དཔལ་ལྡན་བླ་མ་ལ་མཆོད་ཅིང་གསོལ་བ་འདེབས་པ་དོན་གཉིས་རིན་ཆེན་འདྲེན་པའི་གྲུ་བོ།


MR27_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ལ་མཆོད་ཅིང་གསོལ་བ་འདེབས་པ་དོན་གཉིས་རིན་ཆེན་འདྲེན་པའི་གྲུ་བོ་ཞེས་བྱ་བ།


MR27_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཆེན་པོས་དུས་གསུམ་སྒྲིབ་མེད་གཟིགས། །བརྩེ་བ་ཆེན་པོ་མཁའ་དང་སྙོམས་པར་བརྡལ། །ཐུགས་རྗེ་ཆེན་པོས་འགྲོ་ཀུན་ཡོངས་འདྲེན་པ། །བདག་གི་བླ་མ་དེ་ལ་ཕྱག་འཚལ་ལོ། །འདི་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྐྱབས་འགྲོ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩབ་སྟེ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། བདག་གིས་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་སུ། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཡན་ལག་བདུན་པ། རྡོ་རྗེ་དཔོན་སོགས་བྱའོ། །དེ་ནས་དངོས་གཞི་ལ། བདག་ལུས་ཐ་མལ་དུ་གནས་པའམ། ཡང་ན། རྡོ་རྗེ་


MR27_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མར་གསལ་བའི་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ཉ་གང་བའི་གདན་ལ་རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་དང་། ཡི་དམ་ལྷག་པའི་ལྷ་དང་། རྗེ་བཙུན་རྩ་བའི་བླ་མ་གསུམ་ངོ་བོ་དབྱེར་མེད་པའི་རང་བཞིན་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། འཕགས་མཆོག་མཁྱེན་པའི་ངོ་བོ་བདག་གི་དྲིན་ཆེན་རྩ་བའི་བླ་མ་དཔལ་མཚོ་བྱུང་དགྱེས་པའི་བཤེས་གཉེན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གཡས་མཆོག་སྦྱིན་གྱིས་པདྨ་དཀར་པོའི་སྡོང་བུ་བཟུང་བའི་འདབ་མ་རྒྱས་པའི་སྟེང་ན་ཡེ་ཤེས་ཀྱི་རལ་


MR27_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་དང་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་ཐད་དུ་བྱེ་བའི་གེ་སར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ། མཚན་དཔེའི་མཛེས་སྡུག་བལྟ་བས་ཆོག་མི་ཤེས་ཤིང་། གཞོན་ནུ་ཟག་མེད་ཀྱི་བདེ་བའི་ལང་ཚོ་རྒྱས་པ། འོད་དང་འོད་ཟེར་མཐའ་ཡས་མུ་མེད་པར་འཕྲོ་བའི་རང་བཞིན་ཅན་ནོ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ག་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །མ་ལུས་མཆོག་གསུམ་འདུས་པའི་བདག་ཉིད་ཁྱོད། །དང་པའི་ཡིད་མཚོ་ཀུན་ནས་དྭངས་བ་ལ། །མཁྱེན་བརྩེའི་ཟླ་གཟུགས་ནམ་ཡང་མི་འགོག་པར། །བྱང་ཆུབ་བར་དུ་འབྲལ་མེད་མགོན་དུ་བཞུགས། །མང་དུ་ཐོས་པ་རྒྱ་མཚོའི་མཆོད་ཡོན་འཁྱིལ། །བྱམས་བརྩེའི་རང་བཞིན་བསིལ་བའི་ཆུ་རྒྱུན་འབེབས། །རྨད་བྱུང་དད་པའི་མེ་ཏོག་ཚོགས་བཀྲམ་ཞིང་། །རྣམ་དག་ཚུལ་ཁྲིམས་མཆོག་གི་དྲི་བསུང་ལྡང་། །ཤེས་རབ་སྒྲོན་མེའི་སྣང་བ་འོད་དུ་གསལ། །བྱང་ཆུབ་སེམས་མཆོག་ཡིད་འོང་སྤོས་ཆུའི་རྒྱུན། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །གཟུངས་དང་བརྩོན་པ་མཆོག་གི་སྤྲིན་ཆེན་ལས། །


