Nitartha Digital Library
Tibetan
གླེགས་བམ་ཉེར་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
ཀུན་མཁྱེན་བླ་མར་འཇམ་དཔལ་གྱི་རྗེས་སུ་གནང་བའི་བསྟན་བཅོས་ཨུཏྤལ་ལྔ་པ་དང་རལ་གྲི་ལྔ་པ།
   
   
   
   
   
   
   


 
previousཀུན་མཁྱེན་བླ་མར་འཇམ་དཔལ་གྱི་རྗེས་སུ་གནང་བའི་བསྟན་བཅོས་ཨུཏྤལ་ལྔ་པ་དང་རལ་གྲི་ལྔ་པ།next

ཀུན་མཁྱེན་བླ་མར་འཇམ་དཔལ་གྱི་རྗེས་སུ་གནང་བའི་བསྟན་བཅོས་ཨུཏྤལ་ལྔ་པ་དང་རལ་གྲི་ལྔ་པ།


MR27_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བླ་མར་འཇམ་དཔལ་གྱི་རྗེས་སུ་གནང་བའི་བསྟན་བཅོས་ཨུཏྤལ་ལྔ་པ་དང་། རལ་གྲི་ལྔ་བཞུགས་སོ། །


MR27_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ་པའི་ཨུཏྤལ་ནི། དེ་བཞིན་གཤེགས་པ་ཤེས་བྱ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པའི་ཚུལ་གསལ་བར་སྟོན་པ་སྟེ་སྐུ་ཡི་གསང་བའོ། ༈ །དེ་བཞིན་གཤེགས་པའི་སྐུ་ཡི་གསང་བ་ཇི་ལྟར་སྒྲུབ་ཚུལ་མཆོག་གྲུབ་པའི་ཨུཏྤལ་བཞུགས། དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་སྐུ་ཅན་ཁྱོད་ལ་འདུད། །དེ་བཞིན་གཤེགས་པ་ཞེས་བྱ་བ། །སྐུ་ནི་ལོངས་སྤྲུལ་རང་བཞིན་ལ། །ཚད་དཔག་དཀའ་བ་སྐུ་བཞི་སོགས། །ཡང་དག་དོན་ལ་རྟག་ཏུ་གནས། །སྣང་ཚུལ་མི་རྟག་ཚུལ་ཡིན་པས། །ཅི་འདི་ཐ་དད་ཡིན་ནམ་མིན། །ཡིན་ན་བདེ་བར་གཤེགས་པའི་སྐུ། །


MR27_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཆ་དུས་ཀྱི་འགྱུར་བ་ཅན། །རྡོ་རྗེ་སྐུ་རུ་ཇི་ལྟར་རུང་། །སྤང་ཞིང་བསླུ་བ་ཉིད་དང་ཡང་། །ཚད་མེད་ཡོན་ཏན་མི་སྣང་ཞིང་། །མཉམ་པ་ཉིད་དུ་མི་འགྱུར་བས། །གཉིས་དུས་འཁོར་ཡེ་ཤེས་གྲུབ་པ་དྲངས། སྣང་ཅན་གྱི་གང་ཟག་དང་། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །རྗེས་ལས་ཐོབ་པའི་བློ་ངོ་ལ། །སྐུ་ཡི་གཟུགས་སོགས་ཇི་ལྟར་མཐོང་། །ཅི་འདི་གདུལ་བྱའི་སྣང་ངོ་ལ། །འཇིག་རྟེན་མཐུན་འཇུག་རོལ་མོ་ཡིས། །རྟག་དང་མི་རྟག་ཚུལ་དུ་སྣང་། །དོན་ལ་གཉིས་སུ་མེད་པ་ཡི། །ཡེ་ཤེས་སྲིད་ཞི་མཉམ་པ་ཉིད། །སྐུ་ཐུགས་ཟུང་དུ་འཇུག་པ་སྟེ། །ཕྱོགས་དང་དུས་ཀུན་མཉམ་ཉིད་


MR27_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཆོས་དང་ཆོས་ཉིད་གཉིས་སུ་མེད། །ཤེས་དང་ཤེས་བྱ་དབྱེར་མེད་པར། །ཆོས་ཀྱི་དབྱིངས་ལས་མ་གཡོས་པས། །དེ་བཞིན་གཤེགས་པ་མཐར་ཐུག་ནི། །ཡེ་ཤེས་རྡོ་རྗེའི་སྐུ་ཞེས་བྱ། །དབྱིངས་ཡེ་དབྱེར་མེད་དག་པའི་སྐུ། །མཐར་ཐུག་བྲི་གང་བྲལ་བའོ། །དེས་ན་དུས་འཁོར་དང་རྒྱུད་བླ་སོགས་དྲངས། གཞི་འབྲས་དབྱེར་མེད་དེ། །འདི་སྒྲུབ་རིགས་པ་ཆོས་ཐམས་ཅད། །མཉམ་ཉིད་ཡིན་པས་བདེན་པ་གཉིས། །དབྱེར་མེད་ཚུལ་གྱིས་རྒྱས་པར་སྒྲུབས། །གཞན་དུ་རྫོགས་སངས་རྒྱས་ཀྱི་སྐུ། །འདུས་བྱས་ཆ་དང་འགྱུར་བར་མཐོང་། །འདི་ལ་ཉེས་པ་ཚད་མེད་དོ། །གཞན་ཡང་ཐེག་ཆེན་གྱིས་འབྲས་བུ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །ཡིད་དང་གསང་བ་བསམ་མི་ཁྱབ། །རྟོགས་ན་དེ་ལྡོག་ཡོན་ཏན་ཐོབ། །དེས་ན་བསམ་གྱིས་མི་ཁྱབ་ཀྱང་། །སྣང་ཚུལ་ནོར་བུ་ཇི་བཞིན་དུ། །མཛད་པ་རྟག་ཅིང་ཁྱབ་པ་དང་། །སྐུ་གསུང་ཐུགས་ཀྱི་རོལ་མོ་སོགས། །རྣམ་པ་ཐམས་ཅད་གང་ཡིན་ཡང་། །གཉིས་ཆོས་ཆ་ཡི་དུ་མ་དང་། །རྡུལ་དང་སྐད་ཅིག་འགྱུར་བའི་ཆ། །ངོ་བོ་ཉིད་ལ་ཡོང་མེད་པས། །རྟག་པ་ཉིད་དང་ཚད་མེད་དང་། །


MR27_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་ཡང་དག་གནས། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །སྐྱེ་ཞིང་འགགས་པ་འགྱུར་བའི་ཆ། །མེད་པས་རྟག་པ་ཉིད་དུ་འདོད། །རྡུལ་དང་ཕྱོགས་ཀྱི་ཆ་བཅས་སུ། །མེད་པ་དེ་ནི་ཀུན་ཁྱབ་ཉིད། །གཡོ་དང་འཇུག་པ་གཉིས་ཆོས་བྲལ། །དེ་ནི་ལྷུན་གྱིས་གྲུབ་པའོ། །ངོ་བོ་སྣང་སྟོང་རིས་མེད་པ། །ཐ་སྙད་ཀུན་ལས་འདས་པའི་ཕྱིར། །རྟག་དང་མི་རྟག་ཁྱབ་མ་ཁྱབ། །ལྷུན་གྲུབ་མ་གྲུབ་སོགས་མེད་ཀྱང་། །གནས་ལུགས་འདི་ནི་ཆོས་ཉིད་ཀྱིས། །གྲུབ་ཅིང་གཉིས་སུ་འབྱེད་པ་ཡི། །ཐ་སྙད་ཤེས་རབ་ཀྱིས་གཞལ་ན། །མི་རྟག་སོགས་སུ་བཞག་མེད་ཅིང་། །ལྡོག་པ་ཉིད་དུ་ཚད་གྲུབ་ན། །དེ་ཕྱིར་རྟག་སོགས་ཞེས་སུ་བརྗོད། །བདེ་གཤེགས་ལ་ནི་ཡོན་ཏན་ཀུན། །མཉམ་མེད་གཞལ་མེད་ཚུལ་གྱིས་སུ། །ངོ་བོ་ཉིད་ལ་ལྷུན་གྲུབ་འདོད། །སྐུ་འདིས་མཐའ་


