདུ་བྱེད་ཀྱི་རྒྱུན་གྱི་ཆ་མཐའ་དག་ལ་འདིས་མ་ཁྱབ་པ་མེད་པས་


MR22_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདི་ལ་བསམ་ན། འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་དུ། འཁོར་བ་མཐའ་དག་མེའི་འོབས་དང་སྲིན་མོའི་གླིང་ལྟ་བུར་ཡིད་འབྱུང་བའི་གནས་སུ་འཕགས་པ་རྣམས་ཀྱི་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་ལ། བྱིས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་མི་ཤེས་ཤིང་། དེར་མ་ཟད་སྐྱེ་བ་དང་འདུས་པ་དང་ལོངས་སྤྱོད་སོགས་འདོད་པ་ཁོ་ནར་འཕྱན་ཏེ། དེ་དག་གི་མཐར་འབྱུང་ངེས་པའི་འཆི་བ་སོགས་ལ་བསམ་དཔྱད་མེད་པར་འཇུག་པ་ཡིན་པས། འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་དག་ཀྱང་ཚུལ་བཞིན་ཡིད་ལ་མི་བྱེད་དོ། །སྡུག་བསྔལ་གསུམ་གྱི་རང་བཞིན་འདི་དག་གིས་ཡོངས་སུ་བཅིང་བའི་ཕྱིར། ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་སྡུག་བསྔལ་གྱི་ངོ་བོའམ། སྡུག་བསྔལ་དང་འབྲེལ་བ་དང་། སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆ་ནས། སྡུག་བསྔལ་འཕགས་པའི་བདེན་པ་རྟོགས་པར་འགྱུར་ཏེ། དོན་དེ་ལྟ་བུའི་དབང་གིས་ཟག་བཅས་ཐམས་ཅད་སྡུག་བསྔལ་བར་གསུངས་སོ། །དེ་ལྟར་ཤེས་ན་འཁོར་བའི་རང་བཞིན་ལས་ངེས་པར་འབྱུང་བའི་བསམ་པ་སྐྱེ་ཞིང་ཐར་པ་ཡང་དག་པའི་ལམ་ལ་འཇུག་པར་འགྱུར་རོ། །གསུམ་པ་ནི་བཤད་མ་ཐག་པ་ལྟར་ཟག་པ་དང་བཅས་པའི་ཕུང་པོ་སྡུག་བསྔལ་བར་ཤེས་ནས། དེའི་རྒྱུ་ཀུན་འབྱུང་བ་རྣམས་ཡང་དག་པའི་གཉེན་པོས་སྤང་བ་ལས།


MR22_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་བཅས་རྒྱུ་འབྲས་གཏན་དུ་ལོག་པའི་ཐར་པ་མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་ཏེ། འཁོར་བའི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་གཏན་དུ་བྲལ་བའི་རང་བཞིན་གྱི་གོ་འཕང་དམ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རིགས་པས་གྲུབ་སྟེ། འཁོར་བའི་ཕུང་པོ་སྡུག་བསྔལ་གྱི་གནས་སྐབས་ཅན་འདི་དག །རྟག་པ་དང་གཞན་དུ་མི་འཕོ་བ་ནི་མ་ཡིན་གྱི། རྣམ་པ་སྣ་ཚོགས་སུ་རེས་འགའ་བར་འབྱུང་བའི་ཕྱིར་འདི་དག་རྒྱུ་དང་ལྡན་པར་རྗེས་སུ་དཔོག་ནུས་ལ། རྒྱུ་དེ་ཡང་དབང་ཕྱུག་སོགས་ཀྱིས་བྱེད་པ་ལ་རིགས་པས་གནོད་པ་ཡོད་ཅིང་། ལས་ཉོན་ལས་བྱུང་བ་ལ་རིགས་པས་འཐད་པ་མཐོང་བས་ན། གདུལ་བྱ་རྣམས་ལ་ཕན་པའི་ཐབས་སྟོན་པའི་བརྩེ་བ་དང་། ཤེས་བྱའི་རང་བཞིན་ཕྱིན་ཅི་མ་ལོག་པར་གཟིགས་པའི་མཁྱེན་པ་དང་ལྡན་པའི་སྟོན་པ་ཁྱད་པར་ཅན། ཚད་མའི་སྐྱེས་བུ་དེ་བཞིན་གཤེགས་པས་བསྟན་པའི་རྗེས་སུ་ཞུགས་པའི་ཤེས་རབ་ཀྱིས་དཔྱད་ན། གང་ཞིག་ལས་རྣམས་གསོག་པར་བྱེད་པའི་ཉོན་མོངས་པ་ཐམས་ཅད་ནི་བདག་ཏུ་ལྟ་བའི་རྩ་བ་ཅན་དུ་ཤེས་ཤིང་། བདག་ཏུ་འཛིན་པའི་ཡུལ་ངའམ་བདག་ཅེས་པ་དེ་ཉིད་ལ་བརྟག་པའི་ཚེ། ཐག་ཁྲ་ལ་སྦྲུལ་བཞིན་གདགས་པའི་གཞི་ཕུང་པོ་ལྔ་ཡི་རྒྱུན་དང་ཚོགས་པ་ལ་བརྟེན་ནས་བཏགས་ཤིང་བདག་ཡོད་པར་འཁྲུལ་པས་རློམ་པ་ཙམ་དུ་ངེས་པ་རྙེད་ནས། འཇིག་ཚོགས་ལ་ལྟ་བ་


MR22_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྩད་ནས་སྤངས་པ་ལས། ཟག་བཅས་རྒྱུ་འབྲས་གཏན་དུ་ཁེགས་པའི་འགོག་པ་ཡོད་པར་རིགས་པ་རྣམ་དག་གིས་གྲུབ་པ་ཡིན་ནོ། །ཐར་པ་དེ་ལ་ཡང་། ཡོངས་སུ་མ་རྫོགས་པ་རེ་ཞིག་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་གནས་པ་ཉན་རང་གི་འབྲས་བུ་ཐེག་དམན་མྱང་འདས་དང་། ཡོངས་སུ་རྫོགས་པ་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་མཐར་ཕྱིན་པ་སྲིད་ཞིར་མི་གནས་པའི་མྱང་འདས་ཐེག་པ་ཆེན་པོའི་ལམ་གྱིས་ཐོབ་བྱ་བླ་ན་མེད་པའི་འབྲས་བུ་སངས་རྒྱས་ཀྱི་ས་སྟེ་གཉིས་སུ་ཡོད་པའང་རིགས་པའི་ལམ་གྱིས་མཐོང་བར་འགྱུར་རོ། །དེ་ལས་སྤངས་རྟོགས་ཡོངས་སུ་མ་རྫོགས་པས་དམན་པ་ཉན་རང་གི་མྱང་འདས་ཀྱང་། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར། ས་བོན་བསྲེག་པ་སླར་མི་སྐྱེ་བ་ལྟར་འཁོར་བ་གཏན་དུ་ལོག་པས་ཐར་པ་ཡང་དག་པ་ཡིན་ནོ། །གལ་ཏེ་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ལམ་འབྱུང་བ་བཞིན། ལམ་གོམས་པ་མཐར་ཕྱིན་པའི་རྒྱུད་ལ་ཡང་སྐྱོན་རྣམས་འབྱུང་ངམ་སྙམ་ན་མ་ཡིན་ཏེ། འདི་ལྟར་སེམས་ཀྱི་གཤིས་ལ་བདག་ལྟ་སོགས་ཀྱི་སྐྱོན་འབྲལ་མི་རུང་བ་ཉིད་དུ་མ་གྲུབ་ཀྱང་ཐག་ཁྲ་ལ་སྦྲུལ་བཞིན་སེམས་རྐྱེན་གྱིས་རེ་ཤིག་གོལ་བ་ཙམ་ཡིན་ལ། དེ་ཟློག་བྱེད་གཉེན་པོ་བདག་མེད་སོགས་ཀྱི་དོན་མཐོང་བའི་རྐྱེན་རྙེད་པར་གྱུར་པའི་དུས་ན་ཡང་། སྣང་བས་མུན་པ་བསལ་བ་ལྟར་བདག་ལྟ་སོགས་སྐྱོན་གྱིས་མི་ཚུགས་ན། གཉེན་པོ་གོམས་པས་


MR22_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པའི་དུས་ན་སྨྲོས་ཅི་དགོས་ཏེ། བློ་གཉེན་པོའི་ངང་ཅན་ལས། བཟློག་བྱེད་ཀྱི་རྒྱུ་མཚན་མི་སྲིད་དོ། །དེ་གང་ཞེ་ན་བདག་མེད་སོགས་གཉེན་པོ་རྣམས་ནི་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་ཀྱི་ཉེས་པའམ། འཚེ་བ་མེད་པ་ཡིན་པས་འབད་རྩོལ་གྱིས་དེ་ལས་བློ་ལྡོག་པར་མི་བྱེད་ལ། འཚེ་བ་མེད་དུ་ཟིན་ཀྱང་། རིགས་པས་གནོད་པ་ཡོད་ན་འདོར་སྲིད་པ་ལ། དེ་ནི་ཡང་དག་པའི་དོན་རིགས་པས་གྲུབ་པ་ཡིན་པས་ནམ་ཡང་གནོད་པ་མཐོང་ནས་འདོར་མི་སྲིད་པ་དང་། འབད་པས་མི་བཟློག་ལ། རིགས་པས་གནོད་པ་མེད་ཀྱང་བརྗེད་ངས་སོགས་ཀྱི་བློ་དང་གཉེན་པོ་བྲལ་ནས་ཉམས་པའང་མི་སྲིད་དེ། གོམས་པ་མཐར་ཕྱིན་པའི་དུས་ན། བློ་ཉིད་ངང་གིས་གཉེན་པོའི་ངོ་བོ་ཉིད་དམ། རང་བཞིན་དུ་གྱུར་པ་འབའ་ཞིག་ལ་མི་མཐུན་ཕྱོགས་སྒྲོ་འདོགས་ཀྱི་འཛིན་སྟངས་རྣམས་ཀྱིས་འབད་དུ་ཟིན་ཀྱང་བཟློག་མི་ནུས་ཏེ། བློས་གཉེན་པོ་ཡང་དག་པའི་ཕྱོགས་མི་གཏོང་བར་འཛིན་པ་ནི། ཐག་ཁྲ་ལ་སྦྲུལ་མེད་ཤེས་པའི་བློ་ལ་སྦྲུལ་འཛིན་གྱིས་སྐབས་མི་ཐོབ་པ་བཞིན་ནོ། །དེ་ལྟར་ཡང་རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །དེ་ལས་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་ལ། དྲི་མ་གློ་བུར་བ་མཐའ་དག་སྤངས་པས་རང་


MR22_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་དག་ཆེན་པོའི་བདག་ཉིད་དུ་གྱུར་པ་སྤང་རྟོགས་ཡོངས་སུ་རྫོགས་པའི་གནས་གྱུར་མཐར་ཐུག་པ་སངས་རྒྱས་ཆོས་ཀྱི་སྐུ་ནི་ཡོན་ཏན་ཚད་མེད་ཀྱང་མདོར་བསྡུ་ན། གཙང་བདེ་རྟག་པ་དག་གི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟར་ན། ཆོས་ཀྱི་དབྱིངས་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཇི་ལྟ་བ་བཞིན་དུ་བདག་མེད་གཉིས་རྟོགས་པའི་ཡེ་ཤེས་ཆེན་པོས་གློ་བུར་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སླར་མི་སྐྱེ་བར་བཅོམ་པས་དག་པ་གཉིས་ལྡན་ནི་གཙང་བའི་ཕ་རོལ་ཏུ་ཕྱིན་པ་རྣམ་གྲོལ་གྱི་སྐུའམ། ཤིན་ཏུ་རྣམ་པར་དག་པའི་སྐུའོ། །སྡུག་ཀུན་གྱི་ཉེས་པ་རགས་པ་ལྟ་ཅི་སྨྲོས་ཀྱི་ཉན་རང་རྣམས་ཀྱིས་ཀྱང་སྤང་བར་མ་ནུས་པ་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། དེའི་རྒྱུ་མ་རིག་བག་ཆགས་ཀྱིས་ཡང་རྣམ་པ་ཀུན་ཏུ་སྤང་བས། འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བ་ནི་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཆེན་གྱི་སྐུའོ། །འཁོར་བ་དང་མྱང་འདས་ལ་ཐ་དད་དུ་འཛིན་པ་མེད་པར་མཉམ་པ་ཉིད་དུ་རྟོགས་པས་དངོས་དངོས་མེད་ཀྱི་མཐའ་ལ་མི་གནས་པའི་འདུས་མ་བྱས་ཆེན་པོ་འཇིག་པ་མེད་པ་ནི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་ལྟ་བུའི་སྐུ་སྟེ། དེ་ཡང་སྲིད་པ་སྔ་མ་རྒྱུན་ཆད་ནས་གསར་དུ་སྐྱེ་བ་དང་། འདུ་བྱེད་རྣམས་རྙིང་ནས་མྱགས་པའི་རྒ་བ་དང་། ཁམས་རྣམ་པར་འགྱུར་བའི་ན་བ་དང་། བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་བཞིའི་ཉེས་པ་ཆ་ཙམ་ཡང་མི་གནས་པས་ན་རིམ་པ་ལྟར། རྟག་བརྟན་ཞི་བ་འཕོ་མེད་


MR22_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་དྲུང་གི་རང་བཞིན་དུ་གྱུར་པའོ། །བདག་དངོས་པོར་ཡོད་པ་དང་། བདག་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དངོས་མེད་ཉི་ཚེ་བའི་མཐའ་ལས་འདས་ཏེ། དེ་དག་གི་སྤྲོས་པ་ཉེ་བར་ཞི་བ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད་དུ་གནས་གྱུར་ཐོབ་པ་ནི་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་སྟེ། བདག་ཉིད་ཆེན་པོ་ནམ་མཁའ་ལྟ་བུ་མཉམ་པ་ཉིད་ཡེ་ཤེས་ཀྱི་སྐུ་ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བ། སྟོབས་བཅུ་དང་དབང་བཅུ་ལ་སོགས་པ་ཟག་པ་མེད་པའི་ཆོས་རྒྱ་མཚོ་གཞལ་དུ་མེད་པ་མཉམ་པ་མེད་པ་མཐའ་དག་གི་གནས་སུ་གྱུར་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་རྟེན་དམ་པར་གྱུར་པའོ། །དེ་ལྟར་ཐར་པ་མྱ་ངན་ལས་འདས་པ་ནི། འགོག་པ་ཞི་བ་བསིལ་བ་གྱ་ནོམས་པ་ངེས་པར་འབྱུང་བ་བླ་ན་མེད་པ། མཆོག་དང་མཐར་ཐུག་པ་ཉིད་དུ་མཐོང་ནས་ཐར་པའི་འབྲས་བུ་ལ་སྤྲོ་བ་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་མྱང་འདས་ལ་དམིགས་ཏེ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །བཞི་པ་འདི་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སུ་གཏོགས་པ་ཐམས་ཅད་ལ། གང་ཟག་གི་བདག་མེད་ཅིང་ཆོས་ཀྱི་བདག་གིས་སྟོང་པས་ཆོས་རྣམས་ནི་ངོ་བོ་ཉིད་མེད་པར་འགྲུབ་པ་ཡིན་ཏེ། ཇི་ལྟར་ན། ལས་བྱེད་པ་པོ་དང་བདེ་སྡུག་མྱོང་བ་པོར་བཏགས་པ་བདག་གམ་གང་ཟག་དང་བྱེད་པོ་སོགས་སུ་རློམ་པ་དེ་ནི། ཕུང་པོ་ལྔ་པོ་འདི་


MR22_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་བདག་ཏུ་རློམ་པར་ཟད་ཀྱི། ཤེས་རབ་ཀྱིས་བརྟག་ན་གང་ཟག་གི་བདག་གི་ངོ་བོ་ཉིད་མི་དམིགས་ཏེ། ཕུང་པོ་དང་གཅིག་ཏུ་མ་གྲུབ་ལ། ཐ་དད་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་བདག་དེ་ཕུང་པོ་དང་གཅིག་ཡིན་ན། ཕུང་པོ་རྣམས་ཐ་དད་པ་བཞིན་དུ་བདག་ཀྱང་དུ་མར་ཐལ་བ་དང་། ཕུང་པོའི་བྱེ་བྲག་གཟུགས་བདག་ཡིན་ན། རྡུལ་ཕྲན་གྱི་གྲངས་བཞིན་དུ་བདག་དུ་མར་ཐལ་བ་དང་། དེ་བཞིན་ཚོར་འདུ་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་རྣམས་ཀྱང་དུ་མའི་ཕྱིར་བདག་ཀྱང་དུ་མའི་ཕྱིར་བདག་ཀྱང་དེར་ཐལ་བར་འགྱུར་ལ། ཕུང་པོ་ལྔ་ནི་རྒྱུ་ལས་སྐྱེས་ཤིང་སྐད་ཅིག་གིས་མི་རྟག་པས་བདག་ཀྱང་མི་རྟག་པར་ཐལ་བ་དང་། མདོར་ན་རྡུལ་ཕྲ་རབ་དང་དུས་མཐའི་སྐད་ཅིག་གི་ཆ་ཅན་དུ་མ་ཚོགས་པའི་ཕུང་པོ་ནི་བདག་མ་ཡིན་ནོ། །ཕུང་ལྔ་ལས་ཐ་དད་པའི་བདག་ཡན་གར་བ་ཡོད་ན་དམིགས་སུ་རུང་བ་ལས། དེ་མ་དམིགས་པས་ཁེགས་པ་དང་། འདུས་བྱས་ཀྱི་ཕུང་པོ་ལས་འདས་པའི་བདག་ཡོད་ན། ལས་བྱེད་པ་དང་། བདེ་སྡུག་མྱོང་བ་སོགས་ཀྱི་མཚན་ཉིད་ཅན་དུ་མི་རུང་སྟེ་ནམ་མཁའ་ལྟར་འདུས་མ་བྱས་ཕན་གནོད་དང་བྲལ་བར་འགྱུར་རོ། །གནས་མ་བུའི་སྡེ་པ་དག་གིས་བདག་ནི་ཕུང་པོ་དང་གཅིག་ཐ་དད་དང་རྟག་མི་རྟག་སོགས་གང་དུ་ཡང་བརྗོད་དུ་མེད་པའི་ངོ་བོར་ཡོད་པར་འདོད་པའང་མི་འཐད་དེ། ཚད་མས་དཔྱད་ན་ཕྱོགས་གཉིས་པོ་གང་རུང་དུ་ཡང་མ་གྲུབ་པ་དེ་ནི་


MR22_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོར་ཡོད་པར་མི་རུང་སྟེ། དངོས་པོར་ཡོད་པ་ལ་དེ་གཉིས་གང་རུང་དུ་ཡོད་པས་ཁྱབ་པ་ནི་འདིར་ལོག་ལ། དེ་གཉིས་གང་རུང་མིན་པའི་དངོས་པོར་ཡོད་ཚུལ་ཕུང་གསུམ་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་གཟུགས་བདག་མ་ཡིན་ལ། གཟུགས་དང་བདག་ཕན་ཚུན་ལྡན་པ་མ་ཡིན། གཟུགས་ལ་བདག་མི་གནས། བདག་ལ་གཟུགས་མི་གནས་པ་དེ་ལྟར་ཚོར་བ་སོགས་ལ་སྦྱར་བས་ཉི་ཤུ་ནི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་སྟེ། དེ་དག་གི་རྩ་བ་བདག་འཛིན་ལྷན་སྐྱེས་ལ་བརྟེན་ནས། ཀུན་བཏགས་པས་ན་ཡེ་ཤེས་རྡོ་རྗེས་འཇིག་ལྟ་བཅོམ་པའི་ཚེ་ཐམས་ཅད་ཅིག་ཆར་འཇིག་པར་འགྱུར་ཞིང་། གཞན་ཡང་རྩ་བ་འཇིག་ལྟ་ལ་བརྟེན་ནས་སྔོན་དང་ད་ལྟ་ཕྱི་མཐའ་ལ་བརྟེན་པའི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་སུ་ཚངས་པའི་དྲྭ་བའི་མདོ་ལས་གསུངས་པ་ལྟ་བུ་དང་། ཡང་བདག་རྟག་པ་དང་། གཅིག་པུ་དང་། དབང་སྒྱུར་བ་དང་། ཁྱབ་པ་ལ་སོགས་པའི་རྣམ་པར་སྒྲོ་བཏགས་པ་ཇི་སྙེད་པ་དང་། བུམ་པའི་ཆ་བྱད་འཁོར་ལོ་དང་དབྱིག་གུ་སོགས་མཐོང་བས་རྫ་མཁན་ཡོད་པར་ཤེས་པ་ལྟར། བདག་གི་ཕན་པ་སྒྲུབ་པའི་མལ་ཆ་དང་ཟས་གོས་སོགས་མཐོང་བས་བདག་ཡོད་པར་དཔོག་པ་དང་། བདག་མེད་ན་ལམ་ལ་འབད་པ་སོགས་དོན་མེད་དེ་སུ་ཡི་ཆེད་དུ་མི་འགྱུར་བས་བདག་མེད་འདོད་པ་སུན་འབྱིན་པ་སོགས། བདག་ཡོད་


MR22_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་ཕྱི་རོལ་པས་གང་སྨྲས་པ་ཐམས་ཅད་དོན་མེད་འབའ་ཞིག་ཡིན་ཏེ། ཁྱད་པར་ཅན་བདག་མེད་པ་ལ་དེ་ཡི་ཁྱད་པར་གྱི་ཆོས་དང་། སྒྲུབ་བྱེད་བཀོད་པ་མི་རུང་བའི་ཕྱིར་ཏེ། བདག་རྟག་ན་ལས་བྱེད་པ་དང་སྤྱོད་པའི་གནས་སྐབས་ཐ་དད་པ་དང་། བདེ་སྡུག་མཐོ་དམན་དག་མ་དག་སོགས་ཀྱི་གནས་སྐབས་མི་སྲིད་པ་དང་། གཅིག་པུ་ཡིན་ན་ཁྱད་ཆོས་སོགས་ཀྱི་རྣམ་བཞག་སྣ་ཚོགས་མི་སྲིད་པ་དང་། ཀུན་ལ་དབང་བསྒྱུར་བའི་རང་དབང་ཅན་ཡིན་ན་མི་རྟག་པ་དང་མི་འདོད་པ་ཅུང་ཟད་འབྱུང་མི་སྲིད་པ་དང་། ཁྱབ་པ་ཡིན་ན་ཐམས་ཅད་ཅིག་ཆར་ལྡན་པ་ལ་གཉེན་དང་བྲལ་བ་དང་བདག་གཞན་དགེ་སྡིག་སོགས་ཀྱི་བྱ་བ་ཉི་ཚེ་བའི་ཁྱད་པར་མི་འཐད་དོ། །བདག་གི་ངོ་བོ་ཚད་མས་ནམ་ཡང་མ་དམིགས་པ་ལ་དེའི་ཕན་པ་སྒྲུབ་བྱེད་ཀྱི་དངོས་པོ་མཐོང་བ་ཞེས་པའི་རྟགས་མ་གྲུབ་སྟེ། མོ་གཤམ་བུའི་གོས་ཞེས་པ་བཞིན་ནོ། །མལ་ཆ་སོགས་བདག་གི་བར་ལེན་པ་མ་ཡིན་ནམ་ཞེ་ན། བདག་མེད་ཀྱང་ཕུང་པོའི་ཚོགས་པ་དང་རྒྱུན་ལ་ཕན་པ་བྱེད་པའི་ཕྱིར་ལེན་པ་ཡིན་ནོ། །བདག་ཡོད་ན་ཐར་པའི་ལམ་མི་སྲིད་དེ། བདག་ཡོད་སྨྲ་བའི་ལུགས་ལ་བདག་ཏུ་ཆགས་པ་སྤོང་བྱེད་ཀྱི་ལམ་མི་སྲིད་ལ། བདག་ཆགས་མ་སྤངས་ན་བདག་གི་བར་ཆགས་པའི་སྒོ་ནས་ཁམས་གསུམ་ཀུན་ཏུ་ལེན་པ་དང་ནམ་ཡང་མི་འབྲལ་བས་འཁོར་བ་ལས་ཐར་པའི་ཐབས་མི་སྲིད་དོ། །བདག་མེད་པར་སྨྲ་བ་ལ་ཐར་པ་ཡོད་དེ་