MR27_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དབྱངས་སྙན་པའི་རོལ་མོ་འབུམ་སྒྲོགས་ཤིང་། །བཀོད་པའི་ཁོ་ལག་ཡངས་བའི་དཔག་བསམ་ཤིང་། །ཡང་དག་ལྟ་བ་གཞོན་ནུའི་འབྲས་ལྡན་ཅིང་། །ཆགས་མེད་གཏོང་བའི་འདོད་རྒུར་འཇོ་བའི་བ། །འཛད་མེད་བསོད་ནམས་གཏེར་གྱི་བུམ་བཟང་དང་། །སོ་སོ་ཡང་དག་རིག་པ་བཞི་ཡི་ནི། །བླ་རེ་གདུགས་དང་རྒྱལ་མཚན་བ་དན་གྱིས། །བདག་ལུས་གཞལ་མེད་ཁང་བཟང་རབ་བརྒྱན་ཏེ། །སྙིང་གི་ཆུ་སྐྱེས་བཞད་པའི་གེ་སར་ལ། །དགྱེས་པར་བཞུགས་པ་འགྲོ་མགོན་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་ཆེན་རྟག་ཏུ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། །ཆོས་ཀྱི་རྒྱལ་པོ་མཆོག་ཏུ་མཉེས་གྱུར་ཅིག །གང་སྣང་བདེ་སྟོང་རོལ་པའི་འདོད་ཡོན་ལྔ། །བྱང་ཆུབ་ཡན་ལག་ཀུན་ལྡན་རྒྱལ་སྲིད་རྫས། །འཕགས་ལམ་ངོ་བོ་བཀྲ་ཤིས་རྟགས་བརྒྱད་དང་། །འཕགས་ནོར་གྲངས་ལྡན་ཉེ་བའི་རིན་ཆེན་སོགས། །ལྷ་ཀླུ་མི་ཡི་འབྱོར་བའི་དངོས་པོ་དང་། །དག་པའི་ཞིང་གི་བཀོད་པ་རབ་འབྱམས་ཀྱིས། །མ་ལུས་མཁའ་དབྱིངས་རྒྱས་པར་བཀང་ནས་ཀྱང་། །རྒྱུན་མི་ཆད་པར་འགྲོ་མགོན་ཁྱོད་ལ་འབུལ། །བཅུ་དྲུག་དགའ་བའི་རང་བཞིན་ལྷ་མོ་ནི། །


MR27_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གཉིས་ལང་ཚོ་དག་པའི་མཆོད་རྫས་ཅན། །སྟོང་ཆེན་དབྱིངས་སུ་དག་པའི་སྒྱུ་ཐབས་ཀྱིས། །ཟག་མེད་བདེ་བའི་ཉམས་འགྱུར་སྟོང་དུ་སྤེལ། །མདོར་ན་བདག་གཞན་སྒོ་གསུམ་འབྱོར་བར་བཅས། །དུས་གསུམ་དགེ་བའི་རྩ་བ་ཀུན་བསྡོམས་ནས། །ཡེ་ཤེས་འདོད་རྒུར་རོལ་པ་དགྱེས་མཆོག་སྤྲིན། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་དཔྱིད་དུ་འབུལ། །དེ་རྣམས་ཕྱིའི་མཆོད་པའོ། །བདག་ལུས་རྡོ་རྗེ་རྩ་ཡི་བྷཉྫ་རུ། །རང་བྱུང་དྭངས་མའི་ཁམས་མཆོག་བདུད་རྩིའི་བཅུད། །རྒུད་འཇོམས་འཆི་མེད་གྲུབ་པའི་སྨན་ཆེན་འདི། །འགྲོ་མགོན་ཆོས་ཀྱི་རྒྱལ་པོར་མཆོད་པ་འབུས། །སྤྱི་བོ་ལ་སོགས་འཁོར་ལོའི་གནས་ལྔ་པོའི། །ཁམས་གསུམ་ཆགས་པ་དབྱིངས་སུ་བསྒྲལ་པའི་ཁྲག །ཆགས་མེད་ཆགས་པ་ཆེན་པོའི་རླན་དང་བཅས་། །རང་བྱུང་རཀྟའི་མཆོད་པ་ཁྱེད་ལ་འབུལ། །སྣོད་བཅུད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །ནང་བཅུད་འགྲོ་བ་ཀུན་གྱི་ཕུང་པོ་ལ། །རང་གསལ་བཀྲག་མདངས་དབང་པོས་མཛེས་བརྒྱན་པ། །དམ་རྫས་གཏོང་མའི་མཆོད་པ་འདི་ཡང་འབུལ། །ཤིན་ཏུ་ཕྲ་བ་དྭངས་མའི་རྩ་ཡི་རྒྱུན། །ཁུ་རྡུལ་རླུང་གསུམ་འདྲེས་པར་ཞུ་བའི་དཔྱིད། །མི་ཤིགས་