MR27_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་དོན་བྱེད་ན། །རྟག་ལ་དོན་བྱེད་འགལ་བ་ཡི། །དབང་ཕྱུག་བཞིན་དུ་འདི་མི་འགྱུར། །དབང་ཕྱུག་གཅིག་བདེན་ཀུན་གྱི་རྒྱུ། །དེ་འདྲ་སྒྲུབ་ལ་ཚད་མ་མེད། །འདིར་ནི་ཆོས་ཀུན་ངོ་བོ་ཡིན། །སྟོང་ཕྱིར་མཉམ་པ་ཉིད་གྲུབ་ཅིང་། །མཉམ་པ་ཉིད་ནི་ཕྱོགས་དུས་ཀྱི། །གཉིས་ཆོས་ཀུན་བྲལ་བྲི་གང་བྲལ། །བདག་གཉིས་བྲལ་བའི་དབྱིངས་དེ་ལ། །བདག་དངོས་དབང་ཕྱུག་སུ་ཡིས་དྲངས། །འདི་ཡི་ཡོན་ཏན་ཐམས་ཅད་ནི། །ལྷུན་གྱིས་གྲུབ་པར་གནས་པ་ལ། །རིམ་དང་ཅིག་ཅར་བརྟགས་མེད་དེ། །ཇི་ལྟར་ཟླ་བའི་ངོ་བོ་ལ། །ཆུ་སྣོད་དག་ཏུ་འཆར་རུང་བ། །ངོ་བོ་ཉིད་ལ་ལྷུན་གྲུབ་ཀྱང་། །གལ་ཏེ་ཆུ་སྣོད་ཐམས་ཅད་ནི། །གཅིག་ཆར་ཡོད་ན་གཅིག་ཆར་འཆར། །འོན་ཀྱང་རྒྱུ་རྐྱེན་ལས་བྱུང་ཀུན། །ཅིག་ཅར་ཡོད་པ་མི་སྲིད་པས། །རིམ་གྱིས་འཆར་བ་ཉིད་དུ་ཤེས། །དེ་བཞིན་འགྲོ་བའི་སྣང་བ་ནི། །འགྱུར་བཅས་འདུས་བྱས་ཉིད་ཡིན་ཕྱིར། །ཅིག་ཅར་སྣང་བ་མི་སྲིད་པས། །རིམ་གྱིས་འབྱུང་བར་ཡང་དག་ཤེས། །འགྱུར་མེད་ཉིད་དུ་འགྱུར་བ་ནི། །རིམ་དང་ཅིག་ཅར་གཉིས་བྲལ་བའི། །མཉམ་པ་ཉིད་དུ་གནས་པའོ། །ཆོས་ཉིད་བཞིན་དུ་གཤེགས་པ་ཡི། །


MR27_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་ཞེས་གང་བརྗོད་པ། །འབྲས་བུ་བླ་ན་མེད་པ་ནི། །ཆོས་ཉིད་བཞིན་དུ་བསྟན་པ་ཡི། །བསྟན་པ་འདི་ལས་ཕྱི་རོལ་ཏུ། །གྱུར་པ་རྣམས་ལ་མེད་ཤེས་བྱ། །ཕྱི་དང་ནང་གི་མུ་སྟེགས་ཅན། །རྣམས་ལ་རྒྱུ་འབྲས་ཚུལ་གྱིས་ནི། །བདེ་གཤེགས་མི་རྟག་སྒྲུབ་པར་བྱེད། །སྣང་ཚུལ་དབང་གིས་དེ་ཡང་གྲུབ། །ཆོས་ཉིད་ཟབ་མོའི་གནས་ལུགས་དང་། །རྗེས་ཐོབ་ཤན་འབྱེད་ཤེས་རབ་ཀྱིས། །རྟག་སོགས་ཁས་ལེན་ཤེས་པའི་མཆོག །མཁྱེན་པ་སྒྲིབ་མེད་ཡོད་པ་དང་། །སྐྱེ་འགག་མེད་སོགས་སྒྲུབ་བྱེད་མཐུས། །གྲུབ་ཅིང་ལོག་རྟོག་ཆད་པ་ཡིས། །དེ་ཉིད་སྒྲུབ་ཀྱི་ཅིག་ཅར་དུ། །རྟག་བཞིན་བྱེད་སོགས་འདི་ལྟར་ཞེས། །བསམ་མི་ཁྱབ་ཡིན་འགལ་མེད་ཙམ། །ཡང་དག་ཚད་མས་སྒྲུབ་ནུས་སོ། །དབྱིངས་ཀྱི་ངང་ལས་མི་འདའ་ཡང་། །རང་སྣང་སྒྲིབ་པས་སྒྲིབ་རྣམས་ལ། །སྡུག་བསྔལ་རྣམས་ནི་རང་སྣང་དབང་། །དེ་ནི་ཡེ་ཤེས་སྐུས་བྱས་མིན། །ཡེ་ཤེས་སྐུ་དང་འགྲོ་བ་ཡི། །སྣང་བ་ཟུང་དུ་ཚོགས་པ་ལས། །སྐུ་ཡིས་སྣ་ཚོགས་མི་རྟག་པའི། །གཡོ་བའི་རོལ་མོ་མཛད་པར་སྣང་། །ཡོན་ཏན་ཉིད་ནི་ཚད་


MR27_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། །རྣམ་པ་ཐམས་ཅད་སྐུ་དང་ནི། །གཞོམ་མེད་གསུང་དང་ཀུན་མཁྱེན་ཐུགས། །ཡོན་ཏན་ཚད་མེད་ཕྲིན་ལས་ཏེ། །གསང་བ་རྒྱན་གྱི་འཁོར་ལོ་ལྔ། །མི་ཟད་པ་དང་མཉམ་ཉིད་དོ། །གཞན་རྣམས་མི་རྟག་འདོད་པས་ཀྱང་། །ཀུན་མཁྱེན་འདོད་ཕྱིར་ཇི་ལྟ་དང་། །ཇི་སྙེད་ཡེ་ཤེས་གཅིག་པར་ནི། །སྒྲུབ་པར་དཀའ་ཕྱིར་མཐའ་གཉིས་ཀར། །དུ་མར་སྣང་ཡང་དུ་མའི་སྐྱོན། །མེད་དང་འགྱུར་བར་སྣང་ན་ཡང་། །འགྱུར་མིང་ཡུལ་ལ་གློ་བུར་དུ། །འཇུག་ཅིང་ངོ་བོ་ལྷུན་གྲུབ་པ། །འགལ་མེད་ཉིད་དུ་ཤེས་པ་ཡིས། །བློ་གྲོས་ཟབ་ལྡན་མཆོག་གྱུར་པའོ། །།ཚད་མ་རྟག་པ་མིན་སོགས་བཞིན། །འདི་ཡང་གློ་བུར་འགྱུར་བཅས་ཀྱི། །དྲི་མ་ཟད་པའི་སྟོབས་ཀྱིས་ནི། །དག་པ་གཉིས་ལྡན་ཉིད་གྲུབ་པས། །རྟག་པ་རང་བྱུང་ཉིད་ལ་ནི། །སྒྲུབ་བྱེད་མེད་དེ་འདིར་ཡོད་པའོ། །ཁྱབ་རྟག་རྒྱུ་ནི་མི་སྲིད་པས། །རྒྱུ་ལས་བྱུང་ཀུན་ཡུལ་དང་དུས། །ཉི་ཚེ་བ་སྟེ་རྟག་ཁྱབ་མིན། །རྒྱུ་མེད་ཆོས་ཉིད་རྟག་ཁྱབ་པའོ། །ཆོས་ཉིད་བཞིན་དུ་གཤེགས་པ་དང་། །ངོ་བོ་མཉམ་ཉིད་བཞིན་དུ་རྟག །སྣང་ཚུལ་རྒྱུ་འབྲས་ཉི་ཚེར་སྣང་། །སྤྲིན་མཐོང་མཁའ་ལ་ཉི་བཞིན་དང་། །ཐ་སྙད་