MR22_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལས་བཟློག་པ་འདོར་ལེན་གང་ཡང་མི་མངའ་བའི་སྒོ་ནས་ཁམས་གསུམ་ལ་ཆགས་པ་དང་བྲལ་བའི་མྱང་འདས་འགྲུབ་བོ། །ཕན་པ་སྒྲུབ་ཅིང་གནོད་པ་སྤོང་བ་ནི་བདག་ཡོད་པའི་དོན་དུ་མ་ཡིན་ཏེ། བདག་མེད་པའི་ཕུང་པོའི་ཚོགས་རྒྱུན་ལ་བརྟེན་ནས་བྱེད་པོ་དང་སྤྱོད་པོ་སོགས་སུ་འཇོག་པའི་ཕྱིར་རོ། །དེ་ཡང་དཔེར་ན་ཤིང་རྟ་ཞེས་པ་རང་གི་ཡན་ལག་རྣམས་ཚོགས་པ་ལ་བརྟེན་ནས་བཏགས་པ་སྟེ། འཕང་ལོ་སོགས་ཡན་ལག་དང་ཤིང་རྟ་གཉིས་གཅིག་པ་མིན་ཞིང་། རང་གི་ཡན་ལག་རྣམས་ལས་གཞན་དུ་ཡང་མེད་ལ་དེའི་ཕྱིར་ཡན་ལག་དང་ཡན་ལག་ཅན་གཉིས་ཕན་ཚུན་ལྡན་པའང་མིན། ཡན་ལག་ལ་ཡན་ལག་ཅན་གནས་པ་དང་། ཡན་ལག་ཅན་ཤིང་རྟ་ལ་ཡན་ལག་འཕང་ལོ་སོགས་གནས་པའང་མིན་ནོ། །ཡན་ལག་ཚོགས་པ་དང་ཚོགས་པའི་དབྱིབས་གཉིས་ནི་ཡན་ལག་རྣམས་ལས་གཞན་པའི་རྫས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་དེ་ལྟར་རྣམ་པ་བདུན་དུ་དཔྱད་ན་ཡན་ལག་ཅན་ཤིང་རྟ་ཉིད་དམིགས་སུ་མེད་ཀྱང་། རང་གི་ཡན་ལག་རྣམས་ལ་བརྟེན་ནས་བཏགས་པ་ཙམ་གྱིས་ཡོད་པ་དེ་བཞིན་དུ། བདག་ཀྱང་ཕུང་པོ་ལ་བརྟེན་ནས་བཏགས་ཀྱི་རྣམ་པ་བདུན་དུ་དཔྱད་ན་མི་འགྲུབ་པར་ཤེས་པར་བྱའོ། །དེ་ལྟར་ཡང་མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་


MR22_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་གང་ཟག་གི་བདག་རིགས་པས་ཁེགས་ཀྱང་། དེའི་གདགས་གཞི་གཟུགས་ལ་སོགས་པའི་ཆོས་རྣམས་ནི་མངོན་སུམ་གྱིས་དམིགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གྲུབ་བོ་སྙམ་ན་འདི་ལྟར་གཟུགས་སོགས་ཀྱི་སྣང་བ་བསླུ་མེད་ནི་རྟེན་འབྲེལ་གྱི་དབང་ལས་སྣང་བར་ཟད་ཀྱི། ཇི་ལྟར་སྣང་བ་འདི་ལ་ཤེས་རབ་ཀྱིས་དཔྱད་ན་དེ་དང་དེའི་ངོ་བོ་ཉིད་དུ་གྲུབ་པ་གང་ཡང་མེད་དེ། གཟུགས་བརྙན་དང་རྨི་ལམ་སྒྱུ་མ་ལ་སོགས་པ་བཞིན་ནོ། །དེ་ཇི་ལྟར་ཞེ་ན་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེག་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་བཞིའི་ཚུལ་གྱིས་གཏན་ལ་ཕབ་པ་ཡིན་ཏེ། འདི་ལྟར། རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་སྣང་བ་ལ་ནི་བསྙོན་དུ་མེད་པས་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་ལུགས་ལ། རྟེན་འབྲེལ་གྱིས་དབང་གིས་སྣང་བར་ཁས་ལེན་ན་ཡང་། འོན་ཀྱང་རྟེན་འབྱུང་གི་གཞི་ཕྲ་རབ་གཉིས་སམ། གཞན་དབང་གི་རྣམ་ཤེས་ལྟ་བུ་བདེན་གྲུབ་ཏུ་བྱས་ནས་སྟོང་གཞི་དེ་ལ་གང་ཟག་གི་བདག་གམ། ཀུན་བརྟགས་ཀྱི་ཆོས་སྟོང་བ་ལྟ་བུའི་མ་ཡིན་དགག་


MR22_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟོང་ཉིད་ནི་རང་སྡེ་དངོས་སྨྲ་བ་དག་གིས་འདོད་ཅིང་། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ཀྱིས། ཕུང་སོགས་ཆོས་ཐམས་ཅད་ནི། རང་གི་ངོ་བོ་ཉིད་མ་གྲུབ་བཞིན་དུ་སྣང་བ་ཡིན་པས། དོན་དམ་དཔྱོད་པའི་རིག་པས་དཔྱད་བཟོད་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པར་བཀག་པའི་སྟོང་པར་འདོད་ཀྱང་། དེ་འདྲའི་སྟོང་པ་དང་རྟེན་འབྱུང་གི་སྣང་བ་གཉིས་དངོས་པོའི་ཆོས་ཉིད་ཀྱིས་འགལ་མེད་དོན་གཅིག་ཏུ་ཤར་བ་ནི། སྣང་སྟོང་ཟུང་འཇུག་དབུ་མ་ཆེན་པོ་ཀླུ་སྒྲུབ་ཀྱི་བཞེད་པ། རྒྱལ་བའི་དགོངས་པ་མཐར་ཐུག་པ་ཡིན་ལ། དེ་ལྟ་བུའི་དོན་ལ་རིམ་དང་ཅིག་ཆར་དུ་འཇུག་པའི་ཚུལ་དང་། ཐ་སྙད་ཁས་ལེན་ཚུལ་སོགས་ནང་གསེས་ཀྱི་བཞེད་པ་མི་འདྲ་བ་ཡོད་ཀྱང་། འདིར་ནི་དབུ་མ་སྤྱིའི་གནད་རྣམས་བཤད་པར་བྱའོ། །དེ་ཡང་ཐ་སྙད་ཙམ་དུ་རྒྱུ་ལས་འབྲས་བུ་སྐྱེ་མོད་ཀྱི། དོན་དམ་པར་དཔྱད་ན་སྐྱེ་བ་མི་དམིགས་ཏེ། གལ་ཏེ་སྐྱེ་བ་རིགས་པས་དཔྱད་བཟོད་དུ་ཡོད་ན་བདག་གམ། གཞན་ནམ། གཉིས་ཀའམ། གཉིས་མིན་པ་རྒྱུ་མེད་དེ་མཐའ་བཞི་གང་རུང་གི་ཚུལ་དུ་སྐྱེ་དགོས་པ་ལ་དེ་མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བདག་ལས་བདག་ཉིད་སྐྱེ་བ་མི་རིགས་ཏེ། བདག་ཉིད་ཀྱི་ངོ་བོར་གྲུབ་ཟིན་པ་སླར་ཡང་སྐྱེ་བ་དོན་མེད་པ། བུ་བཙས་ཟིན་པ་ལ་ཡང་བཙས་སུ་མེད་པ་བཞིན་ནོ། །གལ་ཏེ་སླར་ཡང་སྐྱེ་ན། ས་བོན་ལྟ་བུ་དེ་ཡང་ཡང་ཐུག་མེད་དུ་སྐྱེ་ཞིང་། མྱུ་གུ་དང་སྡོང་བུ་སོགས་


MR22_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་སྐབས་ཐ་དད་པ་རིམ་པས་འགྱུར་བ་རྣམས་མེད་པར་འགྱུར་རོ། །གལ་ཏེ་གྲངས་ཅན་བདག་སྐྱེ་འདོད་པ་རྣམས་ན་རེ། འཇིམ་པའི་རང་བཞིན་གཅིག་ལས་བུམ་པ་སོགས་ཀྱི་རྣམ་འགྱུར་སྣ་ཚོགས་བྱེད་པ་ལྟར་ས་བོན་སོགས་རང་བཞིན་གཅིག་ཀྱང་། ས་བོན་གྱི་རྣམ་འགྱུར་སྤངས་ནས་མྱུ་གུའི་རྣམ་འགྱུར་དུ་གོ་འཕོས་པ་ཡིན་ནོ་ཟེར་ན། ས་མྱུག་སོགས་ཀྱི་གནས་སྐབས་དེ་དག་ལ་ད་ལྟར་ཡོད་མེད་དང་མདོག་དབྱིབས་སོགས་ཐ་དད་དམིགས་བཞིན་གཅིག་ཏུ་འདོད་ན་མེ་ཆུ་དང་དགེ་སྡིག་སོགས་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་བས་ཧ་ཅང་ཐལ་བས་གནོད་དོ། །ས་མྱུག་སོགས་རྒྱུད་གཅིག་པས་མེ་ཆུ་སོགས་དང་མི་འདྲའོ་སྙམ་ན། རྒྱུད་ཅེས་བྱ་བ་ནི་སྐད་ཅིག་མའི་ཆོས་འདྲ་བ་བར་མ་ཆད་པ་ལ་བཏགས་པ་ཙམ་སྟེ་དོན་ལ་མ་གྲུབ་བོ། །བསྟན་བཅོས་སུ་མ་ཟད་འཇིག་རྟེན་པས་ཀྱང་རྒྱུ་ཞིག་པའི་རྗེས་སུ་འབྲས་བུ་མངོན་སུམ་མཐོང་བ་ཡོད་པས་རྒྱུ་འབྲས་གཅིག་ཅེས་ཁས་མི་ལེན་པས་ན་བདག་སྐྱེ་འདི་ནི་བདེན་པ་གཉིས་ཆར་དུ་ཡང་མེད་དོ། །གལ་ཏེ་བདག་སྐྱེ་མི་རིགས་མོད་ཀྱི། མ་ལས་བུ་བཙས་པ་དང་། ས་བོན་ལས་མྱུ་གུ་འབྱུང་བ་ལྟར་དངོས་པོ་རྣམས་གཞན་ལས་གཞན་སྐྱེ་བ་ཁོ་ནའོ་སྙམ་ན། རྒྱུ་འབྲས་ལ་གཞན་དུ་བཏགས་པ་ཡོད་མོད། རིགས་པས་གྲུབ་པའི་གཞན་སྐྱེ་མ་ཡིན་ཏེ། རྒྱུ་འབྲས་གཞན་པ་ཉིད་དུ་ངོ་བོས་གྲུབ་ན། འབྲས་བུ་དེ་རྒྱུ་ལ་ལྟོས་མི་དགོས་ཏེ་གཉིས་ཀ་ནུས་མཉམ་དུ་ཡོད་


MR22_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ལ། ཡོད་བཞིན་གཞན་ལས་གཞན་སྐྱེ་མི་དགོས་ཏེ། སྐྱེས་བུ་སྐྱེས་ཟིན་གཉིས་ཕན་ཚུན་མི་ལྟོས་པ་བཞིན་ནོ། །གལ་ཏེ་གཞན་ལས་གཞན་སྐྱེ་ན་མར་མེ་ལས་ཀྱང་མུན་པ་འབྱུང་བ་སོགས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་ཏེ། གཞན་ཡིན་པར་ཁྱད་མེད་པའི་ཕྱིར་རོ། །གཞན་ཡིན་ཚད་རྒྱུ་འབྲས་སུ་མ་ངེས་ཏེ། ཕན་འདོགས་བྱེད་དང་འདོགས་བྱར་འབྲེལ་ཞིང་སྔ་མ་ལས་ཕྱི་མ་འབྱུང་བས་སྐྱོན་དེ་མེད་ཅེ་ན། ནས་དང་མེ་ཏོག་རྡོ་ལ་སོགས་པ་འབྲས་ཀྱི་རྒྱུ་དང་རྒྱུད་དུ་གཏོགས་པ་མིན་པ་བཞིན་དུ། ནས་རང་གི་ས་མྱུག་གཉིས་ཀྱང་གཞན་ཡིན་པར་དོན་འདྲ་བས། སྐྱེད་བྱེད་དང་རྒྱུད་གཅིག་པར་ཡང་མི་རུང་བར་ཐལ་ན་ཡང་། སྐྱེད་བྱེད་དང་རྒྱུད་གཅིག་པའི་རྣམ་བཞག་རུང་བ་འདི་ནི་ངོ་བོ་ཉིད་ཀྱིས་གཞན་དུ་མ་གྲུབ་པར་རྟེན་འབྱུང་གི་ངང་ཚུལ་དཔྱད་མི་བཟོད་པར་གྲུབ་པའི་གནད་ཀྱིས་ཡིན་ནོ། །གཞན་ཡང་ས་མྱུག་གཉིས་གཅིག་གི་དུས་ན་གཅིག་མེད་པས་ཕན་གདགས་བྱ་འདོགས་བྱེད་དུ་ཇི་ལྟར་འཐད་དེ་བཏགས་པ་ཙམ་མོ། །དེ་གཉིས་དུས་མཉམ་དུ་མེད་ཀྱང་སྲང་མདའི་མཐོ་དམན་བཞིན་དུ་སྐྱེ་འགག་བྱེད་པས་སྐྱོན་མེད་དོ་ཞེ་ན། འགག་བཞིན་པ་དང་སྐྱེ་བཞིན་པ་ཕྲད་པ་མི་འགྲུབ་པས། སྲང་མདའི་དཔེས་བསྟན་པ་དོན་མེད་དོ། །སེམས་སེམས་བྱུང་དང་དུས་གཅིག་པའི་འབྱུང་བཞི་ལྟ་བུའང་རྒྱུ་འབྲས་སུ་བཏགས་པ་ཙམ་སྟེ་ངོ་བོ་ཉིད་ཀྱིས་གཞན་སྐྱེ་


MR22_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་སྐྱོན་གོང་བཞིན་ནོ། །དེས་ན་ས་བོན་ལས་མྱུ་གུ་སྐྱེ་བ་ལྟ་བུ། རྟེན་འབྲེལ་གྱི་སྣང་བ་བརྟག་མི་བཟོད་པ་ཡིན་གྱི་བརྟག་ན་སྐྱེ་བ་ཞེས་པ་ཅུང་ཟད་མི་དམིགས་ཀྱང་མ་བརྟགས་ཉམས་དགའ་བ་ཙམ་དུ་ས་བོན་ལས་མྱུ་གུ་སྐྱེ་བར་སྣང་ཞིང་དེ་ལྟར་ཐ་སྙད་བྱེད་པ་ཙམ་དང་། དེ་བཞིན་གནས་པ་དང་འགག་པར་གདགས་ཀྱི་དོན་ལ་སྐྱེ་འགག་གནས་གསུམ་བྲལ་བ་ཡིན་ལ་བདེན་པ་དེ་གཉིས་འགལ་མེད་ཀྱི་སྣང་བ་སྒྱུ་མ་དང་རྨི་ལམ་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་རིགས་པས་དཔྱད་ན་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པའི་གནད་ཀྱིས་ས་མྱུག་ལྟ་བུ་བདག་དང་གཞན་གང་གི་ངོ་བོར་ཡང་མི་འགྲུབ་བོ། །གཞན་དག་ན་རེ་སྐྱེ་བ་གཞན་གསུམ་བཀག་ཀྱང་། གཞན་སྐྱེ་ཁས་མ་བླངས་ན་འཇིག་རྟེན་ཐ་སྙད་ཀྱི་རྣམ་བཞག་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ། དེ་ཁོ་ན་ཉིད་དུ་དཔྱད་ན་ཐ་སྙད་དུ་སྐྱེ་བ་ཞེས་པ་ཅི་ཡང་མི་དམིགས་ཏེ་དམིགས་ན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང་། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ་དང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་པ་སྟེ་དངོས་པོ་ལ་སྐུར་པ་འདེབས་པའི་རང་བཞིན་ཅན་དུ་འགྱུར་ན་ཡང་། དེ་མི་སྲིད་པའི་ཕྱིར། དོན་དམ་པར་ཆོས་གང་ཡང་ཡོངས་སུ་མི་དམིགས་པ་དང་། ཐ་སྙད་ཙམ་དུ་དམིགས་པ་གཉིས་དོན་གཅིག་ཏུ་དབུ་མ་པས་བཞེད་ལ། དངོས་སྨྲ་བ་རྣམས་ཀྱིས། སྟོང་པ་དང་རྟེན་འབྱུང་གི་སྣང་བ་འགལ་


MR22_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཟུང་ནས་རྩོད་ཅིང་། དོན་དམ་དཔྱོད་པས་བཀག་པ་ནི་ཐ་སྙད་དུ་ཡང་གཏན་མེད་པ་དང་། ཐ་སྙད་དུ་ཡོད་ཚད་དོན་དམ་དཔྱོད་པས་མ་བཀག་སྟེ་དགག་གཞི་ཐ་སྙད་ཀྱི་ཆོས་རྣམས་ཀྱི་སྟེང་ན་དགག་བྱ་ཡན་གར་བ་ཀུན་བརྟགས་པའམ། བདེན་གྲུབ་སོགས་ཀྱི་མིང་ཅན་བཀག་པའི་སྟོང་ཉིད་དང་། དགག་གཞི་སྣང་བ་གཉིས། རི་བོང་རྭ་མེད་དང་གནག་གི་རྭ་ཡོད་ལྟར་ཟུང་འཇུག་ཏུ་འདོད་པ་ནི་སྟོང་ཉིད་མ་ཡིན་དགག་ཏུ་འདོད་པ་སྟེ་མཐར་དཔྱད་ན་དངོས་སྨྲ་ལས་མི་འདའ་ཞེས་སྔོན་གྱི་རིགས་པ་སྨྲ་བ་དག་གིས་ལེགས་པར་བསྒྲུབས་ཟིན་ཏོ། །བདག་གཞན་གཉིས་ཅར་ལས་སྐྱེ་བ་ལ་ནི་ཕྱོགས་ཉིས་ཆར་བརྗོད་པའི་སྐྱོན་འབབ་ཅིང་བདེན་པ་ཉིས་ཅར་དུ་ཡང་མི་འདོད་དོ། །བདག་གཞན་གཉིས་ཀ་ལས་མི་སྐྱེ་ཡང་དངོས་པོ་རྣམས་རྒྱུ་མེད་དུ་སྐྱེ་བར་འདོད་པ་ནི་གོང་དུ་གྲུབ་མཐའི་སྐབས་བཀག་པ་ལྟར་རོ། །དེ་ལྟར་མཐའ་བཞི་སྐྱེ་འགོག་གི་རིགས་པས་དཔྱད་ན་ཆོས་གང་ཡང་སྐྱེ་བ་མེད་ལ། དེའི་ཕྱིར་གནས་པ་དང་འགག་པ་ལ་སོགས་པའི་ཁྱད་པར་གཞན་ཡང་མི་དམིགས་ཏེ་སྣང་ཙམ་མ་འགག་ལ་སྤྲོད་པ་ཉེ་བར་ཞི་བ་ཉིད་དུ་ཤེས་པར་བྱ་སྟེ། རྒྱས་པར་དབུ་མ་འཇུག་པ་ལས་གསུངས་པ་ལྟར་རོ། །ཡང་རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པ་དང་། དེ་བཞིན་དུ་དུ་མས་དུ་མ། གཅིག་གིས་དུ་མ། གཅིག་གིས་གཅིག་བསྐྱེད་པའི་མུ་བཞི་པོ་གང་དུ་ཡང་དཔྱད་ན་མི་འགྲུབ་སྟེ། ཡུལ་དབང་


MR22_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བྱེད་སྣང་བ་སོགས་རྒྱུ་དུ་མས་འབྲས་བུ་མིག་ཤེས་གཅིག་སྐྱེད་དོ་སྙམ་ན། རྒྱུ་ཐ་དད་ཀྱང་འབྲས་བུ་ཐ་མི་དད་གཅིག་སྐྱེད་པས་ན། ཐ་མི་དད་རྒྱུ་མེད་དུ་ཐལ་ལ། དེ་བཞིན་དུ་ཐ་དད་མེད་པས་ཀྱང་འབྲས་བུ་ཐ་དད་མེད་པ་མི་སྐྱེད་པས། ཐ་དད་ཐ་དད་མེད་པའམ་དུ་མ་དང་གཅིག་ནི་རྒྱུ་མེད་པར་འགྱུར་ལ། དུ་མ་དང་གཅིག་གིས་མ་བསྡུས་པའི་དངོས་པོ་མེད་པའི་ཕྱིར། དེས་བསྡུས་སོ་ཅོག་རྟག་ཏུ་ཡོད་པའམ། ཡང་ན་གང་དུའང་མེད་པར་འགྱུར་རོ། །གལ་ཏེ་རྒྱུ་དུ་མས་འབྲས་བུ་ཡང་དུ་མ་སྐྱེད་དེ། ཡིད་བྱེད་དེ་མ་ཐག་པས་མིག་ཤེས་ཉིད་ཤེས་པའི་རང་བཞིན་དུ་སྐྱེད་ལ། དབང་པོས་ཡུལ་འཛིན་པ་ཅན་དང་། ཡུལ་གྱིས་རང་རང་གི་རྣམ་ལྡན་དུ་སྐྱེད་པ་ཡིན་ནོ་སྙམ་ན། རྒྱུ་སོ་སོས་བསྐྱེད་པའི་བྱེ་བྲག་དེ་དག་དང་ཐ་དད་དུ་མེད་པའི་ཕྱིར་རྣམ་ཤེས་ནི་དུ་མར་འགྱུར་རོ། །འདོད་ན་རྒྱུ་དེ་དག་གིས་འབྲས་བུ་མིག་ཤེས་སྐྱེད་པ་མ་ཡིན་ཏེ་བྱེ་བྲག་སོ་སོར་སྐྱེད་ཀྱི་བྱེ་བྲག་ཅན་མིག་ཤེས་ལ་རྒྱུ་མེད་པར་འགྱུར་རོ། །བྱེ་བྲག་དེ་རྣམས་རྣམ་ཤེས་གཅིག་ལས་ཐ་དད་དུ་མེད་ཅེ་ན། རྒྱུ་དུ་མས་འབྲས་བུ་དུ་མ་བྱེད་པར་བཏགས་པ་དོན་མེད་དེ་གཅིག་བྱེད་པར་འགྱུར་ལ་དེར་སྐྱོན་གོང་དུ་བཤད་ཟིན་ཏོ། །གལ་ཏེ་ངོ་བོ་གཅིག་ཀྱང་ལྡོག་པས་ཐ་དད་དུ་བཏགས་པས་སྐྱོན་མེད་ཅེ་ན། རྒྱུ་རྣམས་ཀྱིས་བཏགས་ཆོས་ལ་བྱ་བ་བྱས་ནས། རྫས་ཡོད་ཀྱི་རྣམ་ཤེས་མི་སྐྱེད་པས་རྣམ་ཤེས་ནི་རྒྱུ་མེད་དུ་འགྱུར་རོ། །འབྲས་བུའི་


MR22_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ནི་གཅིག་ཡིན་ལ་བྱེ་བྲག་རྣམས་དུ་མ་ཡིན་ན་ཆོས་དང་ཆོས་ཅན་ཐ་དད་དུ་ཡང་འགྱུར་རོ། །གལ་ཏེ་མེ་ཏོག་སྔོན་པོ་ལྟ་བུ་རྒྱུ་གཅིག་གིས། རང་གི་རིགས་འདྲ་བསྐྱེད་པ་དང་། གཞན་གྱི་མིག་ཤེས་སྐྱེད་པ་སོགས་འབྲས་བུ་དུ་མ་བྱེད་པ་ཡོད་དོ་སྙམ་ན། རྒྱུ་གཅིག་པུ་དེ་ཁོ་ནས་བྱེད་དམ། གཞན་དང་བཅས་ནས་བྱེད། དང་པོ་ལྟར་ན་ཐ་དད་པ་རྒྱུ་མེད་དུ་འགྱུར་ཞིང་། རྒྱུ་གཅིག་གིས་ཀྱང་གཅིག་མི་བྱེད་པས་གཅིག་དང་དུ་མ་རྒྱུ་མེད་དུ་ཐལ་བ་སྔར་བཞིན་ནོ། །གལ་ཏེ་ཡུལ་སྔོན་པོ་ལྟ་བུ་དེས་ཀྱང་། སྣང་དབང་ཡིད་བྱེད་ལ་ལྟོས་ནས་མིག་ཤེས་སྐྱེད་པ་ལྟ་བུས་ན། གཞན་གྱིས་ཀྱང་སྐྱེད་དོ་ཟེར་ན། བསྐྱེད་བྱའི་འབྲས་བུ་དེ་གཅིག་པུར་མི་འགྱུར་ཏེ། རྒྱུའི་ཁྱད་པར་སོ་སོས་སྐྱེད་པའི་ཁྱད་པར་དུ་མ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་གཅིག་གིས་རང་གི་འབྲས་བུ་གཅིག་སྐྱེད་དོ་ཟེར་ན། མིག་དབང་ལྟ་བུས་རང་གི་རིགས་འདྲ་སྐྱེད་པ་ཙམ་ལས་མིག་ཤེས་སོགས་སྐྱེད་པའི་བྱ་བ་མི་བྱེད་པས། འགྲོ་བ་རྣམས་འོན་ལོང་དུ་ཐལ་བ་སོགས་གནོད་པ་ཆེན་པོར་འགྱུར་རོ། །འདི་ནི་དབུ་མ་བདེན་གཉིས་ལས་གསུང་པའི་རིགས་པའོ། །གཞན་ཡང་རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་ན། འབྲས་བུ་ལ་ཆོས་དུ་མ་མེད་པར་རིགས་ན་ཡང་དུ་མ་མེད་པའི་ཆོས་གཅིག་བདེན་མི་སྲིད་དོ། །དུ་མས་དུ་མ་བསྐྱེད་ན་རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པའི་བྱ་བ་བྱེད་པ་མི་སྲིད་པས་རྒྱུ་དུ་