MR27_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཆེན་པོར་རྟག་འབར་བའི། །ཐབས་མཆོག་སྔགས་ཀྱི་མར་མེ་བཞེས་སུ་གསོལ། །སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་བ། །མཐའ་དབུས་མེད་པར་གསལ་བའི་འོད་འབར་ནི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །དེ་ནི་ནང་གི་མཆོད་པའོ། །རྡོ་རྗེ་དབྱངས་ཅན་ཆགས་པའི་སྒྲ་དབྱངས་ཀྱིས། །མ་ལུས་རྒྱལ་རྣམས་རྟག་ཏུ་ཆགས་བགྱིད་ཅིང་། །ཆགས་མེད་ཆགས་པའི་གཟི་བྱིན་སྟོང་དུ་འབར། །རྨད་བྱུང་ལྟ་ན་སྡུག་པའི་ལང་ཚོ་ནི། །མཐོང་བའི་མོད་ལ་ཟག་མེད་བདེ་སྟེར་མ། །གང་གི་ལུས་ལས་བྱུང་བ་བཟང་པོའི་དྲིས། །དཔག་ཚད་ཕྱེད་ཀྱི་ཁྱོན་ཀུན་འགེང་བྱེད་ཅིང་། །ཟུར་གྱིས་འཛུས་ཞིང་ཡིད་འཕྲོག་རྡོ་རྗེའི་གླུ། །སྟངས་སྟབས་བསྐྱོད་པའི་གར་དང་བཅས་སྒྲོག་པ། །ལས་རླུང་སྲིད་པའི་འཆིང་བ་མཐའ་དག་ཀུན། །ངེས་པར་གཅོད་ལ་མྱུར་བའི་ཕོ་ཉ་མོ། །མཐོན་མཐིང་སྤྲིན་ལས་གློག་བཞིན་ལྡེམ་སྒེགས་ནི། །རོལ་པའི་རྩེ་འཇོ་མིག་འཕྲུལ་ལྟར་བསྒྱུར་ཞིང་། །གཅིག་ལས་དུ་མར་འཕྲོ་བ་ཕྱག་རྒྱའི་ཚིགས། །ཐབས་མཆོག་རིག་པའི་གྲོགས་ལ་དགྱེས་བཞིན་དུ། །ལག་


MR27_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྕུག་ཕྲན་ཕན་ཚུན་འབྲེལ་བྱས་ཤིང་། །མཆུ་སྒྲོས་པདྨའི་སྦྲང་རྩི་འཐུང་བ་ཡིས། །མྱོས་པའི་སྒྲ་དབྱངས་ཀུན་ནས་གསལ་བྱེད་པ། །མཉམ་པར་སྦྱོར་བའི་རེག་བྱ་ལས་སྐྱེས་པའི། །བདེ་སྟོང་ཟག་པ་མེད་པའི་སྟོབས་མཆོག་གིས། །སྲིད་པའི་ལས་རླུང་དབུ་མར་བཟློག་ནས་ཀྱང་། །མི་ཤིགས་རྡོ་རྗེའི་རྒྱལ་ཐབས་བསྐྲུན་བྱེད་པ། །བདེ་མཆོག་སྒྱུ་མ་བདེ་བའི་རོལ་མོ་ནི། །མཁའ་དང་མཉམ་པར་སྤྲུལ་ཏེ་ཁྱོད་ལ་འབུལ། །གསང་མཆོད་དོ། །མ་ལུས་སྣང་ཞིང་སྲིད་པའི་ཆོས་སོ་ཅོག །སྣང་སྟོང་རིག་པའི་ངང་དུ་རོ་གཅིག་པའི། །མི་ཤིགས་ཐིག་ལེ་ཆེན་པོ་ཁྱབ་བརྡལ་བ། །བུས་གསུམ་མཉམ་པ་ཉིད་དུ་དགྱེས་གྱུར་ཅིག །འོད་གསལ་མཁའ་དབྱིངས་དྭངས་པའི་ནམ་མཁའ་ལ། །རིག་རྩལ་འཇའ་ཟེར་ཐིག་ལེ་བཀྲ་བའི་དབུས། །རིག་གདངས་མ་འགག་རྡོ་རྗེ་ལུ་གུ་རྒྱུད། །རང་བྱུང་རྩལ་སྣང་བཀོད་པའི་མཆོད་པ་འབུལ། །སྙིང་རྗེའི་དམ་པ་མཐའ་ཡས་པ་ཡི་ཐུགས། །ཐབས་མཆོག་བདེ་ཆེན་རིག་པའི་རོལ་མོ་དང་། །ལྷན་སྐྱེས་རྡུལ་བྲལ་སྟོང་ཆེན་དག་པའི་དབྱིངས། །ཨེ་ཝྃ་མཉམ་སྦྱོར་བདེ་བའི་མཆོད་སྤྲིན་འབུལ། །སྲིད་དང་ཞི་བ་རོ་གཅིག་འདྲེས་པའི་མོད། །མཁའ་ཁྱབ་མཁའ་ཡི་


