Nitartha Digital Library
Tibetan
 
previousརྔ་ཡབ་གླིང་པའི་ཆོས་བྲོ།next

རྔ་ཡབ་གླིང་པའི་ཆོས་བྲོ།

འདི་ན་རྔ་ཡབ་གླིང་པའི་ཆོས་བྲོ་ཕྲན་བུ་ཞིག་བཞུགས་སོ། །བདག་སྤྲང་བན་འགྲོ་འདུལ་གླིང་པ་འམ། །ཁམས་ཞིག་ཉི་མ་གྲགས་པ་ང་། །སྔོན་གྱི་སྨོན་ལམ་གྱི་དབང་གིས་མཐུས་བསྐུལ་ཏེ། །རབ་རིབ་རྨི་ལམ་བར་དོའི་སྣང་ཤེས་ཀྱི་ངང་ནས་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་ཕྱིན་པའི་ཉམས་བྱུང་ཚེ། རང་གི་ལས་ཀྱིས་མཐུན་སྣང་གང་ལ་གང་འདུལ་དུ། རྒྱལ་བ་གཉིས་པ་པདྨ་འབྱུང་གནས་ཀྱི་ཐུགས་རྗེའི་སྤྲུལ་པ་ལས་གྲུབ་པར། མཐོང་སྣང་གི་རྣམ་པ་རྣམས་ནི་དག་སྣང་གི་གཞུང་ལྟར་དུ་ཡིན་ཅིང་། ཟུར་སྣང་གི་ཡི་གེ་འདི་ཉམས་མཚར་དུ་བྲིས་པའོ། །དེ་ཡང་རྔ་ཡབ་པདྨ་འོད་ཀྱིས་སྤྲས་པའི་གཞལ་ཡས་ཁང་ཆེན་པོ་དེའི་ནང་དུ། སྒྲུབ་ཆེན་ཡོངས་རྫོགས་ཀྱི་མཇུག་བསྐྱང་བའི་རྗེས་སུ། རིགས་འཛིན་དཔའ་བོ་ཉེར་ལྔ་དང་། མཁའ་འགྲོ་གྲངས་མེད་པ་མང་པོས་གླུ་བྲོ་གར་སོགས་ཀྱི་ཉམས་སྣང་མང་པོ་བྱུང་བའི་ནང་ནས་ཆོས་བྲོ་མཆོད་འབུལ་འདི་ཟུར་གསལ་དུ་བཀོད་པའོ། །དེའི་ཚེ་དཀྱིལ་འཁོར་གཉེན་པོ་དེའི་བསྡུ་ཆོག་ཀྱང་མཛད་སོང་། བཟའ་བཏུང་གི་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བཤམ་ཞིང་ལས་བྱང་ཚར་གཅིག་བཏང་བའི་མཇུག་ཏུ་ཚོགས་ཀྱི་འཁོར་ལོ་བསྐོར་སོང་། ཚོགས་ཀྱི་འཁོར་ལོ་དེའི་བཟའ་བ་རོལ་ཞིང་། བཏུང་བའི་བདུད་རྩི་ལ་མཚན་ལྡན་གྱི་ཐོད་པ་ཞིག་གི་ནང་དུ་ཞལ་སྐོར་མཛད་ཅིང་ཆོས་བྲོ་མང་པོ་ཞིག་འཁྲབ་སོང་བའི་སྣང་ཡུལ་དུ་དྲན་པ་རྣམས་ནི་ཐོ་རམ་པ་འདི་ལྟར་རོ། །དེ་ནས་གླུ་བྲོ་འཁྲབ་པའི་རིགས་འཛིན་ཕོ་མོ་ཅི་མང་ཞིག་འདུག་པའི་ནང་ནས། དགེ་སློང་ནམ་མཁའི་སྙིང་པོས་དབུ་གཙོས་པས། དང་པོ་བྲོ་ལན་གསུམ་གཡས་སུ་བརྒྱབ་སོང་དེ་བཞིན་གཡོན་དུ་ཡང་བསྐོར་སོང་། དེ་ནས་ཚིག་ཏུ་ཐོས་པར་འཚོ་རྒྱལ་གྱི་ཞལ་ནས། རིགས་འཛིན་འདུས་པའི་ཚོམ་བུ་དེ་ཡར་ཤོག་ཡར་ལ་ནི་ཤོག་དང་། འོད་གསལ་ཆོས་སྐུའི་རང་གདངས་དེ་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་། རྒྱལ་བ་ཀུན་གྱི་ཡབ་མེས་དེ་གདོད་མའི་ཀུན་ཏུ་ཡི་བཟང་པོ། །རིགས་འཛིན་རོལ་པའི་དཀྱིལ་འཁོར་དེ་བདེ་མཆོག་དབང་གི་ནི་ཕོ་བྲང་། །ད་ལྟའི་རྨད་བྱུང་དུས་ཆེན་འདི་བསྐལ་པ་ནི་བཟང་ལགས་སོ། །གླུ་དང་བྲོ་ཡི་མཆོད་པ་འདིས་རྩ་གསུམ་གྱི་ལྷ་ཚོགས་དེ་མཆོད་དོ། །གཞལ་ཡས་ལྷུན་གྲུབ་བཀོད་པ་འདི་མངོན་པར་དགའ་བ་ཡི་ཞིང་ཁམས། །རྫོགས་པའི་སངས་རྒྱས་གཟུགས་སྣང་འདི་ལོངས་སྤྱོད་རྫོགས་པ་ཡི་སྐུ་མཆོག །སྒྱུ་འཕྲུལ་འབུམ་གྱི་སྣང་ཚུལ་འདི་རིགས་འཛིན་འབུམ་གྱི་ནི་དཀྱིལ་འཁོར། །ད་ལྟའི་དུས་བཟང་ཕུན་ཚོགས་འདིར་གླུ་བྲོ་ལ་བསྐྱོད་ནས་ཤོག་ཅིག །སྣང་སྲིད་གདོད་ནས་དག་པ་དེ་ཟངས་མདོག་དཔལ་རི་ཡི་གཞལ་ཡས། །སྐུ་གསུམ་གར་གྱི་དབང་ཕྱུག་དེ་པདྨ་ལས་འཁྲུངས་ཀྱི་སྤྲུལ་སྐུ། །ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་དེ་སྐལ་ལྡན་དག་པ་ཡི་སྣང་ངོ་། །སྔོན་ལས་སད་པའི་གླུ་བྲོ་འདི་རང་རིག་བླ་མ་ལ་འབུལ་ལོ། །ཞེས་དང་ཡང་དགེ་སློང་ནམ་མཁའི་སྙིང་པོའི་ཞལ་ནས། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ། །གསུམ། བདེ་བ་ཐབས་ཀྱི་རང་བཞིན་དང་། །གཡས་ཀྱི་བྲོ་བརྡུང་གཡས་སུ་འཁྲོབ། །གསལ་བ་ཤེས་རབ་རང་བཞིན་དང་། །གཡོན་གྱི་བྲོ་བརྡུང་གཡོན་དུ་འཁྲོབ། །བདེ་གསལ་མི་རྟོགས་ཉམས་མྱོང་དང་། །བླ་མེད་བྲོ་བརྡུང་དབུས་སུ་འཁྲོབ། །རྡོ་རྗེ་འཆང་གི་ཕྱག་རྒྱ་བསྒྱུར། །རྡོ་རྗེ་མི་ཤིག་བྲོ་གཅིག་བརྡུང་། །ཞེས་དང་། སངས་རྒྱས་ཡེ་ཤེས་ཀྱི་ཞལ་ནས། སྣང་བའི་ཁྲོམ་ཚོགས་བྲོ་བརྡུང་ལ་བྱོན་དང་། །རིག་པའི་བུ་ཆུང་ལྟད་མོ་ལ་ཕེབས་ཡོད། །རིགས་འཛིན་རྒྱ་མཚོས་བྲོ་ར་ཞིག་ཆོས་དང་། །བོད་ཀྱི་བནྡེ་ལྟད་མོ་ལ་བྱོན་འདུག །མ་དང་མཁའ་འགྲོས་ཆོས་བྲོ་ཞིག་འཁྲོབ་དང་། །གསང་སྔགས་གཏེར་སྒྲོམ་སྐལ་ལྡན་དང་འཕྲད་འདུག །རྔ་ཡབ་གླིང་པས་ཤིས་པ་ཞིག་བརྗོད་དང་། །མཐའ་འཁོབ་ཁམས་ན་ཆོས་མཛོད་ཅིག་བརྡོལ་སོང་། །བཀྲ་ཤིས་དང་པོ་ཆོས་ཀྱི་དབྱིངས་ཀྱི་བྲོ། །རྟོགས་མེད་ཆོས་སྐུ་ཀུན་གྱི་མཐོང་བར་ཤོག །བཀྲ་ཤིས་གཉིས་པ་འགགས་མེད་ལོངས་སྐུའི་བྲོ། །སྣང་སྲིད་རྣམ་དག་ཅེར་མཐོང་རང་གྲོལ་ཤོག །བཀྲ་ཤིས་གསུམ་པ་མཁྱེན་བརྩེ་སྤྲུལ་སྐུའི་བྲོ། །བྱམས་དང་སྙིང་རྗེས་འགྲོ་དྲུག་གྲོལ་བར་ཤོག །ཅེས་དང་། རྡོ་རྗེ་བདུད་འཇོམས་ཀྱི་ཞལ་ནས། བྲོ་ཆེན་འདི་ནི་སྟོང་གི་རྩེ་བྲོ་སྟེ། །སྟོང་ཆེན་རབ་འབྱམས་ཆོས་བྲོ་འཁྲབ་པ་ལ། །ས་གཞི་འདི་ལ་རྡོ་རྗེ་རྩེ་ལྔ་དགོས། །ཤར་གྱི་རྡོ་རྗེ་མངོན་པར་དགའ་བ་ཡིན། །རྩེ་ལྔ་ཡོད་པ་རྡོར་སེམས་སྐུ་ལྔ་རྫོགས། །རྡོ་རྗེ་སེམས་པར་བྲོ་ཡི་མཆོད་པ་འབུལ། །ཤར་ཕྱོགས་པ་ཡི་སྐྱེ་འགྲོ་མངོན་དགར་དྲོངས། །ལྷོ་ཡི་རྡོ་རྗེ་དཔལ་དང་ལྡན་པ་ཡིན། །རྩེ་ལྔ་ཡོད་པ་རིན་འབྱུང་སྐུ་ལྔ་རྫོགས། །རིན་ཆེན་འབྱུང་ལྡན་ཆོས་བྲོའི་མཆོད་པ་བཞེས། །ལྷོ་ཕྱོགས་འགྲོ་བ་དཔལ་དང་ལྡན་པར་དྲོངས། །ནུབ་ཀྱི་རྡོ་རྗེ་ནུབ་ཕྱོགས་བདེ་བ་ཅན། །རྩེ་ལྔ་ཡོད་པ་སྣང་མཐའ་སྐུ་ལྔ་རྫོགས། །སྣང་བ་མཐའ་ཡས་བྲོ་ཡི་མཆོད་པ་འབུལ། །ནུབ་ཕྱོགས་སྐྱེ་འགྲོ་བདེ་བ་ཅན་དུ་དྲོངས། །བྱང་གི་རྡོ་རྗེ་ལས་རབ་རྫོགས་པ་ཡིན། །རྩེ་ལྔ་ཡོད་པ་དོན་གྲུབ་སྐུ་ལྔ་རྫོགས། །དོན་ཡོད་གྲུབ་པར་བྲོ་ཡི་མཆོད་པ་འབུལ། །བྱང་ཕྱོགས་འགྲོ་བ་ལས་རབ་རྫོགས་པར་དྲོངས། །རྡོ་རྗེའི་ལྟེ་བ་སྟུག་པོ་བཀོད་པ་ཡིན། །ཟླུམ་པོར་འཁྱིལ་བ་རྡོ་རྗེ་འཆང་ཆེན་མཚོན། །རྡོ་རྗེ་འཆང་ལ་བྲོ་ཡི་མཆོད་པ་འབུལ། །དབུས་ཕྱོགས་འགྲོ་བ་ཆོས་ཀྱི་དབྱིངས་སུ་དྲོངས། །སྟོང