MR22_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚོགས་པ་དོན་མེད་དོ། །གཅིག་གིས་དུ་མ་བསྐྱེད་པ་ལ་ཡང་རྒྱུ་གཅིག་པུ་ཆ་མེད་པ་མི་སྲིད་ལ། རྒྱུ་གཅིག་གིས་གཞན་ལ་ལྟོས་མེད་དུ་འབྲས་བུ་བསྐྱེད་པ་མེད་པའི་ཕྱིར་རོ། །གཅིག་གིས་གཅིག་སྐྱེད་པ་མ་ཡིན་ཏེ། རྒྱུ་རྐྱེན་ཚོགས་པའི་ཚུལ་གྱིས་འབྲས་བུ་སྣ་ཚོགས་བྱེད་པ་དང་འགལ་བའི་ཕྱིར་རོ། །དེས་ན་རྒྱུ་འབྲས་ཀྱི་དངོས་པོ་གང་ལ་ཡང་གཅིག་བདེན་མེད་ལ། དེ་མེད་པས་དེས་བརྩམས་པའི་དུ་མའང་མེད་མོད། ཆོས་དུ་མ་ལའང་རིགས་མཐུན་པ་སོགས་ཀྱི་རྒྱུ་མཚན་ལས་གཅིག་ཏུ་བཏགས་པ་དང་། གཅིག་ལའང་ཁྱད་པར་གྱི་དབྱེ་བས་ཐ་དད་དུ་བཏགས་པ་ལ། རྒྱུ་འབྲས་ཀྱི་ཐ་སྙད་འཇོག་པ་ཙམ་ལས་དཔྱད་ན་མུ་བཞི་གང་དུ་ཡང་མི་འགྲུབ་པས་དངོས་པོ་རྣམས་བརྟག་མི་བཟོད་པ་རྨི་ལམ་ལྟར་ཤེས་པར་བྱའོ། །འདི་ལ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་ཞེས་གཏན་ཚིགས་ལྔ་ཡི་གྲངས་སུ་བཞེད་པ་ཡོད་ལ། དེ་ལྟར་བཤད་ཀྱང་འགལ་བ་མེད་མོད་འདི་རྒྱུ་ལ་དཔྱོད་པའི་ཁོངས་སུ་བསྡུས་ནས་གཏན་ཚིགས་བཞིར་བྱས་ན་ཡང་འཐད་པ་མཐོང་སྟེ། རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་དཔྱད་པའི་རིགས་པའི་སྒོ་མི་འདྲ་བ་གཞན་ཡང་ཡོད་པ། དཔེར་ན་དུས་གསུམ་གྱིས་ཕྱེ་ན་འབྲས་བུ་དེ་འདས་པ་འགག་པའི་ཕྱིར་མི་སྐྱེ་ལ། མ་འོངས་པ་མ་སྐྱེས་པའི་ཕྱིར་མི་སྐྱེ་ཞིང་། ད་ལྟ་བ་གྲུབ་ཟིན་པ་ལ་སྐྱེ་བ་མེད་པ་ལ་སོགས་པ་ལྟ་བུའོ། །ཡང་བསྐྱེད་བྱ་འབྲས་བུ་དེ་ཡོད་པའམ་མེད་པའམ་གཉིས་ཡིན་གཉིས་མིན་གང་སྐྱེད།


MR22_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་ཡོད་པ་ཞིག་སྐྱེའོ་སྙམ་ན་མི་འཐད་དེ། ཡོད་པ་ནི་རང་གི་ངོ་བོ་གྲུབ་ཟིན་པས་ད་གཟོད་རྒྱུས་བསྐྱེད་མི་དགོས་པ་ནས་སྨིན་ཟིན་པ་བཞིན་ནོ། །ཡོད་ཀྱང་སྐྱེད་དགོས་ན་ཐུག་མེད་དུ་འགྱུར་རོ། །མེད་པ་ནི་སྐྱེད་མི་ནུས་ཏེ་རི་བོང་གི་རྭ་བཞིན་ནོ། །གལ་ཏེ་སྔར་མེད་པ་ཉིད་རྒྱུས་གསར་དུ་ཡོད་པར་བྱེད་དོ་སྙམ་ན། མེད་པ་དང་ཡོད་པ་གཉིས་ཕན་ཚུན་སྤང་སྟེ་འགལ་བའི་ཕྱིར། དངོས་པོའི་དོན་ལ་སྔར་མེད་པ་ཉིད་ཕྱིས་སུ་ཡོད་པར་འགྱུར་བ་ཞེས་བྱ་བ་གང་ཡང་མེད་དེ། རྒྱུ་ལ་བརྟེན་ནས་འབྲས་བུ་སྣང་བ་ལ། སྔར་མ་སྣང་བ་དང་ད་ལྟ་སྣང་བ་གཉིས་བློས་སྦྲེལ་ནས། སྔར་མེད་སྐྱེའོ་ཞེས་བཏགས་པ་ཙམ་མོ། །དེ་བཞིན་དུ་སྔར་ཡོད་པ་ལ་ཕྱིས་མེད་པ་ཡང་སྔ་ཕྱི་བསྡོམས་ནས་བཏགས་པ་སྟེ། དངོས་པོ་རྣམས་རྟེན་འབྲེལ་གྱི་དབང་གིས་སྣང་བ་ཙམ་ལས་ཡོད་པ་མེད་པར་གོ་འཕོས་པ་དང་། མེད་པ་ཡོད་པར་གོ་འཕོས་པ་ནི་ཅི་ཡང་མེད་དོ། །སྐྱེ་བ་དང་འགག་པ་གནས་པ་དང་མི་གནས་པ་དང་། བདག་ཡོད་དང་བདག་མེད་སོགས་ཀྱང་དེ་དང་འདྲ་སྟེ། ཐམས་ཅད་སྣང་ཙམ་ངོ་བོས་སྟོང་པ་ཡིན་པས། ཡང་དག་པའི་དོན་དུ་ཆོས་གང་ཡང་གོ་འཕོ་བ་དང་། འགྲོ་འོང་དང་། སྐྱེ་འགག་དང་། འཕེལ་འགྲིབ་ལ་སོགས་པའི་ཁྱད་པར་གང་དུའང་མི་དམིགས་པའོ། །དེ་ལྟར་འབྲས་བུ་ཡོད་མེད་གང་ཡང་མི་སྐྱེ་ན། དེ་གཉིས་ལས་གཞན་པའི་འབྲས་བུ་སྐྱེ་ཚུལ་མི་སྲིད་པས། འབྲས་བུ་སྐྱེ་བ་ཇི་


MR22_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཁས་ལེན་སྙམ་ན། འབྲས་བུ་སྐྱེ་བ་ནི་རྟེན་འབྲེལ་གྱི་སྣང་བ་སླུ་མེད་ཙམ། ཡོད་མེད་དུ་དཔྱད་ན་མ་གྲུབ་པ་སྒྱུ་མ་ལ་སོགས་པ་ལྟར་ཁས་ལེན་ནོ། །ཡོད་མེད་གཉིས་ཀ་ཡིན་པ་ནི་མི་སྲིད་དེ་ཕན་ཚུན་འགལ་བའི་ཕྱིར་དང་། ཡོད་མེད་གཉིས་ཀ་མིན་པའང་མི་སྲིད་དེ་དངོས་འགལ་བར་ན་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །འོ་ན་འདི་སྐབས་གཉིས་མིན་མི་སྲིད་པ་བཞིན་དུ། མཐའ་བཞིའི་སྤྲོས་བྲལ་གྱི་སྐབས་སུ་གཉིས་ཀའི་བདག་ཉིད་མིན་པའང་མིན། ཞེས་པ་དང་། ཡོད་པ་མིན་མེད་པ་མིན་ཞེས་ཁྱད་པར་མ་སྦྱར་བར་ཁས་ལེན་པ་ལྟར་ན། དངོས་འགལ་བར་ན་ཕུང་གསུམ་མི་སྲིད་པས་དགག་པ་གཉིས་ཀྱིས་རྣལ་མ་གོ་བ་དང་། གང་ཡང་མིན་པ་ལ་དོན་འདི་ཡིན་ཞེས་གོ་རྒྱུ་མེད་པས་ཅི་ཡང་ཁས་མི་ལེན་པ་ངན་གཡོའི་ལྟ་བ་ལྟ་བུ་ལས། རང་ལུགས་འདི་ཞེས་ངེས་པ་མི་རྙེད་དོ་སྙམ་དུ་བྱིས་པ་ལས་དང་པོ་པ་བློ་ཆུང་རྣམས་སེམས་ན་དེ་ལྟར་མ་ཡིན་ཏེ། དམིགས་པ་ཅན་གྱི་གཞི་ལ་གནས་པ་དེ་སྲིད་དུ་མཐའ་བཞི་ཅིག་ཆར་ལོག་པའི་འཛིན་སྟངས་མི་སྲིད་པས། ཁྱད་པར་སྦྱར་ནས་གང་རུང་དུ་ཁས་ལེན་ཅིང་དེ་ལ་འཛིན་སྟངས་ཀྱིས་དམིགས་པ་ཡིན་ལ། དེ་ནི་རྣམ་པར་རྟོག་པའི་རང་བཞིན་ལས་མ་འདས་པའོ། །དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་སྤྲོས་བྲལ་ལ་ནི་མཐའ་བཞི་གང་གི་ཡང་དམིགས་པ་དང་


MR22_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་མེད་མོད། དེ་ཁོ་ན་ཉིད་མ་རྟོགས་པའི་མུན་པ་ལྟ་བུ་དང་། སེམས་མེད་ཀྱི་གནས་སྐབས་ལྟ་བུ་མ་ཡིན་ཏེ། དཔེ་དང་ཚིག་གིས་མཚོན་པར་དཀའ་བ་སྨྲ་བསམ་བརྗོད་མེད་ཀྱི་སྤྲོས་བྲལ་སོ་སོ་རང་གིས་རིག་པས་རབ་ཏུ་ཕྱེ་བ་ལ་ཐེ་ཚོམ་གྱི་དཔྱང་ཐག་ཆད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཞིག་གཟུང་འཛིན་མེད་ཀྱང་རང་བཞིན་གྱིས་འོད་གསལ་བ་ཉིན་མོར་བྱེད་པ་ལྟ་བུ་ཡོད་པའི་ཕྱིར་རོ། །ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ལ། ཐོག་མར་གཅིག་བདེན་དུ་ཡོད་མེད་བརྟག་པར་བྱ་སྟེ། འདུས་བྱས་ཕུང་པོ་ལྔ་ལས། གཟུགས་ཅན་རྣམས་ནི་སྟེང་འོག་ཕྱོགས་མཚམས་དབུས་ཀྱི་ཆར་ཕྱེ་བས། བུམ་པ་ལྟ་བུ་དེ་གདགས་གཞིའི་ཆོས་དུ་མ་ལ་གཅིག་ཏུ་བཏགས་པ་ཙམ་ལས། གཅིག་བདེན་མི་འགྲུབ་ལ། དེའི་ཆ་ཤས་རྣམས་ཀྱང་དེ་དང་འདྲ་ཞིང་། ལུས་དང་ཡན་ལག་ཀྱང་དེ་ལྟར་ཆ་ཤས་སུ་གསིལ་ཏེ། མདོར་ན་གཟུགས་ཅན་རྡུལ་དུ་གྲུབ་པ་ཐམས་ཅད་ཀྱི་གཞི་རྡུལ་ཕྲ་རབ་ཀྱི་བར་དུ་བཤིགས་ནས། ཕྲ་རབ་དེ་ལ་ཕྱོགས་རྡུལ་རྣམས་ཀྱིས་བསྐོར་ཚེ་ངོས་སོ་སོ་ཡོད་ན་ཆ་བཅས་ཐུག་མེད་དང་། མེད་ན་ཕྲ་རྡུལ་ཙམ་ཚོགས་ཀྱང་ཇེ་ཆེར་མི་འགྱུར་བའི་རིགས་པ་སྔར་བཤད་པ་བཞིན་ཏེ་གཟུགས་ཅན་གྱི་ཆོས་སོ་ཅོག་ལ་གཅིག་བདེན་མེད་པ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་དམ་དྲུག་པོ་དེ་ཡང་


MR22_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སེམས་བྱུང་སྣ་ཚོགས་པ་དང་། དམིགས་པའི་རྣམ་པ་སྣ་ཚོགས་པ་དང་རྐྱེན་བཞི་ཚོགས་པ་ལས་སྣ་ཚོགས་སུ་སྐྱེ་ཞིང་འགག་པ་ཅན་ཡིན་པའི་ཕྱིར་གཅིག་བདེན་མི་འགྲུབ་ལ། རྒྱུ་ལས་བྱུང་བའི་སྐྱེ་འགག་ཅན་རྣམས་ཀྱིས་ཤིན་ཏུ་ཕྲ་བའི་སྐད་ཅིག་ཆ་མེད་ཀྱང་མི་འགྲུབ་པའི་ཚུལ་གྱིས་དཔྱད་པས། བེམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་གཅིག་བདེན་མེད་པ་དང་། ལྡན་མིན་འདུ་བྱེད་རྣམས་ནི་བེམ་ཤེས་ཀྱི་གནས་སྐབས་ལ་བཏགས་པ་ཙམ་ལས་ངོ་བོ་ཉིད་མེད་པ་དང་། འདུས་མ་བྱས་རྣམས་ནི་དགག་བྱ་བསལ་བའི་ཆ་ལ་བཏགས་པ་ལས་རང་གི་ངོ་བོས་གྲུབ་པ་མེད་པས། མདོར་ན་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་གཅིག་བདེན་མི་འགྲུབ་ལ། དེ་མ་གྲུབ་པས་གཅིག་ལས་བརྩམས་པའི་དུ་མའང་མི་འགྲུབ་ཅིང་། གཅིག་དང་ཐ་དད་དུ་བདེན་པ་ལས་མ་གཏོགས་པའི་བདེན་པར་གྲུབ་ཚུལ་གཞན་མེད་པས་ཁྱབ་པའི་ཕྱིར། གང་ཟག་དང་ཆོས་རྣམས་ནི་རང་གི་ངོ་བོ་ཉིད་མེད་པར་གྲུབ་སྟེ། རྒྱས་པར་དབུ་མ་རྒྱན་ལས་གསུངས་པ་བཞིན་ནོ། །ཐམས་ཅད་ལ་སྤྱིར་དཔྱོད་པ་རྟེན་འབྲེལ་ཆེན་མོའི་གཏན་ཚིགས་ནི། ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་མ་བྱུང་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལས་སྐྱེ་ཞིང་རྒྱུ་མེད་ན་མི་འབྱུང་ལ། སྣང་བའི་དུས་ན་ཡང་རང་གི་ངོ་བོ་ཉིད་མ་གྲུབ་བཞིན་དུ་སྣང་བ། རྒྱུ་རྐྱེན་གྱི་བཅོས་མ་གཟུགས་བརྙན་ལྟ་བུ་ཡིན་པའི་ཕྱིར། རྟག་ཆད་དང་འགྲོ་འོང་སྐྱེ་འགག་


MR22_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཅིག་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་སྣང་ལ་རང་བཞིན་མེད་པ་ཡིན་ནོ། །དེ་ལྟར་དངོས་པོའི་ཆོས་ཉིད་དང་མཐུན་པར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཞལ་ན་རྟེན་ནས་སྐྱེ་བ་སླུ་མེད་ཙམ་ལས། མཐའ་བཞི་དང་མུ་བཞི་ལ་སོགས་པའི་སྐྱེ་བ་དང་ཡོད་པ་དང་མེད་པ་རྟག་པ་དང་མི་རྟག་པ་ལ་སོགས་པ་གང་དུ་ཡང་བདེན་པར་གྲུབ་ན་ཐ་སྙད་ཀྱི་རྣམ་བཞག་མི་རུང་བས་ཐ་སྙད་ཐམས་ཅད་ལ་སྐུར་པ་བཏབ་པར་འགྱུར་ལ། བདེན་མེད་སྒྱུ་མ་ལྟ་བུ་རྟེན་འབྲེལ་གྱི་སྣང་བ་དང་སྟོང་ཉིད་དོན་གཅིག་ཏུ་འཆར་བ་དབུ་མའི་ལུགས་ལ་སྣང་ཙམ་གྱི་ཐ་སྙད་ཐམས་ཅད་ཆེས་འཐད་པས་འཇིག་རྟེན་པའི་ཐ་སྙད་དང་། བདེན་བཞི་དང་མཆོག་གསུམ་སོགས་འཇིག་རྟེན་ལས་འདས་པའི་གྲུབ་མཐའི་ཐ་སྙད་ཐམས་ཅད་ལེགས་པར་གྲུབ་པ་ཡིན་ནོ། །རིགས་པའི་རྒྱལ་པོ་རྟེན་འབྲེལ་ཆེན་མོའི་ཁོངས་སུ་རྡོ་རྗེ་གཟེགས་མ་སོགས་དོན་དམ་དཔྱོད་པའི་རིགས་པ་གཞན་ཇི་སྙེད་པ་འདུ་སྟེ། རྟེན་འབྲེལ་གྱི་སྣང་བ་མ་བརྟགས་ཉམས་དགའ་བ་ཙམ་ཡིན་པའི་ཕྱིར། བརྟག་ཅིང་དཔྱད་ན་རྒྱུ་འབྲས་ངོ་བོ་ཉིད་གསུམ་གང་ཡང་མི་འགྲུབ་པ་ཡིན་ནོ། །རྟེན་འབྲེལ་གྱི་དོན་ལ་དཔྱོད་པའི་རིགས་པའི་རྣམ་གྲངས་རྒྱས་པ་ནི་དབུ་མ་རྩ་བ་ཤེས་རབ་སོགས་ལས་གསུངས་པ་བཞིན་ནོ། །དེ་ལྟར་ཀུན་རྫོབ་ཏུ་རྒྱུ་འབྲས་ངོ་བོ་ཉིད་གསུམ་དུ་སྣང་ཞིང་དེ་ལྟར་ཐ་སྙད་འདོགས་ལ། དོན་དམ་པར་རྒྱུ་འབྲས་ངོ་བོ་ཉིད་


MR22_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རང་བཞིན་མེད་པ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་སྟོང་པ་ཉིད་དེ། དེ་ལྟར་བདེན་གཉིས་དབྱེར་མེད་ཟུང་དུ་ཞུགས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་དབུ་མའི་ལམ་གྱིས་རྟོགས་བྱ་ཆོས་ཀྱི་དབྱིངས་ཞེས་བྱ་བ་སྟེ། རྟོགས་བྱའི་མཆོག་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཡུམ་ཉིད་དོ། །སྣང་སྟོང་བདེན་པ་དབྱེར་མེད་མཉམ་པ་ཉིད་ནམ་མཁའི་དཀྱིལ་ལྟ་བུའི་དོན་དེ་རྣམ་པར་རྟོག་པའི་ཡུལ་ལས་འདས་པའི་ཕྱིར་བསམ་བརྗོད་དང་བྲལ་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ་སོ་རང་རིག་པའི་ཚུལ་དུ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་གཟུགས་བརྙན་དང་སྤྲུལ་པ་ལ་སོགས་པའི་དཔེ་དང་མཚུངས་པར་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དང་ལྡན་པ་བདེན་གཉིས་སོ་སོར་འབྱེད་པའི་ཤེས་རབ་ཀྱིས་གཞི་ལམ་འབྲས་བུའི་རྣམ་བཞག་ཐམས་ཅད་མ་རྨོངས་པར་རྟོགས་ཤིང་སྟོན་པར་བྱེད་དོ། །འདི་ལྟར་སྟོང་པ་ཉིད་ཀྱི་དོན་ཁོང་དུ་ཆུད་པ་ལས་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ནོ། །ཐེག་ཆེན་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞི་གཏན་ལ་དབབ་པའི་སྐབས་སོ། །དེ་ལྟར་གནས་བཅུ་དང་སྡོམ་བཞིའི་དོན་རྟོགས་པ་རྒྱ་ཆེ་བ་དང་ཟབ་མོའི་བློ་ལྡན་དེས་དམ་པའི་ཆོས་ཀྱི་ཚུལ་ལེགས་པར་བཤད་པའི་སྒོ་ནས་རྒྱལ་བའི་བསྟན་པ་སྤེལ་བར་བྱེད་པ་ཡིན་ལ། དེ་ཡང་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ལས་འབྱུང་བས་ན་དེ་བཤད་པ་ལ། དང་པོ་དོན་


MR22_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ཡང་དག་པར་རིག་པ་ནི་འཁོར་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་དང་དབྱེ་བ་སོགས་ལ་ཚུལ་བཞིན་མཁས་པ་ཡིན་པས། དེ་དག་ནི་གོང་དུ་རྒྱ་ཆེ་བ་མཁས་བྱའི་གནས་བཅུ་དང་། ཟབ་པ་སྡོམ་བཞིའི་དོན་ཇི་སྐད་བཤད་པ་བཞིན་ཁོང་དུ་ཆུད་ནས་ཤེས་བྱའི་དོན་ཐམས་ཅད་ལ་མ་རྨོངས་པའོ། །གཉིས་པ་ཆོས་སོ་སོ་ཡང་དག་པར་རིག་པ་ནི། ཤེས་པར་བྱ་བའི་དོན་དེ་དག་རྗོད་བྱེད་ཀྱི་ངག་རྣམ་དག་གསུང་རབ་དམ་པའི་ཆོས་ཀྱི་ཚིག་དང་དོན་ལ་མཁས་པ་སྟེ། དེ་ཡང་ལུང་ཡང་དག་ཏུ་གྱུར་པ་སངས་རྒྱས་ཀྱི་གསུང་རབ་ཀྱི་དབྱེ་བ་ལ་རྒྱས་པར་ཡན་ལག་བཅུ་གཉིས་ཏེ། གཟུང་སླ་བ་སོགས་ཀྱི་དགོས་པའི་ཕྱིར་དོན་གྱི་རྣམ་གྲངས་རྐྱང་པ་ཙམ་སྨྲོས་པ་མདོ་ཡི་སྡེ་དང་། བར་མཐའ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ་དང་། ཉན་ཐོས་འདས་མ་འོངས་ལུང་བསྟན་པ་དང་། རྐང་པ་གཉིས་པ་ནས་དྲུག་པའི་བར་གྱི་ཚིགས་སུ་བཅད་དེ་གསུང་བ་དང་། གང་ལ་ཡི་རངས་ནས་ཆེད་དུ་བརྗོད་པ་དང་། གང་ཟག་གང་ལ་བསླབ་པ་གང་བཅས་ཚུལ་སོགས་ཀྱི་གླེང་གཞི་དང་ལྡན་པ་དང་། དཔེ་དང་བཅས་ཏེ་རྟོགས་པ་བརྗོད་པ་དང་། སྔོན་གྱི་སྦྱོར་བ་བསྟན་པ་དེ་ལྟ་བུར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྐྱེས་རབས་བརྗོད་པ་དང་། བྱང་སེམས་ཀྱི་བསླབ་བྱ་ཕར་ཕྱིན་སོགས་ཟབ་དང་རྒྱ་ཆེའི་དོན་ཤིན་ཏུ་རྒྱས་པར་སྟོན་པ། འདི་ལ་རྣམ་པར་འཐག་པ་དང་