MR27_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འདུས་མ་བྱས། །འོད་གསལ་བདེ་བའི་བདེ་མཆོག་མཉམ་པ་ཉིད། །ཟག་མེད་དགྱེས་པ་མཆོག་གིས་དགྱེས་གྱུར་ཅིག །དེ་ནི་གཉིས་མེད་ཟུང་འཇུག་གི་མཆོད་པའོ། །དེ་ནས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ། མ་ལུས་ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི། །དཀོན་མཆོག་རྣམ་གསུམ་བསླུ་མེད་རིན་པོ་ཆེ། །སྐྱབས་མཆོག་བླ་མ་ཁྱོད་ལ་ཡང་དག་འདུད། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །མཁྱེན་བརྩེ་ནུས་པའི་རང་བཞིན་མཚུངས་པ་མེད། །ཁྱད་པར་སྐལ་མེད་བདག་གི་གཉེན་གཅིག་པུ། །མགོན་པོ་ཁྱོད་ལས་ལྷག་པའི་སྐྱབས་གཞན་ནི། །ནམ་ཡང་ཚོལ་བ་མེད་དོ་བཀའ་དྲིན་ཅན། །དུས་གསུམ་རྒྱལ་བ་གསོལ་ཞིང་མཆོད་པ་ལས། །མགོན་པོ་ཁྱོད་ཀྱི་བ་སྤུའི་བུ་ག་ཙམ། །དྲན་པས་དངོས་གྲུབ་བྱིན་རླབས་ཆེས་མྱུར་བ། །ཐུགས་རྗེ་མཚུངས་པ་མེད་དོ་ཆོས་ཀྱི་རྗེ། །འདི་ནས་ནམ་ཞིག་བྱང་ཆུབ་ཤིང་དབང་དྲུང་། །བདུད་ཀྱི་སྡེ་ཀུན་སྟོབས་ཀྱིས་ཕམ་བྱས་ནས། །བླ་མེད་བྱང་ཆུབ་རྫོགས་པར་འཚང་རྒྱ་བ། །དེ་སྲིད་མགོན་པོས་རྟག་ཏུ་བྱིན་གྱིས་རློབས། །ཐ་ན་རྨི་ལམ་གཉིད་དུ་ཡོལ་ན་ཡང་། །བླ་མའི་བྱིན་རླབས་མཆོག་