MR27_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལས་དེར་བཞག་པའོ། །དེ་ཡི་བྱིན་རླབས་རང་སྣང་བའང་། །རིག་བྱེད་རྟག་པར་མི་མཚུངས་ཏེ། །ལྷུན་གྲུབ་མཐུ་དང་སེམས་ཅན་བློ། །ཚོགས་པས་སྣང་བའི་གཡོ་རྩོལ་གྱིས། །མ་བྱས་ཉིད་ཕྱིར་རང་བྱུང་བའོ། །གཉིས་ཆོས་མེད་ལ་གཉིས་ཉིད་ཀྱི། །རྣམ་པར་འབྱེད་པ་དོན་ལ་མེད། །ཐ་སྙད་ཀྱིས་ནི་གནས་ཚུལ་དུ། །རྟག་པར་གྲུབ་ཕྱིར་དེ་སྟོབས་ལྡན། །དེ་ཕྱིར་གཉིས་སུ་མེད་པ་ཡི། །སྟོང་དང་སྣང་བ་ཟུང་འཇུག་གི། །སྣང་ལས་ཀུན་འབྱུང་ཡོན་ཏན་ཆེ། །གོ་མ་འགགས་པར་ལྷུན་གྲུབ་པ། །ཡེ་ནས་རང་བྱུང་ཆོས་ཉིད་ཀྱང་། །སྣང་ཚེ་གཉིས་སུ་འབྱེད་པ་ཡི། །ཐ་སྙད་བྱེད་ལ་རྒྱུ་རྐྱེན་ལས། །གདགས་པ་མེད་པར་མི་སྲིད་པས། །སྣང་ཆ་རིས་སུ་འབྱེད་པ་ལ། །རྟེན་འབྲེལ་ཉིད་མིན་ཡོད་མ་ཡིན། །དེ་ཕྱིར་རྟེན་འབྲེལ་ལམ་སྨྲ་བས། །རྟག་ཆད་སྨྲ་བ་སེལ་བར་བྱེད། །གཉིས་སུ་འབྱེད་ཚེ་རྟེན་འབྲེལ་དུ། །ཀུན་སྣང་ན་ཡང་ངོ་བོ་ནི། །རྒྱུ་རྐྱེན་རྟེན་འབྲེལ་ལས་འདས་པར། །ཆོས་ཉིད་བསམ་མི་ཁྱབ་ཏུ་གནས། །དེ་གཉིས་གཅིག་གི་རྒྱུ་མཚན་གྱིས། །གཅིག་གྲུབ་པར་ནི་ཤེས་པ་ན། །བདེ་གཤེགས་གསང་བའི་


MR27_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་ཞུགས། །འབྲས་བུ་རྣམ་མཁྱེན་རྟག་པ་དང་། །དེ་ཕྱིར་གཞི་མ་ལྷུན་གྲུབ་ཅེས། །ཚུར་མཐོང་བློ་ལ་འཇིགས་པ་ཡི། །མཐར་ཐུག་སྟེར་ལ་འདི་འདྲ་མེད། །དེ་ཕྱིར་དེ་ཉིད་ཆེས་ཟབ་ཅིང་། །བརླིང་བ་ཉིད་ཀྱི་མཐར་ཐུག་པས། །སེམས་དཔའ་ཆེ་རྣམས་ཀྱིས་ཀྱང་ནི། །ཇི་བཞིན་རྟོགས་པ་དཀའ་བར་གསུངས། །འཁོར་འདས་ཆོས་ཉིད་ཟབ་མོ་ལ། །ཚུལ་བཞིན་བཞུགས་པའི་རྣམ་དཔྱོད་དང་། །ཟབ་མོའི་ཐབས་ལ་ཡིད་ཆེས་པ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཚུལ་འདི་རྟོགས་ན་ཤེས་བྱ་ཡི། །ནང་ན་མཆོག་ཏུ་གྱུར་གཞན་མེད། །ཐོས་པས་ཡིད་ཆེས་ཙམ་ཡོད་ཀྱང་། །ཕན་ཡོན་ཚད་མེད་ཐོབ་པར་འགྱུར། །ཤེས་བྱ་ཀུན་མཆོག་སངས་རྒྱས་ཀྱི། །ཡེ་ཤེས་སྐུ་ནི་སྒྲུབ་པའི་ཚུལ། །བརྗོད་ལ་དགེ་བ་གང་བསགས་པས། །འགྲོ་ཀུན་ཡེ་ཤེས་སྐུ་ཐོབ་ཤོག །ཅེས་མི་ཕམ་པས་ཟླ་༡༡ཚེས་༡ལ་ཕྲལ་དྲན་ནོ།། ༈ །།སྔགས་གྲུབ་པའི་ཨུཏྤལ་ནི། གྲུབ་པ་བཞི་སོགས་སྔགས་ཀྱི་ངོ་བོ་མི་དམིགས་བརྟགས་ན་དབེན། ཡི་གེ་གཅིག་པའི་སྔགས་སོགས་རྟེན་འབྱུང་གྲུབ་པ་བཞིར་སྒྲུབ་པ་ནི་གསུང་གི་གསང་བའོ། ༈ །སྔགས་གྲུབ་པའི་ཨུཏྤལ་བཞུགས་སོ། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་


MR27_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱལ། །སྨྲ་བའི་སེང་གེ་ཚུགས་པ་མེད། །གསུང་གི་དབང་ཕྱུག་ཁྱོད་ལ་འདུད། །ཆོས་ཀུན་གདོད་ནས་མ་བཅོས་ཤིང་། །རང་བཞིན་མཉམ་པ་ཉིད་གནས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྔགས། །སྔགས་རྣམས་ཀུན་གྱི་གཞིར་གྱུར་ཏེ། །ཆོས་ཅན་སྣང་བ་ཇི་སྙེད་ཀུན། །སྐུ་དང་ཡེ་ཤེས་རོལ་པར་ཤར། །ཤར་བའང་ཀུན་བརྟགས་མ་ཡིན་པར། །རང་བཞིན་ཉིད་ཀྱི་གནས་པ་ལ། །དེ་དང་དེ་ཡི་ནུས་པའི་མཐུ། །ཐོགས་པ་མེད་པར་གྲུབ་པ་ཡང་། །ཇི་ལྟར་སྨན་མཐུས་ནད་འཇོམས་བཞིན། །སྔགས་ཀྱི་ནུས་པ་བསམ་མི་ཁྱབ། །སྔགས་ཀྱི་རྣམ་པ་ཇི་སྙེད་པ། །དེ་བཞིན་གཤེགས་ལྔས་བྱིན་བརླབས་ཤིང་། །ལྷ་ཉིད་སྔགས་ཀྱི་རྣམ་པར་གནས། །སྒྲུབ་པ་པོ་ལ་བྱིན་གྱིས་རློབས། །སྔགས་ཀྱི་ངོ་བོ་ལེགས་བརྟགས་ན། །མཚན་མའི་ཆོས་སུ་མི་དམིགས་ཤིང་། །རང་བཞིན་ཡེ་ནས་མ་གྲུབ་པས། །གདོད་ནས་མཉམ་པ་ཉིད་དུ་གནས། །ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ་མང་པོ་གཞན་ཡང་མེད། །ཡི་གེ་འགགས་པ་རྣམས་མིན་ལ། །གཏན་ནས་དེ་ནི་མེད་པ་མིན། །ཆོས་ཉིད་ངོ་བོས་གྲུབ་པ་དང་། །ཆོས་ཅན་རང་བཞིན་གྱིས་གྲུབ་ཅིང་། །