MR22_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་བྲལ་ཀྱང་ཟེར་རོ། །ཉན་ཐོས་དང་བྱང་སེམས་ཀྱི་ངོ་མཚར་རྨད་དུ་བྱུང་བ་བསྟན་པ་དང་། ཤེས་བྱའི་ཆོས་རྣམས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་གཏན་ལ་དབབ་པ་དང་བཅུ་གཉིས་སོ། །དེ་ལས་དང་པོ་ལྔ་ཉན་ཐོས་ཀྱི་སྡེ་སྣོད། དེ་རྗེས་གླེང་གཞི་སོགས་བཞི་ནི་འདུལ་བ། དེ་རྗེས་རྒྱས་རྨད་བྱུང་གཉིས་བྱང་སེམས་ཀྱི་སྡེ་སྣོད། གཏན་དབབ་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའོ་ཞེས་ཀུན་བཏུས་སུ་གསུངས། དེ་ཐམས་ཅད་བསྡུ་ན་སྡེ་སྣོད་གསུམ་དང་། དེ་ཡང་བསྡུ་ན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུའང་འདུའོ། །སྡེ་སྣོད་གསུམ་ནི་འདུལ་བ་མདོ་སྡེ་མངོན་པ་གསུམ་སྟེ། དེ་དག་གིས་རིམ་པ་བཞིན་སྤྱོད་པ་ངན་པ་དང་། ཐེ་ཚོམ་དང་། ལྟ་བ་དྲི་མ་ཅན་སྤོང་བ་དང་། བསླབ་པ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་གཙོ་ཆེར་སྟོན་པའམ། ཡང་ན་མདོ་སྡེས་བསླབ་པ་གསུམ་ཀ །འདུལ་བས་ཚུལ་ཏིང་གཉིས། མངོན་པས་ཤེས་རབ་སྟོན་ཞེས་ཀྱང་གསུངས། ཡང་བྱེད་ལས་ཀྱི་སྒོ་ནས། མདོ་སྡེས་ཆོས་དང་དོན་གཉིས་ལ་ཐེ་ཚོམ་སེལ་བ་དང་། འདུལ་བས་དེ་གཉིས་སྒྲུབ་པ་དང་། མངོན་པས་དེ་གཉིས་འབེལ་གཏམ་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའོ། །གང་དུ་གསུང་བའི་ཡུལ་དང་གང་ཟག་སོགས་ཀྱི་གླེང་གཞི་དང་བཅས་ཏེ་བདེན་གཉིས་ཀྱི་མཚན་ཉིད་ཆོས་དང་དོན་དུ་ལྡན་པ་དགོངས་པ་ཟབ་མོས་བསྟན་པ་ནི་མདོ་སྡེའི་སྡེ་སྣོད་ཀྱི་དོན་ཏོ། །གླེང་གཞི་དང་


MR22_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བཅས་པ་མཛད་ནས། ལྟུང་དང་ལྟུང་མིན་གྱི་དབྱེ་བ་དང་ལྟུང་བ་དེ་ལས་ལྡང་བའི་ཐབས་སྟོན་པ་ནི་འདུལ་བའོ། །སྡེ་སྣོད་གང་དུ་བདེན་པ་བྱང་ཕྱོགས་རྣམ་ཐར་སོགས་ངེས་པར་བསྟན་པས་མྱང་འདས་ལ་མངོན་དུ་ཕྱོགས་པ་དང་། ཕུང་ཁམས་སོགས་ཀྱི་ཆོས་རེ་རེ་ལ་ཡང་རྣམ་དབྱེ་སྣ་ཚོགས་ཕྱེ་ནས་ཡང་ཡང་གཏན་ལ་འབེབས་པ་དང་། མདོ་སྡེའི་དོན་རྣམས་རིགས་པའི་ངེས་པས་མངོན་དུ་རྟོགས་པར་བྱེད་ཅིང་། བརྩད་པའི་སྒོ་ནས་ཕ་རོལ་ཟིལ་གྱིས་གནོན་པར་བྱེད་པ་མངོན་པའི་དོན་ནོ། །དེ་ལྟར་གསུང་རབ་ཀྱི་ཆོས་དེ་དག་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་དམིགས་པས་རིམ་པ་ལྟར་ལམ་གྱི་བག་ཆགས་འཇོག་པ་དང་དོན་རྟོགས་པ་དང་། རྣམ་པར་གྲོལ་བར་བྱེད་ཅིང་ཆོས་སོ་སོ་ཡང་དག་པར་རིག་པ་ཐོབ་པར་འགྱུར་རོ། །དེ་ཡང་ཇི་ལྟ་བུས་དམ་པའི་ཆོས་ཀྱི་དམིགས་པ་ཚོལ་ཞེ་ན། མིང་ཚིག་ཡི་གེའི་བདག་ཉིད་ཅན་གྱི་མིང་དང་། བརྗོད་བྱ་ཕུང་ཁམས་སོགས་ཀྱི་དོན་དང་། མིང་དོན་འབྲེལ་ནས་བུམ་པ་ལྟ་བུའི་ངོ་བོར་འདོགས་པ་དང་། བུམ་པའི་ལྟོ་བ་ལྟ་བུ་ཁྱད་པར་དུ་འདོགས་པ་ཀུན་ཏུ་ཚོལ་བ་བཞིའི་སྒོ་ནས་འཇུག་ཅིང་། དེ་ལས་ཐ་སྙད་རྣམས་གསལ་བར་བྱེད་མོད་ཀྱི་དེ་བཞི་དོན་ལ་མ་གྲུབ་པའི་ཚུལ་ཤེས་ན་མིང་མི་དམིགས་པ་སོགས་ཡོངས་སུ་ཤེས་པ་བཞི་འབྱུང་ངོ་། །དེ་དག་གདམས་ངག་གིས་ཉམས་སུ་ལེན་ཚུལ་བསྟན་ན་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལྟ་བུ་གསུང་རབ་དེའི་མིང་གི་སྒྲ་སྤྱི་ལ་སེམས་འཛིན་


MR22_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩ་བའི་སེམས་དང་། གཞུང་དེར་རྗོད་བྱེད་ལེའུ་དང་ཤོ་ལོ་ཀ་སོགས་གྲངས་དུ་ཡོད་པ་ལྟ་བུའི་ཚིག་གི་རབ་དབྱེ་ལ་དཔྱོད་པ་དང་། ཚིག་དེ་དག་གིས་བསྟན་དོན་རྣམས་ལ་རིགས་པ་བཞིས་རྣམ་པར་དཔྱོད་པ་དང་། དེ་ལྟར་དཔྱད་པའི་འབྲས་བུ་ཐེ་ཚོམ་མེད་པར་ངེས་པའི་ཚུལ་གྱིས་འཛིན་པ་དང་། བརྗོད་བྱ་རྗོད་བྱེད་དེ་ཀུན་རྩ་བའི་མིང་གི་དོན་ཙམ་ལ་འདུས་པར་བསྡོམས་ནས་བསམ་པ་དང་། གསུང་རབ་ཀྱི་བརྗོད་དོན་དེ་ལྟ་བུ་རང་རྒྱུད་ལ་ཐོབ་པར་སྨོན་པ་བྱེད་པ་སྟེ་སེམས་དྲུག་གི་སྒོ་ནས་འཇུག་ཅིང་དོན་དེ་དག་ལ་དོན་སྤྱིའི་རྣམ་པར་སྣང་བ་རྟོག་པའི་སེམས་ཀྱིས་ཡང་ཡང་རྒྱུན་ཆགས་སུ་བཙལ་བའམ་དཔྱད་པར་བྱ་སྟེ། ཚུལ་དེ་ལྟ་བུས་བསམ་གཏན་དང་པོའི་ཉེར་བསྡོགས་དང་དངོས་གཞི་ཙམ་པོ་བའི་བར་གྱི་ཞི་གནས་བསྐྱེད་པར་བྱའོ། །དེ་ནས་གོང་འཕེལ་དུ་གྱུར་ཏེ་དངོས་གཞི་ཁྱད་པར་ཅན་དུ་སོན་པ་ན་རྟོག་པ་མེད་པའི་དཔྱོད་པས་སོ་སོར་བརྟག་པར་བྱའོ། །དེ་ནས་བསམ་གཏན་གཉིས་པའི་དངོས་གཞིའི་སེམས་ཐོབ་པ་ཡན་ཆད་དུ་ནི་རྟོག་དཔྱོད་གཉིས་དང་བྲལ་བ་གཟུང་འཛིན་མེད་པའི་ཡིད་ལ་བྱེད་པས་དཔྱད་པར་བྱ་སྟེ། དེ་ཡང་ཆོས་ཀྱི་མིང་སྡོམ་པ་ལ་སེམས་འཛིན་པ་ཞི་གནས་དང་། དེའི་དོན་འབྱེད་པ་ལྷག་མཐོང་། མིང་དོན་གཉིས་ཀ་བསྡོམས་ནས་འཛིན་པ་ཞི་ལྷག་ཟུང་དུ་འབྲེལ་བ་སྟེ་ལམ་གསུམ་གྱི་ཚུལ་གྱིས་སོ། །བསམ་གཏན་གྱི་དངོས་གཞིའི་གནས་པ་ཐོབ་པ་དེ་ལ་བརྟེན་ནས་མངོན་ཤེས་བསྒྲུབས་


MR22_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་དཔག་མེད་ལ་མཆོད་ཅིང་ཆོས་ཉན་པ་སོགས་ཀྱིས་ལམ་ཤིན་ཏུ་འཕེལ་བར་བྱེད་དོ། །དེ་ལྟར་ཚོགས་ལམ་དུ་ཞི་ལྷག་ཁྱད་པར་ཅན་ཐོབ་པའི་བྱང་སེམས་དེས་ཆོས་ཐམས་ཅད་རང་གི་རྟོག་པ་ཙམ་དུ་ཤེས་ཤིང་གོམས་པ་ལས། གཟུང་བ་དང་འཛིན་པ་མི་དམིགས་པས་རབ་ཏུ་ཕྱེ་བ་སྦྱོར་ལམ་བཞི་ཐོབ་ནས། དེ་ལས་མཐོང་ལམ་ནས་མི་སློབ་པའི་བར་དུ་འགྱུར་རོ། །མདོར་བསྡུས་ན་དངོས་པོའི་མཐའ་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་དམིགས་ནས། མོས་པ་ཡིད་བྱེད་རྣམ་རྟོག་དང་བཅས་པའི་གཟུགས་བརྙན་དང་། དེ་ཁོ་ན་ཉིད་ཡིད་བྱེད་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཏེ་དེ་དེའི་རྣམ་པ་ཡིད་ལ་སྣང་བའི་སྒོ་ནས་ཞུགས་པས་དགོས་པ་ཡོངས་སུ་གྲུབ་པ་གནས་གྱུར་པ་ཐོབ་པར་འགྱུར་རོ། །གསུམ་པ་ངེས་པའི་ཚིག་སོ་སོ་ཡང་དག་པ་རིག་པ་ནི། ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་འགྲོ་བ་སོ་སོའི་སྐད་ཀྱིས་དོན་ལ་བརྡ་སྤྲད་པའི་ཚུལ་ཇི་ལྟ་བ་བཞིན་དུ་རིག་པ་ཡིན་ལ། དེའི་བྱེ་བྲག་འཛམ་གླིང་འདི་ལ་མཚོན་ན། འཕགས་བོད་རྒྱ་ནག་ཤམ་བྷ་ལ་སོགས་ཀྱི་སྐད་མི་འདྲ་བའི་དབང་གིས་རྩ་བའི་ཡི་གེ་རྣམས་ལ་མང་ཉུང་སོགས་ཀྱི་རྣམ་བཞག་མི་འདྲ་བ་ཡོད་དེ། འཕགས་ཡུལ་གྱི་སྐད་ལེགས་སྦྱར་དུ། ཨ་སོགས་དབྱངས་བཅུ་དྲུག །ཀ་ནས་ཀྵའི་བར་གྱི་གསལ་བྱེད་སོ་བཞི་བསྡོམས་པས་ཨ་ཀྵ་ལྔ་བཅུ་པོ་དེ་ནི་མིང་ཚིག་མཐའ་དག་རྩོམ་གཞིའམ་ཕྱི་མོའི་ཡི་གེར་


MR22_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དོ། །བོད་འདིར་ནི་ཀ་ནས་ཨའི་བར་ཀཱ་ལི་སུམ་ཅུ་ཐམ་པ། དབྱངས་ཨཱ་ལི་མཚོན་པ་གི་གུ་སོགས་བཞི་ནི་རྩ་བའི་ཡི་གེ་ཡིན་ལ། ཀཱ་ལིའི་ནང་ནས་རྗེས་འཇུག་བཅུ་དེ་ལས་སྔོན་འཇུག་ལྔ་དང་། ས་དང་ར་སོགས་ཀྱི་མགོ་ཅན། ཡ་སྟ་ར་སྟ་སོགས་ཞབས་འདོགས་རྣམས་དང་དབྱངས་ཀྱི་མཚོན་བྱེད་བཞི་རྣམས་ཅི་རིགས་པར་སྦྱར་བ་ལས་མིང་ཚིག་ཐམས་ཅད་འབྱུང་བ་ཡིན་ནོ། །དེ་ཡང་སྤྱིར་ཡིག་འབྲུ་ལ་སིལ་བུ་དུ་མ་འདུས་པ་ལས་ཀ་བ་སོགས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་འབྱུང་ལ། མིང་དུ་མ་འདུས་པ་ལས་ཀ་བ་རིང་པོ་ལྟ་བུ་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་ཚིག་འབྱུང་ངོ་། །ཚིག་དུ་མ་འདུས་པ་ལས་བརྗོད་བྱའི་དོན་རྒྱས་བསྡུས་ཅི་རིགས་རྫོགས་པར་སྟོན་པའི་གཞུང་ལེའུ་དང་རབ་བྱེད་ལ་སོགས་པའི་ཚད་སྣ་ཚོགས་ཅན་འགྲུབ་པའོ། །རྗོད་བྱེད་ཀྱི་ངག་འདི་དག་ལ་ལེགས་སྦྱར་ལྟར་ན། རང་བཞིན་དང་རྐྱེན་དང་རྣམ་འགྱུར་གསུམ་གྱིས་ཁོག་ཕུབ་ནས་སྒྲའི་མཚན་ཉིད་བྱེད་ལ། དེ་ཡང་རང་བཞིན་ལ་བྱིངས་དང་མིང་གི་རང་བཞིན་གཉིས་བྱིངས་ཀྱི་མཐར་སྦྱར་བའི་རྐྱེན་ལ་ཀྲྀ་ཏྲ་རྐྱེན་དང་ཀུན་བཤད་ཀྱི་རྐྱེན་གཉིས། མིང་གི་མཐར་སྦྱར་བའི་རྐྱེན་ལ་རྣམ་དབྱེ་དང་དེ་ཕན་སོགས་སྣ་ཚོགས་ཡོད་ལ། རྐྱེན་དང་རྐྱེན་ཅན་གྱི་ཡི་གེ་འཕྲད་པ་ལས། ས་ར་རྣམ་བཅད་དང་། ཤ་ཥ། ན་ཎ་སོགས་སུ་འགྱུར་བ་དང་། ཡི་གེ་དབྱེ་བསྣན་གྱི་སྒོ་ནས་སྔ་མ་ལས་གཟུགས་གཞན་དུ་


MR22_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་རྣམ་འགྱུར་སྣ་ཚོགས་བརྡ་སྤྲོད་པའི་གཞུང་ལས་གྲགས་པའོ། །བོད་སྐད་ལ་བྱིངས་སོགས་དེ་འདྲའི་ཐ་སྙད་མེད་མོད་ཀྱི། འོན་ཀྱང་མིང་གི་རང་བཞིན་ལ་ཕྲད་ཀྱི་རྐྱེན་སྦྱར་བ་དང་། དེ་ཡང་འདས་འོངས་སོགས་སྟོན་བྱེད་སྔོན་འཇུག་སོགས་ཀྱི་དབང་གིས་སྒྲ་གཟུགས་འགྱུར་བ་ཙམ་ཡོད་དེ། བཅོམ་པ་དང་གཞོམ་པ་འཇོམས་པ་ལ་སོགས་པ་ལྟ་བུའོ། །ཕྲད་ཅེས་པ་དེ་དག་རྐྱང་པས་དོན་མི་སྟོན་ཀྱང་། མིང་དང་སྦྱར་ན་ཚིག་གི་གསལ་བྱེད་དུ་གྱུར་པ་རྣམ་དབྱེ་དང་ལྷག་བཅས་སྡུད་སྒྲ་སོགས་ཐམས་ཅད་ལ་གོ་རུང་ངོ་། །རྒྱ་གར་གྱི་སྐད་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་གིས་དབྱེ་བས་རྣམ་དབྱེ་ཉེར་གཅིག་བོད་པའི་སྒྲ་ལ་གསུམ་སྟེ་ཉེར་བཞིར་བཤད་ཀྱང་། བོད་སྐད་ལ་རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་བརྗོད་པ་ནི། མིང་ཕན་ཚུན་འཕྲད་པའི་དོན་གྱིས་ཐོབ་པ་ལས་ཟུར་དུ་མེད། ཤིང་ལ་བསྣུན་ལྟ་བུ་གཉིས་པ་ལས་སུ་བྱ་བ། ཤིང་གིས་ཕུག་ལྟ་བུ་གསུམ་པ་བྱེད་པ། ཤིང་ལ་ཆུ་འདྲེན་ལྟ་བུ་བཞི་པ་ཆེད་དོན། ཤིང་ལས་འབྲས་བུ་ལྟ་བུ་ལྔ་པ་འབྱུང་ཁུངས། ཤིང་གི་ཡལ་ག་ལྟ་བུ་དྲུག་པ་འབྲེལ་སྒྲ། ཤིང་ལ་བྱ་གནས་ལྟ་བུ་བདུན་པ་རྟེན་གནས་ཀྱི་རྣམ་དབྱེའོ། །གཞན་ཡང་སྟེ་སོགས་ལྷག་བཅས་ཀྱི་སྒྲ་དང་། འམ་སོགས་འབྱེད་སྡུད་དང་། ཀྱང་སོགས་ཚིག་རྒྱན་དང་སྡུད་པ། གོ་སོགས་སླར་བསྡུའི་ཕྲད་རྣམས་དང་། དགར་བ་


MR22_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྣན་པའི་དོན་ཅན་གྱི་ནི། རྒྱུ་མཚན་དང་གནས་སྐབས་གདམས་ངག་འབྱེད་སྡུད་ཀྱི་དོན་ཅན་དང་གི་སྒྲ། སྤྱི་ལ་འཇུག་པ་གང་དང་སུ། འདྲི་བའི་དོན་ཅན་གྱི་ཅི། མཚུངས་པར་སྟོན་པ་ཇི་ལྟར་དང་བཞིན་སོགས་ཀྱི་སྒྲ་དུ་མ། བདག་པོའི་སྒྲ་པ། དགག་པའི་དོན་ཅན་མེད་དང་མ་དང་མི་དང་མིན། རྣམ་གྲངས་གཞན་སྟོན་པ་དེ་སྒྲ་ལ་སོགས་པ་དང་། གཞན་ཡང་སྒྲུབ་པ་ཡོད་ཡིན། གཞན་གཅོད་པ་ཁོ་ན། ངེས་བཟུང་ཉིད་ལ་སོགས་པས་མཚོན་ཏེ་ཚིག་གི་ཕྲད་སྣ་ཚོགས་ཡོད་པ་ཤེས་པར་བྱ་ཞིང་། ཕྲད་དེ་དག་རྗེས་འཇུག་བཅུ་པོའི་རྗེས་སུ་སོ་སོ་ལ་ལྟོས་ཏེ་འཇུག་པ་དང་། ཐམས་ཅད་ལ་འཇུག་པ་རྣམས་བརྗོད་དོན་དང་མཐུན་པར་བྱཱ་ཀ་ར་ཎའི་གཞུང་དང་། དགོངས་འགྲེལ་ལས་བཤད་པ་ལྟར་ལེགས་པར་སྦྱར་བར་བྱས་པ་ནི་རྗོད་བྱེད་ཀྱི་ཚིག་ལ་མཁས་པ་ཡིན་ནོ། །དེ་ཡང་སྔོན་འཇུག་གི་ནུས་པས་བདག་གཞན་དང་དུས་གསུམ་སྟོན་ཚུལ་འདི་ནི་རྒྱ་སྐད་ཀྱི་ཀུན་བཤད་དང་ཕྱོགས་མཐུན་ལ་འདིའི་སྐབས་སུ་ཡང་འཇུག་ཀྱང་མཁོ་བའི་ཡན་ལག་ཏུ་མཐོང་སྟེ། དཔེར་ན་སྔར་གསུངས་ཟིན་ཏོ། །ད་ལྟ་གསུང་བཞིན་པའོ། །མ་འོངས་པ་ན་གསུང་བར་འགྱུར་རོ། །ལྟ་བུའི་ཚིག་གྲོགས་མང་པོ་སྦྱར་མི་དགོས་པར། གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ལྟ་བུས་བདེ་བླག་ཏུ་བརྗོད་པའི་ཕྱིར་ཡིན་ལ། བྱ་བ་དང་སྐུལ་ཚིག་སོགས་ཀྱི་སྐབས་


MR22_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་འཇུག་ཀྱང་དོན་གྱིས་ཐོབ་ཅིང་། མིང་གི་སྐབས་སུ་གཅན་གཟན་གཟིག་དང་། སྤྱན་གྱིས་གཟིགས་ལྟ་བུ་ལ་ས་མཐའ་ཡོད་མེད་དུ་བྱས་པ་ནི། བརྗོད་བྱ་ལ་ལྟོས་ནས་དོན་མི་ནོར་བའི་དགོས་པའི་ཆེད་དུ་བཀོད་པ་དོན་ཡོད་པ་ཡིན་ལ། འདི་འདྲ་བ་རྣམས་ནི་གླང་པོ་ཆེ་ལ་ལག་ལྡན་དང་། རྟ་ལ་མགྱོགས་འགྲོ་ཞེས་སྔོན་མིང་བཏགས་པ་ལྟ་བུ་ཡིན་ཏེ། ལག་པ་ཡོད་པ་དང་མགྱོགས་པར་འགྲོ་བ་སྲོག་ཆགས་གཞན་ལ་ཡོད་ན་འདི་དག་ཁོ་ན་ལ་ཇི་ལྟར་གདགས་ཞེས་མི་རྩོད་པར་སྔོན་གྱི་བརྡ་བྱེད་དག་གི་ལུགས་བཞིན་མཁས་པ་སུས་ཀྱང་དེ་ལས་འདས་ཏེ་མི་སྨྲ་བ་ལྟར། སྒྲའི་ང་རོ་ཚུལ་བཞིན་མཐོན་པའི་བརྗོད་པ་རྣམས་ལ་ར་མགོ་དང་ས་མགོ་སོགས་ཁྱད་མེད་པ་ལྟ་བུར་སྣང་ཡང་། ཡིག་གཟུགས་བྲིས་པ་ལ་ནི་ཁྱད་ཆེ་སྟེ། དག་ཡིག་ཤེས་པ་རྣམས་ཀྱིས་མཐོང་བ་ཙམ་གྱིས་དོན་ལ་ངེས་པ་འདྲེན་ནུས་པ་ཡིན་ལ། དེའི་ཕྱིར་ད་དྲག་གི་འཇུག་པ་རྣམས་ལས་ས་མཐའ་འཇུག་པ་རྣམས་དགོས་པ་ཆེ་བས་ས་མཐའ་མ་བསྡུས་པ་སོགས་འཇམ་དཔའི་དབྱངས་དངོས་ཐུ་མིའི་རྗེས་སུ་འབྲངས་པའི་སྔོན་གྱི་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་ལེགས་པར་གཏན་ལ་ཕབ་ཟིན་གྱི་ལུགས་བཞིན་བྱས་ན། ཉེས་པ་གང་ཡང་མ་མཐོང་ལ། བརྗོད་པ་མཛེས་པ་དང་། བརྡ་སྤྲོད་མཁས་པའི་ལུགས་ཀྱི་མཚན་ཉིད་ཡོད་པ་དང་། དོན་གསལ་བ་སོགས་ཀྱི་སྒོ་ནས་གསུང་རབ་རིན་པོ་


MR22_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་བཙས་སུ་འགྱུར་བའི་ཡོན་ཏན་ཡོད་པར་མཐོང་ཞིང་། གཞན་དུ་ན་དེ་ལས་ལྡོག་པའི་ཉེས་པར་འགྱུར་བའི་ཕྱིར། སྔོན་གྱི་བརྡ་སྤྲོད་མཁན་པོ་མཁས་པ་རྣམས་ཀྱི་ལུགས་བཞིན་འཇུག་པར་བྱའོ། །རྣམ་དབྱེ་སོགས་ཕྲད་རྣམས་གནས་སྐབས་གང་དུ་དངོས་སུ་མ་སྨོས་པར་དོན་གྱི་གོ་བར་བྱས་ནས་ཚིག་ཟོར་ཡང་བར་བྱས་པ་ནི་ཚིག་སྡུད་ཅེས་བྱ་སྟེ། དཔེར་ན་ཨུཏྤལ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པ་ལ་ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུས་པ་ཨུཏྤལ་སྔོན་པོ་ཞེས་བརྗོད་པ་ལྟ་བུ་ལས་འཛིན་གྱི་བསྡུ་བ། བགྲང་གཞི་དང་བགྲང་བྱའི་བར་གྱི་ཚིག་བསྡུས་པ་ལམ་ལྔ་ལྟ་བུ་བ་གཉིས་པའི་བསྡུ་བ་ཞེས་མིང་དེ་ཉིད་ཀྱིས་དཔེར་བརྗོད་ཀྱང་མཚོན་པའོ། །ཚིག་སྔ་མར་མི་ཟད་པའི་སྡེ་ཚན་དུ་བཞག་པ་གང་རུང་ཡོད་པ་ཅན་གྱི་བསྡུ་བ་ལ། མི་ཟད་པའམ་གྲངས་མེད་པའི་བསྡུ་བ་ཞེས་བརྗོད་དེ། དཔེར་ན་མི་ཟད་པའི་སྡེར་བཤད་པ། པྲ་ཏི་སོགས་ཉེ་བསྒྱུར་རྣམས་དང་། སརྦ་སོགས་ཀྱི་ཚིག་གྲོགས་ཡོད་པ་དཔེར་ན། སོ་སོར་རྟོག་པ་ལ་སོར་རྟོག །ཀུན་ལ་ཕན་པ་ལ་ཀུན་ཕན་སོགས་སུ་བརྗོད་པ་ལྟ་བུའོ། །བརྗོད་བྱ་དེ་ཉིད་དེ་ལ་ལྡན་པའི་དངོས་པོ་གཞན་གྱིས་སྒོ་ནས་བརྗོད་པ། ཟླ་བ་དང་འདྲ་བའི་བྱད་བཞིན་ཅན་ལ་ཟླ་བའི་གདོང་ཅན་དང་། མེ་མཚམས་ལ་ཤར་ལྷོར་བརྗོད་པ་ལྟ་བུ། འབྲུ་མང་པོའི་ཚིག་སྡུད་ཅེས་དཔེའང་དེས་བྱས་པའོ། །རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་གང་རུང་བསྡུས་པ་དེ་ཡི་