་ཆེན་དང་པོ་ཡེ་གཞི་སྟོང་པའི་བྲོ། །འཁྲུལ་གྲོལ་མེད་པའི་དབྱིངས་སུ་བྲོ་ཞིག་བརྡུང་། །སྟོང་ཆེན་གཉིས་པ་འཁྲུལ་གཞི་མ་རིག་བྲོ། །རིགས་དྲུག་འཁོར་བའི་གནས་སུ་གར་བསྒྱུར་བརྡུང་། །སྟོང་ཆེན་གསུམ་པ་གྲོལ་གཞི་ཡེ་ཤེས་བྲོ། །ཀ་དག་ཆོས་ཀྱི་དབྱིངས་སུ་བྲོ་གཅིག་བརྡུང་། །ཞེས་དང་། རྒྱལ་བ་མཆོག་དབྱངས་ཀྱི་ཞལ་ནས། ཧྲཱིཿཧཱ་ཡ་གྷྲི་བ་དབང་ཆེན་རྟ་ཡི་གདོང་། །རྟ་སྐད་དང་པོས་འདོད་ཁམས་དབང་དུ་སྡུད། །འདོད་ཁམས་ཐམས་ཅད་དབང་ཆེན་བྲོ་གཅིག་བརྡུང་། །དབང་ཆེན་བྲོ་བརྡུང་དེ་ནི་ཁྲིགས་སེ་ཁྲིག །དབང་གི་ཆོས་བྲོས་འདོད་ཁམས་ལམ་སྣ་དྲོངས། །རྟ་སྐད་གཉིས་པས་གཟུགས་ཁམས་དབང་དུ་སྡུད། །གཟུགས་ཁམས་ཐམས་ཅད་དབང་ཆེན་བྲོ་གཅིག་བརྡུང་། །དབང་ཆེན་བྲོ་བརྡུང་དེ་ནི་ཁྲིགས་སེ་ཁྲིག །དབང་གི་ཆོས་བྲོས་གཟུགས་ཁམས་ལམ་སྣ་དྲོངས། །རྟ་སྐད་གསུམ་པས་གཟུགས་མེད་དབང་དུ་སྡུད། །གཟུགས་མེད་ཁམས་རྣམས་དབང་ཆེན་བྲོ་གཅིག་བརྡུང་། །དབང་ཆེན་བྲོ་བརྡུང་དེ་ནི་ཁྲིགས་སེ་ཁྲིག །དབང་གི་ཆོས་བྲོས་གཟུགས་མེད་ལམ་སྣ་དྲོངས། །དབང་ཆེན་བྲོ་བརྡུང་ལན་གསུམ་བརྡུང་བ་ཡིས། །དུག་གསུམ་འཁོར་བའི་རྒྱ་མཚོ་གཏིང་ནས་སྐམ། །ཡེ་ཤེས་གསལ་བའི་སྒྲོན་མེ་ད་སྦོར་ལ། །ཁམས་གསུམ་འཁོར་བ་སྐུ་གསུམ་ཞིང་དུ་དྲོངས། །ཞེས་པ་འདི་དང་གཞན་གྱི་ཆོས་བྲོ་དང་གར་སོགས་མང་དུ་མཛད་འདུག་པ་རང་གིས་ཀྱང་སྐྱི་རོང་དང་། གུ་རུ་མཇལ་ཕུག་གི་སྒྲུབ་ཆེན་གྱི་སྐབས་དང་། །རྐྱང་གི་ཇོ་བོ་དབང་དར་སོགས་ཀྱི་ཁྱིམ་དང་ཆགས་རུ་སོགས་ལ་བྲོ་མང་པོ་བྱས་ཤིང་། གྲྭ་རིགས་རྣམས་ཀྱི་ཨེ་སློབ་བསམ་ཀྱང་སློབ་མཁན་མ་བྱུང་བས་མང་མ་ནི་ལུས་ཐལ། །ཕྲན་བུ་འདི་ཉམས་མཚར་དུ་བྲིས་པ་མཁས་གྲུབ་རྣམས་ཀྱིས་དགོངས་པ་མ་ཁྲེལ། །སྤྲང་རྒན་ང་རང་ནི་འདོ་མེད་ཁོ་ན་ཞིག་ཡིན་ལགས་སོ།། །།


previousརྔ་ཡབ་གླིང་པའི་ཆོས་བྲོ།next