MR27_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་མཐུ་ཡི་གྲུབ་པ་དང་། །བྱིན་གྱིས་བརླབ་ཀྱིས་གྲུབ་པ་ལས། །སྟོང་དང་རྟེན་འབྱུང་དབྱེར་མེད་ཕྱིར། །མཆོག་ཐུན་དངོས་གྲུབ་ཐམས་ཅད་ནི། །འབད་པ་མེད་པར་སྟེར་བ་ལ། །ཇི་ལྟར་བསམ་འཕེལ་ནོར་བུ་ལས། །དགོས་འདོད་འབྱུང་བ་འགག་མེད་དང་། །མེ་ནི་ཤུགས་ཀྱི་འབར་བ་ན། །བསྲེག་བྱ་བསྲེགས་པ་ཇི་བཞིན་དུ། །ཐེ་ཚོམ་མེད་པར་དངོས་གྲུབ་འབྱུང་། །དེ་ཕྱིར་བདེ་གཤེགས་སྲས་དང་བཅས། །རིག་སྔགས་ཀྱིས་ནི་བསྐུལ་བ་ན། །མི་ཡི་མིང་ནས་བོས་པ་བཞིན། །ལྷ་རྣམས་མངོན་པར་འབྱུང་བར་འགྱུར། །སྔགས་ཀྱིས་གྲུབ་པའི་ལྷ་དེ་ནི། །སྔགས་ཀྱི་ཕྱག་རྒྱར་སྣང་བའི་ཕྱིར། །ལྷ་དང་སྔགས་གཉིས་ཐ་དད་པ། །དམ་པའི་དོན་དུ་རྣམ་དབྱེར་མེད། །ཡེ་ཤེས་ལ་ནི་དབང་རིམ་བཞིན། །ཕྱག་རྒྱ་གཅིག་པའི་ཏིང་འཛིན་ནས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་བར། །ལྷ་དང་སྔགས་ཀྱི་རིམ་པ་ལ། །ཡང་དག་ཏིང་འཛིན་བརྟན་ཐོབ་ཅིང་། །དྲོད་སོགས་སྣང་བ་རིམ་འཕེལ་ནས། །ཕྲ་མོའི་གྲུབ་པ་བརྒྱད་ལ་སོགས། །གནས་སྐབས་ཕྲིན་ལས་ཀུན་འགྲུབ་ཅིང་། །མཐར་ཐུག་ལས་ང་རྒྱུ་བ་ཀུན། །ཆོས་ཉིད་ཡེ་ཤེས་དབུ་མའི་


MR27_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཁར། །ཆུབ་པས་བརྟན་གཡོའི་སྒྲ་སྐད་ཀུན། །བརྗོད་མེད་བརྗོད་པ་ཆེན་པོར་ཤར། །རྡོ་རྗེ་དབྱངས་ཀྱི་ནཱ་དའི་སྒྲ། །གཞོམ་མེད་གསུང་གི་འཁོར་ལོ་ནི། །གདུལ་བྱའི་ཁམས་དབང་མཐུན་པ་ཡི། །ཆོས་ཀྱི་འཁོར་ལོ་འབྱུང་བའོ། །རྣམ་པ་ཐམས་ཅད་མཁྱེན་པའི་གསུང་། །དེ་རུ་སྔགས་ཀྱི་ཚུལ་སྒྲུབ་པའི། །བརྗོད་པའི་དགེ་ཚོགས་མཐའ་ཀླས་པས། །ཀུན་མཁྱེན་གསུང་ནི་འགྲུབ་པར་ཤོག ༈ །ཡེ་ཤེས་གྲུབ་པའི་ཨུཏྤལ་ནི། ཐོག་མེད་ནས་མཁྱེན་གདངས་ཡོད། བརྩེ་བ་ཡོད། སྒྲིབ་པ་བྲལ་ན་ཚད་མེད་སོགས། གཞི་ཡེ་ཤེས་རང་ལྡན་ལམ་སྟོབས་ལྡན། འབྲས་བུ་མི་ལྡོག་ཚུལ་རྟག་ཁྱབ་ལྷུན་གྲུབ་ཏུ་སྟོན་པ་སྟེ་རྣམ་འགྲེལ་སེམས་ཀྱི་རང་བཞིན་འོད་གསལ་སོགས་ཐུགས་ཀྱི་གསང་བའོ།། ༈ །།ཡེ་ཤེས་གྲུབ་པའི་ཨུཏྤལ་བཞུགས། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཡེ་ཤེས་སེམས་དཔའ་ཁྱོད་ལ་འདུད། །གདོད་ནས་རྣམ་པར་དག་པ་ཡི། །སེམས་ཀྱི་རང་བཞིན་འོད་གསལ་དེ། །སྐུ་དང་ཡེ་ཤེས་རྣམ་དབྱེར་མེད། །དྲི་མ་རྣམས་ནི་གློ་བུར་བ། །ངོ་བོ་རང་བཞིན་ཐུགས་རྗེ་སྟེ། །གཞིར་གནས་ཡེ་ཤེས་གསུམ་དང་ལྡན། །ཀ་དག་གཏིང་གསལ་མཚན་མ་བྲལ། །ནང་གསལ་


MR27_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་བུམ་སྐུར་བཞུགས། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ལ། །མཁྱེན་ཆ་མ་འགགས་དབྱིངས་སུ་གསལ། །བརྩེ་བའི་རང་གདང་འགགས་པ་མེད། །དེ་ཕྱིར་གཞི་ལ་ལྷུན་གྱིས་གྲུབ། །རང་བཞིན་ཀུན་ཏུ་བཟང་པོ་ནི། །དུས་བཞི་མཉམ་པ་ཆེན་པོའི་ཀློང་། །འོད་གསལ་འཕོ་འགྱུར་མེད་པ་ནི། །ཆ་མེད་ཀུན་འགྲོ་ཁྱབ་པའི་བདག །རྡུལ་མེད་རྡུལ་བྲལ་དམ་པའི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སེམས་ཅན་ཀུན་གྱི་སྙིང་ལ་ནི། །རྟག་ཏུ་གནས་ཀྱང་མ་རིག་པས། །བསླད་པའི་ཁམས་གསུམ་འགྲོ་བ་ཀུན། །མ་དག་འཁྲུལ་པའི་འཁོར་ལོར་འཕྱན། །དག་པ་ཉན་རང་བྱང་འཕགས་ཀྱང་། །ཤིན་ཏུ་རྣམ་དག་མ་ཐོབ་བར། །འདིའི་རང་བཞིན་མཐར་གཏུགས་པ། །ཡོངས་སུ་རྫོགས་པར་རྟོགས་མི་ནུས། །སྒྲིབ་གཉིས་བག་ཆགས་གཏན་སྤངས་ཚེ། །གཞི་ཡི་གནས་ལུགས་རྫོགས་པར་རྟོགས། །དེ་ཕྱིར་དྲི་མ་སྤང་པའི་ཐབས། །ལམ་ལ་འབད་པས་གོམས་པར་བྱ། །དེ་ལའང་ཐུན་མོང་ཐུན་མིན་གཉིས། །ཐུན་མོང་གྲངས་མེད་ཚོགས་བསགས་ལས། །འབྲས་བུ་གཞན་ནས་ཚོལ་བ་དང་། །ཐུན་མིན་སྔགས་ཀྱི་ལམ་ལའང་། །རྣལ་འབྱོར་ཕྱི་པས་བདེན་


MR27_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ། །བླང་དོར་བལྟ་བའི་ལམ་གྱིས་བགྲོད། །ནང་པ་ཐབས་ཀྱི་ཐེག་པ་ཡི། །བདེན་གཉིས་དབྱེར་མེད་མཉམ་པ་ཆེའི། །ས་ལམ་རིམ་པ་ཀུན་བགྲོད་ཅིང་། །ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེ། །མཆོག་ཏུ་གསང་བའི་མན་ངག་གི། །གཞི་འབྲས་ལྷུན་གྲུབ་ཆེན་པོ་དེ། །རྟོགས་ལྡན་བླ་མའི་བྱིན་རླབས་ཀྱི། །བློ་བྲལ་རིག་པ་ངོ་སྤྲོད་ཅིང་། །མི་གཡོ་སུམ་ལྡན་རྣལ་འབྱོར་གྱི། །རིག་པ་ཀ་དག་ངང་དུ་བཞག །བོག་འབྱིན་གསང་བ་ཆེན་པོའི་ལམ། །སྒྲོན་མ་བཞི་ཡི་རྣལ་འབྱོར་ལ། །གནད་གསུམ་འོད་གསལ་འཁོར་ལོར་བལྟ། །ལམ་གྱི་སྣང་བའི་རྩལ་རྫོགས་ཏེ། །འཁྲུལ་སྣང་ཐམས་ཅད་ཟད་སར་སྐྱོལ། །འཇའ་ལུས་འཕོ་ཆེན་ཚེ་འདིར་རྙེད། །རང་གནས་རང་བྱུང་ཡེ་ཤེས་ཀྱིས། །ལམ་འདིར་འོག་མའི་ལམ་ཀུན་རྫོགས། །ཡེ་ཤེས་རིག་པ་དང་འགལ་བའི། །མ་རིག་གཉེན་པོར་འདི་ཉིད་ཆེ། །ལམ་གཞན་ཇི་ལྟར་བསྒོམས་བྱས་ཀྱང་། །འདི་དང་དངོས་འགལ་མི་འགྱུར་བས། །སྒྲིབ་གཉིས་དྲུང་ནས་འཇོམས་མི་ནུས། །དེ་ཕྱིར་ཡེ་ཤེས་རྡོ་རྗེ་ནི། །མི་ཕྱེད་མི་ཆོད་མི་ཤིགས་པའི། །རང་བཞིན་ཉིད་དུ་བརྟན་པས་ན། །གློ་བུར་ཉོན་མོངས་


