Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
   
   
   
   
བསྡུས་ཚན་རྩོད་རིགས་སྨྲ་བའི་སྒོ་འབྱེད།
   
   
   
   
   
   
   
   
   
   
   
   
   


 
previousབསྡུས་ཚན་རྩོད་རིགས་སྨྲ་བའི་སྒོ་འབྱེད།next

བསྡུས་ཚན་རྩོད་རིགས་སྨྲ་བའི་སྒོ་འབྱེད།


MR27_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཚན་རྩོད་རིགས་སྨྲ་བའི་སྒོ་འབྱེད་བཞུགས་སོ། །


MR27_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་ཉི་མ་འཆར་ཀའི་ལང་ཚོ་ཅན། །ཤེས་རབ་རལ་གྲིས་བདུད་དང་རྨོངས་མུན་འདྲལ། །དྲན་པས་རིགས་ལམ་སྨྲ་བ་སེང་གེའི་སྒྲ། །སྒྲོག་པའི་དཔལ་སྩོལ་ལྷ་མཆོག་དེ་ལ་འདུད། །ཡང་དག་ངེས་པའི་ཚིག་གི་སྒྲོན་མ་ལ། །བརྟེན་ནས་རིག་བྱེད་གྲུབ་མཐའ་རྒྱ་མཚོའི་དོན། །ལྟ་བའི་བློ་ལྡན་རྣམས་ལ་ངག་གི་དཔལ། །མ་ནོར་འབྱེད་པའི་གདམས་པ་བསྟན་པར་བྱ། །དེ་ཡང་རྒྱལ་བའི་གསུང་རབ་རིན་པོ་ཆེའི་དགོངས་དོན་མ་ནོར་བར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསལ་བར་བྱ་དགོས་ལ། དེ་གསུམ་ཡང་ངེས་པའི་ཚིག་གི་ལམ་ལ་བརྟེན་པའི་ཕྱིར། སྨྲ་བ་ངག་གི་དོན་ལ་མཁས་ན་དམ་བཅའ་བ་དང་སུན་འབྱིན་པའི་གནས་སྨྲ་བ་ལ་ཐོགས་པ་མེད་པར་འགྱུར་བས་ན། དེ་དག་གི་


MR27_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཅི་རིགས་བསྡུས་ཏེ་དགོད་པ་ལ། དང་པོ་ཁྱབ་མཐའི་རྣམ་བཞག་སོགས། །དངོས་པོ་འགག་པ་འགག་པ་མིན། །དངོས་པོ་མ་འགག་འགག་པ་ཡིན། །ཞེས་བརྗོད་ཚེ་དངོས་པོ་འགག་པ་དངོས་པོ་མིན་པས་དེ་འགག་པ་མེད་ལ། དངོས་པོ་མ་འགག་པ་དངོས་པོ་ཡིན་པས། དེ་འགག་ཅེས་བརྗོད་པ་བརྗོད་འདོད་ཀྱིས་ཡིན་ལ། དེ་འགག་པ་འགག་པ་མིན། མ་འགག་པ་འགག་པ་ཡིན་པར་ཁས་བླང་བའང་མེད་དེ། འགག་པ་འགག་པ་མིན་ན་འགག་པའི་སྒྲ་བློས་གཟུང་བྱ་མིན་ཞིང་། འགག་པ་མཚོན་བྱ་མིན་པར་འགྱུར་ཏེ། འགག་པ་དེ་མིན་ན་འགག་པ་མེད་པར་འགྱུར་རོ། །དངོས་པོ་འགག་པ་དངོས་པོ་འགག་པ་མིན། དངོས་པོ་མ་འགག་པ་དངོས་པོ་འགག་པ་ཡིན་


MR27_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་ཀྱང་དེ་དང་འདྲ་བ་བཞིན་ནོ། ༈ །དངོས་པོ་བུམ་སྤྱི་ཡིན་པ། བུམ་སྤྱི་དངོས་པོ་མིན་སོགས། དངོས་པོ་ཤེས་བྱ་ཡིན་ཡང་ཤེས་བྱ་དངོས་པོ་མིན་པ་འདྲ་ལ། རྟག་པ་ཤེས་བྱ་ཡིན་ཡང་། ཤེས་བྱ་རྟག་པ་ཡིན་པར་ཁས་ལེན་དགོས། དེ་ལྟ་ན་ཤེས་བྱ་རྟག་པ་ཡིན་པར་ཁས་ལེན་མི་རུང་ངོ་། །བུམ་སྤྱི་བུམ་སྤྱི་མིན་ན། བུམ་སྤྱིའི་སྒྲ་བློ་འཇུག་པའི་ཡུལ་མེད་པར་ཐལ། བུམ་སྤྱི་བུམ་སྤྱི་མིན་པའི་ཕྱིར། བུམ་སྤྱི་མིན་པར་བུམ་སྤྱིའི་སྒྲ་བློ་འཇུག་གོ་སྙམ་ན། བུམ་སྤྱི་མ་ཡིན་པ་ཆོས་ཅན། བུམ་སྤྱི་མ་ཡིན་པར་ཐལ། བུམ་སྤྱི་མ་ཡིན་པ་ཡིན་པའི་ཕྱིར། རྟགས་ཆོས་དོན་གསུམ་འདྲ་ཡང་། ཆོས་ཅན། ཐལ། ཕྱིར་ཞེས་པའི་ཆ་ནས་སྒྲ་དོན་ཐ་དད་དུ་འགྱུར་རོ། །བུམ་སྤྱི་མ་ཡིན་པ་ཁོ་རང་བུམ་སྤྱི་མ་ཡིན་པ་ཡིན་ནམ་མིན། ཡིན་ན་བུམ་སྤྱི་མིན་པར་ཁས་བླང་ངོ་། །མིན་ན། བུམ་སྤྱི་མིན་པ་མིན་ན། དེ་བུམ་སྤྱི་མིན་པ་མིན་པས་དགག་གཉིས་རྣལ་མ་གོ་བས་བུམ་སྤྱི་ཡིན་པར་ཁས་བླངས་ཀྱང་། བུམ་སྤྱི་བུམ་སྤྱི་ཡིན་སོགས་ཞིབ་དཔྱད། གོང་དུ་ཡིན་པར་ཁས་བླང་དང་འགལ་ཏེ། དེ་ལྟ་ན་བུམ་སྤྱི་མིན་པ་སྟེ། བུམ་སྤྱི་ཡིན་མིན་གཉིས། གཉིས་ཀར་ཁས་ལེན་དགོས་སོ། །འདི་ངེས། ཡང་བུམ་སྤྱི་དེ་བུམ་སྤྱི་ཡིན་པ་ལས་ལོག་པའམ་མ་ལོག་པ་གང་ཡིན། དང་པོ་ལྟར་ན་བུམ་སྤྱི་བུམ་སྤྱི་མིན་པར་ཁས་བླངས་སོ། །གཉིས་པ་ལྟར་ན་


MR27_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཁས་བླངས་སོ། །དེ་ལྟ་ན། བུམ་སྤྱི་མ་ཡིན་པ་དེ་ལོག་གམ་མ་ལོག ལོག་ན་བུམ་སྤྱི་མིན་པར་ཁས་བླངས་སོ། །རྟག་དངོས་གཉིས་ཀ་མིན་པ་བུམ་སྤྱི་ཡིན། རྟགས་འགྲིགས། ཀ་བུམ་གཉིས་ཀ་མིན་པའམ་ཡིན་པ་མི་སྲིད་ལ། ཡིན་པའི་སྤྱི་ཡིན། བུམ་པའི་སྤྱི་ཡིན་རྟགས་འགྲིགས་སོགས་དཔྱད། ཡིན་པ་མི་སྲིད་པ་ཡིན་པར་སྲིད་པའི་ཤེས་བྱ་ཡིན་པར་ཐལ། དེ་སྤྱི་ཡིན་ལ་བྱེ་བྲག་ཀྱང་ཡིན་པའི་ཕྱིར། བྱེ་བྲག་ཡིན་ཏེ། ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། ཡིན་སྲིད་མི་སྲིད་གཉིས་ཀ་ཤེས་བྱའི་བྱེ་བྲག་ཡིན་ལ། ཤེས་བྱ་ལ་དེ་གཉིས་ཀྱི་དབྱེ་བ་ཡོད་ན་དེ་མི་སྲིད་དོ། །སྲིད་ན་ཤེས་བྱ་ལ་ཡིན་སྲིད་མི་སྲིད། གཉིས་ཀ་ཡིན་པ་གསུམ་ཡོད་པར་འགྱུར་ཏེ། དང་པོ་བུམ་སོགས་ལྟ་བུ་གཉིས་གཉིས་པ་ཀ་བུམ་གཉིས་མིན་ལྟ་བུ། ཀ་བུམ་གཉིས་དེ་ཡིན་སྲིད་ཀྱང་ཡིན། མིན་པ་སྲིད་ཀྱང་ཡིན་པས་གསུམ། ཡང་ན་གཉིས་ཡིན་གྱི་མུར་འགྱུར་རོ། །དེ་འདྲའི་རྣམ་བཞག་འཆད་པས་ཅི་བྱ། ཀ་བུམ་གཉིས་མིན། སྤྱི་བྱེ་གཉིས་ཀ་ཡིན། སྤྱི་ཡིན་ཏེ། གསེར་ཀ་གསེར་བུམ་མིན་པའི་སྤྱི་ཡིན། རྟགས་འགྲིགས་སོ། །བྱེ་བྲག་ཡིན་ཏེ། དེའི་བྱེ་བྲག་ཡིན། རྟགས་འགྲིག ཀ་བུམ་གཉིས་མིན་ཤེས་བྱ་ཡིན་ཏེ། ཡིན་མི་སྲིད་ཤེས་བྱ་ཡིན་པའི་ཕྱིར། མིན་ན་རང་མིན་ལྡོག་ཆོས་ཀྱང་མིན་པར་འགྱུར་ཏེ། ཀ་བུམ་གཉིས་


MR27_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དུ་མ་ཤེས་ན། རང་མིན་དང་མི་སྲིད་པར་ཡང་ཤེས་པར་མི་འགྱུར་རོ། །དོན་གྱི་དབང་དུ་བྱས་ཏེ་དངོས་འགལ་བར་ན་ཕུང་གསུམ་མེད་པར་རྣམ་ཀུན་ཁས་ལེན་དགོས་ཀྱི། ཚིག་གི་བརྗོད་ཚུལ་བསམ་སྟེ་བརྗོད་ན་ཕུང་སུམ་སྲིད་པར་འགྱུར་ཏེ། རྟག་པ་ཡིན་པ་ནམ་མཁའ་སོགས། མིན་པ་བུམ་སོགས། གཉིས་ཡིན་རྟག་པ་ཡིན་པ་རྟག་པར་འདོད་པ་ལྟ་བུ། གཉིས་མིན་རྟག་དངོས་གཉིས་ཀ་རྟག་མིན་གྱི་རྟག་པར་ཁས་ལེན་པ་བཞིན་ནོ། །རྟག་པ་མིན་པ་དང་མི་རྟག་དོན་གཅིག་སྟེ། རྟག་པ་མིན་ན་མི་རྟག་པ་ཡིན་པས་ཁྱབ། མི་རྟག་པ་མིན་ན་རྟག་པ་ཡིན་པས་ཁྱབ་པ་དུས་ཀུན་ཁས་ལེན་ལ། མི་ལེན་ན་དངོས་འགལ་བར་ན་ཕུང་གསུམ་ཡོད་པར་འགྱུར། དེ་ལྟར་ན། མི་རྟག་པ་ཡིན་ན་དངོས་པོ་ཡིན། དངོས་པོ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་སྟེ། དངོས་པོ་མིན་པའི་མི་རྟག་པ་གཞན་མེད་དོ། །དེ་ལྟ་ན་རྟག་དངོས་ཀྱི་གཞི་མཐུན་ཡོད་པར་འགྱུར་ཏེ། རྟག་པ་ཡིན། མི་རྟག་པ་ཡིན་པ་སྟེ། རྟག་དངོས་ཀྱི་གཞི་མཐུན་ཡིན་པར་འགྱུར་རོ། །རྟག་པ་མིན་པ་རྟག་པ་མིན་ལ། རྟག་པ་ཡིན་ནོ། །མི་རྟག་པ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་ཀྱང་། རྟག་པ་མིན་ན་མི་རྟག་པ་ཡིན་པས་མ་ཁྱབ་སྟེ། རྟག་པ་མིན་པ་འཇོག་ཟེར་ན། ཡིན་ལོག་མིན་ལོག་གི་རྣམ་བཞག་འདིར་སྦྱར་ན། རྟག་པ་མིན་ཡང་ལོག་པའང་མིན། རྟག་པའང་ཡིན་པ་ཡོད་པར་འགྱུར་ཏེ། རྟག་པ་མ་ཡིན་པ་འཇོག་གོ། དེ་ལྟ་ན་དེ་


MR27_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཡིན་པ་ལས་ལོག་པའང་ཡིན། མ་ལོག་པའང་ཡིན་པར་འགྱུར་རོ། །བཀྲ་ཤིས། བུམ་པའི་སྤྱི་མིན་དེ། བུམ་སྤྱི་ཡིན་པ་ལས་ལོག་པ་ཡིན་པ་དང་མ་ལོག་པ་ཡང་ཡིན་པར་འགྱུར་ལ། དེ་ལྟ་ན་དངོས་འགལ་བར་ན་ཕུང་སུམ་ཡོད་པ་དང་། དངོས་འགལ་གྱི་གཞི་མཐུན་ཡོད་པར་ཁས་བླངས་བར་འགྱུར་རོ། །སྙིང་པོ་འདི་ཡིན། འདི་གལ་ཆེ། བཀྲ་ཤིས།། ༈ །།སྣང་བརྟག་བསྲེས་པའི་སྒོ་ནས་ཐ་སྙད་ཀུན། །བརྗོད་ཕྱིར་བརྗོད་ཚུལ་ཐ་སྙད་རྣམ་མང་ཡང་། །ལེགས་པར་བརྟག་ན་དོན་སྤྱི་དོན་རང་མཚན། །སོ་སོའི་འཇུག་ཡུལ་གོ་བའི་དབང་གིས་ཡིན། །ཚིག་དང་དོན་གྱི་འཇུག་ཚུལ་ཤན་ཕྱེད་ན། །སྒྲུབ་དང་སུན་འབྱིན་སྨྲ་ལ་མི་རྨོངས་ཤིང་། །ཚིག་ལ་བརྟེན་ནས་དོན་ལ་དཔྱོད་པ་ཡི། །གནས་རྣམས་ཀུན་ལ་མཁས་པའི་མཆོག་ཏུ་འགྱུར། །བུམ་པའི་སྤྱི་དང་གསེར་བུམ་གྱི་སྤྱི་ལ། སྤྱི་བྱེའི་རྟགས་འགྲིགས་མི་འགྲིགས་དཔྱོད། འགྲིགས་ན་སྤྱི་མིན་ན་ཁས་ལེན་འགལ་འོང་མི་འོང་དཔྱད། ཤེས་བྱ་དང་འགལ་འབྲེལ་སྤྱི་སོགས་བཏགས་ཡོད་རྟག་པར་ཁས་ལེན་དགོས་པས་འདི་དག་འདུས་མ་བྱས་ཡིན་དགོས་ན། འདུས་མ་བྱས། བཞི་གང་དུ་འདུ་ཟེར་ན། བརྟག་མིན་འགོག་པར་འདུ་སྟེ་བརྟགས་ཡོད་རྟག་པར་བཞག་པ་དེ་དག་ཆོས་མིན་ཡང་སྐད་ཅིག་མ་ཡིན་ཏེ། དངོས་པོར་ཡོད་པའམ་རྫས་ཡོད་མིན་པས། དེ་དག་རྫས་ཀྱི་ངོ་


MR27_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བོས་སྐྱེ་འགག་གམ། རྫས་ཡོད་རང་བཞིན་གྱིས་ཁེགས་པ་ཡིན་ནམ་སྙམ། བུམ་པ་བུམ་སྤྱི་མིན་སོགས། བུམ་པ་དང་བུམ་པའི་ཁྱད་པར་སྦྱར་ཏེ་བསྒྲེ་པ་ཐམས་ཅད་བུམ་པ་ཙམ་མིན་ལ་བུམ་པ་དངོས་པོ་ཡིན། མི་རྟག་པ་ཡིན། བུམ་པ་དང་ཐ་མི་དད་པ་ཡིན་སོགས། ངོ་བོ་དེའི་རང་བཞིན་ཡིན་པ་དུ་མ་ཡོད་པར་སྨྲ་དགོས་ལ། བུམ་པ་བུམ་སྤྱི་མིན་སོགས་སྒྲས་བརྗོད་པ་ཐམས་ཅད་བཟློས་ཏེ་བུམ་པ་བུམ་སྤྱི་མིན་པ་སོགས་ཟེར་དགོས། བུམ་སྤྱི་བུམ་པ་མིན་སོགས་བསྒྲེས་ཏེ་དཔྱད། མིང་ཐམས་ཅད་ཀྱི་ལྡོག་པ་ནས་བུམ་པ་དངོས་པོའང་ཡིན། དེ་ལྟ་ན་ཡིན་པ་གཅིག་བརྗོད་མི་སྲིད་དོ། །དེས་ན་ཚིག་ལ་ཇི་སྲིད་པ་ལྟར་བུམ་པ་བུམ་སྤྱི་མིན་པས་སྤྱི་བྱེའི་རྟགས་མི་འགྲིགས། མ་ཡིན་པར་འགྲིགས་མོད་དེ་ནི་ཚིག་ཙམ་སྟེ། རི་རྭ་མ་ཡིན་པ། མ་ཡིན་པ་རི་རྭ་ཡིན་ཡང་། ཚིག་ཙམ་སྟེ་དོན་ལ་རི་རྭ་མེད་པས་རི་རྭ་ཡོད་པ་མི་སྲིད་པ་བཞིན་ནོ། །བུམ་པ་བུམ་རྒྱུ་མིན་སོགས་དཔྱད། བུམ་རྒྱུ་མིན་པ་བུམ་སྤྱིར་འགྲིགས་སམ། དེ་སོགས་དཔྱད་དགོས། རི་རྭ་ཞེས་པའི་མིང་བརྗོད་པ་ཙམ་གྱི་ཐ་སྙད་ཡོད། དེ་མེད་ན་ཡོད་པ་མི་སྲིད་པ་བརྗོད་པར་མི་འགྱུར་རོ། །དེ་བཞིན་གཉིས་ཡིན་སོགས་སྦྱར་རོ། །རི་རྭ་མེད་པའི་ཐ་སྙད་དུ་བྱ་དགོས། དོན་ཡང་ཡོད། དངོས་འགག་འགག་མིན་གྱི་ཐ་སྙད་བྱ་དགོས། དོན་དང་ཐ་སྙད་སོ་སོར་ཕྱེ་སྟེ་དཔྱད་དོ། །དངོས་པོ་ཡིན་ན་སྐྱེས་ཟིན་ཡིན་ཏེ། དེ་


MR27_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པ་དངོས་པོ་མིན། དེ་བཞིན་དངོས་པོའི་ཡོད་པ། མ་འགག་པ། རྫས་སུ་ཡོད་པ་སོགས་ཡིན་ཡང་བརྗོད་འདོད་ཀྱི་ཐ་སྙད་ལ། དངོས་པོ་མ་སྐྱེས་པ། སྐྱེས་པ། དངོས་པོ་ཡོད་མེད། དངོས་པོ་འགག་པ་མ་འགག་པ། དངོས་པོའི་རྫས་ཡོད་པ། དངོས་པོའི་རྫས་མེད་པ། ཡང་སྐྱེས་པའི་དངོས་པོ། མ་སྐྱེས་པའི་དངོས་པོ། ཡོད་པའི་དངོས་པོ། མེད་པའི་དངོས་པོ། འགག་པའི་དངོས་པོ། མ་འགག་པའི་དངོས་པོ། རྫས་ཡོད་ཀྱི་དངོས་པོ་སོགས་བརྗོད་པ་ནི་བརྗོད་འདོད་ཀྱི་ཐ་སྙད་ལ་གོ་རྒྱུ་ཡོད་པ་བཞིན་ནོ། །དེ་ལྟར་ན་དངོས་པོ་སྤྱིར་བཟུང་སྟེ་བྱེ་བྲག་དམིགས་མ་ཕྱེ་བར་བརྗོད་པ་དང་། བྱེ་བྲག་དམིགས་སུ་བཟུང་ན་བུམ་པ་འདི་དངོས་པོ་ཡིན། འདས་པའི་བུམ་པར་དམིགས་ཏེ་བུམ་པ་འགགས་སོ་ཟེར་བ་བཞིན་ནོ། །མི་ལ་སྨེ་བ་ཡོད་དམ་མེད་ཟེར་ན། ཡོད་ཅེས་ཁས་ལེན་ཏེ། མི་ལ་སྨེ་བ་སྲིད་པ་ཡིན་པས། རྣམ་ཀུན་ཡོད་ཅེས་བྱ། མི་ཡིན་ན་སྨེ་བ་ཡོད་པས་མ་ཁྱབ། མི་སྲིད་པ་ནི་མེད་པར་ཁས་བླང་སྟེ། རི་བོང་ལ་རྭ་དང་། རུས་སྦལ་ལ་སྤུ། མོ་གཤམ་ལ་བུ་བཞིན་ནོ། །སངས་རྒྱས་ལའང་དུ་ཡོད་དེ་བཞིན་ནོ། །ཁྱོད་ཀྱི་ཕ་ཡུལ་མོ་གཤམ་བུའི་གྲོང་ཁྱེར་འདྲ་ཟེར་ནས་ཐལ་བ་འཕེན་པ་ལ། ཅིའི་ཕྱིར། ཞེས་དྲི། ཁྱོད་ཀྱིས་ཐ་སྙད་བདེན་པ་དོན་དཔྱོད་ཀྱིས་དགག་བྱར་འདོད་པའི་ཕྱིར་ཞེ་ན། བུམ་པ་ཆོས་ཅན། དོན་དཔྱོད་ཀྱིས་དམིགས་མ་


MR27_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་གང་རུང་ཡིན་པར་ཐལ། དེ་ལྟར་འདོད་དགོས་པའི་ཕྱིར། འདོད་ན་གང་ཡིན་དམིགས་པ་ཡིན་ན། བུམ་པ་དོན་དམ་པར་ཡོད་པར་ཐལ། རྟགས་དེའི་ཕྱིར། ཁྱབ་པ་གྲུབ་སྟེ། དོན་དཔྱོད་ཀྱིས་མ་དམིགས་ན་དོན་དམ་པར་མེད་པ་དང་། དམིགས་ན་ཡོད་པས་ཁྱབ་པའི་ཕྱིར། ཁྱབ་པ་མེད་ན་དོན་དམ་པར་ཡོད་མེད་དུ་འཇོག་པའི་རྒྱུ་མཚན་མེད་པར་འགྱུར་ཏེ། དོན་དཔྱོད་ཚད་མས་དོན་དམ་པར་ཡོད་མེད་འབྱེད་དགོས་པའི་ཕྱིར། མ་དམིགས་ན། བུམ་པ་ཆོས་ཅན། དོན་དཔྱོད་ཀྱིས་མི་ཁེགས་པ་མ་ཡིན་པར་ཐལ། དེས་མ་དམིགས་པའི་ཕྱིར། དཔེར་ན་བདེན་གྲུབ་བཞིན། ཡང་བདེན་གྲུབ་རྣམ་བཅད་ལ་ཁེགས་པས་བདེན་མེད་ཡོངས་གཅོད་དུ་གྲུབ་པ་དེ་དོན་དཔྱོད་ཀྱིས་དམིགས་པ་ཡིན་པར་ཐལ། དོན་དཔྱོད་ཀྱིས་བདེན་མེད་ཡིན་པར་རྙེད་པའམ་དམིགས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རང་བཞིན་མེད་པ་ལོག་ན་རང་བཞིན་དུ་མངོན་པའང་མ་ཡིན་པར་འགྱུར་རོ། །མདོར་ན་དོན་དཔྱོད་ཀྱིས། དམིགས་པ་དང་མ་དམིགས་པ་གང་རུང་ཡིན་དགོས་པ་ལ། དམིགས་ན་དོན་དམ་པར་ཡོད་པ་དང་། མ་དམིགས་ན་མེད་པའི་ཐ་སྙད་བྱ་དགོས་ཀྱི། དམིགས་པའང་མ་ཡིན། མི་དམིགས་པའང་མིན་ན། དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་དམ་བཅའ་ཉམས་པར་འགྱུར་རོ། །དེ་བཞིན་དུ་ཐ་སྙད་དཔྱོད་པའི་ཚད་མས། བུམ་པ་ཡོད་པར་དམིགས་ན། བུམ་པ་ཡོད་པར་ཡོངས་གཅོད་དུ་གྲུབ་པས། བུམ་མེད་རྣམ་