MR22_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུའི་བསྡུ་བ་སྟེ་གཉིས་པ་ནས་བདུན་པའི་བར་བསྡུས་པའི་དཔེ་རིམ་པ་ལྟར་གྲོང་འགྲོ་རྐང་འཐུང་འབྱུང་གཏོར་ཆུ་སྐྱེས་རྒྱལ་སྲས་འབྲས་གནས་ལྟ་བུའོ། །རྣམ་དབྱེ་སོགས་རིགས་མཐུན་དུ་མ་འཇུག་པ་བསྡུས་ནས་མཐར་རྣམ་དབྱེ་གཅིག་སྦྱར་བ། སངས་རྒྱས་དམ་ཆོས་དགེ་འདུན་ལ་ཕྱག་འཚལ་ལྟ་བུ་ཟླས་དབྱེའི་བསྡུ་བ་ཞེས་བྱ་སྟེ། དེས་མཚོན་ནས་ཚིག་ཕྲད་མིན་ཡང་བར་གྱི་ཚིག་མི་མངོན་པར་བསྡུས་པ་ལ་དེ་དག་གི་དོན་འཆད་པ་ན་ཚིག་དེ་ལྟར་སྦྱར་ཏེ་གོ་དགོས་པ་སོགས་ཀྱང་ཤེས་པར་བྱ་ཞིང་། གཞན་ཡང་མང་ཚིག་དང་ཉུང་ཚིག་སྦྱར་ཚུལ། བཙུན་མོ་རྣམས་གྲོང་གཅིག་ཅེས་པ་ལྟ་བུ་དང་། སྒྲ་གཅན་གྱི་མགོ་མཆིག་གུའི་ལུས། བུམ་པའི་མི་རྟག་པ། མི་རྟག་པའི་བུམ་པ། ནམ་མཁའི་རང་བཞིན་ནི་ནམ་མཁའ་ཉིད་དོ། །ཞེས་པ་ལ་སོགས་པ་ལྟ་བུ་དང་། ཁ་གདངས་བཞིན་དུ་ཉལ་བ་ལ་ཁ་གདངས་ནས་ཉལ་ཞེས་བརྗོད་པ་ལྟ་བུ་སོགས་དོན་སོ་སོར་གྲུབ་པ་ལ་མི་ལྟོས་པར་སྐྱེས་བུའི་བརྗོད་འདོད་ཀྱི་དབང་གིས་བརྡ་སྣ་ཚོགས་སུ་སྦྱར་བ་རྣམས་གནས་སྐབས་སོ་སོར་གོ་ཚུལ་ཡོད་པ་ལ་འགལ་བ་མེད་དེ། ཤིང་འོན་ཅིག་ཅེས་པའི་སྒྲ་དེས་ཡུལ་དུས་རྣམ་པ་ཐ་དད་པའི་ཤིང་ཐམས་ཅད་ལ་མི་འཁྲུལ་བར་སྐབས་སུ་གང་ཡོད་པའི་ཤིང་ལེན་པ་དང་མཚུངས་པར་བརྗོད་འདོད་ཀྱི་རྒྱུ་མཚན་ཅན་དུ་ཤེས་པར་བྱའོ། །མིང་འདི་དག་གིས་གཞན་ལ་བརྡ་འཕྲོད་པའི་


MR22_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ནི། མིང་དོན་ལ་ངོ་བོ་ཉིད་ཀྱི་འབྲེལ་བ་མེད་ཀྱང་། སྐྱེས་བུས་བརྡ་ཁྱད་བྱས་པ་བཞིན་མིང་དོན་འབྲེལ་བ་ཅན་དུ་བློས་འཛིན་ལ། དེ་ཡང་དོན་དེའི་རྗོད་བྱེད་ཀྱི་མིང་ཡིན་པར་འདྲིས་པ་དང་། མིང་གི་ཡི་གེ་རྣམས་ཀྱང་གོ་རིམ་མ་ནོར་བར་ལེགས་པར་སྦྱར་ཏེ་བརྗོད་པ་ལས་ལུང་སྟོན་ནུས་ཀྱི་བཟློག་ན་མ་ཡིན་ནོ། །དེས་མཚོན་པའི་མིང་དེ་ཡང་ས་དང་རྡོ་ཞེས་པ་ལྟ་བུ་སོགས་ཕལ་ཆེར་དོན་བཤད་དུ་མེད་ཀྱང་དེ་དང་དེའི་བརྡར་འདོད་རྒྱལ་དུ་བཏགས་པ་དང་། སངས་རྒྱས་དང་འཕགས་པ་ལ་སོགས་པ་དོན་བཤད་དུའང་ཡོད་པ་རྗེས་གྲུབ་ཀྱི་མིང་གཉིས་ཀྱི་རྣམ་དབྱེ་ཡོད་ལ། ཡང་དང་པོར་གང་གི་མིང་དུ་ཐོགས་པ་མེ་དང་ཉི་མ་སེང་གེ་ལྟ་བུ་རང་རང་ལ་དངོས་མིང་དང་། དངོས་པོ་གཞན་ལ་གཞན་པ་དེ་དང་བསྟུན་ཏེ་བཏགས་པ་བཏགས་མིང་དུ་འགྱུར་བས་གཉིས་སུ་དབྱེ་ལ། བཏགས་པ་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་བློ་རྣོ་བ་ལ་བྲམ་ཟེ་མེ་ཞེས་དང་། སྣང་བར་བྱེད་པ་ལ་སྐྱེས་བུ་ཉི་མ་ཞེས་དང་། རྩལ་ལྡན་ལ་སེང་གེ་ཞེས་བཏགས་པ་ལྟ་བུ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པ་ལས་འབྲས་མིང་རྒྱུ་ལ་བཏགས་པ། རྐང་ནད་བསྐྱེད་པའི་ལྡེང་ཀ་ལ་རྐང་ནད་ཅེས་དང་། རྒྱུ་མིང་འབྲས་ལ་བཏགས་པ་ཤེས་པའམ་ཡུལ་ཅན་ནམ་ཡང་ན་ལོ་ཐོག་ལ་ཕན་པའི་ཆར་བབ་པ་ལ་བརྗོད་འདོད་ཀྱིས་འབྲུ་བབ་ཅེས་བརྗོད་པ་ལ་སོགས་པ་ལྟ་བུའོ། །ཡང་ཡ་གྱལ་གྱིས་མིང་ཚོགས་པ་ལ་


MR22_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ། རྔ་སྒྲའམ་ནས་ཀྱི་མྱུ་གུ་ལྟ་བུ་སྟེ། སྒྲ་དང་མྱུ་གུའི་ཚོགས་པ་ལ་རྒྱུ་གཞན་ཡང་ཡོད་བཞིན་རྒྱུའི་བྱེ་བྲག་གི་ཆ་ནས་བཏགས་པའོ། །ཡ་གྱལ་ལ་ཚོགས་པའི་མིང་གིས་བཏགས་པ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་དང་། ཁང་པའི་ཕྱོགས་གཅིག་མཐོང་བ་ལ་ཁང་པ་མཐོང་ཞེས་བརྗོད་པ་ལྟ་བུས་མཚོན་ནས་ཤེས་པར་བྱ་སྟེ། ལྷ་དང་ཕ་མ་ཉེ་དུ་ལས་དྲས་ཏེ་མིང་བཏགས་པ་སོགས་ཀྱང་འབྲེལ་བ་ལས་བཏགས་པ་ལྟའོ། །དཀར་མཚན་མེད་པའི་ཁྱི་ལ་དུང་ཞེས་བརྗོད་པ་ལྟ་བུ་འདྲ་བ་ལས་བཟློག་པ་དང་། གཟའ་མིག་དམར་ལ་བཀྲ་ཤིས་ཞེས་བརྗོད་པ་ལྟ་བུ་འབྲེལ་བ་ལས་བཟློག་པ་རྣམས་ནི་བསྟིང་ཚིག་ཞེས་ཤིན་ཏུ་བཟློག་པའི་མིང་སྦྱར་བ་འདི་དག་ཀྱང་། དོན་གྱི་འབྲེལ་པ་མེད་མོད། བརྗོད་འདོད་ཀྱི་བཟློག་ཕྱོགས་ཀྱི་མིང་ཅིག་ཤོས་ལ་འཕྱ་བའི་ཚུལ་དུ་བཏགས་པ་ཡིན་པས་འདྲ་འབྲེལ་ལས་འཕྲོས་ཏེ་བཏགས་ཚུལ་ཙམ་ཡིན་ཞིང་། དེར་མ་ཟད་སྐོམ་པ་སེལ་བའི་བཏུང་བ་ལ་སྐོམ་ཞེས་བཏགས་པ་ལ་སོགས་པ་ཡང་ཡོད་པ་བཞིན་ནོ། །དེ་ལྟར་བཏགས་པའི་མིང་རྣམས་ལ་སྒྲ་བཤད་འཇུག་གི་མུ་བཞི་ཡོད་དེ། མཚོ་སྐྱེས་ཞེས་པའི་མིང་དེ་སྐམ་སྐྱེས་ཀྱི་མེ་ཏོག་ལ་འཇུག་ཀྱང་བཤད་དུ་མེད། མཚོ་ནང་སྐྱེས་པའི་མེ་ཏོག་ལ་བཤད་འཇུག་གཉིས་ཀ་ཡོད། མཚོ་ནང་གི་ལྡུམ་བུ་དང་སྲོག་ཆགས་སོགས་ལ་


MR22_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དུ་ཡོད་ཀྱང་མི་འཇུག་པས་དེའི་མིང་ཞེས་མི་བྱ། སྐམ་སའི་རྡོ་དང་སྡོང་དུམ་སོགས་ལ་བཤད་འཇུག་གཉིས་ཀ་མེད་པའི་ཕྱིར་མི་སྦྱར་ལ། ཁྱི་ནག་པོ་ལ་དུང་ཞེས་བརྗོད་འདོད་ཀྱིས་བཏགས་པ་མིང་དུ་ཐོགས་ནས་འཇུག་ན་ཡང་བཤད་ན་ཕྱིན་ཅི་ལོག་ཏུ་འགྱུར་བས་འདི་ལྟ་བུ་ལ། ལོག་པར་སྒྲུབ་པའི་རྗེས་སུ་འཇུག་པའི་སྒྲ་ཞེས་བརྡ་སྤྲོད་པ་རྣམས་འདོད་དོ། །དེ་བཞིན་དགའ་ན་ཧ་ཧ་ཞེས་སམ། ལེགས་སོ་ལེགས་སོ་ཞེས་དང་། སྨྲེ་ན་ཀྱེ་ཧུད་ཀྱེ་ཧུད་ཅེས་སམ། ནའོ་ནའོ་ཞེས་དང་། ངོ་མཚར་ན་ཨ་ལ་ལ་ཨ་ལ་ལ་ཞེས་པ་ལྟ་བུ་སོགས་གཉིས་བརྗོད་པ་དོན་དང་མི་འགལ་བར་བརྣན་པའི་སྒྲ་རྣམས་ནི་རྗེས་སུ་བྱེད་པའི་སྒྲ་ཞེས་འདོད་ལ། ཁྲལ་ཁྲོལ་དར་དིར། ཅལ་ཅོལ་སོགས་ཕྱོགས་གཅིག་ཏུ་ངེས་མི་ནུས་པ། འདྲེས་པའམ་མི་གསལ་བ་ལ་ཟློས་སྒྲ་ཅན་འཇུག་པ་སོགས་བརྗོད་ཚུལ་ལ་རྣམ་པ་མང་པོ་ཡོད་དོ། །དེ་ལྟར་དོན་གང་ལ་མིང་གང་ཞིག་འཇིག་རྟེན་ན་སྔར་གྲགས་པའམ་དོན་དང་མཐུན་པར་གསར་དུ་བཏགས་པ་ལས་མཚོན་བྱེད་ཀྱི་མིང་དུ་གྱུར་པ་ནི་སྣ་ཚོགས་ཡོད་ལ། ཅི་རིགས་པ་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ལས་ཤེས་པར་བྱའོ། །མིང་དང་ཚིག་གིས་དོན་བསྟན་པའི་ངག་དེ་ཉིད་ཀྱི་ལུས་སམ་རང་བཞིན་ནི་ཚིགས་བཅད་དང་། ལྷུག་པ་དང་། དེ་གཉིས་སྤེལ་མ་གསུམ་གང་རུང་དུ་གནས་ལ། ཡིད་འཕྲོག་པའི་ཡོན་ཏན་ཁྱད་པར་ཅན་གྱིས་མཛེས་པ་ནི་


MR22_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་རྒྱན་ཞེས་བྱ་སྟེ། བྱཱ་ཀ་ར་ཎའི་ལུགས་བཞིན་ལེགས་པར་སྦྱར་བ་དང་། ཚིགས་བཅད་རྣམས་སྡེབ་སྦྱོར་དང་ལྡན་པ་དང་། ངག་གང་ཡང་རྗོད་བྱེད་ཡི་གེ་འཇམ་རྩུབ་སོགས་རན་པ་དང་། ནག་ནོག་མེད་པར་དོན་གསལ་བ་དང་། བརྗོད་ཚུལ་ཀྱང་རང་བཞིན་ནམ། དཔེ་དང་གཟུགས་ཅན་དང་སྦྱར་བ་དང་ཕུལ་བྱུང་དང་རབ་བརྟག་ལ་སོགས་པའི་སྒོ་ནས་སྒེག་པ་སོགས་ཉམས་ཀྱི་འགྱུར་བ་ཁྱད་འཕགས་ཡིད་ཡུལ་དུ་སྐྱེད་ནུས་པའི་ངག་ཡིད་འཕྲོག་པ་ནི་སྙན་ངག་གི་ཉམས་དང་ལྡན་པ་ཡིན་ལ། དེ་ལྟ་བུའི་ངག་ཕུན་སུམ་ཚོགས་པའི་སྒོ་ནས་བཤད་བྱའི་དོན་དེ་ཉིད་འཆད་རྩོད་རྩོམ་གསུམ་གང་བྱེད་ཀྱང་། དགོས་མེད་སྤང་ཞིང་དགོས་པ་སློང་ངེས་སུ་བརྗོད་པ། རྒྱས་ཀྱང་ཟློས་སྐྱོན་མེད་ལ་བསྡུས་ཀྱང་མ་ཚང་བ་མེད་པས་རྒྱས་བསྡུས་ཇི་ལྟར་འཚམས་པར་འཆད་པ་ལ་ཐོགས་པ་མེད་པ། རིགས་པ་རྣམ་དག་གི་སྒོ་ནས་གཏན་ལ་ཕབ་པས་ཤིན་ཏུ་རྣམ་པར་ངེས་པ། ཚིག་ཟུར་ཕྱིན་པས་བརྗོད་པ་དག་ཅིང་། བརྗོད་ཚུལ་མཁས་པས་དོན་བདེ་བླག་ཏུ་རྟོགས་པར་བྱེད་པ་སོགས་ངག་ཚིག་དྲི་མ་མེད་པའི་སྒོ་ནས་གཞུང་དེ་ཉིད་ཀྱི་དགོས་པ་དང་བསྡུས་དོན། ཚིག་དོན་དང་མཚམས་སྦྱོར་དོགས་སྤོང་ལ་མཁས་ཤིང་། སྒྲ་གཅིག་ཀྱང་དོན་དུ་མ་ལ་འཇུག་པ་དང་། ཚིག་གི་གཅོད་མཚམས་དང་། ཕྱོགས་གཉིས་སུ་གོ་རུང་བའི་སྒྲའི་ཤན་རྣམས་ལེགས་པར་


MR22_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ཏེ་རྗོད་བྱེད་ལ་བརྟེན་ནས་བརྗོད་བྱའི་དོན་ནོར་འཁྲུལ་མེད་པར་གཏན་ལ་འབེབས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །བཞི་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི། གོང་དུ་བསྟན་པ་ཆོས་དོན་ངེས་ཚིགས་གསུམ་ལ་དབང་ཐོབ་པའི་རིམ་པ་དང་མཚུངས་པར་གསུང་རབ་ཀྱི་དོན་འཆད་རྩོད་རྩོམ་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པས་སྐལ་ལྡན་རྗེས་སུ་འཛིན་པ་དང་། ལོག་སྨྲ་ཚར་གཅོད་པའི་མཐུ་དང་ལྡན་པ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་ཚིག་དང་དོན་རེ་རེ་ལ་ཡང་བསྐལ་པ་རྒྱ་མཚོར་བཤད་ཀྱང་སྤོབས་པ་མི་ཟད་པ་ཐོབ་པ་ཡིན་ནོ། །སྐབས་འདིར་གསུང་རབ་ཀྱི་བསྟན་དོན་ལ་གཞན་དྲིང་མི་འཇོག་པའི་བློ་གྲོས་དྲི་མ་མེད་པའི་སྤོབས་པ་མཆོག་ཐོབ་པའི་ཐབས་རིགས་པ་ཡང་དག་བཤད་པ་ལ། གང་ཞིག་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པའི་དོན་ཐམས་ཅད་བསྡུས་ན་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་སུ་མ་འདུས་པ་མེད་པའི་ཕྱིར། དེ་གཉིས་ལ་དཔྱོད་པའི་ཚད་མ་རྣམ་པ་གཉིས་ཀྱི་སྒོ་ནས་ངེས་པའི་ཤེས་པ་ཚུལ་བཞིན་དུ་བསྐྱེད་པར་བྱ་སྟེ། ཇི་ལྟར་ན་བྱ་བ་བྱེད་པའི་རིགས་པ། ལྟོས་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ་བཞིར་མདོ་ལས་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ནི། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་ཅིང་


MR22_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བའི་ཚུལ་གྱིས་སྐྱེ་ཞིང་སྣང་བ་ཡིན་གྱི། རྒྱུ་རྐྱེན་ལ་མ་ལྟོས་པ་ནི་ནམ་མཁའི་པདྨོ་བཞིན་དུ་དངོས་པོ་ཉིད་དུ་ཡོད་པར་མི་རུང་ངོ་། །དེའི་ཕྱིར་ན་ས་བོན་དང་ཆུ་དང་དྲོད་ལ་སོགས་པ་རྒྱུ་ཡི་ཚོགས་པ་ཚང་བས་མྱུ་གུ་བསྐྱེད་པའི་བྱ་བ་བྱེད་པ་ལྟ་བུ། མདོར་ན་རྒྱུ་གང་གིས་འབྲས་བུ་གང་སྐྱེད་པའི་བྱ་བ་བྱེད་པ་ཐམས་ཅད་ལ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱ་ཞིང་། མྱུ་གུ་ལ་སོགས་པ་འབྲས་བུར་གྱུར་པ་ཐམས་ཅད་ནི་རང་རང་གི་རྒྱུ་རྣམས་ལ་ངེས་པར་ལྟོས་པ་ཅན་ཡིན་པ་ནི་ལྟོས་པའི་རིགས་པའོ། །དེ་ལྟར་རྒྱུ་གང་གིས་འབྲས་བུ་གང་སྐྱེད་པའི་བྱ་བ་བྱེད་པར་གྱུར་པ་དང་འབྲས་བུ་དེ་རྒྱུ་དེ་ལ་ལྟོས་པ་རྣམས་ནི་ཕན་ཚུན་རྒྱུ་འབྲས་སུ་རུང་བས་གནས་ཡིན་པ་སྟེ། དགེ་བའི་ལས་ཀྱིས་བདེ་འབྲས་དང་། མི་དགེ་བས་སྡུག་བསྔལ་བསྐྱེད་པའམ། འབྲས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་སྐྱེ་བ་ལ་སོགས་པ་ལྟ་བུའོ། །དེ་ལས་ལྡོག་པ་སྐྱེད་པར་མི་བྱེད་པ་དགེ་བས་སྡུག་བསྔལ་དང་། མི་དགེ་བས་བདེ་བ། ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་སྐྱེ་བ་ལྟ་བུ་གནས་མ་ཡིན་ནོ། །རིགས་པ་དང་པོ་འདི་གཉིས་ཀྱིས་ཆོས་ཐམས་ཅད་ལ་གནས་དང་གནས་མིན་ཤེས་པའི་སྒོ་ནས་དགག་སྒྲུབ་དང་འཇུག་ལྡོག་བྱེད་པ་ཡིན་པའི་ཕྱིར། བཟོ་ཡི་གནས་སོགས་རིག་བྱེད་ཐམས་ཅད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་མཐའ་ཐམས་ཅད་ཀྱང་


MR22_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདི་གཉིས་ཀྱི་སྒོ་ནས་རྣམ་པར་དཔྱོད་པའི་རྩ་བ་ཅན་ནོ། །དེས་ན་གནས་དང་གནས་མིན་ཤེས་པ་ལ་ཇི་ཙམ་མཁས་པ་དེ་ཙམ་དུ་རིག་བྱེད་དང་གྲུབ་མཐའི་ཚུལ་རྣམ་པར་དག་ཅིང་བཟང་བར་འགྱུར་རོ། །ཆོས་ཉིད་ཀྱི་རིགས་པ་ནི། ཐ་སྙད་དུ་ཆོས་རྣམས་རང་རང་གི་ངོ་བོ་ཉིད་ཀྱིས། ས་སྲ་བ་དང་། ཆུ་གཤེར་བ་དང་ནམ་མཁའ་མི་སྒྲིབ་པ་སོགས་སུ་གནས་པ་སྟེ། དེ་ཡང་བུམ་པ་ལྟ་བུའི་ཆོས་གཅིག་ལ་ཡང་། མི་རྟག་པ་ཡིན་པ། བེམས་པོ་ཡིན་པ་སོགས་སྒྲུབ་པའི་རྣམ་བཞག་དུ་མ་དང་། ཤེས་པ་མ་ཡིན་པ། རྟག་པ་མ་ཡིན་པ་སོགས་སེལ་བའམ་དགག་པའི་ཆ་ནས་བཞག་པའི་རྣམ་བཞག་དུ་མའི་ཆོས་ཡོད་ཀྱང་མདོར་བསྡུ་ན་མངོན་སུམ་གྱི་ཡུལ་དུ་གྱུར་པའི་རང་མཚན་རྫས་ཡོད་བུམ་པ་ལྟ་བུ་ལ། གཞན་བསལ་བའི་སྒོ་ནས་བཏགས་པའི་བྱས་མི་རྟག་སོགས་ཀྱི་ལྡོག་པ་ཐ་དད་པའི་རྣམ་བཞག་སྣ་ཚོགས་པར་རྟོག་པ་དང་བཅས་པའི་ཡིད་ཀྱིས་སྦྱོར་བར་བྱེད་པ་ཡིན་པས། རྫས་བཏགས་ཀྱི་ཚུལ་གཉིས་སུ་འདུ་ཞིང་དེ་ལས། རང་མཚན་དང་སྤྱི་མཚན། སྤྱི་དང་བྱེ་བྲག །འགལ་འབྲེལ་དང་མཚན་མཚོན་ལ་སོགས་པའི་ཐ་སྙད་དོན་མཐུན་གྱི་རྣམ་བཞག་སྣ་ཚོགས་བྱས་པ་ལ་བརྟེན་ནས་དོན་མཐའ་དག་ལ་མི་རྨོངས་པར་འགྱུར་རོ། །དེ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་དུ་བཞག་པ་དེ་ནི་ཐ་སྙད་དཔྱོད་པའི་སྐབས་ཀྱི་རིགས་པ་གསུམ་ཡིན་ལ། དོན་དམ་པར་