MR27_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་ཀྱང་། །འདི་ལ་ཚུགས་པར་མི་འགྱུར་ཏེ། །རང་བྱུང་འོད་གསལ་གཤིས་ལུགས་ལ། །དྲི་མས་ནམ་ཡང་གོས་པ་མེད། །རང་བཞིན་དག་པ་ཉིད་ཡིན་དང་། །དྲི་མ་གློ་བུར་འབྲལ་རུང་ཕྱིར། །གནས་ཚུལ་དོན་དང་མཐུན་པས་ན། །ལམ་ནི་སྟོབས་དང་ལྡན་པ་ཡིན། །ལམ་དེས་སྒྲིབ་པ་བསལ་བ་ན། །ཚད་མེད་ཐུགས་རྗེ་ཆེན་པོ་དང་། །མཁྱེན་པའི་ཡོན་ཏན་མངོན་དུ་གྱུར། །ནུས་པའི་མཐུ་སྟོབས་བསམ་མི་ཁྱབ། །ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ། །འབད་པ་མེད་པར་ངང་གིས་འབྱུང་། །ཤེས་བྱ་སྤྲོས་མེད་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཆོས་སྐུ་ཞེས་བྱར་བརྗོད། །དེ་ཉིད་ངང་ལས་མ་གཡོས་བཞིན། །དག་དང་མ་དག་གདུལ་བྱ་ལ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཡི། །མཛད་པའི་ཆོ་འཕྲུལ་སྣ་ཚོགས་སྟོན། །དེ་ཡང་གདོད་མའི་གཞི་ཡི་ཁམས། །ཇི་བཞིན་མངོན་དུ་བྱས་པ་ལས། །རང་བྱུང་ཡེ་ཤེས་རང་སྣང་བས། །གཏན་དུ་ཕྱིར་མི་ལྡོག་པའོ། །ཟབ་ཞི་སྤྲོས་པ་ཀུན་བྲལ་བའི། །རྣམ་པར་མི་རྟོག་ཡེ་ཤེས་ཆེ། །སེམས་ཅན་ཀུན་གྱི་རྙེད་གྱུར་ཏེ། །རྒྱལ་ཀུན་


MR27_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གསང་འགྲུབ་པར་ཤོག །བདུད་རྩི་གྲུབ་པའི་ཨུཏྤལ། སྣང་སྲིད་བདུད་རྩི། ཡོན་ཏན་ནོ་ཞེས་གསུང་པའི་རྩ་བ་རྗེ་བླ་མ་ཉིད་ཀྱི་གསུང་པ་ལོགས་སུ་ཡོད་དོ། ༈ །རྟེན་འབྲེལ་གྲུབ་པའི་ཨུཏྤལ་ནི། ཆོས་ཀུན་རྟེན་འབྲེལ། རྟེན་འབྲེལ་ལས་འདས་རང་བྱུང་ཡེ་ཤེས་སུ་མཉམ་ཡང་གདང་མ་འགགས་རྟེན་འབྲེལ་དུ་ཤར་བ་ནི། ཕྱི་ནང་འཁོར་འདས་ཐམས་ཅད་རྟེན་འབྲེལ། དུས་འཁོར་ལས། ཁབ་ལེན་ལས་ནི་ལྕགས་ཐུར་གཡོ་སོགས། རྟེན་འབྲེལ་འདི་ཡིད་ཆེས་ངེས། རྒྱུ་རྐྱེན་འཚོགས་པའི་ལུག་གི་རྭ་ལ་དུརྦ་འབྱུང་བ་སོགས་དོགས་པ་ཆོད་ངེས། འདི་ཕྲིན་ལས་གྲུབ་པ་ཡིན་གསུང་།། ༈ །།རྟེན་འབྲེལ་གྲུབ་པའི་ཨུཏྤལ་བཞུགས། སྣང་བ་ཆེན་པོ་གསལ་བ་ཆེ། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྐྱེ་མེད་ཆོས་དེ་སྣ་ཚོགས་སྟོན། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །ཕྱི་ནང་འཁོར་འདས་ཆོས་ཐམས་ཅད། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། །རང་བཞིན་མཉམ་པ་ཆེན་པོའི་གཤིས། །རྒྱུ་རྐྱེན་རྟེན་འབྲེལ་ལས་འདས་ཤིང་། །དངོས་དང་དངོས་མེད་སྐྱེ་འགགས་སོགས། །གཉིས་ཆོས་སྐད་ཅིག་རྣམ་པ་བྲལ། །རང་བྱུང་ཡེ་ཤེས་ཆེར་མཉམ་ཡང་། །དབྱིངས་ཀྱི་རང་གདང་མ་འགགས་པས། །རང་བཞིན་མེད་ཀྱང་སྲིད་པ་དང་། །རྣམ་པར་བྱང་བའི་ཆོས་རྣམས་ནི། །རྟེན་འབྲེལ་སྒྱུ་


MR27_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྣང་བ་ལས། །རང་དབང་ཉིད་ཀྱིས་འབྱུང་བ་མིན། །དངོས་པོ་རྣམས་ཀྱི་ནུས་པ་ནི། །ཁབ་ལེན་རྡོ་ཡི་སྦྱོར་བ་ལས། །ལྕགས་ཀྱི་ཐུར་མ་གཡོ་བ་བཞིན། །འདོད་པས་འདི་ནི་འགྱུར་བ་མིན། །སྲིད་པ་གསུམ་གྱི་གནས་རིས་ཀུན། །ཆ་མེད་རྡུལ་ལས་ཆ་བཅས་དང་། །དབང་ཕྱུག་ལ་སོགས་རྒྱུར་སྨྲ་དང་། །རྒྱུ་མེད་ལས་སྐྱེ་འདོད་པ་འཁྲུལ། །རྒྱུ་རྐྱེན་དངོས་པོ་འཚོགས་པ་ན། །འདི་ཡོད་པ་ལས་འདི་འབྱུང་སྟེ། །ཟླ་བའི་འོད་ཟེར་དང་སྦྱོར་བས། །ཆུ་ཤེལ་ལས་ནི་ཆུ་འབྱུང་དང་། །དེ་བཞིན་ཉི་དང་མེ་ཤེལ་ལས། །མེ་འབྱུང་མེ་ལོང་དྭངས་པའི་ངོས། །གཟུགས་བརྙན་རྣམ་པ་སྣ་ཚོགས་པ། །མ་གྲུབ་བཞིན་དུ་གསལ་བར་འཆར། །སྐྱུར་བ་གཞན་གྱིས་ཟོས་པ་ལས། །གཞན་གྱི་ལྕེ་ཆུ་འཛག་པ་དང་། །དེ་བཞིན་ས་བོན་རྐྱེན་སྦྱོར་བས། །མྱུ་གུ་འབྱུང་དང་སྒྲ་བརྙན་བཞིན། །ལུག་གི་རྭ་ལས་རྐྱེན་ཚོགས་ཚེ། །དུསཪྺ་ལ་སོགས་སྨིན་པ་ཡང་། །རྭ་དེ་དུསཪྺའི་རྒྱུ་མིན་ཡང་། །རྟེན་འབྲེལ་ཆོས་ཉིད་བསམ་མི་ཁྱབ། །བདེ་གཤེགས་ཕྲིན་ལས་གསང་བ་ཆེའི། །ཤིན་ཏུ་ཟབ་མོའི་མཛོད་ཁང་འདི། །ཇི་བཞིན་གཟིགས་པ་ཐམས་ཅད་མཁྱེན། །གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་ཕྱིར་རྒྱུ་