MR27_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ལ་ཁེགས། དེ་བཞིན་བུམ་པ་ཡིན་པར་གྲུབ་ན། མ་ཡིན་པ་ཁེགས། དགག་པ་བཞི་པོ་ལའང་། བུམ་མེད་གྲུབ་ན། བུམ་ཡོད་ཁེགས་སོགས་ཡིན་པས། བདེན་མེད་དོན་དཔྱོད་ཀྱིས་དམིགས་ན་དོན་དམ་པར་ཡོད་པར་ཐལ་ཏེ། དེ་ལྟ་ན་བུམ་པ་བདེན་གྲུབ་ཏུའང་འགྱུར་ཏེ། དོན་དམ་པར་ཡོད་པ་དང་། བདེན་གྲུབ་དོན་གཅིག་ཡིན་པའི་ཕྱིར། མི་གཅིག་ན་ཁྱད་བརྗོད་ཅིག ཡང་སྤྱིར། དོན་ཀུན་གཉིས་ཀྱི་ཚད་མས་དམིགས་ན་ཡོད། མ་དམིགས་ན་མེད་པའི་དམ་བཅའ་སྔོན་དུ་དྲིས་ནས། དེ་ལྟ་ན། དོན་དཔྱོད་ཚད་མས་རྙེད་དོན་བདེན་མེད་ཡིན་དགོས་ན། བདེན་མེད་དོན་དམ་པར་ཡོད་པས་བདེན་གྲུབ་ཏུ་ཁས་ལེན་དགོས་སོ། །བདེན་མེད་ལའང་བདེན་གྲུབ་དོན་དཔྱོད་ཀྱིས་ཁེགས་ཀྱི། བདེན་མེད་མི་འགོག བུམ་པ་ལའང་བདེན་གྲུབ་དོན་དཔྱོད་ཀྱིས་འགོག་གི། བུམ་པ་མི་འགོག དེ་ལྟ་ན། བདེན་གྲུབ་ལའང་བདེན་གྲུབ་མེད་པའི་བདེན་གྲུབ་ཡོད་ཅེས་རིགས་ཏེ། བུམ་པ་དང་བདེན་མེད། བུམ་པ་དང་བདེན་མེད་ཉིད་དུ་བདེན་པར་གྲུབ་པའི་ཕྱིར། མ་གྲུབ་ན་བུམ་པ་དང་བདེན་མེད་མི་འགྲུབ་པར་འགྱུར་ཏེ། བུམ་པ་བུམ་པ་མིན་པ་མི་སྲིད་པའི་ཕྱིར། མེ་རྟ་ཟླ་བ་བཅུ་ཚེས་བཅུ་དགུ་ལ་མཚར་དྲན།། ༈ །།དོན་དཔྱོད་ཀྱིས་མི་དགག་རྒྱུའི་ཐ་སྙད་བུམ་པ་དེ་དོན་དམ་པར་ཡོད་དམ་མེད། མེད་ན་མི་ཁེགས་པ་མིན་ལ། ཡོད་ན་བདེན་གྲུབ་ཏུ་འགྱུར་རོ། །དེ་མེད་པའི་རྒྱུ་


MR27_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དོན་དཔྱོད་ཚད་མས་མ་དམིགས་པ་ཡིན་ནམ་མིན། ཡིན་ན་ཁེགས་པར་འགྱུར། མིན་ན་དོན་དམ་པར་མེད་པའི་རྒྱུ་མཚན་ཅི་ཡིན། མ་ཁེགས་པར་དོན་དམ་པར་མེད་ན་དོན་དཔྱོད་མི་དགོས་པར་འགྱུར་རོ། །ཚད་མས་དམིགས་པའང་དེ་དང་འདྲ་སྟེ། ཡོད་མེད་གང་རུང་དུ་ཁས་ལེན་པ་ལྟར་ཡོད་མེད་དུ་འཇོག་བྱེད་ཚད་མས་དམིགས་མ་དམིགས་ཀྱང་དེ་འདྲའོ། །ཐ་སྙད་ཀྱི་བུམ་པ་དོན་དཔྱོད་ཀྱི་དཔྱད་ཡུལ་མིན་ཟེར་ན། དེ་དེས་ཁེགས་པ་མིན། མ་ཁེགས་པ་མིན་ཟེར་རམ། ཅིའི་ཕྱིར་དཔྱད་ཡུལ་མིན། ཇི་ལྟར་སྣང་ཞིང་བརྟགས་པའི་ཆོས་བློའི་ཡུལ་དུ་བྱར་རུང་ཐམས་ཅད་ལ། དེ་གནས་ལུགས་སུ་གྲུབ་མ་གྲུབ་དཔྱད་རུང་བའི་ཕྱིར། མི་རུང་ན་བདེན་གྲུབ་ཀྱང་དཔྱད་ཡུལ་མིན་པར་འགྱུར་ཏེ་བུམ་པ་ལས་ཡན་གར་བའི་བདེན་གྲུབ་མེད་དཔྱད་ཡུལ་དུ་འགྱུར་ཞིང་། རྫས་ཡོད་བུམ་པ་དཔྱད་ཡུལ་མིན་པ་ཡ་མཚན་ཆེའོ། །བདེན་གྲུབ་ཡན་གར་བ་བཀག་པ་ཡིན་ན་སྟོང་རྟེན་འབྱུང་དོན་གཅིག་རྣམ་ཀུན་མི་སྲིད་དེ། བ་ལང་ལ། རྟ་མེད་ཀྱང་སྟོང་རྟེན་འབྱུང་ཟུང་འཇུག་ཏུ་འགྱུར་རོ། །གྱང་ལ་རི་མོ་བྲིས་པའི་པིར་དང་གཞི་ད་ལྟ་བའི་སྐད་ཅིག་མ་ཕྲད་ནས་བྲི་དགོས་ཀྱི། ད་ལྟ་དང་མ་འོངས་འཕྲད་མི་སྲིད། ཕྲད་པའི་ཚེ་ཕྲད་པའི་དུས་དེར་རི་མོ་དེ་ཉིད་དོད་དགོས་ཀྱི། མ་དོད་ན་པིར་དང་གཞི་ཕྱེ་ནས་ག་ལ་དོད། དེས་ན་ཉེར་ལེན་གྱི་རྒྱུ་ཐམས་ཅད་སྔ་མ་རྒྱུ་ཕྱི་མ་འབྲས་བུ་ཡིན་པས་སྔ་ཕྱི་ཡིན་གྱི་དུས་གཅིག་པ་མེད། ལྷན་ཅིག་བྱེད་


MR27_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྐྱེན་ནི་ཉེར་ལེན་དང་ནམ་ཕྲད་པའི་སྐད་ཅིག་དེར་རྐྱེན་དང་རྐྱེན་ཅན་གཉིས་ཀ་སྔ་མའི་གནས་སྐབས་ལས་ཁྱད་པར་ཅན་དུ་དུས་སྔ་ཕྱི་མེད་པར་ཕྲད་དུས་དེ་ཉིད་དུ་གྱུར་པ་ཡིན་ཏེ། རྫ་བུམ་ཚོན་གྱིས་བསྒྱུར་བའི་ཁྱད་པར་ཅན་དང་། ཚོན་རྫ་བུམ་གྱི་ཆོས་ཀྱི་ཁྱད་པར་དུ་བྱས་པ་ཡིན། དེ་ཕན་ཆད་དེའི་རིགས་འདྲའི་རྒྱུན་རྣམས་ལ་དེ་འདྲའི་ཐ་སྙད་ཅན་དུ་འགྱུར། སྐད་ཅིག་མའི་དངོས་པོ་ལ་རེ་རེ་བ་ལས་མེད་ཀྱང་། རྒྱུན་ལ་བསམ་ནས་རྫ་བུམ་སྔར་ཚོན་མེད། ད་ཚོན་ཅན་ཞེས་བྱའོ། །ལྷན་མཚུངས་ཀྱི་རྒྱུ་ནི་རྣམ་པ་ཀུན་ཏུ་ཕན་ཚུན་འབྲས་བུ་ཡིན་པས་སྔ་ཕྱི་མེད། དེ་ལ་ཐོ་བུམ་དང་ཚོགས་པ་གཅིག་པའི་འབྱུང་བཞི། སེམས་སེམས་བྱུང་དམིགས་རྐྱེན་དང་བཅས་པ་རྣམས། རང་རང་གི་རྫས་དུས་མཉམ་དུ་ཡོད་པ་ལ། ཕྲད་པའི་སྐབས་ཀྱིས་ཁྱད་པར་དུས་དེ་ཉིད་དུ་བྱས་པའི་སྒོ་ནས་ཕན་ཚུན་འབྲས་བུར་བྱུང་སྟེ། གཅིག་མེད་ན་གཅིག་མི་འབྱུང་བའི་ཁྱད་པར་གྱིས་སོ། །མིག་ཤེས་ཀྱི་གཟུགས་མཐོང་བ་སོགས་རྐྱེན་གསུམ་རྒྱུ་ཡིན་པ་ཚོགས་དགོས་ཀྱང་། ཚོགས་པའི་སྐད་ཅིག་དེར་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ། ཡུལ་ད་ལྟ་བས་རྣམ་པ་མི་གཏོད་ན། འདས་འོངས་ལ་གཏོད་ནུས་མེད་དོ། །མེ་སྟག་གི་རེག་བྱ་དེ་དང་ལུས་ཕྲད་པའི་དུས་དེ་ཉིད་དུ་མ་སྐྱེ་ན། འགག་ནས་རེག་བྱ་ཉིད་མེད་པ་ཅི་ཞིག་ཚོར། དེས་ན་སྣང་བའི་ཡུལ་ད་ལྟ་བ་ཡིན་དགོས་ལ། མངོན་སུམ་ཐམས་ཅད་རང་མཚན་འཛིན་པ་ཡིན་པར་འདོད་དགོས་ཤིང་། རང་


MR27_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ནི་ཡུལ་དུས་རྣམ་པ་མ་འདྲེས་པ་ཡིན་དགོས་པས། ཡུལ་ད་ལྟ་བ་འཛིན་དགོས་ཀྱི། འདས་འོངས་ལ་འཛིན་དུ་མེད་དེ་རང་མཚན་མེད་པས་སོ། །དེས་ན་བྱེ་བྲག་རྗེན་ཅེར་དུ་འཛིན་པའང་མ་བརྟག་པའི་ངོར་མི་འཐད་པ་མེད་མོད། ཡུལ་ནི་ཤེས་པའི་རྒྱུ་ཡིན་ལ། རྒྱུ་དེས་ཁྱད་པར་དུ་བྱས་པ་མེད་ན་ཡུལ་མིན་ལ། ཡོད་ན་ཤེས་པ་ལ་དེའི་རྣམ་པར་ཤར་བ་ལས་འོས་མེད་པས་ཤེས་པའི་རྣམ་པར་དཔྱད་ན་འཐད་དམ་སྙམ། མེ་ལུག་ཟླ་བ་བདུན་ཚེས་བཅོ་ལྔ་ལའོ། །དགེ། །།ཤེས་པ་རྐྱེན་བཞི་སྟེ། མིག་ཤེས་སྔོན་པོའི་རྣམ་ལྡན་དུ་སྐྱེ་བ་ལ། ད་ལྟ་བའི་མེ་ཏོག་སྔོན་པོ་ལྟ་བུ་དམིགས་རྐྱེན། ད་ལྟ་བའི་མིག་དབང་བདག་རྐྱེན། ད་ལྟའི་ཤེས་པའི་སྔོན་དུ་བྱུང་བའི་ཤེས་པ་དེ་མ་ཐག་རྐྱེན། དེ་གསུམ་ཚོགས་པ་རྒྱུ་རྐྱེན་བཞི་ལས་སྐྱེ་བ་ཡིན་ཏེ། ཡུལ་དབང་ཤེས་གསུམ་ཚོགས་པའི་དུས་དེ་ཉིད་དུ་སྔོ་འཛིན་མིག་ཤེས་སྐྱེ་སྟེ་གཟུགས་དང་གཟུགས་བརྙན་བཞིན། དེས་ན་རྣམ་པའི་ཕག་ན་ཡུལ་ད་ལྟ་ཡོད་དེ། ཤེས་པས་ཡུལ་ཐུག་ཕྲད་དུ་འཛིན་མི་སྲིད་པས་སོ། །གཟུགས་ད་ལྟ་བ། མེ་ལོང་ད་ལྟ་བ་ཚོགས་པའི་དུས་དེ་ཉིད་དུ་གཟུགས་བརྙན་སྣང་སྟེ། དེ་ལ་ཉེར་ལེན་རང་གི་རིགས་འདྲའི་རྒྱུན་ནི་མེད་དོ། །དེ་ཡང་གློག་གི་གཟུགས་བརྙན་མེ་ལོང་ལ་ཤར་བཞིན། གློག་ཡོད་ཚེ་གཟུགས་བརྙན་སྣང་རུང་གི། འགག་ནས་ག་ལ་ཡོད། རིགས་འདྲའི་རྫས་རྒྱུན་རྣམས་སྐད་ཅིག་མ་ཡིན་པས་སྔ་མ་སྔ་མ་རྒྱུ་དང་། ཕྱི་མ་ཕྱི་མ་འབྲས་


MR27_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་ཏེ་དུས་མཉམ་མི་སྲིད། དངོས་པོ་གང་དག་ལྷན་ཅིག་འབྱུང་རྒྱུན་རྐྱེན་དང་རྐྱེན་ཅན་དུ་གྱུར་པ་ཐམས་ཅད་དུས་མཉམ་ལ། དེ་ཕྲད་པའི་ཁྱད་པར་གྱི་འབྲས་བུ་རྣམས་ཀྱང་རྒྱུ་དེ་དང་དུས་མཉམ་དུ་ཡོད་རུང་ངོ་། །དུས་མཉམ་པ་ལ་རྒྱུ་འབྲས་མེད་སྙམ་ན། ཡོད་དེ། ཉེར་ལེན་གྱི་རྒྱུ་མེད་ཀྱང་བྱེད་པ་ཁྱད་པར་དུ་གྱུར་པའི་མེད་ན་མི་འབྱུང་བའི་རྒྱུ་འབྲས་ཡོད་པའི་ཕྱིར་རོ། །འདི་གལ་ཆེ་འདྲ། ཉེར་ལེན་གྱི་རྒྱུའི་དབང་དུ་བྱས་ན། རྒྱུ་འབྲས་དུས་མཉམ་མེད་དེ། ཐོ་བའི་རྒྱུན་གྱི་སྐད་ཅིག་ཙམ་བུམ་པར་མི་ལྟོས། བུམ་པའི་རྒྱུན་གྱི་སྐད་ཅིག་ཐོ་བར་མི་ལྟོས་པར་ཡོད། ཚོན་དང་རས་གཞི་དེ་འདྲ་ཡང་བུམ་པ་རི་མོ་ཅན་དང་། རས་ཚོན་ཅན་རྒྱུའི་རྐྱེན་རྐྱེན་ཅན་ཕན་ཚུན་སྔ་མ་ལས་ཁྱད་པར་ཅན་དུ་གྱུར་པའི་སྐད་ཅིག་མའི་དུས་དེ་རྐྱེན་དང་རྐྱེན་ཅན་ཕྲད་པའི་དུས་དེར་འབྱུང་སྟེ། བུམ་པ་ལག་པས་བཟུང་བའི་གནས་སྐབས་བཞིན་ནོ། །འཁར་གཞོང་ད་ལྟ་བས། ཆུ་ད་ལྟ་བ་བརྟེན་སོགས་ཐམས་ཅད་དེ་བཞིན་ནོ། །དེའང་རྐྱེན་གསུམ་ཚོགས་པ་རྒྱུ་བྱས་ནས་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བའི་འབྲས་བུ་གཉིས་སྔ་ཕྱི་ཡོད་པར་བཤད་པ་ལྟ་བུ་ནི། རྐྱེན་གསུམ་ཚོགས་པའམ་ཕྲད་པའི་སྐད་ཅིག་དེ་ཉིད་ཀྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་ཉེར་ལེན་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་ལ་གོ་དགོས་སྙམ། སྣང་མུན་དང་ཚ་གྲང་ཕྲད་པའང་དེ་འདྲའོ། །


MR27_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ། ཕྲད་དང་ནུས་མེད་འགག་པ་སྟེ། །སྐད་ཅིག་གསུམ་པར་དོན་འགལ་ལྡོག །གསུངས། འགའ་ཞིག་ཏུ་རྫས་ཚོགས་པའི་ཆ་དང་རྫས་རྒྱུན་གྱི་དབང་དུ་བྱས་པ་སྟེ། དུས་མཐའི་སྐད་ཅིག་དང་རྡུལ་ཕྲ་རབ་ལྟ་བུའི་ཆ་ཕྲ་བའི་དབང་དུ་བྱས་ན། འགལ་བ་སྐད་ཅིག་དུ་མ་ལྷན་ཅིག་མི་གནས་ཏེ། སྣང་མུན་གཉིས་དང་པོ་ཕྲད་དུས་སྣང་མུན་གཉིས་མཉམ་དུ་མཐོང་དགོས་ན་དེ་མི་སྲིད། ནམ་ལང་བའི་དུས་ཀྱི་ཁང་ནང་ལྟར་སྣང་བ་སྐྱ་འོད་དེ་བ་ཡང་ཡོད་ན་མུན་པ་ཕྲ་བ་ཇི་བཞིན་མི་མཐོང་བ་ཡོད་པ་ལྟ་བུ་ནི་སྣང་རྡུལ་ཉུང་ལ་མུན་རྡུལ་མང་བའི་ཕྱིར་རྫས་ཀྱི་ཆ་ནས་བཞག་པ་དང་། རིམ་པས་དང་བའང་སྣང་རྡུལ་ཇེ་མང་སོང་བའི་རྒྱུན་གྱི་དབང་གིས་ཡིན་འདྲ། བློ་འགལ་ལྷན་ཅིག་ཕྲད་པ་མེད་པ་ལྷན་ཅིག་མི་གནས་གསུང་། དེ་ཡང་བདག་མེད་ལས་ཆེ་སྙམ་པ་སོགས་བློ་ཇེ་གསལ་ལོག་ཤེས་ཇེ་ཆུང་ཇེ་མེད་དང་འགལ་བ་དེ་དག་རང་རང་ངོས་སྐལ་གྱི་འགལ་ཟླ་འགོག་ནུས་ཀྱི་རང་ལས་ཆེ་བ་མིན་ནོ། །ཡང་དག་དཔྱད་ན་ཕྲད་པ་མི་སྲིད་ལ་མ་ཕྲད་པར་འགོག་པའང་མི་སྲིད་མོད། འགལ་ཟླས་འགལ་ཟླ་ཁེགས་པ་ཐ་སྙད་དུ་ཡོད་དེ་སྐྱེ་འགག་ལ་དཔྱད་པ་བཞིན་ནོ། །ཕྲད་ནས་འགོག་ཀྱང་ཕྲད་པའི་དུས་དེ་ཉིད་དུ་གཅིག་སྐྱེ་གཅིག་འགག་པའི་བྱ་བ་བྱེད་དོ། །འོ་ན་མེ་དང་གྲང་རེག་སྣང་མུན་གཉིས་ཀ་ཡོད་ནས་ཕྲད་དགོས་དེའི་ཚེ་གཅིག་ཤོས་མ་འགག་ལ་དེའི་རྗེས་སུ་འགག་པ་


MR27_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཉམ། ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་དཔྱད་ན་དུས་མི་མཉམ་ཀྱང་། དེའི་མཚམས་ཟིན་མི་ནུས་ཏེ། ཡང་དག་པར་འགག་ནས་སྐྱེ་བའང་མིན་ཏེ། འགག་ནས་སྐྱེ་ནུས་མེད་དོ། །དེས་ན་དོན་དམ་རིག་པས་དཔྱད་བཟོད་མེད་ཀྱང་། སྐྱེ་འགག་གི་ཐ་སྙད་གནོད་མེད་དུ་མཐོང་བ་ལ། སྔ་ཕྱི་མིན་པ་ལ་དུས་མཉམ་ཟེར་རམ། དེ་ལྟ་ན་ས་སྨྱུག་ལའང་མཚུངས་པས། དངོས་པོ་མི་འགལ་བ་རྒྱུ་འབྲས་ལྟ་བུ་དུས་མི་མཉམ་པར་རྒྱུན་རིམ་སྐྱེ་རུང་། འགལ་བ་ལ་དངོས་རྒྱུ་ཚང་བའི་སྐབས་སུ་འགལ་བ་གཉིས་ཀ་ཕྲད་མཉམ་ཚོགས་པའི་ཐ་སྙད་བྱས་ནས། དངོས་སུ་ཕྲད་དུས་གཉིས་ཀ་འགག་པ་མེ་ཆུ་སྟོབས་མཉམ་ལྟ་བུའམ། སྟོབས་ལྡན་གྱིས་གཅིག་ཤོས་གསོད་པ་ཁས་ལེན་ནམ། ཞིབ་ཏུ་དཔྱད་དགོས། ཧ་ཧ། ཁ་དོག་ཡིན་ན་དཀར་པོ་ཡིན་པ། མིན་པ། གཉིས་ཡིན། གཉིས་མིན་གང་ཡང་ཁས་བླང་མི་རུང་སྟེ། མུ་དང་པོ་འདོད་ན། པདྨ་རཱ་གའི་ཁ་དོག་དཀར་པོ་ཡིན་པ་དང་། གཉིས་པར་དུང་དཀར་པོ་དཀར་པོ་མིན་པར་ཁས་ལེན་དགོས་པ་དང་། དེ་གཉིས་ཡིན། དེ་གཉིས་མིན་མིན་པ་བཞིན་ནོ། །དུང་གི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པར་ཁས་བླང་མི་རུང་བར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན་དམ་བཅའ་ལ་མངོན་སུམ་ཚད་མས་བསལ་བ་འཇུག་གོ། འོ་ན་མུ་དང་


MR27_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁས་བླང་ན། པད་རག་དཀར་པོ་ཡིན་པ། གཉིས་པར་དུང་དཀར་པོ་མིན་པར་ཐལ་ནའང་། དུང་དཀར་པོར་ཁས་བླང་དགོས་པ་འདི། ཁ་དོག་ཡིན་ན་ཞེས་སྨྲོས་པས། ཁ་དོག་ཡིན་ཚད་ཀྱི་དོན་བསྡོམ་པའི་ཕྱིར་གོ་ལ། དུང་གི་ཁ་དོག་སྨྲོས་ཚེ་ཁ་དོག་གི་བྱེ་བྲག་དུང་གི་ཁ་དོག་དམིགས་ཀྱིས་འཛིན་པ། རྟག་ཁྱབ་ཚིག་ལ་ཁྱད་མེད་ཀྱང་ཁས་ལེན་དངོས་འགལ་དུ་མི་འགྱུར་བར་འདོད་དགོས། ཁ་དོག་ཡིན་ན་མདོག་རུང་ཡིན། ཁ་དོག་ཡིན། གཟུགས་ཡིན། མིག་ཤེས་ཀྱིས་རྟོགས་བྱ་ཡིན། མི་རྟག་པ་ཡིན་སོགས་ཁས་ལེན། དཀར་པོ་ཡིན་མིན་གང་ཡང་མིན་པའི་ཁ་དོག་ཁས་ལེན་རིགས་པར་འདོད་པའི་ཕྱིར་འདོད་ན། ཁ་དོག་ཡིན་ན་དཀར་པོ་ཡིན་པ་དང་མིན་པ་གང་རུང་ཡིན་དགོས་པར་ཐལ། དེ་གཉིས་དངོས་འགལ་གྱི་བར་ན་ཕུང་སུམ་མེད་པས། དེ་གཉིས་གང་རུང་དུ་ཁས་མ་བླང་ན། དེ་གཉིས་གང་ཡང་མིན་པའི་ཁ་དོག་འཇོག་དགོས་ན་དེ་མི་སྲིད་པའི་ཕྱིར། ཁ་དོག་རྫས་སྤྱི་ལ། རང་ལྡོག་ནས་བསམ་ན་ཁ་དོག་མིན། ཁ་དོག་གི་ལྡོག་པ་ཡིན་པས། དེ་ལྟར་ན་ཁ་དོག་ཁ་དོག་མིན། མདོག་རུང་མིན། མི་རྟག་པ་མིན་སོགས་སུ་ཁས་ལེན་དགོས། དེས་ན་དེ་ལའང་སྔ་ཕྱིའི་ཁས་ལེན་ཚུལ་འགལ་བ་འོང་། དམ་བཅའི་འགྲོ་ཚུལ་འདིས་ཤེས་བྱ་ཡིན་ན་རྟག་མི་རྟག་མུ་བཞི་ཁས་མི་ལེན། མི་


MR27_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། ཕོ་མོ་མ་ནིང་གང་རུང་དུ་ཁས་མི་ལེན་པ་སོགས་ཐམས་ཅད་རིགས་འགྲེ་སྟེ། སྤྱི་བརྗོད་ཀྱང་། སྤྱི་རྐྱང་བརྗོད་བྱ་མིན་ལ། བྱེ་བྲག་བརྗོད་ཀྱང་སྤྱི་བརྗོད་བྱར་མི་སྤོང་བ་སོགས་སྤྱི་རང་འདྲེས་པའི་གོ་ཚུལ་གཏད་སོ་མེད་པར་གར་བབ་ཀྱི་ཁས་ལེན་ཡིན། དེ་བཞིན་ཡིན་ལོག་རྒྱུ་འབྲས་སོགས་ཐམས་ཅད་ལ་ཤན་ཕྱེ་རྒྱུ་ཡོད་པ་ཞིབ་ཏུ་སྤྲོ་བར་བྱ་སྟེ། སྦྱོར་གཅིག་གིས་གཞལ་ནས་རིགས་འགྲེ་ཁ་འཕང་བྱའོ། །བསྡུས་ཚན་སྐོར། ཤེས་བྱ་ཆོས་ཅན། ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ་པར་ཐལ། ཁ་དོག་དམར་པོ་ཡོད་པའི་ཕྱིར། ཞེས་འཕེན། འདོད་ན། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དཀར་པོ་ཡིན་པས་ཁྱབ་པར་ཐལ། དཀར་པོ་ཡིན་པའི་ཕྱིར། འདིའི་སྐབས་སུ། སྔར་ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ་པར་ཁས་བླང་བ་རྟགས་སུ་བཀོད་ནས། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན་དུ་བྱས་ཚེ་རྟགས་ཁྱབ་ཚད་མས་གྲུབ་ཀྱང་། འདོད་ལན་མི་ཐེབ་སྟེ། དུང་དཀར་པོའི་ཁ་དོག་དཀར་པོ་མིན་པར་བསྙོན་འདིང་དུ་མེད་པས་འཁོར་གསུམ་སོགས་ཏེ། དམ་བཅའ་སྔ་ཕྱི་འགལ་བ་ལྟར་སྣང་ཡང་མི་འགལ་ཏེ། ཁས་བླང་དང་པོའི་སྐབས་སུ། ཁ་དོག་ཡིན་པ་ཙམ་ལས་བྱེ་བྲག་གི་དམིགས་མ་བཟུང་། ཕྱི་མའི་སྐབས་སུ་དུང་དཀར་པོའི་ཁ་


