Nitartha Digital Library
Tibetan
 
previousགཏེར་ཆེན་རང་རྣམ་དྲང་སྲོང་མ།next

གཏེར་ཆེན་རང་རྣམ་དྲང་སྲོང་མ།

དཔལ་ཆོས་ཀྱི་རྗེ་རིན་པོ་ཆེ་འཕོ་ལུང་པའི་སྐུ་སྐྱེ་རིག་འཛིན་རྣམ་པར་རྒྱལ་བའི་རྣམ་པར་ཐར་པ་དྲང་སྲོང་མ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། དཔལ་ཀུན་ཏུ་བཟང་པོའི་རང་བཞིན། ཚད་མེད་པའི་ཐུགས་རྗེ་དང་མཁྱེན་བརྩེར་ལྡན་པ། དཔལ་མགོན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ་ལོ། །འཕོ་ལུང་སྐུ་སྐྱེ་རིགས་འཛིན་རྣམ་རྒྱལ་བ་བདག །མེ་མོ་ཕག་གི་ལོ་ལ་མདོ་ཁམས་ཟལ་མོ་སྒང་གི་སྒོམ་སྡེ་ནང་དུ་སྐྱེས་པའི་སའི་ཆ་ལ་ལྕི། ལུང་པའི་ཆ་ལ་བན་རུ། དཔོན་གྱི་མིང་ལ་ནང་ཆེན་རྒྱལ་པོ། ཕའི་མིང་ལ་སྐར་མ་རྣམ་རྒྱལ། མའི་མིང་ལ་བསོད་ནམས་མཚོ། རུས་ཀྱི་མིང་ལ་དབྲ། རིགས་ཀྱི་མིང་ལ་མ་ཐོང་། མི་ཆོས་ཀྱི་ཆ་ལ་བྱམས་མེ། ལྷ་ཆོས་ཀྱི་ཆ་ནས་འཕོ་ལུང་པ་ཟེར་བའི་བུ་གསུམ་གྱི་འབྲིང་བ་ལ་སྐྱེས། ཆུང་ངུ་ནས་མནོ་བསམ་གྱི་དྲན་པ་མེད་པའི་དུས་སུ། སྐྱེ་བ་སྔ་མ་འཕོ་ལུང་ཀརྨ་བསམ་འགྲུབ་ཏུ་སྐྱེས་པའི་དུས་དང་། ཤི་ནས་བར་དོ་ན་འཁྱམས་པའི་སྣང་སེམས་ཀྱི་བག་ཆགས་མང་པོ་དབང་མེད་དུ་སེམས་རྒྱུད་ལ་འཕྲེང་བ་ཞིག་འདུག་ཚེ། ཕ་མ་སོགས་མི་ཀུན་ལ་དེ་དག་གི་ལོ་རབས་ནི་ཁ་དལ་མེད་དུ་སྨྲས། དབང་བསྐུར་སྟངས་ཆོས་འཆད་པ་ཁྲོམ་སྡུད་པ་རི་འཛིན་པ་མཚམས་བསྡམས་པ་འབྲི་ཀློག་འདོན་གསུམ་བྱེད་སྟངས་སོགས་ཀྱི་རྩེད་མོ་ལ་འབྱམས་པ་ཞིག་ཏུ་གདའ་ཚེ། སྐྱེ་འགྲོ་སུ་མཐོང་གིས་བྱིས་པ་ཆོས་ཀྱི་བག་ཆགས་ཅན་འདུག་སྐད་དོ། །དེ་དུས་བདག་གི་ཤེས་རྒྱུད་ནི་ཤིན་ཏུ་གསལ་བོ། བདག་གཞན་གྱི་ལེགས་ཉེས་ཀྱང་རབ་རིབ་ཏུ་གསལ་བ་ཞིག་གདའ། མིང་པདྨ་འཕེན་དུ་ཟེར། ལོ་ལྔ་ལོན་ཚེ་ཨ་མཆོད་ཡོན་ཏན་གྱིས་ཀ་ཁ་བྲིས། ང་རང་གི་ཕས་བསླབས་པས། ཚར་གསུམ་ཙམ་གྱི་སྟེང་ནས་མཉམ་འདོན་རྒྱུ་བྱུང་བས། བརྡ་བསྟན་པ་ཙམ་གྱིས་ཆོག་འདུག་ཟེར་ཏེ་ཕ་དགའ་ཚོར་ཆེན་པོ་བྱེད་འདུག །དེ་ནས་ཉི་མ་གསུམ་ཙམ་བཀླགས། ཉིན་ཅིག་བྱིས་པ་མང་པོའི་ཁྲོད་དུ་ཀ་ཁའི་དཔེ་དེ་ཁུར་སོང་ནས། ཁང་པ་ཞིག་བཟོས་པའི་ཕྱོགས་བཞིར་ཡི་གེ་དུམ་བུ་བཞིར་བྱས་ཏེ། སྤེན་ཐུར་ལ་སྐུད་པས་སྒྲོག་སྟེ། དར་ཅོག་བྱས་ནས་བཞག ཕ་མ་ཚོས་ཡི་གེ་གར་ཡོད་ཟེར་བས། རླུང་ལ་ཤོར་སྨྲས། ཡི་གེ་རླུང་ལ་བསྐུར་བ་མ་ལེགས་འདུག །ད་འདི་ནས་ཐོན་དང་ཟེར་ཏེ། རྡོ་རྗེ་གཅོད་པ་ཞིག་གཏད་བྱུང་བས། འབྲུ་ཀློག་མ་ཐོགས་པར་འདོན་རྒྱུ་བྱུང་བས། ཕ་ན་རེ། འདི་ལ་ཚར་བརྒྱ་ཐོན་ལ་ཕ་མ་གཉིས་ལ་བྱིན་ཡི་གེ་ཤེས་ལེ་འདུག་ཕོ་བྱས་ཟེར་ཚེ། དེ་འདྲ་མང་པོ་འདོན་པ་ང་ཞེ་སུན་ཡོང་། ཤོག་ལྡེབ་གསུམ་ཀློག་དང་ཁྱེད་རང་ཕ་མ་གཉིས་ཀྱི་གྱིས་སྨྲས། འདི་སྐབས་རྟེན་འབྲེལ་འགྲིགས་པ་ཡིན་འདོག་ཁ་བས། དེ་ཚུན་ལ་འབྲི་ཀློག་མ་སྦྱངས་ཀྱང་། འབྲི་ཀློག་ལ་ཐབས་མ་ཆགས་ཙམ་ཞིག་བྱུང་། སྐབས་ཤིག་གི་ཚེ་བྱིས་པ་དགོས་མེད། ཕུན་ཚོགས། །བདག་རང་དང་གསུམ་ཕྱེ་བ་ལུང་ན་བེལ་ཆུང་འཚོ་རུ་སོང་ཚེ། བདག་གཉིད་དུ་ཐུམ་ཞིག་སོང་འདུག །ཁོང་གཉིས་རྒྱངས་པ་ཞིག་ལ་རྩེད་མོ་སྣ་ཚོགས་བྱེད་ཅིང་གདའ་ཚེ་གཉིད་ལས་སད་པས། བདག་གི་ལག་པ་གཡས་པའི་ནང་དུ་ལ་དྲིལ་སྟར་སྒའི་རྡོག་པོ་ཙམ་ཞིག་འདུག་པས། ཁོང་གཉིས་ལ་ང་ལ་འདི་འདྲ་ཡོད་སྨྲས་བསྟན་པས། ཁོང་གཉིས་ཀྱིས་ང་རང་གསུམ་བགོ་དགོས་ཟེར་ནས། རྡོ་བར་དུ་བརྡུངས་པས་ནང་ན་ཤོག་བུ་སེར་པོ་ཞིག་འདུག་པ་དང་བཅས་པ། དམ་དུམ་དུ་བཅད་ཅིང་རང་རང་གི་སྐལ་མདོ་སེར་བསྲུང་ཁང་པའི་འོག་ཏུ་ས་ཕུག་ཅིག་ཡོད་པའི་ནང་དུ་རྩེད་མོ་སྣ་ཚོགས་བྱས་ཏེ་སྟོར་བཏང་། ཁྱིམ་དུ་ཡོང་དུས་ཨ་ཕ་ངས་གཏེར་བཏོན་ཞེས་སྨྲ་འདོད་ཡོད་པ་ཞིག་འདུག་ནས་སྨྲས་པས། གང་ཅི་ཟེར་བས་ལོ་རབས་བཤད་པས་མི་བདེན་ནམ་ཟེར། འདི་སྐབས་སྟག་ལུང་པའི་བླ་ཆེན་སྒྲོག་ར་ཆོས་རྗེ་ལ་སྒྲུབ་ཐབས་བརྒྱ་རྩ་ཁྲོམ་དབང་དུ་ཐོབ། བླ་མ་ལྷོ་པ་སྐུ་སྐྱེ་ལ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཁྲོམ་ཆོས་སུ་ཐོབ། ཉིན་གཅིག་ལྕི་ཆུ་འགྲམ་གྱི་སྦྲུལ་མགོ་ཟེར་བ་ཞིག་ཏུ། སྲིང་མོ་ཀླུ་སྐྱིད་མ་དང་མཉམ་དུ་རྩེད་མོ་ལ་སྟོན་ཀ་ཞིག་གི་དུས་སོང་བས། །བྲག་ཁྲོད་ཅིག་ནས་རྡོ་མང་པོ་བཤིགས་པས་རྡོའི་ཁྲོ་ཕུར་བཟོ་ཨ་རེ་ལེགས་བྱས་པ་ཞིག་རྙེད། ཁྱིམ་དུ་ཁུར་ཡོང་ནས་ངས་སྦྲུལ་མགོ་ནས་གཏེར་བཏོན་པ་ཡིན་ཞེས་སྨྲས་པས་རྡོ་ངོ་མཚར་ཅན་རེད་གང་ན་འདུག་ཟེར་བས་ལོ་རབས་བཤད། འདི་གཙང་ས་ན་ཞོག་ཁྱིམ་གྱི་བསྲུང་བ་ཡོང་། ཞེས་ཕ་མ་ཚོས་ཟེར་དེ་ནས་ཁུ་བོ་བླ་མ་ཀརྨ་གདན་འདྲེན་བྱས། རྟ་དཀར་པོ་ཞིག་ཕུལ། དབང་ཞུས་ཚེ། བླ་མས་བུ་འདི་ངའི་ཤུལ་འཛིན་དུ་འགྲོ་དགོས་གསུངས་ཚེ། ཕ་མ་ངག་དབང་སོགས་ཀྱིས་ཀྱང་། དེ་མི་འོས་རྒྱུ་ཡེ་ནས་མེད་ཟེར་ཏེ། བླ་མའི་དྲུང་དུ་སོང་། སྐྱབས་སྡོམ་ཞིག་གནང་ཞིང་མིང་ཀརྨ་འཕྲིན་ལས་སུ་བཏགས། དེ་ནས་གནའ་རོང་དུ་བླ་མ་སྤྱི་བུག་པ་ཀརྨ་བྱང་ཆུབ་ཀྱི་དགོན་དུ་སླེབས། བླ་མ་འཚམས་སུ་འདུག །་ངེད་དཔོན་སློབ་རྣམས་ལ་ཉིན་རེ་བཞིན་མདུན་གྲལ་གནང་། བུག་སྒོ་ནས་བླ་མས་ཁྱོད་གང་ནས་ཡིན་ཟེར་བས། ང་བན་རུ་ནས་ཡིན་སྨྲས། ཁྱོད་སྐུ་སྐྱེ་ཡིན་ནམ་ཟེར་བས་སྐུ་སྐྱེ་ཡིན་སྨྲས། བླ་མ་སུའི་སྐྱེ་བ་ཡིན་ཟེར་བས། འཕོ་ལུང་པའི་སྐྱེ་བ་ཡིན་སྨྲས། དེ་ཉིད་དུ་ལོ་གཅིག་བསྡད། ཁུ་བོ་བླ་མ་ཀརྨ་ལ་བུ་སྟོན་ཆོས་འབྱུང་དང་། འབྲུག་ལུག་གི་ཟབ་ཆོས་ཀྱི་དབང་ལུང་ཐོབ། སྤྱི་བུག་པའི་དྲུང་ནས་མ་ཎི་བཀའ་འབུམ་གྱི་ལུང་དང་མགུར་འབུམ་ཡོན་ཏན་བཅུ་བདུན་མའི་ལུང་ཐོབ། སྤྱི་བུག་པའི་ཞལ་ནས། བུ་འདི་རབ་ཏུ་བྱུང་གཏོང་ཟེར་ཏེ་བར་མ་རབ་བྱུང་གི་ལུང་གནང་། མིང་ཀརྨ་མི་ཕམ་འཕྲིན་ལས་རྒྱ་མཚོ་བཏགས་ཤིང་། དྭགས་པོ་སྒོམ་ཞུ་ཡིན་ཟེར་བ་ཞིག་དང་ཆོས་གོས་ཤིག་བྱིན། བུ་འབྲུག་པའི་ཆོས་ལུགས་འདི་མ་བསྐྱུར་གསུངས། ཉིན་གཅིག་སྤོ་ཤེ་གཅོད་པ་ཟེར་བ་ཞིག་བྱུང་བའི། དྲ་ཕེད་ནང་དུ་པུ་ཏི་གཅིག་དང་ཁྲོས་ནག་གི་ཐང་ཀ་ཞིག་འདུག་པ་དེ། ངའི་རེད་སྨྲས་པས། ཁུ་བོ་བླ་མས་འཕྲོས་བྱས་སོང་ཚེ། འཕོ་ལུང་གཅོད་ཆུང་གི་སྒར་ལ་དཀར་པོ་བའི་ཇག་པ་ཕོག་ནས། དཔེ་ཆ་དང་མཆོད་ཆ་འཐོར་འདུག་པ་ནས་ང་ལ་བྱུང་བ་ཡིན་ཟེར། ང་ལ་ཨི་སྟེར་བསམས་ཀྱང་གཏད་མ་བྱུང་། །དེ་ནས་ཕ་དང་བདེ་ལེགས་གཉིས་བསུ་བ་ལ་བྱུང་ཚེ་ཁྱིམ་དུ་ལོག །ཕུ་བོ་ངག་དབང་གིས་ཁྱོད་ཀྱི་སློབ་གཉེར་ཅི་ཕོག །བླ་མ་ཚོ་ལ་དད་པ་ཆེན་པོ་ཨེ་བྱུང་། ཕ་མ་ཚོ་དྲན་ཨེ་བྱུང་། སྡོད་ས་སྐྱིད་པོ་ཨེ་འདུག་ཟེར་བས། །སློབ་གཉེར་འགའ་ཞིག་བྱས་ཀྱང་། ཨོ་རྒྱན་གྱི་ནི་གསོལ་འདེབས་ཙམ་ཡང་མི་འདུག །བླ་མ་ཚོ་ལ་དད་པ་འབྲིང་ཙམ་རེ་བྱུང་། གཅིན་ཉལ་མལ་ལ་ཕལ་ཆེར་ཤོར་བས་སྐྱིད་པོ་རང་ཡང་མ་བྱུང་། ཕ་མ་ཚོ་ཡང་རེས་དྲན་རེས་མ་དྲན་སྨྲས། དེ་ནས་ཁུ་བོ་བླ་མའི་ས་ན་ཕར་ཨེ་འགྲོ་ཟེར་བས། ང་ཁུ་བོ་བླ་མའི་ས་ན་མི་འགྲོ། ཨོ་རྒྱན་གྱི་ཆོས་ལུགས་བྱེད་སྨྲས་པས། ཕས་ཨོ་རྒྱན་གྱི་ཆོས་ལུགས་བྱེད་མཁན་གྱི་བླ་མ་སུ་མེད་པ་ཟེར། ངག་དབང་གི་ད་ལྟ་ནང་ཆེན་པ་ཚང་ན། བླ་མ་དབུ་རལ་པ་ཟེར་བ་ཞིག་ཆབ་མདོ་ནས་བྱོན་འདུག་པ་རྙིང་མ་ཟང་ཐལ་རེད་ཟེར། དེ་ཨོ་རྒྱན་གྱི་ཆོས་ལུགས་ཨེ་ཡིན་སྨྲས་པས། ཨོ་རྒྱན་རིན་པོ་ཆེའི་ཆོས་ལུགས་མ་འཕྱུགས་པ་ཡིན་ཟེར་བས། འོ་ན་ང་དེར་འགྲོ་སྨྲས་ཚེ། ངག་དབང་ནང་ཆེན་པ་ཚང་ན་སོང་ཞིང་ལོག་བྱུང་། ནང་ཆེན་པ་ལ་ཞུས་པས། དེ་བླ་མ་ལ་ཞུས་དང་ཟེར། བླ་མ་ལ་ཞུས་པས། ཁོ་རང་སྐུ་སྐྱེ་སོགས་ཡིན་ན་ཡོང་མི་འོང་ཁོ་རང་གི་གང་ཟེར་གྱིས་གསུངས་པ་ཡིན་ཟེར་བས། ང་བླ་མ་དེའི་ས་ན་འགྲོ་ཐག་ཆོད་སྨྲས། ཁུ་བོ་འཕོ་ལུང་གཅོད་ཆུང་གི་གྲ་པ་བདེ་ལེགས་ཟེར་བ་ཞིག་ཡོད་པ་དེས་ཀྱང་། ང་ཡང་གྲ་པ་བྱེད་འགྲོ་ཟེར། དེར་བླ་མ་མཇལ་དུ་སོང་ཚེ། ཕ་ན་རེ། རྟ་རྒན་འདི་འབུལ་རྒྱུ་ཁྱེར་ཟེར་བས་ང་རང་འབུལ་བ་ཡིན། རྟ་འཁྱེར་མི་དགོས་སྨྲས། ངག་དབང་གི་ས་ནས་རས་ཁ་གང་མཇལ་རྟེན་ཁྱེར་སོང་། ཁྲོས་ནག་གི་དབང་ལུང་གནོང་ཞུས་པས། རིགས་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཁ་ནས་བྱུང་བའི། ཁྲོས་ནག་གི་དབང་ལུང་གནང་བྱུང་། བླ་མ་ལ་མི་ཕྱེད་པའི་དད་པ་ཆེན་པོ་ཐོབ། བླ་མ་དཔོན་སློབ་རྣམས་དགེ་རྒྱལ་དུ་འབུལ་སྡུད་ལ་བྱོན་སོང་། ང་རང་ཡང་འགྲོ་འདོད་ཀྱང་། ནང་ཆེན་པས་མ་བཏང་། དེའི་སྟོན་ཐོག་བླ་མ་དཔོན་སློབ་རྣམས་ཁང་པར་གདན་འདྲེན་ཞུས། བླ་མའི་ཞལ་ནས། ཁྱོད་སྐུ་སྐྱེ་ཡིན་པའི་སྐྱེ་བ་ཤོད་ཅེས་ཡང་ཡང་གསུངས་ཀྱང་། ངོ་ཚ་སྣང་ཆེན་པོ་ཞིག་བྱུང་བས་ཅི་ཡང་ཞུ་མ་ནུས། སྐྱེ་བ་དྲན་པ་ཡི་གེར་བྲིས་པ་ཞིག་ཡོད། དེ་ལ་གཟིགས་ཞུས་པས། ངག་དབང་གི་ཡི་གེ་གཟིགས་མོ་ཕུལ་སོང་། རྗེས་སོར་ཐང་མང་པོ་ལ། བླ་མ་རིན་པོ་ཆེས། ཁོ་སྐུ་སྐྱེ་ཡིན་ཟེར། སྐྱེ་བ་ཤོད་སྨྲས་པས་བཤད་རྒྱུ་ནི་མི་འདུག ཡི་གེ་ལ་ཡོད་ཟེར་བལྟས་པས། ཐ་སྙད་མེད་པ་ཞིག་འདུག །ང་མཇལ་དུ་བྱུང་དུས་རས་ཁ་གང་མ་གཏོགས་ཅི་ཁྱེར་ཡོང་བ་ཡོད་གསུངས་ཏེ་ཞལ་འདོན་མང་པོ་མཛད་བྱུང་། དེ་ཚེ་སེམས་རྒྱུད་སྐྱེ་བ་དྲན་ཚུལ་བཤད་འདོད་ཡོད་ཀྱང་། བླ་མ་ལ་ཤིན་ཏུ་སྐྲགས་པའི་ཉམས་ཀྱི་བཤད་མི་ནུས་པ་ཞིག་བྱུང་། ཡི་གེར་བྲིས་པ་དེ་ཡང་། ང་རང་བཤད་ཕོ་བོ་ངག་དབང་བསྟན་འཛིན་གྱི་བྲིས་པ་ཡིན་པས་ལེགས་པོ་ཞིག་མ་བྱུང་ཡོད་པར་གདའ། པདྨ་རིན་ཆེན། ཨོ་རྒྱན་ཚུལ་ཁྲིམས། ས་ཕ་ཆོས་འཛིན་རྣམས་ལ་སྐྱེ་བ་འགའ་རེ་དྲན་ལུགས་བཤད་པས་ཅི་ཤེས་ཅི་ཤེས་ཟེར་ཏེ་མི་ཉན་འདུག །སྐྱེ་བ་སྔ་མའི་དུས་ཀྱི་ཆོས་འཆད་དབང་བསྐུར་བྱས་པ་འགའ་ཞིག་ལ་སླེབས་ཚེ། སེམས་སྐྱོ་བ་མང་པོ་སྐྱེས་ཤིང་དབང་མེད་དུ་མཆི་མ་འཆོར་བ་མང་པོ་བྱུང་། ཅིའི་རུ་དར་ཐང་ན་ཁྲོམ་ལ་དབང་བྱས་ཚེ། སྔ་མ་ཀརྨ་བསམ་འགྲུབ་ཀྱི་དུས་ཆོས་ཁྲི་དེའི་སྟེང་ན་བསྡད་ནས་ཆོས་གྲྭ་བྱས་པ་དྲན་པས། སེམས་བན་བུན་ལང་ལོང་འདྲ་བའི་ཤེས་པ་གཅིག་ལ་གཏད་རྒྱུ་མེད་པ་ཞིག་བྱུང་ཚེ། དབང་ཚིག་རྣམས་ནོར་ནས་ལེགས་པོ་མ་བྱུང་བས། གྲྭ་པ་ཚོས་བཞད་བགད་ཆེན་པོ་བསླངས་སོང་། རོང་ཟ་ཆོས་སྐྱོང་གིས། ཧ་ཧ་སྐུ་སྐྱེ་འདི་ཚོའི་རྒྱུས་ང་ལ་ཡོད། མའི་ཁོག་པ་སྦོས་ནས་འཁྲོག་དུས། གསུང་བྱོན་ཟེར་ཏེ། མི་ཤེས་དགུ་ཤེས་བྱས་པའི་སྐུ་སྐྱེ་ཡིན་མོད། ང་ཡང་སྐུ་སྐྱེ་ཞིག་ཡིན་ཡོང་། ཁྱད་པར་ཅི་ཡོད་སོགས་ཟེར་ཚེ། སྡུག་བསྔལ་ཤིན་ཏུ་ཆེ་བ་བྱུང་། དམ་ཉམས་འདིས་ང་ལ་འདི་འདྲ་ཟེར་བ་སྙམས་ཏེ་མཆི་མ་ཡང་ཤོར། སྐྱེ་བ་བཤད་ན་ཨུ་དྲག་སྙམས་པ་བྱུང་ཡང་། ངོ་ཚ་བ་དང་འཇིགས་སྣང་ཆེན་པོ་བྱུང་བས་སྨྲ་མ་ནུས། །ཡུལ་ཚ་བ་སྒང་གི་གྲྭ་པ་ཨོ་རྒྱན་ནོར་བུ་ཟེར་བ་ཞིག་གིས། སྐུ་སྐྱེ་མིན་པ་སུ་ཡོད། ཐམས་ཅད་མའི་རྐུབ་ནས་སྐྱེས་པ་ཡིན་མོད། ང་ཡང་མའི་རྐུབ་ནས་སྐྱེས་པ་མིན་རེ་ཟེར་ནས་ལྕགས་ལྡག་ཆོག་ཟེར་བས། བསད་པའི་སྡུག་བསྔལ་ཙམ་རེ་བྱུང་། གྲ་པ་ཚོ་ཐམས་ཅད་ཀྱི་སྐུ་སྐྱེ་འདི་ལས་གྱོང་བ་ཟེར་ཏེ། ཀུན་གྱིས་སྡང་པོ་བྱས་བྱུང་། དཔོན་སློབ་རིན་པོ་ཆེའི་དབོན་པོ་སྤོ་ར་བསྟན་འཛིན་སོགས་འགའ་ཞིག་གིས། མིང་ཡང་གཟེ་མ་ར་མགོར་བཏགས། ང་རང་ཡང་ཤེས་རྒྱུད་ནི་འཚུབ་ཅི་ཆེ་ཡིན། དེ་ནས་སྐབས་ཤིག་གི་ཚེ། སློབ་དཔོན་ཆེན་པོ་ཧཱུཾ་ཀ་རའི་རྣམ་འཕྲུལ། གོང་མའི་གཏེར་ཁ་མང་པོ་ནས་ལུང་བསྟན་པའི་སྐྱེ་མཆོག ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་དམ་པ། སྤྲུལ་པའི་སྐྱེས་མཆོག་རིགས་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ། འགྲོ་མགོན་སངས་རྒྱས་ཡེར་པའི་གདན་ས། ཤར་ཡི་ཕུག་བྲག་དཀར་གྱི་དགོན་པར་ཕེབས་བྱུང་ཚེ། འཕོ་ལུང་པའི་སྐྱེ་བ་ཡིན་མིན་གྱི་བརྟགས་པ། བླ་མ་རིན་པོ་ཆེས་ཞུས་སོང་བས། སྐྱེ་བ་ཡིན་ངེས་སུ་གདའ། གཏེར་ཆོས་སླར་འབེབས་རྒྱུ་ཡོད་པའི་ཆོས་བདག་ཏུ་ཡོད་ཡོང་བས། ལོ་བཞི་ལྔ་ཚུན་ངའི་དྲུང་དུ་སླེབས་ཐབས་གྱིས་གསུངས་ཚེ། བྱིས་པའི་སྣང་བ་འགྱུར་ནས་དགའ་ཚོར་ཆེན་པོ་བྱུང་། ལུགས་གཉིས་ཀྱི་བདག་རྐྱེན་རང་ཚོད་ལས་ལྷག་པར་མཛད་ཅིང་། ཚེ་སྒྲུབ་རྡོ་རྗེ་ཕྲེང་བ་དང་རི་ཁྲོད་ལོ་མ་ཅན་དང། དགོངས་པ་ཡོངས་འདུས་ཀྱི་ལས་བྱང་གི་ལུང་རྣམས་ཐོབ། མིང་ཨོ་རྒྱན་རིགས་འཛིན་རྣམ་རྒྱལ་དུ་གནང་། དེ་གོང་གྲུབ་ཐོབ་རིན་པོ་ཆེ་པདྨ་རིགས་འཛིན་གྱིས། ཡོངས་རྫོགས་ཀྱི་དགེ་བསྙེན་ནམ་དགེ་ཚུལ་གྱི་ལུང་གནང་སྟེ་མིང་ཨོ་རྒྱན་རིགས་འཛིན་རྒྱ་མཚོ་ཞེས་བྱ་བར་གནང་། ཉིན་གཅིག་རྙ་དག་གི་གོང་ཐོད་དུ་སྔགས་པ་མགོན་དབང་གི་འཕྲེང་བ་བོར་འདུག་ཚེ། སྔགས་པ་ན་རེ། སྐུ་སྐྱེ་ལ་མངོན་ཤེས་ཡོད། ངའི་འཕྲེང་བ་གར་འདུག་ཟེར་ཚེ། ཁྱོད་ཀྱི་འཕྲེང་བ་ལྷོ་ཕྱོགས་ཕ་ཀི་ན་ཡོད་པ་འདྲ་སྨྲས་ཚེ། ཁོས་འཕྲེང་བ་རྙེད་ནས་ལོག་བྱུང་། མངོན་ཤེས་ལ་ཐོག་པ་མི་འདུག་འབོར་རྐྱེན་ཁྱོད་རང་གིས་བྱས་ཡོད་པ་འདྲ་ཟེར། ཁོང་པའི་སྙིང་བཏོན་པ་ཙམ་གྱི་སྡུག་བསྔལ་བྱུང་། ངས་དེ་སྨྲ་དྲན་པ་བསམས་ཏེ་ངུ་ཡང་ཤོར། དེ་ཕན་ལ་བཟང་ངན་གྱི་བྱེ་བྲག་འགའ་རེ་སྐབས་སྐབས་ལ་རབ་རིབ་ཏུ་གསལ་བ་ཞིག་འདུག་པ། དེ་ཚུན་ལ་ཡེ་ནས་མེད་པ་ཞིག་བྱུང་། ཡང་སྐབས་ཤིག་གི་ཚེ། བླ་མ་རིན་པོ་ཆེས་བྱ་བཏང་མཛད་ནས་རི་གཅོད་དུ་ཕེབས་པའི་ཕྱགས་ཕྱི་ལ་སོང་བས། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་སྐྱི་གཡམ་བྲག་ལ་སླེབས། གནས་འབྲེལ་བྱས་ནས་ཡུན་རིང་བསྡད་ཚེ། །ཉིན་གཅིག་བླ་མ་རིན་པོ་ཆེས། །སྐོར་བ་བསྐོར་དུ་སོང་གསུངས། དེར་ཟླ་བོ་མེད་པར་སྐོར་བ་ལ་སོང་ཚེ། ཆུ་འོག་མ་བརྒྱབ་དུས་ཟླ་བོ་འགའ་ཞིག་བྱུང་བས་ཁུར། གོང་མའི་དུས་ཟླ་བོ་མ་བྱུང་བས། ང་རང་གཅིག་པུར་ཆུ་བརྒྱབས་པས། ཆུ་དཀྱིལ་མ་ཟིན་ཙམ་ནས་རྐང་པ་ལིང་ལིང་ས་ལ་མ་ཚུགས་པར། ཆུས་ཁྱེར་སོང་། ཨོ་རྒྱན་ཨོ་རྒྱན་ཞེས་ལན་འགའ་ཞིག་སྨྲ་རྒྱུ་བྱུང་། སྐྱེན་པོའི་མདའ་ལམ་གཅིག་ཙམ་གྱི་མཚམས་ནས། ཆུའི་མུ་ཟུར་དུ་འཕང་སོང་། གོས་ལོག་རྣམས་ཀྱང་ཆུས་ཁྱེར་མ་བངས་འདུག ད་ལེན་ང་ཤི་གྲབ་བྱས་བསམ་པའི་ངང་ནས། །སྙིང་ཡེད་ཡེད་འདར་ཕྲིལ་ཕྲིལ་བྱུང་ཞིང་། སླར་ངུ་འབོད་མང་པོ་ཤོར། ཆུས་ཁུར་ཚེ་ནི་ངུ་རྒྱུ་ཡང་མ་བྱུང་འདུག །ཆུ་འགྲམ་དེ་ཉིད་དུ་ཡུན་རིང་ཉལ་བསྡད། གཉིད་སད་པ་དང་ཆུ་ལ་ཞེ་སྡང་དྲག་པོ་སྐྱེས་ཤིང་། འདྲེ་ཆུ་ཁྲག་ཆུ་སྡུག་ཆུ་མུག་ཆུ་ཞེས་སྨྲས་ཤིང་། ཆུ་ལ་རྡོ་བ་དཔང་ཁྱག་མང་པོ་རྒྱབ། ཐལ་བ་མང་པོ་བཏབ་བོ། །དེ་ནས་བླ་མའི་དྲུང་དུ་ཕྱིན་ཚེ། བླ་མ་རིན་པོ་ཆེའི་ཞལ་ནས། ཁྱོད་མདང་གར་བསྡད། ཆུས་འཁྱེར་ཆིས་ཨུ་བྱས་གསུངས་ཚེ། །མདང་སྐྱིད་བྲག་མགོ་ན་བསྡད་། གཉིད་ཡེ་ནས་མ་ཉལ། སེངྒེ་གནམ་འཕྱོང་ལ་སྐོར་བ་བཅུ་བདུན་ཕོག །དེ་རིང་ཆུས་ཁྱེར་གྲབ་བྱས། ཁར་སང་མི་གསུམ་བྱུང་བས་ཆུ་ལ་བསྐྱལ་རོག་བྱས་ཞུས། ཉིན་གཅིག་ཨ་མཆོད་ང་རང་གཉིས་ཤིང་ཐུ་རུ་ཕྱིན་ཨ་མཆོད་ལ་ང་ཆུས་ཁྱེར་ཡང་ཚུར་ཁ་ན་ཐོན། གོས་འདི་ཚོ་ཡང་ཆུས་བངས་མི་གདའ་སྨྲས་པས། ཆུས་ཁུར་ན་དེ་ནས་ཚོད་འཛིན་ཏེ་འཇོག་མི་ཡོང་གོས་མ་བངས་ན་དེ་ཐན་ཆེན་པོ་རེད་མོད། ལོ་མ་སོང་བའི་དུས་ནས་ཟོབ་འདི་འདྲ་སྨྲ་འདུག་ཟེར་བས། ངས་ནི་བདེན་པར་ཅི་ལབ་ཀྱང་འདི་ཚོས་བརྫུན་ལ་བལྟ་འདུག་བསམས་ཏེ་སྡུག་པོ་ཞིག་བྱུང་། དེ་ནས་ཇོ་བོ་མགྱོགས་ཆེན་གདོང་ར་ལ་བླ་མ་རིན་པོ་ཆེ་རི་གཅོད་དུ་ཕེབས། ཉིན་གཅིག་འབྲི་དཔལ་ཐང་ཟེར་བའི་ཐང་ཆེན་པོ་ཞིག་ན་སླེབས། བླ་མ་རིན་པོ་ཆེ་དང་ཇ་མ་པདྨ་རིན་ཆེན་གཉིས་སྔོན་ལ་ཅི་མགྱོགས་ལ་སོང་། ཨ་མཆོད་ཀྱང་དེའི་རྗེས་རྗེས་ལ་སོང་། ང་ནི་རྐང་པ་ཤིན་ཏུ་ན་བ་དང་ཡུལ་ལ་ཆུ་མི་འདུག་ཅིང་། གྲོ་ཚུག་ཙམ་ཡང་མེད་པའི་སྟབས་ཀྱི་རྒྱངས་རིང་པོར་ལུས་ཤིང་། དབྱར་ཆུ་བབ་ཤུལ་གྱི་གྲོག་རོལ་སྐམ་པོ་ཞིག་གི་ནང་དུ་ངལ་བསོས་པས། གཉིད་ལ་སོང་འདུག་ཅིང་གཉིད་སད་པ་དང་ཉི་མ་ལ་ཡོལ་ལ་ཁད་དུ་འདུག །ད་ཅི་དྲག་བསམས་ཏེ་སྙིང་འདར་ཞིང་ངུ་འབོད་ཀྱི་ངང་ནས་ཐོམ་ཐོམ་དུ་ཡོང་བས། ང་རང་གི་རྒྱབ་ནས་མར་ལ་འགྲོ་མཁན་གྱི་རྟ་ནག་པོ་ཞོན་པའི་མི་གཅིག་སླེབས་བྱུང་བས་བུ་འདིར་ཤོག་རྟ་ལ་ཞོན་ཟེར་ནས་འཕོང་དུ་བཞག་ཚེ། བདག་ལ་དགའ་ཚོར་སངས་རྒྱས་ཐོབ་པ་ཙམ་བྱུང་། རྟ་དེ་ཡང་འགྲོས་བྲེལ་མོ་བྱས་སོང་བས་སྐད་ཅིག་གིས་ཚེར་ལུང་ན་ཁའི་བྲག་མཐོང་སར་སླེབས་པ་དང་། རྟ་ལས་བོབ་ཟེར། རྟ་ལས་བབ་པས་ཁོང་མི་རྟ་གཉིས་ནམ་མཁའ་ལ་འཕུར་ཏེ་སོང་ནས། ཚེར་ལུང་ན་ཁའི་བྲག་ལོགས་སུ་སླེབས་པ་དང་མེད་སོང་། ང་རང་ཡང་ཕྱིར་ཙམ་ན་སོང་བས་བུད་མེད་རྒན་སེ་བ་ཞིག་དང་འཕྲད་བྱུང་། ཁོ་རེ་བན་ཆུང་། ཁྱོད་རྟ་ལ་ཞོན་པའི་སྐད་མི་གཞན་ལ་བྱས་ན། ངས་ཁྱོད་ཀྱི་སྲོག་གཅོད་ཟེར་བས། ཤིན་ཏུ་སྐྲག་པའི་སྣང་བ་ཆེན་པོ་བྱུང་། །བུད་མེད་མོ་ཡང་ནམ་མཁའ་ལ་འཕུར་ནས། ཚེར་ལུང་གི་བྲག་ལ་ཐིམ་སོང་། །ལྷ་འདྲེ་ཡིན་པར་འདུག་ང་རྟ་ལ་གཡབ་པ་དེ་མ་ལེགས་སམ་སྙམས་པའི་ངང་ལ་མགྱོགས་པར་སོང་བས། ཁོང་དཔོན་སློབ་རྣམས་ཀྱི་དྲུང་དུ་སླེབས། སྐད་ཆ་ནི་ཅི་ཡང་མ་བྱས། སེམས་ནི་ཞག་འགའ་ཞིག་ལ་མ་བདེ་བ་ཆེན་པོ་བྱུང་། འདི་དོན་ཆུང་ཡང་ཉམས་འཚར་བར་འདུག་པས་འདིར་བྲིས། ལྷ་འདྲེ་ཞིག་རང་འདྲ་མདོག་འདུག་བཙག་ལ་སོགས་ལ་རྐང་པ་འཁྱག་ལ་ཤོར་བ་སོགས། བྱེས་ཕོག་འདི་སྐབས་ལོ་ཉུང་བ་དང་། །ལོ་གཅིག་ལ་རི་འགྲིམ་མཛད་པས་འགྲོས་རིང་བའི་སྟབས་ཀྱིས་སྡུག་བསྔལ་ནི་ཅི་ཆེ་ཆེ་བྱུང་། དཀོན་མཆོག་སྤྱི་འདུས་ཀྱི་གཏུམ་མོ། །དགོངས་པ་འདུས་པའི་འཁྲུལ་འཁོར། གཅོད་ཀྱི་དམིགས་ལུང་ཅི་མང་དུ་ཐོབ་ཅིང་དེ་དག་ལ་ཉམས་ལེན་ཕྲན་བུ་རེ་ཡང་སོང་། ཡང་སྐབས་ཤིག་གི་ཚེ་བླ་མ་རིན་པོ་ཆེ་སྤར་ཁའི་ཕུག་ཆུང་ཞིག་ཏུ་མཚམས་ལ་བཞུགས་ནས། ཁྱོད་ལ་གོང་དུ་སོང་ལ་ཀརྨ་ཡང་དག་རྩད་ཆོད་ཤོག་གསུངས་བས། བདག་ཀྱང་བླ་མ་རིན་པོ་ཆེའི་གསུང་ལྟར་ཕྱིན་པས། བལྟམ་གཞུང་ན་རུ་བ་ཆེན་པོ་ཞིག་འདུག །ཁྱི་ལ་སྐྲག་སྟེ་འགྲོ་མ་ནུས་པར་དར་ཅིག་བལྟམ་ཆུ་ཁ་ན་ལུག་ཤ་སོག་པ་ཞིག་ཡོད་པ་དེ་ཟོས་པས། ཁ་སྐོམ་པའི་སྟབས་ཀྱི་ཆེན་པོ་ཟ་ཡང་མ་ནུས། ཉུག་ཙམ་ཉལ་བསྡད་པས་གཉིད་ལ་ཤོར་ཚེ། ལོང་དང་འགྲོ་རན་ཟེར་མཁན་ཞིག་བྱུང་། གཉིད་སད་པས་བུད་མེད་གཞོན་སྐྱེས་ཤིག་འདུག །ཁྱོད་གང་ནས་ཡིན་སྨྲས་པས། ང་ནང་ཆེན་སྒར་ནས་ཡིན་ཟེར། གར་འགྲོ་བྱས་པས་ང་རང་གཉིས་འགྲོ་ས་གཅིག་ཡིན་ཟེར། འོ་ན་ཕོ་བྱས་ང་ཁྱི་ལ་སྐྲག་ནས་འགྲོ་མ་ནུས་པ་ཡིན། ཁྱོད་ཡོད་པས་དྲགས་ཡོང་ད་འགྲོ་སྨྲས་པས། །ང་ཡང་ཁྱི་ལ་སྐྲག་ཟེར། ཤ་ཨེ་ཟ་སྨྲས་པས་མི་ཟ་ཟེར། དེར་མཉམ་དུ་ཕྱིན་པས་འབྲོག་པ་སྦྲ་ཁྱིམ་ལྔ་པ་ཞིག་འདུག་པའི། རྒྱངས་ཙམ་ནས་སོང་ཚེ། ཁྱི་གཅིག་ཤོར་བྱུང་། ད་ཁྱི་མང་པོ་ཨེ་ཡོང་བསམ་སྐྲག་པོ་བྱུང་ཚེ། །བྲོས་བྲོས་ཟེར་བས་བུད་མེད་དེ་གར་སོང་མཐོང་རྒྱུ་མ་བྱུང་། ཁྱི་ཅི་མང་སླེབས་བྱུང་བས། ང་ནི་བསྒྱེལ་ལུས་པོ་ལ་ཁ་མ་རྒྱབ་པའི་ས་མེད་པར་བྱས། །ཕོར་ཁུག་གཟན་ཤམ་ཐབས་ཐམས་ཅད་ལ་བུག་པ་མ་གཏོན་ས་གཅིག་ཀྱང་མི་འདུག སྨད་གཡོགས་ནི་ཆེས་ཆེར་དབྲལ་འདུག །ལུས་པོ་ལ་ཡང་རྨ་མེད་པའི་སྨུག་ལང་ལོང་། སྐྱི་ཤལ་ཤུལ་འགྲོ་དུས་གཟེར་ཅི་ཆེ་ཡོད་པ་མང་པོ་བཟོས་འདུག དེ་ནས་ཡར་ཡར་དུ་སོང་ཞིང་ངུ་འབོད་དང་ཆོ་ངེ་ལྷང་ལྷང་སོང་བས། གནམ་ལ་ནས་མུན་རུག །ལ་ཕར་ནང་གི་ཐུར་ལ་བང་རྩལ་ཅི་ཡོད་ཀྱིས་སོང་ཚེ། མདུན་མ་ཀི་ཞིག་ན་ཀུ་འདེབས་མཁན་ཞིག་བྱུང་རུ་བ་ཞིག་ཡོད་གྲགས། ང་ཁྱིས་འཇུ་ཡོང་སྙམས་ཏེ། དེ་ཕྱིན་ལ་འགྲོ་མ་ཕོད་པར་ཕ་བོང་ཞིག་གི་དྲུང་དུ་ཙོག་མ་སྔས་བྱས་ཏེ་བསྡད། སྐར་མ་རྣམས་ཀྱང་བཀྲ་འདུག །སེམས་ཀྱང་མྱ་ངན་དང་འཇིགས་སྣང་གིས་ནོན། ལུས་ཀྱང་ཚ་ན་ཅི་ཆེར་འདུག དར་ཅིག་ན་མི་སྐད་ཅིག་བྱུང་། མི་ཡིན་ནམ་ལྷ་འདྲེ་ཡིན་སྙམས་ཏེ་ཤིན་ཏུ་འཇིགས་པར་བྱུང་ཚེ། ཐག་ཉེ་རིང་མཚམས་པ་ནས་བན་ཆུང་སྐྲག་མི་དགོས་ང་ཡིན་ཟེར་ཚེ། ཁྱོད་སུ་ཡིན་སྨྲས་པས། ང་མ་ཀི་ན་རུ་བ་ཡོད་ས་ནས། ཁྱོད་འདི་རུ་ཐལ་བ་མཐོང་སྟེ་ཡོང་བ་ཡིན་ཟེར་ང་ད་འདའ་མཐོང་དུ་མ་ཐང་། མུན་ནག་འདིའི་ནང་ན་ང ས་རུ་བ་མི་མཐོང་འདུག་པ་ལ། ང་ཁོང་ཚོས་གང་འདྲ་བྱས་ནས་མཐོང་བ་ཡིན་སྙམས་པ་ཞིག་བྱུང་། ཡར་དྲུང་དུ་སླེབས་བྱུང་བས་བུད་མེད་དར་མ་ཆས་གོས་ལེགས་པ་ཞིག་འདུག བུད་མེད་དེ་ན་རེ། ད་གོས་ཚག་ཁྲོལ་ལ་ཉོལ་ཟེར། བདག་ནི་ཤིན་ཏུ་སྐྲག་སྣང་ཆེན་པོ་ཞིག་བྱུང་། ད་ཀི་ཡང་བདུད་མོ་དེས་ང་ཁྱི་ཁ་ན་ཁྲིད། འདི་ལས་སྐྲག་པ་སྙམས་ཏེ་ངུ་ཤོར་ཚེ་གང་ལ་ངུ་སྐྲག་མི་དགོས་སྙིང་རེ་རྗེ་སྙིང་རེ་རྗེ་ཟེར་ནས་ང་མོའི་པང་དུ་བཟུང་སོང་། དེར་ཅུང་ཞིག་སེམས་རྒྱུད་ལྷོད་ཙམ་བྱུང་། ད་གོས་ཚག་ཁྲོལ་ང་རང་ཡང་ཉལ་ཁྱོད་རང་ཡང་ཉོལ་ཟེར། ཡ་སྨྲས་ཏེ་སྐེ་རགས་དཀྲོལ་ཞིང་། ད་འདི་དང་མཉམ་དུ་ཉལ་ན་ནི་སྡོམ་པ་ཡང་འཆོར་ཨེ་ཡོང་། གང་འདྲ་དྲག་སྙམ་པ་བྱུང་ཚེ་བན་ཆུང་སྐྲག་མི་དགོས། སྡོམ་པ་ཅི་ལ་འཆོར། ང་ཁྱོད་ཀྱི་སྲིང་མོ་ཡིན་མོད་ཟེར། དེར་ངེད་རང་གཉིས་ཀྱི་གོས་ཐམས་ཅད་མཉམ་དུ་གོན་ཏེ་ཉལ་བསྡད་པས། མོ་ལ་ནུ་མ་ཆེན་པོ་ཞིག་འདུག་པ་ངའི་ཁ་རུ་བཙང་ནས་ནུས་ཟེར་བས། ཞེན་ལོག་པ་ཞིག་བྱུང་ཀྱང་ནུས་ཡང་ནུས། འོ་མ་ནི་ཅི་མང་འདུག །སྐོམ་ལྟོག་གཉིས་ཆར་ལ་ཕན་པར་བྱུང་། སེམས་ལ་ངོ་ཡང་ཚ་བ་ལ་བསམས་ཚེ། མོ་ན་རེ། ངོ་ཚ་མི་དགོས་ནུ་མ་ནུས་ཟེར་བས། །ངའི་སེམས་ལ་ཅི་དྲན་ཡང་འདིས་ཤེས་པ་འདྲ་བསམས་ཚེ། ཁྱོད་རུ་བ་སུ་ཟེར་བ་ནས་ཡིན་སྨྲས་པས། མོ་ན་རེ། བསམ་བློ་མང་པོ་མ་བྱེད། སང་སྔ་ཚེ་ནས་འགྲོ་དགོས་པས་གཉིད་ཉོལ་ཟེར་བས་དེ་བདེན་བསམས་ཚེ་གཉིད་ལ་སོང་འདུག །ཡང་མོ་ན་རེ། བན་ཆུང་ལོངས་འགྲོ་རན་ཟེར་བས་བདག་ཀྱང་གཉིད་སད། ཉི་མ་ཤར་ཙམ་འདུག མོ་ནི་ཁར་སང་གི་བུད་མེད་ལྟམ་ཆུ་ཁ་ན་བྱུང་བ་དེ་ངོ་ཤེས་ལྷང་གི་འདུག །འོ་ན་འདི་ཁར་སང་གི་བུ་མོ་དེ་རེད་འདི་སུ་ཞིག་ཡིན་ནམ་སྙམས་ཏེ། ཁྱོད་སུ་ཡིན། མིང་ཅི་ཟེར་སྨྲས་པས། བླ་པདྨ་སྐྱབས་ཀྱི་བུ་མོ་ཡིན། མིང་ལ་ཚེ་རིང་སྒྲོལ་མ་ཟེར་བ་ཡིན་ད་འགྲོ་ཟེར། ང་ཁྱིས་འཇུས་པ་ཁྱོད་ལེན་པ་ཡིན་སྨྲས་པས། ཁྱིས་བཟུང་བས་སྐྱོན་ཅི་བྱུང་། ང་རང་ཤེས་ད་འགྲོ་ཟེར་སོང་བས། རུ་བ་ནི་སུ་ཡང་མི་འདུག་རྐྱང་གཞུང་གི་མ་ཎི་པད་སྤུངས་ཡོད་ས་ཞིག་འདུག་པ་དེར། ཡུན་རིང་ངལ་བསོས་བསྡད། ཁྱོད་ཀྱི་རུ་བ་གར་ཡོད་སྨྲས་པས། མར་ཙམ་ན་འགྲོ་དང་ཡོད་ཟེར་ཉི་མ་དེའི་སྔ་དྲོ་ལ་མཉམ་དུ་སོང་། ལ་གོང་བན་སྒར་གྱི་དགོན་པ་མཐོང་བའི་སར་སླེབས་པ་དང་། མ་ཀི་ནས་སྐྱ་མི་གཅིག་བྱུང་། དེ་དང་ཐུག་ལ་ཁད་དུ་ཡོད་ཚེ། བུད་མེད་དེ་ནམ་མཁའ་ལ་རྒྱང་རྒྱང་སོང་ཞིང་མི་སྣང་བར་གྱུང་། བདག་ནི་མི་དང་འཕྲད། ཁྱོད་གང་ནས་ཡིན་སྨྲས་པས། ང་ལ་གོང་ནས་ཡིན་ལ་རྒྱབ་ཀྱི་རུ་བ་ལ་འགྲོ་ཟེར། འདི་མན་ལ་རུ་བ་སུ་ཡོད་སྨྲས་པས་སུ་མེད་ཟེར། ཁྱོད་གང་ནས་ཡིན་ཟེར་བས་སྐད་ཆ་རྣམས་བྱས། འོ་ན་སྤོ་ར་རུ་བ་ལ་ཡ་ཀིའི་རྒྱབ་ན་ཡོད་ཟེར། ཁྱོད་ཀྱི་བླ་པདྨ་སྐྱབས་ཟེར་བ་ངོ་ཨེ་ཤེས་སྨྲས་པས། ངོ་ཤེས་ཅི་ཡིན་ཟེར། དེ་ལ་བུ་མོ་ཚེ་རིང་སྒྲོན་མ་ཟེར་བ་ཨེ་ཡོད་སྨྲས་པས། བུ་མོ་ཚེ་རིང་སྒྲོན་མ་ཟེར་བ་མེད་ཟེར། རུ་བ་གར་ཡོད་སྨྲས་པས། གར་ཡོད་མི་ཤེས་ཟེར། ཡང་སྐབས་ཤིག་གི་ཚེ། ཅི་ལ་གོང་ནས་བླ་མ་ཀརྨ་ཡང་དག་འབུལ་སྡུད་ལ་བྱོན་པ་ཡུན་རིང་དུ་འབྱོན་རྒྱུ་མ་བྱུང་བས། དྲུང་མ་སེ་རྟོག་ལྡན་གྱི་གྲྭ་པ། ཕུན་ཚོགས་འཕེལ་དང་མཉམ་དུ་བང་ཆེན་ལ་སོང་བས་བོར་ལ་ནས་རྐང་པ་ཕྱིད། མིག་ཕྱིད་སྡུག་བསྔལ་བརྗོད་མེད་མྱོང་། ཧོར་ལྷ་རྒྱལ་དར་གྱི་སྡེ་ནང་། སོག་ཁྲ་ཞུ་འདོ་མ་རྒྱང་ཟེར་བ་ཞིག་ལ་ཡང་དག་དཔོན་སློབ་རྣམས་བཞུགས་འདུག །ཟླ་བ་གཅིག་དང་ཞག་བཅོ་ལྔས་སླེབས། འདིའི་ལམ་སྐབས་སུ་ཡང་སྐབས་སྐབས་སུ་སྡུག་བསལ་གྱི་ཆོ་ངེ་བཏོན། སྐབས་སྐབས་སུ་ཕ་མ་ལ་འོ་དོད་བོས། སྐབས་སྐབས་སུ་བླ་མ་ལ་གསོལ་བ་བཏབ། སྐབས་སྐབས་སུ་སྨྲེ་སྔགས་ཀྱི་སྡུག་གླུ་བླངས་ཉིན་བཞིན་དུ་རྐང་པ་ན་ཚ་དང་མ་བྲལ། མིག་མཆི་མ་དང་མ་བྲལ་བཞིན་སོང་། ཟླ་བོ་ཕུན་ཚོགས་འཕེལ་ཕ་མ་ལས་ཀྱང་དྲིན་ཆེ་བར་བྱུང་། འདི་སྐབས་དྭགས་པོ་ཐར་རྒྱན་གྱི་སློབ་གཉེར་མ་ཕོག་པ་ལ་རྟེན། ཨ་དྲུང་བྱེད་དགོས་ཀྱི་ཆད་པ་ལོ་གཉིས་ངོ་གསུམ་ལ་ཕོག་ཅིང་། ཁྱད་པར་ནང་ཆེན་པ་དང་བེ་རི་དཔོན་སོགས་ཀྱི་ཡང་ཕན་པ་མེད་པའི་གོང་ན་ངན་བཙན་དབང་ཡོད་སོགས་ཀྱི་སྡུག་བསྔལ་མང་པོས། ཕ་མ་ཤ་ཉེ་སོགས་མནར་བ་འགའ་ཡང་བྱུང་ཡུལ་ལ་ལར་དབང་ཆོས་བྱས་བླ་ཚུགས་བཟུང་། ཡུལ་ལ་ལར་ཨ་དྲུང་བྱས་རྟ་འཚོས། ཡུལ་ལ་ལར་འཕོ་འདེབས་བྱས་རོ་མགོ་བཏོག །ཡུལ་ལ་ལར་བང་ཆེན་ལ་རྒྱུག །ཡུལ་ལ་ལར་ནོར་དང་བེལ་ཆུང་སོགས་འཚོས། ཡུལ་ལ་ལར་སྒར་པ་བྱས་ལྡོམ་བུ་ལ་ཕྱིན། ཡུལ་ལ་ལར་དོང་ཁ་གླིས་མོས་བཀབ་ཅིང་སློབ་གཉེར་བརྒྱབ། ཡུལ་ལ་ལར་ཚོང་ལ་ཕྱིན། སྐབས་ལ་ལར་བླ་མ་རིན་པོ་ཆེའི་དབང་ཆས་ཙཀ་ལི་བརྐུ་བྱས་པ་གྲིབ་ཏུ་ཁྱེར་ཏེ་དབང་བསྐུར་ཆོས་བཤད་ཀྱི་སྟངས་བྱས་ཆུད་ཟོས་ལ་བཏང་། སྐབས་ལ་ལར་ཕྱག་སྒམ་གཡེངས་ནས་བྱིན་རླབས་རྟེན་དང་ཐུབ་དབང་གི་འཕེལ་གདུང་སོགས་གར་སོང་ཆ་མེད་པ་ལ་བཏང་། ཞབས་ཏོག་མེད་པའི་ཞབས་འདྲེན་ཟག་པ་ཅི་མང་འགའ་ཡང་བསགས། བླ་མ་རིན་པོ་ཆེའི་ཕྱག་གཡོག་གི་སྐོར་ལའང་མཆོད་ལས་ཀྱི་སྐོར། རོལ་མོ་བརྡུང་བཀྲོལ། འཆམ་ཕྲན་བུ་བརྒྱག་པ། གསོལ་གཟིམས་གཡོག་སོགས་ཅི་ཐུབ་གང་འབྱོར་གྱི་ཞབས་ཏོག་ཕྲན་བུ་རེ་ཡང་བྱས། ཤེས་རྒྱུད་འཚུབ་པ་དང་། སློབ་གཉེར་གྱི་ཕྱིར་དང་། སྤྱོད་པ་རྩིང་ཞིང་ཚིག་བདེན་བརྫུན་སྣ་ཚོགས་སྨྲས་པ་སོགས་ཀྱི་སྟབས་ཀྱིས། བརྡུང་བ་དང་། འཁྱིག་པ་དང་། བསྐྱོན་པ་སོགས་ཀྱང་གྲངས་མེད་ཅིག་བྱུང་། དེ་ནས་ཤིང་ཕོ་འབྲུག་གི་ལོ་ལ་བླ་མ་རིན་པོ་ཆེ་དབུས་ལ་ཕེབས་པའི་དགོངས་པ་བསྟད་སོང་བས། བདག་ཀྱང་འགྲོ་བསམས་ཚེ། ནང་ཆེན་པ་དང་ཕ་མ་ཚོས་ལོ་ཉུང་བ་དང་མ་སོང་ན་ལེགས་ཟེར་བས། བླ་མ་རིན་པོ་ཆེས་ཁོ་རང་ཅི་དགའ་གྱིས་གསུང་ཚེ་འགྲོ་བར་རང་ཐག་བཅད། བླ་མ་རིན་པོ་ཆེའི་སྐུ་ཞབས་སུ་ཡོང་ཚེ། ཡུལ་སོག་རོང་དུ་སླེབས། ཚ་བ་ཟེར་བའི་གྲོང་ཞོལ་དུ་ཀརྨ་ཡང་དག་གིས་ཁྲོམ་དབང་བསྐུར་དུས། ཁྲོམ་ནང་ན་བུད་མེད་གཅིག་གི་པང་ན་བུ་མོ་སྐྲ་དཀར་པོ་ཡོད་པ་ཞིག་འདུག་པ་ལ། ཐམས་ཅད་ཀྱིས་ཉམས་མཚར་ཟེར་ཞིང་ལྟད་མོ་བལྟ་འདུག །དེ་ཚེ་ངའི་སེམས་ལ་ཅི་ཆ་མེད་པར། ད་ལྟའི་ལྷོ་ཕྱོགས་ཕ་ཀིར་གངས་རི་ལ་ཨོ་རྒྱན་པདྨའི་སྒྲུབ་གནས་ཤིག་ཡོད། དེ་ནས་ངས་གཏེར་འདོན། བུ་མོ་མ་ཀི་ངའི་རིག་མ་བྱེད་རྒྱུ་ཡིན་སྨྲས་པས། གྲ་པ་ཚོས་ཧ་ཧ་ཟེར། དེ་ཡང་ཕ་ཡུལ་སྤང་བས་བདུད་ཀྱི་བཙོན་ར་ནས་ཐར་ཞིང་ཆོས་ལྡན་གྱི་བསམ་པ་འདི་ལྟར་འགྲུབ་བོ། །དེ་ནས་ཤིང་མོ་སྤྲུལ་གྱི་ལོ་ལ་བོད་དབུས་གཙང་དུ་སླེབས། དང་པོ་བྱང་སྟག་ལུང་པའི་ཆོས་རྗེ་ཟུར་པའི་དྲུང་ནས། རྗེ་ཤངས་པ་རིན་པོ་ཆེའི་འཆི་མེད་རྣམ་གསུམ་གྱི་ལུང་ཐོབ། གནས་རྟེན་མཇལ། ཇོ་བོ་ཡབ་སྲས་ཀྱི་གདན་ས་རྭ་སྒྲེང་ལ་རི་བསྐོར་བརྒྱབ། ཇོ་བོ་འཇམ་དཔལ་རྡོ་རྗེ་ལ་རྣམ་དག་གི་སྨོན་ལམ་བཏབ། ཆོས་འཁོར་དཔལ་གྱི་བསམ་ཡས་མཇལ་ཞིང་། སྤྲུལ་པའི་རིགས་འཛིན་ཆེན་པོ་གཏེར་སྟོན་པདྨ་གླིང་པ་གསུམ་པ་མཁས་གྲུབ་ཐམས་ཅད་མཁྱེན་པ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་མཇལ་ཞིང་། པད་གླིང་གཏེར་ཁའི་ཚེ་སྒྲུབ་རྡོ་རྗེ་འཕྲེང་བ་ཐོབ། ཆོས་འཁོར་དཔལ་གྱི་བསམ་ཡས་ཀྱི་གནས་རྟེན་རྣམས་མཇལ། བྲག་དམར་གཡའ་མ་ལུང་། བསམ་ཡས་མཆིམས་ཕུ། སྔགས་གྲ་ཡང་རྫོང་། སྤང་གཤོང་ཧ་རི་ཀ། གདན་ས་ཆེན་པོ་རྡོ་རྗེ་བྲག །འུ་ཤང་རྡོའི་གཙུག་ལགས་བོད་ཀྱི་རི་བོ་རྩེ་ལྔ། ཆོས་འཁོར་ལྷ་ས། སེར་འབྲས་ཀྱི་དགོན། ཡེར་པ་ལྷ་རི་སྙིང་པོ། གླང་ཐང་སོགས་གནས་རྟེན་རྣམས་མཇལ། མཆོག་གི་སྤྲུལ་སྐུ་ཞབས་དྲུང་རྡོ་རྗེ་བྲག་པ་ལ། རིགས་འཛིན་རྒོད་ཀྱི་ལྡེམ་འཕྲུའི་གཏེར་ཁའི་ཐུགས་རྗེ་ཆེན་པོ་ཕག་མོ་ཟབ་རྒྱ། དུམ་རྒྱ་ཞང་ཁྲོམ་པའི་གཏེར་ཁའི་གཤིན་རྗེ་ཚེ་བདག་ལྕགས་སྡིག་རྣམས་ཀྱི་དབང་ལུང་ཐོབ། གཏེར་སྟོན་བདེ་ཆེན་གླིང་པའི་སྤྲུལ་སྐུ་ལ་གཏེར་སྟོན་འོད་གསལ་སྒྱུ་མའི་གཏེར་ཁའི་བི་མའི་སྙིང་ཐིག་དང་། དྲག་པོ་གནམ་ལྕགས་མེའི་འཁོར་ལོ། བདེ་མཆོག་དམར་པོ་རྣམས་ཀྱི་དབང་ལུང་ཐོབ། གདན་ས་ཆེན་པོ་ལྷོ་བྲག་སྨྲ་བོ་ལྕོག་ཏུ། ཀུན་གྱི་གཙུག་རྒྱན་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གདུང་དྲི་མ་མེད་པ། མངའ་བདག་པ་ཆེན་པོ་ཞབས་དྲུང་ཆོས་ཀྱི་དབང་པོའི་སྐུ་གཞོགས་ནས། རྗེ་འགྲོ་བའི་མགོན་ཉང་རལ་པའི་གཏེར་ཁའི། བཀའ་བརྒྱད་བདེ་གཤེགས་འདུས་པ་ཡོངས་རྫོགས་ཀྱི་དབང་ལུང་། དབང་ཆེན་སྨན་སྒྲུབ་དང་འབྲེལ་བ་ཅིག་ཏེ་ཚར་གསུམ་ཐོབ། གཏེར་མགོན་ཕྱག་བཞི་པ། ཐུགས་རྗེ་ཁྲོས་མ་ནག་མོ། སྤྲུལ་པའི་སྐུ་མཆོག་ཉི་མ་འོད་ཟེར་གྱི་རྣམ་ཐར། གཏེར་འབྱུང་དེ་རྣམས་ཀྱི་དབང་ལུང་ཐོབ། སྐྱེ་བ་སྔ་མའི་གདན་ས་དེ་ཉིད་དུ་སྐྱེས་པའི་སྣང་ཤེས་བག་ཆགས་ཅི་གསལ་བྱུང་ཚེ་རང་ཡིད་ཆེས། དེ་ནས་ལྷོ་སྟོད་གུ་རུ་ལྷ་ཁང་གི་གདན་སར། མཁས་གྲུབ་ཐུགས་སྲས་ཟླ་བ་རིན་པོ་ཆེའི་ཞབས་དྲུང་ནས། འདུས་པ་མདོ་དབང་ཆེན་མོ་དཀྱིལ་འཁོར་བརྒྱ་དྲུག་ཅུའི་དབང་ལུང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་སྨྲ་བའི་སེངྒེ་ཀློང་ཆེན་རབ་འབྱམས་པ་ཆེན་པོའི་བཀའ་འབུམ་མཛོད་བདུན་སོགས་ཡོངས་རྫོགས་ཐོབ། གནས་མཆོག་ལྷོ་བྲག་མཁར་ཆུར། སྒམ་པོ་སྤྲུལ་སྐུ་ལ་རོ་སྙོམས་ཀྱི་ལུང་ནོས། མཆོག་གི་སྤྲུལ་སྐུ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདན་ས་ལྷ་བྲོ་རྣམ་རྒྱལ་ཁང་བཟང་དུ། རྗེ་ཉིད་ཀྱི་གདུང་དྲི་མ་མེད་པ། དྲིན་ཅན་ཀརྨ་དཔལ་འབྱོར་བཟང་པོའི་ཞབས་དྲུང་ནས། རིགས་འཛིན་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁའི། བཀའ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག ཐུགས་སྒྲུབ་གསང་བ་འདུས་པ། འདི་རྣམས་ཡོངས་རྫོགས་ཀྱི་དབང་ལུང་དང་། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལུང་ཕལ་ཆེར་ཐོབ། སྦྲུལ་མཚོ་པདྨ་གླིང་། ལྷོ་བྲག་ཚེ་ལམ་དཔལ་རི། ལྷ་མོ་མཁར། ལྕགས་ཕུར་ཅན། གྲོ་བོ་ལུང་། གསས་མཁར་དགུ་ཐོག མཁོ་མཐིང་ལྷ་ཁང་། རི་མེར་ལ་སོགས་ཀྱི་བླ་མ་གནས་རྟེན་རྣམས་མཇལ་ཞིང་སྨོན་ལམ་བཟང་པོའི་མཚམས་སྦྱོར་བཏབ། རས་ཆུང་སྤྲུལ་སྐུ་ལ་ལུང་འབྲེལ་ཕྲན་བུ་ཐོབ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱི་སྤྲུལ་པར་གྲགས་པ། འཕྱོང་རྒྱས་དཔལ་རི་སྤྲུལ་སྐུ་ལ་བླ་མ་དགོངས་པ་འདུས་པའི་དབང་གི་སྐོར་ཡོངས་རྫོགས་ཐོབ། སྤྲུལ་སྐུ་ཨོ་རྒྱན་གླིང་པའི་གཏེར་མ། པདྨ་བཀའི་ཐང་ཡིག་སྡེ་ལྔའི་ལུང་ཡང་རྗེ་དེ་ཉིད་ལས་ཐོབ། རྗེ་བཀྲ་ཤིས་རྣམ་པར་རྒྱལ་བ་གསུམ་པ། སྤྲུལ་པའི་སྐུ་མཆོག་ཞབས་དྲུང་བཟང་པོ་རྡོ་རྗེའི་དྲུང་ནས་མཉམ་མེད་དྭགས་པོ་རིན་པོ་ཆེའི་བཀའ་འབུམ་གྱི་ལུང་ཐོབ། གདུང་བརྒྱུད་རྒྱལ་སྲས་ཀྱི་དྲུང་ནས། གཏེར་སྟོན་གྲ་པ་མངོན་ཤེས་ཀྱི་གཏེར་ནས་སྤྱན་དྲངས་པའི་རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་དེ་རྒྱུད་བཞིའི་ལུང་ཕལ་ཆེར་ཐོབ། མཁས་གྲུབ་བྱ་བྲལ་ཆོས་རྗེའི་གདུང་བརྒྱུད། དྭགས་པོ་ལྷ་ཡུལ་བླ་མ་ལས། མཁའ་འགྲོ་སྙིང་ཐིག་དང་། ཐམས་ཅད་མཁྱེན་པ་ཀློང་རམ་ཞབས་ཀྱིས་མཛད་པའི། གསང་བ་སྙིང་ཐིག་གི་བསྡུས་དོན། ཤིན་ཏུ་ཟབ་པའི་སྙིང་པོ། ཟབ་ཁྲིད་རིན་ཆེན་གསེར་ཕྲེང་དང་རིན་ཆེན་གསེར་སྐེད་ཀྱི་ལུང་ཐོབ། གདན་ས་མཐིལ། ཟངས་རི་མཁར་དམར་སོགས་ཀྱང་མཇལ་ཞིང་། སྨོན་ལམ་བཟང་པོ་བཏབ། དེ་ནས་བླ་མ་ཀརྨ་ཡང་དག་སོགས་ཀྱིས་གཙོས་པའི་བླ་མ་རིན་པོ་ཆེའི་གྲྭ་རིགས་རྣམས་ཁམས་སུ་ལོག་པར་བརྩམ་སོང་། བླ་མ་རིན་པོ་ཆེས། སྐུ་སྐྱེ་ཁྱོད་ལོ་ཉུང་བ་དང་། དབུས་གཙང་ལ་མིག་ཡར་ལྟོས་མང་པོ་ཡོད་པས། གྲྭ་ཚང་གཅིག་ལ་སྡོད། ཕ་ཡུལ་དུ་འགྲོ་བ་དགོས་མེད་གསུངས་ཚེ། སྐུ་ཞབས་གྲྭ་ཚང་དུ་འདི་ཕྱི་གཉིས་ཆར་གྱི་ས་ནས་སྡོད་དགོས་པ་འདྲ་ཞུས་པས། ཁྱོད་ཀྱི་རིགས་འདི་ལ་བལྟས་པས། རབ་གཅིག་ཡོང་ངམ། ཐ་མ་གཅིག་ཡོང་། འབྲིང་ལ་ནི་མི་གནས་པར་མཆིས། རབ་གཅིག་བྱུང་ན་མི་ཚེ་སྐྱེལ་དགོས། ཐ་མ་གཅིག་བྱུང་ན་ནི་ཆུ་ལ་འགྲོ་བ་ལས་འོས་མེད། དེ་མིན་ཙམ་འཐད་ཡོང་། ཁྱད་པར་འཕྱོང་རྒྱས་དཔལ་རི་གྲྭ་ཚང་འདི་རྙིང་མ་སྤྱིའི་གྲྭ་ས་ཡིན་པར་འདུག་པས། གྲྭ་ཚང་འདི་ག་རང་ལ་འགབ་འདུག་གསུངས་ཤིང་། གྲྭ་ཚང་ལ་འབུལ་བ། མང་ཇ་སོགས་བླ་མ་རིན་པོ་ཆེས་ཐུགས་ཁུར་བཞེས་ནས། འཕྱོང་རྒྱས་དཔལ་རི་གྲྭ་ཚང་ལ་བསྡད། ཐམས་ཅད་མཁྱེན་པ་ཀློང་ཆེན་ཞབས་ཀྱིས་མཛད་པའི་ཡིད་བཞིན་རིན་པོ་ཆེའི་མཛོད་ལ་སློབ་གཉེར་བརྒྱབ། ཆོས་ཁྲིམས་པ་ལ་ཆིག་རྒྱུགས་སུ་བླ་མ་དགོངས་པ་འདུས་པའི་འདོན་ཆོག་དང་ཆོས་སྤྱོད་ཀྱི་སྐོར་རྣམས་སྤྲད། ལོ་གསར་ནང་དུ་དགོངས་འདུས་ཀྱི་སྒྲུབ་མཆོད་ཆེན་མོའི་སྐབས་ལ། ཡིད་བཞིན་མཛོད་ཚོགས་རྒྱུག་ཕུལ་བས། མཆོག་སྤྲུལ་དཔལ་རི་ཞབས་དྲུང་གི་ཞལ་ནས། ཚོགས་པ་རྣམས་ལ། ཁྱེད་རྣམས་མི་ཚེ་ལ་དཀོར་ཟོས་ནས་གྲྭ་ཚང་དུ་རྒས་ཀྱང་དོན་མགོ་ཆུང་། ཁམས་པ་སྤྲུལ་སྐུས་ལོ་གཅིག་ལ་ཡིད་བཞིན་མཛོད་ཚོགས་རྒྱུག་འཕྲོད་པ་འདི་མཆོག་ཏུ་ངོ་མཚར་ཆེ་གསུངས་པས། གྲ་པ་རྒན་པ་ཕལ་ཆེར་བས་ཀྱང་། ཞལ་ནས་ལེགས་སོ་གསུངས་པ་ལས་ཐུགས་ཅུང་ཟད་མི་དགའ་བ་བལྟ་འདུག །གཞོན་ཤར་གྱི་སྐོར་པས། ཁོ་གྲྭ་ཚང་སྤྱིའི་ལས་ཀ་མ་ཐུག་ནས་སློབ་གཉེར་སྨར་བ་ཡིན་མོད། ལས་ཀ་མེད་ན་ང་རང་ཚོ་ཡང་འདི་ཙམ་རེ་ཡོང་ཟེར། བདག་རང་ཡང་ལོ་ཉུང་པས་ཐབས་མ་ཤེས་པར། ཤེས་རབ་དང་གོ་བ་ཁོང་ཚོ་ལས་ང་ལྷག་སྙམས་པ་ཞིག་བྱུང་ཚེ། མཐོ་དམན་ཀུན་ལ་ཆོས་ཀྱི་སྒྲོག་གླེང་མང་པོ་བྱས་པས། ཁོང་ཚོ་ཞལ་སྐྱེང་བ་མང་པོ་བྱུང་ཤོར། ཁམས་པ་སྤྲུལ་སྐུ་འདི་རང་ཚོའི་བརྡུང་བའི་ཐོ་བ་ལ་འདུག་ཟེར་ཏེ་སྡང་པོ་བྱུང་། ཆོས་མཛད་གཙང་པས། ཁྱོད་རང་ཤེས་རབ་ཆེ་བས་ཁོང་ཚོས་ཕྲག་དོག་ཆེན་པོ་བྱེད་འདུག་པ། ད་ཡུན་རིང་ན་ཁོང་ཚོས་ཅི་དྲན་ཡང་ཚོད་མེད། ཁྱོད་རང་གི་བླ་མ་དང་བསྟུན་ཏེ། མཆིམས་ཕུ་ན་སྤྲུལ་སྐུ་རིན་པོ་ཆེའི་སྐུ་ཞབས་ནས་དགོངས་པ་ཞུས་ན་བདེ་བ་འདྲ་ཟེར། དེ་ག་བདེན་འདུག་སྙམས་ཏེ་དགོངས་པ་ཞུས་པས། བཟང་མེད་ངན་མེད་གཅིག་བྱུང་། དེ་ནས་རང་གི་མནོ་བསམ་ལ། ཕ་མ་དང་བླ་མ་ཐམས་ཅད་བླ་མ་རིན་པོ་ཆེ་འདི་པ་ཡིན་པས། ཕྱགས་ཕྱི་བཟང་པོ་ཞིག་ཨེ་འགྲུབ་བསམས་ཏེ། དཀོན་མཆོག་ཤེས་རབ་དང་། སངས་རྒྱས་མགོན་པོ་གཉིས་ཟླ་བོ་ལ་ཁྲིད་ནས་ཁམས་སྟོད་དུ་འབུལ་བ་སྡུད་དུ་ཡོང་བས། བསམ་ཡས་རྒོད་དཀར་ལ་ཐོག་ཏུ་བཙུན་པ་གཅིག་དང་འཕྲད། ཁྱེད་གར་འགྲོ་སྨྲས་པས། ང་ཡུལ་ལ་ལོག་འགྲོ། ཁྱེད་གསུམ་སྡུག་པོ་ཡོང་བར་འདུག །གྲོགས་མཆེད་ཚོས་ཁྱེད་བསླུ་དོགས་འདུག་པས་སྟབས་གཟོབ། གཞན་མགོ་ཐོན་པར་ཡོད་ཁམས་བཟང་མཛོད་ཟེར་བས་ལགས་སོ་སྨྲས། ང་རང་གི་སེམས་ལ། བནྡེ་འདིས་བསམ་པ་བཟང་པོ་བྱེད་པ་རེད། ང་ཆུང་ཁོང་གཉིས་ཆེ་བས་བཟང་པོ་མི་བྱེད་ཡོང་བསམ་པ་རེད་བསམས། ཡར་ཙམ་ན་ཕྱི་མིག་ཅིག་བལྟས་པས། བནྡེ་གར་སོང་མི་འདུག །ཁོང་གཉིས་ལ་བནྡེ་དེ་གར་སོང་སྨྲས་པས། སུ་འདུག་པ་ཟེར། ང་ལ་སྐད་ཆ་བྱེད་མཁན་ཁྱེད་གཉིས་ཀྱི་མ་མཐོང་ངམ་སྨྲས་པས། མ་མཐོང་ཟེར་ཚེ་དེ་སུ་ཞིག་སྙམ་པ་བྱུང་ཀྱང་ཆ་མ་ཆོད། དེ་ནས་བྱང་མེར་གཞུང་དུ་སླེབས། རྟེན་འབྲེལ་ཡང་མ་བཟང་སྟེ་ངུ་ས་ཟེར་བའི་སྦྱིན་བདག་གཅིག་དང་འཕྲད། རྒན་མོ་གཅིག་ཤི་ཟེར། ཆོ་ག་བཏང་སྟེ་ཞག་འགའ་ཞིག་བསྡད། ཁོང་བནྡེ་གཉིས་ནི་འཐབ་མོ་ལྷ་མ་ཡིན་གྱི་གྲོང་ཁྱེར་ལྟར་བྱས་སོང་། ང་རང་ནི་མཁོས་མེད་པས་ཐབས་ཅི་ཡང་མི་འདུག །དཀོན་མཆོག་ཤེས་རབ་ཁོང་ཡང་མཉམ་དུ་མི་འགྲོ་ཟེར་ཏེ། སྡུག་བསྔལ་དཔག་མེད་བཏང་། དེ་ཚེ་འབྲོམ་ཨ་རིས་ཟེར་བའི་སྦྱིན་བདག་ཅིག་གི་བདག་རྐྱེན་བཟང་དུ་བྱས། ཁོང་གཉིས་ཁ་གཏོར། རང་ལ་སངས་རྒྱས་མགོན་པོ་ཅུང་ཞིག་ཁ་དཀར་བས། དེ་དང་མཉམ་དུ་ནགས་ཆུ་ཁ་ན། ཧོར་རྒྱ་མཚོའི་སྡེ་ནང་དུ་ཕྱིན་པས། ཚང་སར་དབོན་མོ་ལ་གཏུག་ས་བྱས། ཧོར་སྐུ་མཆེད་རྣམས་ཀྱིས་ཀྱང་བདག་རྐྱེན་འབྲིང་དུ་བྱུང་། ལོ་ཉུང་བ་དང་སྔར་གྲོང་ཆོག་སོགས་མ་གོམས་པའི་སྟབས་ཀྱི་སྡུག་བསྔལ་ཅི་མང་བྱུང་། ཁ་བོ་རྒྱ་མཚོ་དང་སྟག་རིང་གཅོད་ལ་ཁྱེར་བས། ཁ་བ་ཆེན་པོ་རྒྱབ་བྱུང་ཚེ། ཧོར་མི་ཀུན་གྱིས་ཆོས་ལུགས་ཀྱང་བོན་པོ་ཁོ་ནར་འདུག་པའི་གཤིས་ཀྱི། ཡམས་ཀྱི་བདག་པོ་ཁྲག་རླངས་མགོས་ཁ་བ་ཕབ་ཟེར་ཏེ། དམོད་པ་མང་པོ་བཏབ་སོང་། དེ་ནས་ཤི་དགེ་གསོན་གནས་ཀྱི་ཚེས་མ་ལས་བྱུང་བའི་རྟ་ནོར་བརྒྱད་ཅུ་ཙམ་དང་། སྒར་ཆས་འབྲིང་ཙམ་ཞིག་འགྲུབ་པ་རྣམས་ཁྱེར་ཏེ། བསམ་ཡས་མཆིམས་ཕུར་སོང་ཞིང་བླ་མ་རིན་པོ་ཆེ་ལ་སྤོང་དག་ཏུ་ཕུལ། བླ་མ་རིན་པོ་ཆེས་ཁྱོད་རང་ལྷ་ས་ན་སོང་ལ། རྒྱལ་བ་ཐམས་ཅད་མཁྱེན་པ་ལ་དགེ་སློང་ཞུས། ངའི་ཞུ་ཡིག་འདི་ཡང་ཕུལ། དབྱིངས་སའི་དྲུང་ནས་ལམ་ཡིག་ཅིག་ཀྱང་ཞུས་ཤོག་གསུངས་ཏེ། རྟ་འབུལ་དང་བཅས་ལྷ་ས་ན་སོང་། རྒྱལ་བ་རིན་པོ་ཆེ་དང་དབྱིངས་ས་སོགས་མཇལ། ཇོ་བོ་རིན་པོ་ཆེ་ལ་སྤོས་དང་མར་མེ་སྙན་དར་རྣམས་ཕུལ་ཞིང་། བདག་དང་བདག་གི་འབྲེལ་ཐོག་གི་སེམས་ཅན་ཐམས་ཅད་ནུབ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་ཡང་བཏབ། མཆོད་ཡོན་གྱི་སྐུ་ཞབས་ནས་ཀྱང་། ལུགས་གཉིས་ཀྱི་བདག་རྐྱེན་བཀའ་དྲིན་ཅི་ཆེ་བྱུང་། བསྙེན་རྫོགས་ནི་ཞུ་འདོད་པོ་ཞིག་མ་བྱུང་བས་བཞག་བཏང་། ལམ་ཡིག་གནང་སྦྱིན་བྱིན་རླབས་རྟེན་དང་བཅས་བླ་མ་རིན་པོ་ཆེར་ཕུལ་བས། གོ་ཆོད་པར་བྱུང་གསུངས་ཤིང་ཐུགས་ཤིན་ཏུ་དགྱེས་པར་མཛད་སོང་། བསྙེན་རྫོགས་ཞུས་པའི་མིང་ཅི་གནང་ཡོད་གསུངས་པས། བསྙེན་རྫོགས་ཞུས་པའི་མིང་ཞུ་རྒྱུ་མེད་ཞུས། དེ་ནས་གནས་ཆེན་རྩྭ་རི་ཏྲ་ན་ས་ཕོ་སྤྲེའུའི་ལོ་འགོ་ལ་སླེབས། གནས་མཆོག་དག་པ་ཤེལ་རིའི་བྱང་ཤར་གྱི་མཚམས་སུ། ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིས་བརླབས་པའི་གནས་མཆོག །དཔལ་རི་ཟླུམ་ཅན་སངས་རྒྱས་སྟོང་གི་ཕོ་བྲང་ལ་མཚོ་ཆེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། མཁའ་འགྲོ་མ་སྒྲུབ་རང་བཞིན་འདུ་བའི་གནས་མཆོག །སྦས་པའི་ལུང་དབེན་པའི་གནས། ཟབ་ལམ་རྡོ་རྗེ་རྭ་བ་ཞེས་བྱ་བ་དེ་ཉིད་དུ། རྗེ་རིན་པོ་ཆེས་སྒྲུབ་པའི་རྒྱལ་མཚན་གཙུགས་ཤིང་ལོ་གསུམ་གྱི་དམ་བཅའ་ལ་བཞུགས་པའི་དྲུང་དུ་བསྡད་དེ། བཀའ་རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུ །མན་ངག་བརྒྱ་དང་བརྒྱད་ཅུ་རྩ་བཞི། ཤོ་ལོ་ཀ་འབུམ་ཕྲག་དྲུག་བཅུའི་སྙིང་པོ་གཅིག་ཏུ་དྲིལ་བ། བཀའ་རྫོགས་པ་ཆེན་པོ་གསང་བ་སྙིང་གི་ཐིག་པ། ཡིད་བཞིན་རིན་པོ་ཆེའི་མཛོད། སེམས་ཉིད་ངལ་བསོ། །བསམ་གཏན་ངལ་བསོ། །སྒྱུ་མ་ངལ་བསོ། གུ་རུའི་གསང་ཁྲིད་རིགས་ལྔ་ལ་སོགས་པའི་ཟབ་ཁྲིད་རྣམས་ཞུས་ཤིང་མཚུངས་མེད་དམ་པ་རིན་པོ་ཆེས་ཐུགས་ཀྱི་རྗེས་སུ་བཟུང་བས། རང་རིག་ཀ་དག་གི་ཡེ་ཤེས་རང་ཞལ་མཇལ་ཏེ། འཁོར་བ་དོང་སྤྲུག །སྲིད་པ་ཕྱིར་བསྙིལ། བག་ཆགས་དྲུང་ཕྱུངས་ཏེ། ཀུན་བཟང་འཁོར་ལོ་ཚོགས་ཆེན་གྱི་སྤོ་ལ་འགྱིང་ངོ་། །འདི་སྐབས་ཀྱི་ལོ་དེར་ཞག་བདུན་རླུང་གི་བཅུད་ལེན་བཏང་གླིང་ཆེན་ཟས། སྔོ་ཐུལ་པ། ཁུ་བྱུག་རྟ་ལྕགས། ཆུ་ཤ་ལ་སོགས་ཀྱི་སྔོ་རིགས་མང་པོ་ལ་བརྟེན་ཏེ་དཀའ་ཐུབ་ཀྱང་ཅི་ཆེར་བྱས། ས་མོ་བྱ་དང་ལྕགས་ཕོ་ཁྱི་སོགས་ཀྱི་ལོ་གཉིས་པོ་ལ་དྭགས་ཀོང་དུ་བསོད་སྙོམས་ཟླ་ལྷག་ཙམ་རེ་སྤྲང་ཞིང་། དངོས་པོ་ཟང་ཟིང་མི་དམན་ཙམ་རེ་བྱུང་བ། མཚུངས་མེད་རིན་པོ་ཆེ་ལ་སྤོང་དག་ཏུ་བྱས། ཁྱད་པར་ས་མོ་བྱ་ལོའི་ནང་དུ་མཁའ་འགྲོའི་ལུང་བསྟན་ཐོབ་ཅིང་། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་ཐུགས་རྗེའི་འོད་ཟེར་བདག་ལ་ཐིམ། གཞན་ལ་གསང་རྒྱ་བསྡམས་ཏེ། སེམས་ཀྱི་དོགས་པ་གཅོད་ཕྱིར། རིག་འཛིན་བདུད་འདུལ་གླིང་པ་མཇལ་བར་ཐང་འགའ་ཆས་ཀྱང་ཕྱི་བཤོལ་རྐྱང་པའི་དབང་དུ་ཤོར། དང་པོ་ནས་སྤྲང་བན་བདག་གི་ཤེས་རྒྱུད་སྣ་ཚོགས་པ་ཞིག་འདུག་པའི་སྟེང་དུ། སླར་རིག་པ་ཟ་ཟི་བན་བུན་འདྲ་བ་ཞིག་ཏུ་སོང་བའི་སྟབས་ཀྱི། བླ་མ་རིན་པོ་ཆེའི་ཐུགས་དང་འགལ་འཆོར་གྲབ་མང་པོ་བྱུང་། ཁྱོད་ཀྱི་རིགས་འདི་ལ་ཇི་ལྟར་དཔྱད་ཀྱང་བཟང་ངན་གྱི་དབྱེ་བ་ཤེས་རྒྱུ་མི་འདུག་ཡང་ཡང་དུ་གསུངས། ཀོང་ཡུལ་གྱི་གནས་རྟེན་ཕལ་ཆེར་དང་། རྩྭ་རི་མཚོ་དཀར་སོགས་སུའང་ཕྱིན་ཞིང་གསོལ་སྨོན་བྱས། ཇོ་བོ་ཤཱཀྱ་མུ་ནེ་ལ་ཤ་ཆང་གི་བཅད་རྒྱ་ལོ་གསུམ་མ་ཞིག་ཕུལ། དཔལ་བསམ་ཡས་ཀྱི་ཇོ་བོ་བྱང་ཆུབ་ཆེན་པོ་ལ། དུ་རུ་ཀའི་ཁ་ཟས་ཐ་མ་ཁ་ལོ་བདུན་གྱི་བཅད་རྒྱ་ཕུལ། འདི་སྔོན་དུ་བླ་མ་རིན་པོ་ཆེའི་བཀའ་ལ་ཡང་ཡང་འགལ་ཤོར་བས། ཉེས་པ་མེད་པའི་བཤགས་པ་མང་པོ་བྱས་སོ། དེ་ནས་ལྕགས་མོ་ཕག་ལོ་ལ་ཟང་ཟིང་གི་དཀོར་ལ་བརྔམས་ཏེ། ཉང་པོ་ནས་བྱས་བྱང་ཧོར་དཔོན་ཆེན་རྒྱ་འཚོའི་སྡེ་ནང་དུ་ཡོང་། དེའི་དབྱར་ཐོག་བླ་མ་རིན་པོ་ཆེ་རྩྭ་རི་ནས་བྱང་དུ་གདན་འདྲེན་ཞུས། ཧོར་ལ་ཆོས་ཁྲིད་སོགས་འགྲོ་དོན་རྒྱ་ཆེན་མཛད་པའི་ཞབས་འདེགས་སུ། བློ་ལུས་ངག་ཡིད་གསུམ་འདུན་པ་གཅིག་ཏུ་དྲིལ་ཏེ་ཕྱགས་ཕྱི་གང་དྲགས་ཡོན་མཆོད་ཐམས་ཅད་ལ་ཞུས་ཤིང་། ཟང་ཟིང་གི་དཀོར་ཟོག་ཅི་ཡོད་པ་ཕྱི་ཆས་ནང་ཆས། དུད་འགྲོ་སོགས་ཅི་ཡོད་བླ་མ་རིན་པོ་ཆེ་ལ་སྤོང་དག་ཏུ་ཕུལ། དང་པོ་གནས་རྩྭ་རི་ཏྲ་ན། བདག་གིས་བླ་མ་རིན་པོ་ཆེ་ལ། ངས་གང་དུ་བསྒོམས་ན་དངོས་གྲུབ་འཐོབ་ཞུས་པས། བླ་མ་རིན་པོ་ཆེའི་ཞལ་ནས། ཁྱོད་ཀྱི་ཁམས་སྲིང་མོ་རྫོང་དུ་བསྒོམས་ན་དངོས་གྲུབ་ཐོབ་པ་འདྲ་གསུངས་པ་དང་། འཕྲལ་དུ་མཁར་བར་ཉིད་དུ་གནས་གང་དུ་བསྒོམས་པར་འགྲོ་བསམ་པའི་འགྱུ་བ་མང་པོ་འཕྲོས་དུས། རྨི་ལམ་དུ་མཁའ་འགྲོའི་ལུང་བསྟན་ཕྲན་བུ་གསལ་བ་སོགས་ལ་བརྟེན་ནས། ཁམས་སྲིང་མོ་རྫོང་དུ་ཡོང་སྟེ། ཐབས་དང་རྟེན་འབྲེལ་ཅི་ལེགས་སུ་བསྒྲིག་ཅིང་། གནས་དག་པ་ཤེལ་རིའི་ཐུགས་ཀ། ཕོ་བྲང་གཡུ་མཚོའི་ཞོལ་ཙམ་དུ་བསམ་གཏན་གྱི་ཁང་ཆུང་བརྩིག་ཅིང་། ལོ་གསུམ་གྱི་དམ་བཅའ་བཏབ་སྟེ། སྒྲུབ་པ་ལ་ཞུགས་ཤིང་། འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་གཙོ་བོར་བཏོན། ཞར་ལ་གུ་རུ་རཏྣ་གླིང་པའི་ཐུགས་སྒྲུབ་ཞི་དྲག །ཉང་གི་ལྕགས་རལ་ཅན། རིགས་འཛིན་བདུད་འདུལ་བའི་པདྨ་འོད་འབར་དང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་སོགས་ཀྱི་བསྙེན་པ་རང་གཞུང་ལྟར་བསྐྱལ། དངོས་ཉམས་རྨི་ལམ་དུ་ངེས་ཤེས་སྐྱེ་ཙམ་རེ་དྲོད་རྟགས་ཐོབ། ལྷོངས་ཀྱང་གནས་བཀའ་གཉེན་པོ་འདུག་པའི་སྟབས་ཀྱིས། ཁ་བ་ཉི་མ་བཅུ་གཉིས་ཞག་དང་འབྲེལ་བར་བབ་པ་དང་། ཐོག་འཚེགས་པ། སྒོ་བརྡུང་བ། སྐད་བརྒྱག་པ། ཀི་དང་བཤུད་པ་སོགས་འདེབས་པ། འོད་འཁྱུག་པ། གཅེར་བུ་མགོ་བརྙན་སྣ་ཚོགས་ཀྱི་གར་གིང་དུ་རྒྱུག་སྙམས་མངོན་སུམ་དུ་བྱེད་པ། རང་ཡང་དབང་པོ་ཟ་ཟི་བན་བུན་བརྒྱལ་བ། རིགས་དྲུག་གི་ཡུལ་སྣང་སྣ་ཚོགས་མངོན་སྣང་ཅན་དུ་ཡིད་ཡུལ་ལ་འཕྲེང་ཞིང་། གཞན་གྱི་དྲན་བསམ་གྱི་བློའི་འདུན་སེམས་གཏན་ནས་འགགས་པར་འཁྲུལ་པ་འབའ་ཞིག་ལ་འགྲོ་བ་སོགས་དང་། མགྲོན་གཉེར་དཀོན་མཆོག་རྒྱ་མཚོས་བླ་མ་གསོད་པར་འདུག་གོ་སོགས་ཀྱི་བརྫུན་ཁྱེར་གྱི་གཏམ་ལྷོངས་ཡན་ཆད་སྣ་ཚོགས་ཤིག་བྱུང་། གནས་མཆོག་དེར་སྒྲུབ་པ་བྱེད་བསམ་ཡོང་བའི་དུས་ནས་སྒྲུབ་པ་ལ་ཞུགས་ཚེ་ཡན་ཆད་ཀྱི་བར་ལ། ལུང་བསྟན་དག་སྣང་ལ་སོགས་པའང་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་། དེ་ནས་རང་གི་བསམ་པ་ལ་ཡང་། ཁ་བྱང་གི་དུས་རྟགས་འདི་རྣམས་ནམ་ངེས་པའི་དུས་སུ། གནས་ཆེན་ཏེ་སེ་ལ་འགྲོ་བསམ་པ་ཡོད་པ་དང་། བླ་མ་རིན་པོ་ཆེས་བསྟན་འཛིན་བཀའ་ཤོག་དང་བཅས་གནང་བྱུང་ཞིང་། སྐབས་ཤིག་གཙང་ཕྱོགས་འདིར་བླ་མ་གནས་རྟེན་གང་ཟག་མང་པོ་འདུག་པས། མཇལ་བའི་ཕྱིར་ཡོང་ན་ལེགས་གསུངས་པའི་བཀའ་སོགས་སོར་བཞག་སྟེ། ཁྲི་རྡོ་སོག་རོང་སོགས་ཀྱི་སྐྱེ་འགྲོ་རྣམས་ལ་དབང་ཆོས་ཀྱི་འབྲེལ་པ་བྱས། རྟ་ནོར་སོགས་དུད་འགྲོ་མང་པོའི་དཀོར་རྣམས་ཁྱེར་ཏེ། བྱང་དུ་ཧོར་ནང་དུ་སོང་ཞིང་། མཁར་བར་ནས་རྟ་ནོར་བརྒྱད་ཅུ་ཙམ་དབུས་ལ་བསྐུར་ཏེ། ཆོས་འཁོར་བསམ་ཡས་ཀྱི་ཞིག་གསོས་བརྒྱབ། རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། ཞྭ་དམར་པ་སོགས་ལ་འབུལ་བ་ཕྲན་བུ་བྱས། མཁར་བར་དུ་ཟླ་མཚམས་ཤིག་བཅད་པས་ཉམས་ལེན་བོགས་ཐོན་པོ་བྱུང་། འདིའི་ལོ་སྐབས་འདིར། ཁྲི་རྡོ་ཆོས་རྗེ་བློ་བཟང་ལེགས་པ་མཇལ་ན་རྟེན་འབྲེལ་བཟང་བའི་མཁའ་འགྲོའི་ལུང་བསྟན་བྱུང་བ་ལ་བརྟེན་ནས་རྗེ་དེ་ཉིད་ཀྱི་དྲུང་དུ་སོང་ཞིང་། །རྡོ་རྗེ་འཇིགས་བྱེད་ཀྱི་དབང་ལུང་། དབུ་མ་རྩ་བ་ཤེས་རབ་ཀྱི་ལུང་། དགའ་ལྡན་པའི་ཟབ་ཆོས་སྐོར་ཕལ་ཆེ་བའི་ལུང་། པཎ་ཆེན་གྱི་བཀའ་འབུམ་ཐོར་བུ་དང་བཅས་པའི་ལུང་རྣམས་ཞུས། སོག་ཙན་དན་དགོན་དུ་གྲྭ་ཚང་བླ་མ་ལ། ནག་པོ་སྐོར་གསུམ་དང་། བླ་མ་མཆོད་པ། གསང་འདུས་སོགས་ཀྱི་ལུང་ཞུས། །རྗེ་མཚུངས་མེད་ཤེས་རབ་མགོན་པོ་ལ་དབང་ཕྱུག་རྡོ་རྗེའི་ཞབས་ཀྱི་ཕྱག་ཆེན། དཀོན་མཆོག་ཡན་ལག་ཞབས་ཀྱིས་མཛད་པའི་ཆོས་དྲུག །ཀུན་རིག་རྣམ་རོལ་སྒོ་ཆེན། ཆོས་སྤྱོད་རབ་གསལ་སོགས་ཀྱི་དབང་ལུང་ཞུས། གྲུབ་པའི་དབང་ཕྱུག་ཀརྨ་མཁས་མཆོག་ལ། ཕག་མོའི་དབང་ལུང་ཞུས། ཚང་སར་ཆོས་རྗེ་བསྟན་སྐྱོང་ལ་གཟུངས་འདུས་ཀྱི་ལུང་དང་། རས་ཆུང་ཚེ་དབང་མནོས། ཤར་རྒྱལ་མོ་རོང་པ་སྒྲུབ་པའི་དབང་ཕྱུག་བསྟན་པ་རྒྱལ་མཚན་ལ། གཡུང་དྲུང་བོན་གྱི་ཐེག་པ་སྙན་བརྒྱུད་བོད་ཡུལ་མའི་ཁྲིད་ལུང་། དྲན་པ་ཡབ་སྲས་ཀྱི་ཚེ་སྒྲུབ་དང་བཅས་པ་ཐོབ། དེ་ནས་བྱང་གནམ་མཚོ་ནས་ལམ་བྱས་ཏེ། བླ་མ་རིན་པོ་ཆེ་མཇལ་དུ་སོང་བས། གཉགས་ཛྙཱ་ན་ཀུ་མའི་གདུང་བརྒྱུད་ཀྱི་གདན་ས་བྲེས་དགོན་གསར་དུ་མཇལ། རྟ་ནོར་བརྒྱ་ལྔ་བཅུ་དང་དངོས་པོ་ཆེ་ཆུང་གང་ཡོད་སྤོང་དག་ཏུ་ཕུལ། བླ་མ་རིན་པོ་ཆེས་ཀྱང་ཐུགས་ཀྱི་མཉེས་པ་གསུམ་ལྡན་དུ་མཛད་ཅིང་། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་དབང་ལུང་རྣམས་གནང་། རྗེ་མཁས་གྲུབ་ཆེན་པོ་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེའི་ཞབས་དྲུང་ནས་བཀའ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་ཟབ་མོ་སྙིང་ཐིག་ཡོངས་རྫོགས་སུ་ཐོབ། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཉི་ཟླ་ཀློང་གསལ་ལ། ཨོ་རྒྱན་བསྟན་གཉིས་གླིང་པའི་ཟབ་རྒྱ་གསར་མ། གཏེར་སྟོན་ཆེན་པོ་དྲི་མེད་ལྷུན་པོའི་གཏེར་ཁའི་ཐུགས་རྗེ་ཆེན་པོ་དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་དབང་ལུང་རྣམས་ལེགས་པར་ཐོབ། མངའ་རིས་འོད་གསལ་མཆོག་གི་རྡོ་རྗེའི་སྤྲུལ་སྐུ། ངག་དབང་འོད་གསལ་རང་གྲོལ་གྱི་སྐུ་ཞབས་ནས་རིགས་འཛིན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་སྤྱན་དྲངས་པའི། གུ་རུ་དྲག་པོ། ཕུར་པ། མངའ་རིས་གཏེར་སྟོན་བདུད་འཇོམས་རྡོ་རྗེའི་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་དབང་ལུང་རྣམས་ཐོབ། ཤངས་ཟབ་བུ་ལུང་དུ་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་བབ་ནས། ཟབ་བུ་ལུང་ནས་ཨོ་རྒྱན་རིན་པོ་ཆེའི་ཟབ་གཏེར་རིགས་འཛིན་དམ་པ་ཞིག་གིས་བཏོན་སོང་ངོ་ཞེས་ཁྲོམ་ནང་དུ་གསུངས་སོང་ཚེ། མི་ཀུན་གྱིས་འོད་གསལ་མཆོག་གི་སྤྲུལ་སྐུ་དང་། དཔོན་སློབ་པདྨ་རིགས་འཛིན་གང་རུང་ཞིག་གིས་གཏེར་བཞེས་པ་འདྲ་ཟེར་སོང་། ལེགས་ཚོགས་ཀྱི་རྟེན་འབྲེལ་ཕྲན་བུ་ནི་སྤྲང་བན་གྱིས་ཐོབ། །དེ་ནས་བླ་མ་རིན་པོ་ཆེས་གནས་བསྐོར་དུ་མ་འགྲོ །མཚམས་སྒྲུབ་གྱིས་ཤིག་པའི་བཤོལ་མ་ཅི་ཆེ་མཛད་བྱུང་ཡང་ལྷོ་མོན་གྱི་འཚུབ་མ་ལངས་པ་དང་སྡེ་སྲིད་ལ་འཕོ་འཕྱུགས་བྱུང་སོང་བས་ཁ་བྱང་གི་དུས་རྟགས་སུ་སེམས་ཏེ། གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེ་ལ་འགྲོ་བར་བློ་གཏད་ནས། བྱང་ནས་བྱང་བརྒྱུད་དེ་སོང་བས་དཀའ་བ་དཔག་ཏུ་མེད་པ་བྱུང་། ཁོང་གྲྭ་བཙུན་རྣམས་ཀྱི་ནང་ནས་འགའ་ཞིག་གི་མི་ཕེར་བ་སྣ་ཚོགས་བྱས། སེམས་སྡུག་བསྔལ་གྱི་འདམ་ལ་བཙུད། འོན་ཀྱང་གཏེར་ལྷོང་གི་བར་ཆད། དམ་ཉམས་འཁོར་གཡོག་རྩོད་འཛིང་མངཿ ཁྲིམས་གསར་ལ་ཆུ་འཕྲང་གསུམ་བསྡམསཿ ཤེས་པ་གང་ལའང་གཏད་མེད་པརཿ རིག་པ་ངེས་མེད་ཆོ་ལེར་འགྲོཿ གསང་རྟགས་ཡིན་པས་གཏེར་ལ་སྤྱོདཿ ཅེས་ཁ་བྱང་དུ་འདུག་པའི་རྟགས་ཕྱི་ནང་གསང་བའི་རིམ་པ་རུ་ཡང་སེམས། དེ་ནས་གངས་རིའི་རྒྱལ་པོ་ཏེ་སེ་མཇལ་ཞིང་། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་བཀའི་ཐ་རམ་རྣམས་མངོན་དུ་གྱུར་ཞིང་ཟབ་གཏེར་དང་མཇལ། ཀྲེ་ཏ་པུ་རི་སྤུ་རང་ཇོ་བོ་ལ་སོགས་ཀྱི་གནས་རྟེན་མཇལ་ཞིང་སྨོན་ལམ་བཏབ། མ་ཕམ་གཡུ་མཚོ་ལ་བསྐོར་བ་བརྒྱབ་ཅིང་ཚོགས་བརྒྱ་བཏང་། རྣལ་འབྱོར་གྲུབ་པའི་དབང་ཕྱུག་ངག་དབང་ཆོས་འཕེལ་དང་མཇལ་ཞིང་། ཐུགས་ཡིད་གཅིག་ཏུ་བསྲེས་ནས་ཏིང་ངེ་འཛིན་གྱི་དབང་བཞི་བླངས། རིག་འཛིན་གར་དབང་རྡོ་རྗེའི་སྙན་པ་ཐོས་པས། གཏེར་སྟོན་ཡིན་མིན་གྱི་བརྟགས་པ་ཞག་གསུམ་ལ་བྱས་པས། མཁར་གསར་པ་ཁྱམས་དང་དབུ་རྩེ་ཡོད་པ་ཞིག་གི་ནང་དུ་ས་རློན་པའི་ཕུང་པོ་ལྔ་ཁྲི་རིང་པོ་གཅིག་གི་སྟེང་དུ་གྲལ་ཐབས་སུ་འདུག་པའི་དབུས་མ་དེའི་ནང་ནས་སྤང་ལ་ཤ་མོང་རྡོལ་བ་ལྟར་གྱི་སློབ་དཔོན་རིན་པོ་མི་ཚད་གཅིག་མངོན་སུམ་དུ་བཞུགས་འདུག་པ་དང་། གཞན་རྣམས་ནས་ཀྱང་དེ་བཞིན་དུ་སྐུ་ཕྱེད་དང་དབུ་མངོན་པ་གསུམ། ས་ཕུང་ལ་གས་པོ་མང་དུ་ཤར་ཞིང་སླར་སྐུ་མངོན་རྒྱུ་ཞིག་དང་ལྔ་མཇལ་བ་དང་། ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་གདོང་ཆེན་ལ་རྡོ་རྗེ་སེམས་ཐུགས་ཀྱི་མེ་ལོང་ཞེས་པའི་ཁ་ཡིག་གིས་མཚན་པ་འབུར་དུ་དོད་པ་ཞིག་བུ་མོ་ཞིག་གིས་ངའི་མགོ་བོར་བཞག་པ་དང་། ཡང་ཁང་པ་སོ་མ་ཞིག་གིས་སྒོ་དྲུང་དུ་དར་པོ་ཆེ་གཉིས་བཙུགས་འདུག་པའི་ནང་དུ་ཕྱིན་པས་བན་དེ་ཐང་ཤམ་ཅན་གསུམ་འདུག་པས་དྲིལ་བུ་ཨེ་ཉོ་ཟེར་ཏེ། །དངུལ་གྱི་རྩེ་རྡོར་ཡོད་པ་ཞིག་གཏད་བྱུང་བ་དང་། མཁར་དེའི་ནུབ་ཕྱོགས་ནས་ཤར་དུ་བལྟ་བའི་ཆོད་གཅིག་གི་ནང་དུ་མེ་ཏོག་གི་སྡོང་པོ་ཤིན་ཏུ་མཛེས་པ་ཞིག་གི་སྟེང་དུ་སངས་རྒྱས་ཚེ་དཔག་མེད་མི་ཉིས་འགྱུར་ཙམ་ཞིག་མངོན་གསུམ་དུ་བཞུགས་པ་མཇལ་བས་ཞལ་མཛུམ་མདངས་མཛད་བྱུང་བས་བདག་ཀྱང་དགའ་བ་ཆེན་པོ་ཐོབ་ཅིང་། པད་སྡོང་ནས་མེ་ཏོག་གཅིག་ཁྱེར་བ་སོགས་རྨིས་པས་ཐེ་ཚོམ་དང་བྲལ་ཚེ་མཇལ་བར་སོང་བས། ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ་སྲིད་པ་བར་དོའི་ཆ་མཚུངས་མྱོང་། རི་ཁྲོད་གཅིག་ལ་ལོ་གསུམ་གྱི་དཀའ་བ་སྤྱད་པ་ལས། ལམ་ཞོར་འདི་ལ་མྱོང་མཐོང་ཆེ་བ་བྱུང་། དེ་ནས་རོང་གི་འོད་གསལ་ཕུག་ཏུ་རིགས་འཛིན་ཆེན་པོ་དང་མཇལ་བས། ལོ་གཅིག་བསྡད་ན་མ་གཏོགས་དབང་ལུང་མི་ཡོང་གསུངས་པས། རོང་གི་འོད་གསལ་ཕུག རྩྭའི་རྐང་བཙུགས་ཕུག རག་མ་བྱང་ཆུབ་རྫོང་། མང་ཡུལ་གྱི་རི་བོ་དཔལ་འབར། །བྲག་དཀར་རྟ་སོ་དབུ་མ་རྫོང་། བྲག་དམར་འཆོང་གླིང་ཁྱུང་གི་རྫོང་། ཇོ་བོ་ཝ་ཏི་བཟང་པོ། །མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག །ཁོ་ཁོམ་ཆོས་ཀྱི་རྒྱལ་པོའི་སྒྲོལ་མ་རང་བྱོན། ཡེ་རང་རྒྱལ་པོའི་ཇོ་བོ་ཨ་ཁམ་འབུ་ཁམ། རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ་འཛམ་གླིང་གསེར་རྒྱན། ཡམ་བུ་གླིང་གི་གནས་རྟེན། མཆོད་རྟེན་གོ་མ་ས་ལ་གནྡྷ། རི་གླང་རུ། ཨེའི་གཙུག་ལག་ཁང་། མགོན་པོ་འཕགས་པ་ཀླུ་སྒྲུབ་གྱིས་ཀླུ་ཡུལ་ནས་གདན་དྲངས་པའི་རྒྱས་པ་འབུམ། བཅོམ་ལྡན་འདས་ཆེན་པོའི་བཞུགས་ཁྲི་དང་སྐུ་བྱིན་རླབས་ཅན་མང་པོ། སངས་རྒྱས་ཕྱོགས་ཀྱི་གླང་པོའི་སྐུ་གདུང་། སངས་རྒྱས་འཁོར་བ་འཇིག་གི་སྐུ་གདུང་། དུར་ཁྲོད་ལྷུན་འགྲུབ་བརྩེགས་པ། མཆོད་རྟེན་བྱ་རུང་ཁ་ཤོར། གྲུབ་ཆེན་བརྒྱད་བཅུའི་ཚོགས་ཁང་། ཨ་སུ་རའི་གནས་མཆོག །ཡང་ལེ་ཤོད་ཀྱི་བྲག་ཕུག །ཕག་མོ་རང་བྱོན་ལྷ་ལས་བབ་པའི་སྐུ། གཡའ་རི་གངས། གུ་རུ་མཇལ་ཕུག་སོགས་མཇལ་བ་དང་། གནས་འབྲེལ་ཟླ་མཚམས་བདུན་མཚམས་སོགས་ཅི་རིགས་སུ་བྱས། གུ་རུ་བསྟན་གཉིས་གླིང་པའི་གདུང་བརྒྱུད། མཁས་གྲུབ་ཆེན་པོ་གུ་རུ་ཤཱཀྱ་བདུད་འདུལ་གྱི་ཞབས་དྲུང་ནས་གུ་རུ་བསྟན་གཉིས་གླིང་པའི་གཏེར་ཆོས་ལས། ལྟ་བ་སངས་རྒྱས་དགོངས་འདུས། རྫོགས་ཆེན་ཕུང་པོ་ཟག་མེད། ཕྱག་ཆེན་མ་རིག་མུན་སེལ། གཅོད་ཡུལ་ཤེས་རབ་རལ་གྲི། བླ་མ་བྱིན་རླབས་ཀུན་འདུས། རྣམ་སྲས་ནོར་བདག་ཀུན་འདུས། རྡོ་རྗེ་ཕག་མོའི་ཟབ་རྒྱ། ཚེ་སྒྲུབ་སྲོག་འཛིན་ཀུན་འདུས། བོན་གསེར་གྱི་ཡང་ཞུན། འོད་གསལ་ཐིག་ལེ་ཉག་གཅིག །ཡང་ཏིག་ཡེ་ཤེས་མཐོང་གྲོལ་འདི་རྣམས་ཀྱི་དབང་ལུང་ཡོངས་རྫོགས་སུ་ཐོབ་ཅིང་། རྗེ་དེ་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོའི་རྗེས་སུ་བཟུང་བས། ལུགས་གཉིས་ཀྱི་བཀའ་དྲིན་འཁོར་ཐབས་མེད་པ་བྱུང་། འདི་སྐབས་འགའ་ཞིག་ཏུ་བུ་མོ་ཚེ་རིང་འཛོམ་པ་ཟེར་བ་ཞིག་ནུབ་ཕལ་ཆེར་ཉལ་རོགས་ལ་བྱུང་། སུ་ཡིན་དྲིས་པས་མཁའ་འགྲོ་མ་ཡིན་སྐད། དཀར་ལེབ་སོགས་ལ་འགྲོ་དང་གཏེར་ཡོད་ཟེར་ཚེ། མཚན་གསུམ་ཙམ་སོང་ཀྱང་གཏེར་སོགས་ནི་མ་རྙེད། ཆུ་ཟམ་འཕྲང་སོགས་ཀྱི་འཇིགས་པ་མང་པོ་འདུག་ཀྱང་བུ་མོ་རང་ལ་རྫུ་འཕྲུལ་འདུག་པས་ཉེས་སྐྱོན་སོགས་ནི་ཅི་ཡང་མ་བྱུང་། འདི་དང་འཕྲད་ཚུན་བདག་གཞན་ལེགས་ཉེས་ཕྲན་བུ་སྐབས་སྐབས་གསལ་བ་སོགས་བྱུང་བས་མཁའ་འགྲོ་མ་ཞིག་ཡིན་འདོག་ཁ་འདུག །ལིང་ང་བྲག་དམར་དུ་ཆོས་རྗེ་རྒྱལ་ཐང་པའི་གདུང་རྗེ་དྲུང་ངག་དབང་ཟིལ་གནོན་རྡོ་རྗེའི་སྐུ་གཞོགས་ནས། རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུའི་གཏེར་ནས་སྤྱན་དྲངས་པའི། ཐུགས་སྒྲུབ་རྣམ་གསུམ། རྫོགས་ཆེན་དགོངས་པ་ཟང་ཐལ། གཏེར་སྟོན་ཀུན་སྐྱོང་གླིང་པའི་གཏེར་མ་རྡོར་སེམས་སྙིང་ཐིག མ་གཅིག་རྒྱལ་ཐང་ལུགས་དང་བཅས་པའི་དབང་ལུང་ཐོབ། རིགས་འཛིན་མཆོག་གི་སྤྲུལ་སྐུ་གར་དབང་རྡོ་རྗེ་དང་། གུ་རུ་བདུད་འདུལ། ཟིལ་གནོན་རྡོ་རྗེ་སོགས་ལ་དབང་ལུང་གི་ཞབས་ཏོག་ཅི་དགོས་གསུངས་པ་བསྒྲུབ། མང་ཡུལ་བྱམས་པ་སྤྲིན་དུ་བླ་བྲང་ཆེན་མོས་དབུ་མཛད་མང་པོས་དབང་གཞི་བཏིང་བ་ལ། རིགས་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཁའི་ཚེ་དབང་ཕུལ་ཞིང་། དངུལ་ཊཾ་ཀ་བརྒྱས་གཙོས་པའི་འབུལ་ཞབས་བཟང་པོ་བྱུང་། སྐྱི་རོང་དཔོན་རྗེ་མང་ཞིག་དང་བྱམས་སྤྲིན་པ་རྣམས་ལ་འཕོ་བ་འཇག་གཙུགས་མའི་དམིགས་པ་བཏབ་པས་ཀུན་ཀྱང་ངོ་མཚར་གྱི་ས་ལ་བཀོད། གུ་རུ་མཇལ་ཕུག་ཏུ་དེ་ཁའི་ཆོས་རྗེ་དང་སྡེ་དགོན་རྣམས་ཀྱི་སྔ་ཕྱི་གཉིས་ལ་དབང་གཞི་དང་བུམ་སྒྲུབ་ཀྱི་སྦྱིན་བདག་མཛད་བྱུང་བས། འོད་གསལ་སྒྱུ་མའི་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་བཙུགས་པ་དང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་རྣམས་ཕུལ་བས་དགེ་བ་དང་ཡ་མཚན་པའི་ལྟས་མང་པོ་དང་། དག་སྣང་བསམ་གྱིས་མི་ཁྱབ་པའི་ངང་ནས་འགྲུབ། སྔ་ཕྱིའི་བརྒྱ་འབུལ་གཉིས་སོགས་ཀྱི་འབུལ་ཞབས་ཀྱང་བཟང་དུ་བྱུང་། དེ་ནས་ཀྱང་གི་ཇོ་བོ་དབང་དར་བས་ནན་གྱིས་བསྐུལ་བ་ལ་བརྟེན། ཀྱང་གི་རྒྱལ་ཁབས་སུ་སོང་བས་བསུ་བ་སེར་སྦྲེང་རོལ་མོ་སོགས་ཅི་འཇིགས་སུ་བྱུང་བས། ཕྲན་བུ་རྟོག་ལྡན་གཅིག་ལ་འདི་རྣམས་ཀྱི་དག་སྣང་བཟང་པོ་མཛད་གི་འདུག་ཀྱང་། ཐོས་བསམ་སྒོམ་གསུམ་གྱི་དྲི་མི་བྲོ་བ་འདྲ་བསམ་ཞིང་རང་རྒྱུད་ལ་སྐྱོ་བ་སྐྱེས། ཇོ་བོ་སྐུ་མཆེད་རྣམས་ཀྱིས་ཐོག་དྲངས་སྡེ་དགོན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ལུང་སྒྲུབ་ཆེན་དང་སྦྲག་མ་ཕུལ་ཚེ། སྐོང་བཤགས་ཀྱི་སྐབས་སུ་ཇོ་བོ་དབང་དར་དང་སྒྲུབ་པ་མ་ཡོལ་མོ་སྤྲུལ་སྐུའི་རིགས་མ་ཞིག་འདུག་པ་རྣམས་ཀྱི་ཕྱག་མཛུབ་མར་མེ་ལ་འབུལ་བ་སོགས་ཀྱི་ངེས་འབྱུང་དང་དག་སྣང་ཆེན་པོ་མཛད་སོང་། བདག་གིས་ཀྱང་བསྔོ་སྨོན་གྱི་མཚམས་སྦྱོར་ནན་དུ་བྱས། རྔ་ཆལ་དང་དངུལ་བལ་ཊཾ་ལྔ་བཅུ་སོགས་ཀྱིས་གཙོས་པའི་བརྒྱ་འབུལ་ཅི་བཟང་དུ་བྱུང་། མདོར་ན་ཡུལ་འདི་དག་རྣམས་སུ་དབང་ཆོས་ཀྱི་འཁོར་ལོ་བསྐོར། དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་དམ་བཅའ་འབོག་པ་སོགས་སྐབས་ཤིག་འགྲོ་བ་གྲོལ་ལམ་ལ་འཁོད་པར་བྱས། སློབ་དཔོན་པདྨ་འབྱུང་གནས་ཀྱི་གསེར་སྐུ། སངས་རྒྱས་སྣང་བ་མཐའ་ཡས་དང་འཕགས་པ་སྤྱན་རས་གཟིགས་ཀྱི་བླུགས་སྐུ། འཇམ་དབྱངས་དང་ཕྱག་རྡོར་གྱི་རྡོ་སྐུ་སོགས་རྟེན་བཞེངས་ཕྲན་བུ་ཡང་བྱས། གུང་ཐང་དུ་སྦྱིན་བདག་མང་པོས་དབང་གཞི་བཏིང་བ་ལ་དབང་ཆོས་ཁོང་རྣམས་ཐུགས་དགྱེས་པར་ཕུལ། དངུལ་ཊཾ་ཁ་ཉི་ཤུ་རྩ་ལྔས་བཙོས་པའི་འབུལ་ཞབས་བཟང་དུ་བྱུང་། ལན་བདེའི་ཆོས་རྗེ་ནོར་བུ་བདེ་ཆེན་ལ་གནས་བརྟན་བཅུ་དྲུག་གི་གསོལ་འདེབས་དག་སྣང་གི་རྨི་ལམ་ལ་བརྟེན་ཏེ་ལུང་འབྲེལ་དུ་ཞུས། བླ་མ་མགོན་པོ་རྡོ་རྗེ་ལ་དབང་ལུང་ཞིག་ཞུ་བསམས་ཀྱང་རྟེན་འབྲེལ་མ་འགྲིག །རྨི་ལམ་ཞིག་ལ་ཡོལ་མོ་སྤྲུལ་སྐུས་དམ་སྲི་ཞིག་སྤར་བའི་སྐྱེ་བ་ཡིན་ཟེར་བ་ཞིག་ཀྱང་ཐོས་པས་བཏང་སྙོམས་སུ་ལུས། དེ་ནས་རིགས་འཛིན་ཆེན་པོ་གར་དབང་རྡོ་རྗེའི་སྐུ་ཞབས་ནས། རིན་པོ་ཆེ་ཉིད་ཀྱི་གཏེར་བྱོན་གྱི་གདམས་པ་ལ། བཀའ་རྫོགས་པ་ཆེན་པོ་རྡོར་སེམས་ཐུགས་ཀྱི་མེ་ལོང་། པདྨའི་སྙན་བརྒྱུད་ཡང་གསང་བླ་མེད། ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག་རྣམས་ཀྱི་དབང་ལུང་སྒྲུབ་ཆེན་དང་སྦྲག་པ་ཟླ་བ་གཅིག་གི་བར་དུ་ཞུས། རྡོ་རྗེ་དྲིལ་བུ་དབུ་ཞྭ་ན་བཟའ་སྐུ་རགས་བཞུགས་གདན་ཤོག་སེར་ལ་སོགས་པའི་གནང་སྦྱིན་བཟང་བར་མཛད། ད་དུང་དྲུང་འདིར་ལན་ཅིག་ཤོག་གསུངས་པ་དང་། ཁྱེད་ཀྱི་སྔ་མ་མཐུ་བྱས་ཡོད་པ་འདྲ་བས་ད་མཐུ་མ་བྱེད་སོགས་ཀྱི་ཞལ་ད་དང་། ཁྱོད་འདིར་བྱུང་བའི་དུས་སུ་གནམ་ལྕགས་ཀྱི་ཕུར་པ་གཉིས་རྙེད་པ་དང་། ཆང་ཀ་པཱ་ལ་གང་འདུག་པ་ལ་ཧུབ་གཅིག་བརྒྱབ་པ་ཕྱེད་ལ་ལངས་སོང་ཚེ། ཀ་པཱ་ལའི་ནང་དུ་ཁྲག་འཐུང་རིགས་ལྔ་གཟི་བརྗིད་དུ་ལམ་ལམ་འདུག་པ་སོགས་ཀྱི་དག་སྣང་བྱུང་བས། ཁྱོད་ཀྱི་དྲག་སྔགས་ཀྱི་ནུས་པ་ཆེན་པོ་ཐོན་པར་གདའ། ཁྱད་པར་དུ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འགྲོ་དོན་བཀའ་བབ་ཡོད་པས་འགྲོ་དོན་ལ་རེམ་གསུངས་པ་དང་། ད་ལྟར་གྱི་མི་ཐོག་འདི་ལ་མདོ་ཁམས་སྒང་དྲུག་གི་འགྲོ་བ་ལ་སྨོན་ལམ་གྱི་མཚམས་སྦྱོར་འགྲོ་དོན་གྱི་བཀའ་བབ་ཁྱོད་ལ་ཡོད་པས། ང་ཁྱོད་ལ་རེ་ཆེ་བས་འགྲོ་དོན་ལ་སེམས་བསྐྱེད་རྒྱ་མ་ཆུང་ཞིག །ངའི་གཏེར་ཁ་འདི་རྣམས་ཀྱི་ནང་ནས་པདྨའི་སྙན་བརྒྱུད་ཀྱི་རྩ་བའི་ཆོས་བདག་ཁྱོད་ཡིན་གསུངས་ཞིང་བཀའ་དྲིན་ཆེ་བར་མཛད། དེ་ནས་ལ་ཁ་ལ་གངས་ལ་ནས་བྱས་ལྷ་མཚོ་སྲིན་མཚོ་དཔལ་མོ་དཔལ་ཐང་སྙེ་ནམ་གྲོད་ཕུག་ལ་ཕྱི་རྣམས་མཇལ། དིང་རི་ནས་བཟུང་བཀྲ་ཤིས་ལྷུན་པོའི་སྨོན་ལམ་ལ་བལྟས། བྲེས་དགོན་གསར་དུ་ཆོས་རྗེ་རིན་པོ་ཆེ་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་དང་། འོད་གསལ་མཆོག་གི་སྤྲུལ་སྐུ། གྲུབ་ཆེན་ཉི་ཟླ་ཀློང་གསལ། ཞབས་དྲུང་གདུང་རྒྱུད་ལ་སོགས་ལ་གར་དབང་མཆོག་གི་རྡོ་རྗེའི་དབང་ལུང་རྣམས་ཕུལ། བྲེས་དགོན་གསར་འབུལ་བའི་བཀའ་ཆེན་པོ་གནང་བྱུང་ཀྱང་བླ་མའི་གསུང་ལྗི་བས་སྡོད་ཐབས་མ་བྱུང་། དེ་གའི་གྲ་བཙུན་འདུས་པ་རྒྱ་མཚོ་ལའང་དབང་ལུང་ཡོངས་རྫོགས་སུ་ཕུལ། མང་ཡུལ་དང་གཙང་སོགས་སུ་དགོན་གནས་ཀྱི་བདག་པོར་སྡོད་ཅེས་བསྐུལ་མཁན་མང་ཡང་བྱ་བཏང་བཤའ་མ་ཞིག་བྱེད་བསམས་ཏེ་བླ་མ་དམ་པའི་དྲུང་དུ་འོང་བས་རིན་པོ་ཆེས་ནི་ཐུགས་ཤིན་ཏུ་སྡང་བ་ཞིག་བྱུང་། སྦུག་ཆལ་དངུལ་སྲང་བཅུ་གཉིས་པ་ཞིག་དང་ལེ་ཚན་གསོལ་དཀར་སྟེགས་སྐྱེམ་བུ་ལི་སྡེར་དར་རས་ཕྲན་བུ་རྣམས་ཕུལ། རྟ་ཕོ་ལྔ་དང་འཕྱིང་གུར་སོགས་ཀྱི་གནང་སྦྱིན་བྱུང་། ཆོས་བདག་ལུང་བསྟན་དུ་འདུག་པ་དང་། ཁྱད་པར་དུ་དྲིན་ཅན་རྩ་བའི་བླ་མ་དམ་པ་ཡིན་པའི་སྟབས་ཀྱི་གསང་རྒྱ་མ་གྲོལ་ཀྱང་ལོ་རྒྱུས་ཕྲན་བུ་ཞིག་འབུལ་དགོས་བསམས་ཏེ། ཐང་འགའ་ཞིག་ཏུ་ཟུར་ཙམ་མང་དུ་ཞུས་ཀྱང་། རིན་པོ་ཆེའི་ཞལ་ནས། གཏེར་སྟོན་གཏེར་སྟོན་དུ་སྨྲས་ཀྱང་མིའི་ཡ་ཕོ་ཡིན། གཏེར་གསར་ཟེར་བ་འདི་བསྟན་པའི་རྐང་འདྲེན་ཡིན། དེ་ཅིའི་ཕྱིར་ན་སྔོན་གྱི་གཏེར་སྟོན་ཉང་རལ་སོགས་ཀྱི་གཏེར་ཆོས་འདི་རྣམས་ནུབ་པའི་རྐྱེན་གཏེར་གསར་གྱིས་བྱེད་འདུག་གསུངས་པ་དང་། འོ་ན་དཔོན་སློབ་རིན་པོ་ཆེ་ཁྱེད་ལ་ཨོ་རྒྱན་རིན་པོ་ཆེའི་གཏེར་ཆོས་ཡིན་ངེས་ཤིག་གིས་ཤོག་སེར་ས་ཙ་རེ་བ་ཞིག་ཁྱེད་ཀྱི་ཕྱག་ཏུ་ཕུལ་ན་ཅི་དགོངས་པར་གདའ་ལགས་ཞུས་པས། ང་ཤིན་ཏུ་ནས་མགུ་དཀའ་འོན་ཀྱང་ཁོ་རང་གཏེར་སྟོན་ཞིག་ཡིན་པ་འདྲ་ཨ་བ་ཧྲིག་བསམ་པར་གདའ་གསུངས། ད་གཏེར་ཆོས་ལ་ནི་ཡེ་ནས་ཐུགས་མི་གཏད་པར་གདའ། ཞུ་བ་མང་ཡང་དོན་མགོ་ཆུང་བསམ་པ་ཤར། སྐུ་གཞོགས་སུ་མི་སྡོད་སྒྲུབ་པ་ལ་འགྲོ་ནན་གྱིས་ཞུས་པས་ཐུགས་མི་དགྱེས་པ་ཆེན་པོ་མཛད་སོང་། རྗེ་ཉིད་དང་འདྲིས་ཡུན་རིང་བས་བསམ་ངན་ཞེ་མྱག་གི་ཐུགས་དང་འགལ་བ་བྱེད་མ་བསམས་ཀྱང་། སྟབས་དང་ཞོར་གྱི་ཐུགས་དང་ཅི་འགལ་བ་བཟོད་པར་བཞེས་ནས་ཚངས་པ་མཆོག་གི་དངོས་གྲུབ་སྩོལ་ཞེས་ཞུས་ཏེ། རྗེ་ཉིད་མཁར་བར་གྱི་བྲག་ལ་བཞུགས་པའི་རི་ལ་བསྐོར་བ་བརྒྱ་དང་བརྒྱ་ཕྱག་ཡིག་བརྒྱ་བཤགས་སྨོན་སོགས་བྱས། །ཧོར་ནས་དཀོར་ནག་ཀྱང་ཅི་ཆེ་འགམ། འདི་སྐབས་མཚུངས་མེད་དམ་པ་འཇམ་དབྱངས་བློ་ལྡན་ལ། སྒྲུབ་ཐབས་བརྒྱ་རྩ། ས་སྐྱ་པའི་མགོན་པོ་གུར་མགོན་ཡོངས་རྫོགས། སྤྲུལ་སྐུ་པདྨ་གླིང་པའི་དྲག་པོ། སྨྱུང་གནས་དཔལ་མོ་ལུགས་དང་བཅས་པ་ཞུས། མཛོད་དང་སྙིང་ཐིག་གིས་གཙོས་པའི་དབང་ལུང་གི་ཞབས་ཏོག་ཅི་མང་ཕར་ལའང་ཕུལ། །ཐུགས་ཡིད་གཅིག་ཏུ་འདྲེས་རྟེན་འབྲེལ་ཡང་འགྲིག་པོ་བྱུང་། དེ་ནས་གནས་མཆོག་སྲིང་མོ་རྫོང་དུ་སྒྲུབ་པ་ཞིག་ཨེ་འཕེལ་བསམས་ཏེ་ཡུན་དུ་འདྲིས་པའི་སྦྱིན་བདག་ཧོར་ཁུ་དབོན་རྣམས་ཀྱི་སྡེ་བླ་ལ་འདུག་དགོས་པ་སོགས་ཀྱི་བཀའ་ནན་གྱིས་བསྐུལ་ཡང་། ཐབས་ཀྱིས་དགོངས་པ་ཞུས་ཏེ་ཁམས་སྲིང་མོ་རྫོང་གི་གནས་ནང་དུ་ས་ཕོ་རྟ་ལོ་ཧོར་ཟླ་དྲུག་པར་སླེབས་པ་དང་དུས་མཉམ་དུ། དེ་ཕྱོགས་ཀྱི་དད་མོས་ལྡན་པ་རྣམས་ལ་དབང་ལུང་དང་ཁྲིད་ཀ་བཏབ། ཟང་ཟིང་ཅི་བྱུང་བ་ཡར་མཆོད་མར་སྦྱིན་དུ་བཏང་། དགེ་མ་བཙུད་ལོག་གིས་ཀྱལ་སྐུར་དང་འཆལ་བསྔོས་སྐལ་ལོག་ངན་པ་མང་པོ་བཀལ་བས་སྐྱེ་འགྲོ་མང་པོ་ལོག་ལྟའི་འདམ་ལ་བཙུད་སོང་། ལར་ཡུལ་ཀ་འོག་ལ་སོགས་ནགས་སོག་རྣམས་ནས་སེམས་ལ་རན་མི་རན་མདོར་ན་ལས་སྦྱོར་འདྲ་རེ་དགོས་པ་ཨི་ཡིན་བསམ་པ་མང་དུ་འཆར་དགོས་པ་བྱུང་ཀྱང་། ཕྱི་མའི་རྒྱུ་འབྲས་ལའང་འཇིགས་ཁྱད་པར་དུ་སྟོད་མངའ་རིས་ཀྱི་ཡུལ་དུ་སོང་དུས་བུ་མོ་ཚེ་རིང་འཛོམ་པ་དང་འཕྲད་པ་དང་། གཏེར་སྒོ་འགའ་རེ་ཞལ་ཕྱེས་དུས་གླིང་བཞི་སྟོང་གསུམ་སོགས་མངོན་སྣང་དུ་གསལ་ཉམས་བྱེད་པ་དང་། བདག་གཞན་གྱི་སྐྱེ་བ་སྔ་ཕྱི་དང་ལེགས་ཉེས་མང་པོ་ཐར་ཐོར་འལ་འོལ་དུ་འཆར་བ་དང་། བར་སྣང་སོགས་ལ་ཡང་ཡུད་དུ་འགྲོ་ཐུབ་པ་དང་། རྡོ་སོགས་ལ་རྐང་རྗེས་ལག་རྗེས་དོད་པ་སོགས་འཁྲུལ་སྣང་གི་ཉམས་སྣ་ཚོགས་ཤིག་འཆར་འདུག་ཚེ། འཁོར་བ་འདི་གར་འཁོར་འདིར་སྐྱེ་ཆ་མི་ཆོད་པ་ཞིག་འདུག་པས་ཤིན་ཏུ་ནས་སྐྱི་བུང་། ཁྱད་པར་བདུད་མོ་དམར་རྒྱན་མའི་སྤྲུལ་པ་ནི་སྔགས་ཀྱི་ལམ་དུ་ཞུགས་སོ་ཅོག་དང་། ཕྲན་བུ་ལ་ནི་ལྷན་ཅིག་སྐྱེས་པའི་ལྷ་དང་ལྷན་ཅིག་སྐྱེས་པའི་འདྲེར་བྱང་ཆུབ་ཀྱི་བར་འབྲལ་མེད་དུ་ཡོད་འདོག་ཁ་བས་མ་ནུས་པ་བཟོད་པ་བསྒོམས་པའི་གྲངས་ལ་བསྡད། །སྤྱང་ཞོན་མའི་བསྐུལ་ཞིག་བྱས་པས། སླར་བཟློག་རྟགས་གསལ་ཀྱང་དེ་ནས་རྦད་པ་དང་ཤི་ས་སྟོན་པ་སོགས་མ་བྱས་ཤིང་གང་བྱུང་ལ་བསྐྱུར་བཏང་ངོ་། །དེ་ནས་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་དང་དཔལ་ལྡན་ནག་པོ་ཐོག་འཕེན་གྱིས་ལོ་ཟླ་མང་པོར་སྒྲུབ་པའི་གནས་མཆོག་ཆགས་རུ་ཕུག་ནགས་ཏུ་མཚམས་ཀྱི་བཅད་རྒྱ་ལ་ཞུགས། རྟེན་འབྲེལ་ཡང་འགྲིགས་པོ་མ་བྱུང་ཞིང་གཉེན་དང་ཉེ་དུ་རྒྱབ་ཏུ་བསྐྱུར་ཀྱང་ལས་ངན་གྱི་དབང་གིས་བསྡུས་ཏེ་ཉེ་དུ་རྣམས་དང་འཕྲད། ཕ་རྒན་པོ་ཤི། མ་དང་ཉེ་བ་རྣམས་ལ་རྟ་ནོར་ཉིས་བརྒྱ་དང་ལྔ་བཅུ། གཞན་གྱི་ཕོ་ཆས་མོ་ཆས་ཟས་གོས་ལ་སོགས་ཅི་ལེགས་སུ་བསྐྱང་ཡང་། མིའི་རྒྱལ་ཁམས་གཏམ་ངན་གྱིས་བཀང་ཞིང་ཡ་ག་དང་གཏམ་ངན་པ་ནི་ས་ཆེན་པོ་ཁྱབ་པ་ཞིག་ཁོང་རྣམས་ཀྱིས་མཛད་བྱུང་། ཁོང་ཚོས་ནི་ཉེ་བ་མགོ་ཁུར་ཁོ་ན་མཛད་འདུག་ཀྱང་། ཕྲན་བུ་ལ་ནི་དགྲ་གཉེན་གྱི་འདོར་ལེན་ཞེ་ཐག་པ་ནས་མེད། དཀོར་གྱི་ལས་འབྲས་ལ་ཡ་ང་བས་ཚིག་རྩུབ་ཀྱང་མང་པོ་སྨྲས་ཡོད། ད་སྟེ་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཉེ་དུའི་འབྲེལ་བཟུང་ལ་མི་ཆགས་ཤིང་ཆོས་བཞིན་བསྒྲུབ་པ་ལ་བར་ཆད་ཀྱིས་མི་ཚུགས་པའི་སྨོན་ལམ་འདེབས། དེ་ཡང་ས་ཕོ་རྟའི་ལོ་ཧོར་ཟླ་བཅུ་པའི་ཚེས་ལ་གཏེར་སྒྲོམ་ཞལ་ཕྱེས་ཤིང་ཤོག་སེར་གྱི་ཆོས་རྣམས་ཕབས་པའི་ཚེ། ལྷོང་གི་སྐོར་ལ་ཐོག་ལན་གཉིས་བབ། ཕ་རྒད་པོ་ཤི། ཀརྨ་བརྩོན་འགྲུས་འདས། གཉེར་པས་གསོད་ཁྲམ་ལ་ཡང་ཡང་འདེབས་པ་སོགས་ཡ་ང་ཞིང་བག་ཚ་བའི་རིགས་ཀྱང་སྣ་ཚོགས་བྱུང་། ལེགས་ཚོགས་ཀྱི་སྐོར་ལ་དགུན་སྟོད་ཡིན་ཀྱང་ཆར་འབབ་པ། འབྲུག་གི་སྐད་འབྱིན་པ། ན་འཁྱིལ་མོར་འཇའ་ཟུག་པ་མཐིང་ཤུན་ལྟ་བུའི་འོད་ཀྱིས་བར་སྣང་ལན་མང་དུ་ཁྱབ་པ། ཁ་བ་མེ་ཏོག་གི་དབྱིབས་སྣ་ཚོགས་སུ་ཡོད་པ་ནམ་མཁའ་ཤིན་ཏུ་དངས་ཤིང་ཉི་མ་དང་བཅས་པའི་ཀློང་ནས་ལན་མང་དུ་འབབ་པ། སྣང་སྲིད་ཀྱི་ལྷ་ཀླུ་གཞི་བདག་མང་པོ་དམ་ལ་གནས་པ་སྤྲེལ་ཟླ་བའི་ཚེས་བཅུའི་ཉིན་པར་སྒྲུབ་ཕུག་གི་ནུབ་ནས་འོད་སྔོན་པོའི་དཀྱིལ་འཁོར་ཕུབ་ཙམ་གྱི་ཀློང་ནས་སློབ་དཔོན་སངས་རྒྱས་གཉིས་པ་ཞལ་གཟིགས་པ་དང་གཞན་ཡང་དག་སྣང་སོགས་ནི་ཅི་མང་དུ་བྱུང་ངོ་། ཕལ་ཆེར་ལ་ཤོག་སེར་ནས་ཆོས་སྐོར་རྣམས་སྙིང་རུས་བྱས་ཏེ་ཕབ། སྐབས་སྐབས་སུ་བསྙེན་སྒྲུབ་དང་རྫོགས་ཆེན་ཀྱང་བསྒོམས། དེ་ནས་ལོ་གསུམ་གྱི་བཅད་རྒྱ་གྲོལ་བ་དང་ནགས་ཤོད་དཔོན་མཚམས་ཤོག་བཞིའི་སྔགས་པ་རྣམས་ཀྱིས་བཀའ་ནན་གྱིས་བསྐུལ་ངོར། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་སྒྲུབ་དང་སྦྲགས་པ་ཡུལ་ཕུན་ཚོགས་པ་སྟེང་དཀར་དུ་ཕུལ། ཁོང་རྣམས་ཕལ་ཆེར་ནི་དད་པ་ཆེས་སྐྱོན་ཡོད་མདོག །ཕལ་ཆེར་ལོག་ལྟ་ཆེས་སྐྱོན་ཡོད་མདོག་སོགས་སྣ་ཚོགས་ཤིག་འདུག །ཆགས་རུའི་ས་གྲ་སོགས་མདོར་ན་འབུལ་ཞབས་ཀྱང་ཕྲན་བུ་བྱུང་། ལར་ཡུལ་ཕྱོགས་འདི་ཁའི་སྐྱེ་འགྲོ་སྐྱ་སེར། ཕལ་ཆེར་གྱིས་བླ་མས་མོ་བཙུན་ལས་ཞེས་སྨྲ་གཞི་བྱེད་མཁན་མང་དུ་འདུག་ཀྱང་། མ་རྒྱུད་ཀྱི་ཐེག་པ་འདི་རྒྱུད་སྡེ་བཞིའི་ཉེ་ལམ་ངེས་པ་ཅན་ཡིན་པ་དང་། སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་གི་གཏེར་ལུང་འདི་རྣམས་ལ་བསམ་ན། བདག་ལ་ཐོས་བསམ་གྱི་ཡོན་ཏན་མེད་ཀྱང་འབྲེལ་ཐོག་གི་བུ་མོ་རྣམས་ཀྱང་ཐར་ལམ་ལ་ཉེ་འོང་བསམ་པའི་ཧམ་པ་ང་རང་ལ་ཡོད་པ་དང་། དེར་མ་ཟད་དེང་སང་གི་རབ་བྱུང་ཕལ་ཆེར་གྱིས་བཙུན་པ་ལ་མོ་ཆགས་ཀྱི་འདུ་ཤེས་བཞག་སྟེ་མི་གཙང་བར་སྤྱོད་འདུག་པ་དང་། སྐྱེ་བོ་ཕལ་ཆེར་གྱིས་མ་དང་སྲིང་མོ་སོགས་ལ་ནལ་ཕྲུག་མང་པོ་འབྱིན་འདུག་པ་ལ་མི་སེམས་པར་ལམ་སྨིན་གྲོལ་གྱི་གདམས་པ་ལ་བརྟེན་ནས་བདེ་སྟོང་དགའ་བཞིའི་ཡེ་ཤེས་སྤེལ་བ་ལ་བཞད་བགད་དུ་བྱེད་པ་འདི་ཧ་ཧ། དེ་ནས་སྐབས་འགའ་ཞིག་ཙམ་མ་གཏོགས་དབེན་མཚམས་ལ་དྲིལ། དག་སྣང་དང་ཉམས་རྟོགས་ཀྱི་ཡོན་ཏན་ནི་མི་དམན་ཙམ་བྱུང་། དཀོར་སྦྱོང་དང་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་དམིགས་པའི་ལྷ་འབྲི་རྟེན་བཞེངས་ཀྱང་འགའ་ཞིག་བྱས། འབྲི་གུང་པ་ལྷོ་སྐུ་སྐྱེ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ་གྱི་ཞབས་དྲུང་ནས་ཡང་ཟབ་ཀྱི་དབང་ལུང་ཡོངས་རྫོགས་སུ་ཞུས། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆེན་པོ་བློ་ལྡན་ལ་པདྨ་འགྱུར་མེད་རྡོ་རྗེའི་གཏེར་ཆོས་རིགས་འཛིན་ཐུགས་ཐིག །གཤིན་རྗེ་དྲེགས་པ་འཇོམས་བྱེད། གུ་རུ་དྲག་པོ་ཞུས་ཤིང་ཁྲོས་ནག་གི་དབང་ལུང་ཞབས་ཏོག་ཏུ་བསྒྲུབ། ས་ལས་འདི་ཡེ་ནས་མི་འདོད་ཀྱང་ཆོས་རྗེ་རིན་པོ་ཆེ་བློ་བཟང་ལེགས་པའི་ཐུགས་འདོད་དང་བསྟུན་ཏེ་ཆགས་རུ་ཁར་བདེ་མཆོག་ལྷ་ཁང་བཞེངས། ཚེ་འཕྲང་ཡང་དམ་འདུག་པ་དང་རྐྱེན་ངན་ནམ་ཡོང་ཆ་མི་ཆོད་བསམས་ཏེ། དུས་ལ་མ་བབ་ཀྱང་ལུང་ཟིན་གྱི་བུ་གསུམ་གྱི་གཙོས་པའི་འདུས་པ་བརྒྱ་དང་བཅོ་ལྔ་ལ་དབང་ལུང་གི་གདམས་པ་ཡོངས་རྫོགས་སུ་ཕུལ། ལེགས་པའི་ལྟས་རྣམས་དང་བཅས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན། ལར་ནི་རྩ་བའི་བླ་མས་བདག་ཉིད་འཁོར་བའི་འདམ་ནས་བཏོན་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བས། མཁས་གྲུབ་ཀྱི་བླ་མ་འདི་རྣམས་མཇལ་བ་དང་། གནས་རི་དང་ལྷ་རྟེན་ཆོས་ཟབ་མང་པོ་ཐོབ་པ། རྗེ་རིན་པོ་ཆེ་འདི་ཉིད་ཀྱི་སྐུ་དྲིན་ཁོ་ནའི་མཐུ་ཡིན་ཅིང་། ཁྱད་པར་དུ་མི་ལོ་བཅོ་བརྒྱད་སྐུ་ཞོག་ཏུ་ཕལ་ཆེར་བསྡད་ཅིང་། ལྟོ་གོས་ཆོས་གསུམ་གྱིས་བསྐྱང་བས་དྲིན་ཅན་རྩ་བའི་བླ་མ་དམ་པའོ། །རྗེ་འདི་ཉིད་ཀྱི་ཐུགས་ཟུར་སྤྱན་ཟུར་དང་འགལ་བ་ཕྲན་བུ་རེ་ནི་ཡུན་རིང་བས་མི་འཆོར་བའི་ཐབས་ཀྱང་མི་འདུག །ཤེས་བཞིན་བསམ་བཞིན་ཞབས་འདྲེན་དུ་བསམ་པའི་ལས་ནི་མངོན་གསུམ་ལྟ་ཞོག །རྨི་ལམ་དུ་ཡང་འཕྲེང་མ་མྱོང་ཐག་ཆོད་ཡིན་ཅིང་། གུ་རུ་རིན་པོ་ཆེའི་ཟབ་གཏེར་ཕྲན་བུ་འདི་དང་མཇལ་བའི་སྟབས་ཀྱིས། ཐབས་དང་རྟེན་འབྲེལ་སོགས་ཤིན་ཏུ་ཁག་པར་བྱུང་བས། རྒྱངས་ཙམ་ནས་གསོལ་བ་བཏབ་པ་ལེགས་སམ་སྙམ་པ་བྱུང་ཚེ་སྐུ་གཞོགས་སུ་མ་བསྡད་པ་ཅུང་མ་དགྱེས་སོང་ཀྱང་། མདོར་ན་གཏེར་ཆོས་འདི་ཁོ་ནའི་སྟབས་ཀྱི་རི་ཁྲོད་བྱས་པ་ལས། གཞན་གྱི་སྤྱོད་པ་ལོག་མིན་དུ་གྱུར་པ་མེད་ཚེ་བདག་ནི་འགྱོད་མེད་ཀྱི་ཁུལ་ཡིན་ནོ། །དེ་ཡང་རྗེ་རིན་པོ་ཆེ་འདི་ཉིད་ཀྱི་སྐུ་དྲིན་ལས་གོང་དུ་སྨོས་པའི་དབང་ལུང་དེ་དག་དང་། ཁྱད་པར་དུ་འཇའ་ཚོན་སྙིང་པོའི་དཀོན་མཆོག་སྤྱི་འདུས། གུ་རུ་རཏྣ་གླིང་པའི་ཐུགས་སྒྲུབ་ཞི་དྲག་གཉིས་ཡོངས་རྫོགས་ཀྱི་དབང་ལུང་ཆོས་སྐྱོང་མ་ནིང་ནག་པོ། གཟའ་བདུད་དུག་གི་སྤུ་གྲི །ཛམ་བྷ་ལ་དམར་པོ། །ཉང་རལ་གྱི་དྲག་པོ། །རྟ་ནག །རཏྣའི་རྟ་ནག །ཚེ་སྒྲུབ་རྡོ་རྗེ་འཕྲེང་བ་དང་ཚེ་སྒྲུབ་གསང་འདུས། སངས་རྒྱས་གླིང་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར། ནམ་མཁའ་འཇིགས་མེད་ཀྱི་རིགས་འཛིན་སྲོག་སྒྲུབ། བདུད་འདུལ་བའི་སྤྲུལ་སྐུ་སྙིང་ཐིག །མི་འགྱུར་རྡོ་རྗེའི་དཔལ་རྣོ་པྲ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད། རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོའི་འགྲེལ་བ་ཤིང་རྟ་ཆེན་མོ། །སྤྱི་དོན་ལེགས་བཤད་རྒྱ་མཚོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་རབས། པདྨ་བཀའི་ཐང་ཡིག །གཏེར་སྟོན་རྡོ་རྗེ་གླིང་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྒྱུད་གསང་བ་སྙིང་པོ་སོགས་ཀྱི་དབང་ལུང་ཡོངས་རྫོགས་སུ་ཐོབ་ཅིང་། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་མོ་ཆེ་འདོན་ཆོག་སྐོར་ཀྱི་ལུང་ཞི་ཁྲོའི་དབང་བསྡུས་པ་དང་གཏོར་དབང་། དགོངས་འདུས་ཀྱི་འདོན་ཆོག་སྐོར་གྱི་ལུང་འདི་རྣམས་ཐོར་བུའི་སྐོར་ལ་ཐོབ། གཅོད་ཟབ་དོན་ཐུགས་ཀྱི་ཉིང་ཁུའི་དབང་ལུང་ཡང་ཐོབ། ཁྱད་པར་ཟབ་པ་ལས་ཀྱང་ཆེར་ཟབ་པ་བཀའ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་དབང་བཞི་ཡོངས་རྫོགས་ཁྲིད་མོ་ཆེ། ལུང་དང་བཅས་པ་སྨར་ཁྲིད་དུ་ཐོབ་པས་སྐུ་དྲིན་ནི་བསྐལ་པའི་བར་དུའང་འཁོར་ཐབས་མེད་པ་ཞིག་ཡིན་ནོ། དེ་ཡང་ནགས་ཤོད་པའི་མི་མང་པོ་དང་ཡུལ་རྡོ་བའི་རྫོང་གི་ཀྲུས་ལ་སོགས་ཀྱིས་འདིས་ཁམས་སྲིང་མོ་རྫོང་གི་གཏེར་སྟོན་ཡོད་མདོག་ཁ། དེ་ན་ནི་བསྐལ་པའི་མར་ཞབས་ལ་སླེབས་ཐག་ཆོད་རེད་ཨ་ག་ཨ་ག་སོགས་ཟེར་མཁན་མང་པོ་བྱུང་བས། ངས་དུད་འགྲོའི་རྒྱལ་ཁམས་འདི་ཕྱོགས་ལ་ཟབ་ཆོས་འདིའི་སྐད་ཆ་ཙམ་བྱེད་པ་ཡང་རབ་ཏུ་ཕང་བསམ་པ་ཡང་ཡང་ཤར། ཡུལ་ནགས་ཤོད་པའི་གདང་ཆང་དཀའ་བཅུ་པས། གླིང་གེ་སར་ལ་སྐྱབས་ཡུལ་ཡོད་དམ་མེད་གསུངས་ཚེ། གེ་སར་འདི་མདོ་རྒྱུད་སོགས་ནས་སངས་རྒྱས་གོང་མའི་ལུང་བསྟན་ལ་ཡང་ཆེར་ཐེབས་མེད་པ་འདྲ། དེ་ཚེ་བཟང་ངན་སྨྲ་བ་དཀའ་ཡང་། གེ་སར་གྱི་སྒྲུང་འདི་ལྷ་བསྙེན་བླ་མ་བསྟེན་པ་སོགས་གང་ཡང་མི་དགོས་པར་ཐ་མལ་པ་མང་པོའི་ཤེས་རྒྱུད་ལ་འབབས་འདུག་པ་དང་། དེར་མ་ཟད་སྒྲུང་རང་གི་ཚིག་དོན་ལའང་། བྱ་རྒན་ཧག་ཤ་གྲེ་བ་གཙུག་ན་ཀླུས་ལྷ་ཡུལ་དུ་ཕོ་ཉ་ལ་བཏང་ཚེ། སྟེང་ཚངས་པ་ལྷའི་ཡུལ་ནས་ལྷ་བུ་ཏོག་དཀར་འཇིག་རྟེན་མི་ཡུལ་དུ་བཏང་ངོ་སྐད་དང་། ཚངས་པ་ལྷའི་ཕོ་ཉ་ཡིན། གེར་མཛོ་གཉན་གྱི་བརྫུས་བུ་ཡིན། །གཙུག་ན་ཀླུ་ཡི་བང་ཆེན་ཡིན། ཞེས་སོགས་ཚིག་དོན་གསལ་ཚེ། ལྷ་ཀླུ་གཉན་སོགས་སྲིད་པ་འགྲོ་དྲུག་གི་གཙོ་བོ་ཁོ་ན་སྟེ། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་ལས་མ་འདས་པ་དང་སོ་མཚམས་པ་སོགས་གསུངས་པའ་ིབྱེ་བྲག་རྒྱ་ཆེར་མདོ་རྒྱུད་རྣམས་ནས་གསལ་བའི། སོ་མཚམས་པ་ཙམ་ལའང་མི་གནས་ཚེ། སྐྱབས་ཡུལ་དུ་འཛིན་པ་ལྟ་ཞོག །མདོ་སྡེ་ལས་བརྒྱ་པ་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ན་ཡང་། ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྟུང་། མནར་མེད་མེ་ཡིས་བུད་ཤིང་གྱུར་ལ་ལྟོས། །ཞེས་གསུངས་པ་དང་། མདོ་སྡེ་དཀོན་མཆོག་ཏ་ལ་ལས། ཚངས་པ་དང་བརྒྱ་བྱིན་ལྷ་ཆེན་པོ་ལ་སྐྱབས་སུ་སོང་བ་རྣམས། བྱང་ཆུབ་ཀྱི་ལམ་ལས་རབ་ཏུ་གོལ་བས། དེ་ནི་ཕྱི་རོལ་པའོ། །ཞེས་དང་། སྡོང་པོ་བརྒྱན་པ་ལས། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ནས། འཇིག་རྟེན་པའི་ལྷ་ལ་ཕྱག་མི་འཚལ་ཞེས་གསུངས་པའི་འཇིག་རྟེན་པའི་ལྷ་ནི། དེ་སྲིད་པའི་ལྷ་དང་རང་རང་གི་ཡུལ་ས་གཞི་བདག་ཡན་ཆོད་དེ། དེས་ན་ཚངས་པ་བརྒྱ་བྱིན་ལྷ་ཆེན་མ་ཧཱ་དེ་ཝ་སོགས་ལ་སྐྱབས་ཡུལ་མེད་ན། གླིང་རྗེ་གེ་སར་རྒྱལ་པོ་དེ་རྣམས་ཀྱི་སྤྲུལ་པ་དང་ཕོ་ཉར་གྲགས་ཚེ་སྐྱབས་སུ་འགྲོ་བའི་ཡུལ་ནི་ངེས་པར་མིན་ཐག་ཆོད་ཅིང་། འཇིག་རྟེན་པའི་སྐྱེ་འགྲོས་ཉི་ཆོད་ཀྱི་འདུ་རར། གཏམ་ཉན་པ་དང་ཐུགས་རྗེ་ཆེན་པོའི་གསུང་གིས་དགེ་བའི་མཚམས་སྦྱོར་བྱེད་པ་ཐ་མལ་པའི་སྤྱོད་ལམ་གྱི་ནང་ནས་ཡར་ལྡན་གཅིག་ཏུ་གཏོགས་སམ་སྨྲས་ཚེ། ཕྱོགས་ཀྱི་སྒྲུང་མཁན་མང་པོས་ཁ་ཆེར་གཏོང་བ་བྱུང་ངོ་འདི་ཀུན་སློང་གི་ཚིག་ཡེ་ནས་མིན་ཅིང་། འདྲ་ལུགས་སྨྲས་པ་ལ་སུ་མགུ་ཡང་རུང་མ་མགུ་ཡང་རུང་ངོ་། སྐབས་ཤིག་གི་ཚེ་འགྱུ་བ་ལ་གཏེར་ཆོས་ཀྱི་སྐོར་འདི་རྣམས་རྒྱལ་བ་ཐམས་ཅད་མཁྱེན་པ་ལ་འབུལ་དགོས་པ་ཨེ་ཡིན། སངས་རྒྱས་ཀྱི་བསྟན་པ་སེམས་ཅན་གྱི་བདེ་སྐྱིད་སོགས་ལ་ཡང་ཕན་ཐོགས་རྒྱུ་ཨེ་ཡོད་བསམ། ཡང་མནོ་བསམ་ཞིག་ལ་སྔོན་གྱི་གཏེར་སྟོན་ཞིག་པོ་གླིང་པ་དང་བདུད་འཇོམས་པ་སོགས་ཀྱང་གཏེར་སྟོན་ཡིན་ངེས་ལ། དམ་ཚིག་སེལ་ངན་པ་བྱུང་བའི་གཏམ་ངན་ལ་ཉན་ན། ད་དུས་བསྐལ་པའི་མར་ཞབས་འདིར་མི་འདོད་པའི་མཛད་ཕྲིན་འདྲ་ཅི་ཡོང་ཡང་ཆ་མེད་བསམས་ཏེ་བློ་ནང་དུ་བསྡུས་ཤིང་། བླ་མ་དམ་པའི་གསུང་ཡིད་ལ་བཅགས་ཀྱང་རྟེན་འབྲེལ་གྱི་གནད་ཟུར་ཀྱང་ཉམས་ཤོར། དེ་ནས་རྒྱ་གར་རྩྭ་མཆོག་གྲོང་དུ་འགྲོ་བར་བསམས་ཀྱང་བར་ཆད་སོགས་ཅི་ཡོང་ཆ་མེད་བསམས་པས་གཏེར་གསར་སྐོར་གྱི་དབང་ལུང་གཅིག་མ་སོང་ན་ཡིག་ཆ་སྟོང་པར་སོང་དོགས་ཀྱིས་འདུས་པ་བརྒྱ་དང་བཅོ་ལྔ་ལ་དབང་ལུང་ཚང་མ་ཕུལ་ནས་བདག་གཞན་དགེ་བ་ཐུན་མོང་གི་བསམ་པ་འཆང་བཞིན་བསྒྲུབ། ཕོ་མོ་སུམ་ཅུ་སོ་ལྔ་བཅས་ལྟོ་གོས་ཀྱིས་བསྐྱངས་ཏེ་རྒྱ་གར་རྩྭ་མཆོག་གྲོང་དུ་སོང་བས་སྒྲོད་ལམ་དཀའ་ཞིང་དགེ་འབྲུག་གི་ཆགས་སྡང་ཆེ་བ་དང་། མིག་དུག་ལག་དུག་ཚད་པ་སོགས་རྐྱེན་ཆེ་ཡང་། སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེའི་ཐུགས་རྗེ་དང་། རྩ་བའི་བླ་མའི་སྐུ་དྲིན་གྱིས་མི་གཅིག་མ་གཏོགས་ཉེས་སྐྱོན་མ་བྱུང་ཞིང་། འབྲུག་པས་འཇིགས་ཚུལ་ཆེ་ཡང་རྐྱེན་ངན་ལ་མ་ཤོར་བར་གནས་རྟེན་རྣམས་མཇལ་ཞིང་འཁོར། གསང་རྒྱ་མ་གྲོལ་བས་བཤད་ཐབས་མ་བྱུང་བ་མ་གཏོགས་མོན་ཕྱོགས་ལ་འགྲོ་དོན་ཆེ་ཉམས་ཙམ་བྱུང་། རང་སྐལ་གྱི་རྟེན་འབྲེལ་ཕྲན་བུ་ལག་ཏུ་བབ། བླ་མ་རིན་ཆེན་རྡོ་རྗེས་མོན་གཟིག་ཚང་རོང་གི་དགོན་པ་ཕུལ་ཡང་འཛིན་སྐྱོང་མ་བྱུང་། རིགས་འཛིན་མཆོག་གི་སྤྲུལ་སྐུ་ལོ་གྲོ་བཀྲ་ཤིས་མཐོང་སྨོན་དུ་ཕེབས་རྒྱུ་ཡིན་པས་ཟླ་གཅིག་འཐེན་སྡོད་བྱས་ཀྱང་མཇལ་མ་ཐུབ། སྔོན་རྟེན་འབྲེལ་ཉམས་པའི་རྐྱེན་ཡིན་འདྲ། དེ་ནས་གྲུབ་ཐོབ་རིན་པོ་ཆེ་མཇལ་དུ་སོང་ཀྱང་ཁམས་སྨད་དུ་ཕེབས་པས་མཇལ་མ་ཐུབ། རྗེས་ལ་ཚ་དྲག་ཏུ་བྱས་སོང་བས་སོག་རོང་དུ་འབྱོར་ཡང་ལོ་གསུམ་ཨ་དྲུང་བྱེད་ནས་འགྲོ་དགོས་གསུངས་པས་ཐབས་མ་བྱུང་། དེ་ནས་ཚེ་མཚམས་བྱེད་ནས་སྲིང་མོ་རྫོང་དུ་སྡོད་པར་ཐག་བཅད། སླར་རིན་པོ་ཆེས་གཉེར་པ་བཀའ་ཤོག་བཅས་གནང་བྱུང་བ། བེ་རི་གཡུལ་རྒྱལ་ཚང་ནས་ལམ་བྱས་སོང་བས་རིན་པོ་ཆེ་དང་མཇལ། རྟ་ནོར་ལྔ་བཅུ་གླ་རྩི་དེ་མཉམ། བརྟན་བཞུགས་སུ་དམིགས་པ་གུར་མོ་ཆེ་བཞུགས་ཁྲི་བླ་བྲེ་སོགས་ཕུལ། དེ་ནས་དར་རྩེ་མདོར་སོང་བ་ས་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་འབྱོར། ཚེས་བཅུ་བཏང་བས་ཆར་ཆེན་པོ་བབས་འབྲུག་གྲགས་གློག་འཁྱུག་པ་སོགས་བྱུང་བས་ལྕགས་ལ་དཔོན་དང་ས་དཀར་འགོ་པ་སོགས་གཉིས་འཛིན་གྱི་རྟོག་པ་ཟོས་འདུག །དྲི་བ་བྱུང་བར་མདོ་སྡེ་སྟག་སྣའི་ནང་དུ་ལྟོས་སྨྲས་དེ་ནས་གླང་ཆེན་ལ་འགྲོ་བསམས་ཀྱང་ཟེ་རེ་བཀའ་ཆེན་པས་ལམ་བཀགས་ཏེ་མ་བཏང་། སླར་མེ་ཉག་རི་ཁུག་དགོན་པར་དགུན་ཐོག་བསྡད། རི་ཁུག་བླ་མ་ཤཱཀྱ་འོད་ཟེར་གཞན་དགོན་ལག་མང་པོའི་བླ་མ། དེ་ཉིད་ཀྱི་འདུས་ཚོགས་བདུན་བརྒྱ་དང་བཅས་པར་གཏེར་གསར་གྱི་དབང་ལུང་ཁྲིད་སོགས་ལ་ཞབས་ཕྱི་བསྒྲུབས། ལི་ཐང་དུ་བཀའ་འགྱུར་རིན་པོ་ཆེ་བཞེངས། རྟ་ནོར་མཚལ་སོགས་རང་ལ་གང་ཡོད་སྦས་བསྲི་མེད་པར་སྐུ་ཡོན་དུ་སྔ་ཕྱིའི་བཀའ་འགྱུར་ཚར་གསུམ་གྱི་ཡོན་ཕུལ། ཟླ་རྒྱུད་དུ་ཟེ་ཆེན་ཨོ་རྒྱན་ཆོས་རྫོང་རི་ཁྲོད་བཏབས། གླིང་བར་པས་སྦྱིན་བདག་བྱས། རི་འགུལ་དགོན་སྒ་སྲན་གྱི་ས་ཞིང་སོགས་ཕུལ་ཀྱང་ཚབ་རྩ་བླ་མས་བར་ཆད་བྱས་ཏེ་ལམ་འགྲོ་མ་བྱུང་མི་རང་གང་ལའང་སྐྱོན་ཅན་བྱུང་སོང་། སྔོན་གྱི་སྨོན་ལམ་བཟང་པོའི་མཚམས་སྦྱར་འབྱོར། ཕྱི་ནང་གི་བར་ཆད་ཆེ་ཡང་རྐྱེན་ངན་ལ་མ་སོང་བར། སྡེ་དགེ་སངས་རྒྱས་བསྟན་པས་སྦྱིན་བདག་མཛད་ཅིང་ཤར་སྟག་མོ་སྒང་། མོལ་ཁྱི་དགོན། མདོ་ལེ་མགོ །རྭ་མགོན་དགོན། ནམ་གོང་དགོན་སོགས་སྦྱོར་འཇག་གནང་ཞིང་ལེགས་པའི་ཡོན་ཏན་དང་ལྡན་པ་བྱུང་། དེ་ནས་སྲིང་རྫོང་གི་སྦྱིན་བདག་རྣམས་དང་འཕྲད་འདོད་ཀྱི་སྟོད་ཕྱོགས་ལ་འོངས་པས་སོག་ཟམ་ཁར་སྐུ་ཞོགས་གྲ་ཚང་གི་སྔགས་རམ་པ་ངག་དབང་དཔལ་མགོན་དང་། གཞོན་ནུ་བསྐལ་བཟང་གཉིས་ས་གནད་ཀྱི་བརྟེན་འབྲེལ་གསོ་བར་ཕེབས་པ་དང་མཇལ་བས་གང་ཅིའི་དོན་ཆ་ཞིབ་རྒྱས་བྱུང་། སླར་ལྷ་ས་གཞུང་སྐུ་ཞབས་ནས་མདོ་ཁམས་སྤྱི་དང་བྱེ་བྲག་མཆོད་རྟེན་དཀར་པོ་སོགས་གསོ་དགོས་ཀྱི་བཀའ་ཕེབས་པས། མཆོད་རྟེན་དཀར་པོའི་རྒྱ་ཆེ་བའི་གནས་ཚུལ་ཞུ་བར་སྐུ་ཞོགས་སུ་འགྲོ་དགོས་བྱུང་བ། མཆོད་རྟེན་སང་ཕོད་བཞེངས་ཆོག་སང་ཚེས་བརྒྱད་ལ་འབྲས་སྤུངས་ཚོགས་ཆེན་དབུ་ལ་སྐུ་ཞོགས་རྩེ་ཕེབས་པ་དང་། ཆོས་སྐྱོང་ཆེན་པོ་ཡང་སྐུ་ཕེབས་གནང་རྒྱུ་ཡིན། གཟའ་སྐར་ལེགས་པས་དེར་ཕེབས་ཤོག་གསུངས་དོན་བཞིན་བྱས་སོང་བར་སྐུ་རིན་པོ་ཆེ་རྩེ་ཞོལ་མཇལ་རྟེན་དང་། ཆོས་སྐྱོང་ལ་སྙན་དར་ཕུལ། རིག་འཛིན་འཇམ་དབྱངས་གྲགས་པ་དང་ཞིབ་རྒྱས་བྱུང་། ཚོགས་ཆེན་མཇལ་དེ་ནས་ལྷ་ས་ན་ཞག་པོ་གསུམ་ལ་བླ་མ་བོར་ཟེར་བྱུང་ཞིང་། གནས་མོས་བླ་མ་མཚན་ལ་བཀླག་འགྲོ་བའི་དོན་ཅི་ཡིན། ངེད་ཚོ་ལ་སྡེ་པ་གཞུང་ནས་བཀའ་བཀྱོན་བརྒྱག་ཡོང་ཟེར་བས། གཞུང་གི་ཁག་འདི་ནས་ཁྱག །ང་ཆང་འཚོང་མིའི་ས་ལ་ཆང་འཐུང་དུ་འགྲོ་བ་ཡིན་སྨྲས་པས། ཅི་ཆང་འདི་ནས་བཞེས་ཆོག་པ་ལ་ཟེར་བ་སོགས་མང་པོ་ལབ་འདུག །ལར་དྲུང་འཁོར་གྲག་རིམ་འགའ་ལ་བཀའ་བཀྱོན་ཕྲན་རེ་བྱུང་ཟེར་བ་དང་། རྒྱལ་པོའི་གཟིམས་ཆུང་དུ་ཕྲ་མའི་ཡིག་འཁྱལ་བྱུང་བ་སོགས་ཀྱི་སྟབས་བདེ་ཞིག་མེད་ཉམས་འདུག་ཀྱང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་དྲེགས་པ་ཟིལ་གནོན་དང་། ལྷ་ཆེན་ཚིག་རྒྱུན་གྲ་པ་ལས་བྱུང་ཀྱང་། དབང་སྐོར་དགོས་གསུངས་པ་དང་། བླ་མ་ལགས་བཏུད་ཕྱི་སྐྱོན་བྱུང་ཞེས་ལན་གཉིས་གསུངས་བྱུང་བ་དང་། ཁ་བཏགས་བཟང་ཡུག་དང་བཅས་ཕྱག་ནས་བསྩལ་བཞིན། པདྨ་ཐང་ཡིག་གི་ལུང་བསྟན་དུས་བབས་བཞིན་དུ་འདུག་ཚེ་བསྟན་པ་དང་སེམས་ཅན་ལ་ཨེ་ཕན་དུ་རེ་བ་ཡིན་པས། ས་གནད་གསོ་ཐབས་རབ་གནས་མངའ་གསོལ་མནན་རྫས་སོགས་ལ་ལེ་ཤོར་དང་ཞལ་ཕྱིར་མ་འགྱུ་བ་མཁྱེན་མཁྱེན་གསུངས་ཤིང་། གནང་ཆའི་སྐོར་ཕྲན་བུ་གནས་ཚང་ལ་འཚོང་རྒྱུའི་རྣམ་པར་བསྐྱལ་བྱུང་། དེ་ནས་ཁམས་ཀྱི་མཆོད་རྟེན་ལྷ་ཁང་ཕྲན་བུའི་སྐོར། མདོ་ཁམས་མཆོད་རྟེན་མཐོང་གྲོལ་གྱི་ཞབས་ས་རྡོའི་འོག་ལ་མཆོད་རྟེན་དཀར་པོ་སོང་འདུག་པས་ས་རྡོ་བསལ་ནས་བཏོན། བསྐལ་བཟང་ལྷ་ཁང་བདུད་འདུལ་མཆོད་རྟེན་གཉིས་བཞེངས། སྡེ་དགེའི་ནང་དུ་འབྲི་རྒྱལ་རྡོ་རྗེ་བློ་གྲོས་ཀྱི་མཆོད་རྟེན་ཞིག་གསོས་བྱས། གླིང་རྡོ་རྗེ་ལའི་མཆོད་རྟེན། གླང་ཐང་མཆོད་རྟེན་སྔ་ཕྱི་གཉིས་ལྷ་ཁང་བཅས། རྫ་སྙིང་ཐང་གི་བཀའི་མཆོད་རྟེན་ནག་པོ། ལ་གོང་རྟ་རྒྱུག་ཐང་གི་མཆོད་རྟེན་དང་། ཆོས་སྒར་མཆོད་རྟེན། ཁྱུང་པོ་གསེར་ཡིས་ཀྱི་མཆོད་རྟེན། རྨ་ལ་བཞིའི་མཆོད་རྟེན། རོང་པོ་རྗེས་རོག་གི་མཆོད་རྟེན། གོང་དུ་ཙ་དག་ནང་གི་མཆོད་རྟེན། རྔོག་རྩེའི་མཆོད་རྟེན། རྡོ་བ་བཤར་རྩའི་མཆོད་རྟེན། གསེར་ཁུང་མཆོད་རྟེན། གིས་ཀྱི་མཆོད་རྟེན། ནགས་ཤོད་སྦུས་མདའི་མཆོད་རྟེན། མོ་བའི་མཆོད་རྟེན། གཉག་མཐའི་མཆོད་རྟེན། རི་སྤུན་རེ་བ་ཐང་གི་མཆོད་རྟེན། ནགས་ཤོད་ཐང་མགོའི་མཆོད་རྟེན། ཤག་གི་མཆོད་རྟེན། བོང་གི་མཆོད་རྟེན་དཀར་དམར་གཉིས། མེ་བརླག་ཐང་གི་མཆོད་རྟེན། སོག་གི་མཆོད་རྟེན་ནག་འབལ། སྲིང་རྫོང་མཆོད་རྟེན་ལྷ་ཁང་། རེ་ཤོད་ཀྱི་མཆོད་རྟེན་དང་། རེ་རྔུ་སུམ་མདོའི་མཆོད་རྟེན། ལྕམ་མདའི་མཆོད་རྟེན། རྒྱལ་ཤོད་བན་སྒར་གྱི་མཆོད་རྟེན། ང་ཡ་བྱ་མདའི་མཆོད་རྟེན། འབྲོང་ཐང་མཆོད་རྟེན། རྒྱལ་རྔུ་སུམ་མདོའི་མཆོད་རྟེན། ས་ཤོད་མཆོད་རྟེན། འབིས་ཡུལ་མཆོད་རྟེན། ཐུས་འདབ་མཆོད་རྟེན། ལྟོ་བདེའི་མཆོད་རྟེན། རྨེ་རྔུ་སུམ་མདོའི་མཆོད་རྟེན། སྒོ་ཁྲི་ཐང་གི་མཆོད་རྟེན། གསུ་ར་ལམ་གཤིས་ཀྱི་མཆོད་རྟེན། རྟ་མདའི་ལྷ་ཁང་མཆོད་རྟེན། རྨེ་ཤོད་མཆོད་རྟེན། ས་ཤོད་ལྷ་རྩེའི་མཆོད་རྟེན། གླ་རོང་ལྷ་ཁང་མཆོད་རྟེན། གཟེ་མདའི་མཆོད་རྟེན། གཞོགས་གཡས་ཐང་གི་ལྷ་ཁང་མཆོད་རྟེན། རག་ཡུལ་ལྷ་ཁང་མཆོད་རྟེན། གསུ་རྔུ་སུམ་མདོའི་མཆོད་རྟེན། གཤེ་མདོའི་མཆོད་རྟེན། མཆོད་རྟེན་ཉག་གི་མཆོད་རྟེན་ལ་སོགས་བོད་ཁམས་བདེ་ཐབས་ཀྱི་ལྷ་ཁང་མཆོད་རྟེན་རྣམས་བཞེངས་པ་དང་ཞིག་གསོས་བྱས། བསྐོས་མི་ཕལ་ཆེར་དང་སྡེ་ཕལ་ཆེར་མི་འདོད་པ་བྱེད་འདུག་པས་ཞིབ་ཚགས་ཆེར་མ་བྱས། གོང་གི་བཀའ་ཕྱོགས་ལྷུང་ལ་མ་ཤོར་ཙམ་བྱས་པས་སྡེ་བརྒྱད་མང་པོ་འདུ་ས་ན་ཉམས་སྣང་ལ་སླེབས་པས། ད་ལམ་གྱི་མི་ཐོག་འདིར་ས་ལས་ཆེ་བས་ཁེངས་ལོག་ཨེ་ཐུབ་བལྟ་ཟེར་གཏམ་འདུག་སྣང་མང་པོ་བྱུང་། མི་ནོར་གང་ལ་ཡང་ནད་མུག་ཆུང་ཉམས་དང་ལོ་ཆུ་སོགས་ནི་ལེགས་པོ་བྱུང་སོང་། སྤོ་བོ་ན་རོལ་པ་སྐྱ་བདུན་གནས་རི་འདུག་པས་དེའི་མདུན་ཡུན་རིང་སྡོད་གནས་བྱས་པས། མཐའ་དམག་མི་འབོ་བ་ཁྱེད་ཀྱིས་བྱས་པ་ལེགས་ཏེ་སྐབས་གཅིག་བཤོལ་ཀྱང་ཕུགས་མི་བདེ་བསམ་ཟེར་སྣང་ཡང་ཉམས་སྣང་ལ་བྱུང་། དེ་ནས་དབུས་སུ་འཁྲུག་ཟིང་ལང་བས་སྐུ་ཞབས་སུ་ཡང་བཅར་མ་ནུས་པར་འགྱང་བའི་ཚེ་སོག་ཡན་དུ་ར་ཇའི་སང་ཡིན་ཟེར་གཅིག་གིས་སྐྱི་ཤོད་པ་དང་སེམས་དཔའི་མི་སྣ་བཅས་ཉི་མ་གྲགས་ཀྱིས་མཆོད་རྟེན་བརྒྱབ་པའི་འབའ་དགོས་ཟེར་རྟ་མཛོ་བཅོ་བརྒྱད་ཤོར། ཚིག་འཁྱར་འབེར་གཏམ་ཕྱི་ནང་མང་པོ་ལས་གྲྭ་ནང་རྡོར་གླིང་སོགས་ཀྱི་ཉེས་ཐོ་མང་བས་སེམས་གཡེང་ལྷོ་ཕྱོགས་ལ་སོང་བས། གུ་རུ་རྡོ་རྗེ་རྒྱལ་པོ་ཁོང་གི་སྐུ་མདུན་ན་བཅར་འདུག་པས། ལྷོ་ལྟ་མདའི་མཆོད་རྟེན་སོ་སོ་ཚང་མས་བཤིགས་ནས་ལིང་ག་མདུན་ན་ཁྱེར་འདུག་པར་གཟིགས་རྟོག་མཛད་ནས། བསྟན་པའི་སྤྱི་རིམ་རེད། མཆོད་རྟེན་བཤིགས་མཁན་ལ་རྩད་གཅོད་དགོས་ན་གྱིས་ཆོག་གི་བཀའ་གནང་འདུག །རོག་དོམ་ནམ་མཁའ་འོད་གསལ། སྡེ་དགེ་རིན་པོ་ཆེ། བྱང་རྟ་རྣ། བླ་རུ་ཆོས་རྗེ། སྤོམ་སྣེ་བྲག་དཀར་སོགས་ཀྱི་བང་ཆེན་སྔ་ལོ་དང་འདི་ལོ་བཅས་བྱུང་བར་སྒྱུ་ལུས་ཞན་པ་དང་། འགྲོ་ལམ་ལ་འདོམས་པ་སོགས་ཀྱིས་འགྱངས་ཆ་ཞུས།། །།


previousགཏེར་ཆེན་རང་རྣམ་དྲང་སྲོང་མ།next