MR27_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རྣམ་བཞག་དང་། །ལས་དང་ལས་འབྲས་སྨིན་ཚུལ་ལ། །ངེས་ཤེས་གཏིང་ནས་འཁྲུངས་པ་ཡི། །ཆོས་ཀུན་རྟེན་འབྲེལ་ཡིད་ཆེས་རྙེད། །སྟོང་དང་རྟེན་འབྱུང་མི་ཕྱེད་པའི། །བཀའ་རྟགས་ཕྱག་རྒྱས་ཐེབས་པ་ལས། །ཕྱི་ནང་གསང་བའི་ཆོས་ཐམས་ཅད། །རྟེན་འབྲེལ་ལམ་དུ་ཁྱེར་བ་ཡིས། །མཐར་ཐུག་རྟེན་ཅིང་འབྲེལ་འབྱུང་གི། །ཆོས་ཅན་སྣང་བ་ཇི་སྙེད་པ། །ཆོས་ཉིད་དབྱིངས་སུ་ཆུབ་པ་ལས། །ཟུང་འཇུག་བྲི་གང་བྲལ་བར་གནས། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ། །རང་བྱུང་ཉིད་དུ་མངོན་སྣང་ནས། །སྙིང་ལ་ཡེ་ཤེས་རྟེན་འབྲེལ་འཆར། །སྲིད་གསུམ་མ་རིག་མུན་སེལ་ཤོག།། ༈ །།རལ་གྲི་ལྔ་ལས། བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི། བདུད་ཀྱི་སྒྱུ་ཐབས་འཇོམ་པ་མཁྱེན་པའི་རལ་གྲི་གཉིས་ལོགས་སུ་ཡོད་དོ། ༈ །ཀུན་རྟོག་འཆིང་བ་གཅོད་པ་སྔགས་ཀྱི་རལ་གྲི་བཞུགས། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །སྔགས་མཆོག་སྔགས་བདག་རིགས་པའི་རྒྱལ། །སངས་རྒྱས་ཀུན་བདག་སྐུ་ཡི་མཆོག །ཡེ་ཤེས་གྲུབ་པར་ཕྱག་འཚལ་འདུད། །དངོས་པོ་ཀུན་གྱི་རང་བཞིན་ནི། །ལྷན་སྐྱེས་བདེ་བ་ཆེར་རྟོགས་ན། །འཆིང་བ་ཀུན་ཀྱང་གྲོལ་བའི་ལམ། །རྣལ་འབྱོར་ཟབ་མོ་སྐུ་


MR27_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས། །ཡང་དག་མཐའ་ཞི་ཆོས་ཀྱི་དབྱིངས། །ཇི་བཞིན་ཉིད་དུ་མ་རིག་པའི། །འཛིན་པའི་དབང་གིས་ཉོན་མོངས་དང་། །ལས་ཀྱིས་འདུས་བྱས་སྲིད་པར་སྣང་། །འཁོར་བའི་བདེ་སྡུག་སྣ་ཚོགས་པ། །མི་བརྟན་སྐད་ཅིག་གཡོ་བ་དང་། །སྡུག་བསྔལ་དངོས་དང་དེ་ཡི་རྒྱུར། །གྱུར་པའི་སྲིད་པ་སྡུག་བསྔལ་འདམ། །གང་དེ་རང་སེམས་འཁྲུལ་བ་ལས། །བྱུང་བས་ཉོན་མོངས་ཉིད་དང་ནི། །དེ་ཡི་གཉེན་པོའི་ལམ་ལས་ནི། །སྲིད་ཞིའི་སྐྱོན་ཡོན་འབྱུང་ཤེས་ནས། །བླང་དོར་ཚུལ་གྱིས་འཇུག་པ་ནི། །རྒྱུ་ཡི་ཐེག་པའི་ལམ་ཡིན་ལ། །རང་སེམས་ཉོན་མོངས་ཀྱིས་སྤྲུལ་བའི། །སྲིད་པ་རྨི་ལམ་མེ་ལྟ་བུ། །སྡུག་བསྔལ་ཉིད་དུ་མཐོང་བ་ཕལ། །འཇིགས་པའི་ཡིད་ཀྱིས་ཞི་མཐར་འགྲོ། །ཡང་དག་དོན་ལ་སྲིད་མེད་ཀྱང་། །རྟེན་འབྱུང་བསླུ་མེད་ཚུལ་ཤེས་ནས། །ཀུན་རྫོབ་འཁོར་འདས་གཉིས་འཛིན་ཅན། །བླང་དོར་ཚུལ་གྱིས་དཀའ་བ་སྤྱོད། །དུག་གི་དེ་ཉིད་ཤེས་པ་ཡི། །རྨ་བྱ་ལ་ནི་བཅུད་དུ་འགྱུར། །དེ་བཞིན་མདོ་དང་སྔགས་ཀྱི་ཚུལ། །གོང་མ་གོང་མའི་བློ་ཁྱད་ཀྱི། །ཐབས་ཀྱི་ཐེག་པ་ཆེན་པོ་དང་། །མཐར་ཐུག་འབྲས་བུའི་ཐེག་རྩེ་ཡི། །ཡང་དག་དོན་མཐོང་བློ་བརྟགས་ན། །ཉོན་མོངས་ཉིད་དང་


MR27_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཞེས། །གང་སྣང་འདི་དང་མྱང་འདས་ལ། །ཁྱད་པར་རྡུལ་ཙམ་མ་མཆིས་ཏེ། །མ་འགག་སྣང་བ་ཐབས་ཀྱི་སྐུ། །རང་བཞིན་མེད་པ་ཤེས་རབ་ཡུམ། །གཉིས་མེད་ཟུང་འཇུག་བདེ་བ་ཆེ། །འདི་ནི་ཆོས་ཀུན་དེ་བཞིན་ཉིད་སོགས་རྒྱུད་ཀྱི་ཚིག་དངོས་བཞག་དགོས། ཀུན་གྱི་ཆོས་ཉིད་འདི་ཁོ་ན། །ཆོས་ཀུན་ཡེ་ནས་མྱ་ངན་འདས། །གལ་ཏེ་ཉོན་མོངས་ཉིད་གྲུབ་ན། །སྤང་དང་བསྒྱུར་བ་ཡོངས་མི་ནུས། །མ་གྲུབ་དེ་ཕྱིར་ཉོན་མོངས་ནི། །སྒྱུ་འདྲ་དོན་ལ་མ་གྲུབ་ཅིང་། །ངེས་དོན་གནས་ཚུལ་ཟབ་མོ་ལ། །ཉོན་མོངས་ཉིད་ཀྱང་ཡེ་ཤེས་ཏེ། །སྡུག་བསྔལ་རྣམ་གྲོལ་ཆེན་པོ་ཡིན། །སྣང་སྲིད་གདོད་ནས་བདེ་ཆེན་པོ། །འདུས་བྱས་སེམས་ཀྱི་བསྐྱེད་པ་ཡི། །བདེ་བ་གང་དེ་མི་རྟག་ལ། །འཕོ་བ་མེད་པའི་བདེ་བ་ནི། །རྣམ་ཀུན་རྟག་པ་ནམ་མཁའ་འདྲ། །རྟག་དང་ཁྱབ་དང་རང་བཞིན་མེད། །ཐམས་ཅད་ཀུན་གྱི་བདག་ཉིད་པས། །བདེ་བ་ཆེ་ཞེས་རྣམ་པར་བརྗོད། །དེ་ལ་འཁོར་འདས་བླང་དོར་སོགས། །གཉིས་ཆོས་ཀུན་མེད་མཉམ་པ་ཉིད། །དེ་ལྟར་མདོ་སྔགས་ལྟ་བ་ཡི། །ཟབ་པའི་གནད་ལས་སྔགས་གྲུབ་པའི། །ཚུལ་འདི་མངོན་དུ་གྱུར་པ་ལས། །སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཞིང་། །གསུམ་སེལ་