MR27_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དམིགས་སུ་བཟུང་བས་འདིའི་ཁྱབ་པ་མི་འགལ་ཏེ། སྔར་གྱི་ཁ་དོག་ཡིན་ན་ཞེས་པ་ཁ་དོག་གི་སྤྱིར་སྙེགས། འདིའི་ཁ་དོག་ཡིན་པའི་ཕྱིར་ཞེས་པ་དུང་གི་ཁ་དོག་ལ་གོ་བས། བཀོད་ཚོད་ལ་འགལ་ཏེ་ཚིག་མཚུངས་ཀྱང་སོང་ཚོད་ཀྱི་ཁས་ལེན་མི་འགལ་ཏེ། ཁ་དོག་ཡིན་ཞེས་པ་སྤྱི་དང་བྱེ་བྲག་གི་དོན་དུ་སོང་། ཁ་ཅིག་གིས། དུང་གི་ཁ་དོག་དཀར་པོ་ཡིན་པར་ཁས་བླང་རུང་སྟེ། ཁ་དོག་ཡིན་དཀར་པོ་ཡིན་པར་ཁས་མ་བླང་ཡང་། མིན་པར་ཡང་ཁས་མ་བླང་བའི་ཕྱིར། འདིར་དཀར་པོ་ཡིན་པར་ཁས་ལེན་རུང་ཟེར་བ་གྱི་ན་སྟེ། དུང་གི་ཁ་དོག་ཆོས་ཅན། དཀར་པོ་ཡིན་པ་དང་མིན་པ་གང་དུའང་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན་ཤེས་བྱ་རྟག་མི་རྟག་སོགས་དེའི་རིགས་འགྲེས་ཏེ་ཁས་ལེན་ཅི་ཡང་མི་རུང་བར་འགྱུར་རོ། །དེས་ན་སོང་བཀོད་ཀྱི་ཁས་ལེན་འགྲོ་ལུགས་འདི་དག་སྐྱེས་བུའི་ཞེ་འདོད་ཀྱིས་དེ་ལྟར་སྦྱར་བ་མིན་ཡང་། ཚིག་བརྗོད་པ་རང་གི་བབ་ཀྱིས་དེ་ལྟར་ཁས་ལེན་བྱ་དགོས་པ་ཡིན་ནོ། །མི་ཡིན་ན། ཕོ་མོ་མ་ནིང་གི་རྟེན་ཅན་གང་རུང་ཡིན་པར་ཁས་ལེན་དགོས་ཀྱང་། གང་རུང་རུང་ཟེར་ན་གསུམ་ཀར་ཁས་བླང་རུང་བ་གོ་བའི་ཚིག་སྐྱོན་ཅན་སྤང་ངོ་། །ཁ་དོག་གི་བྱེ་བྲག་དམིགས་བསལ་བ་དེའི་ཁ་དོག་ཅི་ཡིན་པ་དེ་ལྟར་འཛིན་ཏེ། ཁ་དོག་གི་བྱེ་བྲག་ཡིན་ཏེ་ཁ་དོག་མཐའ་དག་ཚང་ནའང་བྱེ་བྲག་ལས་མི་འདའ་འོ། །


MR27_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཡིན་ན་དེའི་བྱེ་བྲག་གསུམ་པོ་གང་རུང་ཡིན་ཡང་། རེ་རེ་མིན། ཤེས་བྱ་ཡིན་ན་རྟག་མི་རྟག་གང་རུང་ཡིན་ཡང་རེ་རེ་མིན་སོགས་འགྲེ། ཀིས་མགོ ཀ་བུམ་གཉིས་ཀ་ཀ་བ་མིན། བུམ་པ་མིན་ཟེར། འོ་ན་གཉིས་ཀ་མིན་པར་ཁས་ལོངས། དེ་གཉིས་ཀ་བ་ཡང་མིན། བུམ་པ་ཡང་མིན་པའང་ཁས་ལེན་ཡང་། མི་ཡིན་ན་ཕོ་ཡིན་པར་ཁས་མི་ལེན། མོ་ཡིན་པར་ཁས་མི་ལེན། མ་ནིང་ཡིན་པར་ཁས་མི་ལེན། གང་རུང་ཞེས་པའི་དམིགས་མ་བསལ་བས། མདུན་གྱི་དམ་བཅའ་བ་ཆོས་ཅན་དུ་བྱས་ན་ཕོར་ཁས་ལེན་པ་སོགས་སོ་སོར་ཕྱེ་སྟེ་རེ་རེར་ཁས་ལེན་རུང་། སྤྱིའི་སྐབས་སུ་རེ་རེར་ཁས་བླང་ན་གཞན་ཁེགས་པར་འགྱུར། ཕོ་མོ་མ་ནིང་གང་ཡང་མིན་པའི་མི་མེད་ཅེས་ཁས་བླང་དགོས། གཟུགས་ཁམས་ལྷ་དང་། བསྐལ་པ་དང་པོ་མ་སྐྱེས་བུ་ཞེས་པའི་མིང་ལས་ཕོ་མོ་སོགས་དབྱེ་བ་མེད་པས་སྐྱེས་བུ་སྟེ་ཕོར་བགྲང་ངམ། མ་ནིང་མིན་སོགས་སོ། །འོ་ན་མི་ཆོས་ཅན། ཕོ་མོ་མ་ནིང་གང་ཡང་མིན་པར་ཐལ། དེ་གང་དུའང་ཁས་ལེན་མི་རིགས་པའི་ཕྱིར། རྟགས་གྲུབ་སྟེ། ཕོར་ཁས་མི་ལེན། མོར་ཁས་མི་ལེན། མ་ནིང་དུ་ཁས་བླང་མི་རིགས་པའི་ཕྱིར། ཞེ་ན། མི་ཞེས་པའི་སྐབས་སུ་ཕོ་མོ་མ་ནིང་དམིགས་མ་ཕྱེ་བར་མི་ཡིན་ཚད་བཟུང་བས་རེ་རེར་ཁས་མི་ལེན་ཡང་། མིའི་རྟེན་གྱི་རང་མཚན་ནི་དེ་གསུམ་གང་རུང་ཡིན་དགོས་ཀྱི། གསུམ་ཀ་ཡིན་པ་


MR27_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གསུམ་ཀ་མིན་པ་མི་སྲིད་པའི་ཕྱིར། འོ་ན་གསུམ་པོ་དམིགས་མི་ཕྱེ་བར་བསྡོམས་ནས་འཛིན་པའི་ཚེ་དེ་འདྲའི་མི་ཞེས་པའི་མིང་དོན་དེ་མི་ཡི་རྫས་སྤྱི་ཡིན་པས། མི་རྫས་སྤྱི་ལ་དེ་མི་ཡིན་ལ། དེ་གསུམ་གང་ཡང་མིན་པར་དེ་གསུམ་མིན་པའི་མི་ཡོད་པར་ཁས་ལེན་དགོས་སོ་སྙམ་ན། མི་མི་ཡིན་ཞེས་པའི་སྐབས་སུ་སྒྲ་ཤེས་དོན་གོའི་འགྲོ་བ་ལ་བསམ་ནས། དེ་ལྟར་ཁས་ལེན་དགོས་ཀྱང་། མི་རྫས་སྤྱི་མ་ལ་བསམ་ན་མི་ཡི་སྒྲ་དོན་ཙམ་ཡིན་ལ། མི་མིན་བཅད་པའི་མི་ཡི་ལྡོག་པའམ་གཞན་སེལ་ནི་དངོས་མེད་རྟག་པ་སྤྱི་མཚན་ཡིན་པས། མི་ནི་དེ་གསུམ་ལས་ལོག་སྟེ་དངོས་སོ། །མི་རྟག་པ། རང་མཚན་ཡིན་ལ། མི་ཡི་ལྡོག་པ་མི་ཡིན་པར་མི་འགྱུར་རོ། །མིའི་བྱེ་བྲག་རེ་རེ་ནས་མིན་པའི་མི་དེ་ཡུལ་གང་ན་ཡོད། དུས་ནམ་བྱུང་བརྗོད་ཅིང་། ཡུལ་དུས་གང་ཡིན་མི་ཤེས་ན་མི་མེད་པར་ཐལ། ཡུལ་དུས་ཐམས་ཅད་ན་ཡོད་ན་ཁྱོད་སྨྲར་མྱོང་ངམ་སོགས་བརྗོད། དགེ་ལྡན་པ་ང་མིན་ཟེར་བ་ལའང་དེ་བརྗོད་ཅིང་། དེས་ན་སྒྲས་བརྗོད་བྱ་བརྗོད་པ་ཐམས་ཅད་ལ་སྒྲ་དོན་ཙམ་གྱི་གཞན་སེལ་གྱི་སྒོ་ནས་བརྗོད་ཀྱི། རང་མཚན་དངོས་སུ་བརྗོད་པ་མི་སྲིད་མོད། མིང་དོན་བརྗོད་ཚེ་སྤྱི་མཚན་རྐྱང་པ་ལ་མི་འཛིན་པར་སྤྱི་རང་འདྲེས་པའི་ཚུལ་གྱིས་ཐ་སྙད་བྱེད་དགོས་པ་གཞུང་སྤྱིའི་འགྲོ་ལུགས་ཡིན་པས་དེ་དང་འགལ་བར་སྨྲས་ན། ཁས་ལེན་གང་ཡང་མི་འགྲུབ་སྟེ།


MR27_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཙམ་བེམས་ཤེས་ལྡན་མིན་གསུམ་གང་ཡང་མིན་ཡང་། དངོས་པོ་མི་རྟག་པར་ཁས་ལེན་དེ་དངོས་པོའི་རང་མཚན་ལ་བསམ་པ་ཡིན། དངོས་པོའི་སྒྲ་དོན་ཙམ་གྱི་ལྡོག་པ་ནས་བསམ་ན་དངོས་པོ་རྟག་ཅེས་སམ། དངོས་པོ་དངོས་མེད་དང་རྟག་པ་ཡིན་པར་ཁས་ལེན་དགོས་ཀྱང་། དེ་ལྟར་སུས་ཁས་ལེན་རུང་། དངོས་པོའི་སྤྱི་མཚན་རྟག རང་མཚན་མི་རྟག་ཅེས་ཁྱད་ཕྱེ། སྤྱིར་དངོས་པོ་མི་རྟག་པར་ཁས་ལེན་མི་རུང་ལ། རི་བོང་རྭ་མེད་པར་འདོད་མི་རུང་སྟེ། རི་བོང་རྭའི་སྒྲ་དོན་ཡོད་པའི་ཕྱིར། སྒྲ་དོན་རི་རྭ་མིན་པས་རི་རྭའི་རང་མཚན་མེད་ཅེས་འདོད་ཀྱི། སྒྲ་དོན་ལ་དཔྱད་པས་ཅི་བྱ་ཟེར་ན། དངོས་པོ་སོགས་ཀྱི་སྒྲ་དོན་ཡང་དེ་དང་འདྲ་སྟེ། ཐམས་ཅད་རང་མཚན་ལ་མིང་བཏགས་ནས་དཔྱད་པ་འབའ་ཞིག་ཡིན་ཏེ། ཀ་བུམ་སོགས་ཐ་སྙད་དུ་ཡོད་པ་ལྟ་ཅི་སྨོས། གཙོ་བོ་ཡོན་ཏན་གསུམ་ལྡན། བདག་བྱེད་པ་པོ་རི་རྭ་སོགས་ཀྱང་སྒྲ་དོན་ཙམ་གྱི་དམིགས་ལ་བརྟེན་ནས་རང་མཚན་མེད་པར་དཔྱད་པ་ཡིན་པས་སྒྲ་དོན་གྱིས་ཅི་ཞིག་བྱ། དེ་ལྟར་ན་སྐྱེས་སོགས་གསུམ་གང་ཡང་མིན་པའི་མི་ཡོད་དགོས་ཏེ་མི་དེ་གསུམ་མིན་པའི་ཕྱིར་ན། དེ་གསུམ་མིན་པའི་མི་ཙམ་པོ་མི་མ་ཡིན་ཏེ། མིའི་སྒྲ་དོན་གྱི་ལྡོག་པ་ལ་བརྟེན་པའི་ཐ་སྙད་ཡིན་ནོ། །དེ་གསུམ་


MR27_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི་མིའི་འགྲོ་བ་མེད་ཀྱང་། མི་ཡིན་ན། དེ་གསུམ་རེ་རེར་ཁས་ལེན་མིན་ཕྱིར་གང་རུང་དུ་ཁས་ལེན་ཞེས་སོ། །དེ་གསུམ་གང་ཡང་མིན་པའི་མི་མེད་ན། དེ་གང་རུང་དུ་ཁས་ལེན་པ་ག་ལ་རིགས། མི་ཙམ་དང་མི་རྫས་སྤྱི་མ་དག་ན་མི་མིན་ཏེ་མི་ཡི་སྒྲ་དོན་ནམ་མི་ཡི་མིང་དོན་གྱི་གཞན་སེལ་ཡིན་ནོ། །དེ་ཚེ་ཡང་ཤེས་བྱ་ཡིན་ན་རྟག་མི་རྟག་སོགས། སྤྱི་བྱེ་བྲག་གི་ཁས་ལེན་ཐམས་ཅད་རིགས་འདྲ་བས་ཀུན་ལ་སྦྱར་ཏེ་ཤེས་སླའོ། །ཉིས་མགོ་ལ། ཀ་བུམ་གཉིས། ཀ་བ་མིན། བུམ་པ་མིན་པར་རྣམ་ཀུན་ཁས་ལེན་དགོས། དེ་ལྟ་ན། ཀ་བུམ་གཉིས་ཀ་བུམ་གཉིས་མིན་པར་ཡང་ཁས་ལེན་དགོས། དེ་ལྟ་ན་གོ་ཚུལ་དང་པོ་འབའ་ཞིག་ཏུ་ཁས་བླང་ན། ཀ་བ་ཀ་བ་ཡིན་བུམ་པ་བུམ་པ་ཡིན་པའི་ཀ་བུམ་གཉིས་ཀ་བུམ་གཉིས་ཀ་ཡིན་པའི་ཁས་ལེན་གྱི་གོ་མི་ཆོད་ན། ཉི་མ་ཉི་མ་ཡིན་པར་འདོད་དགོས། ཟླ་བ་ཟླ་བ་ཡིན་པར་འདོད་དགོས། སྐར་མ་སྐར་མ་ཡིན་ལ། ཉི་ཟླ་གཉིས་ཉི་ཟླ་གཉིས་ཀ་ཡིན། ཉི་ཟླ་སྐར་གསུམ་དེ་གསུམ་ཡིན་དགོས། དེ་མིན་ན། ཁྱོད་གཅིག་པུ། ཁྱོད་གཅིག་པུ། ཁྱོད་གཅིག་པུ་ཡིན་པར་ཁས་ལེན་དགོས། ཁྱེད་གཉིས་ཀ་ཁྱེད་གཉིས་ཀ ཁྱེད་གསུམ་ཀ་ཁྱེད་གསུམ་ཀ་ཡིན་སོགས་འགྲེ། ཁྱེད་གཉིས་ཁྱེད་གཉིས་མིན་ན། ཁྱེད་གཉིས་མེད་པར་ཐལ། ཁྱེད་གཉིས་ཁྱེད་གཉིས་མིན་ན་ཁྱེད་གཉིས་ཡིན་པ་མི་སྲིད་པའི་ཤེས་བྱར་


MR27_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཉི་ཟླ་སྐར་གསུམ་ཡིན་པ་མི་སྲིད་པའི་ཤེས་བྱ། ཀ་བུམ་གཉིས་དེ་འདྲ། དེས་ན་ཀ་བུམ་གཉིས་དེ་གཉིས་མིན་ཟེར་དུས་གོ་ལུགས་སོ་སོ་དཔྱད། ཁས་ལེན་དེའི་ཚུལ་ལྟར་ན། འགྲོ་བ་རིགས་དྲུག རྣམ་གྲོལ་གྱི་ལམ་ལྔ་སོགས་གཅིག་ཡིན་པར་མི་སྲིད་པར་ཁས་ལེན་དགོས་སོ། །ཁས་ལེན་སྔ་མ་ལྟར་ན་མི་དམྱལ་བའང་ཡིན། ལྷ་སོགས་གཞན་བཞིའང་ཡིན་པར་ཁས་ལེན་དགོས་ཀྱང་། བསམ་ཚུལ་གྱིས་མི་འགལ། མཐའ་གཅིག་ཏུ་འཛིན་ན། བཟློག་ཕྱོགས་ཀྱིས་གནོད་དོ། །དེས་ན་བསམ་པའི་ཁྱད་ཕྱེ་སྟེ་བརྗོད་དོ། །རིགས་དྲུག་ངོ་བོ་གཅིག་ཡིན་པ་མི་སྲིད། རིགས་དྲུག་རིགས་དྲུག་རང་རང་ཡིན་པར་སྲིད། ཧེཿ བུམ་སྤྱི་བུམ་སྤྱི་མིན་ཞེས་པ་ལ། བུམ་སྤྱི་དངོས་པོ་དང་ཤེས་བྱ་ལྟ་བུ་ལ་བསམ་ན་མི་འཐད། བུམ་སྤྱི་ཞེས་པའི་ཚིག་གི་རྣམ་བཅད་དམ་སྒྲ་དོན་འབའ་ཞིག་གི་ཆ་ནས་རྟགས་སྔ་འགྲིགས་ཀྱང་། བསྡུས་ཚན་རང་གི་ཁས་ལེན་འགའ་དང་འགལ་ཚུལ་བརྗོད་དོ། །དེ་འདྲ་ཀུན་ཏུ་སྟེ། རྣམ་ཀུན་སྒྲ་དོན་ཙམ་གྱི་ཆ་ནས་མི་འཛིན་ཏེ་ཞེན་པའི་བརྗོད་བྱ་གཙོ་བོར་བྱེད་པ་འཇིག་རྟེན་དང་བསྟན་བཅོས་སྤྱིའི་ལུགས་བཟུང་། དངོས་ཀྱི་བརྗོད་བྱ་སྤྱི་ཡི་དབང་དུ་བྱས་ན་དེ་ལྟར་གོ་རྒྱུ་ཡོད་ཅེས་ཤན་ཕྱེད་དགོས་ཀྱི། སྤྱི་དབང་རང་ལུགས་མི་བྱ། སྐྱེ་བ་འབའ་ཞིག་ལའང་། དུས་གསུམ་


MR27_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་སྟེ། སྐྱེ་ཁ་མ། སྐྱེ་བཞིན་པ། སྐྱེས་མ་ཐག་པ་གསུམ་གྱི་ཐ་སྙད་བྱར་ཡོད་པ་འགག་སོགས་ལ་སྦྱར། སྔ་ལོགས་སུ་བྱུང་བ་ཞེས་ཞེ་འདོད་དོན་གྱིས་རྒྱུ་ཡིན་པས་སྐད་ཅིག་ལ་བསམ་ན་དོན་གྱི་དབང་གིས་ཡིན། མིན་ན་བུམ་པའི་སྔ་ལོགས་སུ་བྱུང་བའི་རྡོ་ལོག་ཆོས་ཅན། བུམ་པའི་དངོས་རྒྱུ་ཡིན་པར་ཐལ་ལོ། །བུམ་མིན་ལས་ལོག་པའང་། བུམ་པ་མིན་ཚད་ལོག་པར་གོ་བ་ཡིན། གཞན་དུ་བུམ་མིན་གྱི་སྒྲ་འཇུག་ཡུལ་བྱེ་བྲག་པ་ལ་བསམ་ན། རྡོ་རིལ་ལས་ལོག་པ་སྟེ་སོགས་ཀྱང་བུམ་པ་མིན་པ་ལས་ལོག་པར་གོ་རུང་ངོ་། །འགལ་བ་ནི་གཞི་མཐུན་པ་ཆོས་ཐ་དད་ཡིན་ཚད་ལ་འགལ་བར་བསམ་ན། ས་མྱུག་ཀྱང་འགལ། ལྡོག་པ་ཐ་དད་ཀྱང་འགལ་བས། འགལ་བ་མིན་པ་མེད་པ་སོགས་དཔྱད། དེ་ལྟ་ན་གཞི་གྲུབ་ན་ཁྱོད་དང་ཁྱོད་འགལ་བས་ཁྱབ་སྟེ་རང་ལྡོག་ནས་གཅིག་ཡིན་པ་མི་སྲིད་པའི་ཕྱིར་ཞེས་པར་འགྱུར་རོ། །དེ་ལྟ་ན་གཞི་གྲུབ་ན་ཁྱོད་དང་ཁྱོད་མི་འགལ་ཞིང་འབྲེལ་བ་ཡིན་པས་ཁྱབ་སྟེ། ཆོས་ཐམས་ཅད་ཤེས་བྱ་ཡིན་པ་སོགས་ཀྱིས་འབྲེལ་བ་མེད་པ་མི་སྲིད་པས་འགལ་འབྲེལ་གཉིས་ཀ་ཡིན་པར་གྱུར་ན་གོ་རྒྱུ་ཅི་ཡོད། འཇིག་རྟེན་འདིར་ཡོད་པར་མི་སྲིད་པ་རི་བོང་ལ་རྭ་དང་མོ་གཤམ་ལ་བུ་ཡོད་པ་མི་སྲིད་པ་ཡིན་པས་ཁྱབ། གལ་ཏེ་འདི་མི་སྲིད་པ་རི་བོང་ལ་རྭ་དང་མོ་གཤམ་ལ་བུ་མེད་པ་སྲིད་པ་ཡིན།


MR27_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་སྲིད་པའང་སྲིད་པ་ཡིན། མེད་པར་སྲིད་པའང་སྲིད་པ་ཡིན། དེས་ན་ཡོད་པར་སྲིད་པ་ཡོད་པར་སྲིད་པ་ཡིན། མེད་པར་སྲིད་པ་མེད་པར་སྲིད་པ་ཡིན། མེད་པར་སྲིད་པ་མ་ཡིན་པའང་ཡོད་པར་སྲིད་པ་ཡིན་ཞེས་ཁས་ལེན་བསྡུས་གྲྭའི་ལུགས་ལ་རིགས་སོ། །མདུན་འདིར་ཡོད་པ་ཡོད་ལ་ཚིག་ཤན་འབྱེད་མི་དགོས། མེད་པ་མེད་ལ་ཤན་ཡོད་དེ། མེད་པ་མེད་ན་ལྷའི་མེ་ཏོག་འདིར་ཡོད་པར་ཐལ། མེད་པ་མེད་པའི་ཕྱིར། མེད་པ་ཡོད་ནའང་དེར་ཐལ། དེས་ན་མེད་པར་མེད་ཅེས་མདུན་འདིར་ལྷའི་མེ་ཏོག་མེད་པ་དེ་མེད་པའི་ཐ་སྙད་དུ་བྱ་བ་ལ་བཤད། མེད་པ་ཡོད་པ་ལྷ་ཡུལ་མེད་པའི་ཐ་སྙད་ཡོད་པ་ལ་བཤད་དོ། །ཡོད་པ་མེད་ཟེར་ན། མདུན་འདིར་ཡོད་པའི་དངོས་པོ་མེད་པར་འཕེན། མདུན་འདིར་ཡོད་པ་གཅིག་མེད་པར་ཐལ། འདོད་ན་མདུན་འདིར་ནམ་མཁའ་འམ་ཤེས་བྱ་མེད་པར་ཐལ་ལོ། །རི་རྭ་ཡོད་པ་མེད་པར་བཤད་སྙམ་ནའང་རུང་སྟེ། རི་རྭ་ཡོད་པ་མེད་ཀྱང་མེད་གོ་ཆོད་པའི་ཕྱིར་ཏེ། རི་བོང་ལ་རྭ་མེད་པས་མེད་གོ་ཆོད་པ་བཞིན། དེས་ན་མདུན་འདིར་ཡོད་པ་ཡོད་ཅེས་མཐའ་གཅིག་ཏུ་ཁས་ལེན་དགོས་ཏེ། མདུན་འདིར་ཤེས་བྱ་གཅིག་ཀྱང་མེད་པ་མི་སྲིད་ལ། གཅིག་ཡོད་ཀྱང་ཡོད་པ་ཡོད་པའི་གོ་ཆོད་དོ། །རི་རྭ་མེད་ཀྱང་དེ་ཡོད་པ་མིན། མདུན་འདིར་ནམ་མཁའ་མེད་པ་མི་སྲིད་པ་སོགས་སོ། །ཁང་པ་འདི་ན་ཅི་ཡང་མེད་