MR22_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱིས་དཔྱད་ན་རྒྱུ་གང་གིས་འབྲས་བུ་གང་སྐྱེད་པ་མི་དམིགས་ལ། ཡོད་མེད་སྐྱེ་འགོག་གིས་དཔྱད་ན་འབྲས་བུ་རྣམས་རྒྱུ་ལ་ལྟོས་ཏེ་སྐྱེ་བ་ཡང་མེད་ཅིང་། གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་ན། སྲ་བ་ལ་སོགས་པའི་ངོ་བོ་ཉིད་གང་ཡང་མི་འགྲུབ་པས། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ། ངོ་བོ་སྟོང་པ་ཉིད་དེ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པ་ནི་དོན་དམ་པའི་ཆོས་ཉིད་དོ། །བྱ་བྱེད་ལྟོས་པ་གཉིས་ཀྱང་ཐ་སྙད་ཀྱི་དངོས་པོའི་ཆོས་ཉིད་དུ་འདུ་སྟེ་མེ་ཚ་བ་དང་མེས་སྲེག་པར་བྱེད་པ་དང་། མེ་བུད་ཤིང་ལ་ལྟོས་པ་ཆོས་ཉིད་ཡིན་པ་ལྟ་བུའོ། །དེའི་ཕྱིར་རིགས་པའི་མཐའ་ཐམས་ཅད་ཆོས་ཉིད་ཀྱི་རིགས་པ་ལ་ཐུག་ནས་རྒྱུ་མཚན་གཞན་ཚོལ་དུ་མེད་དེ། དངོས་པོའི་ཆོས་ཉིད་མེའི་ཚ་བ་ལྟ་བུ་ལ་སུས་ཀྱང་གཞན་དུ་བསྙོན་མི་ནུས་པ་བཞིན་ནོ། །དེ་ལྟར་རིགས་པ་སྔ་མ་གསུམ་གྱི་དོན་བསྡུས་ན། ཐ་སྙད་དུ་ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོ་ཉིད་གསུམ་ཇི་ལྟ་བུར་གནས་པའི་དོན་ནི་ཐ་སྙད་ཀྱི་གནས་ཚུལ་ལམ་ཆོས་ཉིད་དང་། རྒྱུ་འབྲས་ངོ་བོ་ཉིད་གསུམ་རང་བཞིན་མེད་པ་ནི་དོན་དམ་པའི་གནས་ལུགས་སམ་ཆོས་ཉིད་དེ་མདོར་ན་བདེན་པ་གཉིས་ཀྱི་དོན་ནི་གཏན་ལ་དབབ་པར་བྱ་བ་ཡིན་པའི་ཆ་ནས་རིགས་པ་སྔ་མ་གསུམ་གསུངས་ཏེ། ཆོས་རྣམས་ཀྱི་རང་བཞིན་དེ་ལྟ་བུར་གནས་པ་


MR22_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འོས་ཤིང་རིགས་པ་ཉིད་ཀྱི་ཕྱིར་རིགས་པ་ཞེས་བརྗོད་པའམ་དེ་དང་མཐུན་པར་གཞལ་བ་ལ་རིགས་པ་ཞེས་བརྗོད་པའང་ཡིན་ནོ། །དེ་ལྟར་གཞལ་བྱ་བདེན་པ་གཉིས་ཀྱི་དོན་ཇི་བཞིན་མ་ནོར་བར་རྗེས་སུ་གཞལ་བ་ནི་དངོས་པོའི་སྟོབས་ཀྱིས་གྲུབ་པ་ཡིན་པས་དེ་ལ་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱ་སྟེ། སྒྲུབ་བྱེད་གང་ཞིག་ཡང་དག་པའི་འཐད་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །འཐད་པ་དེ་གང་གི་སྒོ་ནས་སྒྲུབ་ཅེ་ན། ཇི་ལྟར་སྣང་བ་ཐ་སྙད་ཀྱི་དོན་དང་། ཇི་ལྟར་གནས་པ་དོན་དམ་པའི་དོན་གཉིས་པོ་དེ་མངོན་དུ་གྱུར་པ་ལ་མངོན་སུམ་ཚད་མ་དང་། ལྐོག་ཏུ་གྱུར་པ་ལ་དེ་དཔོག་ནུས་ཀྱི་རྟགས་མངོན་པར་སྣང་བ་ལས་མི་སླུ་བ་གཞན་རྗེས་སུ་དཔག་པའི་ཚད་མ་གཉིས་ཀྱི་སྒོ་ནས་སོ། །དེ་ཡང་ཀུན་རྫོབ་པའི་ངོ་བོ་མངོན་སུམ་གྱུར་པ་ནི་མིག་ཤེས་མ་འཁྲུལ་བས་ཨུཏྤལ་སྔོན་པོ་མངོན་སུམ་མཐོང་བ་ལྟ་བུའོ། །དོན་དམ་པའི་ངོ་བོ་མངོན་སུམ་དུ་དམིགས་པ་ནི་འཕགས་པ་རྣམས་ཀྱི་མཉམ་བཞག་ཡེ་ཤེས་ལྟ་བུའོ། །ཐ་སྙད་པའི་དོན་རྗེས་སུ་དཔག་པ་ནི། དུ་བ་ལས་མེ་དང་བྱས་པ་ལས་མི་རྟག་པར་དཔོག་པ་ལྟ་བུའོ། །དོན་དམ་པ་རྗེས་སུ་དཔོག་པ་ནི། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་སྟོང་པ་ཉིད་རྗེས་སུ་དཔག་པ་ལྟ་བུའོ། །མངོན་སུམ་ཚད་མ་དེ་ལ་དུ་ཡོད་ཅེ་ན་བཞི་སྟེ། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ནི་དབང་


MR22_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མངོན་སུམ་ཚད་མ་སྟེ། མ་འཁྲུལ་པའི་མིག་ཤེས་ལ་སོགས་པ་ལྔའོ། །དབང་པོ་འཁྲུལ་རྒྱུས་བསླད་པའི་ཟླ་གཅིག་ཟླ་གཉིས་སུ་སྣང་བ་སོགས་ནི་མངོན་སུམ་ལྟར་སྣང་བ་སྟེ་ཚད་མ་མ་ཡིན་ནོ། །བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ནི་ཡིད་ཀྱི་མངོན་སུམ་ཚད་མ་ཉིད་དོ། །དབང་པོ་འཁྲུལ་པའི་རྗེས་སུ་ཕྱོགས་པའི་ཡིད་རྟོག་མེད་དང་རྨི་ལམ་གྱི་སྣང་བ་ལྟ་བུ་ནི་ཚད་མ་མ་ཡིན་ནོ། །བདག་རྐྱེན་ཞི་ལྷག་གི་རྣལ་འབྱོར་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ནི་རྣལ་འབྱོར་མངོན་སུམ་ཚད་མའོ། །མི་སྡུག་པ་གོམས་པའི་ཀེང་རུས་ཀྱི་གསལ་སྣང་ལྟ་བུ་ནི་མ་འཁྲུལ་པ་མ་ཡིན་པས་ཚད་མར་མི་བཞེད་དོ། །རྣལ་འབྱོར་མངོན་སུམ་དེས་ཀུན་རྫོབ་ཀྱི་དངོས་པོ་བསྒྲིབ་པ་དང་ཆོད་པ་སོགས་ཀྱི་དོན་ཤེས་པ་ལྟ་བུ་སྣང་བཅས་དང་། བདག་མེད་མཐོང་བ་ལྟ་བུ་སྣང་མེད་རྣལ་འབྱོར་མངོན་སུམ་ཞེས་བཞེད་དོ། །སེམས་སེམས་བྱུང་ཐམས་ཅད་རང་ཉིད་གསལ་བའི་ངོ་བོས་རྟོག་བྲལ་མ་འཁྲུལ་པར་རང་རིག་པ་ནི། རང་རིག་མངོན་སུམ་སྟེ། འཁྲུལ་པའམ་མ་འཁྲུལ་པའི་ཤེས་པ་གང་སྐྱེས་ཀྱང་དེས་རང་ཉིད་རང་གསལ་དུ་མྱོང་བ་ཙམ་ལ་མ་འཁྲུལ་ཞིང་རྟོག་པ་དང་བྲལ་བའང་ཡིན་ནོ། །མངོན་སུམ་བཞི་པོ་འདི་དག་གི་ཡུལ་ནི་ཡུལ་དུས་རྣམ་པ་མ་འདྲེས་པ་རང་མཚན་ཉིད་སྣང་བའི་ཕྱིར། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པ་ཡིན་ནོ། །སྤྱིར་འཇིག་རྟེན་པའི་མངོན་སུམ་ཞེས་པ་འདི་དག་མེད་ན། རྟགས་རྣམས་ཀྱང་ཤེས་པ་མ་འཁྲུལ་པས་དམིགས་པའི་


MR22_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ཅན་ཡིན་པས། དེ་རྣམས་ཀྱང་མེད་པར་འགྱུར་ལ། རྒྱུ་ལས་སྐྱེ་བ་དང་དེ་འགག་པ་སོགས་སྣང་ཚོད་ཀྱི་རྣམ་བཞག་འདི་རྣམས་མེད་པར་འགྱུར་བའི་ཕྱིར་སྣང་བ་དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱང་ཤེས་པར་མི་འགྱུར་བས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །བྱེ་བྲག་ཏུ་དབང་པོའི་མངོན་སུམ་མེད་ན་གཟུགས་སོགས་ཀྱི་དོན་མི་མཐོང་ཞིང་། ཡིད་མངོན་མེད་ན་ཕྱི་ནང་གི་ཡུལ་ཐམས་ཅད་ཐུན་མོང་དུ་ཤེས་པའི་རྣམ་རིག་མེད་པར་འགྱུར་བ་དང་། རྣལ་འབྱོར་མངོན་སུམ་མེད་ན་ཕལ་པའི་ཡུལ་ལས་འདས་པའི་དོན་རྟོགས་པའི་ཤེས་པ་མི་སྲིད་པས་དེ་གསུམ་དུ་རྣམ་བཞག་མཛད་ལ། དེ་ཐམས་ཅད་ཤེས་པས་རང་རང་གི་ཡུལ་མངོན་སུམ་མྱོང་བ་ཡིན་ཞིང་། མྱོང་བ་ཐམས་ཅད་ཀྱི་མཐའ་རང་རིག་པ་ལ་ཐུག་པ་སྟེ། མངོན་སུམ་མྱོང་བའི་དོན་ལ་སྒྲུབ་བྱེད་གཞན་མི་དགོས་པ་ནི། རང་བློ་མ་འཁྲུལ་བ་ཉིད་རང་གསལ་དུ་ཉམས་སུ་མྱོང་བ་ལས་ཐེ་ཚོམ་ཆོད་པ་ཡིན་པས་རང་རིག་འདི་ནི་ཚད་མ་ཐམས་ཅད་ཀྱི་མཐའ་གཏུག་ས་ཡིན་ནོ། །དེ་ཡང་རྗེས་སུ་དཔག་པ་ནི་མཐར་མངོན་སུམ་པའི་རྩ་བ་ཅན་ཡིན་ལ། མངོན་སུམ་གྱི་མཐའ་རང་རིག་གིས་ངེས་ཏེ་མ་འཁྲུལ་པའི་བློ་ཡི་ཉམས་མྱོང་ལ་ཐུག་ནས་སྒྲུབ་བྱེད་གཞན་བཙལ་མི་དགོས་པ་བདེ་སོགས་ཉམས་སུ་མྱོང་བ་བཞིན་ནོ། །གཉིས་པ་རྗེས་


MR22_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ལ་བློ་གང་གིས་རྗེས་སུ་དཔོག་པར་བྱེད་པ་ནི་རྟོག་པ་དང་བཅས་པའི་ཡིད་ཡིན་གྱི་གཞན་མ་ཡིན་ནོ། །རྟོག་པ་ཞེས་པ་ཇི་ལྟ་བུ་ཞེ་ན་ཡུལ་གང་དང་གང་ཡིན་པའི་དོན་དེའི་རྣམ་པ་སྤྱི་ཙམ་ཡིད་བློར་སྣང་བ་ལ་དེ་དང་དེའི་མིང་དང་བསྲེས་ཏེ་འཛིན་པ་དཔེར་ན་ཀ་བ་དང་བུམ་པ་ཞེས་སུ་རྣམ་པར་རྟོག་པའམ་ཡིད་ཀྱིས་བརྗོད་པ་ནི་ཡིད་རྟོག་བཅས་ཞེས་བྱའོ། །བརྡ་བྱེད་མི་ཤེས་པའི་སྐྱེ་བོ་བྱིས་པ་ཆུང་ངུ་རྣམས་དང་རྟ་སོགས་དུད་འགྲོ་རྣམས་ཀྱིས་ཀྱང་བློ་ལ་ཟས་སྐོམ་སོགས་ཀྱི་དོན་སྤྱི་ཙམ་སྣང་བ་དེ་མིང་དང་འདྲེས་པ་མེད་ཀྱང་། འདྲེས་སུ་རུང་བའི་དོན་སྤྱིའི་རྟོག་པ་དེའི་སྒོ་ནས་དོན་ལ་འཇུག་ལྡོག་བྱེད་པ་ཡིན་ཏེ། དཔེར་ན་ཆུ་དངོས་སུ་མ་མཐོང་ཡང་། ཆུ་ཤག་ཤག་འབབ་པའི་སྒྲ་ཐོས་པ་ན། སྐོམ་པས་གདུང་པའི་དུད་འགྲོ་རྣམས་ཀྱིས་ཀྱང་ཆུའི་རྣམ་པ་བློ་ལ་ཤར་ནས་དེ་འདོད་པའི་རྣམ་འགྱུར་གྱི་སྒྲ་སྒྲོག་པ་དང་། རྒྱང་རིང་པོའི་ཆུ་ཡི་རྗེས་སུ་སྙོག་ཞེས་པ་ལྟ་བུས་དེ་ཡི་ཚུལ་ཤེས་པར་བྱེད་དོ། །ཡིད་རྟོག་བཅས་འདིས་ཡུལ་དུས་རྣམ་པ་འདྲེས་པའི་ཚུལ་གྱིས་དོན་རྣམས་ཀྱི་སྤྱི་ཙམ་བཟུང་ཞིང་། དེ་ཉིད་ལ་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་བྱེད་པའི་སྒོ་ནས་ཐ་སྙད་ཐམས་ཅད་གྲུབ་པ་ཡིན་གྱི་གཞན་དུ་ན། རྗེས་སུ་དཔག་པ་དང་བསླབ་པའི་གནས་གང་ཡང་བསྟན་པར་མི་ནུས་ཏེ། མངོན་སུམ་ལ་ནི་རང་


MR22_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་རང་ཡུལ་དེའི་ཆ་ཤས་རྣམས་དང་སྐད་ཅིག་མའི་རང་མཚན་སིལ་བུ་ཕན་ཚུན་མ་འདྲེས་པར་གནས་པ་ཙམ་སྣང་བ་དེ་ནི་མིང་དང་འདྲེས་སུ་མི་རུང་པས་དེ་ཁོ་ན་ལ་ཐ་སྙད་ཀྱི་དོན་སྦྱར་བ་མེད་དོ། །རྟོག་པ་འདིས་ནི་ད་ལྟ་མཐོང་བའི་ཡུལ་ལ་མིང་དང་རིགས་སོགས་སྦྱར་ནས་འཛིན་པ་ཀུན་རྫོབ་ཀྱི་རྟོག་པའམ་བརྡ་རྟེན་ཅན་གྱི་རྟོག་པ་ཞེས་བརྗོད་པ་དེ་ཙམ་ཁོ་ན་བྱེད་པར་མ་ཟད་ཀྱི། འདས་པ་ལ་དྲན་པའི་ཚུལ་གྱིས་རྟོག་པ་དང་། མ་འོངས་པ་ལ་མངོན་པར་འདོད་པའི་ཚུལ་གྱིས་རྟོག་པ་དང་། རྗེས་སུ་དཔོག་པའི་རྟེན་རྟགས་འཛིན་པའི་རྟོག་པ་དང་། རྟགས་དེ་ལས་རྟགས་ཅན་རྗེས་སུ་དཔག་བྱ་ལ་རྟོག་པ་རྣམས་ཀྱི་སྒོ་ནས་མངོན་དུ་མ་གྱུར་པ་ལྐོག་གྱུར་གྱི་དོན་རྣམས་ཀྱང་གཞལ་བར་བྱེད་པ་ཡིན་པས། རྟོག་པ་དང་བཅས་པའི་རྗེས་སུ་དཔག་པ་མེད་ན། བཙས་མ་ཐག་པའི་བུ་ཆུང་མེ་སོགས་ལ་འཇིགས་མི་ཤེས་པ་ལྟར། བླང་དོར་འཇུག་ལྡོག་གང་ཡང་མི་བྱེད་པར་འགྱུར་རོ། །རྟོག་བཅས་ཀྱི་ཡིད་འདི་ལ་ཡང་ཐག་པ་ལ་ཐག་པར་རྟོག་པ་དང་། སྨིག་རྒྱུ་ལ་སྨིག་རྒྱུར་རྟོག་པ་ལྟར་མ་འཁྲུལ་པ་ཞིག་དང་། ཐག་པ་ལ་སྦྲུལ་དང་སྨིག་རྒྱུ་ལ་ཆུར་རྟོག་པ་ལྟར་འཁྲུལ་པ་གཉིས་སུ་ཡོད་པ་ལས། མ་འཁྲུལ་པའི་རྟོག་པ་ལ་བརྟེན་ནས་དུས་གསུམ་ཤེས་བྱའི་ཐ་སྙད་ཐམས་ཅད་མ་ནོར་བར་འབྱེད་པར་བྱེད་པ་ཡིན་ནོ། །རྟོག་བཅས་ཀྱི་བློ་དེས་ལྐོག་ཏུ་གྱུར་པའི་ཆོས་གཞན་


MR22_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རྗེས་སུ་དཔག་པར་བྱ་ཞེ་ན། ཆོས་གང་ལ་བརྟེན་ནས་ཆོས་གཞན་གང་ཞིག་གོ་ནུས་པ་དེ་ནི་རྟགས་ཞེས་བྱ་ལ། དེ་ཡང་རྟགས་དེ་ཉིད་བསྒྲུབ་བྱ་ཕྱོགས་ཀྱི་ཆོས་སུ་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ཡིན་ཏེ། རྩོད་གཞི་གང་ལ་རྟགས་དེ་མ་གྲུབ་ན་ཁྱབ་པ་དཔྱད་པ་དོན་མེད་པས་དང་པོར་གཞི་བུམ་པ་ལྟ་བུ་ལ། རྟགས་བྱས་པ་ལྟ་བུ་དེ་ཡོད་མེད་དཔྱད་པར་བྱའོ། །རྟགས་གྲུབ་ནས་རྟགས་དེ་དང་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་གཉིས་ལ་འབྲེལ་པ་དཔྱད་པར་བྱས་པས། རྟགས་དེ་ཉིད་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་ཡོད་པ་ནི་ཚུལ་གཉིས་པ་རྗེས་འགྲོ་ཞེས་བྱ་སྟེ། དཔེར་ན་བྱས་པ་ཡིན་ན་མི་རྟག་པ་ཡིན་པའི་ཁྱབ་པ་ཚད་མས་ངེས་པས་ན། རྟགས་བྱས་པའི་རྗེས་སུ་མི་རྟག་པ་འགྲོ་བ་ལྟ་བུའོ། །ཡང་བསྒྲུབ་བྱའི་ཆོས་དེ་ལོག་པའམ་མེད་པར་གྱུར་ན། རྟགས་དེ་ཡང་ལྡོག་པ་སྟེ་ཡོད་མི་སྲིད་པ། མི་རྟག་པ་མ་ཡིན་ན་བྱས་པ་དེ་ཡང་མི་འབྱུང་བ་ལྟ་བུ་ནི་ཚུལ་གསུམ་པ་ལྡོག་པ་ཞེས་བྱའོ། །ཚུལ་ཕྱི་མ་འདི་གཉིས་ནི་ཚད་མའི་སྒོ་ནས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་བརྗོད་པ་ཡིན་ཞིང་། དེ་དག་དཔེས་བསྟན་པའི་སྐབས་སུ་མཐུན་ཕྱོགས་མཐའ་དག་ལ་ཡོད་པ་དང་། མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པ་ཞེས་བཤད་དོ། །དེ་ལྟར་ཚུལ་གསུམ་ཚང་བ་ནི་བསྒྲུབ་བྱ་འགྲུབ་ནུས་


MR22_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟགས་ཡང་དག་ཡིན་ལ། མ་ཚང་བ་ནི་གཏན་ཚིགས་ལྟར་སྣང་བ་སྟེ་དེ་ཡང་རྟགས་མ་གྲུབ་པ་སོགས་ཀྱི་ཚུལ་ལ་ནང་གི་དབྱེ་བ་དུ་མར་ཡོད་དོ། །རྟགས་ཡང་དག་ཏུ་གྱུར་པ་དེ་ལ་མཚན་གཞིའི་དབྱེ་བ་དུ་ཡོད་ཅེ་ན། འབྲས་རང་མ་དམིགས་པའི་རྟགས་གསུམ་དུ་ཡོད་དེ། དེ་བྱུང་གི་འབྲེལ་བ་ལ་བརྟེན་ནས་འབྲས་བུས་རྒྱུ་དཔོག་པ་འབྲས་རྟགས་དང་། བདག་གཅིག་འབྲེལ་ལས་རྟགས་དེས་ཆོས་གཞན་བསྒྲུབ་པ་རང་བཞིན་གྱི་རྟགས་དང་གཉིས་ནི་སྒྲུབ་རྟགས་ཡིན་ལ། སྣང་རུང་མ་དམིགས་པའམ་འགལ་ཟླ་དམིགས་པས་གཞན་ཁེགས་པ་གཉིས་ཀ་དོན་དུ་དགག་བྱའི་ངོ་བོ་བཀག་པ་ཡིན་པས་མི་དམིགས་པའི་རྟགས་ཞེས་བྱའོ། །དེ་དག་གི་ནང་གསེས་ཀྱི་དབྱེ་བ་ནི། འབྲས་རྟགས་ལ་སྦྱོར་བ་འགོད་ཚུལ་གྱིས་ལྔ་སྟེ། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ལྟ་བུ་རྒྱུ་དངོས་སུ་སྒྲུབ་པའི་འབྲས་རྟགས་ཀྱི་སྦྱོར་བ། དེ་བཞིན་དུ་བར་སྣང་གི་དུ་བ་སྔོ་ལོང་པོ་ཆོས་ཅན། རང་རྒྱུ་མེ་སྔ་མ་སྔོན་སོང་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་ཞེས་པ་རྒྱུ་སྔོན་སོང་བསྒྲུབ་པ། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ། རྒྱུ་སྤྱིར་སྒྲུབ་པ། སྔོར་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་དང་བཅས་པ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར་


MR22_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་རྒྱུ་ཁྱད་པར་བ་སྒྲུབ་པ། ཁ་ནང་གི་བུར་གོང་ཆོས་ཅན། གཟུགས་ཡོད་དེ། རོ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡིན་ཏེ། དོན་དུ་བུར་རོ་ད་ལྟ་བ་ལས་སྔ་མ་དང་ད་ལྟའི་རོ་གཟུགས་གཉིས་ཚོགས་པ་གཅིག་པར་རྒྱུ་སྔ་མས་བསྐྱེད་པ་དཔོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འབྲས་བུས་རྒྱུ་སྒྲུབ་ཚུལ་དུ་མ་ཡོད་པའི་སྤུ་རིས་ཕྱེས་པ་འདིས་ཆུ་མི་གཡོ་བ་ལས་རྟེན་བརྟེན་པ་སོགས་འབྲས་བུས་རྒྱུ་དཔོག་པའི་རིགས་མཐུན་ཐམས་ཅད་འབྲས་རྟགས་ཀྱི་ཁོངས་སུ་བསྡུ་ཤེས་པར་བྱའོ། །རང་བཞིན་གྱི་རྟགས་ལ་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་རམ་སྐྱེས་པའི་ཕྱིར་ལྟ་བུ། ཁྱད་པར་ལྟོས་པ་བ་དང་། རྩོད་གཞི་དང་བསྒྲུབ་ཆོས་འདྲ་ལ། རྟགས་དངོས་པོར་ཡོད་པ་ཡིན་པའི་ཕྱིར་ཞེས་བཀོད་པ། ཁྱད་པར་དག་པ་པའི་རང་བཞིན་གྱི་རྟགས་སྦྱོར་ཞེས་བྱ་སྟེ། རྟགས་དེ་ཉིད་བརྗོད་ཚུལ་གྱིས་སྔ་མ་གཞན་གྱི་འབྲས་བུར་བསྟན་པས་གཞན་ལ་ལྟོས་པ་ལྟ་བུ་དང་། ཕྱི་མ་རང་དབང་བའི་ཚུལ་དུ་ངོ་བོ་ཙམ་སྨྲོས་པས་མི་ལྟོས་པར་དག་པ་ཞེས་རྣམ་བཞག་ཙམ་ལས་དོན་གྱི་ཁྱད་པར་མེད་དོ། །མ་དམིགས་པའི་རྟགས་སྦྱོར་ལ་མི་སྣང་བ་མ་དམིགས་པ་དང་སྣང་རུང་མ་དམིགས་པ་གཉིས། དང་པོ་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་