MR27_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་གྲོལ་གསུམ་ཐོབ། །ཆོས་ཀུན་རང་བཞིན་འོད་གསལ་གྱི། །གསང་སྔགས་ཇི་བཞིན་མངོན་གྱུར་པར། །རྒྱུ་འབྲས་རྣམ་བཞག་ལས་གྲོལ་ཕྱིར། །འཁོར་འདས་མཉམ་ཉིད་འུབ་ཆུབ་པས། །དགེ་དང་སྡིག་པའང་དེ་ལ་མེད། །རང་བཞིན་འཆིང་གྲོལ་ལས་འདས་སོ། །གཟུང་འཛིན་གཉིས་སུ་སྣང་བ་ཡི། །དག་དང་མ་དག་ཆོས་ཀུན་གྱི། །རྣམ་པ་རྡུལ་ཙམ་མ་དམིགས་ཤིང་། །ཐམས་ཅད་ཡེ་ནས་དག་པའོ། །ཐེག་བརྒྱད་བློ་ཡི་རིམ་པ་ཡི། །མཚན་བཅས་མཚན་མེད་ལ་སོགས་པ། །ལམ་གྱི་རྣམ་བཞག་ཇི་སྙེད་དང་། །རྣལ་འབྱོར་ནང་པ་བླ་ན་མེད། །སྔགས་ཀྱི་ཐེག་པ་ཆེན་པོའི་ཚུལ། །ཐབས་ཤེས་མཉམ་པ་ཆེན་པོ་ཡི། །དག་མཉམ་དབྱེར་མེད་ཆོས་སྐུ་རུ། །གཏན་ལ་འབེབས་དང་བསྒོམ་པ་ཡི། །ལམ་དང་རང་རང་འབྲས་བུའི་ཆོས། །ཇི་ལྟ་ཇི་སྙེད་ཐམས་ཅད་ཀྱང་། །ཡེ་ཤེས་སྤྱི་གཟུགས་རྫོགས་པ་ཆེའི། །རང་བྱུང་ཡེ་ཤེས་ཆོས་སྐུར་རྫོགས། །ཐམས་ཅད་འདིར་འདུས་འདིར་གཞོལ་ཞིང་། །འདི་ནི་ཐེག་ཀུན་རྩེ་རྒྱལ་ཆེ། །ཤིན་ཏུ་རྣམ་པར་དག་པ་ཡི། །བདེ་ཆེན་མཆོག་ཏུ་མི་འགྱུར་དངོས། །འདི་གྲུབ་སྲིད་གསུམ་འགྲོ་བ་རྣམས། །སྡུག་བསྔལ་མཚོ་ལས་རབ་སྒྲོལ་ཞིང་། །བདེ་བ་ཆེན་


MR27_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཆོག་འགྲུབ་ཅིང་། །ཕྲིན་ལས་མཛད་པ་རྒྱུན་ཆད་མེད། །མཁའ་ལྟར་ཁྱབ་ཅིང་ནོར་བུ་དང་། །ཟླ་ཉི་དཔག་བསམ་ཤིང་བཞིན་དུ། །འབད་མེད་ལྷུན་གྱིས་གྲུབ་པའོ། །སྔགས་ཀྱི་རལ་གྲིའི་མཚོན་རྣོན་པོས། །སྡུག་བསྔལ་བདེ་བ་ཆེན་པོར་གཅོད། །ཆོས་ཀུན་སྔགས་ཀྱི་དེ་ཁོ་ནའི། །རང་བཞིན་མངོན་དུ་འགྱུར་བར་ཤོག །༈ བྱ་རྩོལ་ཀུན་དུ་གཅོད་པ་ཡེ་ཤེས་རལ་གྲི་བཞུགས། དུས་གསུམ་དུས་མེད་རྟོགས་པ་པོ། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །འཇམ་དཔལ་ཡང་དག་དཔལ་ལ་འདུད། །དངོས་ཀུན་ལྷན་སྐྱེས་བདེ་བ་ཆེ། །བཙལ་དུ་མེད་པའི་ཆོས་ཉིད་ཕྱིར། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་སེམས་གཉུག་མའི་བབ་ཀྱིས་མཐོང་། །བརྗོད་དུ་མེད་པའི་ཆོས་ཉིད་ནི། །རང་གི་གནད་ཀྱིས་མ་ཤར་ན། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །ངལ་བ་འབའ་ཞིག་ཁོ་ནར་ཟད། །སེམས་ཀྱི་གསང་འདི་ཡེ་གནས་ཀྱང་། །བླ་མའི་མན་ངག་ལམ་ལ་རག །མ་བཅོས་ངང་གིས་གནས་པ་ལ། །རང་སར་བཞག་ཅིང་རང་བབ་བལྟ། །རང་བཞིན་སུས་ཀྱང་མ་བྱས་པར། །ཡེ་ནས་གཟུང་འཛིན་


MR27_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལས་འདས། །དམིགས་གཏད་འཆིང་བ་ཀུན་བྲལ་བའི། །མཉམ་པ་ཉིད་ལ་ངེས་རྙེད་ན། །ཅི་ཡང་བྱས་པ་མེད་པར་ནི། །སྣང་སྲིད་ཡེ་སངས་རྒྱས་པའི་དོན། །འོད་གསལ་རྫོགས་ཆེན་གྲུབ་མཐར་རྟོགས། །རྩོལ་བའི་འཆིང་བ་ཀུན་བྲལ་ཏེ། །རང་བྱུང་ཡེ་ཤེས་མཉམ་པར་བརྡལ། །ད་ལྟ་འབྲས་བུའི་བཙན་ས་ཟིན། །བློ་བདེ་ལྷུན་ཡངས་ཨ་ལ་ལ། །བལྟར་མེད་མཐའ་བྲལ་ཡངས་པ་ཆེ། །སྒོམ་མེད་རང་བབ་གཉུག་མའི་ཀློང་། །གཟའ་གཏད་མེད་པའི་ཤུགས་འབྱུང་རྩལ། །ཐིག་ལེ་ཉག་གཅིག་ཀུན་གྱི་གཞི། །འཁོར་དང་མྱང་འདས་ས་དང་ལམ། །ཇི་སྙེད་གྲུབ་མཐའི་ཞེ་འདོད་ཀུན། །བློས་བྱས་ཚོན་གྱི་རི་མོ་རྣམས། །ཉག་གཅིག་མཁའ་ལ་ཡོང་ཡེ་མེད། །ཇི་སྙེད་རྟོག་དང་ཇི་སྙེད་བརྗོད། །གང་ལྟར་སྣང་ཡང་ཀུན་གྱི་མཐའ། །ཉག་གཅིག་ཀློང་དུ་འུབ་ཆུབ་པར། །དེས་ན་གདོད་མའི་གྲུབ་མཐར་སྙོགས། །ཡེ་ཤེས་རལ་གྲི་འབར་བ་ཡི། །ལྟ་ངན་སྡོང་པོ་རྩད་ནས་གཅོད། །མཁྱེན་གཉིས་ཡེ་ཤེས་སྣང་བ་ཡི། །སྲིད་པའི་མུན་པ་སེལ་བར་ཤོག།། ༈ །།བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཐབས་བློ་ཡི་རལ་གྲི་བཞུགས། བྱང་ཆུབ་སེམས་སྒོམས་ཐབས་ཟབ།


MR27_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་རང་ངོས་མ་གྲུབ་ཀྱང་། སྣང་ཚུལ་གཉིས་ཆོས་ཅན་ངོར་བདེན་གཉིས་དོན་ལ་དབྱེར་མེད་གནས་ཚུལ། དེ་ཡིད་དཔྱོད་དུ་མ་སོང་བར་རང་རིག་གི་སྟེང་ཐར་དུ་གཏན་ལ་ཕབ། དེ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཆོས་ཀྱི་སྙིང་པོ་དེ་ངེས་དོན། འཇམ་དཔལ་གཞོན་ནུ་སྒོམ་པ་ཡིན་ཚུལ་སོགས་སྤྲོས་ཀུན་ཞི་བ་སྒྲུབས། སྣང་ཙམ་བསྙོན་དུ་མེད་མཐོང་བ། །དེ་ཚེ་རང་སྣང་ཙམ་དུ་ནི། །བློ་ལྡན་སུ་ཞིག་རྟོགས་མི་འགྱུར། །སྣ་ཚོགས་རྨི་ལམ་སྒྱུ་འདྲའི་སེམས། །བརྟག་ན་རང་བཞིན་མ་གྲུབ་པར། །ཀུན་སྣང་ཆུ་ཟླའི་ངང་ཚུལ་ཅན། །གསལ་སྟོང་ཟུང་དུ་འཇུག་པར་ཤེས། །སོགས་སྙིང་གི་གཏེར་འབྱིན་པའི་མན་ངག་སྒོམ་པ་བློའི་རལ་གྲིའོ། །འཇམ་དབྱངས་ཨ་ར་པ་ཙ་སྒྲོན་བཞི་སོགས་སྦྱར་ལ། ༈ །བྱང་ཆུབ་ཀྱི་སེམས་སྒོམ་པའི་ཐབས་བློ་ཡི་རལ་གྲི་བཞུགས། རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་ཤིང་། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །མཁྱེན་པའི་གཏེར་ཆེན་ཁྱོད་ལ་འདུད། །ཇི་ལྟར་སྣང་གྲགས་ཆོས་རྣམས་ཀུན། །མ་བརྟགས་ཉམས་དགར་སྣང་ཙམ་པ། །ཐ་སྙད་ཀུན་རྫོབ་བདེན་པ་དང་། །དཔྱད་ན་དོན་ལ་མ་གྲུབ་པ། །གནས་ལུགས་དོན་དམ་བདེན་པ་སྟེ། །ཚད་མ་གཉིས་ཀྱི་གཞལ་བ་ཡི། །བདེན་གཉིས་མ་འདྲེས་སོ་སོར་འཇོག །མཐར་ཐུག་བདེན་གཉིས་དབྱེར་


MR27_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ། །ཆོས་ཀུན་རང་ངོས་མ་གྲུབ་ཀྱང་། །སྣང་ཙམ་བསྙོན་དུ་མེད་མཐོང་བ། །ངོ་བོ་ཟུང་འཇུག་རྟོག་མཐའ་བྲལ། །རང་བཞིན་ཉིད་དུ་ཡེ་ནས་གནས། །དེ་ཚེ་རང་སྣང་ཙམ་དུ་ནི། །བློ་ལྡན་སུ་ཞིག་རྟོགས་མི་འགྱུར། །སྣ་ཚོགས་རྨི་ལམ་སྒྱུ་འདྲའི་སེམས། །བརྟགས་ན་རང་བཞིན་མ་གྲུབ་པར། །ཀུན་སྣང་ཆུ་ཟླའི་ངང་ཚུལ་ཅན། །གསལ་སྟོང་ཟུང་དུ་འཇུག་པར་ཤེས། །དེ་ནི་ཡིད་དཔྱོད་ཙམ་མིན་པར། །རང་རིག་སྟེང་དུ་གཏན་ཕབས་ན། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཆོས་ཀྱི་སྙིང་པོ་གཉུག་མའི་སེམས། །ངེས་དོན་འཇམ་དཔལ་གཞོན་ནུ་ཉིད། །རྟོག་བྲལ་རིག་པས་མངོན་སུམ་མཐོང་། །ཇི་བཞིན་པ་ཡི་གནས་ལུགས་ལ། །བློ་ཡི་མ་བཅོས་རང་བབས་འཇོག །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །རྡོ་རྗེའི་ཡི་གེ་འབྲུ་བཞི་པོ། །རང་བཞིན་བཞི་སྣང་སྒྲོན་མ་བཞི། །ཕྱག་རྒྱ་བཞི་པོའི་དེ་ཉིད་དང་། །སྦྱར་བའི་ལམ་གྱི་ཐབས་བཞི་སྒྲུབས། །ཨ་ནི་མ་སྐྱེས་ཆོས་ཀྱི་སྒོ། །སྐྱེ་མེད་དབྱིངས་ལས་སྐྱེ་བའི་དབྱིངས། །རང་བཞིན་གསལ་བ་འཇའ་འོད་ཁང་། །དབྱིངས་ནི་རྣམ་དག་སྒྲོན་མ་དང་། །ར་ནི་རྡུལ་དང་བྲལ་བའི་སྒོ། །


MR27_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྤྱན་ལ་ཆགས་ཐོགས་མེད། །འོད་ཀྱི་སྣང་བ་མཐའ་ཡས་པ། །འཆར་སྒོ་རྒྱང་ཞགས་ཆུའི་སྒྲོན་མ། །པ་ནི་དོན་དམ་སྣང་བའི་སྒོ། །སྟོང་དང་རིག་པ་གཉིས་མེད་པ། །འོད་གསལ་སྤྲོས་པ་བྲལ་བ་ནི། །ཤེས་རབ་རང་བྱུང་སྒྲོན་མའོ། །ཙ་ནི་འཆི་འཕོ་སྐྱེ་བ་མེད། །རང་བཞིན་འོད་གསལ་རིགས་ལྔ་ཡི། །ཚོམ་བུར་ཡེ་ནས་གནས་པ་ནི། །ཐིག་ལེ་སྟོང་པའི་སྒྲོན་མ་སྟེ། །ན་ནི་མིང་དང་བྲལ་བའི་སྒོ། །སྒྲོན་མ་དེ་དག་ཐམས་ཅད་ཀྱང་། །ཡིད་དཔྱོད་མཚན་མའི་ཆོས་ལས་འདས། །མིང་འདོགས་བྲལ་བར་ལ་བཟླའོ། །དྷཱིཿནི་བློ་གྲོས་སྣང་བའི་སྒོ། །གཞིར་གནས་སྐུ་གསུམ་ཡོན་ཏན་རྣམས། །ལམ་དུས་མངོན་སུམ་སྣང་བའི་ཕྱིར། །ཐེག་རིམ་དགུ་ལས་ཁྱད་པར་འཕགས། །མཐར་ཐུག་རང་འབྲས་ལ་སྦྱོར་ཚེ། །དངོས་དང་དངོས་མེད་ཆོས་རྣམས་ཀུན། །འོད་གསལ་ཆེན་པོའི་དབྱིངས་སུ་ཐིམ། །དམིགས་པ་མེད་པར་རབ་ཏུ་ཞི། །ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི། །སྤྲིན་ཆེན་རྣམ་པར་བཀོད་པ་ལས། །ནམ་མཁའ་ཇི་སྲིད་གནས་ཀྱི་བར། །འགྲོ་སྒྲོལ་དབང་འབྱོར་རྟག་ཁྱབ་འབྱུང་། །དགེ་འདིས་མཐའ་ཡས་འགྲོ་བ་རྣམས། །རང་གནས་བྱང་ཆུབ་སེམས་ཀྱི་གཏེར། །མ་འབད་


MR27_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མངོན་གྱུར་ཏེ། །ཕྱམ་ཅིག་སྐུ་གསུམ་གྲོལ་བར་ཤོག །ཇི་ལྟར་ཀུན་མཁྱེན་འཇམ་དབྱངས་བླ་མའི་བསྟན་བཅོས་དགོས་པ་དང་། རྟེན་འབྲེལ་ཆེན་པོའི་དོན་གནད་ལྡན་པའི་རལ་གྲི་ལྔ་དང་། ཨུཏྤལ་ལྔ་པོ་རྣམས་ལས་རྗེ་རང་ཉིད་ཀྱི་གསུང་རྩོམ་ཕལ་ཆེར་གནང་ཟིན་དང་། མ་གྲུབ་པ་རྩ་ཐོ་བཀོད་པ་རྣམས་རྗེ་བླ་མ་ཐམས་ཅད་མཁྱེན་པའི་དགོངས་རྫོགས་མཆོད་པར་དམིགས་ནས། སྡེ་སྣོད་འཛིན་པ་ཆེན་པོ་ཀཿཐོག་མཁན་ནུས་ལྡན་གྱི་ལྷན་ཅིག་བྱེད་རྐྱེན་མཛད་དེ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྫོངས་སར་བཀྲ་ཤིས་ལྷ་རྩེའི་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་ཐམས་ཅད་མཁྱེན་པ་མི་ཕམ་ཆོས་རྗེའི་ཐུགས་དགོངས་རྫོགས་ཤིང་། རྒྱལ་བསྟན་སྤྱི་དང་ཁྱད་པར་རྒྱལ་དབང་པདྨ་ལས་གྲོལ་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཤིང་རྒྱས་པའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ་ལཾ།། །།


previousཀུན་མཁྱེན་བླ་མར་འཇམ་དཔལ་གྱི་རྗེས་སུ་གནང་བའི་བསྟན་བཅོས་ཨུཏྤལ་ལྔ་པ་དང་རལ་གྲི་ལྔ་པ།next