MR27_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ནམ་ཡང་བརྗོད་མི་རིགས་སྙམ་ན། དངོས་པོ་གཞན་མེད་པ་ལ་བརྗོད་པའི་ཕྱིར་ཡིན་ནོ། །དེས་ན་གཞི་དམིགས་སུ་བསལ་ཏེ་མ་བཟུང་བར་སྤྱིར་བརྗོད་པ་རྣམས་ལ་གཞི་དང་སྦྱར་བའི་གོ་ཚུལ་སྣ་ཚོགས་ཡོད་པ་ཤེས་པར་བྱའོ། །མངྒ་ལཾ། མེ་ལུག་ཟླ་གཉིས་ཚེས་༢༤དགེ་བར། སྨན་སྣ་ཚོགས་ཀྱང་འཐུང་། རྩ་ཀུན་དང་མགོ་ན། ལུས་ཀུན་བརྒྱལ་སྙམ་དང་ཤི་སྙམ་ངང་རྟོག་མང་དྲན་པ་ཡི་གེར་བྲིས་པ། ད་ནི་རེ་ཞིག་ངལ་བསོ། དགེ། །།སྤྱི་བྱེ་བྲག་སྐབས། རྫས་ཡོད་རྣམས་ཁྱོད་ཁྱོད་ཡིན། ཁྱོད་མིན་ཁྱོད་མིན་དུ་ངེས་ཀྱང་། བཏགས་ཡོད་ཙམ་གྱི་སྤྱི་སོགས་རང་རང་གི་ངོ་བོ་རྫས་སུ་མེད་ཀྱང་། ཆོས་གཞན་ལ་བརྟེན་ནས་བཏགས་པའི་ཕྱིར་ལྟོས་འཇོག་གིས་གྲུབ་དགོས་ཏེ། དངོས་པོ་དེ་རང་གི་བྱེ་བྲག་རྣམས་ལ་སྤྱི་ཡིན། རང་གི་སྤྱི་ཤེས་བྱ་ལྟ་བུ་ལ་ལྟོས་ནས་བྱེ་བྲག་ཡིན། གཞི་གཅིག་ལ་ལྟོས་ནས་སྤྱི་བྱེ་བྲག་འགལ་ཀྱང་། སྤྱིར་མི་འགལ། དེས་ན། སྤྱི་སྤྱི་མིན། སྤྱི་མིན་སྤྱི་མིན་ཞེས་ཀུན་ལ་འདྲ་སྟེ། སྤྱི་སྤྱི་ཡིན་ཏེ། དེའི་བྱེ་བྲག་མེད་པའི་ཕྱིར། སྤྱི་མིན་སྤྱི་མིན་ཏེ། ཆོས་ཀུན་དེའི་བྱེ་བྲག་མིན་དགོས་འདྲ་དཔྱད། ཆོས་ཀྱི་བྱེ་བྲག་གི་སྤྱིའི་སྒོ་ནས་བརྗོད་ན། བུམ་པའི་སྤྱི་བུམ་སྤྱི་མིན་སོགས་གང་གི་སྤྱིར་སྦྱར་ཡང་རུང་ངོ་། །ཤེས་བྱ་སོགས་ལ་བསམ་ན། སྤྱི་སྤྱི་མིན་མི་འགྲིགས། སྤྱི་ཙམ་གྱི་རང་ལྡོག་ལ་བསམ་ནའང་། སྤྱི་སྤྱི་མིན་ན་སྤྱི་


MR27_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་མོད། སྤྱི་སྤྱི་ཡིན་ན་དེའི་བྱེ་བྲག་ཡོད་དགོས་པའི་ཁས་ལེན་དང་སྦྱར་ན། དེ་ལྟར་ཁས་ལེན་སྲིད་པ་ལ་བསམ་པ་ཡིན་ནོ། །སྙམ་དགེ། དེས་ཚིག་གི་ངོས་ནས་བརྗོད་ན། བུམ་པའི་སྤྱི་ཞེས་པ་དེ་ཤེས་བྱ་སོགས་ལ་དེའི་བྱེ་བྲག་ཡོད་པའི་ཆ་ནས་བཏགས་ཀྱི་རང་གི་ངོ་བོས་ཡོད་པ་མིན་པའི་གནད་ཀྱིས་མིང་ཙམ་གྱི་ལྡོག་པ་ནས། བུམ་པ་དང་སྤྱི་བྱེ་བྲག་ཡིན་པ་མི་འགྲིགས། སྤྱི་མ་ཡིན་པ་ཞེས་བརྗོད་ཚེ། དེ་མ་གཏོགས་པའི་ཆོས་ཀུན་ལ་སྙེག་རུང་བས། ཤེས་བྱ་དངོས་པོ་སོགས། དེའི་བྱེ་བྲག་ཡིན་པས། བུམ་པ་དང་སྤྱི་བྱེ་འགྲིགས་པར་འགྲོ་བ་གཞི་ཀུན་ལ་འགྲེ། བུམ་པའང་བུམ་མིན་ལས་ལོག་པའི་བུམ་ལྡོག་ནི་བཏགས་ཡོད་ལྡོག་ཆོས་ཡིན་མོད་ཀྱི། བུམ་པ་བཏགས་ཡོད་མིན་པའི་ཆ་ནས་དེའི་ལྡོག་པ་དེ་ལྟར་དཔྱད། ནམ་མཁའ་སོགས་བཏགས་ཡོད་ཡིན་ཡང་། བཏགས་རྐྱང་མིན་ཏེ། མིང་རྐྱང་བཏགས་ཡོད་ཡིན་ན་བཏགས་དོན་མེད་ཁྱད་དཔྱད། དགེ། ཀ་བའང་ཡིན་བུམ་པའང་ཡིན་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་གཞལ་བྱ་ཡིན་པའི་ཕྱིར། མིན་པ་མི་སྲིད་པའི་ཤེས་བྱ་ལ་མ་ཁྱབ་པའི་ཕྱིར། ཁྱོད་ཀྱི་ལུགས་ལ་ཚིག་བརྗོད་ཚུལ་ལ་སྲིད་པས་ཡོད་གོ་ཆོད་པ་དང་གཞལ་བྱ་དང་ཤེས་བྱ་ཡིན་པར་ཁས་ལེན་པས། རི་རྭ་ཡོད་པ་དང་བརྗོད་མ་ཐག་པ་ལྟ་བུའང་ཡོད་པ་དང་།


MR27_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཁྱོད་མིན། ཁྱོད་མིན་པ་ཁྱོད་ཡིན་པ་སོགས་མིན་པ་མི་སྲིད་པའི་ཤེས་བྱ་ཡོད་པར་ཁས་ལེན་པ་ཁྱོད་ཀྱི་ལུགས་ཡིན་ནོ། །དེ་ལྟ་ན་ཡིན་མིན་ཡོད་མེད་ཕན་ཚུན་འགལ་མིན་པས་དངོས་པོ་ཡིན་ན་མི་རྟག་པ་ཡིན་སོགས་མཐའ་གཅིག་ཏུ་ཁས་ལེན་པ་གང་ཡང་མི་རུང་བའི་སྐྱོན་དུ་འགྱུར་ལ། མཐར་ཁས་ལེན་གཏད་སོ་མེད་པའི་འཆལ་གཏམ་སྨྱོན་པའི་ངག་ལྟ་བུར་འགྱུར་རོ། །གང་དྲན་དྲན་ཁས་བླང་རུང་བར་འགྱུར་རོ། །དེ་ལྟ་ན་ཀ་བུམ་གཉིས་འགལ་བ་མིན་པར་འགྱུར་རོ། །རྫས་སྤྱི་ཉིས་མགོ་བཅད་ནས་ཞེས་སྦྱར་སྙམ་ན། བུམ་སྤྱི་བུམ་སྤྱི་མིན་པ་སོགས་ལའང་རྫས་སྤྱི་ཉིས་མགོ་བཅད་ན་ཁྱོད་ཀྱི་ལུགས་དེ་ཁོ་ནར་མི་འགྲུབ་བོ། །ཉིས་མགོ་བཅད་ན་རང་གི་ལྡོག་ཆོས་ག་ལ་འགྲུབ། རྫས་སྤྱི་བཅད་ན། བུམ་སྤྱི་བུམ་སྤྱི་མིན་པ་ག་ལ་འགྲུབ། རྫས་སྤྱི་འབའ་ཞིག་བཟུང་ན་བུམ་སྤྱི་མིན་པ་བུམ་སྤྱིར་ག་ལ་འགྱུར། ཞེན་པས་བརྗོད་བྱ་རང་མཚན་བྱེ་བྲག་པ་བཟུང་ན་མིན་སྤྱིར་ག་ལ་འགྱུར། ཞེན་པས་བརྗོད་བྱ་སྤྱིར་བཟུང་ན་འགྲུབ་ཚད་ཀྱི་དེ་སྔ་མ་བུམ་སྤྱི་རྫས་སྤྱི་བཟུང་ནས་དེ་བཅད་པའི་སྒྲའི་ཤན་གྱིས་ཡིན་ནོ། །དེ་ལྟ་ན་དངོས་པོའི་སྒྲ་དོན་དངོས་པོར་མི་འགྱུར་བས། དངོས་པོ་ཀ་བའི་དངོས་པོར་མི་འགྱུར་ལ་དངོས་པོ་མིན་པ་ཀ་བའི་དངོས་པོར་འགྱུར་ཏེ། ཀ་བའི་དངོས་པོ་དེ་དངོས་པོའི་དོན་སྤྱི་ཡིན་པའི་ཕྱིར་


MR27_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དངོས་པོའི་བྱེ་བྲག་གང་ཡང་མིན་པའི་དངོས་པོའི་སྒྲ་དོན་ཙམ་ཡིན་ལ། དེ་དངོས་པོ་མིན་ནོ། །དངོས་པོ་དངོས་པོ་མིན་པར་བརྗོད་ན་མིང་གིས་བརྗོད་ཚད་རང་རང་ཉིད་མིན་པར་འགྱུར་ལ། དངོས་པོའི་བརྗོད་དོན་ཤེས་བྱ་ལ་མེད་པར་འགྱུར་རོ། །དངོས་པོ་དངོས་པོ་མིན། དངོས་པོའི་བྱེ་བྲག་དངོས་པོ་ཡིན་ཟེར་དགོས་ལ། དེ་ལྟ་ན་བྱེ་བྲག་ཀྱང་དངོས་པོ་མིན། ཀ་བའང་མིན། ཙན་དན་ཀ་བའང་དངོས་པོ་མིན་སོགས་མཐར་རང་མཚན་ཉག་གཅིག་ལ་མ་ཐུག་བར་དུ་མི་འགྲུབ། རང་མཚན་འབའ་ཞིག་སྒྲའི་ཡུལ་མ་ཡིན་པས་སྒྲས་དོན་གོ་བ་མི་སྲིད་དོ། །དངོས་པོ་དངོས་པོ་ཡིན་ཏེ་དངོས་པོ་དངོས་པོའི་བྱེ་བྲག་མིན་ཏེ་དངོས་པོ་བྱེ་བྲག་པ་ཀུན་གྱི་སྤྱི་མ་ཡིན་པའི་ཕྱིར། བུམ་སྤྱི་སྤྱི་ཡིན་ཏེ་སོགས་འགྲེ། བུམ་སྤྱི་ལ་དོན་སྤྱི་རིགས་སྤྱི་ཚོགས་སྤྱི་གསུམ་ཡོད་པའི། བུམ་པའི་སྤྱི་ཞེས་པ་རིགས་ཀྱི་བརྗོད་པའི་སྒྲ་ཡིན་མོད། རིགས་སྤྱིའི་དོན་སྤྱི་འབའ་ཞིག་བཟུང་ནས་དེ་ལྟར་སྨྲ་བ་ལ་དཔྱོད། ཀ་བུམ་གཉིས་འགལ་བའང་མི་འགལ་བའང་ཡིན་པར་ཐལ། རང་མཚན་འགལ་ལ་ལྡོག་པ་མི་འགལ་བའི་ཕྱིར། ཀ་བུམ་གཉིས་ཡིན་བརྗོད་པའི་ལྡོག་པ་མི་འགལ་བའི་ཕྱིར། ལྟ་བུས་སོ། །རང་ལུགས་ཀ་བུམ་གཉིས་ཀྱི་རྫས་འགལ་བར་མ་ཟད། ལྡོག་པའང་འགལ་ཏེ་ཀ་བའི་སྒྲས་ཀ་མིན་གཅོད་ལ། ཀ་མིན་


MR27_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒྲས་ཀ་བ་གཅོད་པའི་ཕྱིར། གཉིས་ཀ་ཡིན་པའི་ལྡོག་པ་མི་སྲིད་དོ། །ཚིག་བརྗོད་པ་ཙམ་ལ་སྲིད་པ་ནི་དེ་གཉིས་འགལ་བའི་ལྡོག་པ་གཅིག་པ་མེད་ཀྱང་ཡོད་པ་ལྟ་བུར་བསྟན་པའི་སྒྲ་བརྗོད་ཀྱི་སྟོང་པ་རི་བོང་རྭ་བརྗོད་པའི་སྒྲ་བཞིན་ནོ། །དོན་ཀ་བུམ་རང་ལྡོག་འགལ་བའི་གཞི་མཐུན་བརྗོད་པ་འདི་འབའ་ཞིག་གི་སྒྲའི་རྣམ་བཅད་ཙམ་བློ་ཡུལ་དུ་འཕེན་པ་ཡིན་ནོ། །འདི་འདྲ་བཀག་པ་མེད་དེ། རི་རྭ་དང་རྟག་བདག སྒྲ་རྟག་པ་སོགས་པ་བཞིན་ནོ། །འདི་འདྲའི་སྒྲ་ལ་བརྗོད་བྱའི་རང་མཚན་མེད་ཀྱང་། སྒྲ་ཙམ་གྱིས་བློ་ཡུལ་དུ་འཕང་བའི་དོན་སྤྱི་ལ་བཏགས་པས་རང་མཚན་ཡོད་པ་ལྟར་ཞེན་པའི་དབང་དུ་བྱས་ཏེ་ཞེན་ཡུལ་རང་མཚན་ཡོད་པ་དགག་པ་ཡིན་ནོ། །དེས་ན་སྤྱི་ཙམ་གྱི་དབང་དུ་བྱས་ན་སྒྲས་བརྗོད་བྱ་མིན་པའི་ཤེས་བྱ་མེད་ཀྱང་རང་མཚན་གྱི་དབང་དུ་བྱས་ཏེ། བརྗོད་བྱ་མིན་སོགས་འབྱེད་དེ། སྒྲ་དོན་ཙམ་གྱི་དབང་དུ་བྱས་ན་ཤེས་བྱ་མིན་པ་མེད་དེ། ཤེས་བྱ་མིན་པའང་ཤེས་བྱ་མིན་པར་ཤེས་བྱ་ཡིན་སོགས་འགྲེ། རང་མཚན་གྱི་དབང་དུ་བྱས་ན་ཤེས་བྱ་མིན་པ་ཡོད་དེ། རི་བོང་རྭའི་རང་མཚན་དང་། ཡིན་པ་མི་སྲིད་པའི་ཤེས་བྱའི་རང་མཚན་བཞིན་ནོ། །སྤྱིར་ཡིན་པ་མི་སྲིད་པ་ཡོད་དམ་མེད། ཡོད་ན་ཀ་བུམ་ཡིན་པ་སོགས་ཡོད་པར་འགྱུར། མེད་ནའང་ཡིན་པ་མི་སྲིད་པ་མེད་པའི་ཕྱིར། ཐམས་ཅད་


MR27_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་སྲིད་པར་འགྱུར་ལ། ཀ་བུམ་སོགས་ཀྱི་ཡིན་པ་ཡོད་པར་འགྱུར་རོ། །ཡོད་པ་མི་སྲིད་པ་ལའང་དེ་བཞིན་ནོ། །ཡིན་པ་མི་སྲིད་པ་ཡོད་པ་ཡིན་ནམ་མེད་པ་ཡིན། ཡོད་ན་གོང་བཞིན། མེད་པ་ཡིན་ན་གོང་བཞིན། དེ་ཡོད་མེད་གང་དུའང་ཚིག་གི་ལམ་ནས་ཁས་ལེན་མི་ནུས་པ་ཧོ་ཧོ། གཉིས་ཡིན་གཉིས་མིན་ནི་མེད་དོ། །དེ་ལྟ་ན་ཡིན་པ་མི་སྲིད་པ་ཡོད་ན་གོང་བཞིན། མེད་ན་ཡིན་པ་མི་སྲིད་པ་མེད་ན་དགག་པ་གཉིས་ཀྱིས་རྣལ་མ་གོ་བས་ཡིན་པ་སྲིད་པར་འགྱུར་རོ། །འདི་དགག་གཉིས་རྣལ་གོ་མིན་ཏེ། ཡིན་པ་མི་སྲིད་པ་ནི་ཐ་སྙད་དུ་རང་མཚན་མེད་པར་བརྗོད་དོ་ཟེར་ན། ཡིན་པ་མི་སྲིད་པའི་ཤེས་བྱ་ཡོད་པ་ནི་སྒྲ་དོན་ལའང་མེད་པས་ཤེས་བྱ་ཡིན་པར་ཁས་བླང་བ་འགལ་ལོ། །ཧེ་ཧེ། མེད་ཟེར་ན་གོང་བཞིན་དང་། ཀ་བུམ་གཉིས་ཡིན་པ་མི་སྲིད་པའི་ཤེས་བྱར་ཁས་བླང་བ་འགལ་ལོ། །དེ་དང་ཆ་འདྲ་བ་འཇིག་རྟེན་འདི་ན་མི་སྲིད་པ་ཡོད་དམ་མེད། ཡོད་ན་རི་རྭ་ཡོད་པར་ཐལ་ཏེ། འཇིག་རྟེན་འདི་ན་མི་སྲིད་པ་རི་རྭ་དང་། ཀ་བུམ་གྱི་ཡིན་པ་སོགས་ཡིན་པས། ཁྱོད་ཀྱིས་མི་སྲིད་པ་ཡོད་ཅེས་ཁས་བླང་པའི་ཕྱིར། མེད་ཟེར་ནའང་། རི་རྭ་སོགས་ཡོད་པར་ཐལ་ཏེ། འཇིག་རྟེན་འདི་ན་མི་སྲིད་པ་རི་རྭ་སོགས་ཡིན་ལ། མི་སྲིད་པ་མེད་ན་ཐམས་ཅད་སྲིད་པར་འགྱུར་རོ། །དེས་ན་དགག་པའི་ཚིག་ཅན་གྱི་མཐར་ཡོད་


MR27_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཁས་ལེན་སྦྱར་བ་ཐམས་ཅད་འདི་འདྲར་འགྱུར་ཏེ། དོན་གྱིས་རྣམ་པར་མ་བཅད་ན་ཚིག་ཁོ་ནས་དཀའ་འོ། །ཧེ་ཧེ་ཧ་ཧ། མི་སྲིད་པ་སྲིད་པ་ཡིན་ནམ་མི་སྲིད་པ་ཡིན་སོགས། དེའི་རིགས་ཐམས་ཅད་དེ་ལྟར་དཔྱད་དོ། །མི་སྲིད་པ་མི་སྲིད་པ་ཡིན། མི་སྲིད་པ་མ་ཡིན་མི་སྲིད་པ་མ་ཡིན། ཡང་ན། མི་སྲིད་པ་མི་སྲིད་མ་ཡིན། མི་སྲིད་པའང་ཡིན་པ་མི་སྲིད་པ་མ་ཡིན་ནོ། །ཡང་ན། མི་སྲིད་པ་སྲིད་པ་ཡིན། མི་སྲིད་པ་མ་ཡིན་པའང་སྲིད་པ་ཡིན། སྲིད་པ་སྲིད་པ་ཡིན། སྲིད་པ་མ་ཡིན་པའང་སྲིད་པ་ཡིན་སོགས། དོན་ལ་བསམ་ནས་ཁས་བླང་གང་དྲན་དྲན་རུང་བ་ཚིག་གིས་གྱ་གྱུས་ཅི་བྱ། ཧ་ཧ། ཡང་རི་རྭ་ཆོས་ཅན། རྟག་པ་ཡིན་པར་ཐལ། དངོས་པོ་མེད་པའི་ཕྱིར། སོགས། བདག་ཆོས་ཅན། རྟག་པ་ཡིན་པར་ཐལ། བདག་མེད་པའི་ཕྱིར། རི་རྭ་ཆོས་ཅན། མེད་པར་ཐལ། གཏན་མེད་ཡིན་པའི་ཕྱིར། ལྟ་བུ་ལ་ཆོས་ཅན་གཞི་གྲུབ་པས་རྟགས་མ་གྲུབ་པའི་ལན་མི་ཐེབ། རི་རྭ་ཆོས་ཅན། ཡོད་པར་ཐལ། དགག་བྱ་ཡིན་པའི་ཕྱིར། བདག་ལའང་དེ་འདྲ་སོགས་དཔྱད། རི་རྭ་ཆོས་ཅན། ཁ་དོག་ཡིན་པར་ཐལ། སྔོན་པོ་ཡིན་པའི་ཕྱིར། ལྟ་བུ་ཆོས་ཅན་གཞི་མ་གྲུབ་པས་རྟགས་མ་གྲུབ་ལན་ཐེབ། རི་རྭ་ཆོས་ཅན། རི་རྭ་ཡིན་པར་ཐལ། རི་རྭ་ཡིན་པའི་ཕྱིར། རི་རྭ་རི་རྭ་ཡིན་པ་མེད་དེ། འདི་སྒྲའི་རྣམ་བཅད་ཙམ་ལ་དོན་རང་མཚན་མེད་པས། རི་རྭ་


MR27_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རི་རྭ་ཡིན་ན་རི་རྭ་རྫས་ཡོད་དུ་འགྱུར་རོ། །རྣམ་བཅད་ལ་རི་རྭ་རི་རྭ་མིན་ན། རི་བོང་རྭ་མེད་རི་བོང་རྭ་མེད་མིན་པར་མཚུངས་སོ། །གཉིས་དང་གཉིས་མིན་སོགས་འདྲའོ་སྙམ་དཔྱད། རི་རྭའི་སྒྲ་དོན་རི་རྭའི་སྒྲ་དོན་མིན་པའི་ལྡོག་པར་བསམ་ན་དེ་འདྲ། རི་རྭ་རི་རྭ་མིན། རི་རྭ་མིན་པ་རི་རྭ་ཡིན་ན། དེ་ཡང་རང་མིན་ལྡོག་ཆོས་སུ་འགྱུར། དེ་ལྟ་ན་རི་རྭ་རྟག་པར་འགྱུར་རོ། །དེས་ན་ཡོད་པ་མི་སྲིད་པ་རྣམས་ལ། རྟག་མི་རྟག་ཡིན་མིན་མེད་འདྲ་ཡང་། མེད་ན་ཁས་ལེན་གང་ཡང་མེད་པར་འགྱུར་ན་དེ་མི་འཐད་དོ། །ཡང་རྫས་བཏགས་གང་རུང་གི་སྒོ་ནས་ཡོད་པར་ཁས་བླང་དགོས་པའི་ཤེས་བྱ་རྣམས་རང་རང་ཡིན་དགོས་ཏེ། མིན་ན། མེད་པ་རི་རྭ་དང་། ཀ་བུམ་གཉིས་ཡིན་སོགས་བཞིན། མེད་པར་ཁས་བླང་དགོས་སོ། །ཤེས་བྱ་ཤེས་བྱ་ཡིན། རྟག་པ་རྟག་པ་མིན་སོགས་དཔྱད། བུམ་སྤྱི་དཔྱད་དོ། །བུམ་པ་བུམ་པའི་བྱེ་བྲག་གི་སྤྱི་ཡིན། བུམ་པའི་བྱེ་བྲག་བུམ་པའི་བྱེ་བྲག་གམ་བུམ་པའི་སྤྱི་ཡིན། བུམ་སྤྱི་བུམ་པའི་སྤྱི་མིན། བུམ་སྤྱི་བུམ་སྤྱི་ཡིན། གཞན་ཡང་དོན་གྱི། བུམ་པའི་སྤྱི་དངོས་པོ་སོགས་ཀྱི་མིང་མིན་པའི་མིང་གང་ཡང་རུང་བ་བརྗོད་ན། དེ་བུམ་སྤྱི་མིན་ལ། དེ་མིན་བུམ་སྤྱི་རྟགས་སྔ་འགྲིགས་ཏེ། རྡོ་རིལ་བུམ་སྤྱི་མིན། རྡོ་རིལ་མིན་པ་བུམ་སྤྱི་ཡིན་པ་འདུག་ན། དེ་རང་མིན་ལྡོག་ཆོས་ག་ལ་ཡིན། བུམ་པའི་བྱེ་བྲག་བུམ་སྤྱི་མིན། བུམ་