MR22_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གིས་ཤ་ཟ་ཡོད་མེད་གང་རུང་དུ་མི་ངེས་ཏེ། དེ་དེ་ལ་མི་སྣང་བས་མ་དམིགས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དེ་ནི་སྐབས་འདིར་མ་དམིགས་པས་མེད་པར་བསྒྲུབ་པ་ལ་སྣང་མི་རུང་དང་། སྣང་རུང་གཉིས་ཡོད་པའི་དང་པོ། ཡུལ་དུས་ངོ་བོས་བསྐལ་པའི་དངོས་པོ་རྣམས་ནི་ཡོད་ཀྱང་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་དམིགས་མི་ནུས་ཏེ། ཤ་ཟ་དང་བར་སྲིད་ལྟ་བུ་ཕྱོགས་འདིར་ཡོད་ཀྱང་མི་སྣང་བ་ཉིད་ཀྱི་ཕྱིར་མི་དམིགས་པ་ཡིན་ནོ་ཞེས་བསྟན་པས་མི་སྣང་བ་མ་དམིགས་པས་ནི་ཡོད་ངེས་མེད་ངེས་སུ་དཔྱད་ཤེས་དོན་མཐུན་འཇུག་པ་མེད་པར་སྟོན་ལ་དེ་ལས་གཞན་སྣང་རུང་ཡིན་ན་མི་དམིགས་པས་ཁེགས་ཞེས་ཁྱད་ཕྱེ་བའི་དོན་ཡིན་ནོ། །འདི་རྟགས་སྦྱོར་དུ་འགྲོ་ཚུལ་ཡོད་ངེས་སམ་མེད་ངེས་ཀྱི་ཐ་སྙད་འགོག་པ་ཙམ་མོ། །འདིའི་རྟགས་སྦྱོར་འགོད་ཚུལ་ལ་བསྐལ་དོན་དུ་སོང་བའི་རྒྱུད་ལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཞེས་བཀོད་པ་ནི་མི་སྣང་བ་མ་དམིགས་པའི་དོན་དང་མི་འབྱོར་རོ། །མི་སྣང་བ་མ་དམིགས་པ་འདིས་གང་ཟག་གིས་གང་ཟག་གི་ཚོད་མི་ཟིན་པ་སོགས་མདོར་ན་དཔོག་མ་ནུས་པའི་དངོས་པོ་ལ་སྒྲོ་སྐུར་མི་བྱ་བར་དོན་གྱིས་བསྟན་ཏོ། །སྣང་རུང་མ་དམིགས་པ་ལ། དམིགས་རུང་མ་དམིགས་པ་དང་། འགལ་ཟླ་དམིགས་པ་གཉིས། དང་པོ་ལ་རང་བཞིན་མ་དམིགས་པ།


MR22_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་འདི་ན་ཆོས་ཅན། བུམ་པ་མེད་དེ། སྣང་རུང་ཚད་མས་མི་དམིགས་པའི་ཕྱིར་ཞེས་པ་ལྟ་བུ། འབྲེལ་ཟླ་མ་དམིགས་པ་ལས་རྒྱུ་མ་དམིགས་པ་ནི། མཚན་མོའི་རྒྱ་མཚོར་ཆོས་ཅན་དུ་བ་མེད་དེ་མེ་མེད་པའི་ཕྱིར་ལྟ་བུ། ཁྱབ་བྱེད་མ་དམིགས་པ་བྲག་རྫོང་ཕ་གི་ན་ཆོས་ཅན། ཤ་བ་མེད་དེ། ཤིང་མེད་པའི་ཕྱིར་ལྟ་བུ། དངོས་འབྲས་མ་དམིགས་པ། དུ་བས་དབེན་པའི་རྩིག་སྐོར་དུ་ཆོས་ཅན། དུ་བའི་དངོས་འབྲས་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །སྣང་རུང་གི་འགལ་ཟླ་དམིགས་པ་ལ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་དང་། ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་སྦྱོར་གཉིས་ལས། དང་པོ་ལ་བཅུ་གཉིས་ཏེ། ཕྱོགས་ཕ་གིར་ཆོས་ཅན་ཞེས་པ་རྩོད་གཞི་དང་། མེས་ཁྱབ་པའི་ཕྱིར་ཞེས་པ་རྟགས་སུ་བྱས་ནས། གྲང་རེག་མེད་པ་དང་། གྲང་རེག་གི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པ་དང་། གྲང་འབྲས་སྤུ་ལོང་བྱེད་མེད་པ་དང་། ཁ་བའི་རེག་པ་མེད་པ་རྣམས་བསྒྲུབ་ཆོས་སུ་བྱས་པ་ནི་རིམ་པ་ལྟར། རང་བཞིན་དང་རྒྱུ་དང་འབྲས་བུ་དང་ཁྱབ་བྱ་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་སྦྱོར་རོ། །ཡང་རྩོད་གཞི་གོང་ལྟར་ལ། རྟགས་དུ་བ་དྲག་ཏུ་ཕྱུར་བས་ཁྱབ་པར་ནོན་པ་བཀོད་ནས་


MR22_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་རེག་སོགས་གོང་གི་བཞི་འགོག་པ་ནི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་ལ་སོགས་པའོ། །ཡང་རྩོད་གཞི་འདྲ་ལ། རྟགས་ཙནྡན་གྱི་མེས་ཁྱབ་པར་ནོན་པ་བཀོད་ནས་གྲང་རེག་སོགས་བཞི་འགོག་པ་ནི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ་ལ་སོགས་པ་བཞིའོ། །ཡང་བོད་ཀྱི་མཁས་པ་དག་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱིས་ནོན་པ་རྟགས་སུ་བཀོད་ནས། སྔ་མ་ལྟར་བཞི་པོ་འགོག་པ་བསྣན་ཏེ་འགལ་དམིགས་ཀྱི་སྦྱོར་བ་བཅུ་དྲུག་ཏུ་བཞེད་པ་ལ། མཁས་པ་གཞན་གྱིས། མེའི་དངོས་རྒྱུ་མེ་མིན་ལ་དངོས་འབྲས་བསྐྱེད་མ་རག་པའི་སྐད་ཅིག་མ་ཡིན་པས་རྟགས་སུ་ངེས་མི་ནུས་ཞེས་ནན་ཏན་དུ་བཀག་པར་མཛད་པ་དེ་ལྟར་ཡིན་ཡང་། སྤྱིར་མེའི་དངོས་རྒྱུ་ནུས་པ་མཐུ་ཅན་ཡོད་པར། གྲང་རེག་གི་དངོས་རྒྱུ་མེད་པས་གཞན་གསུམ་ཡང་མེད་པར་གྱུར་པས་ན་སྦྱོར་བ་དེ་ལྟ་བུ་ལ་དོན་གྱི་འགལ་བ་མེད་པ་ཙམ་ཡོད་ཀྱང་། སྔ་མ་ལྟར་སྦྱོར་བ་བཅུ་གཉིས་སུ་བཞེད་པ་འཇུག་པ་བདེ་བས། སྐབས་འདིར་དེ་ལྟར་བཟུང་བར་བྱའོ། །ཕན་ཚུན་སྤང་འགལ་ལས་དངོས་འགལ་ལ་འགལ་དམིགས་ཀྱི་རྟགས་དང་བསྒྲུབ་བྱར་གྱུར་པ་མེད་དེ་དོན་གཅིག་ཏུ་འོང་བའི་ཕྱིར་རོ། །སྒྲ་ཆོས་ཅན་མི་རྟག་སྟེ། བྱས་པའམ་རྩོལ་བྱུང་གི་ཕྱིར་ཞེས་པ་ལྟ་བུ། བརྒྱུད་འགལ་གྱི་ཁྱབ་བྱ་བཀོད་པ་ལས། ཁྱབ་བྱེད་ཀྱི་འགལ་ཟླ་འགོག་པ་འདི་ལ་ཚད་མས་གནོད་འགལ་ཞེས་ཀྱང་ཟེར་ཏེ། འགལ་ཟླ་རྣམ་བཅད་ཀྱི་ཆ་ནས་མ་དམིགས་པའི་ཐ་སྙད་ཙམ་རུང་མོད།


MR22_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་རྣམ་བཅད་ལ་ཁེགས་པས་མི་རྟག་པ་ཡོངས་གཅོད་དུ་གྲུབ་པའི་ཆ་ནས་བསམ་ན་མི་དམིགས་པ་རྣམས་རང་བཞིན་གྱི་རྟགས་སུ་འདུ་རུང་ངོ་། །གཞན་ཡང་བློ་འགལ་སོགས་ཀྱང་འདིས་མཚོན་ནས་དེའི་ཁོངས་སུ་འདུ་ལ། དངོས་སུ་རྟགས་སྦྱར་བའི་རྣམ་གྲངས་སུ་མ་མཛད་དེ་དངོས་རྒྱུ་ནུས་པ་ཐོགས་མེད་ལྟར་ཕལ་པས་ངེས་དཀའ་བའི་ཕྱིར་རོ། །རྒྱུ་ཚོགས་གྲངས་ཚང་གི་གཏན་ཚིགས་ཀྱང་རང་བཞིན་དུ་འདུ་བ་སོགས། རྟགས་གསུམ་གྱི་རིགས་ཅན་གྱི་སྦྱོར་བ་གཞན་རྣམས་ཀྱང་འདི་གསུམ་ཁོངས་སུ་བསྡུ་བར་བྱ་སྟེ། གཅིག་དུ་བྲལ་གྱི་གཏན་ཚིགས་དེ་བདེན་པའི་ཁྱབ་བྱེད་མ་དམིགས་པ་ཡིན་པ་ལ་སོགས་པ་བཞིན་ནོ། །དེ་ལྟར་གཏན་ཚིགས་ཡང་དག་གི་སྒོ་ནས་དོན་གང་ཡིན་པ་རང་གི་ཚུལ་བཞིན་རྟོགས་པ་ནི་རང་དོན་རྗེས་དཔག་ཡིན་ལ། དེ་ལ་བརྟེན་ནས་གང་ཟག་གཞན་ལ་ཡང་རིགས་པ་དང་མཐུན་པར་དོན་གང་ཡིན་པ་སྒྲུབ་པ་དང་། དོན་དང་མི་མཐུན་པར་སྨྲ་བ་ལ་སུན་འབྱིན་བརྗོད་པ་ནི་གཞན་དོན་གྱི་རྗེས་དཔག་ཅེས་བྱའོ། །ཕ་རོལ་གྱི་འདོད་པ་སུན་འབྱིན་པའི་ཚེ། རྩོད་པའི་གཞི་ཕྱོགས་ནི། ཚད་མས་གྲུབ་བསལ་མེད་ལ་དཔག་གཞིར་བཟུང་བ་སྟེ། མེ་ཚ་བ་ལྟ་བུ་རྒོལ་བ་གཉིས་ཀའི་ངོར་ཚད་མས་གྲུབ་ཟིན་པ་དང་། མེ་གྲང་བ་ཡིན་པ་


MR22_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཚད་མས་བསལ་ཟིན་པ་ལ་སྒྲུབ་བྱེད་མི་འཇུག་གི། སྒྲ་རྟག་པ་དང་མི་རྟག་པར་འཛིན་པ་ཐ་དད་པའི་དབང་གིས་དཔག་གཞིར་བཟུང་བ་ལྟ་བུ་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་འགོད་པ་ཡིན་ནོ། །དེ་ཡང་སྒྲུབ་པའི་ཚེ་ན་ཚུལ་གསུམ་ཚང་བའི་གཏན་ཚིགས་རང་རྒྱུད་པ་སྦྱོར་དགོས་ཏེ་རྟགས་ཁྱབ་ཚད་མས་གྲུབ་དགོས་ཀྱི། ཁས་བླང་བ་ཙམ་གྱིས་མི་འགྲུབ་པས་སོ། །སུན་འབྱིན་ལ་ནི་རང་རྒྱུད་དང་ཐལ་བའི་ངག་གཉིས་ཀའང་ཡོད་དེ། སྒྲ་རྟག་པར་འདོད་པའི་ཕྱི་རོལ་པ་སུན་འབྱིན་ཕྱིར། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ལྟ་བུ་རང་རྒྱུད་དུ་འགོད་པ་དང་། རྒོལ་བ་དེ་ལ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་རྟགས་ཁས་བླང་གིས་གྲུབ་པ་བཀོད་ནས་མི་འདོད་པར་ཐལ་བ་འཕེན་པའང་རུང་བས་ན་རྟགས་ཁྱབ་ཚད་མའམ་ཁས་བླང་གིས་གྲུབ་ཚུལ་ལས་ཐལ་བ་འཕེན་པའི་རྣམ་དབྱེ་སྣ་ཚོགས་སུ་འགྱུར་རོ། །གང་ཞིག་འབེལ་བའི་གཏམ་རྣམ་པར་ངེས་པས་གཞན་དང་རྩོད་པར་བྱ་བ་ལ། རང་གཞན་གྱི་གཞུང་ལུགས་དག་གིས་བསྟན་བྱའི་ཚིག་དོན་དང་འདྲི་ཞིང་ལན་གདབ་པ་དང་དབྱེ་བསྡུ་སོགས་ཀྱི་གནས་ཚུལ་བཞིན་རྟོགས་པ་སྨྲ་བ་ལ་མཁས་པ་དང་། མི་འཇིགས་པའི་སྤོབས་པ་བརྟན་པས་ཚིག་ཟུར་ཕྱིན་ཅིང་བརྡ་འཕྲོད་ལ། ཚིག་ངན་སོགས་དགོས་མེད་དོར་ཞིང་དགོས་པ་སློང་བར་བརྗོད་པ་སྨྲ་


MR22_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱན་དང་ལྡན་པའི་སྒོ་ནས། སྨྲ་བའི་ཞལ་ལྕེ་པའམ་དཔང་པོ་དོན་དང་དོན་མིན་ཤེས་ཤིང་རྒྱལ་འཕམ་གྱི་རྣམ་བཞག་ཚུལ་བཞིན་འབྱེད་ནུས་པ་རྒྱལ་པོ་དང་བླ་མའམ་ཁྲོམ་འདུས་པ་ལྟ་བུའི་གནས་སུ། སྨྲ་བའི་གཞི་ནི་མངོན་སུམ་དང་རྗེས་དཔག་དང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡང་དག་སྟེ་ཚད་མ་གསུམ་དང་ལྡན་པའི་གཏན་ཚིགས་དཔེ་དང་བཅས་པ་ཡོངས་སུ་རྫོགས་པ་ལེགས་པར་སྦྱར་ཏེ་ཟུར་ཕྱིན་པར་བརྗོད་པས། དམ་བཅའ་བའི་དོན་ཡོངས་སུ་གྲུབ་པའི་སྨྲ་བ་དེའི་རྨེད་ཕྱོགས་སུ་ཁྱེར་ནས་གྲགས་པར་འགྱུར་བ་ཡིན་ལ། འོན་ཀྱང་དོན་གྱི་གནས་བཅུ་གཉིས་མཐོང་བའི་བྱང་ཆུབ་སེམས་དཔའ་དགེ་ཕྱོགས་ལ་བརྩོན་པས་གཞན་དང་བརྩད་པར་མི་བྱ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ནི། དམ་པའི་ཆོས་ཀྱི་དོན་ཟབ་མོ་ཤེས་པ་དང་། ཤེས་འདོད་ཀྱི་བསམ་པས་སྨྲ་བ་དང་། དོན་ཇི་བཞིན་འབྱེད་ནུས་པའི་ཚོགས་པ་མཁས་པ་རྣམས་དཀོན་ལ། ཕྱོགས་ངན་པར་ཞེན་པའི་ཉེས་པས་ཡིད་འཁྲུག་ཅིང་ཁྱད་གསོད་གཡོ་སྒྱུ་ཚིག་ངན་སོགས་ཀྱི་ཉེས་པ་སྤང་བ་དང་། འཁྲུག་པ་མེད་པ་དང་། གཞན་སེམས་སྲུང་བ་དང་། ཏིང་ངེ་འཛིན་སྲུང་བ་དང་། རྒྱལ་ཕམ་གྱི་སེམས་དེ་དག་མེད་པས་སྨྲ་བ་དཀོན་པ་དང་། རྒྱལ་ཕམ་བྱུང་ན་ཀུན་ཉོན་མེད་པ་དང་། ཀུན་ཉོན་བྱུང་ན་བདེ་བ་ལ་རེག་པར་མི་གནས་པས་


MR22_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཆོས་བསྒོམ་པ་དང་། དགེ་ཆོས་མི་སྒོམ་པས་སེམས་མཉམ་པར་འཇོག་པ་དང་། མཉམ་པར་བཞག་ཀྱང་རྣམ་པར་གྲོལ་བ་དཀོན་པའོ། །ཞེས་གསུངས་པ་ལྟར་རྩོད་པ་ཕལ་ཆེ་བ་ཆགས་སྡང་གི་ཉེས་པ་ཙམ་ལས་དོན་ཇི་བཞིན་འབྱེད་པ་ཉུང་ལ། སྐྱོན་དེ་དག་མེད་པར་རྒྱལ་བའི་གསུང་རབ་ཀྱི་དོན་ལ་རིགས་པ་རྣམ་དག་གི་སྒོ་ནས་ཚུལ་བཞིན་དཔྱད་པའི་འབེལ་གཏམ་དང་རྩོད་པ་བྱས་ན་ཆོས་མིན་འགོག་ཅིང་ཆོས་ཀྱི་ཚུལ་འཕེལ་བར་འགྱུར་རོ། །གོང་དུ་བསྟན་པའི་རིགས་པ་བཞི་ལས་ཕྱི་མ་འཐད་པ་སྒྲུབ་པའི་རིགས་པ་འདི་ལ། རྟེན་གྱི་སྒོ་ནས་མངོན་རྗེས་གཉིས་དང་། བསྒྲུབ་བྱའི་སྒོ་ནས་སྣང་བ་ཀུན་རྫོབ་དཔྱོད་བྱེད་དང་། སྟོང་པ་དོན་དམ་དཔྱོད་བྱེད་གཉིས་སམ། བདེན་གཉིས་དབྱེར་མེད་མཐར་ཐུག་དཔྱོད་པའི་ཚད་མ་དང་གསུམ་དུ་ཡང་དབྱེ་རུང་ལ། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན་ཡིན་ཡོད་དུ་སྒྲུབ་པ་དང་། མེད་མ་ཡིན་དུ་དགག་པ་སྟེ་དགག་སྒྲུབ་ཀྱི་ཡན་ལག་བཞིའམ། གནས་སྐབས་སུ་དགག་སྒྲུབ་གཉིས་དང་། མཐར་ཐུག་དགག་སྒྲུབ་ལས་འདས་པའི་སྤྲོས་བྲལ་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་མཐར་ཕྱིན་པའོ། །དེ་ལྟར་བདེན་པ་གཉིས་ཀྱི་གནས་ཚུལ་ལ་ཚད་མ་གཉིས་སམ་རིགས་པ་བཞིས་ཚུལ་བཞིན་དཔྱད་པ་ལ་བརྟེན་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་དང་བྲལ་བ་ངེས་པའི་ཤེས་པ་ཡང་དག་པ་སྐྱེས་པའི་ཚེ་ན་རྟོན་པ་


MR22_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི་ཤུགས་ཀྱིས་འབྱུང་སྟེ། གང་ཟག་ནི་ཅི་ལྟ་བུ་ཡང་རུང་དེ་ཉིད་ཀྱིས་འདག་གྲོལ་དུ་མི་བྱེད་ཀྱི། དེས་གང་བསྟན་པའི་ཆོས་དེ་ལེགས་པར་དོན་དང་ལྡན་ན་གཟུང་རུང་གི་མི་ལྡན་ན་མི་རུང་བའི་ཕྱིར། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པར་བྱའོ། །ཆོས་དེ་ལ་ཡང་རྗོད་བྱེད་ཀྱི་ཚིག་ནི་མཛུབ་མོས་ཟླ་བ་བསྟན་པ་ལྟར། དོན་གོ་བྱེད་གྱི་སླད་དུ་སྦྱར་བ་ཙམ་སྟེ། བརྗོད་འདོད་ཀྱི་རྣམ་པར་བཞག་པའི་ཚིག་ལས་སྐབས་ཀྱི་དོན་གོ་ན། ཚིག་གི་དགོས་པ་དེ་ཙམ་དུ་ཟད་པས། སླར་ཡང་ཚིག་ཙམ་ལ་འཆེལ་བར་མི་བྱ་སྟེ། ཚིག་གི་སྤྲོས་པ་ལྷུར་བླང་ན་མཐའ་མེད་པར་འཕེལ་ཞིང་དོན་བདེ་བླག་ཏུ་རྟོགས་པ་བུལ་བར་བྱེད་པའི་ཕྱིར་ཚིག་ལ་མི་རྟོན་དོན་ལ་རྟོན་པར་བྱའོ། །གསུང་རབ་ཀྱིས་བསྟན་བྱའི་དོན་ལ་ཡང་དགོས་པའི་དབང་གིས་བསྟན་པ་གནས་སྐབས་དྲང་བའི་དོན་དང་། དྲང་བ་ཙམ་གྱི་དོན་ཅན་མིན་པ་ངེས་པའི་དོན་གཉིས་སུ་ཡོད་པས། གདུལ་བྱའི་ཁམས་དབང་བསམ་པ་མཁྱེན་ནས་གདུལ་བྱ་འདུལ་བའི་ཐབས་སུ་གསུངས་པའི་ཆོས་ཀྱི་སྒོ་གོང་འོག་གི་རིམ་པ་དུ་མ་ཡོད་པ་རྣམས་ཀྱི་བསྟན་དོན་རིགས་པས་ལེགས་པར་གཏན་ལ་ཕབ་སྟེ་བཟུང་དགོས་སོ། །དེ་ཡང་དཔེར་ན་དགོས་པའི་དབང་གིས་དགོངས་གཞི་གཞན་ལ་དགོངས་པ། མཉམ་པ་ཉིད་ལ་དགོངས་ནས་སྟོན་པ་ཉིད་ཀྱིས་ང་དེའི་ཚེ་


MR22_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་དང་། དོན་གཞན་ལ་དགོངས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་དང་གཟུགས་མེད་ཚོར་བ་མེད་ཅེས་སོགས་གསུངས་པ་ཐ་སྙད་ཙམ་དུ་ནི་མ་ཡིན་གྱི་དོན་དམ་པར་དགོངས་པའོ། །དུས་གཞན་ལ་དགོངས་པ་སངས་རྒྱས་གང་གི་མཚན་བཟུང་བ་ཙམ་གྱིས་དེའི་ཞིང་དུ་སྐྱེ་བར་གསུངས་པ་ཚེ་འདི་བརྗེས་མ་ཐག་ཏུ་སྐྱེ་བའི་ངེས་པ་མེད་ཀྱང་དུས་ནམ་ཞིག་སྐྱེ་ངེས་པ་ལ་དགོངས་པའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པའི་བསམ་པ་ཅན་ལ། སྦྱིན་པ་ལ་དམན་པར་བརྗོད་ཅིང་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །དེ་ཡང་དོན་གྱིས་སྦྱིན་པ་ལས་ཚུལ་ཁྲིམས་འཕགས་པ་ཉིད་ཀྱང་ཡིན་ནོ། །དགོས་པ་ནི་རང་རང་གི་དོན་ཅན་ནོ། །ཡང་ལྡེམ་པོར་དགོངས་པ་ཞེས་ཕལ་ཆེར་སྒྲ་ཇི་བཞིན་དུ་གཟུང་བྱ་མིན་པར་རྣམ་པ་གཞན་དུ་འཁྱོགས་པོར་བསྒྱུར་པའི་ཚུལ་ཅན་བཞི་ནི། གཞུག་པ་ལྡེམ་པོར་དགོངས་པ་ཉན་ཐོས་པ་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར། གང་ཟག་གི་བདག་མེད་ཀྱི་གཟུགས་སོགས་ཀྱི་ཆོས་ཡོད་པར་གསུངས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཙམ་ལ་དགོངས་པའོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི་མཚན་ཉིད་གསུམ་ལ་དགོངས་ནས་སམ། དོན་དམ་པ་ལ་དགོངས་ནས་ངོ་བོ་ཉིད་མེད་པ་དང་གདོད་ནས་མྱ་ངན་ལས་འདས་པ་སོགས་སུ་གསུངས་པ་ལྟ་བུའོ། །གཉེན་པོ་ལྡེམ་