MR27_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྣང་བ་དང་། །ནམ་ཡང་འབྲལ་བ་མེད་པས་རྗེས་བཟུང་ནས། །རྟག་ཏུ་མགོན་ཁྱོད་དགྱེས་པར་བྱེད་གྱུར་ཅིག །ནམ་ཞིག་བྱང་ཆུབ་བརྙེས་བ་དེ་ཡི་ཚེ། །སྙིང་གི་ཐིག་ལེར་ཁྱོད་ཉིད་རོ་གཅིག་ཅིང་། །སྤྱི་བོའི་ཅོད་པན་ཁྲོད་ན་ཁྱོད་ཀྱི་སྐུ། །ནམ་ཡང་གཡོ་མེད་སྲིད་མཐར་མཛེས་གྱུར་ཅིག །དེང་ནས་བླ་མ་མཆོག་དང་ལྷག་པའི་ལྷའི། །བྱིན་རླབས་སྣང་བ་སྙིང་ལ་མཆོད་གྱུར་ནས། །གཟུངས་སྤོབས་ཏིང་འཛིན་བློ་གྲོས་དང་བརྩོན་གྱི། །གཏེར་ཆེན་མྱུར་དུ་གྲོལ་བར་བྱིན་གྱིས་རློབས། །དཔལ་ལྡན་བླ་མའི་ངོ་བོ་འཇམ་པའི་དབྱངས། །སྒྲིབ་གཉིས་དྲི་མ་སེལ་བ་ཡེ་ཤེས་སྐུའི། །འོད་བཟང་སྙིང་ལ་སིམ་པའི་དགའ་སྟོན་མཆོག །རྟག་ཏུ་མྱོང་བའི་སྐལ་བཟང་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ལ། ཐུགས་དབུས་ཟླ་སྟེང་ཨ་ཡིག་སྔགས་ཕྲེང་བཅས་ལ་སེམས་གཏད་དེ། ཝ་ཀྱཻ་བཟླས་མཐར། ཨ། བརྒྱ་བཟླས། རང་ལུས་འོད་ཞུ་སྙིང་གའི་ལྷ་ལ་ཐིམ། །ལྷ་ཉིད་ཨ་ལ་ཐིམ་པར་སེམས་བཟུང་ནས། །ཨ་ཡིག་ན་དཱ་ཤིན་ཏུ་ཕྲ་བ་གང་། །མི་དམིགས་གཤིས་ལུགས་སྤྲོས་དང་བྲལ་བར་བཞག །སླར་ཡང་མཁའ་ལ་འཇའ་བཞིན་དུ། །སྣང་སྟོང་རིག་པ་བླ་མ་དངོས། །ཡེ་ཤེས་སྐུ་ཡི་ཞལ་ཕྱག་གར། །སྣ་


MR27_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འགྲོ་བ་འདུལ་ཕྱིར་བཞེངས། །དགེ་བ་འདི་ཡིས༴། སྐྱེ་བ་ཀུན་ཏུ༴། དཔལ་ལྡན་བླ་མའི༴། དཔལ་ལྡན་བླ་མའི་སྐུ་ཚེ༴། ཐུབ་མཆོག་ལྷག༴། བླ་མ་སྐུ་ཁམས༴། ཞེས་བྱའོ། །ཞེས་དད་པས་གང་ཤར་དུ་གསོལ་བ་བཏབ་པའོ། །དེ་ནས། རིག་སྟོང་བླ་མ་དང་། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱིས། །ཕྱག་ནས་མེ་ཏོག་ཆར་འབེབས་ཤིང་། །བདེན་པའི་ཚིག་གིས་ཤིས་པར་མཛོད། །རྒྱལ་མཚན་རྩེ་མོར་སོགས་ནས་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་དོ། །ཀུན་འདུས་ནོར་བུའི་རྒྱལ་པོ་ལས། །ཡང་དག་ལམ་གྱི་རྟེན་འབྲེལ་ཀུན། །བཀའ་དྲིན་སྟན་ཐོག་གཅིག་ཉིད་དུ། །ཉམས་ལེན་ཟབ་པའི་མཐར་ཐུག་ཡིན། །ཟབ་མོ་ནང་གི་མཆོད་པ་སྟེ། །སྤྲོས་པ་ཆུང་ཞིང་ཉམས་ལེན་བདེ། །དོན་ཆེན་བདེ་ལེགས་འགྲུབ་བྱེད་པ། །མན་ངག་ཡིན་ནོ་མྱོང་བས་རྟོགས། །རང་རང་གང་ལ་མོས་པ་ཡི། །བླ་མ་མཆོག་ལ་འདི་བཞིན་དུ། །དམིགས་འདོན་བསྒྱུར་ཞིང་ནམ་ནམ་དུ། །ཉམས་ལེན་མཛོད་ཅིག་སྐལ་ལྡན་རྣམས། །ཞེས་པའང་། ༧རྡོ་རྗེ་འཆང་ཆེན་པོས་ཐུགས་རྗེས་ཉེ་བར་བཟུང་བ་༧འཇམ་དབྱངས་རྣམ་པར་རྒྱལ་བས་གང་ཤར་བྲིས་པ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།