MR27_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་བུམ་པའི་བྱེ་བྲག་མིན། བུམ་པའི་བྱེ་བྲག་མིན་པ་བུམ་སྤྱི་མིན་ཏེ། བུམ་པ་བུམ་པའི་བྱེ་བྲག་མིན་པ་མིན་སོགས་དཔྱད། བུམ་པའི་བྱེ་བྲག་དེ་གསེར་བུམ་གྱི་སྤྱི་ཡིན། གསེར་བུམ་བུམ་པའི་བྱེ་བྲག་ཡིན། བུམ་པའི་བྱེ་བྲག་ཡིན་ལ་གསེར་བུམ་མིན་པ་ཟངས་བུམ་སོགས་ཡོད་པ་ཡིན་ནོ། །བུམ་པའི་སྤྱི་བུམ་པའི་སྤྱི་མིན། བུམ་པའི་བྱེ་བྲག་བུམ་པའི་སྤྱི་ཡིན་པར་ཡང་ཁས་ལེན་དགོས་ཏེ། གསེར་བུམ་དེ་བུམ་པའི་བྱེ་བྲག་ཡིན་སོགས་འགྲིགས། དེའི་ཚིག་ལྟར་ན་བུམ་པའི་བྱེ་བྲག་ཡིན་ན་བུམ་སྤྱི་ཡིན་པའི་ཁྱབ་པར་ཐལ། འདོད་ན། གསེར་བུམ་ཆོས་ཅན། བུམ་པའི་སྤྱི་ཡིན་པར་ཐལ། དེའི་བྱེ་བྲག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་སྤྱི་ཡི་རྟགས་སྔ་ཚིག་དང་དོན་གྱི་ཆ་གང་ནས་ཀྱང་མི་འགྲིགས་པས་སོ། །བུམ་པའི་སྤྱི་ཡིན་ན་བུམ་སྤྱི་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། དངོས་པོ་ཆོས་ཅན། བུམ་སྤྱི་མིན་པར་ཐལ། བུམ་སྤྱི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་སྔ་ཚིག་དོན་གཉིས་ཐད་ནས་འགྲིགས་པའི་ཕྱིར། བུམ་སྤྱི་བུམ་སྤྱི་མིན་པ་དང་། བུམ་པའི་བྱེ་བྲག་བུམ་སྤྱི་ཡིན་པའི་ཁྱབ་མཐའ་འཆའ་མི་ནུས་ཏེ། བུམ་པའི་བྱེ་བྲག་ཡིན་ན་བུམ་སྤྱི་ཡིན་པའི་ཁྱབ་པར་ཐལ། འདོད་མི་ནུས་ཏེ། གསེར་བུམ་ཆོས་ཅན། བུམ་སྤྱི་ཡིན་པར་ཐལ། བུམ་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཟངས་བུམ་གྱི་སྤྱི་མ་ཡིན་པས་སོ། །དེས་ན་ཚིག་བརྗོད་པ་ཙམ་གྱིས་ཡིན་མིན་ལྟར་


MR27_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འདིས་ཁྱབ་མཐའ་མི་ཆོད་པས་ཁས་བླང་གོ་མི་ཆོད་ལ། བུམ་སྤྱི་ཞེས་པ་དངོས་པོ་སོགས་ལ་བཟུང་ན། དངོས་པོ་ཡིན་ན་བུམ་པའི་སྤྱི་ཡིན་པས་ཁྱབ་པ་ཁས་ལེན་ནུས། བུམ་སྤྱི་མིན་པ་བུམ་སྤྱི་མིན་པའི་ཁྱབ་མཐའ་འཆའ་ནུས་ཏེ། བུམ་སྤྱི་མིན་པ་རྡོ་རིལ་སོགས་བཞིན་ནོ། །ཁྱོད་ཀྱི་ལུགས་ལྟར་ན། བུམ་སྤྱི་ཡིན་ན་བུམ་སྤྱི་མིན་པའི་ཁྱབ་པ་ཁས་ལེན་མི་ནུས་ཏེ། རྡོ་རིལ་ཆོས་ཅན། བུམ་སྤྱི་ཡིན་པར་ཐལ། བུམ་སྤྱི་མིན་པ་ཡིན་པའི་ཕྱིར་ཞེས་འགོད། ཀ་བུམ་གཉིས་ཡིན་ན་དེ་གཉིས་མིན་པའི་ཁྱབ་མཐའ་མི་ཆོད་དེ། ཀ་བུམ་གཉིས་ཆོས་ཅན། ཀ་བ་མིན་པ་སོགས་གོང་འདྲ། ཀ་བུམ་གཉིས་མིན་ན་ཀ་བུམ་གཉིས་མིན་པས་མ་ཁྱབ་སྟེ། ཀ་བུམ་གཉིས་ཀ་མིན་པའི་ཀ་བུམ་བཞིན། ཀ་བུམ་གཉིས་ཡོད་པ་དང་བེམས་པོར་ཁས་ལེན་པས་དེ་མེད་ན་མི་རུང་ངོ་། །བདག་གི་ལུགས་ལྟར་ན། ཀ་བུམ་གཉིས་རེ་རེ་ནས་དེ་གཉིས་མིན་ཡང་། ཀ་བུམ་གཉིས་ཀ་ཡིན། ཀ་བུམ་གཉིས་ཀ་བུམ་གཉིས་མིན་ན། ཀ་བུམ་གཉིས་ཡིན་པ་མི་སྲིད་པ་རི་བོང་རྭ་དང་འདྲ་བས། ཡོད་པ་དང་བེམས་པོ་དང་མི་རྟག་པར་ཡང་ཁས་ལེན་ག་ལ་རུང་། དེས་ན་ཁྱོད་ལ་དམ་བཅའ་གཏན་པོ་མེད་པའི་ཚིག་ཙམ་མོ། །ཞེས་སོ། །དེ་བཞིན་དུ་དོན་གྱི་དབང་དུ་བྱས་ཏེ། ཤེས་བྱ་ཡིན་ན་ཤེས་བྱ་ཡིན་ཞེས་པས་མ་ཁྱབ་པར་ཐལ། ཤེས་བྱ་མིན་པའང་ཤེས་བྱ་ཡིན་པའི་ཕྱིར།


MR27_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་མིན་པ་ཤེས་བྱ་ཡིན་ན། ཤེས་བྱ་མིན་པ་ཤེས་བྱ་ཡིན་པར་འགྱུར་ལ། ཤེས་བྱ་མ་ཡིན་པ་ཡིན་ན་ཤེས་བྱ་ཡིན་པར་ཡང་ག་ལ་འགྱུར། འདོད་ན། ཤེས་བྱ་མིན་པ་དང་ཡིན་པ་མི་འགལ་བས་འགལ་བའི་གཞི་མཐུན་པ་ཡོད་པར་འགྱུར་ལ། ཕན་ཚུན་སྤང་འགལ་མེད་པར་འགྱུར་རོ། །གྱུར་ན། ཡིན་པ་དང་མིན་པ་གང་དྲན་དྲན་དུ་ཁས་བླང་རུང་བར་འགྱུར་རོ། །གཞལ་བྱ་རྟག་པ་སོགས་ཀུན་ལ་དེས་འགྲེ། དོན་ལ་ཤེས་བྱ་མིན་པ་ཞེས་པས་ཤེས་བྱ་ཡིན་པ་བཀག ཤེས་བྱ་མིན་པ་ཞེས་པས་ཤེས་བྱ་མིན་པ་མི་འགོག་ན། ཡིན་མིན་གྱི་སྒྲ་དངོས་འགལ་མིན་པར་འགྱུར་རོ། །དེ་སྲིད་ན། ཀ་བ་ཡིན་པ་དང་མིན་པ་གཉིས་གཞི་གཅིག་ཏུའང་མི་འགལ་བ་སོགས་མཐའ་ཡས་སོ། །དེ་ལྟ་ན་བུམ་སྤྱི་ཡིན་མིན་གཉིས་ཀར་ཁས་ལེན་རུང་བར་འགྱུར་རོ། །དེས་ན་ཤེས་བྱ་མིན་པ་རྣམ་པ་ཀུན་ཏུ་ཤེས་བྱ་མིན་མོད། ཤེས་བྱ་མིན་པར་གཅོད་པའི་སྒྲ་དོན་ནི་ཤེས་བྱ་ཡིན་ཏེ། རི་རྭ་ཤེས་བྱ་མིན་པའང་། རི་རྭའི་སྒྲ་དོན་ཙམ་གྱི་སྒོ་ནས་རི་རྭ་ཤེས་བྱ་མིན་པར་ཤེས་བྱ་ཡིན་པའི་ཚིག་གི་ཤན་མ་ཕྱེད་པའོ། །རྟག་པ་རྟག་པ། རྟག་མིན་རྟག་པའང་། རྟག་པ་མིན་ཚད་མ་བཟུང་ན་དེ་འདྲ་མང་། དོན་གྱི་རྟག་པ་མིན་པ་རྟག་པ་མིན་ཏེ། རྟག་པ་མིན་པ་ནི་མི་རྟག་པ་ལ་གོ་དགོས་ཏེ། དེ་གཉིས་སྤང་འགལ་ཡིན་པ་གཞུང་སྤྱིའི་ལུགས་ཡིན་ལ། ཁྱོད་ལྟར་ན་དེ་གཉིས་མི་འགལ་ཞེས་ཁས་


MR27_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དགོས་སོ། །རྟག་པ་མ་ཡིན་པའི་རྫས་སྤྱི་ལ་རྟག་པ་ཡིན་ཡང་། དེ་དོན་གྱི་རྟག་པ་མིན་པ་མིན་ཏེ་རྟག་པ་ཡིན་པའི་ཕྱིར། དོན་གྱི་དབང་དུ་བྱས་པ་དབང་བཙན་ཏེ། འཇིག་རྟེན་དང་བསྟན་བཅོས་ཐམས་ཅད་ཀྱི་འཆད་ལུགས་འདི་ཡིན་ལ། ཁྱོད་ཀྱིས་ཚིག་རིས་ཙམ་གྱི་དམ་བཅའ་འདི་མི་བརྟན་སྟེ། རྟག་པ་མིན་པ་རྟག་པ་ཡིན་པར་ཁྱབ་མཐའ་བཅད་མི་འོས་ཏེ། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། རྟག་པ་མིན་པ་ཡིན་པའི་ཕྱིར། རྟགས་དངོས། ཁྱབ་པ་ཁས་འདོད་མི་ནུས་སོ། །ཤེས་བྱ་མིན་པ། རི་རྭ་དང་སྒྲ་རྟག་པ་སོགས་འཕང་། རི་རྭ་མེད་པ་དང་སྒྲ་རྟག་པ་མེད་པར་ཤེས་བྱ་ཡིན་གྱི། དེ་རང་ཉིད་ཤེས་བྱ་མིན་ནོ། །དོན་གྱི་དབང་དུ་བྱས་ན་ཁྱབ་མཐའ་འཆའ་ནུས་ཏེ་གོང་བཞིན། ཤེས་བྱ་མིན་པ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ། བྱས་པ་ལ་ཁོ་ན་རེ། ཤེས་བྱ་མིན་པ་ཆོས་ཅན། ཤེས་བྱ་མིན་པར་ཐལ། འདོད་ན། དེ་ཤེས་བྱ་ཡིན་པར་ཐལ། ཤེས་བྱ་མིན་པར་ཤེས་བྱ་ཡིན་ཏེ། རི་བོང་རྭ་ཤེས་བྱ་མིན་པར་ཤེས་པ་བཞིན་ནོ། །དེའི་དོན་ནི། ཤེས་བྱ་མིན་པ་རི་བོང་རྭ་ཉིད་ཤེས་བྱར་སོང་བ་མིན་ཏེ། རི་བོང་རྭ་ཤེས་བྱ་མིན་པར་ཤེས་བྱར་སོང་བ་ཡིན་པའི་ཕྱིར། ཚིག་འདྲ་ཡང་དོན་མི་འདྲའོ། །ཤེས་བྱ་མིན་པ་ཤེས་བྱ་ཡིན་ཞེས་པ་ཤེས་བྱ་མིན་པའི་དོན་གྱི་གཞི་འཛིན་དགོས་ཏེ་ཤེས་བྱ་མིན་པའི་དོན། གང་ལ་བརྡ་དེ་འཇུག་པ་དེ་ལ་བསམས་ནས་


MR27_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྨྲས་ཚེ་རི་རྭ་ཤེས་བྱ་མིན་པར་གོ་ཡི། ཤེས་བྱ་མིན་པ་རི་བོང་རྭ་ཤེས་བྱ་ཡིན་པར་ག་ལ་གོ་སྟེ། ཁྱེད་ལྟར་ན། ཤེས་བྱ་མིན་པ་ཞེས་པའི་ཚིག་གི་རྣམ་བཅད་དེའི་དོན་ལྟར་ཤེས་བྱ་མིན་པ་ཤེས་བྱ་ཡིན་ཞེས་དངོས་འགལ་སྨྲ་བ་ཡིན་ཏེ། དེ་ལྟ་ན་རི་རྭ་ཤེས་བྱར་ཁས་བླངས་བར་འགྱུར་རོ། །འདི་ཡག་པོ་འདུག ཁྱོད་ལ། རི་རྭ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། ཤེས་བྱ་མིན་པར་ཤེས་བྱ་ཡིན་པའི་ཕྱིར།ཞེས་ཐལ་བ་འཕང་ན། མ་ཁྱབ་པའི་ལན་འདེབས་པའི་དོན་བདག་གི་རྗེས་སུ་འབྲང་བ་མིན་ནམ། ཧ་ཧ། སྤྱིའི་དབྱེ་བ་ལ། ཆོས་ཐམས་ཅད་ཀྱི་སྤྱི་ཡིན་པ། བྱེ་བྲག་པའི་སྤྱི་ཡིན་པ་གཉིས། དང་པོ་ཤེས་བྱ་དང་གཞལ་བྱ་གཞི་གྲུབ་ལྟ་བུ། གཉིས་པ་དངོས་པོ་དང་དངོས་མེད་ལྟ་བུ། བྱེ་བྲག་ཏུ་དབྱེ་ན། གཞི་འགལ་ལ་ལྟོས་ནས་ཀ་བུམ་གཉིས་ཀྱི་སྤྱི་ཡིན་པ། ཀ་བའི་ཡིན་ལ་བུམ་པའི་མིན་པ། བུམ་པའི་ཡིན་ལ་ཀ་བའི་མིན་པ། གཉིས་ཀའི་སྤྱི་ཡིན་ཡང་སྤྱིར་སྤྱི་ཡིན་པ་བཞི། དང་པོ་དངོས་པོ་ལྟ་བུ་གཉིས་པ་ཀ་བའི་བྱེ་བྲག་གདུང་འདེགས་ཀྱིས་དོན་བྱེད་ནུས་པ་ཡིན་པས་ཀ་བའི་ཡིན་ལ་བུམ་པའི་མིན་པ་སོགས་བརྗོད་ཚུལ་གྱི་དུ་མ། གསུམ་པ་བུམ་པའི་བྱེ་བྲག་སོགས་དང་ཀ་བ་མིན་པ་སོགས་སོ། །བཞི་པ་རྟག་པ་སོགས་སོ། །ཆོས་དབྱིངས་ཀྱིས་མ་བསྡུས་པའི་ཤེས་བྱ་མེད་ཀྱང་དེ་ལ་སྤྱི་དང་བྱེ་བྲག་གི་ཐ་སྙད་གདགས་


MR27_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་དེ། གཉིས་ཆོས་མེད་ནཔའི་ཕྱིར་རོ། །ཆོས་དབྱིངས་ཀྱི་དོན་སྤྱི་ནི། དོན་དམ་པའི་བྱེ་བྲག་དང་། ཤེས་བྱའི་བྱེ་བྲག་ཏུ་གདགས་ནའང་། ཆོས་དབྱིངས་རང་གི་ངོ་བོ་ཆོས་གང་གི་བྱེ་བྲག་ཡིན་ཏེ། དེ་ལས་གཞན་པའི་སྤྱི་མེད་པའི་ཕྱིར་རོ། །དེ་གང་གི་སྤྱི་མིན་ཏེ་དེའི་བྱེ་བྲག་མེད་དོ། །དེས་ན། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་འདོད། འོ་ན་ཆོས་ཅན་སོ་སོ་ལ་ལྟོས་ནས། ཕུང་པོའི་གཟུགས་ཀྱི་དེ་ཉིད། ཚོར་བའི་དེ་ཉིད་སོགས་སུ་འབྱེད་པ་ཡོད་ཀྱང་ཐ་སྙད་དུ་སྟེ། དོན་དམ་པར་དེ་དག་གི་ཆོས་ཉིད་ཐ་དད་དུ་མེད་དེ། འདས་པའི་དེ་བཞིན་ཉིད་དང་སོགས་གསུངས་པ་བཞིན་ནོ། །ཆོས་དབྱིངས་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་དུ་འཇོག་ཀྱང་། ཀུན་རྫོབ་ལས་ཐ་དད་དུ་ཡོད་པ་མིན་ཏེ། ཀུན་རྫོབ་དོན་དམ་དབྱེར་མེད་པའི་ཆོས་ཉིད་ཡིན་གྱི། དེ་ལས་དེ་གཉིས་ཐ་དད་དུ་ག་ལ་ཡོད། དེས་ན་དེའི་དབང་དུ་བྱས་ན། ཆོས་དབྱིངས་ཐིག་ལེ་ཉག་གཅིག་སོ་སོ་རང་རིག་གི་ཡུལ་ལས། ཐ་སྙད་དུ་བྱ་བ་གང་ཡང་མེད་དོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་ནི་ཆོས་ཞེས་ཀྱང་མི་བྱ། ཆོས་མིན་པ་ཞེས་ཀྱང་མི་བྱ་སྟེ་ཐ་སྙད་ལས་འདས་པའོ། །འོ་ན་ཆོས་དབྱིངས་ཡང་དག་མཐའ་སོགས་སུ་ཐ་སྙད་བྱས་པ་དོན་མེད་པར་ཐལ་ཞེ་ན། སྐྱོན་མེད་དེ། ཐ་སྙད་ཐམས་ཅད་བྲལ་བའི་སོ་སོ་རང་རིག་གི་ཡུལ་དེ་ལ་དེ་ལྟར་བཏགས་པ་ཡིན་གྱི། ཆོས་དབྱིངས་སོགས་ཀྱི་ངོ་བོར་


MR27_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ནི་གང་ཡང་མེད་དོ། །ངོ་མཚར། བུམ་སྤྱི་དེ་བུམ་སྤྱི་མིན་ཟེར་ན། དངོས་པོ་བུམ་པའི་སྤྱི་མིན་པར་ཁས་ལེན་ཡང་། བུམ་སྤྱི་དངོས་པོ་མིན་སྙམ་པ་དེ་ཡིན་ཡང་། བུམ་སྤྱི་དངོས་པོ་མིན་དོན་བུམ་སྤྱི་ཞེས་པའི་སྒྲ་དོན་ཡིན་ལ། དེ་གཞན་སེལ་ལམ་ལྡོག་པ་དངོས་མེད་ཡིན་པས། དེའི་ཚུལ་ལྟར་ན་སྒྲ་དོན་ཐམས་ཅད་དེ་དང་འདྲ་མོད། བུམ་སྤྱི་བུམ་སྤྱི་མིན་པའི་བརྗོད་ཚུལ་ལ་ལྟོས་པའི་རྒྱུ་མཚན་སྨྲ་རྒྱུ་ཡོད་མོད། དེ་ཚིག་གི་འཇོག་ཚུལ་ཙམ་ཡིན་པས། ངེས་དོན་གྱི་བུམ་སྤྱི་བུམ་སྤྱི་མིན་པའི་གོ་བ་འགོག་མི་ནུས་ཏེ། མི་དེ་སྒྲ་དོན་ཙམ་གྱི་ཆ་ནས་མི་རྫས་སྤྱི་མ་ཡིན་ཡང་། མི་ཞེས་པའི་སྒྲ་དེས། དོན་གྱི་བརྗོད་བྱ་མིན་ཚད་བརྗོད་ཀྱི། མི་མིན་རྫས་སྤྱི་བརྗོད་པ་ལྟར་རྣམ་ཀུན་ཁས་མི་ལེན་ཏེ། མི་ཡིན་ན་གང་ཟག་མིན་པ་དང་། མི་མི་ཡིན་སོགས་ཁས་ལེན་པ་བཞིན་ནོ། །མི་མིན་ན། མི་ཞེས་པའི་མིང་གིས་གང་ཟག་དང་དངོས་པོ་ཅན་མི་གོ་པས། མི་ཡིན་ན་རྟག་པ་དངོས་མེད་དུ་ཁས་ལེན་དགོས་ན་དེ་མི་སྲིད་པ་བཞིན་ནོ། །ཧ་ཧ། དངོས་པོ་བུམ་པ་ལྟ་བུའི་མིང་དང་། དངོས་མེད་རི་རྭ་ལྟ་བུའི་མིང་གང་ཡིན་རུང་མིང་ཡིན་ཚད་ལ་སྒྲ་དོན་ཙམ་ལས་རང་མཚན་དངོས་བརྗོད་མི་སྲིད་ཀྱང་། དཔྱད་ན། མིང་གི་དངོས་ཀྱི་བརྗོད་བྱ་སྒྲ་དོན་ཡིན་མོད། མིང་གི་བརྗོད་བྱ་སྒྲ་དོན་འབའ་ཞིག་གི་ཚུལ་དུ་མི་གོ་སྟེ། ཞེན་པས་བརྗོད་བྱ་རང་མཚན་ལ་གོ་བས་བརྡ་འབྱོར་


MR27_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། བུམ་སྤྱིའང་དངོས་པོ་སོགས་ལ་གོ་རུང་སྟེ། སྒྲ་དོན་རྐྱང་པ་ལ་མི་གོའོ། །རི་རྭའི་མིང་ལ་སྒྲ་དོན་ཙམ་ལས་རང་མཚན་མེད་མོད། འོན་ཀྱང་རི་རྭའི་རང་མཚན་མེད་པའི་དབང་གིས་རི་རྭ་མེད་ཅེས་བརྗོད་པ་ཡིན། སྒྲ་དོན་ཡོད་ཀྱང་དེ་རི་རྭ་མིན་ནོ། །རི་རྭ་ནི་རི་བོང་གི་མགོ་ལ་སྐྱེས་པའི་རྭའི་རྣམ་པར་འཛིན་དགོས་ཀྱི། དེ་མི་འཛིན་ན་རི་རྭའི་རྣམ་པ་མི་འཆར་ལ། མ་ཤར་ན་མེད་པར་ཡང་མི་ཤེས་སོ། །བུམ་པ་ཞེས་བརྗོད་ཚེ་ལྟོ་ལྡིར་བའི་རྣམ་པར་འཛིན་གྱི། སྒྲ་དོན་ཙམ་ལ་ལྟོ་ལྡིར་ག་ལ་ཡོད། དེ་བཞིན་མེ་ཚ་བར་འཛིན། མེ་ཡི་མིང་ལ་ཚ་བ་ག་ལ་ཡོད། ཡོད་ན་མེ་བརྗོད་ཚེ་ཁ་འཚིག་པར་ཐལ་ལོ། །སྒྲ་དོན་ལ་ཚ་བ་ག་ལ་ཡོད། དེ་བཞིན་ཐམས་ཅད་ལ་ཤེས་པར་བྱའོ། །སྤྱིར་བུམ་པ་སོགས་སྒྲའི་རྣམ་བཅད་ཀྱིས་ཇི་ལྟར་བཅད་པ་བཞིན་དོན་སོ་སོར་སྟོན་པ་དང་། བུམ་པ་དེ་བུམ་པ་ཡིན་ཡང་། བུམ་པ་བུམ་སྤྱི་མིན། བུམ་པའི་བྱེ་བྲག་མིན། བུམ་པའི་རྒྱུ་མིན། བུམ་པའི་འབྲས་བུ་མིན་སོགས་སྒྲ་བུམ་པ་ལས་ལྷག་ཚད་ལ་རང་རང་གི་གོ་རྒྱུ་ཡོད་དེ། བུམ་པ་ཞེས་ལྟོ་ལྡིར་བ། བུམ་སྤྱི་ཞེས་དེའི་སྤྱི་ལ་གོ་བས། སྒྲ་ཙམ་གྱིས་གོ་བྱ་ཐ་དད་དེ་ལྟར་ཡིན། དེའི་དབང་དུ་བུམ་སྤྱི་བུམ་པ་མིན་སོགས་འགྲེ། བུམ་སྤྱི་ཡིན་ཞེས་གོ་དགོས་ཏེ། སྒྲ་དོན་ཐམས་ཅད་རང་རང་མིན་པ་དེས་མི་གོ། བུམ་པའང་བུམ་པ་ཡིན་པར་འདྲ། བུམ་སྤྱི་མིན་པ་