MR22_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དགོངས་པ་ནི་གདུལ་བྱ་གང་གི་རྒྱུད་ཀྱི་སྤང་བྱ་བསལ་པའི་ཕྱིར་བརྗོད་པ་སྟེ། སངས་རྒྱས་ལ་མཆོག་དམན་དུ་བཟུང་ནས་བརྙས་པ་སྤང་ཕྱིར་གོང་དུ་བཤད་པ་ང་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུ་དང་། ཆོས་ལ་རྙེད་སླའོ་སྙམ་དུ་བརྙས་པའི་གཉེན་པོར་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་ཆེན་གྱི་ཆོས་ལ་སེམས་པ་སྐྱེའོ་ཞེས་རྟོགས་པ་ཐོབ་པ་ལ་དགོངས་ནས་གསུངས་པའོ། །བདག་གིས་ལམ་ལ་སློབ་མི་ནུས་སྙམ་པའི་ལེ་ལོ་ཅན་གྱི་ཆེད་དུ་བདེ་བ་ཅན་དུ་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་པ་ལྟ་བུ་གོང་ལྟར་དུས་གཞན་ལ་དགོངས་པ་དང་། དགེ་བའི་རྩ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་དེ་སྨད་ནས་དགེ་རྩ་གཞན་བསྟོད་པ་གང་ཟག་གི་བསམ་པ་ལ་དགོངས་པ་གོང་ལྟར་ཏེ་དེ་བཞི་དགོངས་པའི་སྒོ་ནས་བརྗོད་པའོ། །གཞན་ལ་དགོངས་པ་མིན་ཡང་གང་ཟག་དེའི་བསམ་པ་ཁོ་ན་ལ་ལྟོས་ནས་སམ་དགོངས་ནས། རིགས་གཟུགས་འབྱོར་པ་སོགས་ཀྱི་ང་རྒྱལ་ཅན་ལ་ཞིང་གཞན་དང་གང་ཟག་གཞན་གྱི་བསྔགས་པ་བརྗོད་པས་རང་ལ་དམན་པར་འདུ་ཤེས་པར་མཛད་པ་དང་། ཟག་བཅས་ཀྱི་ཡུལ་ལ་འདོད་ཆགས་པའི་གཉེན་པོར་འཇིག་རྟེན་ལས་འདས་པའི་འབྱོར་པ་ཁྱད་པར་དུ་བསྔགས་པ་དང་། ཡུལ་དམ་པ་ལ་གནོད་པ་སོགས་སྡིག་པའི་ལས་བྱས་པས་


MR22_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་ནས་སེམས་ཧ་ཅང་གདུང་བ་ལ་སངས་རྒྱས་བྱང་སེམས་ལ་གནོད་པ་བྱས་ན་བདེ་བར་འབྲེལ་ཞེས་གསུངས་པ། བཤགས་པའམ་ཉེས་པ་ཟད་ནས་ནམ་ཞིག་བདེ་བ་བྱེད་པ་ལ་དགོངས་པ་དང་། བྱང་སེམས་མ་ངེས་པ་ཐེག་ཆེན་ལས་ལྡོག་འདོད་ཅན་ལ་ཐེག་པ་གཅིག་ལས་མེད་ཅེས་གསུངས་པ་གནས་སྐབས་ཐེག་གསུམ་གྱི་འབྲས་བུ་སོ་སོར་ཐོབ་པ་མེད་པ་མ་ཡིན་ཀྱང་མཐར་ཐུག་ལ་དགོངས་པ་སྟེ། དེ་ལྟར་ཐེག་པ་མཆོག་གི་ཆོས་བསྟན་པས་བར་ཆད་ཀྱི་ཉེས་པ་དེ་ཐམས་ཅད་སྤོང་བར་འགྱུར་རོ། །གང་ཞིག་ཚིག་བློ་ལ་འཛིན་པའམ་དེའི་དོན་ཡིད་ལ་བྱེད་པར་རབ་ཏུ་སྦྱོར་བའི་སྒོ་ནས་ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལས་གསུངས་པ་ལྟ་བུ། གཉེན་པོ་བརྒྱད་སྟོན་པའི་ཚིགས་བཅད་གཉིས་པོ་དེ་ཙམ་ཞིག་བཟུང་ན། སེམས་ཅན་བློ་གྲོས་དང་ལྡན་པ་མཆོག་དེས་ཡོན་ཏན་རྣམ་པ་བཅུ་ཐོབ་པར་འགྱུར་ཏེ། གང་ཞེ་ན། རིགས་ཀྱི་ཁམས་རྫོགས་པར་བརྟས་པ་དང་། འཆི་བའི་ཚེ་རབ་ཏུ་དགའ་བའི་མཆོག་ཐོབ་པ་གཉིས་མཐོང་ཆོས་ལ་འབྱུང་བའི་ཡོན་ཏན་དང་། མ་མཐོང་བ་ཕྱི་མར་འབྱུང་བ་བརྒྱད་ནི། ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བའི་ལུས་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཀུན་ཏུ་ཚེ་རབས་དྲན་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་རྣམས་དང་འཕྲད་པ་སྟེ་ལམ་གྱི་རྟེན་གསུམ་དང་། ལམ་ནི་སངས་རྒྱས་དེ་ལས་ཐེག་


MR22_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོག་གི་ཆོས་ཐོས་པ་དང་། ཐེག་པ་དེ་ལ་མོས་པ་གང་ཞིག་དོན་རྣམ་པར་ངེས་པའི་བློ་གྲོས་དང་བཅས་པ་འབྱུང་བ་དང་། དག་པའི་སར་ཏིང་ངེ་འཛིན་གྱི་སྒོ་ཚད་མེད་པ་ཐོབ་པ་དང་། གཟུངས་ཀྱི་སྒོ་ཚད་མེད་པ་ཐོབ་པ་དང་། མཐར་ཐུག་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པའོ། །དེ་ལྟར་དམ་པའི་ཆོས་ཀྱི་ཚིགས་བཅད་གཉིས་བཟུང་བའི་ཡོན་ཏན་ཀྱང་འདི་ལྟར་རྒྱ་ཆེན་གཞན་དུ་ལྟ་ཅི་སྨྲོས་ཏེ་ཆོས་མཐའ་དག་འཛིན་པ་དང་དེའི་དགོངས་པ་ལེགས་པར་ཕྱེ་བ་ལ་མཁས་པའི་ཡེ་ཤེས་བསྐྱེད་པར་བྱའོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། མུ་སྟེགས་སོགས་ཁ་ཅིག་གིས་སངས་རྒྱས་ཀྱི་གསུང་རབ་རྟོགས་པར་སླའོ་ཞེས་དམན་པར་འཛིན་པ་སོགས་ལྡོག་པའི་ཆེད་དུ་བརྡ་གཞན་དུ་བསྒྱུར་ནས་ལྡེམ་དགོངས་ཀྱིས་བསྟན་པ་ཇི་སྐད་བཤད་པ་ལས་དོན་གཞན་དུ་ཤེས་པར་བྱ་བ་དཔེར་ན། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཉོན་མོངས་པས་ནི་རབ་ཉོན་མོངས། །ཕྱིན་ཅི་ལོག་ལ་ལེགས་གནས་ན། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ཅི་ལ་དགོངས་པའི་དོན་བཤད་ན། སར་ཞེས་པ་སྙིང་པོ་དང་རྣམ་གཡེང་གཉིས་ཀ་ལ་འཇུག་པས་སེམས་ཀྱི་བསླབ་པ་རྣམ་གཡེང་མེད་པ་ལ་ནན་ཏན་སྙིང་པོར་ཤེས་ནས་འབད་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་བགྱི་བར་དཀའ་བའི་ཉོན་མོངས་ཅན་དེས་


MR22_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པར་བྱས་པ་དང་། གཙང་བདེ་རྟག་བདག་ཏུ་འཛིན་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཤེས་རབ་ཀྱི་བསླབ་པ་ལ་ལེགས་པར་གནས་ན་རྒྱུ་དེས་བྱང་ཆུབ་དམ་པ་འཐོབ་པར་འགྱུར་ཞེས་ལྡེམ་པོར་དགོངས་པ་ཡིན་པ་དེ་བཞིན། ཕ་དང་མ་ནི་གསད་བྱ་ཞིང་ཞེས་པ་སྲེད་པ་དང་མ་རིག་པ་སྤོང་བ་ལ་དགོངས་པ་སོགས་དེ་འདྲ་བའི་རིགས་ཅན་ཐམས་ཅད་བསྒྱུར་བ་ལྡེམ་དགོངས་ཞེས་བྱའོ། །དེ་ལྟར་དགོངས་ལྡེམ་དགོངས་ཀྱི་ཚུལ་བསྟན་པ་འདིས་མཚོན་ནས་གསུང་རབ་གང་གི་བསྟན་དོན་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཡོད་པ་ནི་དྲང་དོན་དང་། དེ་ལས་བཟློག་པ་མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་རྣམས་ངེས་དོན་དུ་ཤེས་པར་བྱ་ཞིང་། གཞན་ཡང་གདུལ་བྱ་འདུལ་བའི་དགོས་པའི་དབང་ཁོ་ནས་གསུངས་པ། སྟོན་པ་ཉིད་ཀྱིས་ང་རྒྱབ་ནའོ་ཞེས་གསུངས་པ་ལྟ་བུ་ལ་སོགས་པ་ལས་ཀྱི་རྒྱུད་བཅུ་བསྟན་པ་དང་འདྲ་བ་རྣམས་ནི་སྒྲ་ཇི་བཞིན་དུ་མ་ཡིན་ཏེ། སངས་རྒྱས་ལ་ལས་དང་སྡུག་བསྔལ་གྱི་ཉེས་པ་རྩད་ནས་མི་མངའ་མོད་གདུལ་བྱ་འདུལ་བའི་དབང་གིས་ཚུལ་བསྟན་པའི་དགོས་པ་ཅན་དུ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུངས་པ་ལྟར་ཤེས་པར་བྱ་ཞིང་གཞན་ཡང་ཐེག་པ་གོང་འོག་གི་བསྟན་དོན་རྣམས་ཀྱི་ཁྱད་པར་ཤེས་ནས་མཐར་ཐུག་གི་དོན་ལ་འཇུག་པར་བྱའོ། །དོན་དེ་ལྟ་བུའི་ཕྱིར་ན་དྲང་


MR22_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་མི་རྟོན་ངེས་དོན་ལ་རྟོན་པར་བྱའོ། །ངེས་པའི་དོན་དེ་ལའང་དོན་གྱི་སྤྱི་ཙམ་འཛིན་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་གྱུར་པ་དང་། རང་མཚན་བརྗོད་དུ་མེད་པ་སོ་སོ་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་གཉིས་ཡོད་པ་ལས། དགག་པ་དང་སྒྲུབ་པ་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་མི་དམིགས་པ་ལ་གནས་པ་དེ་སྲིད་དུ་རྣམ་ཤེས་ཀྱི་ཡུལ་ལས་མ་འདས་ལ། དགག་སྒྲུབ་བསལ་བཞག་མེད་པར་ཆོས་ཉིད་བཞིན་དུ་གཟུང་འཛིན་གྱི་སྤྲོས་པ་ཉེ་བར་ཞི་བའི་དོན་མངོན་པར་གསལ་བའི་དུས་ན་ཡེ་ཤེས་ཀྱི་སྣང་བ་དམ་པ་ཐོབ་སྟེ་ཆོས་ཀྱི་གཏིང་སླེབ་པ་ཡིན་པས། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པར་བྱའོ། །ཇི་སྐད་བཤད་པ་ལྟར་རྟོན་པ་བཞི་དང་ལྡན་ན་འོ་མ་ལས་མར་དང་། མར་ལས་མར་གྱི་ཉིང་ཁུ་ལེན་པ་ལྟར། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དགོངས་པ་མཐར་ཐུག་པ་ཁོང་དུ་ཆུད་ནས་རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་བས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་འགྱུར་ཏེ། གང་ཞེ་ན། རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པས་དྲན་པའི་གཏེར་དང་། བློས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་


MR22_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་སྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་གཏེར་ཆེན་པོ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ། །ཞེས་གསུང་པ་ལྟར་གཏེར་བརྒྱད་དང་ལྡན་པའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་སྐྱེས་བུ་དེས་སངས་རྒྱས་ཀྱི་ཆོས་འཛིན་ཞིང་སེམས་ཅན་རྣམས་ལ་བླང་དོར་སྣང་བར་བྱེད་ལ་མཐར་གྱིས་བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པར་འགྱུར་བ་ཡིན་ཏེ། རྒྱས་པར་དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི་ལས་རྟོགས་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞིའི་སྐབས་སོ། །དེ་ལྟར་མཁས་བྱའི་གནས་བཅུ་དང་། སྡོམ་བཞི་དང་། སོ་སོ་ཡང་དག་རིག་པ་བཞི་ལེགས་པར་གཏན་ལ་ཕབ་སྟེ་བཤད་པ་འདིས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་ཡིན་ལ། འདི་ནི་རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་འགྲེལ་དྲི་མ་མེད་པ་སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་ཡིན་པས་གུས་ཤིང་ནན་ཏན་གྱི་བརྩོན་པས་བཟུང་བར་བྱས་ན་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་མི་ཟད་པར་འཐོབ་པར་འགྱུར་རོ། །ཅིའི་ཕྱིར་བསྟན་བཅོས་འདི་


MR22_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་ན། ཐོས་བསམ་སྒོམ་པ་ལས་བྱུང་བའི་ཡང་དག་པའི་ཆོས་ཀྱི་སྣང་བ་ཐོབ་པས་མཁས་ཤིང་། ཆོས་བཞིན་བྱེད་པ་བསླབ་པ་གསུམ་གྱི་ཡོན་ཏན་དང་ལྡན་པས་བཙུན་པ་དང་། བསྟན་འགྲོར་ཕན་པ་བཟང་པོའི་ཕྲིན་ལས་དང་ལྡན་པ། མཁས་པ་རྣམས་ཀྱི་ཚུལ་ནི་མདོར་བསྡུ་ན། བཤད་སྒྲུབ་ལས་གསུམ་གྱི་བདག་ཉིད་ཅན་གྱི་འཁོར་ལོ་གསུམ་དང་ལྡན་པ་ཡིན་ལ། ཚུལ་དེ་ལྟ་བུ་ལ་ཐོག་མར་འཇུག་པའི་སྒོ་མ་ནོར་བ་ནི་གཞུང་འདི་ཉིད་ལ་ཐོས་བསམ་བྱེད་པ་ཡིན་པས་དེ་སྐད་ཅེས་བྱ་སྟེ། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཟབ་ཅིང་རྒྱ་ཆེ་བའི་དོན་གྱི་གནད་མཐའ་དག་ཚིག་ཉུང་ངུས་བདེ་བླག་ཏུ་གསལ་པོར་སྟོན་བྱེད་ཀྱི་གཞུང་ཁྱད་པར་ཅན་དུ་བློ་གྲོས་ཀྱིས་རྟོགས་ནས་སྦྱར་བ་ཤེས་བྱ་མཐའ་དག་གི་མཛོད་ཐེག་པ་ཆེན་པོའི་ཆོས་མངོན་པའི་གཏེར་དུ་གྱུར་པ། འདི་ཉིད་ལེགས་པར་རྟོགས་ན། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པས་རྒྱལ་བའི་བསྟན་པ་གསལ་བར་བྱེད་ཅིང་། དེ་ལ་བརྟེན་ནས་འགྲོ་བ་ཐམས་ཅད་ཀྱི་ཕན་བདེའི་དོན་རྒྱ་ཆེན་པོ་འགྲུབ་པའི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པའི་དཔལ་ལ་དབང་འབྱོར་པར་འགྱུར་རོ། །སོ་སོ་ཡང་དག་རིག་པ་བཞི་ཡི་མཛོད། །ཚུལ་འདིར་བརྟེན་ན་འབད་པ་ཆུང་ངུས་ཀྱང་། །ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་


MR22_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལ། །མུ་མཐའ་མེད་པར་རོལ་ཅིང་དགའ་བར་འགྱུར། །རྙེད་བཀུར་གྲགས་འདོད་སོགས་ཀྱིས་མ་བསླད་པར། །བསྟན་ལ་དད་ཕྱིར་གཞན་ལ་ཕན་པའི་ཕྱིར། །དམ་ཆོས་བཟུང་ཕྱིར་ལྷ་མཆོག་མཉེས་པའི་ཕྱིར། །ལེགས་པར་སྦྱར་འདིས་བསྟན་འགྲོར་ཕན་གྱུར་ཅིག །འདི་འཛིན་རྣམས་ཀྱི་ཡིད་ལ་འཇམ་པའི་དབྱངས། །ཞུགས་ནས་གཟུང་སྤོབས་བློ་གྲོས་མཆོག་ཐོབ་ཅིང་། །འདི་ཡི་དགེ་བས་མ་ལུས་འགྲོ་བ་ཀུན། །མཁྱེན་རབ་བདག་པོའི་གོ་འཕང་འགྲུབ་གྱུར་ཅིག །བདག་ཀྱང་བླ་མེད་བྱང་ཆུབ་ཐོབ་ཀྱི་བར། །ཚེ་རབས་ཀུན་ཏུ་ཟབ་ཅིང་རྒྱ་ཆེ་བའི། །བློ་གྲོས་མཆོག་ལྡན་རྒྱལ་བས་རྗེས་སུ་བཟུང་། །ཐེག་ཆེན་དམ་ཆོས་མཐའ་དག་འཛིན་གྱུར་ཅིག །བདག་དང་ཆོས་འདིར་འབྲེལ་བ་ཐོབ་པ་རྣམས། །སྐྱེ་ཀུན་ལུས་སེམས་རྡོ་རྗེ་ལྟ་བུ་ཐོབ། །བདུད་དང་བར་ཆད་ཀུན་ལས་རྣམ་རྒྱལ་ཏེ། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་བདེ་ལེགས་ཤོག ། །།ཅེས་པའི་གཞུང་འདི་ཉིད་སྔ་མོ་ནས་བྲི་འདུན་ཡོད་པས་རྩོམ་གཞིའི་ས་ཁོངས་ཙམ་བགྱིས་ནས། ལོ་སྐོར་གཅིག་ལྷག་བཅས་གྱི་བར་དུ་འགྱངས་ལ། ཕྱིས་སུ་ནད་སོགས་གཞན་དབང་གིས་ལུས་པར་དོགས་པ་ཡིད་ལ་བཅགས་པའི་ཚིག་སྨྲས་པ་ཐོས་ནས། རང་དང་ལྷན་ཅིག་གནས་པ་ཤེས་རབ་འོད་གསལ་གྱིས་བསམ་པ་བཟང་པོས་ནན་ཏན་བསྐུལ་བ་ལ་སྙིང་བརྩེ་བས། ནད་ཀྱིས་མནར་བ་བཟོད་པར་དཀའ་ཡང་བརྩོན་པ་བསྐྱེད་དེ་སྒ་སྟོད་བཀྲ་ཤིས་


MR22_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གླིང་དུ་ལྕགས་གླང་ནག་པ་ཟླ་བར་མཁས་བྱའི་གནས་བཅུ་ཚང་བར་གྲུབ་ཅིང་། སླར་ཡང་རུ་དམ་དུ་སླེབས་ནས་མཁྱེན་རབ་དང་ལྡན་པ་དགུ་རོང་སྤྲུལ་པའི་སྐུས་སྤར་དུ་སྒྲུབ་བཞེད་ཀྱིས་སྔ་མའི་འཕྲོས་རྩོམ་པར་བསྐུལ་བ་སོགས་ཀྱི་རྐྱེན་ལས། བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་རུ་དམ་རྫོགས་ཆེན་པ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བླ་བྲང་རྩེར། ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ཆེ་སྡུད་པ་རྫོགས་ཆེན་མཆོག་སྤྲུལ་ལྔ་པ་རིན་པོ་ཆེའི་བཞུགས་གནས་ཀྱི་ཁང་བཟང་བཀྲ་ཤིས་ཉིན་མོར་བྱེད་པའི་བསྟི་གནས་སུ། མཁས་གྲུབ་རྒྱལ་པོ་བླ་མ་མཆོག་གིས་དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བར་མིང་དུ་གནང་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་གྲགས་པས། རབ་དཀར་བཀྲ་ཤིས་བརྒྱད་ཀྱི་སྨེ་བས་མཛེས་པ་དགེ་བྱེད་ཆུ་སྟག་གསར་ཚེས་རྒྱུ་སྐར་བདག་པོ་ཉི་མའི་ལྷ་ལྡན་གྱིས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ། རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་བཟང་པོ་དང་ལྡན་ཞིང་། ཡུལ་དུས་ཀྱི་དགེ་མཚན་དུ་མ་གསར་དུ་ངོམས་པ་ལ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། ༈ ཤྲཱི་སྭ་སྟི་ཛ་ཡནྟུ། གང་ཞིག་ཕུན་ཚོགས་མཐའ་དག་འབྱུང་བའི་གཞི། །ནོར་བུ་རིན་ཆེན་རྒྱ་མཚོ་ཆེ་ལས་བཞིན། །ཐུབ་བསྟན་དྲི་མ་མེད་པ་ཁོ་ན་སྟེ། །དེ་ཕྱིར་དེ་ཡི་དགོངས་པ་ཚོལ་བ་ནི། ༡ །ཤེས་ལྡན་རྣམས་ཀྱི་བྱ་བའི་སྙིང་པོའི་ཕུལ། །དེ་ལས་གཞན་དུ་བསྐལ་བརྒྱར་བཙལ་སྒྲུབ་ཀྱང་། །དོན་འགངས་ཆེ་བ་གཞན་ན་རྙེད་མིན་པ། །ཐུབ་པའི་རྗེས་སུ་སློབ་རྣམས་ཅིས་མི་ཤེས། ༢ །དེས་ན་


MR22_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་མདོ་སྔགས་ཡན་ལག་བཅས། །ལུང་གི་དགོངས་དོན་རིགས་པས་གསལ་པོ་རུ། །ཕྱེ་ལ་འཇིགས་པ་མེད་པའི་བློ་ཡི་མིག །འཇམ་དཔལ་རྣོན་པོས་ལན་བརྒྱར་བྱིན་པ་བཞིན། ༣ །རང་གཞན་སྨྲ་དབང་སུས་ཀྱང་གང་བློའི་རྩལ། །མི་ཕམ་འཇམ་དཔལ་དགྱེ༷ས་པའི་སེངྒེའི་དབྱངས། །ལུང་རིགས་གད་མོ་སྟོང་གི་འགྱུར་ཁུགས་སུ། །མཁས་པར་བྱ་བའི་གནས་བཅུའི་ཚིག་དོན་བརྗིད། ༤ །གཞན་ཡང་ཆོས་ཀྱི་སྡོམ་བཞིའི་ངེས་པ་དང་། །སོ་སོ་ཡང་དག་རིག་བཞི་རིགས་ལམ་ནས། །རྟོགས་བྱའི་སྙིང་པོར་གཏན་ལ་ཕབ་པ་སྟེ། །དེ་དག་མཁས་པ་འཇུག་པའི་སྒོ་ཆེན་ཉིད། ༥ །དེ་ལྟར་དབྱར་གྱི་རྔ་ཆེན་ལྡིར་བ་ལས། །སྒྲ་སྙན་སྒྲོགས་པ་མཛོད་ཆེན་སྡོམ་བྱང་བཅས། །འཇམ་མགོན་བླ་མའི་སློབ་རྒྱུད་མིང་འཛིན་ཞིང་། །མདོ་སྨད་ཨ་བསྲེའི་ཡུལ་གྱི་སར་གནས་པ། ༦ །རྒྱ་རང་གཏེར་སྲས་སྤུན་གཉིས་ལྷག་བསམ་གྱིས། །ཆོས་སྦྱིན་མཛད་མེད་སྤར་གྱི་སྤྲིན་ཆེན་པོ། །དད་པས་ཐལ་མོ་སྤྱི་བོར་སྦྱར་ནས་བསྒྲུབས། །དགེ་བའི་འཇམ་མགོན་དཔལ་ལྡན་བླ་མ་ཡི། ༧ །སྐུ་གསུང་ཐུགས་


MR22_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་ཉམས་པ་བསྐང་། །ཚེ་འདིའི་དྲིན་སྐྱོངས་མ་རྒན་བདེ་ལོ་སོགས། །རྫོགས་སངས་རྒྱས་ཞིང་འཆད་རྩོད་རྩོམ་གསུམ་གྱིས། །རྒྱལ་བསྟན་མི་ཉམས་ཡུན་དུ་སྲུང་གྱུར་ཅིག ༨ །བསྟན་བཅོས་ཉི་མ་འབྱུང་བའི་རྣམ་དཔྱོད་མཁའ། །ཕ་མཐའ་ཡས་པ་མཁས་གྲུབ་བླ་མ་མཆོག །བདུད་རིས་ཕྱི་ནང་འཚེ་བས་མི་ཕམ་པར། ཆོས་སྙན་སྒྲོག་བཞིན་བསྐལ་བརྒྱར་གཞེས་གྱུར་ཅིག ༩ །ཟབ་རྒྱས་གནད་ལ་བློ་གྲོས་མིག་སྦྱིན་པའི། །བསྟན་བཅོས་ཡིད་བཞིན་ནོར་བུའི་སྒྲོན་མེ་ཡང་། །ཐོས་བསམ་སྒོམ་པའི་སྟོབས་ཀྱིས་འཛིན་པ་ཡིས། །རྒྱ་མཚོའི་གོས་ཅན་ཁྱབ་པའི་བཀྲ་ཤིས་ཤོག ༡༠ །ཅེས་པའི་སྤར་བྱང་སྨོན་ཚིག་འདིའང་རྣམ་དཀར་གྱི་བྱ་བ་འདུ་བྱེད་པོ་ཐུབ་བསྟན་འཇམ་དབྱངས་བློ་གྲོས་ཞེས་པའི་བགྱིས་པ་དགེ། །སརྦ་མངྒ་ལཾ།། །།


no previousམཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས།next