MR27_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་སྤྱི་མིན་ཏེ། བུམ་པ་མིན་པ་བུམ་པ་མིན་པ་བཞིན་ནོ། །བུམ་པ་མིན་པ་ཞེས་པའི་མིན་པའི་སྒྲས་བུམ་པ་མིན་ཚད་གོ། ཁ་དོག་གི་སྒྲ་དོན་སྔོན་པོ་མིན། དཀར་པོ་མིན་སོགས་འདྲ། སྔོན་པོ་དང་ཁ་དོག་སྒྲ་དོན་ཐ་དད་གོ་རྒྱུ་ཡོད་ཀྱང་། སྔོན་པོ་ཁ་དོག་ཡིན་ཟེར་དགོས་ཏེ། སྔོན་པོའི་སྒྲས་ཁ་དོག་བརྗོད་བྱར་མི་སྤོང་བ་ནི། སྔོན་པོ་ཁ་དོག་གི་བྱེ་བྲག་ཡིན་པས་བརྗོད་བྱར་སྤོང་མི་སྤོང་ཡོད། སྔོན་པོ་དེ་མི་རྟག་པ་སོགས་སྤྱི་ཀུན་མིན་པར་འདོད་དགོས་ཀྱང་། སྒྲ་དོན་རང་ལྡོག་ནས་མིན། ཡིན་ན་སྔོན་པོ་དང་མི་རྟག་ལྡོག་པ་ཐ་དད་མེད་པར་འགྱུར་ཡང་དེ་ལྟར་བརྗོད་སྟོབས་ཀྱིས་མི་གོའོ། །སྔོན་པོ་དེ་རས་ཀྱི་སྔོན་པོ་མིན་སོགས་འགྲེ། དེ་ལྟར་བརྗོད་ན། སྔོན་པོ་དེ་ཁ་དོག་དང་། གཟུགས་དང་། བེམས་པོ་དང་། དངོས་པོ་དང་། མི་རྟག་པ་དང་། ཤེས་བྱ་དྲུག་གི་ཡིན་པ་མིན། སྔོན་པོ་དེ་རས་ཀྱི་སྔོན་པོ་སོགས་རང་གི་བྱེ་བྲག་མིན་སོགས་ཀུན་ལ་འགྲེ། རང་གི་སྤྱི་མིན་པའི་ཤེས་བྱ་མིན་པ་དང་ཁ་དོག་མིན་སོགས་མིན། དབྱིབས་དང་སྒྲ་དང་ཤེས་པ་དང་། དངོས་མེད་རྟག་པ་ཤེས་བྱ་མིན་པ་དྲུག་གི་མིན་པ་སོགས་འགྲེ། དེ་ཡང་སྔོན་པོའི་ལྡོག་པའི་ཆ་ནས་རང་མིན་མིན་རུང་མེད་དེ། ཁ་དོག་ཀྱང་མིན་ཏེ། ཁ་དོག་དང་སྔོན་པོའི་ལྡོག་པ་ཐ་དད་དུ་ཡོད་རྫས་ཐ་དད་མེད། མདུན་འདིར་ཡོད་པའི་ལྷས་བྱིན་ལ། རང་གི་བྱེ་བྲག་མེད་པར་འདོད། ལྷས་བྱིན་དུ་མ་ཡོད་ན།


MR27_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་ལྷས་བྱིན་སོགས་དབྱེ་རུང་མོད། ཚོགས་བརྗོད་ཡིན་པས། ལྷས་བྱིན་གྱི་རིགས་མེད་དོ་སོགས་དཔྱད། བུམ་སྤྱི་ཞེས་ཟེར་ན་དངོས་པོ་སོགས་མི་འཇོག་པར་བུམ་སྤྱི་འཇོག་ཟེར་རམ། བུམ་སྤྱི་མིན་པ་འཇོག་ཟེར། དེ་ལྟ་ན་བུམ་པ་ཞོག་ཟེར་ན། བུམ་པ་འཇོག་དགོས་པའི་བུམ་པའི་མཚན་གཞི་བཟུང་ནས་གསེར་བུམ་སོགས་ཀྱིས་འཇོག་པར་འགྱུར། རྟག་པ་ཞེས་ཟེར་ན། རྟག་པ་མིན་པ་འཇོག་གམ་དཔྱོད། བུམ་པའི་སྤྱི་འདི་ཁྱོད་ཁྱོད་ཡིན་ཡང་ཡིན་ལ། མིན་ཡང་མིན་པར་འདོད་དགོས་ཏེ། དང་པོ། བུམ་སྤྱི་བུམ་སྤྱི་མིན་ན། བུམ་པའི་མིན་པའང་བུམ་སྤྱི་མིན་པར་འགྱུར། བུམ་སྤྱི་བུམ་སྤྱི་མིན་པར་རང་གིས་ཁས་བླངས་བས་སོ། །བུམ་སྤྱི་མིན་པ་བུམ་སྤྱི་ཡིན་པར་སོང་བས་བུམ་སྤྱི་ཡིན་གོ་ཆོད་ན། བུམ་སྤྱི་བུམ་སྤྱི་ཡིན་པར་ཁས་བླངས་སོ། །བུམ་སྤྱི་མ་ཡིན་པ་བུམ་སྤྱི་ཡིན་པའང་བུམ་སྤྱི་མིན་པར་འགྱུར་རོ། །ཞེས་དཔྱད། བསྡུས་གྲྭའི་ཀ་བུམ་འགལ་འཇོག་འདི། ཕན་ཚུན་སྤང་འགལ་གྱི་གནད་ལས་ཡིན་ཏེ། བུམ་པ་ཡིན་པ་དང་བུམ་མིན་འགལ་ལ། ཀ་བ་བུམ་མིན་གྱི་ཁྱབ་བྱ་ཡིན་པས་དེ་གཉིས་ཀྱི་གཞི་མཐུན་མི་འོང་པ་ཡིན་པ་ལ་འགལ་བར་བརྗོད་ཀྱང་། ལྷན་ཅིག་མི་གནས་འགལ་གྱི་དོན་མེད་དེ། ཕྱོགས་འདི་ན་བུམ་པ་མེད་དེ་ཀ་བ་ཡོད་པའི་ཕྱིར་ཞེས་མི་ཁེགས་ཀྱང་། ཕན་ཚུན་


MR27_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་འགལ་དངོས་ཡིན་ལ་བརྒྱུད་འགལ་དངོས་མིན་ཏེ། འོན་ཀྱང་བརྒྱུད་འགལ་འདྲའོ། །དེ་ལྟ་ན་ས་སྨྱུག་གཉིས་ཀྱང་འགལ། འགལ་འབྲེལ་གཉིས་ཡིན་དུ་ཁས་ལེན་དགོས་སམ། ཆ་ནས་ལན་གཉིས་སུ་བཞག་ཀྱང་མི་སྐྱོན་ནམ་མེ་དུ་ལའང་དེ་འདྲ། དངོས་པོ་དང་བུམ་པ་ལ་དཔྱད་ན་ཀ་བུམ་མི་འགལ་གྱི། ཀ་བ་ཡིན་པ་དང་བུམ་པ་ཡིན་པ་འགལ་ཟེར་རམ་ཞིབ་ཏུ་དཔྱད། སྤྱི་སྤྱི་ཡིན་ནམ་མིན། ཡིན་ན་བུམ་སྤྱིའང་བུམ་སྤྱི་སོགས་ཡིན། མིན་ན། སྤྱི་མིན་སྤྱི་ཡིན་སོགས་རྒྱུ་མཚན་ཇི་སོགས་དཔྱོད། བུམ་སྤྱི་ལ་བསམ་ནས་ཁྱོད་ཁྱོད་མིན། ཁྱོད་མིན་ཁྱོད་ཡིན་དུ་ཁས་ལེན་ན་སྤྱི་ཡིན་སྤྱི་མིན། སྤྱི་མིན་པའི་ཆ་ནས་ཁྱོད་ཁྱོད་ཡིན་ཁྱོད་མིན་ཁྱོད་ཡིན་དུ་ཁས་ལེན་རུང་། དེ་ལྟ་ན་གཉིས་ཀ་ཡོད་པར་འགྱུར་རོ། །སྤྱི་སྤྱི་ཡིན་ཏེ། ཁྱོད་སྤྱི་དེ་སྤྱི་མིན། ཤིང་སྤྱི་ཀ་སྤྱི་བུམ་སྤྱི་སོགས་དེའི་བྱེ་བྲག་ཡོད་པའི་ཕྱིར། སྤྱི་མིན་སྤྱི་མིན་ཏེ། དེ་དང་དེའི་བྱེ་བྲག་རྟགས་འགྲིགས་ཏེ་ཤིང་སྤྱི་སྤྱི་མིན་པ་མིན་པས་སོ། །ཤེས་བྱ་ལྟ་བུ་རྒྱ་ཆེ་བ་བཟུང་ན་ཤེས་བྱ་ཡིན་པ་མང་། མིན་པ་ཉུང་སྟེ་ཤེས་བྱ་མིན་པའང་ཤེས་བྱ་ཡིན་པས་ཤེས་བྱ་མིན་པའི་ཆོས་མེད་དོ། །ལྷས་བྱིན་ལྟ་བུ་གཅིག་བཟུང་ན། དེ་ཡིན་པ་བཟུང་ལ་ལྷས་བྱིན་མ་གཏོགས་པའི་ཤེས་བྱ་ཐམས་ཅད་དེ་མིན་དུ་འདུ། རྟག་པ་ཡིན་པ་དང་མིན་པ་གཉིས་འདི་ན་གཞི་མཐུན་པར་ཐལ། རྟག་པ་མིན་པ་དེ་དེ་ཡིན་པའི་


MR27_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྟགས་གྲུབ་སྟེ། དེ་རྟག་པ་ཡིན་པ་མིན་པ་ཞེས་རྟག་པའང་ཡིན་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། །ཤེས་བྱ་ཡིན་མིན་ཡང་དེ་འདྲ། དེ་ལྟ་ན་དངོས་འགལ་གྱི་གཞི་མཐུན་སྲིད་པས་ཡིན་པ་མི་སྲིད་པའི་ཤེས་བྱ་མེད་པར་འགྱུར་རོ། །ཁྱོད་ཁྱོད་མིན། ཁྱོད་ཡིན་ཁྱོད་ཡིན་ཡོད་ན་དེ་འདྲ། བུམ་སྤྱི་མིན་པ་བུམ་སྤྱི་ཡིན་དེ་འདྲ་སྟེ་ཐམས་ཅད་དུ་དཔྱད་དོ། །གཞི་གྲུབ་ན་ཁྱོད་ཁྱོད་མིན།ཁྱོད་མིན་ཁྱོད་ཡིན་མེད་པས་མ་ཁྱབ་པར་ཐལ། དེ་འདོད་པའི་ཕྱིར་སོགས་དཔྱོད། རྟག་པ་མིན་པ་རྟག་པ་མིན་པ་མིན་རྟག་པ་ཡིན་ཟེར་ན། རྟག་མིན་རྟག་མིན་མིན་ན། རྟག་པ་ཡིན་པར་འགྱུར་ན། དེ་ལྟ་ན་རྟག་པ་ཞེས་བརྗོད་རིགས་ཀྱི་རྟག་མིན་ཞེས་པས་སྒྲ་སྦྱར་བ་དོན་མེད། དེས་ན་རྟག་མིན་རང་མིན་ལྡོག་ཆོས་བུམ་སྤྱི་ལྟར། དགེ་ལྡན་པ་གང་ཟག་ཡིན། གང་ཟག་དགེ་ལྡན་པ་མིན་སོགས། བྱེ་བྲག་སྤྱི་ཡིན། སྤྱི་བྱེ་བྲག་མིན་པར་ཁས་ལེན། ཤེས་བྱའི་བྱེ་བྲག་བུམ་པ་ཡིན། བུམ་པའི་བྱེ་བྲག་ཤེས་བྱ་མིན་ཟེར་ན། གསེར་བུམ་ཆོས་ཅན། ཤེས་བྱ་མིན་པར་ཐལ། བུམ་པའི་བྱེ་བྲག་ཡིན་པའི་ཕྱིར། བརྗོད། ཡིན་ཟེར་ན། ཤེས་བྱའི་སྤྱི་བུམ་པ་ཡིན་པར་ཐལ། བུམ་པའི་བྱེ་བྲག་ཤེས་བྱ་ཡིན་པའི་ཕྱིར། བརྗོད། དེ་ཡང་བརྗོད་འདོད་ཀྱི་བུམ་དང་ཤེས་བྱ་སྤྱི་བྱེ་བྲག་འཇོག་ཚུལ་བརྗོད་ནས་ཚིག་འདི་བརྗོད་པའི་སྐབས་ཡིན་པའི་ཕྱིར། གཞན་དུ་


MR27_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་བྱེ་བྲག་ཆོས་ཅན་དུ་བཟུང་ནས་དེ་ཤེས་བྱ་ཡིན་མིན་བརྗོད་ན་དེ་ལྟར་ཏེ། འདིར་ཚིག་མ་ཕྱེ་བར་སྤམ་པོའི་ངག་སྟེ། དེང་སང་གི་རྩོད་པ་ཐམས་ཅད་འདི་འདྲ་ལས་ཚིག་གི་སྤྲོས་པ་ཆོད་རྒྱུ་མེད་ཚུལ་བཤད་སོགས་དཔྱད། མེ་བྱ་ཟླ་བཅུ་ཚེས་བཅོ་བརྒྱད་ལ་དྲན་དགེ། །།ཡང་བུམ་པ་ཤེས་བྱའི་བྱེ་བྲག་ཡིན། ཤེས་བྱ་བུམ་པའི་བྱེ་བྲག་མིན་སོགས་གང་འགྲིགས་དང་། ཕ་རོལ་ཁས་ལེན་དང་བསྟུན་ཏེ་བརྗོད་འདོད་གཙོ་བོ་མི་བྱེད་པར། སྒྲ་རྐྱང་ཙམ་གཙོ་བོར་བྱེད་ན་རང་ལུགས་ཁས་ལེན་གང་ཡང་མི་འགྲུབ་ཚུལ་དཔྱད། དགེ། ཁྱི་རྒན་རྒྱ་བོའི་རྒྱུད་ན་སྟོབས་བཅུའི་ཡེ་ཤེས་དང་ལྡན་པ་ཡོད་གསུངས་པ་རྒྱལ་བ་དང་རྒྱལ་ཚབ་བྱམས་པ་རེད། དེ་མེད་པར་ཐལ། ཁྱི་རྒན་རྒྱ་བོའི་རྒྱུད་ན་མཁྱེན་པའི་ཡེ་ཤེས་དེ་འདྲ་མ་དམིགས་པའི་ཕྱིར། ཞེས་པ་ཙམ་གྱིས་འགོག་ནུས་རྒྱུ་ཡིན་ན། དེ་ཙམ་བྱམས་པས་དགོངས་རིགས་ལ། ལས་སླ་མོ་དེ་འདྲ་ཞིག་ཡོད་ན། དེ་སྒྲུབ་བྱེད་པ་གང་སུས་ཀྱང་མི་རིགས་ཏེ། ཚད་མས་བསལ་ཕྱིར་དེ་ལ་སྒྲུབ་བྱེད་སུས་འཇོག མངོན་སུམ་ཚད་མས་བསལ་བའི་ཕྱིར་རོ། །དེས་ན་དེ་འདྲ་སྨྲ་བ་དེ་མཁས་པར་རློམ་ཡང་གཤེགས་སྙིང་ཡོད་གསུངས་ཚུལ་རྩ་བ་ནས་མ་གོ་བའི་བླུན་པོ་ཡིན། དེ་འདྲའི་གཞུང་དེས་སུ་གཅིག་དྲངས་མི་ནུས་ཏེ། རང་གི་ཚད་མས་བསལ་ཕྱིར། ཁྱོད་སངས་རྒྱས་ཡིན་ཞེས་པ་བཞིན་ནོ། །དེས་ན་དེ་ལུང་གིས་དྲང་


MR27_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྒྲུབ་ཅི་དགོས། རིགས་པས་བསལ་བའི་ཕྱིར་རོ། །ཁྱི་རྒྱ་མཁྱེན་ལྡན་དུ་ཐལ་བ་འཕེན་པ་འདིས་རྒྱལ་ཚབ་ཀྱི་རྒྱུད་བླ་ལ་གོ་བ་དེ་འདྲ་ཞིག་བླངས་བའི་རྟགས་རེད། དེ་ཡིན་ན་དེ་འདྲའི་གཞུང་མངོན་སུམ་ལ་བསྙོན་འདིང་བ་ཙམ་ལ་སུས་ཡིད་ཆེས། ཆོས་ཅན། རྒྱ་བོའི་རྒྱུད་ན་ཆོས་ཉིད་གཤེགས་སྙིང་བྲི་གང་བྲལ་བར་ཡོད་ཀྱང་། དེ་རང་རྒྱུད་ཀྱི་ཆོས་ཉིད་ལ་སྒྲིབ་པ་ཅན་ཡིན་པས་མངོན་དུ་མི་འགྱུར་ཞེས་གསུང་སྟེ་སྒྲིབ་བྱེད་ཀྱི་དྲི་མ་གསུངས་པ་དོན་ཡོད་ཀྱི། མངོན་གྱུར་དུ་བཞེད་ན་དཔེ་དགུས་ཚུལ་དུ་མི་སྟོན་ཏེ། དྲི་མ་དང་བྲལ་བའི་བྱང་ཆུབ་བཞིན། མངོན་དུ་མ་གྱུར་ཡོད་པ་ཙམ་གྱིས་དེ་སྟོབས་བཅུ་ལྡན་པར་མི་འགྱུར་ཏེ། དབུལ་མོའི་ཁྱིམ་འོག་གཏེར་བཞིན་ནོ། །དེ་ཡིན་ཏེ། ཁྱིམ་འོག་ན་གཏེར་ཡོད་ཀྱང་མ་ཤེས་པའི་དབུལ་མོ་ཆོས་ཅན། ཕྱུག་པོ་ཡིན་པར་ཐལ། ཁྱིམ་འོག་ན་གཏེར་ཡོད་པ་ཡིན་པའི་ཕྱིར། ཞེས་སོ། །བུམ་པ་མིན་པ་ཞེས་པའི་ཚིག་གི་རྣམ་གཅོད་ཀྱིས། བུམ་པ་མིན་ཚད་ཀྱི་ཤེས་བྱ་ཀུན་སྟོན། བུམ་པ་མིན་པའི་དངོས་པོ་ཞེས་བརྗོད་ན། དངོས་པོ་མི་གཅོད་པས་བུམ་པ་མིན་པའི་བེམས་ཤེས་ལྡན་མིན་གསུམ་བཟུང་། བུམ་པ་མིན་པའི་བེམས་པོ་ཞེས་པ་བརྗོད་ན། བུམ་པ་མིན་པའི་བེམས་པོ་འབའ་ཞིག་བཟུང་། བུམ་པ་མིན་པའི་ཀ་བ་ཞེས་བརྗོད་མི་དགོས་ཏེ།


MR27_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་པའི་ཕྱིར་རོ། །དོགས་པ་ཟ་བ་ཡོད་ན་བརྗོད་དེ། གཙོ་བོ་མིན་པའི་སྒྲ་ཞེས་བརྗོད་པ་སོགས་ལྟ་བུའོ། །ཀ་བུམ་གཉིས་ལས་བུམ་པ་མིན་པ་ཞེས་བརྗོད་ན་ཀ་བ་ཁོ་ན་གོ། དེ་ལྟར་ཚིག་གི་རྣམ་བཅད་ཀྱི་དོན་སྟོན་ལུགས་སྣ་ཚོགས་སུ་འགྱུར་རོ། །བུམ་པ་ཡིན་པ་བུམ་པ་ཡིན་པའི་དངོས་པོ། བུམ་པ་ཡིན་པའི་བེམས་པོ་སོགས་བརྗོད་རིགས། བུམ་པ་ཡིན་པའི་ཤེས་པ་མི་སྲིད་སོགས་སོ། །སྤྱིར་སྒྲ་ཡི་ལྡོག་པའམ་རྣམ་བཅད་ནས། བུམ་པ་བུམ་སྤྱི་མིན་པ་དང་། བུམ་སྤྱི་མིན་པ་ཞེས་པའི་སྒྲ་དོན་དབང་ཆེ་བར་མ་བྱས་ཏེ། སྒྲ་དོན་གྱི་འཇུག་པ་དབང་ཆེ་བར་བྱས་པའི་བུམ་མིན་བུམ་སྤྱི་ཡིན་པ་དོན་སོ་སོ་བ་བསྲེས་ཏེ། དེ་འདྲའི་ཁས་ལེན་སོང་བ་ཡིན་གྱི། གཉིས་ཀ་སྒྲ་དོན་ལ་གོ་ན། བུམ་སྤྱི་བུམ་སྤྱི་ཡིན། དེ་མིན་བུམ་སྤྱི་མིན། གཉིས་ཀ་དོན་ལ་གོ་ན། བུམ་སྤྱི་བུམ་སྤྱི་མིན། དེ་མིན་བུམ་སྤྱི་མིན་པས་འདི་ལེགས་སོ། །སྤྱིར་རང་མཚན་ལ་གོ། དེ་མིན་སྒྲ་དོན་ལ་གོ་ན། བུམ་སྤྱི་བུམ་སྤྱི་ཡིན། བུམ་སྤྱི་མིན་པ་བུམ་སྤྱི་མིན་སོགས་དཔྱད། བུམ་པ་ཞེས་པ་མིང་ཡིན་ལ། བུམ་པའི་སྤྱི་སོགས་མིང་གཉིས་སྦྱར་ན་ཚིག་ཏུ་འགྱུར་བས་གོ་རྒྱུ་གཅིག་མིན་པའི་ཕྱིར་རོ། །མིང་གི་གཞན་སེལ་ཙམ་གྱི་ཆ་ནས་བསམ་ན་མི་དེ་སྐྱེས་པ་སོགས་བྱེ་བྲག་རེ་རེ་ནས་མིན་ཡང་། མི་དེ་གང་ལ་འཇུག་པའི་དོན་གྱི་ཆ་ནས་བསམ་ན་བྱེ་བྲག་གང་ཡང་མིན་པའི་


MR27_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མི་མེད་དེ། མིའི་མཚན་གཞི་བཞག་ན་མིའི་བྱེ་བྲག་ཅིག་འཇོག་གོ། མི་ཙམ་མི་འཇོག་པ་བཞིན་ནོ། །མཚན་གཞི་མ་བཟུང་བར་མཚོན་བྱ་མིང་ཙམ་གྱི་ཆ་ནས་དེ་ལྟར་ཡིན་ཡང་། མཚན་གཞི་བཟུང་ན་སྐྱེས་པ་དེ་མི་ཡིན་སོགས་བྱེ་བྲག་རེ་རེ་ནས་མི་ཡིན་དགོས་ཀྱང་། དེ་གཉིས་མི་འགལ་ལོ། །གོ་ཚུལ་གཉིས་ཡོད་པ་ཁྱད་པར་མ་སྦྱར་བའི་མིང་བརྗོད་པའི་སྐབས་དང་། སྦྱར་བའི་ཚིག་བརྗོད་པའི་སྐབས་ཀྱི་གོ་ཚུལ་ཏེ། མི་ཞེས་དང་། སྐྱེས་པ་མི་ཞེས་པ་བཞིན་ནོ། །མི་མ་སྨོས་ཀྱང་སྐྱེས་པ་ཡིན་ན་མི་ཡིན་པར་དོན་གྱིས་གོ་ཞིང་། མི་ཡིན་ན་སྐྱེས་པ་ཡིན་པར་མི་གོ་བ་བཞིན་ནོ། །ཤེས་བྱ་ཡིན་ན་རྟག་དངོས་སམ། དངོས་དངོས་མེད་རེ་རེ་མིན་པས་ཁྱབ་པ་ཁས་བླངས་དགོས་ཀྱང་ཤེས་བྱ་ཙམ་ལྡོག་སྟེ། རྟག་པར་ཡང་ཁས་མི་ལེན། མི་རྟག་པར་ཁས་མ་བླང་ན། ཤེས་བྱ་ལ་རྟག་མི་རྟག་གང་ཡང་མིན་པ་ཡོད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྟག་མི་རྟག་གང་ཡང་མིན་པའང་ཤེས་བྱ་ཡིན་ཏེ། རྟག་མི་རྟག་གང་ཡང་མིན་པར་ཤེས་བྱ་ཡིན་ལ། ཤེས་བྱ་མིན་པ་ཤེས་བྱ་ཡིན་པར་ཁས་ལེན་པ་བཞིན་ནོ། །ཤེས་བྱ་མིན་པར་ཤེས་བྱ་ཡིན་ཞེས་པར། ཤེས་བྱའི་མཚན་ཉིད་བློས་ཡུལ་དུ་བྱ་རུང་ཡིན། མཚོན་བྱ་ཤེས་བྱ་མ་ཡིན་ན། མཚན་ཉིད་བློས་ཡུལ་དུ་བྱ་རུང་མིན་པ་མིན་དགོས་པའི། བློས་ཡུལ་དུ་བྱར་མི་རུང་


MR27_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བ་བློས་ཇི་ལྟར་ཤེས་ཞེས་དྲི། བློའི་ཡུལ་དུ་བྱར་མི་རུང་བར་ཤེས་ཞེ་ན། བློས་ཡུལ་དུ་བྱར་མི་རུང་བ་ཙམ་ཤེས་ཀྱང་། བློའི་ཡུལ་དུ་བྱར་མི་རུང་བའི་ཐ་སྙད་ཤེས་ཀྱི། དོན་བྱར་རུང་མིན་པ་བྱར་རུང་དུ་སོང་བ་མིན་ནོ། །ཤེས་བྱ་དང་གང་ཟག་རྫས་སྤྱི་མ་ཤེས་བྱ་དང་གང་ཟག་གི་མིང་ཡིན་གྱི་དོན་མིན། མིང་གི་ངོས་ནས་ཤེས་བྱ་ཤེས་བྱ་ཡིན། མི་མི་ཡིན་ཞེས་ཁས་བླང་དགོས་ཀྱང་། དེ་མི་མཚན་ཉིད་པར་ཁས་བླང་བ་མེད་དེ། མི་བཏགས་པར་རམ། མིང་ངམ། རྫས་སྤྱི་མ་མི་མིན་པས་སོ། །སྙམ་དཔྱད།། ༈ །།སེམས་ཅན་གསར་སྐྱེས་མཚན་ལེན་སྐོར། སེམས་ཅན་ཡིན་ན། གསར་སྐྱེ་ཡིན་པས་ཁྱབ། དེར་མ་ཟད་སྐྱེ་བ་ཐམས་ཅད་གསར་སྐྱེ་ཡིན་པས་ཁྱབ། གདོད་ནས་སྐྱེ་བ་མི་སྲིད་པའི་ཕྱིར། ནམ་མཁའ་སོགས་སྐྱེ་ལྡན་མིན་པ་ནི། གདོད་ནས་མེད་པ་ཡིན་གྱི་སྐྱེ་བ་མིན་ཏེ། སྐྱེ་ན་མི་རྟག་པ་དང་གསར་སྐྱེས་ཡིན་པས་ཁྱབ་པས་སོ། །དེའི་དོན་མིན་ཏེ། སེམས་ཅན་སྔོན་མེད་གསར་སྐྱེའམ། གློ་བུར་དུ་བྱུང་བའི་དོན་གྱི་གསར་སྐྱེ་ཡོད་མེད་རྩོད་དོ་སྙམ་ན། སེམས་ཅན་སྐྱེ་ན་སྔོན་མེད་གསར་སྐྱེའམ་གློ་བུར་དུ་བྱུང་བ་ཡིན་པས་ཁྱབ། སྔོན་ཡོད་སྐྱེ་བ་དང་། གློ་བུར་མིན་པ་སྐྱེ་བ་མི་སྲིད་དོ། །སེམས་ཀྱི་རྒྱུན་གྱི་དབང་དུ་རྒྱུན་སྔོན་མེད་གསར་སྐྱེ་ལ་བཤད་དོ་བསམ་ན། སེམས་ཀྱི་རྒྱུན་ཞེས་པ་སྐད་ཅིག་མའི་ཆ་ལ་བཏགས་པ་ཡིན་ན། དེ་ཡང་གསར་སྐྱེ་མིན་


MR27_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ལ། ཡོད་ན་གདོད་ནས་ཡོད་པ་ཡིན་གྱི་སྐྱེ་བ་མི་འཐད་དེ་གཉུག་སེམས་དང་ནམ་མཁའ་བཞིན་ནོ། །ནམ་མཁའ་ལ་རྒྱུན་མེད་དེ་སྐད་ཅིག་མ་མིན་པའི་ཕྱིར། ནམ་མཁའ་སྔར་ཡོད་ཅིང་ཕྱིས་ཀྱང་ཡོད་པས་རྒྱུན་ཡོད་སྙམ་ན། དེ་ལ་རྒྱུན་དུ་འཁྲུལ་གྱི་སྐད་ཅིག་མ་མིན་ལ། སྔར་དང་ད་ལྟའི་ཁྱད་པར་མེད་པས་རྒྱུན་ག་ལ་ཡོད། ཅེས་བྱའོ། །ཧ་ཧ། རྣམ་འགྲེལ་ལས། སྔ་ན་མེད་པ་འབྱུང་བ་ལ། །ཆགས་སོགས་ངེས་མེད་ཐལ་བར་འགྱུར། །གསུངས། ས་སོགས་འབྱུང་བ་སེམས་རྒྱུ་ཡིན་པར་ཁས་ལེན་པ་རྒྱང་འཕེན་པའི་ལུགས་ལ་འཇུག་གི། གདོད་མའི་འོད་གསལ་གྱི་ངང་ལས་འཁྲུལ་སེམས་གློ་བུར་དུ་བྱུང་བ་ལ་མི་འཇུག་སྟེ། འོད་གསལ་བའི་སེམས་སྔོན་དུ་ཡོད་པ་ཡིན་པས་སེམས་ཀྱི་ཉེར་ལེན་སྔོན་སོང་མེད་པ་མིན་ལ། འཁྲུལ་བ་མ་བྱུང་ན་སེམས་ཅན་དུ་འབྱུང་མི་སྲིད་པས། ལྷན་སྐྱེས་དང་ཀུན་བཏགས་ཀྱི་མ་རིག་པ་ལས་འཁྲུལ་ཏེ་ང་བདག་ཏུ་བཟུང་བ་དེ་སེམས་ཅན་གྱི་ཐོག་མ་ཡིན་པས། དེ་ཕན་ཆད་དེ་ཡི་རིགས་འདྲའི་རྒྱུན་ནུས་པ་ཇེ་བརྟས་སུ་སོང་ནས་ལས་ཉོན་གྱི་དབང་གིས་ཁམས་གསུམ་རིགས་དྲུག་ཏུ་སྐྱེ་བ་ལེན་པ། ཇི་སྲིད་འཁྲུལ་སེམས་ལྡོག་པའི་གཉེན་པོ་བདག་མེད་པའི་ཡེ་ཤེས་མ་སྐྱེས་པ་དེ་སྲིད་དུ་རྒྱུན་ཡོད་ལ། མཐར་སེམས་ལྡོག་སྟེ་འོད་གསལ་བའི་དབྱིངས་སུ་ཡེ་ཤེས་ཉིད་བཙན་པ་གཏན་


MR27_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཟིན་པ་ཡིན་ནོ། །འཁྲུལ་པ་དེ་ནམ་བྱུང་ཞེས་འཁྲུལ་སེམས་ཅན་གྱི་དུས་དང་ཡུན་གྱི་ཐོག་མ་འདི་ཞེས་བཟུང་མི་ནུས་ཏེ། ཐོག་མ་མེད་པ་ནས་ཡོད་པ་ལྟར་རྟོག་པར་བྱེད་དོ། །ཆོས་དབྱིངས་ལ་སངས་རྒྱས་སེམས་ཅན་གཉིས་ཀ་གློ་བུར་བར་མདོ་དང་བསྟན་བཅོས་ཆེན་པོ་ལས་གསུངས་སོ། །སྔོན་ནས་གློ་བུར་བ་མིན་ན་ཕྱིས་ཀྱང་ལྡོག་པ་མི་སྲིད་དེ། ནམ་མཁའ་མེད་ན་སྤྲིན་དང་བཅས་པ། ནམ་མཁའ་ཡོད་ན་སྤྲིན་ཡོད་པས་ཁྱབ་ན། ཕྱིས་ཀྱང་སྤྲིན་དང་བྲལ་བའི་ནམ་མཁའ་ནམ་ཡང་མི་སྲིད་པ་བཞིན་ནོ། །དེས་ནི་སྤྲིན་ནི་ནམ་མཁའ་ལ་གློ་བུར་སྐྱེས་པ་ཡིན་ལ། ནམ་མཁའ་ནི་མ་སྐྱེས་པའོ། །ནམ་མཁའ་ཡོད་པ་ཙམ་ནས་སྤྲིན་ལྷན་སྐྱེས་ཡིན་ན། ནམ་མཁའ་སྤྲིན་དང་བྲལ་བ་མི་རུང་ངོ་། །དེ་ལྟ་ན་ཡང་ནམ་མཁའ་ལ་ཐོག་མ་མེད་པ་ལྟར། སྤྲིན་བྱང་དུས་ཀྱི་ཚོད་བཟུང་ནས་ཐོག་མ་འདི་ཞེས་མི་ཟིན་པ་བཞིན་ནོ། །དང་པོ་ནམ་མཁའི་དབྱིངས་སུ་འཇིག་རྟེན་མ་ཆགས་གོང་ནམ་མཁའ་འབའ་ཞིག་ཡིན་པ་ལ། རླུང་བྱུང་ནས་འཇིག་རྟེན་ཆགས་ནས་དེ་དུས་སྤྲིན་སོགས་ཡོད་པའི་ཚེ་ནམ་མཁའ་སྤྲིན་སོགས་ཀྱིས་སྒྲིབ་ཀྱང་འཇིག་རྟེན་ཞིག་ནས་ནམ་མཁའ་འབའ་ཞིག་གི་ངང་དུ་གྱུར་ཚེ་སྤྲིན་དང་བྲལ་ཡང་ནམ་མཁའ་ཡོད་པ་ལྟར་ཡེ་ཐོག་འོད་གསལ་གྱི་ངང་ལ་འཁྲུལ་པའི་སེམས་ཅན་མ་བྱུང་བ་ནི་འཇིག་རྟེན་མ་ཆགས་གོང་ནམ་མཁའ་ལྟ་བུ་སྟེ་གཞིའི་འོད་གསལ་ལོ། །འཇིག་རྟེན་


MR27_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་སྐབས་ཀྱི་ནམ་མཁའ་ལྟར་གློ་བུར་བའི་དྲི་མ་དང་བཅས་པའི་འོད་གསལ་ལོ། །འཇིག་རྟེན་ཞིག་པའི་རྗེས་ཀྱི་ནམ་མཁའ་ལྟ་བུ་ནི། སེམས་ཟད་ནས་འབྲས་བུའི་འོད་གསལ་ལྟ་བུའོ། །འོ་ན་སེམས་ཅན་རྣམས་གདོད་མའི་དབྱིངས་སུ་སེམས་ཟད་ནས་གྲོལ་ཏེ། ཡང་འཇིག་རྟེན་ཆགས་པ་ལྟར་འབྲས་བུ་ཐོབ་ཀྱང་ཕྱིས་སླར་ཡང་འཁྲུལ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འཇིག་རྟེན་སྔ་མ་སླར་བྱུང་བ་མ་ཡིན་ཏེ་སྐྱེས་ཟིན་འགག་ཟིན་སླར་སྐྱེ་བ་མེད་དེ། སྔར་མེད་པའི་སེམས་ཅན་སླར་སྐྱེ་བའོ། །གྲོལ་ཟིན་རྣམས་སེམས་ཀྱི་རྒྱུ་བ་གཏན་ལོག་ནས་ཡེ་ཤེས་སུ་གྱུར་པ་ན། འབྲས་བུ་སྨིན་པ་རྒྱུར་མི་ལྡོག་པ་རྫོགས་ཆེན་རྒྱུད་སྡེར་གསུངས་པ་བཞིན་ནོ། །འོ་ན་གདོད་མའི་མགོན་པོ་གཅིག་ཡིན་ནམ། སེམས་ཅན་གྱི་ཁམས་རེ་རེ་ཆགས་པའི་ཐོག་མ་དང་དུས་མཉམ་རེ་རེ་ཡོད་ཟེར་ན། རེ་རེ་ཡོད་ཀྱང་སྔར་གྱི་གདོད་མའི་མགོན་པོ་མ་ཡིན་ཏེ། དེ་དུས་ཀྱི་ཡིན་ནོ། །དེ་གང་ཡིན་ཡང་གདོད་མའི་མགོན་པོ་ཡིན་ཏེ་འཁྲུལ་མ་མྱོང་བའི་སངས་རྒྱས་ཡིན་ལ། ཆོས་སྐུའི་དབྱིངས་སུ་སངས་རྒྱས་ནས་ཁྱད་པར་མེད་ཀྱང་། སྔོན་གྱི་ཐུགས་རྗེ་སོགས། སངས་རྒྱས་གཅིག་མིན་མང་པོའང་མིན། །ཞེས་པ་བཞིན་ནོ། །མདོར་ན་འཁྲུལ་པ་གློ་བུར་བྱུང་ན་འགྲོ་བ་འབྱུང་གི། མ་བྱུང་ན་གྲོལ་བའང་མེད་པས་སངས་རྒྱས་སེམས་ཅན་གྱི་ཐ་སྙད་


MR27_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བྱ་སྟེ། གཞི་ནི་སངས་རྒྱས་མ་ཡིན་སེམས་ཅན་མིན། །ཞེས་གསུངས་པའི་ཕྱིར། འཁྲུལ་ཐེབ་རེ་ལ་སེམས་ཅན་དུ་མ་ཡིན་པ་བཞིན། གདོད་མགོན་དུ་མའམ་གཅིག་གང་ཡིན་ཞེ་ན། གཅིག་ཡིན་ཏེ་གཞི་ལས་གཞི་སྣང་ཤར་ཙམ་ནས་ང་བདག་ཏུ་མ་འཁྲུལ་བའི་ཕྱིར་རྒྱུད་ཐ་དད་ཀྱིས་ཕྱེ་བ་མེད་དོ། །སེམས་ཅན་ནི་དུ་མ་སྟེ་ང་བདག་ཏུ་བཟུང་བས་རྒྱུད་དུ་མར་འགྱུར་རོ། །དེ་ཡང་སེམས་ཅན་གཅིག་པུ་ཞིག་ཡིན་རུང་ངོ་ཟེར་ན། གཅིག་པུ་ཞིག་ལས་མི་འཁྲུལ་བའི་ངེས་པ་མེད་དེ། དབྱིངས་ཀྱི་ངང་ལས་གཡོ་བྱེད་ཀྱི་རླུང་གཡོས་པས་དབྱངས་ཀྱི་གར་ཁྱབ་སེམས་ཅན་ཚད་མེད་པ་འཁྲུལ་རུང་སྟེ། ཆུ་རླུང་གིས་བསྐྱོད་པའི་ཆུ་བུར་བཞིན་ནོ། །འོ་ན་གདོད་མགོན་དུ་མའང་སྲིད་དམ་སྙམ་ན། སྲིད་ཀྱང་ཉེས་པ་ཅི་ཡོད་ལ། འོན་ཀྱང་མི་སྲིད་དེ། ང་བདག་ཏུ་མ་བཟུང་བ་དེ་ལ་རྒྱུད་ཐ་དད་ཀྱིས་ཕྱེ་བའི་དུ་མར་མི་འགྱུར་ཏེ། ཆུ་རླུང་གིས་བསྐྱོད་ཀྱང་ཆུ་བུར་འབྱུང་བ་དེ་ཆུའི་རང་བཞིན་ལས་གཡོ་མ་ནུས་པ་བཞིན་ནོ། །ཧ་ཧ། འོ་ན་སྔར་གྱི་གདོད་མའི་མགོན་པོ་སོགས་དུ་མར་འགྱུར་རོ་ཞེ་ན། ཐ་སྙད་དུ་སྐྱོན་མེད་དེ། སྔར་གྱི་སངས་རྒྱས། ད་ལྟ། མ་འོངས་པའི་དེ་བཞིན་ནོ། །གདོད་མགོན་ལ་གཞི་སྣང་གང་ཤར་ཡང་གྲོལ་བ་ཡིན་ཏེ། སྔར་གྱི་སངས་རྒྱས་རྣམས་བཞིན་ནོ། །ཆོས་དབྱིངས་དང་དབྱེར་མེད་པའི་སྐུ་ལ་ཁྱད་མེད་དོ། །དེ་ལྟ་ན་སྤྱིའི་གདོད་མགོན་དེའི་ཐོག་མ་


MR27_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། བློས་མི་ཟིན་པའི་ཐོག་མ་ཁས་མི་ལེན་ཏེ། ནམ་མཁའི་ཐོག་མ་བཞིན་ནོ། །སེམས་ཅན་སྤྱིའི་ཐོག་མའི་མཐའ་ཡང་དེ་བཞིན་ནོ། །ཕྱོགས་དུས་ཀྱི་ཚད་ནམ་ཡང་མེད་དོ་ཞེས་ཁས་བླང་བར་བྱའོ། །དེ་ལ་སྐྱོན་གང་ཡང་མི་འཇུག་གོ། འཇིག་རྟེན་འདི་ཆགས་ནས་བཟུང་སྟེ་དཔྱད་ན་ཀུན་ལས་སྔ་བར་སངས་རྒྱས་པ་སྲིད་ལ། ཀུན་གྱི་ཕྱིས་སངས་རྒྱས་སྲིད་པ་བཞིན། སེམས་ཅན་འཁྲུལ་པ་དང་མ་འཁྲུལ་བའི་གདོད་མགོན་སྲིད་པ་ཆོས་ཉིད་ཀྱི་ཡིན་ཏེ། འཁྲུལ་མ་འཁྲུལ་སངས་རྒྱས་སེམས་ཅན་གཉིས་སྲིད་པ་ལ་མི་སྲིད་པར་སུས་ཀྱང་སྒྲུབ་ཏུ་མེད། དེ་གཉིས་སྔ་ཕྱིའང་སུས་གཞག་མི་ནུས། གདོད་མགོན་མེད་ན་སེམས་ཅན་སྔ། སངས་རྒྱས་ཕྱི་དགོས་ཏེ། འཁྲུལ་ནས་སངས་རྒྱས་པ་ལས་མ་འཁྲུལ་བའི་སེམས་ཅན་མི་སྲིད་དོ། །འཇིག་རྟེན་ཆགས་དུས་མཁའ་ལས་རླུང་གཡོས་ནས་རླུང་གཅིག་པུས་མཐུས་སྣོད་རྣམས་ཆགས་ནུས་ཀྱི། ས་སོགས་སྔོན་སོང་གི་རིགས་འདྲའི་རྡུལ་རྒྱུར་མི་དགོས་པ་སངས་རྒྱས་པའི་ལུགས། དགོས་པ་གཅེར་བུ་པའི་ལུགས་ཡིན། སེམས་ཅན་འཁྲུལ་པའི་ཚེ་ཀུན་གཞི་འོད་གསལ་གྱི་ངང་ལས་ལས་རླུང་གཡོས་པ་གཅིག་པུས་སེམས་ཅན་གྱི་ཁམས་དབང་བསྐྲུན་ནུས་ཀྱི་དབང་སོགས་བེམས་པོ་རིགས་འདྲའི་རྒྱུ་སྔོན་སོང་མི་དགོས་ཏེ་སེམས་ཀྱི་མཐུས་ས་སོགས་


MR27_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི། ས་སོགས་ཀྱི་མཐུས་སེམས་བྱུང་བ་མིན་ནོ། །འཇིག་རྟེན་ཆགས་པའང་སེམས་ཅན་གྱི་ང་བདག་ཏུ་འཛིན་པའི་མཐུས་སེམས་པས་འགྲུབ་པ་ཡིན་པས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་གསུངས་སོ། །དེས་ན་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་འབྱུང་བའི་རྩ་བ་སྲོག་གི་རླུང་གཡོས་པས་སེམས་སུ་ཤར་བ་ཡིན་པས། སྲོག་རླུང་གཅིག་པུ་དེ་རྣམ་པ་ཐམས་ཅད་པར་འཆར། ཞེས་གསུངས་སོ། ༈ །བཀྲ་ཤིས་ཁས་༨༠ལེན་སྐོར། སེམས་ཅན་ཐམས་ཅད་དགེ་རྩ་མ་ཆད་པར་ཁས་ལེན་ཏེ། སེམས་ཅན་ཐམས་ཅད་དགེ་རྩ་ཆད་པ་རྣམ་པ་ཀུན་ཏུ་མི་སྲིད་པའི་ཕྱིར། རྟགས་གྲུབ་པའི་ལན་འདེབས་མི་ནུས་སོ། །ལྷས་བྱིན་ཆོས་ཅན། དགེ་རྩ་མ་ཆད་པར་ཐལ། ཅིའི་ཕྱིར་ན་སེམས་ཅན་ཐམས་ཅད་དགེ་རྩ་མ་ཆད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། སེམས་ཅན་ཐམས་ཅད་དགེ་རྩ་མ་ཆད་ཀྱང་ལྷས་བྱིན་གྱི་དགེ་རྩ་རེ་ཞིག་ཆད་པ་འཐད་དོ། །དེ་བཞིན་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་མ་ཡིན་པ་མེད་དེ། སེམས་ཅན་ཐམས་ཅད་མི་བདེ་མི་སྐྱིད་པ་རྣམ་པ་ཀུན་ཏུ་མི་སྲིད་པའི་ཕྱིར། དམྱལ་བའི་སེམས་ཅན་ཆོས་ཅན། བདེ་ཞིང་སྐྱིད་པ་ཡིན་པར་ཐལ། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་ཡིན་པའི་ཕྱིར་ཞེ་ན། མ་ཁྱབ་པ་གོང་བཞིན། དེ་བཞིན་སེམས་ཅན་ཐམས་ཅད་ཤེས་རབ་ཅན་ཡིན་ཏེ། སེམས་བྱུང་ཤེས་རབ་མེད་པའི་སེམས་ཅན་མི་སྲིད་པའི་ཕྱིར། སེམས་ཅན་བླུན་པོ་མེད་པར་ཐལ། རྟགས་དེའི་ཕྱིར་ཞེ་ན། མ་ཁྱབ་སྟེ། སེམས་བྱུང་ཤེས་རབ་ཅན་


MR27_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཡང་། སེམས་ཅན་ཁ་ཅིག་རེ་ཞིག་བླུན་པའི་ཐ་སྙད་གདགས་བྱར་གྱུར་པ་ཡོད་དོ། །འོ་ན། སེམས་བྱུང་རྨོངས་པ་མེད་པའི་སེམས་ཅན་མེད་པས་ཐམས་ཅད་བླུན་པོར་འགྱུར་རོ་ཞེ་ན། སེམས་བྱུང་རྨོངས་པ་མེད་པའི་སེམས་ཅན་སྲིད་དེ་འཕགས་པ་རྣམས་ཡིན་ནོ། །དགེ་སྡིག་གཉིས་ལས་དགེ་བ་སྟོབས་ཆེ་སྟེ། ཟག་མེད་ཀྱི་དགེ་བ་དང་། དོན་དམ་པའི་དགེ་བ་དང་མཚུངས་པའི་སྡིག་པ་མི་སྲིད་པའི་ཕྱིར་རོ། །དཀར་ཕྱོགས་པ་དང་ནག་ཕྱོགས་པ་གཉིས་ལས་དཀར་ཕྱོགས་པ་སྟོབས་ཆེ་སྟེ། སངས་རྒྱས་བྱང་སེམས་ལྷ་དང་དྲང་སྲོང་སོགས་དང་སྟོབས་མཉམ་པའི་ནག་ཕྱོགས་པ་གཅིག་ཀྱང་མི་སྲིད་པའི་ཕྱིར་རོ། །ཆོས་ཐམས་ཅད་མི་འགལ་བར་ཁས་ལེན་ཏེ། དེ་ཐམས་ཅད་ཤེས་བྱ་དང་། གཞལ་བྱ་མིན་པར་དོན་གཅིག་མི་འགལ་བ་ཡིན་པའི་ཕྱིར། ཡིན་མིན་དང་ཚ་གྲང་མི་འགལ་བར་ཐལ། རྟགས་དེའི་ཕྱིར་ན། དེ་ལྟ་ཡིན་མོད་ཀྱི་ཆོས་ཐམས་ཅད་འགལ་བ་ཉག་གཅིག་ཏུ་ཁས་ལེན་མི་ནུས་ལ། མི་འགལ་བ་དུ་མ་ཡོད་པའི་ཕྱིར། འགལ་བའང་དུ་མ་ཡོད་སྙམ་ན། སྤྱིར་མི་འགལ་བར་འདོད་དོ། །མེ་རྟ་ཟླ་༢ཚེས་༨ལ་གློ་བུར་དྲན་པ། བསྡུས་ཚན་ལ་མཁས་འཇུག་གི་ཡིད་ཆོས་སྐབས་ཀྱི་ཐ་སྙད་ལས་འཕྲོས་ནས། ཚུལ་གསུམ་རྟགས་ཁྱབ་ངག་ཏུ་བརྗོད་པའི་དོན་ཤེས་ཕྱིར་ཁ་དོག་གི་ཁྱབ་མཐའ་སོགས། རྒྱུ་


MR27_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས། རྫས་ལྡོག སྤྱི་བྱེ་བསྡུས་གྲྭ་ལྟར། ཤེས་བྱའི་རྣམ་དབྱེ་གསལ་ཕྱིར། ཕུང་ཁམས་སྐྱེ་མཆེད་སོགས་མཚན་ཉིད་ཁྱབ་མཐའ། འདིར་རྒྱུ་འབྲས་ཆེ་བ། སྤྱི་བྱེ་སོགས་གོ་དོན་ལྟར་བརྗོད། སྣང་སེལ་འགལ་འབྲེལ་བ། བློ་རིགས་རྟགས་རིགས་སོགས། ཚིག་གི་ཤན་འབྱེད་ཕྱིར་འཕྲོས་དོན་སྣ་ཚོགས་བརྗོད་པའི་སྐབས་གསུམ། ཕྱི་མ་ལ། ཁྱབ་མཐའ་འགོད་ཚུལ་ལས་འཕྲོས་པའི་ཁྱབ་པ་སྒོ་བརྒྱད། ཐལ་བ་འགོད་ཚུལ་ལས་འཕྲོས་པའི་ཐག་པ་སྦྲུལ་འཛིན་སོགས་རྟགས་འཕྲོས་ལྟག་ཆོད་རིགས། དགག་བཞག་གི་རྩོད་གཞི་ལས་འཕྲོས་པའི་རྡུལ་ཕྲན་ལྟ་བུ། རྒྱུ་འབྲས། སྲ་འབར་སྡུད་གཡོ་སོགས་མདུན་གཞིར་ཡོད་མེད་གང་སྨྲ། རྩོད་གཞི་ལ་དོན་ཆོས་གཉིས་སོ་སོར་ཕྱེའམ་སོགས་དཔྱད། ཐམས་ཅད་ཀྱི་སྒྲ། ཁོ་ནའི་སྒྲ། ཤེས་བྱ་ལྟ་བུ་སྤྱི་རང་འབའ་ཞིག་ཡིན་མུ། བེམས་སོགས་གཉིས་ཀ མདུན་གྱི་བུམ་སོགས་བྱེ་བྲག་འབའ་ཞིག རི་རྭ་གཉིས་མིན་ནོ། །དེ་ལས་འཕྲོས་ཏེ། ཤེས་བྱ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། གཞལ་བྱའི་བྱེ་བྲག་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་ལ་ཤེས་བྱ་ཡིན་མིན་གཉིས་ཡོད་ཚུལ་སོགས། རི་རྭ་གཞལ་བྱའི་བྱེ་བྲག་མེད་པར་གཞལ་བྱ་ཡིན་སོགས་འཕྲོས་དོན། ཚིག་ཤན་ཐམས་ཅད་ཕྱེས་ནས། དང་པོ་ཕྱོགས་རྐྱང་ལས་འཕྲོས་ཏེ་ཐམས་ཅད་སོགས་མིང་གི་འཇུག་པ། ཆོས་ཡོད་མེད་ཡིན་མིན་བཞི་ལས་


MR27_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ཏེ་མདུན་གཞིར་ཡོད་མེད། བུམ་པ་མི་རྟག་ཡིན་མིན། ཀ་བ་རྣམ་གཅོད་ཡིན་མིན་སོགས་ཁས་ལེན་འགྲོ་ཚུལ། འདི་དག་བརྗོད་འདོད་ལ་རག་ལས་ཚུལ་སོགས་གསལ་ཤན་ཕྱེ་ནས། སྐབས་སུ་བརྡ་ཤན་འབྱེད་སོགས་དྲངས། རྣམ་འགྲེལ་སོགས་ལས་འཕྲོས་པ་སོགས་བསྡུས་ཚན་སྔ་མའི་འགྲོས་ལྟར་བྱ། ཚེ་གཅིག་ཚིག་གི་ནགས་ཚལ་དུ་འབྱམས་ནས་མཐར་མ་ཕྱིན་ན་དོན་འབྲས་མེད་ཚུལ་གྱི་གནད་བཤད། ལྟག་ཆོད་རིགས་ཀྱི་ཤན་དབྱེ། སྐྱེས་ཟིན་མི་སྐྱེ་སོགས། རྟགས་སམ་བསྒྲུབ་བྱར་ཞེ་འདོད་ཀྱི་སྣོན་འདེབས་ཚུལ་ཤན་དབྱེ། ཐལ་འགྱུར་ལན་སྒོ་བཞི་གསུངས་ཀྱང་། སྒོ་གསུམ་གྱི་རུང་ཚུལ། དངོས་སྟོབས་ཀྱི་ལམ་ནས་རྩོད་པ་དྲང་པོ་ལ་དེ་ལྟར་ཡིན་ཡང་། ཚིག་གི་ལམ་ནས་སྤྱིར་ལན་འདེབས་ལུགས་ལ་དུ་མ་ཡོད་ཚུལ། གཙོ་བོར་བྱས་ཏེ་གོ་དགོས་མོད་ཀྱང་། མདོར་བསྡུ་ན། དོན་ཕྱོགས་ལ་སྐྱོན་ཡོད་དམ། ཆོས་བསྒྲུབ་བྱར་དང་རྟགས་ལ་སྐྱོན་ཡོད་པའམ། ཁྱབ་པ་སོགས་གང་ལ་ཤན་ཤོར་བ་དེ་ནས་བཅད་དེ་ལན་འདེབས་ཚུལ་ཤེས་པ་དགོས་སོགས་སྦྱར། དགེའོ།། །།མདོར་ན་ཐལ་ངག་ལ་འདོད། ཅིའི་ཕྱིར། རྟགས་མ་གྲུབ་ཁྱབ་པ་མེད་པའི་ལན་བཞི་ཁོ་ནས་གདབ་པ་སྤྱིར་ངེས་ཀྱང་། དེ་འབའ་ཞིག་བཏབ་ན་ལན་མི་ཐེབ་པ་འོང་ཚད་ཚིག་ཤན་མ་ཕྱེས་པར་རྩོད་པ་འབྱུང་བར་ངེས་པས། རང་ཡང་ཚིག་དེ་འབའ་ཞིག་གི་ལམ་ལ་གནས་


MR27_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལན་མི་ཐེབ་པའོ། །རང་གི་ཤན་ཕྱེས་ཏེ་བརྗོད་འདོད་ཀྱིས་རྣམ་པར་བཅད་པའི་དོན་ལ་བརྟེན་ཞིང་ལན་མི་ཐེབ་པའི་སྐྱོན་དུས་སུ་རིག་པར་བྱས་ན་ལན་བཏབ་ན་ལན་མི་ཐེབ་པ་མི་སྲིད་དོ། །དངོས་སྟོབས་ཀྱིས་གནོད་པ་ལ་ནི་ལན་མེད་མོད། དེས་ན་འདོད། ཚིག་གིས་གནོད་པ་ལ་ནི་ཚིག་ཤན་འབྱེད་པ་གལ་ཆེའོ། །སརྦ་མངྒ་ལཾ།། ༈ །།ཀ་བུམ་གཉིས་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་ཟེར་ན། མིག་རྣ་གཉིས་ནས་བསྒྲེ་སྟེ། དབང་པོ་ལྔ་ཀ་ཡིན་མིན་སྲིད་ཤེས་བྱ་ཡིན་ཞེས་ཁས་བླངས་ན། ཁྱབ་འགྲིག་ཏུ། མདུན་གྱི་དམ་བཅའ་བ་ཆོས་ཅན། ཁྱོད་ལ་མོ་གཤམ་གྱི་བུ་མོ་མེད་པར་ཐལ། དེ་ཡིན་མི་སྲིད་ཤེས་བྱ་ཡིན་པའི་ཕྱིར། འདོད་ན་དམ་བཅའ་བ་ཆོས་ཅན། ཁྱོད་ལ་དབང་པོ་ལྔ་ཀ་མེད་པར་ཐལ། དབང་པོ་ལྔ་ཀ་ཡིན་མི་སྲིད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་ན། ཁྱོད་ལ་མེད་པས་ཁྱབ་པའི་ཕྱིར། སོགས་བཟློག་ནས་འཕེན་སོགས་ཀྱང་ངོ་། །དབང་པོ་ལྔ་ཀ་གཅིག་ཡིན་པ་མི་སྲིད་ཟེར་ན། དབང་པོ་ལྔ་ཀ་ཆོས་ཅན། གཅིག་ཡིན་པ་མི་སྲིད་པར་ཐལ། འདོད་ན། མིག་ཆོས་ཅན་གཅིག་མིན་པར་ཐལ། དེའི་ཕྱིར་འདོད་ན་ཁྱོད་གཞི་གྲུབ་ན་ཁྱོད་ཁྱོད་དང་གཅིག་ཡིན་པས་མ་ཁྱབ་ཡིན་ནམ་ཁྱབ་པར་ཐལ་སོགས། དེ་ལྔ་ངོ་བོ་གཅིག་ཡིན་ཟེར་ནའང་མིག་མིག་དང་ངོ་བོ་གཅིག་མིན་པར་སོགས་འཕེན། དེ་ལྔ་ཕན་ཚུན་


MR27_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡིན་པས་མི་སྲིད་ན། མིག་རྣ་ཕན་ཚུན་གཅིག་མིན་པར་ཐལ། འདོད་ན་མིག་གཅིག་མིན་པར་ཐལ། དེའི་ཕྱིར། ཕན་ཚུན་གཅིག་མིན་ན་ཕན་ཚུན་གཉིས་སོགས་ཀྱིས་མིག་གཉིས་མདོར་རལ་སོགས། འདི་གཅོད་འཚམས་སོ། །ཁྱོད་གཞི་གྲུབ་ན་ཁྱོད་ཐ་དད་རྟག་པ་ཡིན་པས་ཁྱབ་ན། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། ཀ་བ་དང་ཐ་དད་མིན་པའི་ཕྱིར། ཁྱབ་ན་ཁྱོད་གཞི་གྲུབ་ན་སོགས། རྟག་པ་ཡིན་པའི་ཁྱབ་པར་འདོད་པའི་ཕྱིར། དེ་ལ་ཁྱོད་དང་ཐ་དད་དང་དེ་ཡིན་པ་ལ་ཁྱད་ཡོད་ཟེར་ན། བུམ་པ་རྟག་ལ། བུམ་པ་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་ཅེས་བརྗོད་རིགས་པར་ཐལ་ལོ། །དེ་བཞིན། བུམ་པ་ཆོས་ཅན། རྟག་པར་ཐལ། ཤེས་བྱ་མིན་པའི་ཕྱིར། མ་ཁྱབ་ན་ཤེས་བྱ་རྟག་པར་ཁས་བླང་བའི་ཕྱིར། ཤེས་བྱ་བུམ་པ་མིན་ལ། བུམ་པ་ཤེས་བྱ་ཡིན་པས་མི་མཚུངས་ཟེར་ན། བུམ་པ་ཟངས་བུམ་མིན་ལ་ཟངས་བུམ་བུམ་པ་ཡིན་པས་ན་བུམ་སྤྱི་རྟག་པར་ཐལ་ལོ། །གཞན་ཡང་རི་བོང་རྭ་ཆོས་ཅན། མདོར་རལ། གཞལ་བྱ་ཡིན་པའི་ཕྱིར། དེར་ཐལ། མདོར་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མདོར་ཤེས་བྱ་ཡིན་ན་ཤེས་བྱ་ཡིན་པའི་ཕྱིར། བུམ་མེད་ཤེས་བྱ་མ་ཡིན་པར་ཐལ་ལོ། །དེ་ཡིན་པར་ཐལ། རང་འཛིན་རྟོག་པའི་ཡུལ་དུ་གྱུར་པའི་ཕྱིར། དེར་རལ་དེ་བརྗོད་པའི་སྒྲ་དང་རྟོག་པ་ཡོད་པའི་ཕྱིར། བུམ་པ་ཆོས་ཅན།


MR27_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ཐལ། ཚད་མས་མ་དམིགས་པའི་ཕྱིར། དེར་ཐལ། ཚུར་མཐོང་གི་དེ་དམིགས་མི་སྲིད་པའི་ཕྱིར། དེར་ཐལ། ཟངས་བུམ་སོགས་རེ་རེ་ནས་བུམ་པ་མིན་པ་གང་ཞིག བྱེ་བྲག་མིན་པའི་བུམ་པ་ཚད་མས་མ་དམིགས་པའི་ཕྱིར། དེ་བཞིན་ཟངས་བུམ་སོགས་ཀྱང་མཐར་ཐམས་ཅད་སྤྱིར་ལྡོག་བཏང་ནས། རྟག་པ་མི་རྟག མི་རྟག་རྟག་པ། མདོས་མེད་པ་སོགས་ཐམས་ཅད་འཆོལ་བར་ཐལ་ལོ། །གཟུགས་ཕུང་མེད་པར་ཐལ། དེ་ཚད་མས་མ་དམིགས་པའི་ཕྱིར། དེ་ཚད་མས་མ་དམིགས་པར་ཐལ། ཕྱོགས་དུས་ཀྱི་གཟུགས་སུ་རུང་བ་ཐམས་ཅད་གཟུགས་ཕུང་ཡིན་པ་གང་ཞིག དེ་དམིགས་བྱེད་ཀྱི་ཚུར་མཐོང་མི་སྲིད་པའི་ཕྱིར། དེས་མ་ཁྱབ་སྟེ། ཀ་བ་དམིགས་པའི་ཕྱིར་ཞེ་ན། ཀ་བ་ཆོས་ཅན་གཟུགས་ཕུང་མིན་པར་ཐལ། གཟུགས་ཕུང་ཞེས་སྤྱི་དང་། རང་མཚན་བསྲེས་ན། ཤེས་བྱ་དང་ཀ་བའང་ཅིས་མི་བསྲེ། འདི་པའི་དངོས་པོའི་མིང་ཐམས་ཅད་སྣང་བཏགས་བསྲེས། སེལ་བ་རྐྱང་པའི་མིང་ཐམས་ཅད་རང་ལྡོག་ལ་བཟུང་བ་རེད་ཀྱང་། སེལ་བ་ལའང་སྣང་བཏགས་བསྲེ་རུ་ཡོད་ཅིང་། དངོས་པོ་ལའང་སྣང་བཏགས་ཕྱེ་རྒྱུ་ཡོད་པས་ན། ཤེས་བྱ་རྟག་པ་ཡིན་ཞེས་དང་། ཤེས་བྱ་མི་རྟག་པ་ཡིན་ཞེས་པ་གཉིས། སྣང་བཏགས་མ་བསྲེས་པའི་ཤེས་བྱ་ཙམ་ལྡོག་དང་། བསྲེས་པའི་བློའི་ཡུལ་དུ་ཡོད་པའི་དངོས་པོ་རྣམས་ལ་བརྗོད་པ་གཉིས་ཡོད་པ་ལས་ཕྱི་མ་ཚད་མའི་


MR27_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་སྟེ་ལེགས། དངོས་དངོས་མེད་གཉིས་ལས། དངོས་མེད་ཡོད་པ་མེད་པར་འདོད་དེ། དེ་ཡོད་ན་ཡོད་མེད་ཤན་མི་ཕྱེད་དོ། །དེས་ན་ཡོད་མེད་དོན་རང་མཚན་ཀྱི་སྟེང་ནས་ཕྱེད་དགོས་ཀྱི། དེའི་སྒྲ་དོན་ལ་བསམ་ན་ཐམས་ཅད་ཡོད་པ་དང་། ཐམས་ཅད་རྟག་པར་ཐལ་ལོ། །བུམ་པ་ཆོས་ཅན། རྟག་པར་ཐལ། བུམ་པ་ཁོ་ན་ཡིན་པའི་ཕྱིར། ཁྱབ་ཁྱབ་པ་ཁས་བླངས་སོ། །སྐྱེས་པ་བུད་མེད་གཉིས་ཀ་སྐྱེས་པ་ཡིན་དང་བུད་མེད་ཡིན་ཟེར་བ་སྐྱོན་ཅན་ལ། མིན་ཕྱོགས་གཉིས་སྐྱོན་མེད་པས་ན་བསྡོམ་པའི་སྒྲ་དོན་ལ་མི་གོ་བ་དེ་ཡིན། དེ་གཉིས་གང་ཟག་མིན་ཟེར་ན་རུང་བའི་ཕྱིར་རོ། །གལ་ཏེ་གཉིས་སྡོམ་པར་གོ་ན། དེ་གཉིས་གང་ཟག་ག་ལ་ཡིན། དེ་གཉིས་མི་སྲིད་པ་ཡིན་པའི་ཕྱིར། གལ་ཏེ་དེ་གཉིས་ཀྱི་ཡིན་པར་གོ་ན་མི་སྲིད་པ་ཡིན་ཡང་། འདི་ཚིག་གིས་མི་ཕྱེད་དེ་དོན་གྱིས་བཅད་པའོ། །དེ་བཞིན་ལྟོ་ལྡིར་བ་དང་། གདུང་འདེགས་ཀྱི་དོན་བྱེད་པའི་གཞི་མཐུན་ཡོད་པའི་ཕྱིར། ཀ་བུམ་གཉིས་ཡིན། མདོར་ཐལ། བུམ་པས་གདུང་མ་འདེགས་པ་སྲིད་པའི་ཕྱིར་སོགས། མཚན་ཉིད་ཀྱང་དོན་གྱིས་མ་བཅད་ན་ཚིག་གིས་དཀའ་ཡང་ཡོངས་སུ་གྲགས་པའི་ཚིག་བཞིན་སྐྱོན་མེད་དམ་སྲིད་དོ། །ཤེས་བྱ་མིན་ན་རྟག་མི་རྟག་གཉིས་སུ་ཁ་ཚོན་མི་ཆོད་པར་ཐལ། རྟག་མི་རྟག་གཉིས་ཀ་མིན་པའི་ཤེས་བྱ་ཡོད་པའི་ཕྱིར། དེར་ཐལ་དངོས་


MR27_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་དེ་མིན་པའི་ཕྱིར། ཤེས་བྱ་མིན་པ་ཤེས་བྱ་མདོར་ཐལ། ཤེས་བྱ་མིན་པ་དེ་དེ་ཡིན་པའི་ཕྱིར། ཤེས་བྱ་མིན་པ་ཤེས་བྱ་ཡིན་པས། རྟག་པ་མིན་པ་རྟག་པ་ཡིན་སོགས་ཤེས་བྱ་མིན་པ་མདོར་ཐལ། དེ་ཤེས་བྱ་མིན་པའི་ཕྱིར་སོགས་མཐའ་ཡས་སོ། ༈ །འདིའི་གོ་བ་ལ། རྫས་ལྡོག་གཉིས་ཀྱི་མིང་ལས། རྫས་མིང་ཀུན་དེའི་སེལ་རྐྱང་ལ་མི་འཇུག་པར་ལྡོག་ལྡན་ལ་འཇུག ལྡོག་མིང་ཀུན་ལྡོག་ལྡན་ལ་མི་འཇུག་པར་ལྡོག་རྐྱང་ལ་འཇུག་སྟེ། དེ་དེ་གོ་བའི་བརྡ་བྱས་པའི་ཕྱིར་ཡིན་ཡང་། སྐྱེས་བུའི་དོན་གྱིས་རྣམ་བཅད་ལ་མ་ལྟོས་པར་མིག་ཁོ་ནས་ཐ་སྙད་མི་གྲུབ་པས་གང་འདོད་བྱར་ཡོད་ལ་དགག་ཏུ་མེད་དོ། །ཞེས་གལ་ཆེ་ཆེ། ༈ གཞན་ཡང་ཁས་ལེན་ཅན་གྱི་བློས་བྱས་འདི་ཚོ་གནས་ལུགས་ཡིན་ན། ཆོས་ཉིད་མཉམ་པ་ཉིད་དུ་མི་འགྱུར་ཏེ། སེ་གོལ་གྱི་སྒྲ་ལྟ་བུའི་ཆོས་ཉིད་དེ། དེ་སྔ་ཕྱིར་ཡོད་མེད་དཔྱད་པས། ཡོད་ན་ཆོས་ཅན་མེད་པའི་ཆོས་ཉིད་ཡོད་པ་དང་། མེད་ན་མི་རྟག་པར་ཐལ་ཞིང་། འདུས་བྱས་ཐམས་ཅད་རང་གི་ངོ་བོས་སྔ་མེད་ཕྱི་མེད་སྐད་ཅིག་གིས་ཡོད་པ་ཡིན་ཕྱིར་དེ་ཀུན་ཀྱང་རྟག་པ་དེར་ཐལ་ལོ། །གཞན་ཡང་ཀ་བུམ་གྱི་ཆོས་ཉིད་གཅིག་ཡིན་མིན་སོགས་དང་། འདུས་བྱས་མ་བྱས་ཀྱི་ཆོས་ཉིད་དང་། རྟག་མི་རྟག་གི་ཆོས་ཉིད་ཀྱང་དེ་བཞིན་རྟག་མི་རྟག་དུ་ཐལ་ཏེ། ཇི་ལྟར་ལྡོག་པའམ་སྤྱི་ལ་དཔྱད་པ་དང་འདྲ་བར་ཀུན་ཏུ་འགྱུར་ཏེ། བློས་བྱས་ཀྱི་


MR27_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དེ་ནི་སྤྱི་ཇི་བཞིན་ཡིན་པའི་དཔྱད་པ་ཞིག་བྲི་དགོས། རང་ལུགས་ཆོས་ཉིད་ཀྱི་དབང་དུ་ནི་མཉམ་པ་ཉིད་དེ། བུམ་སོགས་སྐྱེ་བ་དང་། མ་སྐྱེའི་དུས་དང་། འཇིག་པའང་མེད། དེ་མེད་པའི་མེད་ཆ་དེ་ཡང་མེད་དེ་རང་བཞིན་བརྗོད་བྲལ་དུ་བཞུགས། ཀ་བུམ་ཡང་དེ་འདྲ་སྟེ་བློས་བྱས་ཀྱི་ངོས་ནས་ཆོས་ཅན་དུ་མ་ཡོད། དེ་ལ་བརྟེན་པའི་ཆོས་ཉིད་དུ་མའང་ཡོད་མོད་ཀྱི་གཞི་ཆོས་ཉིད་ཆེན་པོའི་སྟེང་ན་དེ་གཉིས་གང་དུའང་མ་གྲུབ་པར་མཉམ་པ་ཉིད་དོ། །འོན་ཀྱང་ཐ་སྙད་དུ་ཆོས་ཉིད་ཡོད་དེ་སྤྲོས་བྲལ་དུས་ཀུན་ཏུ་ཡིན་པའི་ཕྱིར། ཆོས་ཅན་མེད་པར་ཐལ། ཞེ་ན་ཅིའི་ཕྱིར་ཏེ། ཆོས་ཅན་བུམ་པ་གཏན་ནས་སྐྱེ་མ་མྱོང་བའི་ཕྱིར། ཆོས་ཉིད་ཅི་སྟེ་ན་བུམ་པ་མེད་པར་བུམ་པའི་སྤྱི་བཞིན་ཡོད་དམ་དཔྱད་མེད་དམ་དཔྱད་དོ། །གཞན་ཡང་གནས་ཚུལ་དང་སྣང་ཚུལ་གཉིས་སུ་མ་ཕྱེ་ན་ཁས་བླང་དཀའ་སྟེ། སེམས་ཙམ་པས་ཀྱང་གཟུགས་གཏན་ནས་ཁས་མི་ལེན་པའང་མིན། སྤྱི་དོན་གྱི་གཟུགས་ཀྱང་ཁས་མི་ལེན་པ་མིན་སྟེ་འོན་ཀྱང་གནས་ཚུལ་ལ་དཔྱད་ཚེ་ཁས་མི་ལེན། སྣང་ཚུལ་ལ་བུམ་པ་སྤྱི་དོན་མེད་ན་ཁས་ལེན་དུ་དཀའོ། །དེ་བཞིན་དབུ་མས་ཀྱང་ཁས་ལེན་ཡོད་པ་རྗེས་ཐོབ་ཤན་འབྱེད། མེད་པ་གནས་ཚུལ་དབང་བྱས་གོ་དགོས། སྔགས་ལམ་དུའང་སེམས་ཅན་སངས་རྒྱས་ཡིན་པའང་གནས་


MR27_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་དཔྱད་ན་རང་བཞིན་སྦྱར་མི་དགོས་སྣང་ཚུལ་ལ་རང་བཞིན་མ་སྦྱར་ན་ཁས་ལེན་མི་བདེ། སངས་རྒྱས་དམྱལ་བར་སྐྱེ་བར་ཐལ་ཞེ་ན། ཅིའི་ཕྱིར། སེམས་ཅན་སངས་རྒྱས་ཡིན་པའི་ཕྱིར། བདེན་སྟོང་དམྱལ་བ་སོགས་འཕེན། སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་པའི་ཕྱིར། གོང་གི་ཐལ་བ་དེ་ལ་འགལ་ཁྱབ་དུ་གོ་བ་ལྟ་བུ་བྱུང་ན་གོ་བ་ལེགས་ཏེ། སངས་རྒྱས་ཡིན་པའི་ངོས་ན་དམྱལ་བར་སོང་བ་མེད་དེ། བདེན་སྟོང་གི་དབང་དུ་ནི་དམྱལ་བར་སོང་བ་མི་བདེན་པ་བཞིན་ནོ། །ཟན་ཟ་ན་སེམས་ཅན་ཟ་བར་སེམས་ཙམ་པ་ལ་ཐལ་བ་འཕེན་ན་ཡང་འགལ་ཁྱབ་ཏུ་སོང་སྟེ། སེམས་ཡིན་པའི་ཕྱིར། ཟན་ཟ་བ་དངོས་མེད་དེ། སེམས་དེར་སྣང་བའི་ཕྱིར། སེམས་འདི་ནི་དོན་དུ་ན་ཟན་མིན་པའི་ཕྱིར། དེ་བཞིན་སངས་རྒྱས་ཡིན་པའི་དབང་དུ་ན་ང་དམྱལ་བར་འགྲོ་མ་མྱོང་བའི་ཕྱིར། སེམས་ཅན་དམྱལ་བ་སྐྱེ་བ་མེད་པར་ཐལ་ཞེ་ན། ཅིའི་ཕྱིར། སངས་རྒྱས་ཡིན་པའི་ཕྱིར་ཞེ་ན་མ་ཁྱབ། གནས་ཚུལ་ལ་འདོད་ཀྱང་སྣང་ཚུལ་ལ་མི་འདོད་དོ། །གནས་སྣང་ལ་རྣམ་ཀུན་མི་མཐུན་པ་སུ་ལའང་ཡོད་པས་ན་མགོ་བསྒྲེའོ། །ཡོད་ན་མི་རྟག་པས་ཁྱབ་ན་དོན་དམ་བདེན་པ་འཕེན། དོན་དམ་ཡོད་པ་མིན་ཟེར་ན། ཡིན་པར་ཐལ་བདེན་པ་གཉིས་


MR27_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར་ན་ཁྱབ། གཅིག་ཤོས་ལ་དོན་དམ་ཡོད་པར་ཐལ། འདོད་ན། དངོས་པོ་ཡིན་པར་ཐལ་ཡོད་པའི་ཕྱིར། ཁྱབ་འོང་སྟེ། གཉིས་ཀ་ཁྱབ་པའི་འཛིན་མཚམས་ལ་གཏུག་དགོས་ཀྱི། དོན་དུ་གཅིག་ནི་བརྡ་ཐ་སྙད་དུ་ཡོད་པ་ལ་ཡོད་པར་བཞག གཅིག་ནི་དངོས་པོ་ལ་ཡོད་པར་བཞག་པའོ། །ཡོད་མེད་གཉིས་ཀ་ཡོད་པར་ཐལ། མེད་པ་ཡོད་པར་ཐལ། འདོད་ན། དེ་གཉིས་འགལ་བ་ཡིན་པར་ཐལ་ཟེར་ན་དེས་འགྲེའོ། །དགེའོ།། །།


previousབསྡུས་ཚན་རྩོད་རིགས་སྨྲ་བའི་སྒོ་འབྱེད།next