Nitartha Digital Library
Tibetan
 
previousགཏེར་ཆེན་མགུར་འབུམ།no next

གཏེར་ཆེན་མགུར་འབུམ།

སྦྲང་བན་རིག་འཛིན་མིང་ཅན་འཕོ་ལུང་པས། །ཆོས་མེད་ཆོས་པར་རློམ་པའི་མགུར་མ་ཡོད། །ཨཱོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡ་མཚན་མཆོག་གྱུར་པདྨ་གེ་སར་ལས། །ངོ་མཚར་རྨད་བྱུང་མཚན་མཆོག་བརྒྱད་ལྡན་པའི། །རྒྱལ་བའི་སྤྱི་གཟུགས་འགྲོ་བའི་གཉེན་གཅིག་པོ། །གཏན་གྱི་སྐྱབས་གནས་པད་འབྱུང་ལ་ཕྱག་འཚལ། །ལས་ཀྱི་རང་བཞིན་གཟུགས་སྣང་ཐ་དད་པར། །འགྲོ་དྲུག་འཁོར་བའི་མཚོ་ལ་བྱིང་བ་ཡི། །བདེ་སྡུག་འཁྲུལ་སྣང་བརྗོད་ཀྱི་མི་ལང་ཡང་། །ལྔ་བརྒྱའི་དུས་འདིར་སྒྱུ་མའི་འགྲོན་ཁང་ལ། །འཁྲུལ་པའི་རྟེན་ཡུལ་བཟུང་ཚེ་རབ་རིབ་ཀྱི། །བསམ་གཏན་བར་དོའི་སྣང་ཤེས་ཤར་བའི་རིས། །ཆམ་ཅིག་ཀློང་ཡངས་བརྗོད་མེད་དག་པ་ནས། །གྲག་སྟོང་ཚིག་གི་འཕྲེང་དུ་བཅད་པ་རྣམས། །ངེས་མེད་སྨྱོན་པའི་ཁ་ནས་འདི་སྐད་དོ། །དེ་ཡང་ཤིང་ཕོ་འབྲུག་གི་ལོ་ལ་བདག་བྱ་བྲལ། །རིགས་འཛིན་རྣམ་རྒྱལ་བོད་ཡུལ་དབུས་སུ། །ཕ་བླ་མ་པདྨ་རིགས་འཛིན་གྱི་ཐུགས་རྗེས་སླེབས་ཚེ། དབུ་རུ་སྐྱི་ཤོད་འཕན་ཡུལ་དུ་ཡོང་ཉིན། །རི་ཁྲོད་ཀྱི་ཁང་པ་དཀར་པོ་ཞིག་མཐོང་བས། །ངེས་འབྱུང་དྲག་པོའི་ངང་ནས་མང་པོ་ངུ་ཤོར། །ཚིགས་སུ་སྨྲས་པ། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །མི་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨ་ལེགས་པ་ཡ་ཀིའི་རི་ཁྲོད་ཁྱོད། །ང་མི་ལུས་ཐོབ་པའི་དོན་ཡིན་པས། །ད་མྱུར་དུ་དབེན་གནས་ཁྱོད་འདྲ་ལ། །ང་སྡོད་རྒྱུ་བྱུང་ན་དགའ་བ་ལ། །སྡོད་རྒྱུ་བྱུང་ན་སྐྱིད་པ་ལ། །ཁང་ཆུང་དཀར་པོ་ཁྱོད་འདྲ་བར། །ང་ཡི་འདུག་ས་བྱེད་པར་ཤོག །སྟེང་གི་བྲག་རི་ཁྱོད་འདྲ་བར། །ང་ཡི་རྒྱབ་རི་བྱེད་པར་ཤོག །སྒོ་དྲུང་དར་ཅོག་ཁྱོད་འདྲ་བར། །ང་ཡི་ལྷ་ཆོས་བྱེད་པར་ཤོག །བྱ་རྒྱལ་རྒོད་པོ་ཁྱོད་འདྲ་བར། །ང་ཡི་འདུག་གྲོགས་བྱེད་པར་ཤོག །ཤ་གནའི་རི་དྭགས་ཁྱོད་ཚོ་འདྲ། །ང་ཡི་སྒོ་ནོར་བྱེད་པར་ཤོག །ཟས་ལ་བསོད་སྙོམས་འཚོ་བ་དེས། །ང་ཡི་རྒྱགས་ཕྱེ་བྱེད་པར་ཤོག །དྲིན་ཅན་ཕ་མ་ཁོང་གཉིས་ཀྱི། །དྲིན་ལན་ཆོས་ཀྱིས་འཇལ་བར་ཤོག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང་། །སངས་རྒྱས་ཞིང་དུ་སྐྱེ་བར་ཤོག །ཅེས་སྨྲས་ཤིང་ཕྱག་འགའ་རེ་ཕུལ། དེ་དུས་དགེ་སློང་དོན་ལྡན་གྱིས་ངེད་ཚོ་ལ་ཡང་དང་པོ་ངེས་འབྱུང་འདི་འདྲ་ཡོང་མྱོང་སྟེ། རྗེས་ནས་ཉམས་ལེན་བྱས་བསྡད་དུས། ལྷག་པར་དགའ་རྒྱུ་ཆེན་པོ་མི་འདུག །ངེས་འབྱུང་བྱུང་བ་ལེགས་པོ་ཡིན། རྗེས་ནས་རང་གི་ལག་ན་ཡོང་དུས་རེམ། ད་ལྟ་ངུ་དགོས་རྒྱུ་ཆུང་ཟེར་ཚེ། དེ་བདེན་སྙམ་པ་བྱུང། འདི་མགུར་མ་སྨྲས་པའི་ཐོག་མ་ཡིན། ལྷོ་བྲག་གི་གནས་སྐོར་དུ་སོང་ཚེ། མཁར་ཆུ་ན་གནས་འབྲེལ་བྱས་དུས། ཤིག་མང་དྲགས་ནས་ལྷ་མོ་མཁར་དུ་ཤིག་བརྡབ་པས། ས་འགུལ་བ་སྙམ་བྱེད་པ་མཐོང་ཚེ། སྐྱོ་བ་དྲག་པོ་སྐྱེས་ནས་སྨྲས་པ། ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་མཁྱེན། །ང་ལས་ངན་འགྲོ་བ་ཐུགས་རྗེས་བཟུང་། །ལུས་ལན་ཆགས་ཤིག་གི་སྡིག་པ་འདི། །ང་མ་དག་འགྲོ་བས་ཅི་ལྟར་འཆག །ཁྱོད་ལས་ངན་སྒྲིབ་པ་རླབས་པོ་ཆེ། །ལྷ་ཐུགས་རྗེ་ཆེན་པོས་སྦྱང་དུ་གསོལ། །གསུང་ཡི་གེ་དྲུག་མས་སྦྱང་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལུས་ཤ་ཁྲག་ཟོས་པའི་བསོད་ནམས་ཀྱིས། །སྔོན་ལས་ངན་བུ་ལོན་དག་གྱུར་ཅིག །ངས་ཤིག་སྲོག་བཅད་པའི་རྣམ་སྨིན་རྣམས། །འདི་བྱང་ཞིང་དག་པར་བྱིན་གྱིས་རློབས། །ཅེས་སྨྲས་སོ། །དབུས་གཙང་ནས་སླར་འབུལ་སྡུད་གཅིག་ལ་ཁམས་སོག་རོང་དུ་ཡོང་ཚེ། མི་ཀུན་གྱི་ངོ་ཤེས་པ་མང་བས་ཁམས་དྲི་བ་མང་པོ་བྱུང་། ཁྱད་པར་ལྷ་གཟིགས་ཕུན་ཚོགས་ཀྱིས། དེ་སྔ་གང་ཚོར་ཕེབས་གང་དུ་བཞུགས། ཐུགས་དམ་ཨེ་འཕེལ། བླ་མ་རྒན་ཚང་གང་དུ་བཞུགས་ཡོད་ཟེར་བས་སྨྲས་པ། བྱིན་རླབས་འབྱུང་གནས་བླ་མ་དང་། །དངོས་གྲུབ་སྩོལ་བའི་ཡི་དམ་ལྷ། །ལེགས་ཉེས་སྟོན་པའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་ཕྱག་འཚལ་ལོ། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །མི་ལུས་ཐོབ་པ་དོན་དང་ལྡན། །བསྟན་པའི་བདག་པོ་རྒྱལ་བ་ནས། །གང་ཟག་སྐྱེས་ཆེན་ཐམས་ཅད་དང་། །ལྷ་ས་བསམ་ཡས་ཁྲ་འབྲུག་ནས། །བོད་ཡུལ་གཙུག་ལག་ཐམས་ཅད་དང་། །ཡང་རྫོང་མཆིམས་ཕུ་མཁར་ཆུ་ནས། །བོད་ཀྱི་གནས་ཆེན་ཐམས་ཅད་དང་། །དབྱིངས་ས་སྐྱི་ཤོད་ཞབས་དྲུང་ནས། །བོད་ཀྱི་མི་ཆེན་ཐམས་ཅད་སོགས། །མ་མཇལ་བ་ལ་གཅིག་ཀྱང་མེད། །མ་མཐོང་བ་ལ་གཉིས་ཀྱང་མེད། །ཐུགས་དམ་དམ་པའི་ཆོས་བཞིན་སྤྱད། །འགྲུབ་ཀྱང་དམ་པའི་ཆོས་བཞིན་གྲུབ། །བླ་མ་དམ་པ་རིན་པོ་ཆེ། །སྐུ་ཁམས་མཛད་ཕྲིན་གོང་འཕེལ་དུ། །བསམ་ཡས་མཆིམས་ཕུར་བཞུགས་ནས་ཡོད། །སྦྱིན་བདག་ཐུགས་ངང་བསྲིང་བའི་ཕྱིར། །འཕྲལ་དུ་ཡུལ་ཕྱོགས་འདི་རུ་ཡོངས། །གདུལ་བྱ་དཀོར་ནག་འགམ་དུ་ཡོངས། །སྦྱིན་བདག་རྣམས་དང་འཕྲད་དུ་ཡོངས། །ཁྱེད་བཞུགས་སྐུ་ཁམས་བཟང་ལགས་སམ། །ཚེ་འདིའི་བདེ་སྐྱིད་བྱུང་ལགས་སམ། །ཕྱི་མའི་ལྷ་ཆོས་འགྲུབ་ལགས་སམ། །ལུས་ལས་གཅོང་ནད་མ་ལྡང་ངམ། །གྱོད་དང་ཁ་མཆུ་མ་ལངས་སམ། །ལོ་འབྲས་རྩི་འབྲས་བཟང་ལགས་སམ། །སྐྱིད་སྡུག་གཏམ་སྐད་གང་འདྲ་ཡོད། །ཅེས་སྨྲས་པས་ཉམས་མགུར་བྱིན་རླབས་ཆེ་ལགས་ཟེར་རོ། །བྱང་གི་ཀ་བ་རི་ན་ཡར་སླེབས་ཚེ། ནས་ཐུམ་དང་སྟོད་གོས་སྒ་སྟན་རྣམས་ཙན་དན་དགོན་དུ་བསྐྱུར་འདུག་པ་མ་ལེགས་ཞེས་སངས་རྒྱས་མགོན་པོ་ལ་སྨྲས་ཤིང་འཛིངས་པས། རབ་ཏུ་ཁྲོས་ཏེ་ཁྲེས་ལོག་ཁུར་ནས་ཁ་དུམ་ལ་ཤོར་བས། བརྩོན་འགྲུས་དང་མཚོ་དར་གཉིས་ཀྱིས་བཤོལ་མ་བཏབ། དེ་དགོངས་ཀ་བ་རིའི་མཆིག་རི་གོང་མར་ཕྱིང་གུར་ནང་དུ་རང་ཡི་མུག་སྟེ་འདི་སྐད་སྨྲས་སོ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །མི་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ད མུ་རྒོད་འགྲོ་བ་ཚུར་ཉོན་དང་། །དོན་བདེན་ཚིག་ཆོས་ཀྱི་བསླུ་ས་མེད། །ཕ་བླ་མའི་ཞབས་ཏོག་བསྒྲུབ་ཕྱིར་དུ། །ས་འདི་རུ་བྱང་དུ་འཁྱལ་བ་ཡིན། །ཁོང་ཧོར་སོག་གི་ནང་དུ་སྤྱོད་ངན་གྱི། །བྱ་བྱེད་མང་ན་རང་ཉིད་ཀྱི། །རང་དམའ་རང་གིས་ཕབ་པ་ཡིན། །ངོ་ཚ་གྱིས་ལ་རང་ཚོད་ཟུང་། །དཀོར་ནག་འགམ་པའི་ཆོ་འཕྲུལ་ཡིན། །དཔལ་ལྡན་བླ་མ་སྤྱི་བོར་སྒོམས། །ཆོས་རྣམས་མི་རྟག་སྙིང་པོ་མེད། །རང་སེམས་དཔང་ཞོག་རྒྱུ་འབྲས་གཞིགས། །ཐར་པའི་ལམ་སྣ་ཟིན་ཐབས་ཡིན། །རང་མགོ་རང་གིས་འདོན་ཐབས་ཡིན། །གཞན་ལ་ཡུས་ཆེ་ཅི་ལ་བྱེད། །སྒ་སྟན་ནས་ཐུམ་བཅས་པ་རྣམས། །བྱིན་པའི་ངོ་ཡང་མེད་པ་ལ། །ཤུལ་དུ་ལུས་པ་ཆུད་ཟོས་ཡིན། །འགྲོ་སྡིག་ཁྲེས་ལོག་ཁུར་བ་དེ། །དོན་མ་གོ་བའི་བྱ་བ་ཡིན། །ཅེས་སྨྲས་སོ། །ཡང་ནགས་ཤོད་ཁོང་ཁྱིམ་ནང་དུ་ནག་ཚང་རལ་འདུག་པས། དེ་མ་ལེགས་ཞེས་སྨྲས་པའི་ངང་ནས་འཐབ་མོ་ཤོར་བས། སངས་རྒྱས་མགོན་པོ་ཡང་འགྲོ་ཟེར་ནས་ཁྲེས་ལོག་ཁུར་ཏེ་སོང་། ང་རང་དང་བདེ་ལེགས་གཉིས་གཡའ་ཁྲོད་གཅིག་ཏུ་སོང་བསྡད་དེ་སྨྲས་པ། ལྷ་དང་བླ་མ་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མའི་ཞབས་ཏོག་བསམས་ནས་ཡོངས། །ལྷ་མ་ཡིན་གྱི་འཐབ་རྩོད་ལྟར། །གྲྭ་པ་སངས་རྒྱས་མགོན་པོ་དང་། །འཛིང་རྩོད་དགོས་འདི་ཡ་རེ་ཆ། །མི་གཞན་གྱི་བླ་མ་གྲྭ་པ་ཚོས། །ཆོས་ཀྱི་བྱ་བ་བླ་མས་ཁུར། །ལས་ཀྱི་བརྩོན་འགྲུས་གྲྭ་པས་བྱེད། །ང་ལ་གོ་ལོག་དཀའ་བ་ལ། །སྡུག་དང་སེར་སྣ་བྱེད་མཁན་ཡང་། །བན་ཆུང་རང་ཉིད་ཡིན་པར་འདུག །ལས་དང་བརྩོན་འགྲུས་བྱེད་མཁན་ཡང་། །བན་ཆུང་རང་ཉིད་ཡིན་པར་འདུག །ལས་ངན་དབང་གིས་བསྡུས་པ་ཡི། །གྲྭ་པ་ཁྱོད་དང་བྲལ་ཡང་རུང་། །རང་གི་ཚེ་འདིའི་བྱ་བ་ཞིག །བསྒྲུབས་ནས་སྡུག་བསྔལ་འདི་མྱོང་ན། །ད་ལྟ་ཉིད་ནས་ཤི་ཡང་རུང་། །བདག་འགྱོད་མེད་བླ་མའི་ཞབས་ཏོགས་ཡིན། །སྐྱིད་ཀྱང་བླ་མའི་ཞབས་ཏོག་ཡིན། །སྡུག་ཀྱང་བླ་མའི་ཞབས་ཏོག་ཡིན། །སྐྱིད་སྡུག་ཅི་ལྟར་བྱུང་ན་ཡང་། །བླ་མའི་བྱིན་རླབས་ཐུགས་རྗེ་ཡིས། །ལས་ཀྱི་སྒྲིབ་པ་འདག་པར་ཤོག །ཅེས་སྨྲས་སོ། །ཉིན་གཅིག་ཟླ་གམ་གོང་ཐོག་ཏུ་རྒྱ་པོ་ལ་ཤི་བ་ཐོས་པས། སྙིང་རེ་རྗེ་བསམ་པ་ཞིག་བྱུང་ནས་སྨྲས་པ། ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་འགྲོ་བ་ཡོངས་ལ་ཐུགས་རྗེས་བཟུང་། །འདུས་བྱས་ཆོས་འདི་ཉམས་མཚར་ལགས། །མི་རྟག་སྙིང་པོ་མེད་པ་ལ། །བློ་གཏད་བྱས་ན་བསླུ་བའི་ཡུལ། །མི་རྟག་འཆི་བའི་དགྲ་བོ་ཆེ། །ནམ་ཡོང་དུས་ལ་ངེས་མེད་པར། །ཕ་རོལ་གནས་སུ་འཁྱམས་དུས་དེར། །ཕན་པ་དམ་པའི་ཆོས་ཁོ་ན། དེས་ན་དགེ་སྒྲུབ་སྡིག་སྤོང་གི །བྱང་ཆུབ་ལམ་དེ་བསྒྲུབ་རེ་རན། །ཤི་བའི་རྒན་པོ་དེ་ཉིད་ཀྱང་། །བར་དོའི་འཇིགས་སྐྲག་མི་འབྱུང་ཞིང་། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་སྨྲས་སོ། །དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་རྣམས་མཇལ་ཚེ། སློབ་དཔོན་ཆེན་པོ་རྗེས་དྲན་གྱི་ཉམས་ལ་བརྟེན་ནས། གསོལ་འདེབས་སུ་བྱས་པ། ཨེ་མ་ཧོ༔ ཁྱབ་བདག་རྒྱལ་བ་ཀུན་གྱི་ངོ་བོ་མཆོག །ཨོ་རྒྱན་ཡུལ་དབུས་དྷ་ན་ཀོ་ཤའི་མཚོར། །པད་སྡོང་ལས་འཁྲུངས་རྗེ་བཙུན་པདྨ་འབྱུང་། །དྲིན་ཅན་བླ་མ་ཨོ་རྒྱན་པདྨ་ནི། །སྤྱི་གཙུག་གེ་སར་པད་སྡོང་ཉི་ཟླའི་སྟེང་། །ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྡོ་རྗེ་བྷནྡྷ་བདུད་རྩི་ཚེ་བུམ་བསྣམས། །ཟ་འོག་བེར་ཆེན་ཆོས་གོས་དམར་པོ་གསོལ། །པད་ཞུ་པདྨ་མཐོང་གྲོལ་དབུ་ལ་བཞེས། །སྐུ་ལུས་བཀོད་པ་མཚན་བཟང་ལྟ་ན་སྡུག །གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས། །རྗེ་བཙུན་བླ་མ་ཨོ་རྒྱན་པདྨ་ལ། །རྩ་བརྒྱུད་བླ་མ་འོད་དུ་དཔུངས་སེ་དཔུང་། །ཡི་དམ་ལྷ་ཚོགས་བར་ནས་ཡ་ལ་ལ། །དཔའ་བོ་རྒྱ་མཚོ་གཡས་ནས་ཐིབས་སེ་ཐིབ། །དཔའ་མོ་རྒྱ་མཚོ་གཡོན་ནས་ཁྱུགས་སེ་ཁྱུག །ཆོས་སྐྱོང་བསྲུང་མས་ལས་བྱེད་ཁྲིགས་སེ་ཁྲིག །དར་སྣ་མང་པོའི་ཅོད་པན་པུ་རུ་རུ། །རོལ་མོ་མང་པོའི་སྒྲ་སྐད་འུར་རུ་རུ། །ཕྱག་གདུབ་ཞབས་གདུབ་མང་པོ་སི་ལི་ལི། །རིན་ཆེན་རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །དད་མོས་དྲག་པོས་གསོལ་བ་འདེབས་པའི་ཚེ། །ཡེ་ཤེས་སྤྱན་གྱིས་གཟིགས་ཤིག་པདྨ་འབྱུང་། །ཐོག་མེད་དུས་ནས་ལས་ངན་དབང་གིས་ཁྱེར། །སྡུག་བསྔལ་མང་ལྡན་སྲིད་པའི་འཁོར་བར་འཁྱམས། །ཀྱེ་མ་བདག་འདྲའི་སེམས་ཅན་སྙིང་རེ་རྗེ། །ལས་ངན་བདག་གི་སྐྱབས་གཅིག་ཨོ་རྒྱན་མཁྱེན། །སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་འདིར། །མི་ལུས་ཐོབ་ཀྱང་ཆོས་བཞིན་འགྲུབ་པར་དཀའ། །ཚེ་ཡི་ཐ་མ་སུམ་ཅུ་ཁ་རལ་ཚེ། །སྐྱེ་འགྲོ་རྣམས་ཀྱིས་མཚམས་མེད་ལས་ལ་སྤྱོད། །དེ་ཡི་དབང་གིས་ལྷ་སྲིན་སྡེ་བརྒྱད་འཁྲུག །ལོ་རེ་སོང་བཞིན་གནམ་ནས་ཆར་ཆུ་དཀོན། །ལོ་ཐོག་རྩི་འབྲས་དུས་ཚོད་སྨིན་པར་དཀའ། །དམ་པའི་ཆོས་ཀྱང་ཚོང་འདུས་འོ་མ་བཞིན། །བདེ་གཤེགས་བཀའ་དཀྲུགས་བྱིན་རླབས་ཉམས་པའི་ཚེ། །འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས། །ལྷ་ཚོགས་བསྒྲུབས་ཀྱང་འགྲུབ་རྟགས་མེད་པའི་ཚེ། །ཐ་ཚིག་གཉེན་པོས་རྗེས་སུ་བསྐུལ་ན་ཡང་། །ཆོས་སྐྱོང་སྲུང་མ་རི་ལ་གཟིགས་པའི་ཚེ། །དཀར་ཕྱོགས་སྲུང་མ་འཕྲིན་ལས་རྒུད་ནས་ཀྱང་། །ནག་ཕྱོགས་ལྷ་འདྲེ་ཟ་ཁ་དར་བའི་ཚེ། །རྒྱུ་འབྲས་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ནས། །བཤེས་གཉེན་རྣམས་ཀྱིས་དམག་དཔོན་བྱེད་པའི་ཚེ། །དམ་ལྡན་སློབ་དཔོན་ཁྱི་བཞིན་འཁྱམས་ནས་ཀྱང་། །དམ་མེད་སློབ་མ་སེང་ལྟར་འགྱིང་བའི་ཚེ། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་མནོས་ནས་ཀྱང་། །མི་དགེ་བཅུ་ལ་ཉམས་ལེན་བྱེད་པའི་ཚེ། །བན་བཙུན་ཕོ་མོས་ལུས་ལ་ངུར་སྨྲིག་གྱོན། །སྒོ་གསུམ་ངན་སོང་ས་བོན་འདེབས་པའི་ཚེ། །ས་མ་ཡ་འབུམ་སྡེའི་དམ་ཚིག་མནོས་ནས་ཀྱང་། །སྔགས་པར་ཁས་བླངས་འཁོར་བ་སྤེལ་བའི་ཚེ། །མནའ་ཆད་སྤང་གསུམ་འདི་ཕྱི་ཚད་བཞག་ནས། །སྐྱེ་འགྲོ་རྣམས་ཀྱི་བསླུ་ཟོག་བྱེད་པའི་ཚེ། །ཆོས་པར་མིང་བཏགས་རང་རྒྱུད་ཐུལ་རེ་ཡང་། །བདེ་སྡུག་དོན་ལ་ཅུང་ཟད་མི་བཟོད་ཚེ། །རང་གི་རྗེས་གནང་ཙམ་ཡང་མ་ཐོབ་པར། །ལྷ་ཚོགས་མང་པོའི་དབང་བསྐུར་བྱེད་པའི་ཚེ། །རང་གི་བླང་དོར་བར་སྣང་འཇའ་བཞིན་ཡལ། །གཞན་གྱི་རྣ་བར་ཆོས་སྒྲ་སྒྲོག་པའི་ཚེ། །རང་ཉིད་གར་འགྲོ་རང་ལ་ཆ་མེད་པར། །ཤི་པོའི་ཡར་འདྲེན་འཕོ་བ་འདེབས་པའི་ཚེ། །ཉིན་གཅིག་སྐྱིད་སྡུག་ཅི་ཡོང་མི་ཤེས་པར། །ཕོ་ཚོད་མངོན་ཤེས་མང་པོ་སྒྲོག་པའི་ཚེ། །གདོན་བགེགས་འབྱུང་པོས་བརླམས་དང་མིག་འཁྲུལ་སོགས། །རྫས་ངན་སྦྱོར་སྡེས་འགྲུབ་རྟགས་བྱེད་པའི་ཚེ། །དགེ་སློང་ཆེན་པོར་མཚན་དུ་གསོལ་ནས་ཀྱང་། །བུད་མེད་བྱི་ཕོ་ལྐོག་རྒྱུག་བྱེད་པའི་ཚེ། །དཀོན་མཆོག་དད་ཅིང་དཀོར་ནག་རྒྱུ་བྱས་ཀྱི། །གཞི་དང་བུད་མེད་ཉེ་དུ་གསོ་བའི་ཚེ། །ཆོས་ཉིད་མ་མཐོང་ལུས་ཀྱི་འདུག་སྟངས་བྱེད། །མ་རྟོགས་རྟོགས་བརྫུས་འགྲོ་བ་བསླུ་བའི་ཚེ། །ཕྱི་དཀར་ནང་ནག་སོལ་ནག་སྙེ་མ་བཞིན། །མ་གྲོལ་གྲོལ་བརྫུས་འགྲོ་བ་བསླུ་བའི་ཚེ། །རང་དོན་ཁོང་བཅུག་གཞན་གྱི་སྣང་ངོར་བསྟན། །མ་ཞི ག་ཞིག་བརྫུས་འགྲོ་བ་བསླུ་བའི་ཚེ། །ཆོས་བཞིན་བསྒྲུབ་ལ་ཐན་དུ་བལྟས་ནས་ཀྱང་། །ཆོས་མེད་ཟོག་པོ་གསེར་ལས་བྲིམ་པའི་ཚེ། །སངས་རྒྱས་མཐུ་བརྡུགས་བསྐལ་པའི་སྙིགས་མ་ལ། །ཐུགས་རྗེས་སྐྱོབ་ཅེས་ཉིད་ཀྱིས་ཞལ་བཞེས་པ། །རྒྱལ་དབང་པདྨ་འབྱུང་གནས་ཁྱེད་ཡིན་པས། །སྔོན་གྱི་ཞལ་བཞེས་དམ་བཅའ་མ་གཡེལ་བར། །བརྩེ་བས་དགོངས་ཏེ་བདག་སོགས་སེམས་ཅན་ལ། །ཐུགས་རྗེས་བཟུངས་ཤིག་བླ་མ་ཨོ་རྒྱན་རྗེ། །དངོས་གྲུབ་སྩོལ་ཞིག་ཨོ་རྒྱན་ཡི་དམ་ལྷ། །བར་ཆད་སོལ་ཅིག་ཨོ་རྒྱན་མཁའ་འགྲོའི་ཚོགས། །ད་ནི་ཚེ་འདིའི་བྱ་བ་རབ་སྤངས་ནས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །ཉེ་འབྲེལ་འཁོར་གཡོག་ནོར་རྫས་ཆོས་ཀྱི་བདུད ། །བྱང་ཆུབ་སྒྲུབ་ལ་བར་ཆད་གྱུར་པ་རྣམས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །ཁ་ཟས་དུག་འདྲེས་བཞིན་དུ་སྤང་བར་ཤོག །གངས་དང་ནགས་རི་རྫ་ཁྲོད་རྡོ་ལེབ་ཕུག །བསམ་གཏན་བསྒོམ་ལ་འཚེ་བ་མེད་པའི་སར། །སྐྱེ་འགྲོ་ཕོ་མོའི་ཁྱུ་ལས་བུད་ནས་ཀྱང་། །རི་དྭགས་རྨས་མ་བཞིན་དུ་གཅིག་པུ་རུ། །འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པར་ཤོག །རིག་དང་མངོན་ཤེས་ཏིང་འཛིན་དབང་ཐོབ་ནས། །ཟག་མེད་སྙིང་པོ་དོན་གྱི་གནས་ལུགས་དེ། །རང་ས་ཟིན་ནས་ཆོས་སྐུ་ཐོབ་པར་ཤོག །མ་དག་འགྲོ་བ་དྲུག་གི་གནས་རྣམས་སུ། །གང་ལ་གང་འདུལ་དེ་ལ་དེར་སྟོན་ནས། །གང་མཚམས་གཟུགས་སྐུའི་མཚན་མཆོག་ལེགས་བཟུང་སྟེ། །འཕྲིན་ལས་བཞི་ཡི་འགྲོ་དོན་ལྷུན་གྲུབ་ཤོག །ལར་ནི་རང་རིག་བརྟན་པ་མ་ཐོབ་བར། །བདུད་བཞི་འཇིགས་པའི་རྐྱེན་དང་མི་མཐུན་པའི། །དམ་པའི་ཆོས་ལ་བར་དུ་གཅོད་པ་ཀུན། །ཉེ་བར་ཞི་ནས་ལྟ་སྒོམ་མཐར་ཕྱིན་ཤོག །རྫོགས་སངས་རྒྱས་དང་བསྟན་པ་འཇལ་བ་དང་། །དབང་པོ་ཚང་ཞིང་ཆོས་ལ་དད་པ་དང། །བདག་གཞན་འབྱོར་པ་ཕུན་སུམ་ཚོགས་གྱུར་ནས། །ཆོས་དོན་ཆོས་ཀྱི་བསམ་པ་འགྲུབ་པར་ཤོག །བདག་གཞན་བསམ་པའི་རེ་བ་རྫོགས་ནས་ཀྱང་། །གདོད་མའི་མགོན་པོ་བླ་མ་ཨོ་རྒྱན་དང་། །གཉིས་སུ་མེད་པའི་འབྲས་བུ་ཐོབ་པར་ཤོག །ཅེས་སྨྲས་སོ། །རྗེ་ན་མོ་མ་ཧཱ་གུ་རུ་ཡེ། །རྒྱལ་བ་ཡོངས་ཀྱི་ཕྲིན་ལས་པ། །མཆོག་གི་སྤྲུལ་པ་རིན་པོ་ཆེ། །ཕ་མཁྱེན་ནོ་མཉམ་མེད་སྒམ་པོ་པ། །ཁྱོད་ཀྱི་ཐུགས་རྗེའི་སྤྲུལ་པ་ཡི། །འགྲོ་དྲུག་ལམ་སྣ་འདྲེན་མཛད་ན། །བདག་ཀྱང་འགྲོ་ལ་མི་ཐེ་འམ། །ཡེ་ཤེས་སྤྱན་གྱིས་ད་གཟིགས་ལ། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །གདུང་ཤུགས་ཀྱིས་གསོལ་བ་འདེབས་པའི་བུར། །བཀའ་བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ། །ཕ་མཁྱེན་ནོ་མཉམ་མེད་སྒམ་པོ་པ། །ཕ་མཁྱེན་ནོ་དཔལ་ལྡན་བླ་མ་རྗེ། །སྐུ་འགྱུར་བ་མེད་པ་རྡོ་རྗེའི་སྐུ། །གསལ་སྟོང་རྡོ་རྗེ་འགྲིབ་པ་མེད། །སྐུ་ཡི་གང་འདུལ་སྤྲུལ་པ་ནི། །ངེས་མེད་དུ་སྤྲུལ་ནས་སྟོན་བྱེད་ན། །ང་དད་ལྡན་འགྲོ་ལ་མི་སྟོན་ནམ། །ཕ་མཁྱེན་ནོ་མཉམ་མེད་སྒམ་པོ་པ། །ཕ་མཁྱེན་ནོ་དཔལ་ལྡན་བླ་མ་རྗེ། །གསུངས་དབྱངས་ཀྱི་ཐེག་ཆེན་ཆོས་ཀྱི་སྒྲ། །མངོན་སུམ་དང་བརྡ་དོན་རྣམ་པ་རུ ། །འགྲོ་དྲུག་ཆོས་ཀྱི་སྐྱོང་མཛད་ན། །བདག་ཉོན་མོངས་ཚད་པས་གདུང་བའི་བུར། །དམ་ཆོས་ཕྱག་ཆེན་མི་གསུང་ངམ། །ཕ་མཁྱེན་ནོ་མཉམ་མེད་སྒམ་པོ་པ། །ཕ་མཁྱེན་ནོ་དཔལ་ལྡན་བླ་མ་རྗེ། །འོད་གསལ་ཆོས་ཉིད་ཡངས་པའི་ཐུགས། །མཁྱེན་དང་བརྩེ་བའི་བདག་ཉིད་ཀྱི། །ཏིང་འཛིན་དགོངས་པའི་དྲོད་གཏད་ནས། །སེམས་ཉིད་ཆོས་དབྱིངས་གནས་ལུགས་མཆོག །ད་ལྟ་གདོད་མའི་གཞི་དབྱིངས་སུ། །སྒྲོལ་བའི་འཕྲིན་ལས་མི་མཛད་དམ། །ཕ་མཁྱེན་ནོ་མཉམ་མེད་སྒམ་པོ་པ། །ཕ་མཁྱེན་ནོ་དཔལ་ལྡན་བླ་མ་རྗེ། །ཁྱེད་མཁྱེན་ལྡན་བླ་མ་རིན་པོ་ཆེ། །སྐུ་གསུང་ཐུགས་ཀྱི་གསང་སྒོ་ཕྱེས། །བདག་དང་འགྲོ་བ་སེམས་ཅན་ལ། །བྱིན་གྱིས་རློབས་དང་སྐུ་དྲིན་ཅན། །ཁྱད་པར་ཕྱོགས་མེད་བྱ་བྲལ་ང་། །འདུག་ས་རི་ཁྲོད་བྱེད་པར་ཤོག །ཕ་རྗེས་བུ་ཡི་ཟིན་པར་ཤོག །བླ་མའི་བྱིན་རླབས་འཇུག་པར་ཤོག །ཡི་དམ་དངོས་གྲུབ་འཐོབ་པར་ཤོག །མཁའ་འགྲོའི་རྟེན་འབྲེལ་འགྲིག་པར་ཤོག །ཆོས་སྐྱོང་བར་ཆད་སེལ་བར་ཤོག །རང་སྣང་གྲོགས་སུ་འཆར་བར་ཤོག །སྒྲུབ་པའི་འབྲས་བུ་ཐོབ་པར་ཤོག །དགོས་མེད་རྒྱུད་ལ་སྐྱེ་བར་ཤོག །ཉོན་མོངས་ལམ་དུ་སློང་བར་ཤོག །ལྟོ་གོས་ཞེན་པ་བསྐྱུང་བར་ཤོག །ཉེ་འབྲེལ་ཆགས་སྡང་བྲལ་བར་ཤོག །མི་རྟག་འཆི་བ་དྲན་པར་ཤོག །བདག་གཞན་དོན་གཉིས་འགྲུབ་པར་ཤོག །ཕ་འགྲན་ཟླ་མེད་པའི་སྒམ་པོ་པ། །རྗེ་ཁྱེད་དང་སྐུ་གསུང་ཐུགས་ཡོན་ཏན། །བདག་ཡོངས་སུ་མཉམ་པར་བྱིན་གྱིས་རློབས། །ཅེས་པ་འདི་དཔལ་དྭགས་ལྷ་སྒམ་པོའི་གནས་སུ་ཕྱིན་ཚེ། མོས་པའི་དབང་གིས་མཉམ་མེད་དྭགས་པོ་རིན་པོ་ཆེ་ལ། ཐོལ་བྱུང་གི་གསོལ་སྨོན་དུ་བཏབ་པ་འདི་རིགས་འཛིན་རྣམ་རྒྱལ་གྱིས་སྨྲས་པའོ། ན་མོ་མ་ཧཱ་གུ་རུ་ཡེ། །ད་ཀུན་ཏུ་བཟང་པོ་མན་ཆད་ནས། །བདག་གི་བླ་མ་ཡན་ཆད་དུ། །བྱིན་རླབས་བརྒྱུད་པའི་བར་མ་ཆད། །འོག་ན་དཀྱིལ་འཁོར་བཀྲག་མདངས་གསལ། །སྟེང་ན་བཀའ་བརྒྱུད་བླ་མ་བཞུགས། །ཡི་དམ་ལྷ་ཚོགས་སྤྲིན་ཕུང་གཏིབས། །མ་དང་མཁའ་འགྲོ་དབྱིངས་ནས་རོལ། །ཆོས་སྐྱོང་བསྲུང་མས་བཀའ་བཞིན་བསྒྲུབ། །ཨེ་མ་བརྒྱུད་པ་བྱིན་རླབས་ཆེ། །རྩ་བརྒྱུད་བླ་མས་ཆོས་ཆར་འབེབས། །ཡི་དམ་ལྷ་ཚོགས་དངོས་གྲུབ་བཟང་། །མ་དང་མཁའ་འགྲོའི་རྟེན་འབྲེལ་འགྲིག །ཆོས་སྐྱོང་བསྲུང་མ་འཕྲིན་ལས་མྱུར། །ང་རྗེས་འཇུག་རྣལ་འབྱོར་དྭངས་རེ་སྤྲོ། །རང་སེམས་ཆོས་སྐུ་ལྟད་མོ་ཆེ། །དགེ་སྡིག་བྲལ་བ་ལས་སུ་བཟང་། །མ་རིག་དབྱིངས་དག་འོད་གསལ་མཆོག །ཉོན་མོངས་དགྲ་ཐུལ་དགྲ་མགོ་ནོན། །ང་བདག་བགེགས་ཆོམ་གེགས་དང་བྲལ། །བསམ་གཏན་ཟས་ཟ་ལྟོ་རེ་འགྲང་། །ཏིང་འཛིན་སྒོམ་མཐུང་བཏུང་བས་ཚིམ། །བརྩོན་མེད་བརྩོན་འགྲུས་ཡེངས་པ་མེད། །ཟབ་ཁྱད་གཏུམ་མོ་གོས་སུ་བཟང་། །གངས་དང་ནགས་ཁྲོད་ལུང་སྟོང་གསུམ། །རྣལ་འབྱོར་སྒྲུབ་པའི་གནས་གསུམ་བཟང་། །བསྐྱེད་རིམ་རྫོགས་རིམ་རླུང་སེམས་གསུམ། །ཐར་ལམ་འགྲོད་པའི་ལམ་གསུམ་བཟང་། །སྐྱེ་མེད་ཆོས་སྐུ་རེ་དོགས་བྲལ། །མཉམ་ཉིད་ལོངས་སྐུ་འགགས་པ་མེད། །སྣང་སྟོང་ཟུང་འཇུག་ཕྱག་རྒྱར་བསྒྱུར། །ཤེས་རིག་རྒྱལ་པོའི་དྲན་སོ་བཙུགས། །སྣང་སེམས་འདི་བརྗོད་མེད་ཡེ་སྟོང་ཀློང་། །སངས་རྒྱས་དང་སེམས་ཅན་བཏགས་པ་ཙམ། །གཉིས་བསྡུས་ཀྱི་ཆོས་རྣམས་མཁའ་ལ་ཡལ། །ཡུལ་མདོ་ཁམས་སུ་སྐྱེས་པའི་བྱ་བྲལ་པས། །གནས་མཆོག་དཔལ་གྱི་ཙྭ་རི་རུ། །རྫོགས་ཆེན་གྱི་ཆོས་མང་ཐོབ་པའི་ཚེ། །ཉམས་གཏད་མེད་ཀྱི་སྣང་བར་གང་ཤར་དུ། །སེམས་བཟོ་མེད་ཀྱི་ངང་ནས་བྲིས་པའོ། །རྗེ་ན་མོ་མ་ཧཱ་གུ་རུ་ཡེ། །སྐྱབས་སྐུ་གསུམ་གྱི་བདག་ཉིད་བླ་མ་རྗེ། །བདག་ལས་ངན་ཚད་པས་གདུང་བའི་བུ། །ཐར་འདོད་ཀྱི་འོ་དོད་འབོད་ལགས་ན། །མགོན་ཁྱོད་ཀྱི་ཐུགས་རྗེའི་གྲུ་ཆེན་གྱིས། །བདག་འགྲོ་དྲུག་སྲིད་པའི་མཚོ་ལས་སྒྲོལ། །མ་མཁའ་མཉམ་འཁོར་བའི་འཇིགས་ལས་སྐྱོབས། །ད་ཡང་ཅིག་སོམས་དང་བྱ་བྲལ་པ། །དབྱིངས་གདོད་མའི་ཆོས་དབྱིངས་ཡེ་ཤེས་དེ། །དོན་སྒྲིབ་མེད་ངོ་བོ་ཀ་དག་ཀྱང་། །བག་ལ་ཉལ་གྱི་ཉོན་མོངས་ལྡང་། །མ་རིག་གཟུང་འཛིན་སྦུབས་སུ་ཞུགས། །ལས་སྣ་ཚོགས་སྡུག་བསྔལ་མྱོང་བར་གྱུར། །འཁོར་བ་ཐོག་མ་མེད་པ་ནས། །ལུས་འདི་ཡན་ཆད་སྐྱེ་འཆི་བརྒྱུད། །ཤ་ལུས་དབུས་ཀྱི་རི་ལས་མཐོ། །རྣག་ཁྲག་རྒྱ་མཚོ་ལས་ཀྱང་མང་། །ངུས་པའི་མཆི་མ་རོལ་མཚོ་བདུན། །ལས་འཕྲོ་བསམ་འདས་བརྗོད་མི་ལང་། །ཀྱེ་མ་ཁམས་གསུམ་འཁོར་བའི་ཆོས། ཐོས་པ་རྒྱལ་བའི་བཀའ་ལ་གྱིས། །མྱོང་བས་འདི་ཕྱི་གཏན་ལ་ཕོབ། །ཁྱོད་ཐོས་པའི་སྒྲོ་འདོགས་རིན་པོ་ཆེ། །དམ་པའི་ཆོས་བཞིན་མ་འགྲུབ་ན། །གནད་ཤེས་སོ་སྨྲས་པས་ཅི་ལ་ཕན། །དཔེ་ཆུ་དཀྱིལ་གྱི་རྡོ་བ་སྐམ་པོ་ལྟར། །རང་རྒྱུད་ཆོས་དང་མ་འདྲེས་ན། །ཐར་པའི་དཔྱངས་ཐག་ངེས་པར་འ ཆད། །དེ་ཕྱིར་བཀའ་བསྟན་ཐོས་པ་གྱིས། །ངེས་པའི་གོ་བ་སེམས་ལ་ལོང་། །རིགས་དྲུག་འཁོར་གནས་གར་སྐྱེས་ཀྱང་། །མི་རྟག་བར་སྣང་འཇའ་དང་འདྲ། །དུས་སྔ་ཕྱི་མི་རྟག་སྐད་ཅིག་འགྱུར། །ཁྱོད་མི་རྟག་པའི་མཚན་ཉིད་ཤེས་གྱིས་ལ། །དགྲ་ལ་སྡང་དང་གཉེན་ལ་བྱམས། །ཐོག་མ་མེད་ནས་བྱས་པ་ལ། །རང་བྱས་རང་གིས་རང་བསམ་ཐོང་། །དཔེ་རྨི་ལམ་ཡུལ་གྱི་བདེ་སྡུག་བཞིན། །དོན་འབྲས་འཁྲུལ་པ་རང་རྒྱུད་པ། །ཚུལ་འདི་ལྟར་བསྒྲུབས་ན་འཁོར་བར་འཆིངས། །ཁྱོད་ཆགས་སྡང་འདི་ད་ནས་སྤང་བར་གྱིས། །སྡུག་བསྔལ་ལས་ཀྱི་རྒྱ་མཚོ་ལས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་རྙེད། །དུས་ད་རེས་ཡིད་བཞིན་ནོར་བུ་འདི། །མི་གཙང་འདམ་དུ་མ་དོར་བར། །འདི་རྙེད་དཀའ་བསམ་ལ་ཆོས་ལ་རེམ། །དམ་པའི་ལྷ་ཆོས་རིན་པོ་ཆེ། །ཁས་སྨྲས་ཚད་དམ་ཆོས་ཤེས་པ་མིན། །བྱ་ནེ་ཙོའི་ཁ་ནས་ཆོས་བཤད་ཡོང་། །དུས་ངན་སྐྱེ་བོས་ཆོས་སྐད་གཏོང་། །ཁོས་དོན་དེ་གོ་བ་མ་ལགས་ཀྱང་། །ཁ་གོམས་འདྲིས་དག་ལ་བརྟེན་ཏེ་སྨྲས། །བརྗོད་བྱའི་ཚིག་ལས་བརྗོད་མེད་དོན། །དེ་གོ་བར་གྱུར་ན་གོ་བ་ལགས། །ཤེས་པར་གྱུར་ན་ཤེས་རབ་ལགས། །དེ་རང་རྒྱུད་ལ་ལྡན་ཡོན་ཏན་ལགས། །དོན་དེ་བཞིན་དུ་སྐྱོང་བ་སྒོམ་པ་ལགས། །སེམས་རེ་དོགས་དང་བྲལ་ཚེ་འབྲས་བུའི་རྟགས། །མི་ལུས་རིན་ཆེན་རྙེད་པའི་ཚེ། །རྩ་བ་གཅིག་ནས་བཅད་པ་ལས། །ཡལ་ག་ཉོན་མོངས་ཁྲི་འབུམ་སྐམ། །བག་ཆགས་རི་བོ་རྩེ་ནས་བསྙིལ། །སྡུག་བསྔལ་རྒྱ་མཚོ་གཏིང་ནས་སྐམ། །ཆགས་སྡང་འཚུབ་མ་དབྱིངས་སུ་གཏོར། །ཀུན་གཞི་སེམས་འབྱུང་བག་ཆགས་སོགས། །ཀ་དག་ཆོས་སྐུར་ལྷུན་གྱིས་གྲུབ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཡུལ་མདོ་ཁམས་སུ་སྐྱེས་པའི་བྱ་བྲལ་པ། །བདག་ཨོ་རྒྱན་རིགས་འཛིན་རྒྱ་མཚོ་ཡིས། །གནས་ཙྭ་རི་ཏྲ་ཡི་ལ་བ་ཕུག །མི་སྐལ་བཟང་ཚོགས་པའི་ཁྲོམ་དཀྱིལ་དུ། །ཉམས་སྣང་བའི་སྐྱོ་ཤས་ལ་བརྟེན་སྨྲས། །དེ་ནས་དགའ་ཡོ་ལ་ནས། དག་པ་ཤེལ་རི་ལ་མཎྜལ་འབུལ་བའི་སར། གཞུང་སྐོར་དུ་ཕྱིན་ཚེ། མཎྜལ་དུ་ཕུལ་བ་ནི། ཧཱུཾ་སྣང་སྲིད་གཞི་བཞེངས་དཀྱིལ་འཁོར་ལ། །སྟོང་གསུམ་རབ་འབྱམས་ཉི་ཟླས་བརྒྱན། །རྒྱུ་སྐར་དྲ་བའི་ཕྲེང་བས་སྤྲས། །བློ་ཡིས་བླངས་ཏེ་རྒྱལ་བ་མཆོད། །ནང་བཅུད་འགྲོ་བའི་ཕུང་ཁམས་དང་། །རིན་ཆེན་སྣ་ཚོགས་འབྲུ་ནོར་དབྱིག །ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར། །དངོས་འབྱོར་ཡིད་སྤྲུལ་རྒྱལ་བ་འཆོད། །ཀ་དག་དབྱིངས་ཀྱི་དཀྱིལ་འཁོར་ལ། །ཆོས་དབྱིངས་སྙིང་པོས་ལེགས་བརྒྱན་ཏེ། །འཁོར་འདས་རང་གྲོལ་སྤྲོས་བྲལ་ངང་། །ཁྱབ་གདལ་ཕྱོགས་ལྷུང་བྲལ་བས་མཆོད། །ཁྱད་པར་དག་པ་ཤེལ་རི་ལ། །སྒོ་གསུམ་ལྷུན་གྲུབ་མཎྜལ་གྱིས། །རྟག་པ་རྒྱུན་གྱི་འཁོར་ལོ་རུ། །ཚངས་ཆེན་བསྐལ་པས་ལེགས་བརྒྱན་ཏེ། །ཉིས་སྟོང་བརྒྱད་བརྒྱའི་ལྷ་ཚོགས་ལ། །དབྱིངས་ཀྱི་འཕྲུལ་ལས་དབྱིངས་སུ་འབུལ། །ཐུགས་རྗེའི་བརྩེ་བས་བཞེས་ནས་ཀྱང་། །བདག་དང་འགྲོ་བ་སེམས་ཅན་རྣམས། །བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག །ཨོཾ་མཎྜལ་པུཙྪ་མེ་གྷ་ཧཱུཾ། །ཅེས་སྨྲས་སོ། །སླར་ཡང་སྨྲ་འདོད་ཞིག་བྱུང་ནས་འདི་སྐད་དོ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །རྗེ་རྒྱལ་བ་ཡོངས་ཀྱི་འཕྲིན་ལས་པ། །མགོན་ཟླ་བྲལ་པདྨ་བཛྲ་དེ། །གང་ཟག་གི་གཟུགས་འཛིན་འགྲོ་བའི་དཔལ། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །ཨེ་མ་གནས་ཆེན་ཙྭ་རི་ཏྲ། །ཉེ་བའི་མཐུན་སྤྱོད་ཚནྡྷོ་ཧ། །སྔོན་ལྷ་ཆེན་མ་ཧཱ་དེ་ཝ་དང་། །བཙུན་མོ་ཨུ་མ་དེ་ཝ་ཡི། །གནས་ཡུལ་ཞེས་བཏགས་ཤིང་བདག་ཏུ་བཟུང་། །ཨ་ལ་སྔོན་ཚེ་བདག་པོ་བཟང་། །བར་དུ་འདུལ་ཞིང་གསང་སྔགས་བསྟན། །འབྲས་བུའི་ཆོས་ཀྱི་སྒྲོན་མེ་སྦར། །བར་དུ་འདུལ་ཞིང་ངོ་རེ་མཚར། །དུས་དེངས་སང་དཔའ་བོ་མཁའ་འགྲོའི་ཞིང་། །མི་སྐལ་བཟང་མང་པོ་འདུ་ཚོགས་བྱེད། །འབྱོར་ལྡན་བསོད་ནམས་བསགས་པའི་གནས། །ལས་བཟང་འབྲེལ་པ་འཇོག་པའི་གནས། །སྡིག་ཅན་སྒྲིབ་པ་སྦྱོང་བའི་གནས། །གནས་ངོ་མཚར་མང་ལྡན་ཙྭ་རི་ཏྲ། །ཁྱོད་ཆེ་བའི་ཡོན་ཏན་བརྗོད་པ་ནི། །མཆོག་རྡོ་རྗེའི་ལྗགས་འཛིན་མ་གཏོགས་པ། །མི་སོ་སྐྱེ་ཡིས་བརྗོད་པར་ག་ལ་ལོངས། །ཨེ་མ་ངོ་མཚར་རྨད་བྱུང་གནས། །ད་གཟིགས་དང་བཀའ་བརྒྱུད་བླ་མ་རྣམས། །མགོན་མ་གཡེལ་ཡི་དམ་རྒྱུ་སྡེའི་ལྷ། །ཆོས་སྣ་ཚོགས་འབྲེལ་འབྱུང་མཁའ་འགྲོ་མ། །བཀའ་ལེགས་ཉེས་ཀྱི་སྟངས་འཛིན་བྱ་ར་བ། །འགྲོ་དྲུག་སྡུག་བསྔལ་རྒྱ་མཚོ་ན། །མ་རིག་མུན་པ་འཐིབ་པོ་ཆེ། །ལས་རླུང་ཆུ་བོ་རྒྱུན་རིང་པོ། །ཉོན་མོངས་ཀྱི་འདམ་རྫབ་རྒྱ་གཏིང་ཅན། །སྐྱེ་འཆིའི་ཁ་ལོ་གྲངས་མང་པོ། །དུས་ཐོག་མ་མེད་པ་འཁོར་བའི་གནས། །དུས་ཐ་མ་མེད་པ་འཁོར་བའི་ཡུལ། །ལས་བྱས་བཞིན་ཟིན་མེད་འཁོར་བ་པ། །བདེ་འདོད་བཞིན་སྡུག་འབྱུང་འཁོར་བ་པ། །སྐྱེས་བཞིན་དུ་འཆི་བའི་འཁོར་བ་པ། །འདུས་བཞིན་དུ་འབྲལ་བའི་འཁོར་བ་པ། །བསགས་བཞིན་དུ་འཛད་པའི་འཁོར་བ་པ། །བསླངས་བཞིན་དུ་འགྱེལ་པའི་འཁོར་བ་པ། །དོན་མ་གོ་ལོག་འཁྱམས་འཁོར་བ་པ། །ཀྱེ་མ་དམྱལ་བའི་དོང་ཆེན་དུ། །ཚ་གྲང་གཉིས་ཀྱི་ལས་ཀྱིས་མནར། །ཡི་དྭགས་ཀྱི་ནི་གྲོང་ཁྱེར་དུ། །བཀྲེས་སྐོམ་གཉིས་ཀྱི་ལས་ཀྱིས་མནར། །དུད་འགྲོའི་འཇིག་རྟེན་ཁམས་དག་ན། །གཅིག་གི་གཅིག་ལ་ཟ་བས་མནར། །བར་གྱི་འགྲོ་བ་མི་ཡུལ་ན། །སྐྱེ་རྒ་ན་འཆིའི་ལས་ཀྱིས་མནར། །སྟེང་གི་ལྷ་མིན་ཡུལ་དེ་ན། །འཐབ་རྩོད་གཉིས་ཀྱི་ལས་ཀྱིས་མནར། །སྲིད་པ་ལྷ་ཡི་འཇིག་རྟེན་ན། །འཆི་འཕོ་ལྟུང་བའི་ལས་ཀྱིས་མནར། །ལས་ལས་སྐྱེས་པའི་འགྲོ་བ་དྲུག །ཆུ་སྲིན་གྱི་ནི་མཆེ་བྲག་ལྟར། །སྡུག་བསྔལ་རྦ་ཀློང་འཁྲུག་པའི་ཡུལ། །མི་བཟོད་སྡུག་བསྔལ་འདི་ལྟ་བུ། །ཉེས་བྱས་རང་གི་ལས་ལས་བྱུང་། །དུས་རིང་རྟག་དཀའ་ཕ་མཐའ་ཡས། །མི་བཟོད་དྲག་པོའི་སྡུག་བསྔལ་འདི། །དུས་གསུམ་སངས་རྒྱས་ཐུགས་རྗེ་ཅན། །ཁྱད་པར་གནས་མཆོག་ཙྭ་རི་ན། །བཞུགས་པའི་བླ་མ་ཡི་དམ་དང་། །གནས་པ་མ་དང་མཁའ་འགྲོའི་ཚོགས། །ཁྱེད་རྣམས་ལ་ཐུགས་རྗེའི་མཐུ་ཡོད་ན། །བདག་སྐྱབས་མེད་འཁོར་བའི་སེམས་ཅན་རྣམས། །གཏི་མུག་གཉིད་ལས་ད་སློངས་ཤིག །ལས་རླུང་གི་ཆུ་བོ་ད་ཟློག་ཅིག །ཉོན་མོངས་འདམ་རྫབ་ད་སྐོམ་ལ། །འཁྲུལ་སྣང་གི་བདེན་ཞེན་དབྱིངས་སུ་བསྟིམ། །ཀ་དག་རང་ས་ཟིན་ནས་ཀྱང་། །བདག་གཞན་དོན་གཉིས་འགྲུབ་པ་རུ། །གནས་མཆོག་དག་པ་ཤེལ་རི་ན། །བཞུགས་པ་རྣམས་ཀྱི་བྱིན་གྱིས་རློབས། །ཅེས་པ་འདི་ཡང་སྤྲང་རྒན་རིགས་འཛིན་རྣམ་རྒྱལ་པས། །གནས་མཆོག་དག་པ་ཤེལ་རིའི་མདུན་དུ་སྨྲས་པའོ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །དུས་གསུམ་སངས་རྒྱས་རིན་པོ་ཆེ། །དྲིན་ཅན་བླ་མ་མི་གཟུགས་ཅན། །བསྟན་འགྲོའི་བདེ་ལེགས་འབྱུང་བའི་གནས། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །མི་བདག་གི་བླ་མ་རིན་པོ་ཆེ། །དུས་ད་ལྟ་ཉི་མ་ལྷོ་ཡི་ཕྱོགས། །གནས་ཟབ་ལམ་རྡོ་རྗེ་ར་བར་བཞུགས། །ཁོང་སྣང་སྲིད་འཁོར་འདས་མ་བཅོས་པར། །འོད་གསལ་རྡོ་རྗེ་རྩེ་མོའི་ངང་། །ལྷུན་གྲུབ་ཆོས་ཉིད་ཡངས་པའི་རྩེར། །ཁྱེད་བཞུགས་པ་བསྟན་འགྲོའི་དཔལ་དུ་ཤར། །བདག་བྱ་བྲལ་པ་ལ་བྱིན་གྱིས་རློབས། །རྒྱལ་ཁམས་ཡོངས་ལ་སོང་སོང་ནས། །འགྲོ་འདུག་སྐོར་བར་བསྒྱུར་བའི་ཚེ། །སྣང་སྲིད་ཞིང་ཁམས་ལྷ་ཡི་ངང་། །ནང་འབྱུ ང་བཞི་ལུས་ཀྱི་དཀྱིལ་འཁོར་ལ། །ཟས་གོས་བཟའ་བཏུང་ཚོགས་སུ་བསྒྱུར། །གསང་བ་རང་བྱུང་དཀྱིལ་འཁོར་ལ། །ཀ་དག་སྙིང་པོས་ལེགས་བརྒྱན་ཏེ། །འོད་གསལ་རྡོ་རྗེ་རྩེ་མོའི་ངང་། །སྒོ་གསུམ་ཡོ་གའི་ལམ་འཁྱེར་བཟང་། །དུས་མཐར་སྐྱེས་པའི་བྱ་བྲལ་ང་། །དཔལ་ལྡན་བླ་མའི་བཀའ་དྲིན་དང་། །ལས་འཕྲོ་བཟང་པོའི་མཐུ་སྟོབས་ཀྱིས། །དོན་དང་ལྡན་པས་སྐལ་པ་བཟང་། །བྱ་བ་ཐེངས་པས་གཏན་བདེ་འགྲུབ། །མཚན་ལྡན་བླ་མ་བཀའ་དྲིན་ཆེ། །སྔོན་བསགས་བསོད་ནམས་ལས་འཕྲོ་བཟང་། །ཤར་མདོ་ཁམས་སྐྱེས་པའི་ཕ་ཡུལ་དེ་། །ཐག་རིང་དུ་བོར་བས་ཆགས་སྡང་བྲལ། །ཉེ་འབྲེལ་འཁོར་བའི་བཙོན་རྫི་དེ། །རྒྱང་རིང་ན་ལུས་པས་ཐུགས་དམ་འཕེལ། །བླ་མེད་དོན་གྱི་དགོངས་པ་དེ། །ངེས་ཤེས་ནང་ནས་ཤར་བས་བདེ། །ས་ལམ་ཡོན་ཏན་དྲོད་རྟགས་དེ། །སྦྱངས་བསྒྲོད་མཐའ་བྲལ་རྟོགས་པས་བདེ། །སེམས་ཉིད་ཆོས་སྐུ་དྲི་མེད་དེ། །མངོན་སུམ་རང་ཞལ་མཇལ་བས་བདེ། །བདེ་གསལ་མི་རྟོག་ཉམས་མྱོང་དེ། །ལམ་གྱི་གྲོགས་སུ་ཤར་བས་བདེ། །ཆོས་ཉིད་རང་ཞལ་ལྷག་གེ་མཇལ། །དབྱིངས་རིགས་སྣང་བ་གོང་དུ་འཕེལ། །གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན། །རེ་དོགས་བྲལ་བས་བློ་སྣང་བདེ། །བདེ་ཆེན་རྒྱལ་པོའི་རྣལ་འབྱོར་པ། །དྭགས་པོའི་ཡུལ་གྱི་སྐྱེ་འགྲོ་ལ། །ཆོས་ཀྱི་འབྲེལ་པ་འདོགས་པ་དང་། །བསམ་གཏན་འཚོ་བ་བསྒྲུབ་ཏུ་འགྲོ། །སླུ་མེད་དམ་པའི་བྱིན་རླབས་ཀྱིས། །གེགས་མེད་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་དྭགས་པོར་བསོད་སྙོམས་ལ་སོང་དུས་སྨྲས་པའོ། །དྭགས་པོ་གྱ྄ེ༷ལ་ལྡན་དགའ་རུ། །བཙུན་མ་འགའ་ཞིག་གིས་མགུར་མ་ཞིག་ངེད་རྣམས་ལ་གསུངས་དང་ཟེར་ཚེ་སྨྲས་པ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །ད་ཉོན་དང་དྭགས་ཡུལ་བཙུན་མ་རྣམས། །ཨ་ལ་ཉམས་མཚར་བགད་རེ་བྲོ། །བསམ་ཤིང་དཔྱད་ན་སྐྱོ་བ་སྐྱེ། །ཉམས་མཚར་བགད་རེ་མི་བྲོད་རྒྱུ། །མེད་ལ་ཡོད་པའི་བདག་འཛིན་བྱེད། །སྟོང་ལ་འཁྲུལ་པའི་འཁོར་ལོ་བསྐོར། །དོན་ཆེན་གཏན་བདེའི་དམ་ཆོས་བསྐྱུར། །དོན་མེད་ཚེ་འདིའི་བྱ་བ་ལ། །གྲུང་གྲུང་བྱེད་འདི་བགད་རེ་བྲོད། །བསམ་ན་སྐྱོ་བ་མི་སྐྱེ་རྒྱུ། །བཟང་པོ་འདོད་ནས་རང་དོན་དུ། །མནའ་སྡིག་རྨོངས་གསུམ་བསྒྲུབ་པ་འདི། །རང་མགོ་རང་གིས་བསྐོར་བ་སྟེ། །ངན་སོང་སྡུག་བསྔལ་རིན་གྱི་ཉོས། །དེས་ན་བསམས་ཤིང་སྐྱོ་བ་སྐྱེ། །ལུས་དལ་འབྱོར་རིན་ཆེན་མི་ལུས་འདི། །ཚེ་སྔ་མའི་སྦྱངས་འབྲས་བཟང་པོའི་མཐུས། །དུས་ད་ལན་ལོང་བས་མིག་རྙེད་ལྟར། །རྟེན་ཡིད་བཞིན་ནོར་བུ་ཆུད་མ་གསོན། །དགྲ་གྲགས་ཅན་འཆི་བདག་བདུད་པོ་དེ། །དུས་ནམ་ཡོང་ཆ་ཚོད་མི་འདུག་པས། །བྱ་ར་འཆི་བདག་བདུད་ལ་ཐོང་། །འཆི་བ་སོམས་ལ་ཆོས་ལ་འབུངས། །རྐྱེན་ངན་བར་ཆད་ནད་གདོན་བགེགས། །དེ་ཡོ་ལངས་ནམ་འཚུབ་མི་འདུག་པས། །ཆེ་བཞག་ཆུང་བསྐྱུར་ཆོས་ལ་འབུངས། །ལས་ཐམས་ཅད་མི་རྟག་སྙིང་པོ་མེད། །ཚེ་འདི་ཕྱོགས་བདེ་འབྱོར་དབང་ཐང་རྣམས། །དཔེ་རྨི་ལམ་ཡུལ་གྱི་སྣང་བ་ལྟར། །དོན་མེད་འཛིན་སེམས་ཆགས་པས་བསླུས། །ད་མ་ཆགས་ཚེ་འདིའི་བྱ་བ་བོར། །མ་ཞེན་འཁྲུལ་སྣང་རྗེས་མ་འབྲང་། །འཁོར་བ་འགྲོ་དྲུག་གར་སྐྱེས་ཀྱང་། །སྡུག་བསྔལ་རྦ་ཀློང་འཁྲུག་པའི་གནས། །བདེ་བ་སྐད་ཅིག་མེད་པའི་ཡུལ། །ལུས་འདིའི་སྟེང་ནས་རྒྱབ་གྱེས་དགོས། །ཆོས་བྱས་ལོ་ཐོས་ལོ་མ་བྱེད་པར། །རང་ཁ་འོག་ལག་ཆུག་མནོ་བསམ་ཐོང་། །ལུས་བསྲུང་སྡོམ་ལ་ངོས་ལྐོག་མེད་གལ་ཆེ། །རང་མགོ་རང་གིས་མ་བཏོན་ན། །མི་གཞན་གྱིས་སྐྱོབ་པར་ཤིན་ཏུ་དཀའ། །ཕར་ཕྱིན་དྲུག་དང་དགེ་བ་བཅུ། །ཅི་ལྟར་ཆུང་ཀྱང་མ་བརྙས་སྒྲུབས། །མི་དགེ་བཅུ་དང་མཚམས་མེད་ལྔ། །ཆུང་ངུར་སྣང་ཡང་མ་བརྙས་སྤོངས། །ལར་དམ་པའི་ལྷ་ཆོས་དམ་པ་འདི། །སྙིང་ནས་བརྩོན་པས་མ་སྒྲུབས་ན། །བྱས་ལོ་ཐོས་ལོས་གོ་ཆོད་དཀའ། །མི་དགེ་ཕམ་ལྟུང་སྡིག་པའི་ལས། །སྙིང་ནས་དམ་བཅས་མ་སྤངས་ན། །མཐོ་རིས་ལམ་སྣ་ཟིན་དུས་མེད། །མཚན་ལྡན་བླ་མ་སྤྱི་བོར་ཁུར། །གདམས་པ་ཟབ་མོའི་བདུད་རྩི་འཐུང་། །དབེན་པའི་གནས་དང་རི་ཁྲོད་འགྲིམས། །དམ་བཅའ་དྲག་པོ་སྙིང་ལ་ཐོབ། །ལྟོ་གོས་གཏམ་ལ་གྱོང་གསུམ་ཁུར། །ཆགས་སྡང་ཕ་ཡུལ་རྒྱང་དུ་བསྲིངས། །ཉེ་འབྲེལ་འཁོར་བའི་གཏིང་རྡོ་སྐྱུར། །ནམ་འཆི་ཆ་མེད་ཆོས་ལ་འབུངས། །ཁྲལ་བཙུན་མ་ཚོ་འཁོར་བ་སྤོངས། །ཐར་པའི་ལམ་སྣ་ཟིན་ཐབས་མཛོད། །ཅེས་སྨྲས་སོ། །ཡང་དྭགས་པོ་ལྡན་སྒའི་སྦྱིན་བདག་མང་པོ་ཞིག་གིས་གསུང་མགུར་གནོང་ཟེར་ཚེ་སྨྲས་པ། ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུཾ། སྐྱེ་འཆིའི་འཇིགས་བྲལ་རྡོ་རྗེ་ལྟ་བུའི་སྐུ། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །དུས་གསུམ་བླ་མ་མཚོ་སྐྱེས་རྡོ་རྗེ་ལ། །རྣམ་པ་ཀུན་ཏུ་གུས་པས་སྐྱབས་སུ་མཆི། །སྙན་ཅིག་གསོན་དང་ཡོན་བདག་དད་ལྡན་རྣམས། །འོད་གསལ་ཆོས་སྐུ་དྲི་མེད་རྒྱལ་བའི་ཁམས། །མ་རིག་འཛིན་པས་སྲིད་པར་འཁྱམ་སྟེ་འགྱོད། །སྔོན་བསགས་མཐུ་ཡིས་ད་ལན་མི་ལུས་ཐོབ། །སྐལ་པར་ལྡན་པས་སངས་རྒྱས་བསྟན་པ་མཇལ། །མོས་གུས་ལྡན་པས་བླ་མ་རྣམས་དང་འཕྲད། །རྣམས་ཤེས་དབང་པོ་ཚང་ཞིང་ཤེས་རིག་གྲུང། །རྒྱུ་འབྲས་བླང་དོར་སོ་མཚམས་ཕྱེད་དུས་འདིར། །སྙིང་རུས་གྱིས་ལ་དམ་པའི་ལྷ་ཆོས་མཛོད། །དམ་ཆོས་མ་གཏོགས་སྙིང་པོ་གང་ལའང་མེད། །འདུས་བྱས་ཐམས་ཅད་འཇིག་པའི་རང་བཞིན་ཡིན། །འགྲོ་དྲུག་ཐམས་ཅད་སྡུག་བསྔལ་རང་བཞིན་ཡིན། །ཆོས་བཞིན་མ་འགྲུབ་བདེ་བའི་གོ་སྐབས་མེད། །ཉིན་པར་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམས། །ངག་གི་བཟླས་བརྗོད་ཡི་གེ་དྲུག་མ་མཛོད། །མཚན་མོ་རིགས་འཛིན་པདྨ་འབྱུང་གནས་བསྒོམས། །སྙིང་པོ་བཛྲ་གྷུ་རུའི་འཛབ་ལ་འབུངས། །རྣམ་པ་ཀུན་ཏུ་རང་སེམས་དཔང་དུ་ཞོག །ཡར་གྱི་མཆོད་གནས་རྣམས་ལ་མཆོད་པ་དང་། །མར་གྱི་མ་ནུས་འགྲོ་ལ་སྦྱིན་པ་དང་། །བར་དུ་སྐྱེ་འགྲོ་ཀུན་ལ་བྱམས་སྐྱོང་མཛོད། །བདེ་བ་ཅན་དང་ཕོ་བྲང་པདྨ་འོད ། །འཆི་བར་གྱུར་ཚེ་སྐྱེ་བའི་སྨོན་ལམ་ཐོབ། །ཅེས་སྨྲས་སོ། །དྭགས་པོ་ལྡན་སྒ་རུ་དབང་བྱས་ཚེ། །བྱིས་པ་མང་པོ་བྱུང་བ་ལ་སྨྲས་པ། །ཨེ་མ་སངས་རྒྱས་ཀུན་ལས་ལྷག །ཕ་ཅིག་མཚན་ལྡན་བླ་མ་མཁྱེན། །ང་དུས་མཐའི་བྱ་བྲལ་རྒྱལ་ཁམས་པ། །དུས་དོ་དགོངས་ལྟད་མོ་བཟང་དུ་འདུག །ཁྱེད་བྱིས་པ་རྣམས་ཀྱང་ཕྱག་ཕེབས་ལགས། །ང་འཁོར་བ་ཐོག་མ་མེད་པ་ནས། །རྩེད་མོ་ལ་འབྱམས་པའི་གཞོན་ནུ་ང་། །སྒོ་གསུམ་གྱི་རྩེད་མོ་བྱེད་སྙིང་འདོད། །ཁྱེད་འདིར་ཚོགས་མ་ཡེངས་ལྟད་མོ་གཟིགས། །ལུས་དལ་འབྱོར་ས་གཞི་ཡངས་པ་ན། །སེམས་གཞོན་ནུ་བུམ་སྐུའི་ཁྱེའུ་ཡི། །ངག་འགག་མེད་རོལ་པའི་གྲོགས་ལྡན་ཚེ། །རྩེད་འཇོ་འཁྲབ་པའི་དུས་ལ་བབ། །འདུས་བྱས་ཕུང་པོའི་གྲོང་ཁྱེར་འདིར། །ཡུལ་སྣང་སྣ་ཚོགས་བྱིས་པ་དང་། །ལྷན་དུ་ཚོགས་ཚེ་བདེན་མེད་བརྩེ། །ཐར་ལམ་ཐེམ་སྐས་དམ་ཆོས་གྲངས། །བློ་འཇུག་སྒོའི་ཐོས་བསམ་སྦྱང་བའི་ཚེ། །དོན་ཐེག་ཆེན་ཡང་རྩེའི་གྲོགས་དང་བརྩེ། །བློ་བྲལ་གཉུག་མའི་གྲོང་ཁྱེར་ན། །ཀ་ནས་དག་པའི་དོན་མཐོང་ཚེ། །སྣང་བ་རྣམ་བཞིའི་གྲོགས་དང་བརྩེ། །ཆོས་ཟད་བྱ་བྲལ་གྲོང་ཁྱེར་ན། །ཡེ་དག་རང་རྩལ་རྫོགས་པའི་ཚེ། །ཐམས་ཅད་ཁྱབ་གདལ་གྲོགས་དང་བརྩེ། །བྱ་བྲལ་རྩེད་མོ་དེ་བཞིན་དུ། །འདིར་ཚོགས་རྣམས་ཀྱང་བརྩེས་ལ་ཤོག །ཚེ་འདིར་ཡང་བདེ་ལ་ཕྱི་མ་བདེ། །ལྷ་ཆོས་ཡིན་ནོ་མཆེད་གྲོགས་ཚོ། །འདིར་ཡང་སྡུག་ལ་ཕྱི་མ་སྡུག །འཁོར་བ་ཡིན་ནོ་མཆེད་གྲོགས་ཚོ། །འདི་ཕྱི་གཉིས་ཀྱི་བསམ་བློ་ཐོང་། །བཟང་ངན་འདེམ་ཁ་མ་ནོར་ཅིག །ཡང་ཡང་འདེམ་ཁ་ཡོང་བ་དཀའ། །རང་མགོ་རང་གིས་མ་སྣུབ་ཅིག །སྡུག་བསྔལ་རིན་གྱིས་མ་ཉོ་ཞིག །གནས་གཤིན་ཡུལ་སྙོགས་དུས་འགྱོད་མེད་མཛོད། །ཕ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཁོང་འདིར་ཚོགས་སྣང་སེམས་ཆོས་ལ་སྒྱུར། །ཅེས་སྨྲས་པས་ཀུན་གྱིས་ལེགས་སོ་ཟེར་རོ། །དེ་ནས་གྲོང་ངད་ཀྱི་གནས་པོ་ཁང་ཕྲག་སྟོན་པ། །གནས་མོ་བསོད་ནམས་མ། །བཙུན་མ་རིགས་འཛིན་སྒྲོལ་མ་སོགས་མང་ཞིག་གིས། །མགུར་མ་ཞིག་དགོས་ཟེར་ཚེ་སྨྲས་པ། །དཔལ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཀུན་བཟང་བླ་མའི་ཞབས་ལ་འདུད། །ང་ཆང་འཐུང་ཚིག་གི་ཁ་མང་མིན། །སྨྲ་འདོད་ང་རྒྱལ་བྱེད་པ་མིན། །དགོས་གསུང་དང་རྡོ་རྗེའི་དབྱངས་ཤིག་ལེན། །གླུ་ལེན་ལ་སྤྲོ་རྒྱུ་མ་མཆིས་ཏེ། །ལྷ་སངས་རྒྱས་བྱོན་ནས་ཆོས་བསྟན་ཡང་། །དུས་དེངས་སང་གི་འགྲོ་བ་མི་གྲོལ་འདྲ། །དེས་ན་སྤྲོ་རྒྱུ་མི་འདུག་ལགས། །འོན་ཀྱང་རིགས་དྲུག་ཡུལ་བསམ་ན། །དལ་འབྱོར་མི་ལུས་ཐོབ་ནས་ཀྱང་། །ཕུགས་ཀྱི་བདེ་བ་མི་འདུག་ཀྱང་། །ད་ལྟ་འཕྲལ་གྱི་ཉམས་དགའ་ལ། །བླ་མ་ཡོན་བདག་ཟེར་ནས་ཚོགས། །དགའ་དགའ་འདྲ་ཞིག་འདུག་པས་ན། །འདོ་མེད་སྤྲང་པོས་གླུ་ཞིག་ལེན། །སྐྱབས་སངས་རྒྱས་ཀུན་གྱི་མངའ་བདག་མཆོག །དཔལ་མཚུངས་མེད་ཆོས་རྗེ་པདྨ་འབྱུང་། །ང་སྙིགས་དུས་འགྲོ་ལ་ཐུགས་རྗེས་སུ་བཟུང་། །ད་ཉོན་དང་དད་ལྡན་ཕོ་མོ་རྣམས། །ཁོ་དངོས་མེད་ཀུན་གྱི་མཁན་པོ་ཞིག །ཐོག་མེད་དུས་ནས་མ་རིག་འཁྲུལ། །སྡུག་བསྔལ་འཁོར་བའི་མཚོ་ལ་བྱིང་། །རང་བྱས་ལས་ཀྱིས་རང་ཉིད་མནར། །སྐྱེ་འཆིའི་ཁ་རྒྱུད་ཡང་ཡང་འཁོར། །ད་སྟེ་མི་ལུས་སྒྱུ་མ་ཡི། །གྲུ་འདི་ཡོད་ཚེ་སྒྲོལ་མཛོད་དང་། །བདེ་ལྡན་ཐར་པའི་ཞིང་བཟང་ཞིག །ཡོད་པར་འདུག་གོ་སྐལ་ལྡན་ཚོ། །དོན་མེད་མི་ཚེ་སྟོངས་ཟད་དུ། །འཁོར་བའི་གནས་ལ་མ་ཆགས་ཤིག །མནའ་སྡིག་རྨོངས་གསུམ་ངན་སོང་རྒྱུ། །ལུས་འདིའི་སྟེང་ནས་མ་སྒྲུབ་ཅིག །ཆོས་ཞེས་བྱ་བ་དགེ་བ་ཡིན། །རྟག་ཏུ་འབད་དེ་གསོག་འཇོག་མཛོད། །ཕྱི་མའི་རྒྱགས་ཕྱེ་འཐག་རེ་རན། །སྡིག་ཅེས་བྱ་བ་ཆགས་སྡང་ཡིན། །དུག་གསུམ་དབང་དུ་མ་གཏོང་ཞིག །འབྲས་བུ་ཁམས་གསུམ་འཁོར་བ་ཡོད། །ཕ་མཚན་ལྡན་བླ་མ་སྤྱི་བོར་བསྒོམས། །བློ་ལུས་ངག་དཀོན་མཆོག་གསུམ་ལ་གཏོད། །ལས་རྒྱུ་འབྲས་མིག་གི་འབྲས་བཞིན་སྲུངས། །དོན་སངས་རྒྱས་གོ་འཕང་ཐོབ་ནས་ཡོང་། །ལས་གང་ལའང་སྙིང་པོ་མི་འདུག་པས། །དཔལ་ཕྱག་རྫོགས་ཀྱི་ཉམས་ལེན་རྒྱུན་དུ་སྐྱོངས། །དེ་གོ་བར་འདུག་ན་ཐུགས་ལ་ཞོག །འཐད་པར་འདུག་ན་ཉམས་སུ་ལོང་། །ཡིན་པར་འདུག་ན་གནད་དུ་བསྣུན། །ཅེས་སྨྲས་སོ། །ཡང་ཨ་མ་བསོད་ནམས་མས། །ང་ལ་མགུར་མ་ཞིག་སྒེར་དུ་གནོང་ཟེར་བས་སྨྲས་པ། ཨོཾ་ཨཱཿཧཱུཾ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུཾ། །ཕ་བླ་མ་མཆོག་དང་པད་འབྱུང་ལ། །བྱ་བྲལ་གསོལ་བ་སྙིང་ནས་འདེབས། །བྱིན་གྱིས་རློབས་ཤིག་སྐུ་དྲིན་ཆེ། །ཆོས་ཀྱི་བསམ་པ་འགྲུབ་པར་ཤོག །ཨ་མ་བསོད་ནམས་སྙན་གསོན་དང་། །མཐའ་མེད་འཁོར་བའི་རྒྱ་མཚོ་ནས། །མི་ལུས་ཐོབ་པ་སྐལ་པ་བཟང་། །སྐལ་བཟང་གྱུར་པའི་དལ་འབྱོར་འདི། །འཁོར་བའི་གནས་སུ་སྟོངས་ཟད་ན། །འགྱོད་པ་ཆེའོ་སྐལ་ལྡན་མ། །ཆུང་མ་ལས་སྐྱེས་ནས་ད་བར་དུ། །ལོ་ཟླ་ཞག་གསུམ་ཇི་ཙམ་སོང་། །ཁོ་འཆི་བདག་བདུད་དང་ཉེ་སྟེ་མཆིས། །ཨ་ངེད་གྲོགས་མེད་གཅིག་པུ་རུ། །དབང་མེད་ཕ་རོལ་འཁྱམས་པའི་ཚེ། །ལས་ཀྱི་རྣམ་སྨིན་ཁུར་པོར་ཁུར། །སྐྱབས་དང་སྐྱོབས་པ་སུ་ཡང་མེད། །དབང་མེད་ཕ་རོལ་འཁྱམས་དུས་སྐྱོ། །ད་ལྟ་རང་དབང་ཡོད་པའི་ཚེ། །རང་དོན་དམ་པའི་ལྷ་ཆོས་ཤིག །སྙིང་ནས་བསྒྲུབ་ན་མི་མཐད་དམ། །རིགས་དྲུག་གནས་སུ་སྐྱེས་ནས་ཀྱང་། སྐྱེ་འཆིའི་ཁ་ལོ་བསྒྱུར་བ་ཡི། །ཤ་རུས་རི་རྒྱལ་སྟོང་ལས་མཐོ། །རྣག་ཁྲག་རྒྱ་མཚོ་སྟོང་ལས་མང་། །ངུས་པའི་མཆི་མ་རོལ་མཚོ་བདུན། །ལས་ཀྱི་རྣམ་སྨིན་བརྗོད་ལས་འདས། །དེས་ན་ཁམས་ཀྱི་བདེ་སྐབས་འདིར། །ནང་ལ་ལངས་སྔ་རྒྱུན་དུ་མཛོད། །ནུབ་ལ་ཉལ་ཕྱི་རྒྱུན་དུ་མཛོད། །སྐྱབས་འགྲོ་སེམས་བསྐྱེད་ཡིག་དྲུག་ལ། །བརྩོན་འགྲུས་ཅི་ཆེར་ཉམས་ལེན་གནང་། །སངས་རྒྱས་གོ་འཕང་འཐོབ་པ་ཡི། །སྨོན་ལམ་མཚམས་སྦྱོར་ཡང་ཡང་ཐོབ། །ཅེས་སྨྲས་སོ། །ཡང་བཙུན་མ་རིགས་འཛིན་སྒྲོན་མས་བདག་ལ་ཡང་གསུང་མགུར་ཅིག་ཐུགས་རྗེས་བཟུངས་ལགས་ཟེར་བ་ལ་སྨྲས་པ། ཆོས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཡེ་ནས་ལྷུན་གྲུབ་མངའ་བ་པོ། །བླ་མ་རྣམས་ལ་ཕྱག་འཚལ་འདུད། །གླུ་ཉན་འདོད་ཆོས་མཛད་དད་ལྡན་མ། །ཚུལ་སྒོ་གསུམ་མ་ཡེངས་སྙན་གསོན་དང་། །དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས། །འགྲོ་དྲུག་ནང་ནས་རྙེད་པར་དཀའ། །སྐྱེ་བ་སྔ་མའི་སྦྱངས་འབྲས་ལས། །ད་ལེན་རྙེད་པ་སྐལ་པ་བཟང་། །ཆོས་རྣམས་མི་རྟག་འགྱུར་བ་ཅན། །འདུས་བྱས་ཐམས་ཅད་སྙིང་པོ་མེད། །ཚེ་འདིའི་བྱ་བ་མ་མང་བར། །མི་རྟག་འཆི་བ་ཡང་ཡང་བསྒོམས། །ལས་ཀྱི་རྣམ་སྨིན་སྟོངས་མཐའ་མེད། །དགེ་སྒྲུབ་སྡིག་སྤོང་ཚོགས་གཉིས་ཀྱི། །བྱ་བ་དོན་ལྡན་བླང་དོར་ལ། །དེ་རིང་སྙིང་ནས་འབད་པ་ཐོན། །འཁོར་བ་འགྲོ་དྲུག་གར་སྐྱེས་ཀྱང་། །སྡུག་བསྔལ་མང་ལྡན་ཡ་ངའི་གནས། །བདེ་བ་གང་དུ་འང་མི་འདུག་པས། །མ་ཆགས་མ་ཞེན་འཁོར་བ་སྤོངས། །བློ་གཏད་ཐུབ་པ་དམ་པའི་ཆོས། །སྐྱབས་ཡུལ་བླ་མ་དཀོན་མཆོག་གསུམ། །འགྲོ་དྲུག་ཕ་མ་སེམས་བསྐྱེད་ཡུལ། །སྒྲིབ་སྦྱངས་ཁྱད་འཕགས་ཡིག་བརྒྱ་ཡིན། །ཚོགས་བསགས་སྒོ་གསུམ་མཎྜལ་ཡིན། །དབང་བཞིའི་མཐར་ཐུག་བླ་མ་བསྒོམས། །དེ་དག་སྔོན་འགྲོའི་ཆོས་སྤྱོད་ལགས། །དེ་ནས་ཉམས་ལེན་དངོས་གཞི་ལ། །རང་གིས་རང་ཉིད་གཏན་ལ་ཕོབ། །བརྡ་ཡིས་མཚོན་ནས་རྟོགས་པར་གྱིས། །འཁོར་འདས་ཐམས་ཅད་སྟོང་པ་ཡིན། །དངོས་དང་དངོས་མིན་ལས་འདས་པ། །སྣང་སྲིད་ཡེ་དག་བྱ་རྩོལ་བྲལ། །དེ་ལྟར་རྟོགས་པའི་བྱ་བྲལ་ལ། །འཁོར་འདས་བརྗོད་མེད་ཆོས་ཀྱི་དབྱིངས། །ཁྱད་པར་ཡེ་དག་གདོད་མའི་སྐུ། །གྲོལ་འཁྲུལ་ཆོས་རྣམས་ངོ་བོར་དག །རེ་དོགས་དབྱིངས་ཡལ་མཐོ་དམན་མེད། །བཟང་ངན་སྨྲ་བརྗོད་ཀུན་ལས་འདས། །ལྟ་བ་ཡིན་ནོ་རྟོགས་པར་གྱིས། །ཀ་དག་ཡེ་སྟོང་རྩ་བྲལ་ལ། །རང་བྱུང་གཉུག་མའི་གཤིས་ལུགས་ངང་། །ཀུན་གཞི་སེམས་དང་སེམས་འབྱུང་གི །སྒྲིབ་བྲལ་གངྒའི་རྒྱུན་བཞིན་དུ། །སྐྱོང་བྲན་འཛིན་པའི་གཟེབ་བྲལ་ཚེ། །སྒོམ་མེད་སྒོམ་པ་ཀློང་དུ་སྐྱོལ། །འཁྲུལ་གྲོལ་འཛིན་པའི་བླང་དོར་རྣམས། །དགག་སྒྲུབ་མེད་པར་རོ་གཅིག་ཏུ། །བྱ་བ་དགུ་བྲལ་རྣལ་འབྱོར་པ། །ལྷུན་གྲུབ་རང་དག་སྤྱོད་པ་སྟེ། །ངེས་པ་ཡིན་ནོ་རྒྱུན་ལྡན་མཛོད། །འདི་ནི་རྒྱལ་བ་ཀུན་གྱི་ཡུམ། །འདི་ནི་སངས་རྒྱས་ཀུན་གྱི་ཐུགས། །འདི་ནི་ཆོས་རྣམས་ཀུན་གྱི་དོན། །འདི་ནི་ལྟ་སྒོམ་ཀུན་གྱི་མཐའ། །འདི་ནི་ཡིད་བཞིན་ནོར་གྱི་མཆོག །སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ཡིན། །གོ་བར་འདུག་ན་ཉམས་སུ་ལོང་། །མི་གོ་འདུག་ཀྱང་དག་སྣང་མཛོད། །གྱ་མ་དོ་ཡི་སྒོམ་ཆེན་ཚོ། །སེམས་དང་ཀུན་གཞི་འཐོམ་པོ་དང་། །སེམས་འབྱུང་རྣམ་རྟོག་བག་ཆགས་རྣམས། །འབྲོས་དེད་བྱེད་ཚེ་སྒོམ་དུ་འདོད། །འགྲོ་དྲུག་གནས་ལས་ནམ་གྲོལ་ཨང་། །ཕྱོགས་མཐའི་སྒོམ་ཆེན་མ་འཁྲུལ་ལམ། །ཨ་ལ་ཆོས་དབྱིངས་ཉམས་རེ་མཚར ། །དེས་ཀྱང་སྒོམ་མཁན་ཉམས་རེ་མཚར། །ཞེས་སྨྲས་སོ། །ཡང་ཁང་མོ་ཆེའི་སྔགས་པས་འདི་སྐད་དོ། །ཕ་མཚན་ལྡན་བླ་མ་སྤྲུལ་པའི་སྐུ། །ཁྱེད་ཐོས་བསམ་སྒོམ་གསུམ་ཉམས་མྱོང་རྣམས། །ཐུགས་ནས་འཆད་རྩོད་ཐུབ་པ་འདི། །སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་འདུག །ང་ཁ་ཞེ་མེད་པའི་དད་པ་བྱུང་། །མདང་དགོངས་ཁྲོམ་གྱི་འཚོགས་ཆོས་དེ། །ཡི་གེར་བྲིས་ལ་ང་ལ་གནོང་། །བཀའ་བསྟན་འགྱུར་གྱི་དགོངས་དོན་དེ་ན་འདུག །གྷུ་རུའི་ཐང་ཡིག་རྣམས་ཀྱང་འདུག །སེམས་ཉིད་རྟོགས་པའི་ཁྲིད་ཀ་འདུག །ཉམས་ལེན་གནད་ཀྱི་མན་ངག་འདུག །དབེན་པ་བསྟེན་པའི་རི་ཆོས་འདུག །རྒྱལ་ཁམས་འགྲིམས་པའི་ལམ་ཁྱེར་འདུག །སྒྲུབ་པ་བྱེད་པའི་བསྐྱེད་རིམ་འདུག །ཡིད་ཆེས་བླ་མ་བརྒྱུད་པ་འདུག །ཉམས་མྱོང་དྲོད་རྟགས་ལག་ལེན་འདུག །ཨ་ལ་ཆོས་དེས་ངོ་རེ་མཚར། །ང་ལ་ཐུགས་རྗེས་འཛིན་པར་ཞུ། །ཟེར་ཚེ་སྨྲས་པ། །ཧ་ཧ་སྔགས་འཆང་གོ་བ་ཡོད་པའི་མི་མཆིས་ན། །ངས་ཁྲོམ་ཆོས་འདྲ་རེ་དང་འཆད་ཤེས་ཏེ། །འོན་ཀྱང་རང་རྒྱུད་ལ་ཆོས་ཆེན་པོ་མེད་པས། །ཕྱོགས་ཙམ་ལས་ཤེས་ཚད་འཆད་མི་སྤྲོ་འདུག ཚོགས་ཆོས་ཡི་གེར་འདེབས་ན། ཤོག་བུ་སྣག་སྨྱུག་དྲུང་ཡིག་པ་སོགས་མང་པོ་ཞིག་དགོས་པ་འདྲ་སྟེ། སྔོན་གྱི་བསོད་ནམས་ཀྱི་དབང་གིས་འཛོམ་མི་ཐུབ་པ་འདྲ། ཐོས་བསམ་སྒོམ་གསུམ་ཉུག་ཙམ་རེ་དང་བྱས་ཏེ། དྲོད་རྟགས་དང་ཡོན་ཏན་ཆེན་པོ་མེད་ལགས། །ཆོས་དང་འཆི་གཞུག་སྙམ་བསམ་པ་ཞིག་ཡོད་པས། །དྲོད་རྟགས་དེ་འདྲ་ཡིན་ནམ་སྙམ། །ཉམས་མཚར་སྔགས་འཆང་། །རང་རྒྱུད་གྲོལ་ན་ཆོས་ཀྱི་དགོས་པ་མེད་པ་འདྲ། །ཁྱེད་རང་གི་གོ་བྱུང་ན་ཉམས་ལེན་ཀྱང་དེར་མཐུན་མཛོད། །ཡིག་ནག་གི་དཔེ་ཆ་འཛིན་ཆགས་ཀྱི་རྒྱུ་ཡིན། །བྲི་ནས་བྱེད་རྒྱུ་མེད་དམ་སྨྲས་པས། །འོ་ན་ཁྱོད་ཀྱི་སྐྱེ་འཕྲེང་གི་གསོལ་འདེབས་ཤིག་དང་། །ཞལ་གདམས་ཀྱི་མགུར་ཞིག་གནོང་ལགས་ཟེར་རོ། །སྨྲས་པ། ཨོཾ་མ་ཎི་པདྨེ་ཧཱུཾ། །ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་མཁྱེན། །བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ། །ཆོས་ཀྱི་བསམ་པ་འགྲུབ་པར་ཤོག །བུ་སྔགས་པ་ཉོན་དང་སྐལ་ལྡན་པ། །ཞལ་གདམས་དམ་པའི་ལྷ་ཆོས་ཡིན། །ཆོས་ལ་བརྒྱད་ཁྲི་བཞི་སྟོང་གསུངས། །བསྡུ་ན་ཐེག་པ་རིམ་པ་དགུ། །ཡོངས་སུ་བསྡུ་ན་བསྐྱེད་རྫོགས་གཉིས། །ཐབས་ཤེས་རོལ་པས་སངས་རྒྱས་སྦྱོར། །སྐལ་ལྡན་བགྲོད་པའི་ལམ་ཟབ་ལགས། །ཉམས་སུ་ལོང་དང་སྔགས་འཆང་བ། །ཕྱི་ནས་རྒྱུ་འབྲས་བླང་དོར་བརྩོན། །ནང་ནས་ཡོ་གའི་བསྐྱེད་རྫོགས་བརྟན། །གསང་བ་བླ་མེད་ཆོས་ཉིད་དོན། །འབྲལ་མེད་ཆུ་བོའི་རྒྱུན་ལྟར་སྐྱོངས། །ང་ཡི་སྐྱེ་འཕྲེང་གསོལ་འདེབས་ནི། །སྨྲས་ཀྱང་བཞད་གད་ཡུལ་དུ་ཡོད། །དགོས་པ་མེད་དོ་སྔགས་འཆང་བ། །ཅེས་སྨྲས་པས། །གང་འདྲ་ཞིག་ཡོད་ཀྱང་བདག་ལ་ཐུགས་རྗེས་བཟུང་ཟེར་བས་སྨྲས་པ། །བུ་གསོལ་འདེབས་ཤིག་ངེས་པར་དགོས་འདུག་ན། །ལུས་ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམས། །སྤྱི་བོར་བླ་མ་སྤྲུལ་པའི་སྐུ། །མོས་པ་གང་ཆེ་གསོལ་བ་ཐོབ། །སྐྱབས་གནས་རྩ་གསུམ་ལྷ་ཚོགས་དང་། །ཆོས་སྐྱོང་བསྲུང་མས་བསྐོར་བར་བསམ། །བློ་ཁྱེད་ཤེས་ཀྱི་འདུན་པ་རྩེ་གཅིག་གཏོད། །སེམས་མོས་གུས་ཀྱི་ངང་ནས་གསོལ་བ་ཐོབ། །དོན་དབང་བཞིའི་འབྲས་བུ་ཐོབ་ནས་ཡོང་། །ཞེས་སྨྲས་སོ། །གྲུབ་ཆེན་དྲུང་རྟག་ལྷས། །ངོ་སྤྲོད་ཞལ་གདམས་ཤིག་གནོང་ཟེར་བས་སྨྲས་པ། །གྷུ་རུ་པདྨ་སིདྡྷི་ཧཱུྃ་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །མ་ལུས་སྐྱབས་གནས་ཀུན་འདུས་པ། །མ་ཧཱ་གྷུ་རུ་སྤྲུལ་པའི་སྐུ། །བླ་མ་མཆོག་དེ་གུས་པས་མཆོད། །དྲུང་པ་རྟག་ལྷ་གསན་མཛོད་དང་། །ཁྱེད་ཀྱི་ཉམས་ལེན་ཕྱག་ཆེན་དེ། །སྔ་མ་སྦྱངས་བགྲོད་ཅི་འདྲ་མཛད། །ཉམས་མྱོང་དྲོདརྟགས་གང་འདྲ་ཤར། །རང་ཡིད་རང་ལ་ཅི་འདྲ་ཆེས། །སྙེམས་ཐག་ནང་ནས་གང་འདྲ་ཆོད། །རེ་དོགས་དབྱིངས་སུ་གང་འདྲ་ཟད། །ཉམས་སུ་མ་ལོན་ཆོས་ཟབ་ཀྱང་། །ཆོས་དང་གང་ཟག་ཡ་བྲལ་ནས། །ལམ་ཐར་པ་འཐོབ་པ་དཀའ་སྟེ་མཆིས། །འོན་ཀྱང་ད་ལྟ་རང་ཉམས་ལྟར། །ཚིག་གསུམ་ཞུ་དང་གོ་བསྡུར་མཛོད། །ཐོག་མ་མེད་ནས་མ་རིག་འཁྲུལ། །རང་རིག་ཆོས་སྐུ་རང་ཞལ་སྒྲིབ། །སེམས་དང་སེམས་འབྱུང་སྒྲོས་བཏགས་པས། །ཁམས་གསུམ་འཁོོར་བའི་དུཿཁ་འགྲིམས། །ལས་ཀྱི་སྡུག་བསྔལ་དཔག་མེད་མྱོང་། །ད་ལྟ་དལ་འབྱོར་གྲོགས་དང་འགྲོགས། །སྔོན་བསགས་བསོད་ནམས་མཐུ་ཡི་སྟོབས། །བླ་མ་རྗེ་ལ་གདམས་པ་ཉན། །ཤཱཀྱའི་བསྟན་པར་གསང་སྔགས་དར། །རང་ལ་དབང་པོ་སྒོ་ལྔ་ཚང་། །སྨིན་གྲོལ་དྲོད་རྟགས་ཉམས་སུ་མྱོང་། །སྐལ་པ་བཟང་ཞིང་ཕུན་སུམ་ཚོགས། །མཐོ་རིས་སངས་རྒྱས་ཐོབ་ན་ཡང། །འཐོབ་མཁན་རང་གི་སེམས་ཉིད་ཡིན། །ངན་སོང་སྡུག་བསྔལ་མྱོང་ན་ཡང་། །མྱོང་མཁན་རང་གི་སེམས་འདི་ཡིན། །ཀུན་བྱེད་རྒྱལ་པོ་སེམས་ཉིད་འདི། །རྟོགས་པས་རྟོགས་མཆོག་བླ་ན་མེད། །གྲོལ་ན་གྲོལ་མཆོག་བླ་ན་མེད། །མཐོང་ན་མཐོང་མཆོག་བླ་ན་མེད། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །མན་ངག་ཀུན་གྱི་སྙིང་པོ་ཡིན། །ཐེག་པ་ཀུན་གྱི་འབྱུང་གནས་ཡིན། །དེ་ཕྱིར་རྩ་བ་འདི་ཆོད་ན། །ལོགས་ནས་བྱ་བྱེད་མང་པོ་ཡི། །ཆོས་ཀྱི་གོ་རྟོགས་མྱོང་གསུམ་མེད། །དེ་ཕྱིར་རང་སེམས་ཆོས་ཀྱི་སྐུ། །དུས་གསུམ་སངས་རྒྱས་ཀུན་གྱིས་བསྔགས། །བླ་ན་མེད་པའི་དགོངས་དོན་དེ། །བློ་དང་སྣང་བའི་ཡུལ་ལས་འདས། །སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད། །མ་སྐྱེས་མི་འགག་སྤྲོས་དང་བྲལ། །སོ་སོ་རང་གསལ་ས་ལེ་བ། །མི་གནས་མྱ་ངན་འདས་པ་པོ། །ཀ་དག་རང་རིག་ཆོས་ཀྱི་སྐུ། །མ་ཡེངས་མི་བསྒོམ་བློ་འདས་ངང་། །དུས་གསུམ་རྟོག་མེད་ཆམ་གཅིག་ཏུ། །སྤང་བླང་ཀུན་བྲལ་རང་གྲོལ་ཀློང་། །ཉམས་དང་རྟོག་པས་ཟད་མཐར་སྐྱེལ། །སངས་རྒྱས་མངོན་གྱུར་ཡིན་ནམ་སྙམ། །མཆེད་གྲོགས་གྲུབ་ཆེན་ཉམས་བསྡུར་མཛོད། །ཞལ་གདམས་གསང་བའི་ཆོས་མཆོག་འདི། །ཉམས་ལེན་མཐའ་རུ་ཕྱིན་ཐབས་ལ། །བློ་སྣང་འཁྲུལ་པའི་གཉེན་པོ་རུ། །གང་ལ་གང་འདུལ་དེར་མཐུན་སྤྱོད། །མན་ངག་གནད་ཀྱི་ཞལ་གདམས་ཡིན། །ཞེས་སྨྲས་སོ། །གཞན་ཡང་དྭགས་པོ་སྟོད་སྨད་དུ་གསོལ་འདེབས་དང་ཞལ་གདམས་དགོས་ཟེར་བ་ལ་སྨྲས་པ་ཅི་མང་ཞིག་ཡོད་པའི། །ཤོག་ཚར་རྣམས་བོར་ནས་བཤུ་རྒྱུ་མ་བྱུང་ལགས། །དེ་ནས་ཉང་པོ་འབྲས་གྲོང་མོ་ཆེའི་སྦྱིན་བདག་ཕོ་མོ་རྣམས་ཀྱིས་ཕེབས་སྐྱེལ་བྱས་ཚེ། །གསུང་མགུར་ཞིག་དགོས་ཟེར་བ་ལ་སྨྲས་པ། །རྗེ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བསླུ་བ་མེད་པའི་དཀོན་མཆོག་གསུམ། །རྣམ་པ་ཀུན་ཏུ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་དངོས་གྲུབ་སྩོལ། །ཀྱེ་ཧོ་འདིར་སྐལ་ལྡན་ཚོ། །རང་སེམས་སངས་རྒྱས་ཡིན་ན་ཡང་། །རང་ངོ་རང་གིས་མ་ཤེས་སྡུག །སྡུག་བསྔལ་བདེ་བ་ཆེན་པོ་ཡང་། །རེ་དོགས་འཕྲང་ལ་འགྲིམ་པ་སྡུག །ཚེ་འདི་མི་རྟག་ཡུད་ཙམ་ལ། །རྟག་པ་པོ་རུ་བཟུང་བ་འཁྲུལ། །འདུས་བྱས་རྨི་ལམ་སྣང་བ་ལ། །ཆགས་ཤིང་ཞེན་པས་འཁོར་བར་འཁྱམས། །ཚེ་འདིར་བསྒྲུབས་ན་སངས་རྒྱས་ཀྱང་། །དོན་མེད་མི་ཚེ་སྟོང་ཟད་འགྱོད། །ལྷ་ཆོས་ཙན་དན་སྡོང་པོ་དེ། །མི་ཆོས་ཐལ་བར་བསྲེག་པ་འགྱོད། །དོན་གཉིས་ལྷུན་གྲུབ་སངས་རྒྱས་དང་། །བྱིས་པའི་རང་འདོད་བརྗེས་པ་འགྱོད། །དོན་ཆེན་ཕྱི་མའི་དམ་ཆོས་དང་། །དོན་ཆུང་ཚེ་འདི་བརྗེས་པ་འགྱོད། །ནོར་བཟང་འཕགས་པའི་ནོར་བདུན་དང་། །ཉོན་མོངས་དུག་ལྔ་བརྗེས་པ་འགྱོད། །ད་སྟེ་རང་མགོ་རང་གིས་ཐོན། །ཚེ་འདིའི་བདེ་སྐྱིད་རླུང་ལ་སྐུར། །ཕྱི་མའི་ལྷ་ཆོས་དང་དུ་ལོང་། །མི་རྟག་འཆི་བ་ཐུགས་བསམ་ཐོང་། །ལས་འབྲས་སླུ་མེད་ཡིད་ཆེས་སྐྱེད། །བླ་མ་སངས་རྒྱས་དངོས་སུ་བསྒོམ། །གོང་མ་རྣམས་ལ་གསོལ་འདེབས་འབུངས། །མར་གྱུར་འགྲོ་ལ་སེམས་བསྐྱེད་མཛོད། །སྨོན་ལམ་བཟང་པོའི་མཚམས་སྦྱོར་ཐོབ། །ང་མདོ་ཁམས་སྒོམ་སྡེའི་བྱ་བྲལ་དང་། །ཁྱེད་ཉང་པོ་འབྲས་ཀྱི་སྐྱེ་འགྲོ་རྣམས། །སྔོན་ལས་དཀར་པོའི་དབང་གིས་འཕྲད། །དེ་རིང་ཞབས་བསྐྱེལ་བཟང་ནས་བྱུང་། །ཡུན་དུ་སྐུ་ཁམས་བཟང་བར་བཞུགས། །སྤྲང་པོ་ཕྱོགས་མེད་གནས་ལ་འགྲོ། །འདིར་ཚོགས་སྐྱེ་འགྲོ་མ་ལུས་པ། །མི་རྟག་ཕ་རོལ་འཁྱམས་པའི་ཚེ། །བདེ་བ་ཅན་དུ་སྐྱེ་བར་ཤོག །བདག་གཞན་དོན་གཉིས་འགྲུབ་པར་ཤོག །ཅེས་སྨྲས་སོ། །རྗེ་ན་མོ་མ་ཧ་གྷུ་རུ་ཡེ། །དཔལ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །ཕ་གྲུབ་ཐོབ་པདྨ་རིགས་འཛིན་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྱིར་མཁའ་མཉམ་འགྲོ་ལ་བྱིན་གྱིས་རློབས། །དགོས་བྱ་བྲལ་པ་ལ་བྱིན་གྱིས་རློབས། །ད་སོམས་དང་དུས་མཐའི་བྱ་བྲལ་པ། །གྲོས་རང་གིས་རང་ལ་འདེབས་རེ་རན། །ཤ་ཚ་སྙིང་གཏམ་སྨྲ་རེ་རན། །ཚེ་ཕྱི་མའི་དོན་ཆེན་སྒྲུབ་རེ་རན། །ལས་དགེ་སྡིག་འདོར་ལེན་བྱེད་རེ་རན། །གཅིག་པུར་རི་ཁྲོད་འགྲིམ་རེ་རན། །ལྟོ་གོས་གྱོང་ལ་བསྐུར་རེ་རན། །ཚེ་འདིའི་ཆོས་བརྒྱད་བསྐྱུར་རེ་རན། །གཉེན་ས་རི་ཁྲོད་འགྲིམ་རེ་རན། །སྤྱོད་པ་རོ་སྙོམས་བྱེད་རེ་རན། །བདེ་སྡུག་བཏང་སྙོམས་གཏོང་རེ་རན། །ཡོན་བདག་སྐྱོང་བྲན་འཇོག་རེ་རན། །དགྲ་གཉེན་འདུ་ཤེས་འཕྲལ་རེ་རན། །ཆོས་བྱ་བསམ་ཕྱི་བཤོལ་འཇོག་རེ་རན། །མི་རྟག་བསྐུལ་མ་འདེབས་རེ་རན། །འཁོར་དད་མེད་འདུ་ཚོགས་གཏོར་རེ་རན། །རྒྱུ་ཟང་ཟིང་གསོག་འཇོག་སྤང་རེ་རན། །ཉོ་ཚོང་གི་དབང་བསྐུར་བསྐྱུར་རེ་རན། །ཐོབ་ཆོག་གི་ཆོས་བཤད་གཞག་རེ་རན། །དམ་བཅའ་སྙིང་ལ་འདེབས་རེ་རན། །སྒྲུབ་པ་སྲོག་དང་བསྡོ་རེ་རན། །ལྟ་བ་གཏན་ལ་འབེབས་རེ་རན། །སྒོ་པ་མཐའ་རུ་སྐྱིལ་རེ་རན། །སྤྱོད་པ་ཆོས་དང་བསྟུན་རེ་རན། །གཞི་ཁྲེགས་གཅོད་ངང་ལ་འཇོག་རེ་རན། །ལམ་ཐོད་རྒལ་ངང་དུ་འགྲོ་རེ་རན། །འབྲས་བུ་རེ་དོགས་འཕྲལ་རེ་རན། །དོན་གཉིས་དཔལ་ལ་སྦྱོད་རེ་རན། །རན་རེ་ཉེར་བརྒྱད་གྲོས་འདེབས་འདི། །དུས་དེ་རིང་འདོར་ལེན་མ་བྱས་ན། །དོན་བྱང་ཆུབ་གོ་འཕང་འབྲལ་དོགས་ཡོད། །ཡེ་གདོད་མ་བསྐལ་པའི་སྔོན་རོལ་ནས། །དཔལ་ཀུན་བཟང་དགོངས་པ་རིན་ཆེན་ལ། །སྒྲིབ་རྐྱེན་གོས་པའི་ལས་དབང་གིས། །དུས་ད་རེས་ཀྱི་ལུས་འདི་ཡན་ཆད་དུ། །འགྲོ་དྲུག་གནས་ན་ཡང་ཡང་འཁྱམས། །ཤ་ཁྲག་དྲ་བའི་ལུས་མང་བླངས། །རྣམ་སྨིན་བག་ཆགས་དཔག་མེད་བསགས། །རྒྱུ་འབྲས་ཆོས་ཀྱི་རང་ཉིད་མནར། །ཀྱེ་མ་ཁམས་གསུམ་འཁོར་བའི་ཆོས། །སྡུག་བསྔལ་འདི་ལས་ཐར་བའི་ཐབས། །དང་པོ་སེམས་ཀྱིས་གཞིག་པ་གཅེས། །དང་པོ་སེམས་ཀྱིས་མ་གཞིག་ན། །དྲན་པ་ཐོམ་མེར་ཡེངས་པ་དེ། །མ་རིག་སྒྲིབ་པ་ཡིན་པས་ན། །བཟང་ངན་བྱེ་བྲག་མི་ཕྱེད་དེ། །མི་ཚེ་སྟོང་པར་འཛད་པ་དང་། །མཚམས་མེད་སྡིག་དང་འདྲེ་དོགས་ཡོད་། །དེ་བས་ཟློག་ཐབས་བསམས་པ་གཅེས། །བསམ་པའི་བཟང་ངན་ཕྱེད་ན་ཡང་། །གྲོས་རང་གིས་རང་ལ་མ་བཏབ་ན། །ཚེ་འདིའི་བྱ་བ་དབང་ཆེ་ཞིང་། །ལས་འཁྲུལ་སྣང་འཛད་པ་མེད་པ་དང་། །དོན་མ་རིག་སྒྲིབ་པས་མགོ་འཐོམ་སྟེ། །ཤེས་བཞིན་དུ་འཁོར་བར་འཁྱམས་དོགས་ཡོད། །དེ་ལས་ཟློག་ཐབ་གྲོས་འདེབས་གཅེས། །ཤ་ཚ་སྙིང་ལ་མ་བཏབ་ན། །དུས་བསྐལ་པ་ཐ་མར་བབ་པ་དང་། །ཆོས་བསམས་པར་བདུད་ཀྱིས་འཕྲང་དམ་པས། །བདུད་ལ་ལ་ཕ་དང་ལ་ལ་མ། །ལ་ལ་གཉེན་དང་ཉེ་དུ་སྟེ། །ནོར་རྫས་ཞིང་མཁར་ལོངས་སྤྱོད་སོགས། །འཛའ་དང་མི་འཛའ་མང་པོ་རུ། །སྤྲུལ་བསྒྱུར་མང་པོ་ཡོང་བའི་ཚེ། །ཆོས་བསམ་ཀྱང་བར་དུ་གཅོད་དོགས་ཡོད། །ལས་དེ་ལས་ཟློག་ཐབས་ཤ་ཚའི་གཏམ། །དོན་སྙིང་གི་དཀྱིལ་དུ་འདེབས་པ་གཅེས། །དེ་ནས་ཕྱི་མ་མ་གཞིག་ན། །སྐྲ་བཅད་མིང་བསྒྱུར་སེར་གོས་གྱོན། །ཕྱི་ཚུལ་ཆོས་ལ་ཞུགས་ན་ཡང་། །འབྲས་བུ་ཚེ་འདི་བསྒྲུབ་པ་ཡི། །དད་ཟས་དཀོར་ནག་འགམ་པ་དང་། །གྲོང་ཆོག་འདྲེ་བརྡུང་རོ་མགོ་བཏོགས། །དམ་ཆོས་གསེར་ཕྱེ་སིལ་མ་དང་། །ལྟོ་གོས་ཉོ་ཚོང་བྱེད་པ་ཡི། །ཆོས་ཀྱིས་ཚེ་འདི་སྒྲུབ་དོགས་ཡོད། །ལས་དེ་ལས་ཟློག་ཐབས་ཕྱི་མ་གཞིགས། །ཚེ་ཕྱི་མའི་དོན་ཆེན་བསམས་ནས་ཀྱང་། །དམ་པའི་ལྷ་ཆོས་བྱེད་སྨྲས་ཀྱང་། །རྒྱུ་འབྲས་འདོར་ལེན་མ་བྱས་ན། །ནེ་ཙོས་ཆོས་སྐད་གཏོང་དང་འདྲ། །དགེ་བར་སྨྲ་ཞིང་སྡིག་པ་བསྒྲུབ། །ཡོན་ཏན་ཡོད་ན་ང་རྒྱལ་བྱེད། །མེད་པར་གྱུར་ན་གཞན་ལ་འགྲན། །རང་དང་འདྲ་ན་མཐོ་གནོན་གཏོང་། །ཆོས་ལ་བསྟེན་ཏེ་སྡིག་པ་གསོག། །ལས་དེ་ལས་ཟློག་ཐབས་རྒྱུ་འབྲས་གཞིག །རྒྱུ་འབྲས་ཆོས་ལ་གཞིག་བསམས་ཀྱང་། །གཅིག་པུར་རི་ཁྲོད་མ་འགྲིམས་ན། །ལས་མི་དགེའི་བག་ཆགས་ཆེ་བ་དང་། །སྣང་བ་ཟློག་འགྱུར་རྐྱེན་པ་དང་། །དགྲ་གཉེན་མང་པོའི་ཆགས་སྡང་གིས། །ཤེས་བཞིན་དུ་ཐར་ལམ་འགག་དོགས་གདའ། །ལས་དེ་ལས་ཟློག་ཐབས་རི་ཁྲོད་འགྲིམ། །དབེན་པའི་རི་ཁྲོད་འགྲིམ་ན་ཡང་། །ལྟོ་གོས་གྱོང་དུ་མ་བསྐུར་ན། །ཞིམ་མངར་ལོངས་སྤྱོད་དྲན་པ་དང་། །མཛེས་ལེགས་གོས་སོགས་འདོད་ནས་ཀྱང་། །ཚེ་སྟོད་སྡུག་བསྲན་བྱས་པ་དེ། །ཚེ་སྨད་ཟོང་དུ་འཚོང་དོགས་ཡོད། །ལས་དེ་ལས་ཟློག་ཐབས་ལྟོ་གོས་ཀྱི། །འཁྲི་བ་ནང་ནས་བཅད་ན་ལེགས། །དེས་ན་ཆོས་བརྒྱད་སྤང་གལ་ཆེ། །ཆོས་པས་ཆོས་བརྒྱད་མ་སྤངས་ན། །གཅན་སེང་ཕྲུག་ཁྱི་རུ་འཁྱམས་པ་ཡིན། །ཁོང་ཚེ་འདི་བསྒྲུབ་པའི་འཁོར་བ་པས། །ཆོས་བརྒྱད་ཀྱི་རང་འདོད་མ་ཆོད་ནས། །ཚེ་འདི་དང་ཕྱི་མ་བརྗེས་པ་ཡིན། །ཚེ་འདི་ཕྱོགས་ཀྱི་ཆོས་བརྒྱད་མགོ་སྙོམས་ཙམ། །དེ་ཡོད་ན་ཆོས་པ་ཐ་མ་ཡིན། །ཆོས་བརྒྱད་རེ་དོགས་མེད་པ་ཞིག །དེ་ཡོད་ན་ཆོས་པ་འབྲིང་དུ་འདོད། །ཆོས་བརྒྱད་ངོ་བོའི་དབྱིངས་སུ་དག །དེ་ལྡན་ན་ཆོས་པ་རབ་ཏུ་འདོད། །ཆོས་བརྒྱད་ལ་ཆགས་ཕྲི་མེད་པའི་མི། །ཁོང་ཆོས་བྱེད་ཀྱི་གླིང་ན་ཐེ་ཐབས་མེད། །ཆོས་བརྒྱད་ཀྱི་ཕོ་ཚུགས་ཞིག་ན་ཡང་། །གཉན་སར་ཚར་ལྷོངས་མ་བསྲེས་ན། །རིག་པ་རྗེན་ལ་མི་འབུད་པས། །ཉམས་ལེན་བོགས་འདོན་གཉན་ས་བཟང་། །གཉན་སར་བོགས་རེ་མ་བཏོན་ན། །བྱིང་རྨུགས་འཐིབ་གསུམ་རྐྱེན་དབང་གིས། །ཉམས་ལེན་ཚད་དུ་མི་འཁྱོལ་ཏེ། །བར་དུ་གཅོད་པས་འཁྱེར་ཉེན་ཡོད། །ལས་དེ་ལས་ཟློག་ཐབས་གཉེན་ས་འགྲིམས། །གཉེན་སར་ཚར་སློངས་བསྲེ་བའི་ཚེ། །སྤྱོད་པ་རོ་སྙོམས་མ་ནུས་ན། །བདུད་བཞིའི་ཐོག་བརྫིས་ཡོང་དོགས་ཡོད། །བདེ་སྡུག་སྤང་བླང་མེད་པ་དང་། །བཟང་ངན་འདོར་ལེན་བྲལ་བ་དང་། །སྙེམ་ཐག་ནང་ནས་ཆོད་པ་བཞི། །ལེགས་པར་དགོས་སོ་རྩིས་སུ་ཆེ། །དེ་ལྟར་རོ་སྙོམས་སྤྱོད་པའི་ཚེ། །ཀུན་གྱི་རྩ་བ་བདེ་སྡུག་སྟེ། །བདེ་ལ་ཆགས་སེམས་མེད་པ་དང་། །སྡུག་ལ་སྡང་སེམས་མེད་པ་ཅིག །འདོད་པ་ནང་ནས་ཟད་གལ་ཆེ། །དེ་ལྟར་བདེ་སྡུག་ལས་གྲོལ་ཀྱང་། །ཡོན་བདག་སྐྱོང་བྲན་མ་བཞགས་ན། །མི་ངོ་དཀར་ནག་ཆགས་སྡང་གིས། །ལས་ཀྱིས་ཆོས་ལ་རྐྱེན་བྱེད་དེ། །གཡེང་བའི་དབང་གིས་ཉམས་ལེན་དག །སྤང་གསེབས་ཕྱེ་བཞིན་འགྱུར་དོགས་ཡོད། །ལས་དེ་ལས་ཟློག་ཐབས་ཡོན་བདག་སྤོངས། །ཡོན་བདག་འབྲེལ་རྐྱེན་བྱུང་བ་ཡང་། །དགྲ་གཉེན་གྱི་འདུ་ཤེས་འདི་ཡིན་པས། །ཚེ་འདི་ལ་གནོད་པའི་དགྲ་དང་བགེགས། །སྔོན་ལས་ངན་གྱི་བག་ཆགས་ཡིན་པ་དང་། །བྱམས་པའི་གཉེན་ཞེས་བྱ་བ་ཡང་། །མར་འཐེན་གྱི་གྲོགས་པོ་ཡིན་པས་ན། །དགྲ་གཉེན་ཀུན་རྨི་ལམ་བདེ་སྡུག་བཞིན། །ཆགས་སྡང་གི་མདུད་པ་རྩད་ནས་ཆོད། །དེ་ལྟར་ཕྱི་ཡི་ཉེས་ཚོགས་རྣམས། །བློ་ཆོས་ལ་མོས་ནས་བསྡམས་ན་ཡང་། །ནང་རང་གི་སྒྱུ་ལུས་སོས་དལ་ནས། །བློ་ལུས་ངག་ཆོས་ལ་མ་རེམ་ན། །དེ་སང་བྱ་གནང་བྱ་དང་ངང་རིང་གིས། །དོན་ཆོས་དང་གང་ཟག་ཡ་བྲལ་ནས། །དཔེ་བྱིས་པས་བྱེ་ཁང་ཕུབ་པ་བཞིན། །ལས་བདེ་བའི་ཆ་ལ་མི་ཕན་ལྟར ། །ཆོས་བྱེད་བསམ་དུ་ལུས་ན་དོན་མགོ་ཆུང་། །ཚེ་ལོང་ཡོད་འདུག་ཆིས་མ་སྤངས་ན། །ལམ་བདེ་བའི་འབྲས་བུ་མི་རྙེད་དེ། །དེ་རིང་སང་དང་ལོ་ཟླ་ཡི། །མི་ཕྱིད་མི་ལྡང་བསམ་གཞིག་མནོ། །ལས་ཀྱི་འབྲེལ་བ་འཛད་ཐབས་མེད། །ལུས་ངག་ཡིད་གསུམ་དལ་མེད་པར། །ཚེ་འདིའི་བྱ་བས་འཁྱེར་དོགས་ཡོད། །ལས་དེ་ལས་ཟློག་ཐབས་ཚེ་འདི་ཡི། །ཤོམ་ར་དང་རྒྱ་འདེང་མི་བྱེད་པར། །ཅི་བྱུང་དང་དེས་ཆོག་ལིང་སྐྱུར་གསུམ། །དོན་ཉམས་སུ་ལེན་པ་གནད་ཀྱི་དོན། །ཆོས་མི་རྟག་བསྐུལ་མ་མ་བཏབ་ན། །བློ་དད་པ་སྣུམ་དྲེད་ལུས་ནས་ཀྱང་། །ཚེ་མི་རྟག་རྒྱུད་ལ་མི་སྐྱེ་སྟེ། །ཆོས་བྱས་ཚད་ཁེ་གྲགས་སུ་འགྲོ་དོགས་ཡོད། །གཏམ་ཁེ་གྲགས་སྒྲུབ་པའི་ལྷ་ཆོས་དེ། །དོན་བྱང་ཆུབ་འབྲས་བུར་མི་ཕན་ཏེ། །ནམ་མཁའ་སྦར་མོས་བཟུང་བ་ལྟར། །ས་བོན་ཚིག་པའི་མྱུ་གུ་འདྲ། །ལས་དེ་ལས་ཟློག་ཐབས་འཆི་བ་བསྒོམས། །འཁོར་ཆོས་མེད་འདུ་ཚོགས་མ་གཏོར་ན། །ཟས་གོས་ཆོས་སོགས་ཕར་སྦྱིན་ཏེ། །ཆོས་སྒྲུབ་ཤིག་སྨྲས་ན་མི་ཐུབ་སྨྲ། །དད་ཟས་དཀོར་གྱི་ལོངས་སྤྱོད་ལ། །འཕང་མེད་དུ་སྤྱོད་པའི་འབྲས་བུ་ཡི། །ལུས་ལང་ཚོ་ཉོན་མོངས་གྲ་རྒྱས་ཏེ། །འཛིང་རྩོད་ཀྱི་ཡ་བོ་བརྩོན་པས་བསྒྲུབ། །ང་རྒྱལ་ཕྲག་དོག་འགྲན་སེམས་དང་། །མཐོ་གནོན་ངན་བཙན་དབང་ཡོད་སོགས། །འོས་དང་མི་འོས་ཀུན་ལ་བྱེད། །རི་ཁྲོད་བསྟེན་ན་སྨྱོན་པ་ཁྱུ། །ལུང་སྟོང་འགྲིམས་ན་ཁྲམ་པ་ཁྱུ། །རོ་མགོ་འཐོགས་ཚེ་བླ་མ་ཁྱུ། །དད་ཟས་ཟ་ཚེ་དགེ་སློང་ཁྱུ། །གྲོང་ཡུལ་འགྲིམ་དུས་བྱི་ཕོ་ཁྱུ། །དགའ་སྡུག་བྱུང་ན་བཤན་པ་ཁྱུ། །ཕོ་ཟུར་ལྟོགས་ན་རྐུན་མ་ཁྱུ། །རང་དབང་བྱུང་ན་དམག་དཔོན་ཁྱུ། །ཆོས་བྱེད་ཀྱི་འཁོར་དུ་རེ་ནས་ཀྱང་། །ཁྲམ་པའི་ཁ་འདུ་འདི་བྱས་ན། །མར་འཐེན་གྱི་གྲོགས་པོ་ངེས་པ་ཅན། །རྒྱང་རིང་དུ་མི་འབོར་ཅི་ཞིག་བྱེད། །རྒྱུ་ཟང་ཟིང་གི་གསོག་འཇོག་མ་སྤངས་ན། །སྲིན་བུའི་ཁ་ཆུས་རང་ཉིད་འཆིང་། །སྲོག་དང་འབྲལ་བའི་ཆ་རྐྱེན་བྱེད། །དཔེ་དེ་བཞིན་བསགས་པའི་ནོར་ཟས་ཀྱི། །དོན་མི་ཚེ་གཡེང་སྟེ་བྲེལ་འཕོངས་སྡུག །རྒྱུ་བསགས་པའི་ལོངས་སྤྱོད་ཅི་ཡོད་རྣམས། །དུས་ནམ་ཞིག་ཤུལ་དུ་བཞག་ནས་ཀྱང་། །རང་གཤིན་རྗེའི་གྲོགས་དང་འགྲོ་བའི་ཚེ། །ལས་ཕན་པ་བས་ཀྱང་གནོད་པ་ཆེ། །དེས་ན་བསོགས་འཇོག་བསྐྱུར་ནས་ཐོང་། །ཉོ་འཚོང་གི་དབང་བསྐུར་མ་བཞག་ན། །རྒྱལ་བའི་བཀའ་ལ་རིན་ཐང་བཅད། །མཚམས་མེད་ལྔ་ཡི་ལས་ཡིན་ཞིང་། །དབང་བསྐུར་གྱི་དུད་འགྲོ་ཉོ་བ་འདི། །མི་འདོ་མེད་ཀྱི་བརྐུ་རྫུན་ཟོང་བྱེད་འདྲ། །དབང་སྲོག་དམ་ཚིག་རིན་པོ་ཆེ། །མེད་ན་བདག་གཞན་གཉིས་ཀ་འཕུང་། །རང་མ་ཐོབ་གཞན་ལ་དབང་བསྐུར་བ། །སློབ་དཔོན་སློབ་མ་གཉིས་ཀ་ནི། །ཤི་ནས་རྡོ་རྗེ་དམྱལ་བར་འགྲོ། །རང་མ་སྨིན་གཞན་ལ་དབང་བསྐུར་བ། །བྱེ་མ་གསེར་དུ་འདོད་དང་འདྲ། །དཔེ་རུལ་ཚ་ཁང་ནང་ནས་གཡེང་། །རྣ་ཟགས་བརྗོད་དེ་ཆོས་བཤད་བྱེད། །མི་གཞན་གྱི་མགོ་ལ་དབང་བསྐུར་བ། །ངན་སོང་ས་བོན་འདེབས་པ་འདི། །ངེས་པར་སྐྱུར་ན་མི་འཐད་དམ། །བྱས་ཆོས་ཀྱི་ཉམས་ཁྲིད་བཤད་པ་དེ། །སྣོད་ཞབས་རྡོལ་ནང་དུ་ཆུ་བླུག་འདྲ། །ཚིག་དམ་པའི་ཆོས་བཞིན་བརྗོད་ན་ཡང་། །ཕྱི་རྣ་བའི་བུ་གར་ཐོས་ཙམ་ལས། །ནང་ཉམས་ལེན་མེད་ཚེ་ཡི་མུག་རྒྱུ། །བཤད་པ་པོ་ཡི་མགྲིན་པ་ཚ། །ཉན་པ་པོ་ཡི་རྣ་བ་ཚ། །རྣ་ཚ་ལྦ་ཚའི་ཆོས་བཤད་དེས། །མི་ཕ་རོལ་ལ་ཐོབ་ཅེས་སྨྲ་རྒྱུ་ཡོང་། །དཔེ་ཆུ་དཀྱིལ་གྱི་རྡོ་བ་སྐམ་པོ་ལྟར། །ཕྱི་རྣ་བའི་བུ་ག་གྲོལ་ན་ཡང་། །ནང་རང་རྒྱུད་ཀོ་སྐམ་བཞིན་དུ་རེངས། །འདོ་དོན་མེད་པས་བསྐྱུར་ན་འཐད། །དམ་བཅའ་སྙིང་ལ་མ་བཏབ་ན། །རྐྱེན་ངན་རླུང་གི་འཇིགས་པ་ཡི། །ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ། །བར་དུ་གཅོད་པའི་བདུད་ཡོད་པས། །བསྒྲུབ་པ་ཞེ་བཅད་དམ་བཅའ་དེ། །ཆོས་ཉིད་བརྟན་པ་མ་ཐོབ་བར། །ཡང་ནས་ཡང་དུ་འདེབས་པ་གཅེས། །སྒྲུབ་པ་སྲོག་དང་མ་བསྡོས་ན། །ཚེ་འདིར་སངས་རྒྱས་སྒྲུབ་པ་ལ། །བྱས་ཆོས་ཙམ་གྱིས་མི་འགྲུབ་སྟེ། །ཕྱི་ནང་གི་བྱ་བ་དགུ་ཕྲུགས་དག །གཟུང་འཛིན་མེད་པར་བཏང་ནས་ཀྱང་། །སྒོ་གསུམ་བྱ་བྲལ་ཆེན་པོ་རུ། །མ་བཅོས་ངང་ལ་འཇོག་གལ་ཆེ། །ལྟ་བ་གཏན་ལ་མ་ཕེབས་ན། །ཆོས་ཉིད་འབྲས་བུ་རི་བོང་རྭ། །འབྱུང་འགྱུར་དེ་ནི་མི་སྲིད་པས། །དངོས་དང་དངོས་མིན་ལས་འདས་པ། །རེ་དང་དོགས་པའི་མཐའ་བྲལ་བ། །ཨེ་མ་ཡེ་ཡིན་ཆོས་ཀྱི་སྐུ། །བློ་བྲལ་རྗེན་པའི་ཆོས་ཉིད་དེ། །ཡང་དག་ཉིད་དུ་རྟོགས་པ་གཅེས། །དེ་ལྟར་རྟོགས་པའི་གནས་ལུགས་དེ། །བསྒོམས་པས་ཚད་དུ་མ་འཁྱོལ་ན། །དཔེ་ཡིད་བཞིན་ནོར་བུ་ཡོད་པའི་མིས། །དེ་ལ་གསོལ་བ་མ་བཏབ་པར། །ལྟོགས་སྡུག་གཞན་དུ་བསྲན་བྱས་ན། །འགྱོད་པ་ཀུན་གྱི་ཆེ་ཤོས་ཏེ། །མི་བསྒོམ་མ་ཡེངས་སྒོམ་པའི་མཆོག །གནས་ལུགས་ཀློང་དུ་མ་འཁྱོལ་བར། །ཐང་ལྷོད་མེད་པ་གལ་དུ་ཆེ། །དེ་ལྟར་ལྟ་སྒོམ་ལྡན་པའི་མི། །བྱ་བྱེད་ཆོས་ལས་གཡེལ་གྱུར་ན། །སངས་རྒྱས་བསྟན་པའི་རྐང་འདྲེན་ཞེས། །ལོགས་ནས་འབྱུང་དུ་མི་དགོས་ཤིང་། །ནད་པས་སྨན་གྱི་རྐྱལ་པ་ཁུར། །རང་གི་ནད་ལ་མི་ཕན་ལྟར། །ཡང་ཟབ་མང་པོའི་བཅུད་འཐུངས་པའི། །རྩ་བ་སྤྱོད་པ་ཡིན་པའི་ཕྱིར། །མཛད་སྤྱོད་ཆོས་དང་མཐུན་པ་གཅེས། །གཞི་ཁྲེག་ཆོད་དོན་དང་མ་ལྡན་ན། །བློ་སྣང་སེམས་ཀུན་བརྟགས་འཁྲུལ་སྣང་གིས། །དོན་ཕྱོགས་རེའི་ལྟ་བ་སྐོར་རེ་བས། །འབྲས་བྱང་ཆུབ་འཐོབ་འདོད་ཧ་ཐང་ཆད། །ལམ་རྩལ་སྣང་ཐོད་རྒལ་མི་ལྡན་ན། །དབྱིངས་ཆོས་སྐུའི་རང་ཞལ་མི་མཐོང་སྟེ། །ཉམས་སྣང་བ་དབྱིངས་སུ་དག་པའི་ཆོས། །ཆོས་ཉིད་རྗེན་པ་རང་མདངས་ཀྱི། །གྲོགས་དང་བཅས་ཏེ་བགྲོད་གལ་ཆེ། །དེ་ལྟར་ཆོས་དང་ཆོས་ཉིད་ཀྱི་། །འབྲས་བུ་ཀ་དག་ཀུན་བཟང་ཞེས། །རེ་དོགས་ནང་ནས་ཟད་པའི་ཚེ། །མཐར་ཕྱིན་བླ་ན་མེད་པའི་ས། །གསང་ལམ་ཚེ་གཅིག་འབྲས་འདོད་ཕྱིར། །ལུས་འདིའི་སྟེང་ནས་ཐོབ་གལ་ཆེ། །དེ་ལྟར་རྙེད་པའི་འབྲས་བུ་དེ། །དོན་གཉིས་ལྷུན་གྲུབ་དཔལ་དང་ལྡན། །འཁོར་འདས་མ་ལུས་ཀུན་ལ་ཁྱབ། །འབད་རྩོལ་མེད་པའི་ངང་ཉིད་ནས། །ལས་བཞིའི་འཕྲིན་ལས་འགྲོ་དྲུག་སྐྱོབས། །ཨེ་མ་སྤྲང་རྒན་མདོ་མེད་པ། །རྒྱུད་སྡེ་མང་པོའི་ཁོང་སྙིང་དག །མཚན་ལྡན་བླ་མའི་ཞལ་ལས་ཕྱུངས། །བརྩེ་བས་རྗེས་སུ་གནང་བའི་ཆོས། །ཁྱོད་ཀྱིས་སྙིང་ནས་མ་སྒྲུབས་ན། །རང་གིས་རང་ཉིད་བསླུས་པ་སྟེ། །བླ་མ་དམ་པའི་བཀའ་དང་འགལ། །གསང་སྔགས་འཆལ་དུ་བཅུག་པ་སྟེ། །དེ་རིང་བརྩོན་འགྲུས་མ་སྐྱེད་ན། །བྱང་ཆུབ་སངས་རྒྱས་ནམ་ཞིག་སྒྲུབ། །ཨེ་མ་བསྒྲུབ་པའི་དུས་ལ་བབས། །ཨེ་མ་ཉམས་ལེན་དུས་ལ་བབས། །ཨེ་མ་སྙེམ་ཐག་ད་ལེན་ཆོད། །ཨེ་མ་འདུ་འཛི་དེ་རིང་གཏོར། །ཅེས་པ་འདི་ཁམས་སྲིང་མོ་རྫོང་དུ་སྒྲུབ་པ་ལ་ཞུགས་དུས། །ཡི་གེ་སློབ་མི་འགའ་དང། །བསྲུང་འཁོར་སོགས་དགོས་དགོས་ཀྱི་མི་མང་པོས་བྲེལ་བ་བསླང་བ་ལ་སྨྲས་པའོ། །ཡུལ་སོག་གི་རྒྱལ་བ་རིགས་ལྔ་ན། །སྔར་ཐང་ཅིག་ཕྱིན་པའི་དུས་རྣམས་དྲན་ཏེ། །སྐྱོ་བ་ཀྱེས་ཚེ་སྨྲས་པ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །འདྲེན་པ་བླ་མེད་སྐྱབས་ཀྱི་མཆོག །གཅིག་ཏུ་འདུས་པའི་རིན་པོ་ཆེ། །ཕ་མཚན་ལྡན་བླ་མ་ལ་ཕྱག་འཚལ། །ཀྱེ་མ་ཁམས་གསུམ་འཁོར་བའི་ཆོས། །སྙིང་ནས་སྙིང་པོ་མེད་པ་ལ། །མེད་པར་ཤེས་པའི་བློ་སེམས་ཀྱིས། །བྱང་ཆུབ་གོ་འཕང་བསྒྲུབ་རན་འདུག །ཐམས་ཅད་རྨི་ལམ་སྣང་བའི་དཔེ། །འདྲ་འམ་མི་འདྲ་སྐྱོ་བ་སྐྱེ། །ཆོས་ཐམས་ཅད་དྲི་ཟའི་གྲོང་དང་འདྲ། །དེ་འདྲ་འམ་མི་འདྲ་སྐྱོ་བ་སྐྱེ། །ཆོས་ཐམས་ཅད་བར་སྣང་འཇའ་དང་འདྲ། །དེ་འདྲ་འམ་མི་འདྲ་སྐྱོ་བ་སྐྱེ། །ཆོས་ཐམས་ཅད་ཆུ་ཡི་ལྦུ་བ་འདྲ། །དེ་འདྲ་འམ་མི་འདྲ་སྐྱོ་བ་སྐྱེ། །ཆོས་ཐམས་ཅད་ནམ་མཁའི་གློག་དང་འདྲ། །དེ་འདྲ་འམ་མི་འདྲ་སྐྱོ་བ་སྐྱེ། །ཆོས་ཐམས་ཅད་སྨིག་སྒྱུ་དེད་པ་འདྲ། །དེ་འདྲ་འམ་མི་འདྲ་སྐྱོ་བ་སྐྱེ། །ཀྱེ་མ་འདུས་བྱས་འཁོར་བའི་ཆོས། །སྤྱིར་སྟོང་གསུམ་འཇིག་རྟེན་འཇིག་པའི་ཆོས། །སྒོས་འགྲོ་བའི་ཚེ་སྲོག་འཇིག་པའི་ཆོས། །ལར་འདུས་བྱས་ཐམས་ཅད་འཇིག་པའི་རྒྱུ། །བསགས་པ་ཐམས་ཅད་འཛད་པའི་རྒྱུ། །འདུས་པ་ཐམས་ཅད་འབྲལ་བའི་རྒྱུ། །བསླང་བ་ཐམས་ཅད་འགྱེལ་བའི་རྒྱུ། །མཐོ་དམན་ཐམས་ཅད་འབྲལ་བའི་རྒྱུ། །སྟོད་སྨད་དགྲ་གཉེན་ཆགས་སྡང་དང་། །འཛའ་བ་མི་འཛའ་བར་མ་འོས། །བཙན་ཕྱུག་དར་གསུམ་འཕན་ལ་སོགས། །ད་ལྟ་ཡོད་ཀྱང་ད་ལྟ་མེད། །ཆོས་ཐམས་ཅད་རྨི་ལམ་སྣང་བ་ལྟར། །དོན་གང་ལ་འང་བློ་གཏད་མ་མཆིས་ན། །སྤྲང་སྙིང་ནས་ཐར་པ་བསྒྲུབ་པར་རིགས། གཏན་ཐར་པའི་བྱང་ཆུབ་མ་གཏོགས་པ། །ཆོས་གང་ལའང་བློ་གཏད་མི་འདུག་པས། །སྤྲང་སྙིང་ནས་ཐར་པ་སྒྲུབ་པར་རིགས། །ནོར་འཕགས་པའི་ནོར་བདུན་མ་གཏོགས་པ། །རྒྱུ་གང་ལའང་སྙིང་པོ་མི་འདུག་པས། །སྤྲང་སྙིང་ནས་ཐར་པ་བསྒྲུབ་པར་རིགས། །ལས་ཚོགས་གཉིས་ཀྱི་སོ་ནམས་མ་གཏོགས་པ། །ལས་གང་ལའང་སྙིང་པོ་མི་འདུག་པས། །སྤྲང་སྙིང་ནས་ཐར་པ་བསྒྲུབ་པར་རིགས། །ཀྱེ་སེམས་ཉིད་ཀྱི་དབང་འབྱོར་མ་གཏོགས་པ། །དབང་ཐང་ལ་སྙིང་པོ་མི་འདུག་པས། །སྤྲང་སྙིང་ནས་ཐར་པ་བསྒྲུབ་པར་རིགས། །གནས་ཆོས་དབྱིངས་ཀྱི་ཕོ་བྲང་མ་གཏོགས་པ། །གནས་གང་ལའང་སྙིང་པོ་མི་འདུག་པས། །སྤྲང་སྙིང་ནས་ཐར་པ་བསྒྲུབ་པར་རིགས། །གྲོགས་རང་བྱུང་ཡེ་ཤེས་མ་གཏོགས་པ། །གྲོགས་གཞན་ལ་སྙིང་པོ་མི་འདུག་པས། །སྤྲང་སྙིང་ནས་ཐར་པར་བསྒྲུབ་པར་རིགས། །ཟག་བཅས་ལུས་ཀྱི་ཡོན་ཏན་གྱིས། །ཟག་མེད་སེམས་ཀྱི་གནས་ལུགས་ཤིག །དུས་དེ་རིང་ཉིད་ནས་གཏན་ལ་ཕོབ། །སྣ་ཐག་བསྟུངས་བརྩོན་འགྲུས་མ་བསྐྱེད་ན། །ཁོང་སྣང་སེམས་བག་ཆགས་འཁྲུལ་སྣང་གི །འཛད་མེད་ལས་ཀྱི་རྗེས་འབྲེང་ན། །ཡུལ་འཁོར་བའི་གནས་ལས་ནམ་ཞིག་ཐར། །ཚུལ་འགྲོ་དྲུག་གི་སྡུག་བསྔལ་མྱོང་གྱུར་ན། །དཔེ་རྒྱལ་པོའི་བཙོན་དོང་ཅི་བཞིན་དུ། །བདེ་བ་བྲལ་ཞིང་མྱ་ངན་གནས། །ལས་འདི་ལས་ཐར་བ་གཙིས་སུ་ཆེ། །ཞེས་སྨྲས་སོ། །རག་ཕུའི་ལ་ཐོག་ནས་ཇོ་བོ་དཔལ་འཛོམ་མམ། །དག་པ་ཤེལ་རི་མཇལ་ཚེ་ཡིད་ངེས་འབྱུང་དང་དག་སྣང་དཔག་མེད་ཤར་བས་བསྟོད་གསོལ་གྱི་ཚིག་བཅད་འདི་ཕུལ་ལོ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཀུན་གྱི་གཙོ། །རིགས་ཀྱི་བདག་པོ་དཔལ་ལྡན་ཆོས་ཀྱི་རྗེ། །མཚུངས་པ་མེད་པ་བདག་གི་སྐྱབས་གཅིག་པུ། །ཕ་གཅིིག་གྲུབ་ཐོབ་ཆེན་པོའི་ཞབས་ལ་འདུད། །ཨེ་མ་དག་པ་མཁའ་སྤྱོད་ཞིང་། །ཉེ་བའི་མཐུན་སྤྱོད་ཚན་དྷོ་ཧ། །སྒྱུ་འཕྲུལ་དཔལ་དགུའི་ཕོ་བྲང་མཆོག །སྐུ་གསུམ་དངོས་གྲུབ་འབྱུང་བའི་གནས། །ཁམ་ཤག་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རིན་ཆེན་རི་ཡི་རྒྱལ་པོ་ལ། །གསེར་རི་བདུན་དང་རོལ་མཚོ་བདུན། །བཅུ་གཉིས་གླིང་དང་ལྕགས་རི་ཆུ། །ཉི་ཟླ་གཟའ་དང་སྒྱུ་སྐར་འཕྲེང་། །འདོད་འཇོའི་བ་དང་དཔག་བསམ་ཤིང་། །བཀྲ་ཤིས་རྒྱལ་སྲིད་རིན་ཆེན་བདུན། །ཕྱི་ལྟར་རང་བྱུང་བཀོད་པས་བརྒྱན། །ནང་ལྟར་གསང་བ་ལྷ་ཡི་ཞིང་། །སྒྱུ་འཕྲུལ་རྒྱ་མཚོའི་ཕོ་བྲང་མཆོག །དཀྱིལ་འཁོར་གཅིག་ལ་ཚོམ་བུ་དགུ །བདུན་བརྒྱ་ཉེར་ལྔ་དཔལ་གྱི་གནས། །གསང་བ་འོག་མིན་སྟུག་པོ་བཀོད། །འབྱུང་བའི་ཁམས་རྣམས་རང་དག་པ། །ཆོས་ཉིད་དབྱིངས་ཀྱི་འཁོར་ལོ་རུ། །རྟག་པ་རྒྱུན་གྱི་དཔལ་དུ་གནས། །ཕྱག་འཚལ་མཆོད་དོ་བསྟོད་ཅིང་བཤགས། །ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཅེས་སྨྲས་སོ། །ཡུལ་ཀ་འོག་སྔགས་པ་གླིང་གི་ལྷ་ཁང་རབ་གནས་བྱས་ཚེ་སྨྲས་པ། །རྗེ་ན་མོ་མ་ཧཱ་གྷུ་རུ་བྷྱཿ སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཐུགས་རྗེའི་མངའ་བདག་འགྲོ་བའི་མགོན། །རྒྱལ་དབང་པདྨ་སྤྲུལ་པའི་སྐུ། །གྲུབ་ཐོབ་པདྨ་རིགས་འཛིན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དངོས་གྲུབ་སྩོལ་ལ་བར་ཆད་སོལ། །ད་འདི་རུ་བཞུགས་པའི་རྡོ་རྗེ་སྤུན། །སྙན་དར་ཅིག་རྡོ་རྗེའི་གླུ་ལ་ཉོན། །སྐྱེ་བ་ཐོག་མ་མེད་པ་ནས། །བསགས་སྦྱངས་གཉིས་ཀྱི་ལས་འབྲས་ཀྱིས། །ད་ལན་བསོད་ནམས་ཕུན་སུམ་ཚོགས། །མདོ་ཁམས་ཡུལ་གྱི་རྣལ་འབྱོར་ང་། །ཕྱོགས་མེད་གནས་ལ་འགྲིམ་ནས་ཀྱང་། །ཁམ་ཤག་ཏུ་གནས་འབྲེལ་བྱས་པ་དང་། །ཉང་ལུང་ཡུལ་གྱི་སྤྲུལ་སྐུ་བ། །དམ་ཚིག་དབང་གིས་བསྐུལ་བ་དང་། །ཀ་འོག་གི་དད་ལྡན་ཕོ་མོ་རྣམས། །བསགས་པ་ཆོས་ལ་བྱེད་པ་གསུམ། །སྔོན་ལས་བཟང་པོའི་འབྲེལ་བ་རུ། །ཐུགས་ཀྱི་གོ་བ་ལེན་འོས་འདུག །ལྔ་བརྒྱ་ཐ་མའི་དུས་འདི་རུ། །མི་ལུས་ཆོས་ལྡན་ཉིན་སྐར་ཙམ། །སྦྱིན་བདག་ཕོ་མོ་བསོད་ནམས་ཆེ། །རང་ཅག་མཆེད་གྲོགས་སྐལ་པ་བཟང་། །མདོ་སྔགས་བསྟན་པ་ཕྱོགས་བཅུར་རྒྱས། །རྣམ་དཀར་དགེ་བ་མཐའ་རུ་ཕྱིན། །འདི་ལྟར་གྱུར་པའི་བསོད་ནམས་དེས། །སངས་རྒྱས་བསྟན་པ་དར་བར་ཤོག །བླ་མ་སྐུ་ཚེ་རིང་བར་ཤོག །རྒྱལ་ཁམས་ཀུན་ཏུ་བདེ་ལེགས་ཤོག །སེམས་ཅན་ཐམས་ཅད་སྐྱིད་པར་ཤོག །བདག་སོགས་འགྲོ་དྲུག་སེམས་ཅན་ཀུན། །ཆོས་ཀྱི་བསམ་པ་འགྲུབ་པར་ཤོག །ཅེས་སྨྲས་སོ། །ཡུལ་ཀ་འོག་གི་སྔགས་པ་རྙི་བ་ཚེ་རིང་གིས་དུག་ལྔ་མེ་འབར་འབར། །ཆུ་ཁོལ་ཁོལ་དུ་ཡོད། །ཕ་རོལ་ཕྱིན་པ་དྲུག་གི་ནི་དྲི་མི་བྲོ། །ང་ཡི་རྒྱུད་ལ་ཕན་པའི་གདམས་པ་ཞིག་དགོས་ཞེས་ཟེར་ཚེ་སྨྲས་པ། །ལར་ཆོས་ཉིད་གཤིས་ཀྱི་གནས་ལུགས་ཞེས། །བདེ་སྡུག་ཀུན་གྱི་མཁན་པོ་ཞིག །མ་རིག་སྦུབས་སུ་བཞུགས་ནས་གདའ། །སྦུབས་དེ་ལས་ཐར་ན་བདེ་འམ་སེམས། །ང་མེད་ང་ཞེས་ཀུན་ཏུ་བརྟགས། །ང་བདག་ཉིད་ཀྱི་འཛིན་པས་བཅིངས། །འཆིང་ཐག་དེ་ལས་གྲོལ་ན་བདེ་འམ་སྙམ། །བདག་གཞན་གྱི་ཡུལ་སྣང་སོ་སོར་ཕྱེས། །སྣང་ཤེས་ཀུན་བདག་ལས་ལ་སྤྱོད། །འགྲན་སེམས་མཐོ་གནོན་ཞེ་སྡང་གི །ལྕགས་སྒྲོག་དམ་པོས་བཅིངས་པ་འདི། །མེད་ལ་ཡོད་པའི་འཁྲུལ་སྣང་ཡིན། །ཐབས་ཀྱིས་ཕྱེས་ན་བདེ་འམ་སྙམ། །ལས་དེ་གསུམ་ལས་འཕྲོས་པའི་དུག་ལྔ་པོ། །ཁོ་ཐོག་མེད་ནས་འགྲོགས་པའི་བག་ཆགས་ཀྱི། །ལས་འགྲོ་དྲུག་གི་འཁྲུལ་སྣང་གྲངས་མང་པོ། །བདེ་འདོད་ཀྱི་བྱ་བས་རང་འདོད་བསྒྲུབ། །མི་དགེ་ལ་སྤྱོད་པས་སྡུག་བསྔལ་མྱོང་། །མི་བཟོད་པའི་ཚོར་བས་རྐྱེན་རེ་བྱེད། །ལས་དེ་ལ་བརྟེན་པའི་བྱེད་པ་རེ། །བྱེད་ལས་ལ་བརྟེན་པའི་རྒྱུ་འབྲས་རེ། །རྒྱུ་འབྲས་ལ་བརྟེན་པའི་ཉམས་མྱོང་རེ། །ཉམས་མྱོང་ལ་བརྟེན་པའི་ཚོར་བ་རེ། །ཚོར་བ་ལ་བརྟེན་པའི་འདུ་ཤེས་རེ། །འདུ་ཤེས་ལ་བརྟེན་པའི་འདུ་བྱེད་རེ། །འདུ་བྱེད་ལས་ཀྱི་རྣམ་སྨིན་འབྲས། །རྟེན་ཅིང་འབྲེལ་འབྱུང་སྡུག་བསྔལ་ཀློང་། །འཁོར་བ་ཟོ་ཆུའི་འཁྱུད་མོ་ཞེས། །བདེ་བ་འདོད་ནས་སྡུག་བསྔལ་བསྒྲུབ། །ཆུ་སྲིན་ངར་མའི་མཆེ་བྲག་ལྟར། །སྡུག་བསྔལ་མ་གཏོགས་བདེ་བ་མེད། །དེ་ལས་གྲོལ་ཞིང་བདེ་བའི་ཐབས། །ཞིང་འདིར་བདག་ཅག་སྟོན་པ་ཡིས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །ཉོན་མོངས་དུག་གསུམ་དུག་ལྔ་པོ། །འདི་ཉིད་འདུལ་བའི་གཉེན་པོ་ལས། །གཞན་དུ་ཐུབ་པས་བསྟན་པ་མེད། །དེང་སང་ལྔ་བརྒྱའི་དུས་འདི་རུ། །ལྟོ་གོས་ཉི་མས་ཁྱོངས་པའི་ཚེ། །ཆོས་པའི་ཉམས་དང་ལྡན་པ་ལ། །དུག་གསུམ་རྐྱེན་དང་འཕྲད་པའི་ཚེ། །འགྲོ་དྲུག་སེམས་ཅན་ཐ་མལ་པ། །ཆོས་ཀྱི་མིང་གིས་ཁ་དོག་སྒྱུར། །བསྟན་པའི་ངུར་སྨྲིག་འཆང་བྱེད་པ། །རྟགས་འཛིན་བསྟན་པ་མ་ཡིན་ནམ། །ཆོས་ཚུལ་ཐམས་ཅད་ཡོངས་བསྡུས་པ། །མདོ་སྔགས་གཉིས་སུ་འདུས་པ་ལས། །སྔགས་པས་བཙུན་ཆས་འཁོར་བའི་སྡུག་རྒྱུད་སྤེལ། །མི་དགེའི་ལས་སྤྱོད་ལྟ་སྒོམ་རྒྱང་དུ་བོར། །བཙུན་པས་ཤ་ཆང་སྤྱོད་ཅིང་འཕྲོག་བཅོམ་བརྡུང་། །དངོས་སུ་དགེ་སྦྱོང་ལྐོག་ན་བུད་མེད་གསོ། །ལྔ་བརྒྱ་རྩོད་དུས་ཡང་མཐའི་མར་འགྲིབ་འདིར། །ཆོས་དང་སྤྱོད་པ་ཡ་མ་ཟུང་གྱུར་ཚེ། །དུག་ལྔ་ཟློག་འགྱུར་བྱེད་མཁན་དཀོན་ནས་གདའ། །འོན་ཀྱང་སྔགས་པ་ཆོས་བཞིན་བསྒྲུབ་བསམ་ན། །ཕ་རོལ་ཕྱིན་དྲུག་ལམ་ལྔ་ས་བཅུ་པོ། །མདོ་སྡེ་པ་ཡི་བྱང་ཆུབ་གཞུང་ལམ་མཆོག །བསྐྱེད་རྫོགས་གཉིས་ཀྱི་ངང་ནས་སྦྱོར་དང་སྒྲོལ། །ཉེ་བའི་ལམ་ཟབ་འབྲས་བུ་སྐུ་མཆོག་གཉིས། །བླ་མེད་ཐེག་པ་ཡང་གསང་མཚན་དུ་གྲགས། །ཁྱོད་རང་ཉིད་ཀྱི་རང་རྒྱུད་གང་གྲོལ་བ། །སྐལ་བར་གང་འཚམས་ཉམས་ལེན་མཛོད་དང་ལགས། །དུག་གསུམ་སྒྲིབ་པ་རྒྱུ་དང་བཅས་པ་རྣམས། །རྣམ་པར་བྱང་གྱུར་དེ་ནི་གདོན་མི་ཟ། །ཉོན་མོངས་གཉེན་པོས་སྤང་བ་མདོ་ཞེས་བྱ། །དེ་ལ་མོས་པ་མདོ་ཡི་ཐེག་པར་ཞུགས། །ལམ་སློངས་ངོ་བོ་སྟོང་དག་གསང་སྔགས་ཞེས། །དེ་ལ་མོས་ན་གསང་སྔགས་ཐེག་པར་སྤྱོད། །དེ་དག་ཀུན་གྱི་བྱེད་པོ་སེམས་ཡིན་ཏེ། །གནས་སྐབས་མོས་པ་བྱེ་བྲག་ལས་ཀྱི་བྱེད། །ལས་དང་རྒྱུ་མཐུན་སྟོན་པས་ཆོས་འཁོར་བསྐོར། །ཐེག་པ་སྣ་ཚོགས་སེམས་ཉིད་རྟོགས་ཕྱིར་གསུངས། །རང་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་དེ། །གཏན་ལ་ཕེབས་ན་དམ་ཆོས་གཅིག་ཆོག་ཡིན། །ལམ་གྱི་གོལ་ཤོར་སྒྲིབ་པ་དག་གལ་ཆེ། །ལུང་ནི་མདོ་རྒྱུད་མན་ངག་ཕྱག་རྫོགས་གཉིས། །ཡིན་པས་ཐོས་པའི་རྣ་བ་ཡངས་པ་དང་། །བསམ་པའི་ཤེས་རབ་རལ་གྲི་རྣོ་བ་དང་། །བསྒོམ་པའི་ཏིང་འཛིན་འཆི་དང་མཉམ་གལ་ཆེ། །རང་འདོད་ཅན་གྱི་སྤྱོད་པ་ཆོས་ལས་གཡེལ། །འབྲས་བུ་སངས་རྒྱས་ཐོབ་འདོད་ཧ་ཐང་ཆད། །ཟག་བཅས་ཆོས་ཀྱི་ཟག་མེད་བསྒྲུབས་པ་ལས། །འཁོར་བ་མཐོ་དམན་གང་དུ་གོལ་ནས་ཀྱང་། །བྱང་ཆུབ་ལམ་ལ་བར་ཆད་གྱུར་པ་སྟེ། །ཐབས་ཤེས་བླང་དོར་མདོ་སྔགས་ཆོས་ཚུལ་གྱི། །ཚེ་འདིར་བཙན་ས་ཟིན་པ་མན་ངག་ཡིན། །དུག་ཆུ་མེ་ལྟར་འབར་དང་ཆུ་ལྟར་ཁོལ། །གཉེན་པོ་བརྟེན་ནས་བདག་མེད་བསྒོམ་པ་དང་། །ཐོག་བརྫིས་བྱེད་དེ་སྟོང་གསལ་རྗེན་པར་བལྟ། །མན་ངག་སྣ་གཉིས་རང་རྒྱུད་ཅི་བདེར་བསྒོམ། །དོན་དུ་བཟང་ངན་འཛིན་པ་བྲལ་གལ་ཆེ། །གསེར་སྒྲོག་ཐག་སྒྲོག་གང་གིས་བཅིངས་ན་ཡང་། །འགྲོ་བྱེད་རྐང་ལ་གནོད་ན་བཟང་ངན་བྲལ། །དེ་བཞིན་དགེ་སྡིག་གང་གིས་འཆིངས་ན་ཡང་། །བྱང་ཆུབ་ལམ་ལས་གོལ་ན་སྡུག་བསྔལ་རྒྱུ། །དེ་ཕྱིར་ང་བདག་གྲུབ་མཐའ་སྲེད་འཛིན་ཕྲོལ། །བྱིན་རླབས་འབྱུང་གནས་གསོལ་འདེབས་ཚད་མ་ཡིན། །མོས་གུས་ལྟེམ་རྐྱང་མེད་པའི་ངང་ནས་འབད། །སྐུ་བཞིའི་ཡེ་ཤེས་དབང་བཞི་མངོན་དུ་འགྱུར། །བྱང་ཆུབ་མཐའ་བཙན་སྨོན་ལམ་ཁྱད་དུ་འཕགས། །ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས་འདེབས། །ནམ་ཞིག་རྒྱུ་ལས་འབྲས་བུ་བྱང་ཆུབ་སྨིན། །ཆོས་སྤྱོད་ཀུན་གྱི་རྩ་བ་འདི་གཉིས་ཟབ། །ཅེས་སྨྲས་ཚེ། །སྒོམ་ཞེས་བྱ་བ་དེ་ཅི་འདྲ་ཞིག་ཡོད། །ཀུན་གྱི་རྩ་བ་སེམས་རེད་མོད། །ཤ་ས་ལས་གཡར། རུས་པ་རྡོ་ལས་གཡར། །དབུགས་རླུང་ལས་གཡར། དྲོད་མེ་ལས་གཡར། ལྤགས་པ་ཐང་ལས་གཡར། འབྱུང་བའི་ཁམས་རྣམས་འཇིག་པའི་ཚེ། །རོ་ནི་ས་རྡོ་དང་ཁྱད་མེད་རྒྱུ་རེད། །བཟང་ངན་གྱི་བྱེད་པ་སེམས་རེད་ཙ་ན། །སེམས་མི་དྲན་དགུ་དྲན། མི་འགྱུ་དགུ་འགྱུ་བྱེད་པ་འདི་ཅི་རུ་བསྒོམ་དགོས་པ་ཡིན་ཟེར་ཚེ། །བུ་སྔགས་པ་ཉོན་དང་བྱང་ཆུབ་སེམས། །ཀུན་བྱེད་རྒྱལ་པོ་འདི་ཡིན་ཕྱིར། །རྩ་བ་འདི་ནས་ཆོད་གལ་ཆེ། །སེམས་ཉིད་ངོ་བོ་མཐོང་བའི་ཚེ། །བླ་མེད་ལྟ་བ་རྟོགས་པར་བརྗོད། །ངང་ཉིད་དབྱིངས་ལས་མ་གཡོས་ཚེ། །སྒོམ་པ་བླ་ན་མེད་ཅེས་སྨྲས། །ཚོགས་གཉིས་ཐབས་ཀྱི་བསྒྲུབ་པའི་ཚེ། །བླ་མེད་སྤྱོད་པ་སྤྱད་དོ་ཞེས། །གཞི་ཡི་གནས་ལུགས་བྲོད་པ་ཐོབ། །ལམ་གྱི་ཡེ་ཤེས་རྐྱེན་ལས་གྲོལ། །འབྲས་བུ་རེ་དོགས་ཟད་པའི་ཚེ། །སེམས་ཉིད་ཀློང་ན་མ་རིག་སངས། །དུག་གསུམ་རང་དག་སྐུ་གསུང་ཐུགས། །སྟོང་ཉིད་མཁྱེན་རྩལ་ཡེ་ཤེས་རྒྱས། །སངས་རྒྱས་ཞེས་བྱར་མཚན་དུ་གསོལ། །སྟོང་ཞིང་བདག་མེད་བྱང་ཆུབ་སེམས། །སྟོང་པའི་རང་བཞིན་རྣམ་པར་དག །སྣང་བའི་རང་རྩལ་སྣང་སྟོང་འཕྲུལ། །སྣང་སྟོང་གཉིས་མེད་བློ་འདས་འདི། །ལྟ་བ་ཡིན་ནོ་རྟོགས་གལ་ཆེ། །ཚུལ་དེ་ལ་བཟང་ངན་ཀུན་བྲལ་ཡང་། །བག་ཆགས་སྒྲིབ་པ་སྦྱང་སླད་དུ། །ཡང་ལྟོས་ཡང་སྒོམས་མ་ཡེངས་སྐྱོངས། །སྐྱོང་བྱ་སྐྱོང་བྱེད་གཤིས་དང་བྲལ། །རང་མདངས་ངང་ནས་ལྷམ་མེར་བ། །གསལ་སྟོང་ངང་ནས་ཧུ་རེ་བ། །དྲན་སྟོང་ངང་ནས་རྗེན་ནེ་བ། །རིགས་སྟོང་ངང་ནས་ས་ལེ་བ། །བརྗོད་མེད་ངང་ནས་ཁྲེས་སེ་བ། །བདག་མེད་ངང་ནས་ལྷུག་གེ་བ། །བདེན་མེད་ངང་ནས་ཁྱམ་མེད་བ། །བློ་བྲལ་གྱི་ངང་ནས་ཡེ་རེ་བ། །ཀ་དག་གི་ངང་ནས་ཏ་ལེ་བ། །ལྷུན་གྲུབ་གྱི་ངང་ནས་དཀྱིལ་ལེ་བ། །ཉམས་སྣང་གི་ངོ་བོར་མི་ཞེན་ཅིང་། །གནས་ལུགས་ཀྱི་ངང་ནས་ལམ་དུ་འཁྱེར། །བུ་བརྗོད་མེད་དེ་ཡིན་པས་ཉམས་སུ་ལོང། །ཉམས་འཐིབ་ན་རིག་པ་རྗེན་ལ་ཕུད། །བྱིང་ན་ཤེས་པ་རང་སོར་ལྷོད། །རྨུགས་ན་བལྟ་སྟངས་མཁའ་ལ་གཅུན། །མི་བསྒོམ་གྱི་སྒོམ་པ་མ་ཤེས་ན། །སྣང་སེམས་ཀྱི་བློ་ཞེན་སྒོམ་པ་མིན། །མི་གནས་པའི་གནས་པ་མ་ཤེས་ན། །འཁྲུལ་སྣང་གི་བློས་གཟུང་གནས་པ་མིན། །ཐུན་འཚམས་ཀྱི་རིས་སུ་མ་གཅོད་པར། །གངྒའི་རྒྱུན་ལྟར་བསྲིང་བ་གནད། །གོང་མ་ལ་གསོལ་བ་ཐེབས་གལ་ཆེ། །འགྲོ་དྲུག་ལ་བྱམས་དང་སྙིང་རྗེ་མཆོག །ཚེ་འདིར་ཕྱོགས་ལ་ལྟོས་པ་མེད་པ་དང་། །ཟག་བཅས་དང་ཟག་མེད་བསོད་ནམས་ཚོགས། །འགྲོ་དོན་དུ་བསྔོ་བས་རྒྱས་ཡང་ཐོབ། །ཅེས་སྨྲས་ཚེ། །དེ་ལྟར་ཡོང་ན་ལེགས་མདོག་ཁ་ཡང་། །ཚུལ་བཞིན་ཞིག་ཡོང་བ་དཀའ་འདུག་ཟེར་རོ། །ཡང་ལྷ་ཁང་ནང་ན་ཆོས་སྤྱོད་ཀྱི་ལུང་བྱས་ཚེ། །བླ་མ་ཁྱོད་ཀྱི་མགོའི་རལ་པ་དེ་ཅི་ཡིན། །དེ་ལ་རུས་དུམ་བཅིང་བ་ཅི་མཚོན། །ཤམ་ཐབས་དཀར་པོར་གྱོན་པ་དེ་ཅི་ཡིན། །སྟོད་གཡོགས་སྔོན་པོ་ཕུར་པ་མེ་ལོང་སོགས་བཟུང་བ་དེ་རྣམས་ལ་དོན་ཅི་ཡོད་ཤོད་དང་ཟེར་ཚེ། །སྨྲས་པ། །ཉོན་དང་དུས་ངན་སྔགས་པ་ཁྱོད། །ཁྱོད་དོར་མ་ཅན་གྱི་ཐ་མལ་པ། །སྔགས་པའི་མིང་བཏགས་ཅི་ཞིག་ཡིན། །སྡོམ་པ་ལྡན་པའི་བན་དེ་མིན། །དམ་ཚིག་ལྡན་པའི་སྔགས་པ་མིན། །ཅི་མ་གྱ་ཁྱོད་ཡི་རེ་མུག །མགོ་བོ་མ་བཅོས་རལ་པ་འདི། །མ་བཅོས་ཆོས་སྐུ་མཚོན་པའི་བརྡའ། །སྟོད་གཡོགས་སྔོན་པོར་གྱོན་པ་འདི། །མཐིང་ནག་དར་གྱི་སྟོད་གཡོགས་ཞེས། །ཆོས་ཉིད་འགྱུར་བ་མེད་པའི་ངང་། །གོང་དང་སོར་ཐག་ལྗང་གུས་སྤྲས། །ལས་ཀྱི་རིགས་ཀྱི་གདུང་འཛིན་ཅིང་། །བྱ་བ་གྲུབ་པའི་ཡེ་ཤེས་མཚོན། །ཤམ་ཐབས་དཀར་པོར་བྱས་པ་འདི། །སྒྲིབ་པ་གཉིས་དང་བྲལ་བའི་རྟགས། །རྡོ་རྗེ་རིགས་ཀྱི་གདུང་འཛིན་ཅིང་། །མེ་ལོང་ལྟ་བུའི་ཡེ་ཤེས་མཚོན། །ཕྱི་ནས་དམར་པོ་དབང་གི་གོས། །ཐུགས་རྗེས་འགྲོ་ལ་རྗེས་ཆགས་བརྡའ། །པདྨ་རིགས་ཀྱི་གདུང་འཛིན་ཅིང་། །སོ་སོར་རྟོགས་པའི་ཡེ་ཤེས་མཚོན། །དེ་ལ་སེར་པོའི་ལྕགས་རིས་བརྒྱན། །ཤཱཀྱའི་བསྟན་པ་འཛིན་པའི་རྟགས། །རིན་ཆེན་རིགས་ཀྱི་གདུང་འཛིན་ཅིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན། །དམར་སྨུག་ཐིག་མའི་སྐ་རགས་འདི། །འོད་ལྔ་ལྷུན་གྲུབ་དཀྱིལ་འཁོར་རྫོགས། །སྣང་བཞི་ཆོས་ཉིད་ཟད་པ་མཚོན། །དེ་བཞིན་རིགས་ཀྱི་གདུང་འཛིན་ཅིང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན། །ཡི་གེ་བདུན་པའི་མེ་ལོང་འདི། །མེ་ལོང་ཆོས་དབྱིངས་སྤྲོས་བྲལ་ཀློང་། །འགག་མེད་འབྲུ་བདུན་སྤྲུལ་སྐུ་ཤར། །འགྲོ་དོན་མཐོང་གྲོལ་རིན་པོ་ཆེ། །དེ་ལ་རྡོ་རྗེས་བརྒྱན་པ་འདི། །མཐོང་དང་འོད་དང་ཟེར་ཕོག་ཀུན། །མཆོག་གི་རྡོ་རྗེ་འཐོབ་པའི་རྟགས། །རྐེད་ལ་ཕུར་པ་བཟུང་བ་འདི། །ཆོས་དབྱིངས་ཐོགས་མེད་འཕྲིན་ལས་ཀྱི། །མ་རིག་བདག་འཛིན་རུ་ཏྲ་བསྒྲལ། །རང་རིག་ཆོས་སྐུར་སྦྱོར་བའི་ཐབས། །དུར་ཁྲོད་རུས་དུམ་ཐོད་སྐམ་ལྔས། །རལ་པའི་ཐོད་ལྡིང་བཅིངས་པ་འདི། །མི་རུས་ཆག་པའི་དུམ་བུ་ཡིས། །མི་རྟག་ཤེས་རྒྱུད་ཆོས་ལ་བསྐུལ། །རིགས་ལྔ་དུག་ལྔ་རྣམ་དག་མཚོན། །ཡེ་ཤེས་ལྔ་ལྡན་ཅོད་པན་འཆང་། །རྣལ་འབྱོར་རྡོ་རྗེ་ལུས་ཀྱི་ཆས། །ཕྱི་ཡི་དཔེ་དོན་བརྡའ་མཚོན་ཙམ། །ནང་ལྟར་སྒོ་གསུམ་དཀྱིལ་འཁོར་གསུམ། །གསང་བ་དུག་གསུམ་སྐུ་གསུང་ཐུགས། །ཡང་གསང་ཆོས་ཉིད་བློ་འདས་ངང་། །བཀའ་ཡིས་གནང་ཞིང་ལུང་དང་མཐུན། །སྟོན་པ་ཀུན་བཟང་ཆོས་ཀྱི་རྒྱལ། །སངས་རྒྱས་ཀུན་གྱི་ཡབ་མེས་ཡིན། །དམ་ཆོས་ཐེག་ཆེན་རྫོགས་པ་ཆེ། །རྒྱུད་ལུང་ཀུན་གྱི་འབྱུང་གནས་ཡིན། །སྦྱོར་སྒྲོལ་ཕྱི་ནང་གསང་བ་གསུམ། །སྤྱོད་པ་ཀུན་གྱི་མཐར་ཐུག་ཡིན། །མི་ཚེ་གཅིག་གི་སངས་རྒྱས་འགྲུབ། །འབྲས་བུ་ཀུན་གྱི་མཐར་ཐུག་ཡིན། །བརྒྱུད་པ་ནོར་བུ་དགུ་ལྡན་གྱི། །གང་འདུལ་མཆོག་གི་འོད་ཟེར་སྤྲོ། །སྐལ་ལྡན་སྨིན་གྲོལ་ལམ་ལ་བཀོད། །དབང་བཞིའི་ཆུ་བོས་སྒྲིབ་བཞི་སྦྱངས། །སྐུ་བཞིའི་ཡེ་ཤེས་མངོན་དུ་སྟོན། །ལས་བཞིའི་འཕྲིན་ལས་རབ་འབྱམས་ཀྱིས། །གང་འདུལ་མན་ངག་གཟེར་ཁ་འདེབས། །ཨེ་མ་བླ་མ་བཀའ་དྲིན་ཆེ། །དུས་མཐའི་བྱ་བྲལ་རྣལ་འབྱོར་པ། །སྔོན་ལས་མཐུས་བསྐུལ་གསང་སྔགས་ཐོས། །སྨོན་ལམ་འབྲེལ་བས་བླ་མ་མཇལ། །སྐལ་བར་ལྡན་པས་མན་ངག་གནང་། །ཉམས་སུ་བླངས་པས་གདེངས་དང་ལྡན། །ལམ་སྣ་ཟིན་པས་དྲོད་རྟགས་ཐོབ། །ང་ཡི་ལུས་ཆས་ཁྱོད་ཀྱིས་ཐོ་ཅོར་མཐོང་། །མཁྲིས་པ་རྒྱས་ན་དུང་ལ་སེར་པོར་སྣང་། །དུང་གི་ངོ་བོ་སེར་པོར་མི་གནས་ཀྱང་། །འབྱུང་བའི་ཁམས་ཀྱི་དར་རྒུད་འདུ་འཕྲོའི་རྩལ། །སྤྲང་པོ་ང་ཡིས་ཐོ་ཅོར་མ་སྤྱད་ཀྱང་། །སྔགས་པ་ཁྱོད་ཀྱི་ཐོ་ཅོ་མཁན་དུ་བལྟས། །འོན་ཀྱང་རང་གིས་རང་ལ་ལེགས་པར་སྟོས། །ང་ནི་བླ་མེད་ཆོས་ཀྱི་གྲུབ་མཐར་ཞུགས། །ལུས་གོས་ཆ་ལུགས་རྒྱུད་ལུང་བཞིན་དུ་བསྒྲུབ། །ཁྱོད་ནི་ཉ་རལ་ཅན་གྱི་ཐ་མལ་པ། །ད་དུང་རྣལ་འབྱོར་ང་ཡི་ཆས་ལ་རྩོད། །དམུས་ལོང་ཁ་འདུ་མཁས་པ་སྐྱར་ལ་འདོན། །དུས་ངན་དུས་ངན་ལྔ་བརྒྱའི་ཡང་མཐའ་སྡུག །བླ་མེད་རྡོ་རྗེ་ཐེག་པ་མྱུར་ལམ་ཆོས་། །བྱ་སླ་ཐབས་མང་དཀའ་བ་དང་བྲལ་ཡང་། །དམ་ཚིག་ཉམས་ན་རྡོ་རྗེ་དམྱལ་བར་བསྲེག །མཆེད་པོ་ཁྱོད་ཀྱི་ཆས་དང་ཉམས་ལེན་ཆོས། །རྒྱལ་བའི་བཀའ་དང་མདོ་རྒྱུད་གང་ནས་གནང་། །མན་ངག་བརྒྱུད་པ་བླ་མ་གང་ནས་རྒྱུད། །ཐོས་བསམ་སྒོམ་གསུམ་དྲོད་རྟགས་ཉམས་མྱོང་གང་། །རྣམ་མཁྱེན་འབྲས་བུའི་ཚད་རྡོ་གང་དུ་འཛིན། །ཅེས་རྙོ་བ་ཚེ་རིང་ལ་སྨྲས་པས། ང་ནི་ཆུ་དགུ་རས་པ་ཞིག་ཡིན། ཁྱོད་ཀྱི་ཚིག་དེ་ཚོ་ཡག་བྱུང་ཟེར་རོ། །གནས་སྲིང་མོ་རྫོང་གི་ཕོ་བྲང་གཡུ་མཚོའི་ཁ། སྒྲུབ་གནས་རྡོ་རྗེ་སྙིང་རྫོང་དུ། ཁྲོམ་མང་པོ་ཞིག་ལ་དབང་བསྐུར་ཚེ། བདག་གི་བསམ་པ་ལ། །ད་ལྟའི་ཁྲོམ་ཆེན་མི་མང་སྐྱ་སེར་མི་ང་རང་བཅས་པ། ད་ལོ་བརྒྱ་སོང་དུས་གཅིག་ཀྱང་མ་ལུས་པ་ཕ་རོལ་གྱི་གནས་སུ་འགྲོ་ངེས། མི་རྟག་པའི་རང་བཞིན་སྐྱོ་བ་སྐྱེ་བ་ལ་བསམ་པའི་ངེས་འབྱུང་དྲག་པོ་ཞིག་ཤར་ཚེ་སྨྲས་པ། ཀྱེ་མ་འདིར་ཚོགས་བརྒྱ་སྡེའི་ཁྲོམ། །གཏི་མུག་མགོ་འཐོམ་རང་རེ་རྣམས། །གྲུང་གྲུང་ཆེ་ཡང་མགོ་རེ་འཁོར། །ཤེས་ཤེས་མང་ལ་བློ་རེ་ནོར། །མཁས་འདོད་ཆེ་ལ་དོན་རེ་འཁྱུགས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ནས། །དལ་འབྱོར་རིན་ཆེན་མི་ལུས་འདི། །འགྲོ་དྲུག་ནང་ནས་རྙེད་དཀའ་ཡང་། །མི་རྟག་འཆི་བདག་བདུད་པོ་དེ། །ཆ་མེད་ཅིག་ལ་ནམ་ཡོང་ཨང་། །ཡུན་རིང་འདུག་ཆིས་བྱེད་པ་འདི། །རང་མགོ་རང་གིས་མ་གཡོག་སམ། །འཆི་བདག་ཞགས་པས་ཟིན་པའི་ཚེ། །ཐབས་སྟོབས་བྱེད་པ་ཀུན་ཟད་ནས། །གྲོགས་མེད་བར་དོར་ནམ་འཁྱམ་ཨང་། །སྙིང་པོ་མེད་པའི་ནོར་ཟོག་ལ། །རྩོལ་སྒྲུབ་བྱེད་འདི་མ་འཁྲུལ་ལམ། །གཅེས་པར་བསྐྱངས་པའི་སྒྱུ་ལུས་འདི། །མི་གཙང་རོ་རུ་བོར་བའི་ཚེ། །གཉེན་ཤེས་ཉེ་དུས་སྐྱུག་བྲོ་ལྟ། །མལ་ཕྱག་མས་ཕྱག་དུས་སྐྱོ་བ་ལ། །དགྲ་གཉེན་གྱི་ཆགས་སྡང་ཡ་རེ་ང་། །ལས་ཀྱི་འབྲས་བུ་སྡུག་རེ་བསྔལ། །ད་ལྟ་རང་དབང་ཡོད་དུས་འདིར། །ཡེངས་མ་ལམ་ལ་མི་ཚེ་ཟད། །ཕྱི་མ་གཤིན་རྗེའི་གྲོགས་དང་འགྲོགས། །ཆ་མེད་ཡུལ་དུ་རྒྱུས་མེད་འགྲོ། །ངན་སོང་སྡུག་བསྔལ་ཕ་མཐའ་ཡས། །བདེ་འདུག་ཨི་སྙམ་འགྲོ་བ་རྣམས། །རིགས་དྲུག་འཁོར་བའི་གྲོང་ཁྱེར་ལས། །ཚེ་འདིར་རྒྱབ་གྱེས་མ་བྱས་ན། །ལས་གང་ལའང་སྙིང་པོ་མི་འདུག་པས། །དུས་ད་རེས་ལམ་སྣ་འཛིན་རེ་རན། །ཞེས་སྨྲས་སོ། །སྐབས་ཤིག་གི་ཚེ་ཡུལ་ནགས་ཤོད་པའི་བན་སྐྱེ་མང་པོས། །བླ་མ་ཐུགས་དམ་གང་མཛད་པ་ཡིན་སོགས་ཀྱི་འཕྲོས་པ་མཁན་འགའ་བྱུང་བ་ལ་སྨྲས་པ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །རྩ་བ་གསུམ་དང་གཉིས་སུ་མེད། །མཆོག་གི་སྤྲུལ་པས་འགྲོ་བ་འདྲེན། །གྲུབ་ཐོབ་པདྨ་རིགས་འཛིན་ལ། །གུས་པ་ཆེན་པོས་སྐྱབས་སུ་མཆི། །ནགས་ཤོད་ཡུལ་གྱི་སྐྱེ་འགྲོ་དང་། །དྲི་རྟོག་མཁན་གྱི་བན་སྐྱེ་ཚོ། །སྙན་དར་ཅིག་སྤྲང་པོའི་གླུ་ལ་ཉོན། །ཡུལ་མ་ཀི་དམྱལ་བའི་གྲོང་ཁྱེར་ན། །ཚ་གྲང་གཉིས་ཀྱི་ཀུན་ཏུ་མནར། །ཡི་དྭགས་ཀྱི་ནི་གྲོང་ཁྱེར་ན། །བཀྲེས་སྐོམ་གཉིས་སོགས་སྡུག་བསྔལ་མང་། །དུད་འགྲོ་ཡི་ནི་འཇིག་རྟེན་ན། །གླ ན་ལྐུགས་བརྡེག་འཚོག་གཞན་དབང་མནར། །ལྷ་མིན་འཐབ་རྩོད་སྡུག་བསྔལ་ཆེ། །ལྷ་ལ་འཆི་འཕོ་ལྟུང་བ་དང་། །མི་ལ་སྐྱེ་རྒ་ན་དང་འཆི། །ཅི་ལྟར་བསམས་ཀྱང་འགྲོ་དྲུག་ཁམས། །རིགས་དྲུག་ལས་ཀྱི་ས་བོན་གྱི། །སྡུག་བསྔལ་རྒྱ་མཚོ་གཏིང་རིང་དུ། །ཐོག་མ་མེད་ནས་ཆུད་པ་ཡི། །ཁམས་གསུམ་སྐྱེ་འགྲོ་ཉམ་རེ་ཐག །དེ་ལས་སྤྲང་པོ་ཉམ་རེ་ཐག །ཚུལ་བཞིན་བསམས་ན་ངུ་ཡང་བྲོད། །ད་ལན་མི་ལུས་གཙང་མ་ཡི། །རྟ་མཆོག་རིན་ཆེན་འདི་རྙེད་ཚེ། །འཁོར་བའི་འཕྲང་ལས་འབྲོས་བསམ་སྟེ། །དཀོན་མཆོག་གསུམ་ལ་སྐྱབས་ཡུལ་ཞུས། །བློ་ཕུགས་མཚན་ལྡན་བླ་མར་གཏད། །དམ་པའི་ཆོས་ལ་སློབ་གཉེར་བརྒྱབ། །སྡོམ་གསུམ་མནོས་ཤིང་དགེ་བཅུ་བསྒྲུབས། །དབང་བཞི་ཞུས་ཤིང་བསྐྱེད་རྫོགས་བསྒོམས། །ཆགས་མེད་བྱས་ཤིང་རི་ཁྲོད་འགྲིམས། །ཞེན་མེད་བྱས་ཤིང་ཉེ་འབྲེལ་བསྐྱུར། །རྟོགས་མེད་བྱས་ཤིང་རོ་སྙོམས་སྤྱད། །འདོ་མེད་བྱས་ཤིང་ཁེ་གྲགས་བསྐྱུར། །ད་ལྟ་ཁམས་ཀྱི་སྲིང་མོ་རྫོང། །གནས་མཆོག་རྡོ་རྗེ་སྙིང་རྫོང་དུ། །བསམ་གཏན་ཁང་ཆུང་ནང་དུ་ཞུགས། །ཏེ་སེ་གངས་ནག་སྔས་ལ་བཞག །གཡའ་བྲག་ཆུ་གསུམ་ཁྲི་ལ་བསྡད། །ཁ་ཆར་བུ་ཡུག་གོས་སུ་གྱོན། །ན་བུན་ཀྱི་བུན་ཡོལ་བ་རྒྱབ། །མ་བརྩིགས་རྫོང་ཆེན་རི་གསུམ་རྩེར། །མ་བཟོས་ལ་ཆེན་སྐས་ཁ་བཙུགས། །མ་གཞོགས་གངས་ཀྱི་སྒོ་མོས་བཅད། །མ་བརྡུངས་བྲག་གི་ལྕགས་རིས་བསྐོར། །མ་བསྒྲུབ་སངས་རྒྱས་རང་ལས་རྙེད། །མ་བཙལ་བཞག་པས་རང་ས་ཟིན། །རེ་དོགས་དབྱིངས་ཟད་མངོན་སངས་རྒྱས། །ཨེ་མ་ཡེ་ཡིན་ཆོས་ཀྱི་སྐུ། །འདོ་མེད་སྤྲང་པོའི་ཐུགས་དམ་ཡིན། །དྲི་རྟོག་མཁན་ཚོའི་ཐུགས་ལ་ཞོག །དུས་ངན་བསྐལ་པའི་ཐ་མ་འདིར། །མི་ལུས་ལོན་པའི་སྐྱ་སེར་ཚོ། །འཁོར་བ་ཐོག་མ་མེད་པ་ནས། །བཟང་པོ་འདོད་ནས་རང་དོན་བསྒྲུབས། །ཆགས་སྡང་རྨོངས་གསུམ་ལས་ལ་སྤྱོད། །འབྲས་བུ་རང་མགོ་རང་གིས་བསྣུབས། །རིགས་དྲུག་གནས་སུ་འཁྱམས་ཤིང་འཁོར། །ད་སྟེ་གཉུགས་རེ་མ་བུད་དམ། །ད་སྟེ་རྨུས་སུན་མེད་པ་འདི། །ཇི་ལྟར་ཡིན་ནམ་སྐྱོ་བ་སྐྱེ། །འཁོར་ལོས་བསྒྱུར་བའི་སྟོབས་ལྡན་ཞིང་། །རྣམ་ཐོས་སྲས་ཀྱི་ནོར་ལྡན་ཏེ། །བརྒྱ་བྱིན་ཚངས་པའི་ཚེ་ལྡན་ཡང་། །ཐ་མ་མི་རྟག་འཇིག་པའི་རྒྱུ། །ཐ་མ་མི་རྟག་འབྲལ་བའི་རྒྱུ། །ཐ་མ་མི་རྟག་འཛད་པའི་རྒྱུ། །ཐ་མ་མི་རྟག་འཆི་བའི་རྒྱུ། །ཐ་མ་མི་རྟག་སྡུག་བསྔལ་རྒྱུ། །དེ་ཙམ་སྟོབས་འབྱོར་དཔལ་ལྡན་ཡང་། །མི་རྟག་སྡུག་བསྔལ་རྒྱུར་མཆིས་ན། །གནང་ཆུང་རང་རེའི་ཚེ་བསོད་ལ། །རྟག་པར་འཛིན་ཅིང་འདི་ཕྱི་བརྗེ། །མི་དགེ་བཅུ་སྤྱོད་དགེ་བཅུ་བོར། །སྐྱེ་བོས་ཆགས་སྡང་རྨོངས་གསུམ་རྩོད། །ཆོས་པས་གྲུབ་མཐའ་ཕྲག་དོག་རྩོད། །བླ་མས་ཆོས་བརྒྱད་སུ་མཁས་བྱེད། །དགེ་འདུན་ཁྲིམས་ལ་ངོས་ལྐོག་གཡེམ། །དགེ་བཤེས་དམག་དཔོན་ཁྲིམས་སྐད་གཏོང་། །མཁན་པོས་ཡུལ་གྲོང་ཁྲིམས་ཀྱིས་མནར། །དགེ་སྦྱོང་དད་ཟས་ཁྲལ་དུ་རྒྱུག །སྤྲང་པོའི་ཐུགས་དམ་དྲི་རྟོག་བསྐྱུར། །ཐོན་ན་མི་གཅིག་རང་མགོ་ཐོན། །འཆུགས་ན་མི་གཅིག་ལམ་སྣ་འཆུགས། །དྲི་རྟོག་མཁན་གྱི་སྐྱ་སེར་ཚོ། །ཁྱེད་ཚོའི་ཐུགས་དམ་བཟང་པོ་དེས། །འབྲེལ་ཚད་བདེ་ལ་སྦྱོར་བ་འདྲ། །བཟང་ན་མང་པོར་བཟང་བར་གདའ། །ངན་ན་མང་པོར་ངན་པར་གདའ། །རེ་རེའི་ཕན་གནོད་མིན་ཐག་ཆོད། །མང་པོའི་སྐྱིད་སྡུག་ངེས་པར་རེད། །ཐུགས་བསམ་ཐོང་ལ་ཐུགས་དམ་མཛོད། །རང་དབང་ཡོད་ཚེ་ཐུགས་དམ་མཛོད། །ལས་འབྲས་ཆོས་ཀྱི་སྟོངས་མཐའ་མེད། །ད་ལྟ་གཞན་དབང་རང་གིས་འདུས། །ཕྱི་མ་རང་དབང་གཞན་ལ་འཆོར། །དེ་དུས་ལས་འབྲས་ཡ་རེ་ང་། །འགྱོད་པ་སྐྱེ་སྟེ་དོན་མགོ་ཆུང་། །སྤྲང་པོའི་བཟང་ངན་ཉན་འདོད་པའི། །ཤེས་རིག་ཅན་གྱི་གྲུང་པོ་ཚོ། །རང་དོན་དམ་པའི་ལྷ་ཆོས་ལ། །བརྩོན་འགྲུས་བསྐྱེད་ན་མི་མཐད་དམ། །ཞེས་སྨྲས་སོ། །ཉིན་ཅིག་ཀ་འོག་པའི་སྔགས་པ་རྙར་བདེན་ཚེ་ལུ་མ་དང། །རྙར་རྫུན་བསམ་འགྲུབ་གཉིས་འཛིང་བར་ཐོས་ཚེ་སྨྲས་པ། ལགས། དམ་ཆོས་སྒྲུབ་དུས་ཚེ་འདི་དྲན། །དམ་ཚིག་ཞུས་ནས་ཁ་མཆུ་གཏུག །ཆོས་བཞིན་བསླབ་དུས་འཇིག་རྟེན་དྲན། །དགེ་བཅུ་བསླབ་དུས་སྡིག་བཅུ་སྤྱོད། །རྡོ་རྗེ་སློབ་དཔོན་དམ་ཚིག་ཏུ། །ཆོས་ཀྱི་ཞལ་གདམས་རྒྱབ་ཏུ་བསྐྱུར། །རྡོ་རྗེ་སྤུན་གྲོགས་དམ་ཚིག་ཏུ། །རུ་ང་ཕྲག་དོག་ཆགས་སྡང་རྩོད། །ཡི་དམ་ལྷ་ཡི་དམ་ཚིག་ཏུ། །བསྙེན་སྒྲུབ་ལས་གསུམ་རྒྱང་དུ་བོར། །མ་དང་མཁའ་འགྲོའི་དམ་ཚིག་ཏུ། །ཁྱི་ཕག་སྤྱོད་པས་བུ་བརྒྱུད་སྤེལ། །ཆོས་སྐྱོང་བསྲུང་མའི་དམ་ཚིག་ཏུ། །མཆོད་བསྟོད་བསྐང་སོགས་བླ་རྡོ་བྲལ། །ཀྱེ་ཧོ་འདི་འདྲའི་སྔགས་པ་ཚོ། །སངས་རྒྱས་བསྟན་དང་རྡོ་རྗེ་ཐེག །མདོ་སྔགས་གཞུང་ལུགས་ཚུལ་བཞིན་ཞིག །ཉམས་སུ་ལོན་པ་དཀའ་ན་ཡང་། །ཕྱོགས་མཐུན་ཙམ་རེ་ལོས་སུ་དགོས། །ཆེ་ལ་ཐོས་བསམ་སྒོམ་གསུམ་མེད། །ཆུང་ལ་ཉན་འཆད་འཛིན་གསུམ་མེད། །བསྐྱེད་རྫོགས་མེད་པའི་འཕྲིན་ལས་གཏོང་། །ཚེ་འདིའི་བར་ཆད་སེལ་དུ་རེ། །རེ་མང་རི་བོང་རྭ་དང་འདྲ། །ཕྱི་མའི་ལམ་སྣ་འདྲེན་དུ་རེ། །རེ་ཡང་མོ་ཤམ་བུ་དང་འདྲ། །དམ་ཆོས་གསེར་ཕྱེ་སིལ་མ་འདི། །ཟབ་ཀྱང་ཉམས་སུ་མ་ལོན་སྡུག །གསང་སྔགས་ལྟ་སྒོམ་སྤྱོད་གསུམ་འདི། །བཟང་ཡང་ཚུལ་བཞིན་མ་སྒྲུབས་སྡུག །བླ་མ་མཚན་ལྡན་མཇལ་ན་ཡང་། །གནས་ལུགས་ངོ་སྤྲོད་མ་ཐོབ་སྡུག །མཆེད་ཟླ་རྡོ་རྗེ་སྤུན་གྲོགས་དང་། །འགྲོགས་ཀྱང་དམ་ཚིག་མ་སྲུངས་སྡུག །ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །བྱིན་རླབས་ཆེ་ཡང་མ་སྒྲུབས་སྡུག །དལ་འབྱོར་རིན་ཆེན་མི་ལུས་འདི། །ཐོབ་ཀྱང་ལྷ་ཆོས་མ་བྱས་སྡུག །ཚེ་ལ་རྟག་པ་མི་འདུག་ཀྱང་། །གཏན་གྱི་འདུག་ཆིས་བྱེད་འདི་སྡུག །འཁོར་བའི་སྡུག་བསྔལ་མཐོང་ན་ཡང་། །ས་བོན་མི་དགེ་འདེབས་འདི་སྡུག །ལས་འབྲས་སླུ་མེད་ཤེས་ན་ཡང་། །ལག་ལེན་མི་དགེ་བྱེད་འདི་སྡུག །དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །སྐྱབས་སུ་སོང་བའི་ཆོས་པ་ཚོ། །ཆོས་བཞིན་སྤྱད་པ་ཅི་འདྲ་ཡོད། །དྲེད་པོ་རྣམས་ལ་ཆོས་དྲེད་སྡུག །རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ། །དམ་ཚིག་ཞུས་པའི་སྔགས་པ་ཚོ། །བསྐྱེད་རྫོགས་ཏིང་འཛིན་ཅི་འདྲ་ཡོད། །དམ་ཚིག་ཉམས་ན་དམྱལ་བར་སྡུག །གསང་སྔགས་རྡོ་རྗེ་ཐེག་པ་ལ། །ཉམས་ལེན་བྱེད་པའི་རྣལ་འབྱོར་ཚོ། །གནས་ལུག་དྲོད་རྟགས་ཅི་འདྲ་ཡོད། །ལམ་ལ་གོལ་ན་ཁམས་གསུམ་སྡུག །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཞུས་པའི། །མགོ་སྤུ་བྲེགས་པའི་བཙུན་པ་ཚོ། །ངོས་ལྐོག་མེད་པ་ཅི་འདྲ་ཡོད། །ཚུལ་ཁྲིམས་འཆལ་ན་འཕོ་ལྟུང་སྡུག །ཟབ་དོན་སྙིང་པོའི་བསྟན་པ་ལ། །ཤེར་ཕྱིན་སྤྱོད་པའི་གཅོད་པ་ཚོ། །སྙེམ་ཐག་ཆོད་པ་ཅི་འདྲ་ཡོད། །ལམ་ལ་གོལ་ན་འདྲེ་སྲིན་སྡུག །ཕོ་ཉས་བགྲོད་པའི་ལམ་མཆོག་ལ། །བདེ་བ་ལམ་སློངས་རྣལ་འབྱོར་ཚོ། །དགའ་བཞིའི་གདེངས་ཚད་ཅི་འདྲ་ཡོད། །འདོད་པས་བཅིངས་ན་མངལ་སྲིན་སྡུག །སྟོན་པ་བླ་མེད་སངས་རྒྱས་ཀྱི། །བསྟན་པ་འཛིན་པའི་བཤེས་གཉེན་ཚོ། །ཕྱི་མའི་ཡར་འདྲེན་ཅི་འདྲ་ཡོད། །ཆོས་བརྒྱད་ཆེ་ན་འཁོར་བ་སྡུག །རྡོ་རྗེ་འཛིན་པར་མངའ་གསོལ་ནས། །དབང་བསྐུར་མཛད་པའི་སློབ་དཔོན་ཚོ། །སྔགས་སྒྲུབ་དྲོད་རྟགས་ཅི་འདྲ་ཡོད། །སྨིན་གྲོལ་མེད་ན་དམྱལ་ཟངས་སྡུག །ཟབ་མོ་དོན་གྱི་རྟོགས་དགོངས་ཀྱི། །གཤིན་པོའི་རྣམ་ཤེས་སྤར་ཆོག་མཁན། །འཕོ་འདེབས་བྱེད་པའི་བླ་མ་ཚོ། །མངལ་སྒོ་ཁོགས་པ་ཅི་འདྲ་ཡོད། །རྣམ་ཤེས་འཁྱལ་ན་འགྲོ་དྲུག་སྡུག །མདོ་སྔགས་ཆོས་ཀྱི་འཕྲིན་ལས་ཀྱིས། །གྲོང་ཆོག་བྱེད་པའི་དཀོར་བསྡུད་མཁན། །བསོད་ནམས་གོང་འཕེལ་ཅི་འདྲ་ཡོད། །ཟ་འགམས་ཆེ་ན་ཡི་དྭགས་སྡུག །རྒྱུ་འབྲས་མདོ་སྔགས་ཆོས་ཀྱི་ཚོགས། །སེམས་ཅན་རང་རྒྱུད་གྲོལ་བའི་ཕྱིར། །སྟོན་པ་རྣམས་ཀྱི་བསྟན་པ་ལས། །གཞན་དུ་གསུངས་པ་མིན་པའི་ཕྱིར། །ཆོས་སྒོར་ཞུགས་པའི་ཆོས་པ་ཚོ། །རང་སེམས་དྲང་པོར་དཔང་དུ་ཞོག །བསམ་གཞིག་རང་གིས་རང་ལ་ཐོང་། །བྲང་ལག་ཐལ་མོ་སྦྱར་བའི་ཚེ། །མི་འགྱོད་ཙམ་རེ་མ་བྱས་ན། །ཆོས་ལ་ཞུགས་ཤིང་སྡིག་པ་སྒྲུབས། །རང་མགོ་རང་གིས་མ་བསྣུབས་སམ། །འཆལ་ཟློས་འདྲ་བའི་གྱ་མ་དོ། །སེམས་ཉིད་བཟོ་བཅོས་མེད་པའི་ངང་། །ཐལ་འབྱུང་ཚིག་གི་ཕྲེང་བར་བཅད། །ཁམས་ཀྱི་སྲིང་མོ་རྫོང་གསུམ་གྱི། །སྒྲུབ་གནས་རྡོ་རྗེ་སྙིང་རྫོང་དུ། །ཐུན་སྐབས་ཞིག་ལ་བཤུར་ཏེ་བྲིས། །ཡུལ་ཀ་འོག་སྔགས་པ་གླིང་གི་སྔགས་པ། །གཡག་པ་གསང་སྔགས་བསྟན་འཛིན་བུག་སྒོ་འགྲམ་དུ་བྱུང་ནས། ཞི་ཁྲོའི་རྒྱུགས་སྤྲད་ཚེ། ཁམས་ཨི་བཟང་ཐུགས་དམ་ཨི་འཕེལ་ཟེར་ཚེ་སྨྲས་པ། ལགས། སྐྱེ་བ་སྔོན་གྱི་ལས་འབྲས་ཀྱི། །ད་རེས་མི་ལུས་རིན་ཆེན་རྙེད། །ཆུང་ནས་སངས་རྒྱས་བསྟན་པར་ཞུགས། །གྲུབ་ཐོབ་ཆེན་པོའི་ཞབས་ལ་ཐུག །གསང་སྔགས་རྡོ་རྗེ་ཐེག་པ་གོ། །ཐེག་པ་དམན་ལམ་ལས་རིང་དུ་གྱུར། །ཡུལ་མཆོག་ཉི་མ་དབུས་ན་སོང་། །སྒོ་གསུམ་ཆོས་ཀྱི་ཁྲིམས་སུ་བཅུག །རང་ལ་ཉེར་འཁོའི་སློབ་གཉེར་རྒྱབ། །རང་རིག་དྲི་མེད་ཆོས་ཀྱི་སྐུ། དྲིན་ཆེན་བླ་མས་ངོས་སྤྲོད་མཛད། །གནས་མཆོག་དཔལ་གྱི་ཙྭ་རི་རུ། །གདོད་མའི་ཡེ་ཤེས་རང་ཞལ་མཇལ། །ངེས་པའི་དོན་ལ་ཐེ་ཚོམ་བྲལ། །རེ་དོགས་ཆོས་ཉིད་དབྱིངས་སུ་དག །སྒྱུ་མའི་མགྲོན་ཁང་མ་ཞིག་བར། །སྒྲུབ་པའི་དམ་བཅའ་སྙིང་ལ་བཏབས། །བླ་མ་མཆེད་གྲོགས་རང་དང་བཅས། །རི་ཁྲོད་འགྲིམ་པའི་ཆོས་རྒྱགས་ལ། །སྐབས་འགའ་ཟང་ཟིང་བྲེལ་བས་ཁྱེར། །སྒྱུ་མའི་ནོར་གྱི་དཀོར་ཟོག་ལ། །འབག་པ་མི་ཆུང་ཙམ་རེ་བྱུང་། །འོན་ཀྱང་རང་འདོད་འཁྲི་བ་ཡི། །ཁ་རྒྱབ་གཉིས་པོ་ཕྱིད་ཙམ་ལས། །རང་མནོག་གི་རྩོལ་སྒྲུབ་བྱེད་མ་མྱོང་། །དྲིན་ཅན་མཚུངས་པ་མེད་པའི་ཕ། །གྲུབ་ཐོབ་པདྨ་རིགས་འཛིན་པ། །ད་ལྟ་ཟབ་བུ་ལུང་ན་བཞུགས། །སྒྲུབ་རྒྱུད་རྒྱུ་སྐར་ཕྲེང་བས་བརྒྱན། །བདག་ཀྱང་གནས་ཆེན་ཁམ་ཤག་ཏུ། །བསམ་གཏན་ཆོས་ལ་བྲོད་པ་ཐོབ། །དེང་སང་ལྔ་བརྒྱ་རྩོད་པའི་དུས། །ངེད་དཔོན་སློབ་ཐུགས་དམ་ཕྲན་བུ་འཕེལ། །འདི་སྐྱེ་བ་སྔ་མའི་སྦྱངས་འབྲས་ཡིན། །ཨོ་རྒྱན་པདྨའི་ཐུགས་རྗེ་ཡིན། །ཐུགས་དམ་བྱས་ན་འདི་ཙམ་རེ། །མི་འཕེལ་མཁན་ནི་སུ་ཞིག་ཡོད། །འོན་ཀྱང་བྱེད་མཁན་ཉུང་བར་གདའ། །ཕྱི་ནས་ཐོས་པའི་ཡོན་ཏན་དོན། །ཆོས་དང་ཆོས་མིན་བྱེ་བྲག་ཕྱེས། །ནང་ནས་བསམ་པའི་ཤེས་རབ་ཀྱིས། །ཐེག་པའི་གོང་འོག་ཉེ་ལམ་གོ །གསང་བ་བསྒོམ་ཉམས་དྲོད་རྟགས་ཀྱི། །ལམ་གྱི་གོལ་ཤོར་སྒྲིབ་གསུམ་བྲལ། །ཆོས་ཉིད་མ་བཅོས་རང་བྱུང་ལ། །ཉམས་ལེན་ཆུ་བོའི་རྒྱུན་ལྟར་ཡོད། །མངོན་སུམ་སྣང་བའི་འབེན་ལ་བལྟ། །ཉམས་སྣང་ཆོས་རྣམས་གོང་དུ་འཕེལ། །ཅེས་སྨྲས་པས། །ཡར་མར་གྱི་དྲི་བཤད་མང་པོར་བྱུང་ཀྱང་ཡི་གེར་མ་ཐེབས། བསྙེན་པའི་སྐབས་ཞིག་ལ། ཁམས་སྲིང་མོ་རྫོང་གི་བྱང་ཕྱོགས་འཕྲིན་ལས་རོང་དུ་ཞལ་ཐང་རྣམས་རབ་གནས་བྱས་ཚེ། དཀྱིལ་འཁོར་གྱི་བྱ་བ་མཐར་སོན་ནས། བསྔོ་སྨོན་གྱི་མགུར་སྨྲས་པ། ༈ །རྗེ་ན་མོ་མ་ཧཱ་གྷུ་རུ་བྷྱཿ སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་དྲིན་ཅན་མཚུངས་མེད་ཆོས་ཀྱི་རྗེ། །གྲུབ་ཐོབ་པདྨ་རིགས་འཛིན་ལ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་བཟུང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཆོས་ཉིད་ཀ་ནས་དག་པའི་དབྱིངས། །བློ་འདས་ཆོས་སྐུའི་རོལ་པ་ལས། །ངེས་པ་ལྔ་ལྡན་ལོངས་སྐུའི་རྩལ། །མ་འགགས་སྤྲུལ་སྐུའི་ལྷ་ཚོགས་ནི། །ཐུགས་རྗེ་ཞི་དང་རང་བཞིན་ཁྲོ། །མཚན་དུ་གསོལ་བ་ཞི་ཁྲོ་དང་། །བླ་མ་རིགས་འཛིན་དགོངས་པ་འདུས། །ཡི་དམ་སྒྲུབ་པ་བཀའ་བརྒྱད་ལྷ། །རིས་སུ་བྲིས་པའི་བསོད་ནམས་ཀྱིས། །བདག་སོགས་འགྲོ་བ་མ་ལུས་པ། །ཆོས་དབྱིངས་གདོད་མའི་ཀ་དག་ཀློང་། །མངོན་པར་རྫོགས་ཏེ་སངས་རྒྱས་ཤོག །བླ་མ་སྐུ་ཚེ་རིང་བ་དང་། །རྡོ་རྗེ་ཐེག་པའི་བསྟན་པ་འདི། །ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤོག །བདག་ཉིད་སྐྱེ་བ་འཕོས་མ་ཐག །འབྲེལ་པ་ཐོགས་དང་མཐོང་ཐོས་གཤེ །བཀུར་འདེབས་ལོག་ལྟ་བགྱིད་རྣམས་ཀྱང་། བདེ་བ་ཅན་གྱི་ཞིང་ཁམས་དང་། །ཁྱད་པར་གནས་མཆོག་པདྨ་འོད། །སྨོན་ལམ་འབྲེལ་པ་གང་ཆེའི་སར། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །བདག་གཞན་དོན་གཉིས་འགྲུབ་པར་ཤོག །ཅེས་སྨྲས་སོ། །ཡུལ་ནགས་ཤོད་པའི་གྲུབ་ཆེན་ལྟོ་ཕོ་ཆོས་ཉིད་རང་གྲོལ་བས། དབང་ལུང་ཆོས་ཁྲིད་སོགས་དགོས་གསུངས་པ་ལ་སྨྲས་པ། ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །ཆོས་ཉིད་འབྲས་བུ་ངོམ་པ་དེ། །གཟུགས་མེད་སེམས་ཀྱི་ཡུལ་ན་ཡིན། །རང་སེམས་དངོས་མེད་འོད་པོ་ཆེ། །གསང་སྒྲིབ་སྐྱོན་གྱི་ཉེས་པ་དག །དེ་ཕྱིར་རང་སེམས་དཔང་དུ་ཞོག །འཆི་བདག་དགྲ་དང་འཕྲད་པའི་ཚེ། །འགྱོད་པ་ཡེ་ནས་མེད་པ་ལ། །སྤྲོ་བའི་སེམས་ཀྱི་འཆི་ནུས་ཤིང་། །བག་ཆགས་ལུས་རྒྱ་ཞིག་པའི་ཚེ། །སངས་རྒྱས་མངོན་དུ་འགྱུར་བ་ཞིག །ངེས་པར་དགོས་སོ་སྒྲུབ་པ་བ། །ཆོས་ཁྲིད་ཞུའོ་མ་གསུངས་དང་། །ཆོས་མ་ཤེས་ལུས་པ་ག་ལ་སྲིད། །ཤེས་ནས་ཉམས་སུ་མ་བླངས་པ། །འགྲོ་བ་སྤྱི་ཡི་མཚན་ཉིད་ཡིན། །སྔོན་ལས་ངན་པའི་རྟགས་མཚན་ཡིན། །དེ་ཅི་ལྟར་ཞེ་ན་འདི་ལྟར་རོ། །གནས་མཐོ་རིས་ལྷ་མིའི་འཇིག་རྟེན་ན། །མི་ལུས་དལ་འབྱོར་ཐོབ་ཚད་ཀྱི། །སྤྱི་མཐུན་དཔལ་དུ་སངས་རྒྱས་བྱོན། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །དེ་ཐམས་ཅད་རྣམས་པ་མང་ན་ཡང་། །མདོ་སྡེ་མ་དང་གསང་སྔགས་པ། །ཕྱི་ནང་གི་ཐེག་པ་རྣམ་པ་གཉིས། །སྤྱོད་པ་སྣ་རེ་མགོ་ཐོན་ན། །ཐར་པའི་ལམ་སྣ་ལོས་སུ་ཟིན། །འདི་ལ་སློབ་རྒྱུ་ཞུ་རྒྱུ་ཆུང་། །དགེ་བ་ཆོས་སྤྱོད་རྣམ་པ་བཅུ། །ཐར་པའི་ལམ་གཞུང་རིན་པོ་ཆེ། །ཕ་རོལ་ཕྱིན་དྲུག་བླ་ན་མེད། །བསྡུ་བའི་དངོས་པོ་རྣམ་པ་བཞི། །བསླབ་པ་རྣམ་གསུམ་ལ་སོགས་པ། །མདོར་ན་འདི་དག་རེ་རེ་ལ། །ཉམས་ལེན་འདོར་ལེན་ལེགས་གྱིས་དང་། །བྱང་ཆུབ་གོ་འཕང་རིང་ན་མེད་། །རང་གི་ལུས་ངག་ཡིད་གསུམ་འདི། །དགེ་བ་ཆོས་ཀྱི་མངའ་བདག་ཡིན། །མི་དགེ་འཁོར་བའི་ས་བོན་ཡིན། །རང་སེམས་གཙོ་བོར་གཞོག་མཛོད་ལ། །རང་མནོ་རང་ཤེས་རང་གྲོས་ཐོབ། །ལུས་ཀྱི་སྒོ་ནས་ཞག་གཅིག་ལ། །ཕྱག་འཚལ་གཅིག་དང་སྐོར་བ་གཅིག །འདི་ལ་ཆག་མེད་བརྩོན་གྱུར་ན། །མི་དེ་ལོ་གསུམ་འཚོ་བའི་ཆེ། །ཕྱག་འཚལ་སྟོང་དང་བརྒྱད་ཅུ་ལ། །སྐོར་བ་སྟོང་དང་བརྒྱད་ཅུ་སྟེ། །དེས་ཀྱང་མི་གཅིག་སྐྱེ་བ་གཅིག །མཐོ་རིས་ལམ་སྣ་ལོས་སུ་ཟིན། །དེ་བཞིན་ཡིག་དྲུག་ཕྲེང་སྐོར་རེ། །ལང་དུས་ཉལ་དུས་ནམ་དགའ་ལ། །ཆག་མེད་བྱས་ནས་བགྲང་གྱུར་ན། །མི་དེ་ལོ་གསུམ་འཚོ་བའི་ཚེ། །ཡི་གེ་དྲུག་པ་འབུམ་ཚོ་གཅིིག །དེས་ཀྱང་མི་གཅིག་སྐྱེ་བ་གཅིག །མཐོ་རིས་ལམ་སྣ་ལོས་སུ་ཟིན། །དེ་བཞིན་ཟབ་མོའི་བསྐྱེད་རྫོགས་གཉིས། །བརྩོན་པས་སྒྲུབ་པའི་ཕན་ཡོན་ནི། །ངེས་པར་མདོ་རྒྱུད་ལུང་རྣམས་ལས། །དུས་གསུམ་སངས་རྒྱས་རྣམས་ཀྱིས་གསུངས། །དེ་ཕྱིར་སྐལ་ལྡན་རྣལ་འབྱོར་པ། །སྔོན་ཆད་ཆོས་ཀྱི་འབྱུང་གནས་བཟང་། །དཔལ་གྱི་དྭགས་ལྷ་སྒམ་པོ་ནས། །ཕྱག་རྒྱ་ཆེན་པོ་ཞུས་པ་ལེགས། །འཕྲལ་དུ་ན་ནིང་བྱ་བྲལ་ངས། །ལྷག་བསམ་འདུན་མས་རྫོགས་ཆེན་ནི། །བསམ་གཏན་ངལ་བསོའི་ཉམས་ཁྲིད་ཕུལ། །དེ་ཕྱིར་ཕྱག་རྫོགས་གཉིས་པོ་ལ། །ཉམས་ལེན་བརྡར་ཤ་ཚེ་འདིར་ཆོད། །ཐོབ་བོ་ཐོས་སོ་ཤེས་སོ་ཙམ། མིན་པར་རང་རྒྱུད་གྲོལ་བར་མཛོད། །ང་བཟང་ང་ཆེ་མ་སྙམས་པར། །སྐྱོན་ངོས་བཟུང་ལ་ཉམས་རྟོག་སྤེལ། །ཐོབ་ཐོབ་མང་པོའི་ཆོས་པ་འདི། །རང་གིས་ཉམས་སུ་མ་ལོན་ན། །རྒྱ་མཚོའི་འགྲམ་གྱི་ཡི་དྭགས་འདྲ། །ཤེས་ཤེས་མང་པོའི་མཁས་པ་དེ། །གཅིག་ཤེས་ཀུན་གྲོལ་མ་ཤེས་ན། །རྣམ་རྟོག་ཕྲ་མོའི་ལོག་ཤེས་ཀྱིས། །རང་རྒྱུད་ངན་སོང་གསུམ་ན་བསྲེག །དྲོ་ཟན་གཏན་ཆུས་བརྗེས་པ་ཡིན། །རང་གིས་ཉམས་སུ་མ་ལོན་པའི། །ཆོས་ཟབ་སྨྲ་བའི་གྲུབ་མཐའ་དེ། །ཏིའུ་ལོས་རྟ་བདག་བྱེད་པ་འདྲ། །ཐུལ་དུ་རེ་བའི་རང་རྒྱུད་དེ། །ཤེས་རྒྱུད་ཆོས་དང་མ་འདྲེས་ན། །ཞབས་རྡོལ་སྣོད་ཀྱི་བཅུད་དང་འདྲ། །རྒྱུ་འབྲས་ཆོས་ཀྱི་འདོར་ལེན་དེ། །ཚེ་འདིིའི་རང་འདོད་ཆོས་བརྒྱད་དང་། །འདྲེས་ན་ཁོག་པར་དུག་སོང་འདྲ། །དགེ་ཚུལ་དགེ་བསྙེན་དགེ་སློང་གི །ཁྲིམས་སུ་བཅས་པའི་བསྲུང་སྡོམ་དེ། །ངོས་ལྐོག་ཡོད་ན་མཛེ་ནད་འདྲ། གསང་སྔགས་འབུམ་སྡེའི་དམ་ཚིག་དེ། །དམ་ལ་ཞུགས་ནས་མ་སྤྱོད་ན། །མྱོན་པས་རང་སྲོག་གཅོད་དང་འདྲ། །བསྐྱེད་རྫོགས་གཉིས་ཀྱི་ཏིང་འཛིན་དེ། །རེ་དོགས་དབྱིངས་སུ་མ་ཟད་ན། །བྱིས་པས་འཇའ་ཚོན་དེད་པ་འདྲ། །ཟག་བཅས་ཟག་མེད་དགེ་བ་དེ། །བྱང་ཆུབ་བསྔོ་བས་མ་ཟིན་ན། །ཙན་དན་སོལ་བར་བསྲེགས་དང་འདྲ། །ཐེག་ཆེན་སེམས་བསྐྱེད་ཆོས་ཀྱི་གཞི། །འགྲོ་དྲུག་དོན་དུ་མ་འབད་ན། །བྱིས་པའི་སྐྱེ་བོའི་རང་འདོད་འདྲ། །རང་ཉིད་མ་གྲོལ་གཞན་དོན་དེ། །ནུས་སྟོབས་མེད་པའི་དཔོན་པོ་འདྲ། །བདག་གཞན་གཉིས་ཀ་འཕུང་བའི་རྒྱུ། །དྲོད་རྟགས་མ་ཐོབ་དབང་བསྐུར་དེ། །སྐེ་སྦྲེལ་ནགས་ལ་བརྒྱབ་པ་འདྲ། །བདག་གཞན་གཉིས་ཀ་སྲེག་པར་བྱེད། །རང་ལ་ཐོས་བསམ་མི་ལྡན་པའི། །གཞན་གྱི་སློབ་དཔོན་བྱེད་པ་འདི། །ལོང་བས་ལམ་སྣ་འཁྲིད་པ་འདྲ། །ཉམས་སུ་མ་ལོན་ཆོས་སྐད་དེ། །ཁྲམ་པས་བདེན་སྐད་སྨྲ་བ་འདྲ། །ཆོས་དང་ཆོས་མིན་འཆིང་བ་གཉིས། །ཉམས་ལེན་སྟེང་ནས་མ་གྲོལ་ན། །རིན་ཆེན་གླིང་གི་སྟོང་ལོག་འདྲ། །དབེན་གནས་དགོན་པ་བསྟེན་པའི་ཚེ། །ཉམས་རྟོགས་གོང་དུ་མ་འཕེལ་ན། །དྲེད་མོ་ཕྱི་བའི་མཚམས་དང་འདྲ། །གནས་ལུགས་ངོ་བོ་མཐོང་ནས་ཀྱང་། །ཉམས་ལེན་བརྡར་ཤ་མ་ཆོད་ན། །ནོར་བུ་འདམ་ཁྲོད་བོར་དང་མཚུངས། །ཀ་དག་ཡེ་སྟོང་སྤྲོས་བྲལ་དེ། །སྟོང་ཆེན་རབ་འབྱམས་མ་གོ་ན། །ནམ་མཁའ་སྤར་མོས་བཟུངས་བ་འདྲ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ། །ཐུན་བསྒོམ་རྣམ་རྟོག་འབྲོས་འདེད་དེ། །ལག་རྡུམ་བྲག་ལ་ཕྱིན་པ་འདྲ། །སོ་སོ་རང་རིག་ཡེ་ཤེས་ལ། །བློས་བཟུང་བཏང་སྙོམས་འོལ་ཚོད་དེ། །དམུས་ལོང་གླང་ཆེན་བལྟས་པ་འདྲ། །བདེ་གསལ་མི་རྟོག་ཉམས་མྱོང་དེ། །ཉམས་ལེན་སྟེང་ནས་མ་མཇལ་ན། །ས་ཐག་རིང་པོའི་ཚོང་སྐད་འདྲ། །སེམས་ཉིད་རྟོགས་པའི་སྒོམ་ཆེན་ཚོ། །ཚེ་འདིར་སངས་རྒྱས་མ་ཐོབ་ན། །རུས་སྦལ་ཁ་ཡི་ཤིང་ཤོར་འདྲ། །ཤེས་རིག་ཅན་གྱི་གྲུང་པོ་ཚོ། །འདེམ་ཁ་ཆོས་ལ་མ་བྱས་ན། །རང་མགོ་རང་གིས་བསྣུབས་པ་འདྲ། །མནན་སྒོ་ཅན་གྱི་འདོ་ཡོད་ཚོ། །འདུན་མ་ཆོས་ལ་མ་བསྒྲིལ་ན། །རི་དྭགས་སྨིག་སྒྱུ་དེད་པ་འདྲ། །བསགས་པ་ཅན་གྱི་ཕྱུགས་པོ་ཚོ། །ཡར་མཆོད་མར་སྦྱིན་མ་བརྩོན་ན། །སྦྲང་མས་སྦྲང་རྩི་བསགས་པ་འདྲ། །ཁ་ལྕེ་བདེ་བའི་སྨྲ་མཁན་ཚོ། །བཟླས་བརྗོད་སྙིང་པོར་མ་བླངས་ན། །གཅན་གྱི་རང་སྐད་འདོན་དང་མཚུངས། །ལུས་རྩལ་ཅན་གྱི་དཔའ་བོ་ཚོ། །སྟོབས་ཤུགས་ཆོས་ལ་མ་འགྲན་ན། །སྨྱོན་པའི་མཐའ་ཆུའི་སྙིང་སྟོབས་འདྲ། །སངས་རྒྱས་ཆོས་ཀྱི་ཐེག་པ་འདི། །ཐོས་ནས་ཉམས་སུ་མ་བླངས་ན། །ནད་པས་སྨན་རྐྱལ་ཁུར་བ་འདྲ། །ཐུགས་རྗེ་མེད་པའི་སློབ་དཔོན་ལ། །སློབ་མ་འདུ་ཚོགས་བཀུར་སྟི་བྱེད། །སྲམ་གྱིས་འུག་པ་མཆོད་དང་མཚུངས། །སྟོང་དང་སྙིང་རྗེས་མ་ཟིན་པའི། །ཕྱོགས་རིས་ཉེ་འབྲེལ་སྐྱོང་བ་འདི། །ཕྱི་བ་གོ་བོས་ཁུར་བ་འདྲ། །བྱང་ཆུབ་སེམས་དང་མི་ལྡན་པའི། །བུ་སྨད་སྐྱོང་བྲན་བྱེད་པ་འདི། །གཅན་གྱིས་རང་རྒྱུད་བྲན་པ་འདྲ། །མོས་གུས་མེད་པའི་སློབ་མ་ཡི། །མཚན་ལྡན་སློབ་དཔོན་བསྟེན་པ་འདི། །སྤེན་མས་ཁྱུང་ཆེན་ཁུར་དང་འདྲ། །བློ་འདས་ཆེན་པོའི་དགོངས་པ་ལ། །མ་རྟོགས་པ་ཡི་རྟོགས་བརྫུ་དེ། །ནམ་མཁའ་རིས་སུ་བཅད་པ་འདྲ། །བརྗོད་མེད་དོན་གྱི་ཡེ་ཤེས་ལ། །མ་གོ་བ་ཡི་གོ་བརྫུ་དེ། །ནམ་མཁའ་ཤར་ནུབ་གོ་ནོར་འདྲ། །ཐོས་བསམ་སྒོམ་གསུམ་ཐམས་ཅད་ལ། །མ་ཤེས་པ་ཡི་ཤེས་བརྫུ་དེ། །ཆ་མེད་རྒྱུས་མེད་ལམ་ཞུགས་འདྲ། །ས་ལམ་དྲོད་རྟགས་མ་ཐོབ་པའི། །མ་གྲོལ་བ་ཡི་གྲོལ་བརྫུ་དེ། །མར་མེའི་འོད་ཀྱི་ཕྱེ་ལེབ་འདྲ། །འཁོར་འདས་འདམ་སོང་མ་བྲལ་བའི། །མ་ཞིག་པ་ཡི་ཞིག་བརྫུ་དེ། །སྙིང་པོ་རུལ་བའི་ཆུ་ཤིང་འདྲ། །རང་སེམས་དྲང་པོར་མ་བསྲངས་པའི། །གཞན་མགོ་བསྐོར་བའི་བློ་ཆེན་འདི། །ལག་སྦྲེལ་གཡང་ལ་འཆོང་བ་འདྲ། །བདེན་མེད་བརྫུན་གྱི་ཕུ་དུད་འདི། །དུག་སྦྲུལ་ལྕེ་ཡི་རླངས་པ་འདྲ། །ང་བདག་འགོང་པོ་མ་ཐུལ་བའི། །ཆོས་པའི་གཟུགས་བརྙན་འཆང་བ་འདི། །ས་བོན་ཚིག་པའི་སྙེ་མ་འདྲ། །བྱང་ཆུབ་འབྲས་བུ་མ་ཐོབ་བར། །མི་སླུ་དམ་པའི་དཀོན་མཆོག་གསུམ། །དཔང་དུ་ཞོག་ལ་ཚུལ་བཞིན་དུ། །དགེ་བ་སྣ་རེ་སྤྱོད་པ་ལ། །དམ་བཅའ་ཐོབ་ལ་འབུངས་གསུམ་ཐོན། །རྫོགས་པའི་སངས་རྒྱས་རིང་དུ་མེད། །ཐོབ་ཆོག་ཆོས་འདི་ཡི་མུག་རྒྱུ། །འདིར་བྱོན་རྟོགས་ལྡན་རིན་པོ་ཆེ། །ང་སྙོམས་ཆུང་སེམས་ལ་དེ་ལྟར་ཤར། །འདི་རང་རེ་ཀུན་གྱི་ཉེར་ལེན་ལས། །ཁྱེད་ལ་སྒེར་གྱི་ཞུས་པ་མིན། །ལར་ཆོས་ཀྱི་དགོས་ཚུལ་ཡིན་ནམ་སེམས། །ཚིག་སྨྲ་བརྗོད་མི་ཤེས་པ་ཡི་རིགས། །གང་འགལ་སྲིད་དུ་མཆིས་པ་བཟོད་པར་གསོལ། །ང་དུས་ངན་སྙིགས་མ་ལྔ་བརྒྱ་འདིར། །ཤར་མདོ་ཁམས་ས་ཆ་དབུས་ཀྱི་ཆར། །ཅི་ཕྱག་སྦལ་དུ་སྐྱེས་པའི་ཐ་ཤལ་པ། །ཆུང་བཟང་ངན་གྱི་དྲན་པ་མེད་པའི་དུས། །ཡིད་སྐྱོ་བའི་ཉམས་ཤར་ཚེ་སྔོན་གྱི། །བག་ཆགས་ཀྱི་སྐྱེ་འཕྲེང་ཕ་མར་སྨྲས། །སྔོན་ལས་ངན་གྱི་བག་ཆགས་འཕྲོ་མ་དག །དབང་བསྐུར་དང་ཆོས་འཆད་ཕྱག་དབང་དང་། །ཁྲོམ་སྡུད་དང་མ་ཎི་བསྐུལ་སྟངས་སོགས། །རྔ་དུང་དང་རོལ་མོའི་སྒྲ་སྒྲོག་ཚུལ། །ཡིད་སྐྱོ་ཉམས་མེད་པར་དལ་མེད་དུ། །གྲོགས་བྱིས་པ་མང་པོའི་ནང་ན་འཕྱོ། །དྲིན་ཅན་གྱི་ཕ་མ་ཉེ་འབྲེལ་ཚོས། །མི་གཞན་གྱི་སྐྱེ་འགྲོ་མང་པོ་ལ། །དོན་ངོམ་པའི་ཚུལ་གྱི་འདི་སྐད་དོ། །བུ་འདི་ཡི་རྣམ་ཐར་འདི་ལྟར་བྱེད། །འདི་སྐུ་སྐྱེ་ཡིན་ངེས་རང་ཐག་ཆོད། །ཁོང་གཞན་ལ་སྨྲས་པའི་གཏམ་འཕེལ་ནས། །ལུས་འདུས་བྱས་ཕུང་པོའི་གདོས་བཅས་ལ། །སྐུ་སྐྱེའི་མིང་གི་ཁ་དོག་བསྒྱུར། །ལུས་ངན་ལ་ལས་ངན་རྣམས་སྨིན་འགའ། །བསགས་པ་ཡི་གཏིང་རྡོར་ཚུད་ན་ཡང་། །དྲིན་ཅན་གྱི་བླ་མ་རིན་པོ་ཆེ། །གྲུབ་ཐོབ་ནི་པདྨའི་མཚན་ཅན་གྱི། །ཐུགས་རྗེ་ལ་བརྟེན་ནས་དབུས་སུ་འཁྱལ། །གྲྭ་ས་ན་སློབ་གཉེར་གྱི་རྣམ་པ་བྱས། །གང་ལྟར་དུ་དམ་ཆོས་རྫོགས་པ་ཆེ། །ཐོས་བསམ་དང་སྒོམ་སྒྲུབ་སྦྲགས་མ་རུ། །དྲིན་ཅན་གྱི་ཕ་ཅིག་བླ་མ་དེས། །ལེགས་པར་བསྐྱངས་པའི་བྱིན་བརླབས་མཐུས། །དུས་ད་ལྟ་རང་སྐྱ་ཐུབ་ཙམ་ལ། །ལྷ་ཆོས་བསྐྱུར་ནས་ཚེ་འདི་ཡི། །རྣམ་གཡེང་ལ་མི་གནས་ཙམ་དུ་བྱུང་། །རྒྱ་ཆེན་གྱི་ཐོས་བསམ་སྒོམ་སྒྲུབ་དག །རང་རྒྱུད་དུ་ཉམས་ལེན་ཡོད་མཁན་མིན། །ཆོས་ཚུལ་བཞིན་གཅིག་ཨེ་འགྲུབ་རེ་བ་ཡོད། །མོས་པ་ལམ་བྱེད་བྱ་བྲལ་ཡིན། །ཁྱེད་ལ་དབང་ལུང་རྒྱ་ཆེན་ནི། །མཚམས་དམ་པས་འབུལ་ཡང་མི་ཐུབ་འདུག །ཕྲན་བུ་ནི་ཕུལ་དང་མ་ཕུལ་མེད། །ཅེས་སྨྲས་པས། །ཅི་ནས་ཀྱང་དབང་ལུང་ཞིག་དགོས། །བདག་ཀྱང་ཆུང་ངུ་ནས་བསོད་ནམས་དམན་པ་ཞིག་ཡིན། །རོང་སྐོར་དུ་སོང་ལོ་དྭགས་པོར་ཆོས་འབྲེལ་ཐོབ། །དེ་ཡན་ལ་དགེ་ལུགས་ཀྱི་དཀོར་ཟན་ཅིག་ཡིན། །དེ་ནས་ལོ་གསུམ་སྔ་མ་ཅིག་བཏང་། །ན་ནིང་འདི་ནས་དམ་བཅའ་ཞུས་ཚུན་ལ། །མཚམས་ཅི་དམ་བྱས། །མ་ཎི་དུང་གི་ཡང་ཁ་ཁོང་། །ད་ཆོས་འབྲེལ་ཞིག་བྱུང་ན་བསམ་པ་ལ་བསམ་ཚོད་མེད་ལགས་ཟེར་བས། །འོ་ན་ཁྱེད་རང་འདིར་བྱོན་ཉིན་དག་སྣང་འདྲ་ཞིག་ཀྱང་བྱུང་། །རྟེན་འབྲེལ་འདྲ་ཨི་ཡོད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་དཔེ་བཤུས་ལ་ཤོག་དང་། མཚམས་གྲོལ་བའི་དུས་ཤིག་བྱུང་དུས་དབང་ལུང་བྱེད་སྨྲས་སོ། །ཁམས་སྲིང་མོ་རྫོང་དུ་ལོ་གསུམ་བཅད་རྒྱ་བཏང་བ་གྲོལ་ནས། སོག་རོང་པ་དང་ཁྲི་རྡོ་རྣམས་ལ་ཆོས་ཀྱི་འབྲེལ་པ་བཏགས། ཟང་ཟིང་དཀོར་ནག་འགའ་རེ་ཡང་བསྡུས་ཏེ། བོད་དབུས་གཙང་གི་ཕྱོགས་ལ་སོང་ཉིན། རིད་ལ་གྭ་པའི་ཕར་རྒྱབ་ཏུ་བསྡད་ནུབ་གསོལ་འདེབས་དང་སྨོན་ལམ་གྱི་གླུ་བླངས་པ། རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །སྐྱབས་དུས་གསུམ་སངས་རྒྱས་འདུས་པའི་དཔལ། །བདག་འགྲོ་དྲུག་སྐྱབས་གནས་བླ་མ་རྗེ། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །དུས་ངན་ཐ་མའི་བྱ་བྲལ་ང་། །ཁམས་ཀྱི་སྲིང་མོ་རྫོང་ལ་ཕྱིན། །ཚེ་འདིར་སངས་རྒྱས་བསྒྲུབ་པ་ཡི། །ཚད་རྡོ་སྙིང་གི་དཀྱིལ་ལ་བསྐྱུར། །ཕ་བླ་མ་མཆོག་གི་བྱིན་རླབས་དང་། །གནས་དང་དུས་དང་རྟེན་འབྲེལ་དང་། །སྔོན་ལས་བག་ཆགས་བཟང་གསུམ་འཛོམ། །བསམ་པ་ཡིད་བཞིན་དོན་དང་ལྡན། །གཞི་འདི་ཁྲེག་གཅོད་ཀ་ནས་དག །ལམ་འདི་འོད་གསལ་ཐོད་བརྒལ་མཆོག །འབྲས་བུ་ཆོས་ཟད་བྱ་བྲལ་ལ། །ངེས་པ་རྙེད་ཅིང་ཐེ་ཚོམ་བྲལ། །ཕྱི་ནང་ཆོས་ཚུལ་སྣ་ཚོགས་པ། །ཀུན་གྲོལ་རང་རིག་གྲོགས་སུ་ཤར། །གདོད་མའི་གནས་ལུགས་མངོན་དུ་གྱུར། །ཆོས་ཉིད་རྗེན་པ་སྒྲིབ་གཡོག་བྲལ། །གཞོན་ནུ་བུམ་སྐུའི་རང་ཞལ་མཇལ། །ཨེ་མ་རང་བྱུང་རང་རིག་གྲོལ། །དྲོད་རྟགས་མི་ངན་དྲོད་རྟགས་བཟང་། །ཁྱེད་ཡུལ་ཕྱོགས་འདི་ཡི་ཆ་འཛིན་པ། །ནགས་སོག་ཁྲི་རྡོ་ལུང་གསུམ་གྱི། །སྦྱིན་བདག་སྐྱེ་འགྲོ་མཐོ་དམན་རྣམས། །གནས་སྐབས་འབྲེལ་པ་ཡད་ཡུད་ཙམ། །བྱ་བྲལ་ང་ལ་བཟང་ནས་འབྱུང་། །ཟང་ཟིང་སྒྱུ་མའི་ལོངས་སྤྱོད་འདི། །གནས་དང་གང་ཟག་གོང་མ་ལ། །བསྔོ་སྨོན་འབྲེལ་པ་ཐོགས་ཕྱིར་དུ། །སྤྲང་པོས་ཆོས་ཀྱི་མཚམས་སྦྱོར་བྱེད། །བདག་གཞན་འགྲོ་བའི་མཐུན་སྣང་གི །ཟག་བཅས་ཟག་མེད་བསོད་ནམས་མཐུས། །སྐྱེ་བ་འདི་ནས་འཕོས་མ་ཐག །མངོན་པར་རྫོགས་ཏེ་སངས་རྒྱས་ནས། །དོན་གཉིས་དཔལ་ལ་སྤྱོད་པར་ཤོག །དེ་ལྟར་མ་ཐོབ་ཚེ་རབས་སུ། །དལ་འབྱོར་བཅོ་བརྒྱད་ལྡན་པ་ཡི། །ལུས་རྟེན་མཆོག་དང་མི་འབྲལ་ཞིང་། །གཞན་འབྱོར་ཚོགས་ཀྱི་ལེགས་བརྒྱན་ཏེ། །རྒྱལ་སྲས་སྤྱོད་པ་སྐྱོང་བར་ཤོག །གཞི་ལམ་འབྲས་བུའི་ཆོས་རྣམས་དང་། །ཉན་བཤད་ཀློག་དང་ཆོས་སྤྱོད་བཅུ། །ཁྱད་པར་ཐོས་བསམ་སྒོམ་གསུམ་ལ། །ཤེས་རབ་ཟབ་མོས་བློར་ཆུད་ཅིང་། །གངས་དང་རི་སུལ་ནགས་འདབས་སུ། །ཟབ་ཅིང་སྤྲོས་དང་བྲལ་བ་ཡི། །འདུས་མ་བྱས་པའི་ཆོས་ཉིད་མཆོག །ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ། །འབྲལ་མེད་རྟག་ཏུ་བསྒོམ་པར་ཤོག །ཚེ་དེས་སྲིད་པ་ཕྱིར་བསྙིལ་ཏེ། །སྒྲུབ་པ་མཆོག་གི་འབྲས་བུ་ཡང་། །དོན་མེད་གྱུར་པ་མ་ཡིན་པར། །རང་བཞིན་འོད་གསལ་གཞི་དབྱིངས་སུ། །ཟད་པ་མཐའ་རུ་ཕྱིན་པར་ཤོག །སྐྱེ་གནས་བར་དོར་མ་གྲོལ་ཡང་། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །ལམ་དུ་སློང་ནས་གྲོལ་འཁྲུལ་གཉིས། །མཐར་ཕྱིན་མཆོག་གི་འབྲས་བུ་ལ། །ཡེ་གྲོལ་ཀློང་དུ་སྤྱོད་པར་ཤོག །པདྨ་འདམ་གྱིས་མ་གོས་ལྟར། །རང་དབང་ཐོབ་ནས་གཞན་དོན་དུ། །ཁམས་གསུམ་འགྲོ་དྲུག་འཇིག་རྟེན་ན། །སོ་སོའི་གཟུགས་དང་སྐད་མཐུན་པར། །ཐམས་ཅད་གྲོལ་བའི་དེད་དཔོན་གྱུར། །སྟོན་པ་བརྒྱུད་འཁོར་བསྟན་པ་དག །གར་བཞུགས་བཀྲ་ཤིས་བྱིན་ཆགས་ཤིང་། །མི་མཐུན་མེད་ཅིང་འཇིགས་པ་བྲལ། །ཕུན་སུམ་ཚོགས་པ་ལྔ་ལྡན་གྱི། །བླ་མེད་ཆོས་འཁོར་བསྐོར་བར་ཤོག །འཇིག་རྟེན་དགེ་བས་ས་སྐྱོང་ཞིང་། །རྒྱལ་བློན་འབངས་འཁོར་འགྲོ་བ་ཀུན། །བསགས་པ་ཆོས་ལ་རབ་བརྩོན་ཏེ། །དཀོན་མཆོག་རིན་ཆེན་རྩ་བ་གསུམ། །དབུ་མཐོ་བསྟན་པ་དར་རྒྱས་ཤོག །དགྲ་དམག་མུ་གེ་ཐོག་སེར་སད། །དུག་སྦྲུལ་མཐའ་གཡང་མེ་ཆུ་གཅན། །རྒྱལ་པོའི་འཇིགས་སོགས་འཇིགས་ཆེན་བརྒྱད་ཅུ་དྲུག །བརྡུངས་བརྩོག་འཕྲོག་བཅོམ་དབང་མེད་རྐྱེན་དབང་སོགས། །མི་མཐུན་གནོད་པ་ཞི་ནས་ཕུན་སུམ་ཚོགས། །ཀུན་ཀྱང་བསམ་དོན་ཆོས་བཞིན་འགྲུབ་པར་ཤོག །ཅེས་སྨྲས་སོ། །བྱང་གི་གཉེན་ཆེན་ཐང་ལྷ་མཐོང་ཚེ་སྨྲས་པ། རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །སངས་རྒྱས་ཡོང་ཀྱི་སྤྱི་དཔལ་ཆེ། །རིགས་འཛིན་ཚེ་དབང་ཨོ་རྒྱན་མཆོག །མི་ཕྱེད་དད་པས་སྙིང་ནས་འབོད། །ཐུགས་རྗེའི་སྤྱན་གྱི་རྒྱངས་ནས་གཟིགས། །བདག་ཉིད་རིགས་འཛིན་པདྨ་འབྱུང་། །རྒྱན་དང་ཆ་ལུགས་ཡོངས་རྫོགས་གསལ། །ཀྱེ་དྲི་ཟའི་རྒྱལ་པོས་ཐ་ཚིག་དགོངས། །རྒྱལ་དབང་པདྨ་མཐོང་གྲོལ་གྱིས། །བསྐལ་པ་འདི་ཡི་སྔ་ཆ་ལ། །བོད་ཁམས་གངས་ཅན་ལྗོངས་འདིར་བྱོན། །ཁྱེད་ཅག་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མི་འམ་ཅི། །ལྟོ་ཕྱེ་ལ་སོགས་གཞི་བདག་རྣམས། །བཀའ་བསྒོས་སྤྱི་བོར་རྡོ་རྗེ་བཞག །ངག་ཏུ་དམ་ཚིག་བདུད་རྩི་སྦྱིན། །གསང་མཚན་བཏགས་ནས་བསྲུང་མར་བཅོལ། །སངས་རྒྱས་བསྟན་དང་སྒྲུབ་པ་པོ། །སེམས་ཅན་དཔལ་ལ་བསྐྲུན་པ་གསུམ། །ཆད་མཐོ་སྨད་ནས་ཐ་ཚིག་བོར། །ལེགས་ཉེས་སྟངས་འཛིན་དགྲ་ཤ་ཟ། །བྷ་ལིང་གཏོར་མས་མཆོད་པར་ཆད། །དེ་ཕྱིར་ཐ་ཚིག་རྗེས་དགོངས་ལ། །བདག་ཅག་རིགས་འཛིན་སྒྲུབ་པ་པོའི། །ཆོས་བཞིན་སྒྲུབ་པའི་རོགས་དན་མཛོད། །བཅོལ་བའི་འཕྲིན་ལས་མ་བསྒྲུབས་ན། །ཆོས་སྐྱོང་ཁྱོད་ཀྱང་དམ་དང་འགལ། །པདྨའི་གདུང་འཛིན་སྒྲུབ་པ་པོས། །མཆོད་ཅིང་བསྟོད་དེ་མ་བསྐང་ན། །རིགས་འཛིན་ཆེན་པོའི་དམ་ཡང་བཀྲལ། །དེ་ཕྱིར་དབྱིངས་ཀྱི་ནམ་མཁའ་ནས། །ཞི་བའི་ཚུལ་གྱི་སྐུ་ལུས་ལ། །དགྱེས་པའི་སྟོབས་ཀྱི་དགོངས་པ་ཡི། །དཔའ་བའི་ཚུལ་གྱི་གཤེགས་ནས་ཀྱང་། །དྲག་པོའི་སྟོབས་ལྡན་བཞུགས་སུ་གསོལ། །པདྨ་གེ་སར་དར་ཟབ་གདན། །ཆོས་སྐྱོང་ཆེན་པོར་འབུལ་བར་བགྱིད། །གདོད་མའི་ཀ་དག་ཆེན་པོ་ལ། །འདུ་འབྲལ་མེད་པར་ཕྱག་བགྱིད་དོ། །གླིང་བཞི་སྟོང་གསུམ་འཇིག་རྟེན་སྟོང། །ཉི་མ་ཟླ་བ་རྒྱུ་སྐར་བརྒྱན། །གསེར་རི་རོལ་མཚོ་གཞལ་མེད་ཁང་། །རིན་ཆེན་ཕྱི་ཡི་མཆོད་པ་འབུལ། །རྫས་བརྒྱད་རྟགས་བརྒྱད་ལྷ་མི་ཡི། །ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག །གླུ་གར་སྒྲ་སྙན་རོལ་མོའི་དབྱངས། །རང་བྱུང་ནང་གི་མཆོད་པས་མཆོད། །ཐབས་ཤེས་བདེ་སྟོང་བླ་ན་མེད། །ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །ངོ་བོ་བློ་འདས་ཆོས་ཀྱི་སྐུ། །དག་པ་རབ་འབྱམས་ཆེན་པོས་མཆོད། །གཞན་ཡང་ཆོས་སྐྱོང་ཆེན་པོ་ལ། །ཕྱི་ནང་གསང་བའི་རྟེན་རྫས་དང་། །ཡིད་དང་མཐུན་པའི་ལོངས་སྤྱོད་ཀྱིས། །དུས་དང་རྣམ་པ་ཐམས་ཅད་དུ། །ཀུན་བཟང་མཆོད་སྤྲིན་ལྟ་བུས་མཆོད། །ཁྱོད་ཀྱི་འཁོར་དང་སྡོངས་ཟླ་དང་། །ཕྱི་ནང་གསང་བའི་བློན་འབངས་སྲས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །གྲུལ་བུམ་ཡུལ་ལྷའི་ཚོགས་ཀྱང་མཆོད། །བསྐང་ངོ་སྐུ་གསུང་ཐུགས་ལ་བསྐང་། །མཆོད་དོ་དམ་རྫས་འབར་བས་མཆོད། །བསྟོད་དོ་མངའ་གསོལ་གཟི་བརྗིད་བསྐྱེད། །བཤགས་སོ་འགལ་འཁྲུལ་ཐམས་ཅད་བཤགས། །སྩོལ་ཅིག་མཆོག་ཐུན་དངོས་གྲུབ་སྩོལ། །སྒྲུབས་ཤིག་འཕྲིན་ལས་རྣམ་བཞི་སྒྲུབས། །སྒྲོལ་མཛོད་གནོད་བྱེད་དགྲ་དང་བགེགས། །ཟློག་བསྒྱུར་ནད་གདོན་བར་ཆད་བགེགས། །སྲུངས་ཤིག་མི་ནོར་འཁོར་དང་བཅས། །བྱིངས་ན་བློ་ཡི་བརྗེད་གསོས་མཛོད། །འཇིགས་ལས་འབྲོས་པའི་རི་བོ་མཛོད། །རྐྱེན་ལས་གབ་པའི་ཡུལ་ས་གྱིས། །འབྱུང་བའི་ཆུ་ལ་ཟམ་པས་བསུས། །སྲ་བའི་བྲག་ལ་ལམ་ཡང་ཐོད། །འགྱེལ་ན་བརྟེན་སའི་འཁར་བ་མཛོད། །བྱེས་སུ་འགྲོ་བའི་སྟོངས་གྲོགས་མཛོད། །གཞི་རུ་འདུག་པའི་བརྟེན་པ་མཛོད། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བསངས་དུད་ཀྱི་མཆོད་ཚིག་བརྗོད་པ་ནི། །ཧཱུཾ་སྐྱབས་མཆི་རིགས་འཛིན་པདྨ་འབྱུང་། །འགྲོ་དོན་ཚོགས་གཉིས་སེམས་བསྐྱེད་དོ། །བསངས་དུད་མཆོད་རྫས་བདུད་རྩིར་གྱུར། །བདག་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་འོད་ཀྱིས་བསངས་ཀྱི་མགྲོན། །ཐང་ལྷ་འཁོར་བཅས་སྤྱན་འདྲེན་ནོ། །ཧཱུཾ་དད་པ་དང་ནི་དམ་ཚིག་གིས། །གཉེན་ཆེན་ཐང་ལྷ་འཁོར་དང་བཅས། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཁྱེད་ལ་མཐུན་རྫས་མཆོད་པ་ནི། །གཡུ་ཤུག་སྔོན་མོའི་དུད་སྤྲིན་དང་། །དཀར་མངར་ལོངས་སྤྱོད་རྩི་སྨན་འབྲུ། །དར་ཟབ་བལ་ཚོན་སྟག་གཟིག་དང་། །གསེར་དངུལ་ཟངས་ལྕགས་འཁོ་དགུས་བརྒྱན། །འདོད་ཡོན་ལྔ་ལྡན་དུད་སྤྲིན་འཁྲིག །དགོས་འདོད་ཅི་བསམ་མཆོད་སྤྲིན་འདིས། །རྒྱལ་པོ་ཆེན་པོ་གཙང་རིགས་ལྷ། །ཟུར་ཕུད་ལྔ་པ་འཁོར་བཅས་བསངས། །བཙུན་མོ་ཡུམ་སྲས་ལྕམ་དྲལ་དང་། །ཕྱི་ནང་གསང་བའི་བློན་པོ་དང་། །བསྡོངས་ཟླ་ལྷ་སྲིན་སྡེ་བརྒྱད་ནི། །མ་ལུས་འཁོར་དང་བཅས་པ་བསངས། །དེ་ལྟར་བསངས་བའི་ཡོན་ཏན་གྱིས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །བླ་མེད་འབྲས་བུ་སྨིན་པ་དང་། །བླ་མ་སྐུ་ཚེ་རིང་བ་དང་། །རྒྱལ་ཁམས་འགྲོ་བ་བདེ་ལེགས་ཤིང་། །བདག་གི་བསམ་དོན་ཆོས་བཞིན་སྒྲུབས། །གཞི་བྱིས་ཀུན་ཏུ་སྟོངས་གྲོགས་མཛོད། །ཁ་འཛིན་རྒྱབ་བརྟེན་མཐུ་དཔུང་བསྐྱེད། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དེ་ནས་མགུར་དུ་སྨྲས་པ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །སྐྱབས་རྩ་བ་གསུམ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དྲི་ཟ་ཟུར་ཕུད་ལྔ་པ་ཁྱེད། །ས་བརྒྱད་ལ་གནས་ཡོན་ཏན་ཆེ། །འཁོར་འདས་ཀུན་གྱི་ལེགས་ཉེས་བཀྲ། །ཨ་ལ་བསྐལ་པའི་སྔོན་ཚེ་ལ། །རང་རིག་བག་ཆགས་མ་བྲལ་བས། །སྒྲིབ་པ་མེ་ལོང་ཧས་བཏབས་བཞིན། །འཁྲུལ་སྣང་རྣམ་ཤེས་ཚོགས་བརྒྱད་ཀྱི། །ཡོ་ལང་བསགས་པའི་ཁམས་གསུམ་པོ། །ཕྱི་སྣོད་ནང་བཅུད་སྐྱེ་འགྲོ་འདི། །སྣང་བ་སྣ་ཚོགས་ཆོ་འཕྲུལ་རྩལ། །མེད་བཞིན་སྣང་ལ་སྣང་བཞིན་སྟོང་། །གཟུང་འཛིན་འཁྲུལ་སྣང་ཀུན་བརྟགས་འདི། །ཡེ་གྲོལ་དག་པ་ཆོས་ཀྱི་སྐུ། །རིས་མེད་ཕམ་རྒྱལ་བློ་ལས་འདས། །ང་ཡི་གནས་ལུགས་ཡེ་ཤེས་དང་། །ཁྱོད་ཀྱི་བདེ་གཤེགས་སྙིང་པོ་གཉིས། །ཕྱོགས་དང་བྲལ་ཞིང་རིས་སུ་མེད། །འོན་ཀྱང་གཉིས་འཛིན་སྒྲོ་བཏགས་འདི། །ཉམས་ཡང་མཚར་ལ་དགོད་ཀྱང་བྲོད། །ལྟོས་ཤིག་ལྟོས་ཤིག་རང་ལ་ལྟོས། །དྲི་ཟའི་རྒྱལ་པོ་རང་ལ་ལྟོས། །རྣལ་འབྱོར་ངས་ཀྱང་རང་ལ་བལྟ། །མ་མཐོང་མཐོངབའི་ངོ་མཚར་ཅན། །སྒོམས་ཤིག་སྒོམས་ཤིག་སྒོམ་མེད་བསྒོམས། །དྲི་ཟའི་རྒྱལ་པོས་སྒོམ་མེད་བསྒོམས། །རྣལ་འབྱོར་ངས་ཀྱང་སྒོམ་མེད་བསྒོམས། །ཡེ་མེད་བསྒོམ་བྲལ་ངོ་མཚར་ཅན། །སྒྲུབས་ཤིག་སྒྲུབས་ཤིག་རང་བྱུང་བསྒྲུབས། །ཟུར་ཕུད་ལྔ་པས་རང་བྱུང་བསྒྲུབས། །རྣལ་འབྱོར་ངས་ཀྱང་རང་བྱུང་བསྒྲུབས། །འབྲས་བུ་ཆོས་ཟད་ངོ་མཚར་ཆེ། །ཨེ་མ་རང་རིག་བྱང་ཆུབ་སེམས། །རྒྱུ་ལས་མ་བྱུང་རྐྱེན་ལས་མིན། །ངོ་བོ་ཉིད་ནི་རང་བྱུང་ཆེ། །རྣམ་པར་རྟོག་མེད་ཡེ་ཤེས་བརྗོད། །མཐའ་བརྒྱད་བྲལ་བའི་གདེངས་ལ་ལྟོས། །ཟག་བཅས་ཟག་མེད་འཁོར་འདས་ཀུན། །གྲོགས་སུ་ཤར་ཞིང་རེ་དོགས་བྲལ། །ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི། །སྡེ་བརྒྱད་ཕྱི་ནང་ལྷ་སྲིན་ལ། །རྣམ་པར་སྨིན་པའི་ཆོས་ཤོད་ཅིག །རྣམ་དག་ཆོས་ཉིད་བདེན་པའི་མཐུས། །བདག་ཅག་འགྲོ་དྲུག་སེམས་ཅན་གྱི། །འཁྲུལ་སྣང་བག་ཆགས་རབ་ཞི་སྟེ། །ཀུན་ཀྱང་སངས་རྒྱས་མྱུར་ཐོབ་ཤོག །ཅེས་བྱང་གི་གཉེན་ཆེན་ཐང་ལྷའི་མདུན་དུ་སྨྲས་སོ། །དེ་ནུབ་མི་བོད་ཆས་བྱས་པ་ཞིག་གིས་དུང་དཀར་གཅིག་དང་། ཐོད་ཕྲེང་ཞིག་བྱིན་པའི་རྨི་ལམ་བྱུང་། སྐྱེས་མཆོག་བཛྲ་ས་དྷཱུའི་ཕོ་བྲང་ལྕགས་མཁར་ནག་པོ་མཐོང་ཚེ་སྨྲས་པ། རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །ངོ་བོ་སྤྲོས་བྲལ་བླ་མ་ཆོས་ཀྱི་རྗེ། །ངེས་པ་ལྔ་ལྡན་བླ་མ་ལོངས་སྤྱོད་རྫོགས། །ཐུགས་རྗེས་འགྲོ་འདུལ་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་ངོ་བོ་པདྨ་འབྱུང་ལ་འདུད། །རྗེ་བཙུན་པདྨ་ཐོད་ཕྲེང་གཡར་དམ་ཅན། །ས་ཡི་དབང་ཕྱུག་འགྲོ་བའི་མགོན་མཆོག་ཆེ། །ལྷ་ཡི་ལྷ་གཅིག་སྐྱེས་མཆོག་རྒྱལ། །དགྲ་ལྷ་ཆེན་པོ་རྡོ་རྗེ་ལེགས། །འཛམ་གླིང་གནམ་ས་ཕྱེད་ཀྱི་བདག །རིགས་འཛིན་ཡོངས་ཀྱི་བསྲུང་མ་སྟེ། །སྙིང་ཉེ་དམ་གཙང་འཕྲིན་ལས་བདག །སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ཅན། །རྡོ་རྗེ་འཛིན་སྤྲུལ་བསྲུང་མ་མཆོག །སངས་རྒྱས་བསྟན་པའི་བྱ་ར་མཛོད། །རྣལ་འབྱོར་བདག་གི་འཕྲིན་ལས་སྒྲུབས། །དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངས། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་སྤེལ། །བླ་མེད་བསྟན་པ་རྒྱས་པར་མཛོད། །དེང་ནས་བཟུང་སྟེ་བྱང་ཆུབ་བར། །བདག་གིས་ཆོས་སྐྱོང་ཁྱོད་སྒྲུབ་བོ། །ཕྱི་ནང་མཆོད་པས་དགྱེས་པར་བསྐང་། །བླ་རྡོ་བཅང་ཞིང་གསང་བརྟེན་བཙུགས། །ཁྱོད་ཀྱི་མཐུ་རྩལ་ཤུགས་ཕྱུངས་ལ། །ཆོས་བཞིན་སྒྲུབ་ལ་བར་གཅོད་བགེགས། །ཚེ་རབ་གཏན་དུ་ཁྱོད་ཀྱིས་ཟློག །ཆོས་སྐྱོང་ཆེན་པོས་གཡང་དམ་དགོངས། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་སྨྲས་སོ། །དེ་ནས་ཤངས་ཟབ་བུ་ལུང་གི་མ་ཚོར་གཉན་ཕུག་ན་ཕྱིན་ནུབ། བླ་མ་པདྨ་རིགས་འཛིན་གྱི་དབོན་པོ་ངག་དབང་ནོར་བུ་འདས་ཤུལ་གྱི་ཕུག་པ་མཐོང་ཚེ། མི་རྟག་པའི་སྐྱོ་བ་དྲག་པོ་སྐྱེས་པ་ལ་བརྟེན་ནས་སྨྲས་པ། རྗེ་ན་མོ་གྷུ་རུ་རཏྣ་ཡེ། །སྐྱབས་སླུ་མེད་དཀོན་མཆོག་རྣམས་པ་གསུམ། །དོན་འབྲལ་མེད་གསོལ་བ་སྙིང་ནས་འདེབས། །སྤྲང་བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཀྱེ་མ་འདུས་བྱས་འཁོར་བའི་ཆོས། །མི་རྟག་མི་བདེན་སླུ་བྲིད་མཁན། །བསམ་བཞིན་སྤྱད་ན་འཆི་མ་འཆོར། །བརྟགས་ཤིང་སྤྱད་ན་སྡུག་བསྔལ་རྒྱུ། །ཨེ་མ་ཉམས་ཀྱི་བག་ཚ་བ། །ཨ་ལ་འདུས་བྱས་འཁོར་བའི་ཆོས། །རང་བྱུང་སེམས་ཉིད་ཆོས་སྐུ་ལ། །རང་རིག་བསྟན་པ་མ་ཐོབ་ན། །རིགས་དྲུག་འཁོར་གནས་གར་སྐྱེས་ཀྱང་། །རྒྱ་མཚོ་ཆེན་པོའི་ཀློང་རུམ་ལྟར། །བདེ་བ་མེད་པ་འཁོར་བའི་གནས། །ཆུ་སྲིན་ངར་མའི་མཆེ་བྲག་ལྟར། །བདེ་བ་མེད་པ་འཁོར་བའི་གནས། །མེ་འོབས་ཆེན་པོའི་དཀྱིལ་བཞིན་དུ། །བདེ་བ་མེད་པ་འཁོར་བའི་གནས། །མི་གཙང་ཁངས་པའི་དྲི་བཞིན་དུ། །བདེ་བ་མེད་པ་འཁོར་བའི་གནས། །ཐར་མེད་རྒྱལ་པོའི་བརྩོ ན་དོང་ལྟར། །བདེ་བ་མེད་པ་འཁོར་བའི་གནས། །བསམས་ཤིང་དཔྱད་ན་ངུ་ཡང་བྲོད། །བརྟགས་ཤིང་དཔྱད་ན་ཡ་རེ་ང་། །ཉུག་ཙམ་བསྡད་ཀྱང་གཉུགས་རེ་བུད། །མཐའ་མེད་འཁོར་བའི་དོང་འདི་སྡུག །འདུས་བྱས་མི་རྟག་འཇིག་འདི་སྐྱོ། །ཡང་ཅིག་སོམས་དང་བྱ་བྲལ་པ། །སྐྱེ་མེད་ཆོས་སྐུའི་བཙན་ས་ཞིག །སྐད་ཅིག་འདི་ལ་མ་ཟིན་ན། །སྙིང་རྗེ་མེད་པའི་འཆི་བདག་བདུད། །ནམ་ཡོང་དུས་ལ་ཐ་སྙད་བྲལ། །ན་ནིང་དུས་ཀྱི་སྔ་ཆ་ལ། །སྐུ་དྲང་པོར་བཞུགས་པའི་དབོན་པོ་དེ། །དུས་དེ་རིང་རྨི་ལམ་སྣང་བ་འདྲ། །ད་གར་སོང་ཆ་མེད་གྱུར་པ་འདི། །དཔེ་བར་སྣང་འཇའ་ཚོན་ཡལ་བ་འདྲ། །བདག་རང་ལ་འདི་ལྟར་ནམ་ཞིག་ཡོང་། །དལ་མེད་ཆོས་ལ་མ་འབད་ན། །ལས་གཞན་ལ་སྙིང་པོ་ཅི་ཞིག་ཡོད། །ད་བརྩོན་འགྲུས་གོ་ཆ་གྱོན་རེ་རན། །ལས་རྒྱུ་འབྲས་ཞིབ་ཚགས་གདམས་དགོས་གདའ། །སྐྱབས་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །བདག་ཆོས་ཀྱི་བསམ་པ་འགྲུབ་པར་ཤོག །ཅེས་སྨྲས་སོ། །དེ་ནས་སྒྲུབ་པ་བ་གཞོན་ནུ་ཞིག་དང་འཕྲད་ཚེ་སྨྲས་པ། །ཁྱེད་ཕ་ཡུལ་ས་ཆ་གང་ནས་ཡིན། །ཆོས་ལུགས་བླ་མ་སུ་ཞིག་བསྟེན། །ཐོས་བསམ་སྒོམ་གསུམ་གང་འདྲ་མཛད། །དབེན་གནས་རི་ཁྲོད་ཅི་འདྲ་འགྲིམས། །གནས་འདིར་བཞུགས་ནས་ཇི་ཙམ་སོང་། །གནས་ལུགས་མཆོག་གི་ཉམས་ལེན་ལ། །དྲོད་རྟགས་རྙེད་ཚུལ་ཅི་འདྲ་ཡོད། །སྨྲས་པས། །ཕ་ཡུལ་ཉང་ནས་ཡིན། །བླ་མ་སྤྱི་བུག་སྤྲུལ་སྐུར་སྐྲ་བཅད། །ཆོས་ལུགས་འབྲུག་པ་ཡིན། །སྒོམ་ཐབས་ཆག་གཅིག་ཤེས། །འདིར་ཕྱིན་ནས་བདུན་གཉིས་སོང་ཟེར་བས་སྨྲས་པ། །སྒོམ་ཐབས་ཆག་ཟེར་བ་གང་ལ་ཟེར། །ཐབས་ཆག་པ་ཇི་ལྟར་ཆག་པ་ཡིན། །ཤེས་པ་སུ་ཞིག་ཤེས་པ་ཡིན། །ཐབས་ཕྱི་ནས་ཆག་གམ་ནང་ནས་ཆག །ཐབས་ཕྱི་ནས་ཆག་ན་ཁྱོད་ཀྱི་སྒོམ། །མི་ཕ་རོལ་གཞན་ནས་ཉོ་དགོས་སམ། །ཐབས་ནང་ནས་ཆག་ན་ཁྱོད་ཀྱི་སྒོམ། །རང་དབང་གཞན་ལ་ཤོར་ལགས་སམ། །ཐབས་ཆག་དང་ཤེས་པའི་དོན་གཅིག་ཤོད། །སྨྲས་པས། །མི་ཤེས་ཟེར་བས། །ཤེས་པའི་འབྲས་བུ་ཤེས་མེད་ཡིན། །ཡེ་ཤེས་ལ་ཤེས་བྱ་དབྱིངས་སུ་དག །སེམས་རེ་དོགས་ཟད་ཚེ་ཤེས་པ་ཡལ། །མི་ཤེས་པ་དེ་ལེགས་ནས་གདའ། །ཤེས་ཤེས་ཆེ་ན་ཕུང་བ་ཡིན། །སྣང་སེམས་ཤེས་པ་ཆེ་གྲགས་ན། །མཆེད་པ་མཆེད་པས་འཁོར་བར་བསྐྱུར། །གཏི་མུག་རྨོངས་པའི་རང་བཞིན་གྱི། །འགྲོ་དྲུག་སེམས་ཅན་ཐ་མལ་པ། །ཕྱི་ནས་ཐོས་པའི་ཡོན་ཏན་མེད། །ནང་ནས་ཉམས་མྱོང་ཡོན་ཏན་མེད། །དེ་ནི་མཆེད་གྲོགས་མིན་ལས་ཆེ། །དེ་ལྟར་ཡིན་ན་ཆོས་ལ་ཞུགས། །སྐྲ་བཅད་མིང་བསྒྱུར་སེར་གོས་གྱོན། །བླ་མ་བསྟེན་པ་ཡི་མུག་རྒྱུ། །རི་ཁྲོད་འགྲིམ་ཞིང་དད་ཟས་ཟ། །དཀོར་ནག་འགམ་པ་ངན་སོང་སྒྲུབས། །བསྟན་འཛིན་ཡིན་ནམ་བསྟན་བཤིག་ཡིན། །མཆེད་གྲོགས་རང་གི་མཁྱེན་རྒྱུར་མཆིས། །བསྒོམ་ཅི་ཡོད་གསུང་དང་ཉམས་རྟོགས་བསྡུར། །ང་སྣོད་ལྡན་བཟང་པོ་མ་ལགས་ཀྱང་། །སྣོད་མེད་སྐྱོན་ཅན་ཆེན་པོ་མིན། །ཐོས་ཀྱང་བླ་མེད་ཆོས་མང་ཐོས། །ཤེས་ཀྱང་གསང་སྔགས་འབྲས་བུ་ཤེས། །བསྒོམ་ཡང་རྫོགས་པ་ཆེན་པོ་བསྒོམ། །ཉམས་རྟོགས་ཤིག་ཡོད་ན་བསྡུར་རེས་བྱེད། །སྨྲས་པས། །སྒོམ་གནས་འགྱུ་སྤྲག་སྤྲིག་གཅིག་ཡོད། །བཟང་པོ་རང་ནི་མེད་ཟེར་བས་སྨྲས་པ། །ཁྱོད་བརྒྱུད་པ་རྡོ་རྗེ་འཆང་ཆེན་ནས། །ན་རོ་པཎ་ཆེན་སློབ་བརྒྱུད་ཡིན། །རྗེ་སྔར་བྱོན་རྒྱ་གར་འཕགས་ཡུལ་ན། །གྲུབ་ཐོབ་ནམ་མཁའི་སྐར་ཚོགས་ཙམ། །དེ་གནས་འགྱུ་བསྒོམས་ནས་གྲོལ་ལགས་སམ། །ཁ་བ་ཅན་གྱི་རི་ལྗོངས་འདིར། །ཁྱེད་གསར་མའི་སྔར་བྱོན་སྐྱེས་ཆེན་ནི། །བར་སྣང་འགྲོ་བའི་ལྷོ་སྤྲིན་ཙམ། །ཕྱུག་ཅིང་འཕན་ལ་དར་བ་བྱུང་། །དེ་གནས་འགྱུ་བསྒོམས་ནས་གྲོལ་ལགས་སམ། །གནས་པ་ཀུན་གཞི་འཐོམ་པར་གནས། །འགྱུ་བ་མ་རིག་འཁྲུལ་པར་འགྱུ། །གནས་པ་སེམས་ཉིད་ངང་དུ་གནས། །འགྱུ་བ་སེམས་འབྱུང་འཁྲུལ་པར་འགྱུ། །གནས་པ་ཡིིད་ཀྱི་དབང་ཤེས་གནས། །འགྱུ་བ་བག་ཆགས་སྣ་ཚོགས་འགྱུ། །གནས་པ་མིག་གི་དབང་པོར་གནས། །འགྱུ་བ་གཟུགས་ཀྱི་ཡུལ་ལ་འགྱུ། །གནས་པ་རྣ་བའི་དབང་པོར་གནས། །འགྱུ་བ་སྒྲ་ཡི་ཡུལ་དུ་འགྱུ། །གནས་པ་སྣ་ཡི་དབང་པོར་གནས། །འགྱུ་བ་དྲི་ཡི་ཡུལ་དུ་འགྱུ། །གནས་པ་ལྕེ་ཡི་དབང་པོར་གནས། །འགྱུ་བ་རོ་ཡི་ཡུལ་དུ་འགྱུ། །གནས་པ་ལུས་ཀྱི་དབང་པོར་གནས། །འགྱུ་བ་རེག་བྱའི་ཡུལ་ལ་འགྱུ། །གནས་པ་འཁོར་བའི་འདམས་ལ་གནས། །འགྱུ་བ་རིགས་དྲུག་མངལ་སྒོར་འགྱུ། །གནས་པ་དལ་འབྱོར་ལུས་ལ་གནས། །འགྱུ་བ་མི་ཚེ་སྟོང་ཟད་འགྱུ། །གནས་པ་ང་བདག་འགོང་པོར་གནས། །འགྱུ་བ་ཉོན་མོངས་དུག་ལྔར་འགྱུ། །གནས་པ་ཆོས་ཀྱི་སྒོ་མོར་གནས། །འགྱུ་བ་གྲུབ་མཐའི་ཕྲག་དོག་འགྱུ། །གནས་པ་རྒྱུ་འབྲས་ཀློང་དུ་གནས། །འགྱུ་བ་མི་དགེའི་ངང་དུ་འགྱུ། །གནས་པ་ཤེས་རབ་ཆེན་པོར་གནས། །འགྱུ་བ་ཆོས་བརྒྱད་ངང་དུ་འགྱུ། །གནས་པ་ཐོབ་ཆོས་མང་པོར་གནས། །འགྱུ་བ་ཕྱི་བཤོལ་ངང་དུ་འགྱུ། །གནས་པ་ཆོས་པའི་གཟུགས་སུ་གནས། །འགྱུ་བ་ཚེ་འདིའི་དབང་དུ་འགྱུ། །གནས་པ་བསམ་གཏན་ངང་དུ་གནས། །འགྱུ་བ་རྣམ་རྟོག་འདྲོས་འདེད་འགྱུ། །གནས་པ་གཏི་མུག་ངང་དུ་གནས། །འགྱུ་བ་མ་རིག་ཀློང་དུ་འགྱུ། །གནས་པ་རྣམ་ཤེས་ངང་དུ་གནས། །འགྱུ་བ་ཞེ་སྡང་ངང་དུ་འགྱུ། །གནས་པ་ཚོར་བའི་ངང་དུ་གནས། །འགྱུ་བ་ང་རྒྱལ་ངང་དུ་འགྱུ། །གནས་པ་འདུ་ཤེས་ངང་དུ་གནས། །འགྱུ་བ་འདོད་ཆགས་ངང་དུ་འགྱུ། །གནས་པ་འདུ་བྱེད་ངང་དུ་གནས། །འགྱུ་བ་ཕྲག་དོག་ངང་དུ་འགྱུ། །གནས་ཤིང་འགྱུས་པའི་རིམ་པ་འདི། །ཡང་ནས་ཡང་དུ་སྤྱད་པའི་མཐུས། །ཁམས་གསུམ་འཁོར་བར་མ་བསྐྱུར་རམ། །བཟང་པོའི་རེ་བ་མ་ཟད་ན། །སངས་རྒྱས་ནམ་མཁའི་མེ་ཏོག་འདྲ། །ངན་སོང་དོགས་པ་མ་བྲལ་ན། །སྲིད་པ་ཟོ་ཆུའི་འཁྱུད་མོ་འདྲ། །བདེ་གསལ་མི་རྟོག་ཉམས་གསུམ་པོ། །ཆོས་ཉིད་གྲོགས་ཀྱི་དབང་ཤོར་ན། །སྲིད་པའི་ལྷ་ལ་མི་གོལ་ལམ། །ངོ་བོ་ཉིད་ཀྱི་ཡེ་ཤེས་དེ། །འཁོར་བའི་དུཿཁ་འགྲིམ་ན་ཡང་། །བག་ཆགས་སྒྲིབ་པས་གོས་མ་མྱོང་། །དཔེ་ནི་ཐལ་བའི་དོང་ཆེད་དུ། །དངུལ་ཆུ་ལྷུང་ཀྱང་རྡུལ་བག་བྲལ། །མེ་ཤེལ་ཉི་མའི་སྙིང་པོ་ལ། །མུན་པ་ངོ་བོ་ཉིད་ལ་ཟད། །དེ་བཞིན་གདོད་མའི་ཆོས་དབྱིངས་ལ། །འཁྲུལ་གྲོལ་ཆོས་ཉིད་དབྱིངས་སུ་དག །ད་ལྟ་བསྐལ་པའི་ཐ་མ་འདིར། །རྣལ་འབྱོར་ཟེར་ཞིང་གསང་སྔགས་སྤྱོད། །ཐེག་པ་མཐོ་དམན་དབྱེ་བ་མེད། །གང་ཟག་དབང་པོའི་ན་རིམ་མེད། །སྔོན་ལས་སྦྱངས་པ་ཆེ་ཆུང་མེད། །སྐལ་ལྡན་ཡིན་དང་མ་ཡིན་མེད། །འབུལ་ཆུང་རེ་དང་ཚོགས་འཁོར་འཁྱེར། །སློབ་མས་ཉམས་ཁྲིད་ཞུའོ་སྐད། །བླ་མས་གསང་སྔགས་འཆད་དོ་སྐད། །བདུན་ཕྲག་གཅིག་གི་ཉམས་ལེན་ལ། །ཐུན་དུ་བགོས་ཀྱང་ངོས་ལྐོག་བྱེད། །རྣམ་རྟོག་འབྲོས་དེད་གནས་འགྱུ་ལ། །ཆོས་ཉིད་ཡིན་ཟེར་ངོ་སྤྲོད་འདེབས། །ཉམས་ལེན་ཕྱག་ཆེན་མཚན་དུ་གསོལ། །གྲུབ་མཐའ་འདི་མིན་མ་སྒྲུབ་ཟེར། །ཆོས་ལུགས་འདི་མིན་འཁྲུལ་ལོ་སྐད། །ཐེག་ཆེན་ལྟ་སྒོམ་ཐོས་བསམ་མཐོང་། །ཤིན་ཏུ་སྐྲག་ཅིང་རིང་དུ་འབྲོས། །ཏེ་ནཱ་མར་མིའི་བརྒྱུད་འཛིན་ཚོ། །ཆོས་བརྒྱད་དབང་དུ་གོལ་བ་སྡུག །བླ་མེད་དགོངས་པ་མཐར་ཕྱིན་པའི། །མཁས་གྲུབ་མ་བཙལ་ལྷུན་གྲུབ་སྐད། །མི་ངོ་བསྲུང་ཞིང་ཆགས་སྡང་སྤེལ། །དར་ཟབ་འཕྲུག་གསུམ་གོས་ཀྱིས་བརྒྱན། །ང་རྒྱལ་མཐོ་གནོན་རླུང་ལྟར་འཚུབ། །ཕྲག་དོག་གྲུབ་མཐའ་སུ་མཁས་བྱེད། །འབོལ་སྟན་ཁྲི་ལ་སུ་མཐོ་རྩོད། །མྱང་འདས་ཟེར་ཞིང་འཁོར་བ་སྒྲུབ། །དགོས་མེད་ཟེར་ཞིང་ཟས་ནོར་གསོག །ང་བཟང་ཟེར་ཞིང་གཞན་མགོ་སྐོར། །ཆགས་མེད་ཟེར་ཞིང་ཆགས་པས་བཅིངས། །བྱ་བྲལ་ཟེར་ཞིང་བྱ་བ་མང་། །ཞེན་མེད་ཟེར་ཞིང་དགོན་གནས་བསྐྱེད། །ད་ལྟའི་དུས་ཀྱི་ཆོས་པ་འདི། །ཕལ་ཆེར་ཆུ་ཤིང་སྙིང་པོ་འདྲ། །ལར་ཆོས་ཉིད་ལྟ་བ་རྟོགས་གལ་ཆེ། །ལྟ་བ་མེད་པའི་སྒོམ་ཆེན་ཚོ། །མུན་ནག་ནང་གི་མདའ་འཕེན་འདྲ། །ཡང་དག་ལྟ་བ་རྟོགས་ནས་ཀྱང་། །སྒོམ་པས་ཚད་དུ་མ་བསྐྱལ་ལ། །རིན་ཆེན་གླིང་གི་སྟོང་ལོག་འདྲ། །ལྟ་སྒོམ་ཉམས་མྱོང་ཅི་འདྲ་ཡོད། །ཁྱེད་ཀྱི་ཕྱག་རྒྱ་ཆེན་པོ་དེ། །གནས་དགའ་འགྱུ་སྡུག་ཆོས་ཤིག་མིན། །ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་རྒྱ་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པར་བཤད། །ངོ་བོ་མཐོང་ངམ་གྲོགས་མཆེད་པ། །ངེས་ཤེས་སྐྱེས་སམ་རིགས་ཀྱི་བུ། །ཅེས་སྨྲས་པས། འོ་ན་ཁྱོད་ཀྱིས་བདག་ལ་ལྟ་སྒོམ་གྱི་ཚིགས་གསུམ་ཤོད་དང་ཟེར་བས། ང་ཁམས་པ་ལྐུགས་པས་ཅི་ལ་ཤེས། །ཁྱོད་ཆོས་ཀྱི་འབྱུང་གནས་དབུས་གཙང་ཡིན། །སྨྲ་བའི་བབ་ཐོབ་ཁྱོད་ལ་ཡོད། །འོན་ཀྱང་ང་ཡིས་བཤད་དགོས་ན། །དར་ཅིག་བདག་ལ་སྙན་གསན་དང་། །སྣ་ཚོགས་སྣང་བའི་ཆོས་མང་ཀྱང་། །འཇུག་སྒོའི་ལམ་རིམ་མདོ་སྔགས་གཉིས། །དབང་པོ་མཐོ་དམན་གཉིས་ལ་གསུང་། །ནང་ཚན་དབྱེ་ན་ཐེག་པ་དགུ །མདང་སྐྱེས་ཕྲུག་གུ་ནུ་ཞོས་འཚོ། །ཤ་མར་ཕྲུམ་སོགས་དེ་ཡི་དུག །དར་མ་ཁ་ཟས་རགས་པས་འཚོ། །ནུ་ཞོས་བསྐྱངས་ན་ལྟོགས་ཤི་རྒྱག །དམན་པ་གསུམ་ལ་བསྟན་པའི་ཆོས། །འདུལ་བ་མདོ་སྡེ་མངོན་པ་གསུམ། །འབྲིང་པོ་གསུམ་ལ་བསྟན་པའི་ཆོས། །ཀྲི་ཡ་ཡོ་ག་ཨུ་པ་གསུམ། །ཆེན་པོ་གསུམ་ལ་བསྟན་པའི་ཆོས། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །བུ་ཨ་ངེད་ཆོས་ལ་རྣམ་གྲངས་མང་། །དེ་ལས་མི་ལུས་རྣམ་གྲངས་མང་། །དེ་ལས་ལས་འབྲས་རྣམ་གྲངས་མང་། །རང་རང་དབང་པོའི་གང་མཚམས་ཀྱི། །བློ་ཡི་འཇུག་སྒོ་དེར་བསྟུན་ཏེ། །ཆོས་བཞིན་སྤྱད་ན་ཤིན་ཏུ་ཟབ། །བློ་ཆེན་རིགས་ཀྱི་སྐལ་ལྡན་གྱིས། །ཐེག་དམན་ཆོས་ལ་ཉམས་བླངས་ན། །དར་མས་ནུ་ཞོ་མཐུང་དང་མཚུངས། །ཉན་རང་ཐེག་དམན་གང་ཟག་གིས། །ཐེག་ཆེན་ཆོས་ལ་ཞུགས་གྱུར་ན། །བྱིས་པས་མར་ཐུད་ཟོས་དང་མཚུངས། །ད་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ནས། །བོད་ཀྱི་ཡུལ་དབུས་ལྷ་ས་ལ། །བགྲོད་པར་འདོད་པའི་འགྲོན་པོ་ཚོ། །ཕྱོགས་ནས་ཡོངས་ཀྱང་ལྷ་སར་ཚོགས། །ཡོངས་པའི་ལམ་རྣམས་མི་གཅིག་ཀྱང་། །ཕྱིན་པའི་ས་ལ་སོ་སོར་མེད། །ལ་ལ་བགྲོད་མེད་རང་གི་ཡུལ། །ལ་ལ་སྔ་དྲོ་ཕྱི་དྲོས་སླེབས། །ལ་ལ་ཉི་མ་རེ་རེས་སླེབ། །ལ་ལ་ལོ་དང་ཟླ་བ་འགོར། །བགྲོད་ཐག་ཉེ་རིང་ཕ་ཡུལ་གཙོ། །ལམ་གྱི་འཇམ་རྩུབ་ལྷོ་བྱང་ཁྱད། །ཐབས་རྐྱེན་བཟང་ངན་རང་གིས་སྟོབས། །དཔེ་འདི་དང་ཆོས་ལ་ཁྱད་པར་མེད། །འོག་མའི་ཐེག་པ་བགྲོད་ཐག་རིང་། །ཐེག་པ་གོང་མ་བགྲོད་ཐག་ཉེ། །ཡང་གསང་བླ་མེད་ཤིན་ཏུ་ཉེ། །ཆོས་སྒོ་གང་ལ་ཞུགས་ན་ཡང་། །འགྲོན་པོ་ལམ་ལུས་ངལ་དུབ་ལྟར། །གོལ་ཤོར་རྐྱེན་གྱིས་མ་ཁྱེར་ན། །སངས་རྒྱས་འཐོབ་པ་ཐམས་ཅད་འདྲ། །བགྲོད་ཐག་དཀའ་སླའི་ཁྱད་པར་ཆེ། །སྔ་མའི་སྦྱངས་བགྲོད་བཟང་ངན་གྱི། །གང་ཟག་དབང་པོ་ན་རིམ་མང་། །དེ་ལ་ཐེག་པ་སྣ་ཚོགས་པ། །ཐུགས་རྗེ་ཆེ་མངའ་སྟོན་པས་བསྟན། །བུ་དལ་འབྱོར་རིན་ཆེན་འདི་འཕྲད་ནས། །སངས་རྒྱས་བསྟན་པ་མཇལ་བའི་ཚེ། །ཡང་གསང་བླ་མེད་ཐེག་པ་ལ། །སྒོ་གསུམ་འཇུག་སྒོ་ལོས་སུ་བབ། །དད་བརྩོན་ཚང་བ་གལ་དུ་ཆེ། །ད་ཆོས་རྣམས་ཀུན་གྱིས་སྙིང་པོ་མཆོག །མཐར་ཕྱིན་བླ་མེད་དགོངས་པ་དེ། །བྱ་བྲལ་ང་ཡི་གོ་རྟོགས་ཚུལ། །མཛུབ་མོས་ཟླ་བ་མཚོན་པ་ལྟར། །ཕྱོགས་ཙམ་བརྗོད་ན་འདི་ལྟར་རྟོགས། །ངོ་བོ་ཉིད་ཀྱི་གནས་ལུགས་དེ། །རྒྱུ་ལས་མ་སྐྱེས་རྐྱེན་ལས་མིན། །དངོས་ཡོད་མ་ཡིན་དངོས་མེད་མིན། །སྣང་བ་མ་ཡིན་རྣམ་ཤེས་མིན། །ཚོར་བ་མ་ཡིན་འདུ་ཤེས་མིན། །འདུ་བྱེད་མ་ཡིན་རྣམ་རྟོག་མིན། །ཁ་དོག་ལས་འདས་བདེ་བ་མིན། །གསལ་བ་མ་ཡིན་མི་རྟོག་མིན། །དམིགས་བཅས་མ་ཡིན་དམིགས་མེད་མིན། །ཀུན་གཞི་མ་ཡིན་མ་རིག་མིན། །སེམས་ལ་མི་གནས་སེམས་འབྱུང་མིན། །དབང་པོ་མ་ཡིན་སྐྱེ་མཆེད་མིན། །འཁོར་བ་མ་ཡིན་མྱང་འདས་མིན། །ཕྱོགས་ནི་གང་དུའང་མ་ལྷུང་ཞིང་། །རྒྱ་ནི་ཡོངས་སུ་མ་ཆད་པ། །བགྲེས་རྒུད་མེད་ཅིང་གཞོམ་གཞིག་བྲལ། །གཟུང་དང་འཛིན་པ་མི་དམིགས་ཤིང་། །འགྲོ་དང་འོང་བ་དབྱིངས་སུ་ཟད། །བཟང་ངན་ངོ་བོ་ཉིད་ལ་བྲལ། །རེ་དོགས་རང་བཞིན་དབྱིངས་ལ་སྟོང་། །གནས་དང་མི་གནས་ཡུལ་གྱི་དག །རིག་དང་མ་རིག་རྐྱེན་ལས་གྲོལ། །བརྗོད་བྱ་དཔེ་མཚོན་སྤྲོས་དང་བྲལ། །ཀ་དག་ཆོས་སྐུ་མི་ཟེར་རམ། །གསེར་གྱི་ཁ་དོག་མ་འགྱུར་ཡང་། །བཟོ་ཡི་གཟུགས་བརྙན་འགྱུར་བ་ལྟར། །འཁྲུལ་སྣང་འཁྲུལ་མེད་དབྱིངས་དག་ཚེ། །ཕྱིར་མི་ལྡོག་པ་མི་ཟེར་རམ། །རྟོགས་གྲོལ་དུས་གཅིག་འཛོམ་པ་ལ། །བླ་མེད་སྐལ་ལྡན་མི་ཟེར་རམ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཡང་གསང་བླ་མེད་མི་ཟེར་རམ། །བུ་འཁྲུལ་པས་འཁྲུལ་པ་མ་འདེད་ཅིག །འཁྲུལ་པས་འཁྲུལ་པ་དེད་པ་ལ། །རིགས་དྲུག་འགྲོ་བ་མི་ཟེར་རམ། །ཆོས་སྐུ་འདོད་ནས་རྣམ་རྟོག་སྒྲུབས། །སྨིག་རྒྱུའི་ཆུ་དང་མི་འདྲ་འམ། །བུ་ཆོས་དབྱིངས་དོན་ལ་མཐོང་དུ་མེད། །ངོ་བོ་ཉིད་ལ་གནས་རྒྱུ་མེད། །དམ་ཆོས་ཐེག་པའི་མཐར་ཐུག་གཅིག །སྐལ་ལྡན་འགའ་རེའི་སྤྱོད་ཡུལ་ལས། །སྐལ་མེད་ཕལ་པ་ཉན་ཐོས་དང་། །རྟོག་གེ་མཁན་གྱི་སྐལ་བ་ཆད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། །སྐྱེས་ཙམ་ཉིད་ལས་སྐྱེ་བ་མེད། །གནས་པ་མེད་ལས་ཐམས་ཅད་གནས། །གནས་ཙམ་ཉིད་ན་གནས་པ་མེད། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །རིག་པ་མེད་ལས་ཐམས་ཅད་རིག །རིག་ཙམ་ཉིད་ན་རིག་པ་མེད། །རྟོགས་པ་མེད་ལས་ཐམས་ཅད་རྟོགས། །རྟོགས་ཙམ་ཉིད་ན་རྟོགས་པ་མེད། །ཐོབ་པ་མེད་ལས་ཐམས་ཅད་ཐོབ། །ཐོབ་ཙམ་ཉིད་ན་ཐོབ་པ་མེད། །འཁྲུལ་པ་མེད་ལས་ཐམས་ཅད་འཁྲུལ། །འཁྲུལ་ཙམ་ཉིད་ན་འཁྲུལ་པ་མེད། །དག་པ་མེད་ལས་ཐམས་ཅད་དག །དག་ཙམ་ཉིད་ན་དག་པ་མེད། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །དཔེ་ཁང་པའི་དབུས་ཀྱི་ནམ་མཁའ་དེ། །རྐྱེན་རྩིག་ར་ཞིག་ན་དབྱིངས་སུ་འདྲེ། །དོན་བརྗོད་མེད་བློ་འདས་ཆོས་སྐུ་འདི། །རྐྱེན་བླ་མའི་དྲིན་གྱིས་དབྱིངས་སུ་ཟད། །ཐབས་གདམས་པ་མང་པོའི་སྙིང་པོ་ཡིན། །ཕ་བླ་མའི་དགོངས་པའི་ཡང་བཅད་ཡིན། །ཆོས་རྫོགས་པ་ཆེན་པོའི་ལྟ་བ་ཡིན། །ཕ་རིགས་འཛིན་གོང་མའི་ཉམས་མྱོང་ཡིན། །བུ་རྗེས་འཇུག་རྣམས་ཀྱི་ནང་ནོར་ཡིན། །བདག་རྣལ་འབྱོར་པ་ཡི་ལྟ་བ་ཡིན། །མཆེད་སྐལ་ལྡན་ཁྱོད་དང་ཉམས་བསྡུར་ཡིན། །ཚུལ་དེ་ཉིད་ལས་རྣམ་པ་ཐམས་ཅད་དུ། །མི་འཇིག་པ་རྒྱུན་གྱི་རྣལ་འབྱོར་ཆེ། །དེ་རང་བྱུང་བསྒོམ་པ་བླ་ན་མེད། །རང་ཡིད་ཆེས་ཤིང་རང་ཐག་ཆོད། །དྲོད་རྟགས་བླ་ན་མེད་པར་འཛིན། །ནམ་མཁའ་ནམ་མཁར་ཐིམ་པར་ལྟར། །རིས་མེད་སྤྲོས་བྲལ་རྗེན་པའི་ཚེ། །འབྲས་བུ་བླ་ན་མེད་པར་སླེབ། །ཅེས་སྨྲས་པས། །ཁྱོད་ག་ནས་ཡིན་ཆོས་ལུགས་གང་ཡིན་ཟེར་བས་སྨྲས་པ། །རྗེ་ན་མོ་གྷུ་རུ་རཏྣ་བྷྱཿ ཕ་བླ་མས་བྱིན་གྱིས་བརླབས་ཏུ་གསོལ། །ད་ཉོན་དང་མཆེད་གྲོགས་རིན་པོ་ཆེ། །ང་ས་ཆ་མདོ་ཁམས་གླིང་ནས་ཡིན། །ཕ་ཡུལ་བསྒོམ་སྡེ་ནང་ཆེན་ཡིན། །སྐྱེ་ས་ཅི་ཡི་ཕྱག་སྦལ་ཡིན། །རུས་ཆེན་དབྲ་མོ་དབྲ་དཀར་ཡིན། །རུས་ཆུང་བྱམས་མེ་འཕོ་ལུང་པ། །རིས་སུ་ཕྱེས་ན་མ་ཐོང་ཡིན། །བདག་རང་ལ་འཕོ་ལུང་སྐུ་སྐྱེ་ཟེར། །རབ་རིབ་སྐྱེ་བ་གསུམ་བཞི་དྲན། །ཕ་ལ་ཀརྨ་རྣམ་རྒྱལ་ཟེར། །མ་ལ་འགུར་བཟའ་བོ་ཆུང་ཟེར། །ཚང་ཟླ་གསུམ་གྱི་འབྲིང་པོ་ཡིན། །སྐྱེས་མིང་པདྨ་འཕེན་དུ་བཏགས། །སྐྱེས་མིང་བསྒྱུར་ཞིང་ཆོས་མིང་བཏགས། །དགེ་བསྙེན་ཞུས་པའི་མིང་དུ་ནི། །ཀརྨ་འཕྲིན་ལས་ཟེར་བ་ཡིན། །དགེ་ཚུལ་ཞུས་པའི་མིང་དུ་ནི། །མི་ཕམ་འཕྲིན་ལས་རྒྱ་མཚོ་ཟེར། །རིགས་འཛིན་བླ་མས་མིང་གནང་བ། །ཨོ་རྒྱན་རིགས་འཛིན་རྒྱ་འཚོ་ཟེར། །གཏེར་སྟོན་བདུད་འདུལ་རྡོ་རྗེ་ལ། །རྟགས་པ་ཞུས་ཚེ་མིང་གནང་བ། །ཨོ་རྒྱན་རིགས་འཛིན་རྣམ་རྒྱལ་ཟེར། །རྫོགས་པ་ཆེན་པོའི་གསང་མཚན་ཐོབ། །རིགས་འཛིན་སྣ་ཚོགས་རང་གྲོལ་རྩལ། །རང་ལོ་བཅུ་ནི་གསུམ་བཞི་ལ། །དབུས་སུ་བླ་མའི་ཐུགས་རྗེས་སླེབས། །གནས་རྟེན་ལྷ་དང་བླ་མ་མཇལ། །ཐོས་བསམ་སྒོ་གསུམ་ཕྲན་བུ་བྱས། །དཔལ་ལྡན་བླ་མ་བཞུགས་པ་དང་། །གངས་དཀར་ཏེ་སེ་བལ་ཡུལ་གཙང་། །བླ་མ་གནས་རྟེན་འཇལ་ཕྱིར་ཡོངས། །འཕྲལ་དུ་གནམ་མཚོ་ཁ་ནས་ཡོང་། །ཆོས་ལུགས་ཆོས་ཟད་རྫོགས་ཆེན་ཡིན། །སྟོན་པ་ཀུན་ཏུ་བཟང་པོ་ཡིན། །ལོངས་སྐུ་རྒྱལ་བ་རིགས་ལྔ་ཡིན། །སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ཡིན། །ཞིང་ཁམས་འོག་མིན་ཆོས་དབྱིངས་ཡིན། །བརྒྱུད་པ་ནོར་བུ་དགུ་ལྡན་ཡིན། །གསང་འཛིན་ཕྱག་ན་རྡོ་རྗེ་ཡིན། །སྟོན་པ་རྡོ་རྗེ་སེམས་དཔའ་ཡིན། །རིགས་འཛིན་དགའ་རབ་རྡོ་རྗེ་ཡིན། །གྷུ་རུ་ཤྲི་སིང་ཧ་ཡིན། །སློབ་དཔོན་འཇམ་དཔལ་གཤེས་གཉེན་ཡིན། །པཎ་ཆེན་བྷི་མ་མི་ཏྲ་ཡིན། །ཚེ་ཡི་དབང་ཕྱུག་པདྨ་འབྱུངས། །བཀའ་རྟགས་འདས་རྗེས་རྣམ་པ་གསུམ། །བརྒྱུད་འཛིན་དུས་གསུམ་རིགས་འཛིན་འབུམ། །དོན་བརྒྱུད་བཀའ་བབས་སློབ་དཔོན་དགུ། །སྒྲུབ་རྒྱུད་འདུས་པ་རྣམ་པ་གསུམ། །སྤྲུལ་པའི་ཆོ་འཕྲུལ་གཏེར་སྟོན་སྟོང་། །སྒྲུབ་པའི་གནས་ཆེན་བརྒྱ་རྩ་བརྒྱད། །གྲུབ་རྟགས་འབྱུང་བཞིར་རང་དབང་བསྒྱུར། །དངོས་གྲུབ་ཡ་བརྒྱད་ས་འོག་གཏེར། །སྒོ་གསུམ་འདུལ་སྤྱོད་འབུམ་སྡེའི་དམ། །མན་ངག་དམ་ཆོས་བཀའ་གཏེར་གཉིས། །འབྱུང་བའི་གནས་མཆོག་འོག་མིན་ཞིང་། །དར་བའི་ས་ཆ་རྒྱ་གར་ཡུལ། །འཆད་པའི་ལུང་པ་བོད་ཡུལ་དབུས། །བསྒྱུར་མཁན་བཀའ་ལྕོག་པཎ་འགྲུབ་བརྒྱ། །ཡོན་བདག་ཆོས་རྒྱལ་ཚངས་པའི་ཏོག །དུས་ཚོད་ཕུན་ཚོགས་ཉི་ཤར་དུས། །སྤྱོད་པ་སྦྱོར་དང་སྒྲོལ་བ་སྟེ། །ཟབ་ཁྱད་འོད་ལུས་ལྷག་མེད་གཉིས། །འཕྲིན་ལས་གང་འདུལ་རབ་འབྱམས་ལས། །འགྲོ་དོན་རང་གྲོལ་འབད་མེད་གསུམ། །ལྟ་བ་ཀ་དག་རྫོགས་པ་ཆེ། །སྒོམ་པ་བློ་འདས་ཡེ་ཤེས་ཀློང་། །ས་ལམ་ཁྲེག་ཆོད་ཐོད་བརྒལ་གཉིས། །ཉམས་རྟོགས་སྣང་བ་རྣམ་པ་བཞི། །འབྲས་བུ་ཆོས་ཟད་ཡེ་སངས་རྒྱས། །ང་ཡིན་བྱ་བྲལ་དེ་ལྟར་ཡིན། །གོ་ནས་བྱུང་ངམ་མཆེད་གྲོགས་པ། །ཅེས་སྨྲས་པས་ལགས་ཟེར་རོ། །དེ་ནས་གངས་རིའི་རྒྱལ་པོ་ཏེ་སེ་མཇལ་དུ་སོང་ཚེ། །གསེར་ཁ་གསར་པ་ལ་སླེབ་དུས། །གསེར་ཁ་དོན་ནས་ལོ་གསུམ་སོང་། །ལྷ་འདྲེའི་རྡུར་ཆེ་བས། །མི་བཞི་བརྒྱ་ཤི་ཟེར་བ་ཐོས་ཚེ། །སྤྱིར་འཁོར་བ་སྡུག་བསྔལ་གྱི་གྲོང་ཁྱེར། །ཁྱད་པར་ཡུལ་གྱི་མི་འདི་རྣམས་ལྟོ་ཉོ་སྲོག་འཚོང་འདི་འདྲ་བ་སྐྱོ་བ་ལ་སྙམས་པའི་སྐྱོ་ཤས་མང་པོ་དབང་མེད་དུ་ཤར་ཚེ། །སྨྲས་པ། །རྗེ་ན་མོ་གྷུ་རུ་རཏྣ་བྷྱཿ བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ། །འགྲོ་བ་འདྲེན་མཛད་པདྨ་འབྱུང་། །མི་ཕྱེད་དད་པས་སྙིང་ནས་འབོད། །བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ། །ཀྱེ་མ་ཀྱི་ཧུད་ཉམ་རེ་ཐག །བདག་འདྲའི་སེམས་ཅན་འཁོར་བ་པ། །སྔོན་ལས་ངན་པས་ཚེ་འདིར་མནར། །བྲེལ་ཕོངས་ཚ་གྲང་བཀྲེས་སྐོམ་ཆེ། །བདེ་བའི་སྐབས་མེད་ཡ་ངའི་གནས། །མི་བཟོད་དྲག་པོའི་ལས་ཀྱིས་མནར། །མི་དགེ་སྤྱོད་པའི་འབྲས་བུ་ཡིས། །ངན་སོང་འགྲོ་བ་སྡུག་རེ་བསྔལ། །ཀྱེ་མ་ཀྱེ་མ་ཐུགས་རྗེ་ཅན། །ཐུགས་རྗེས་གཟིགས་ལ་སྡུག་བསྔལ་ལས། །དེ་རིང་ཉིད་ནས་སྐྱབ་ཏུ་གསོལ། །ཨ་ལ་འཁོར་བ་ཉམས་རེ་ཐག །ད་ནི་འཁོར་བར་གཉུགས་རེ་བུད། །སྡུག་བསྔལ་རྒྱ་མཚོ་རྦ་ཀློང་འཁྲུག །རང་བྱས་ལས་ཀྱིས་རང་ཉིད་མནར། །བདེ་བ་འདོད་ནས་མི་དགེ་སྤྱོད། །འབྲས་བུ་སྡུག་བསྔལ་ཕ་མཐའ་ཡས། །ལྷ་ལ་འཆི་འཕོ་ལྟུང་བའི་སྡུག །ལྷ་མ་ཡིན་ལ་འཐབ་རྩོད་སྡུག །མི་ལ་སྐྱེ་རྒ་ན་འཆིའི་སྡུག །དུད་འགྲོ་གཅིག་ལ་གཅིག་ཟའི་སྡུག །ཡི་དྭགས་བཀྲེས་ཤིང་སྐོམ་པའི་སྡུག །ཚ་དམྱལ་བརྒྱད་ལ་བསྲེག་འཚོད་སྡུག །གྲང་དམྱལ་བརྒྱད་ལ་བཤེར་བའི་སྡུག །རིགས་དྲུག་གང་ནས་གར་སྐྱེས་ཀྱང་། །སྡུག་བསྔལ་རྒྱ་མཚོའི་ཕོ་བྲང་སྟེ། །བྱས་པའི་ལས་ཀྱང་སྡུག་བསྔལ་རྒྱུ། །དམ་པའི་ལྷ་ཆོས་བྱེད་རེ་རན། །བསགས་པའི་ནོར་ཡང་སྡུག་བསྔལ་རྒྱུ། །བསགས་པ་ཆོས་ལ་གཏོང་རེ་རན། །འགྲོགས་པའི་གྲོགས་ཀྱང་སྡུག་བསྔལ་རྒྱུ། །གྲོགས་ལ་ཉམས་རྟོགས་བསྟན་རེ་རན། །བདེ་ཆེན་སླུ་མེད་དམ་པའི་ཆོས། །དེ་རིང་ཉིད་ནས་མི་བསྒྲུབ་བམ། །ཀྱེ་མ་འཁོར་བའི་སྡུག་བསྔལ་འདི། །བསམས་ཤིང་དཔྱད་ན་ཉམ་རེ་ཐག །བསམས་ཤིང་དཔྱད་ན་ངུ་རེ་བྲོ། །བསམས་ཤིང་དཔྱད་ན་ཡ་རེ་ང་། །བསམས་ཤིང་དཔྱད་ན་བག་རེ་གྲང་། །བསམས་ཤིང་དཔྱད་ན་སྙིང་པོ་རུལ། །བསམས་ཤིང་དཔྱད་ན་མགོ་རེ་འཁོར། །བསམས་ཤིང་དཔྱད་ན་ཧ་རེ་ལོག །བསམས་ཤིང་དཔྱད་ན་དོན་མགོ་ཆུང་། །བསམས་ཤིང་དཔྱད་ན་འདོ་མེད་སོ། །བསམས་ཤིང་དཔྱད་ན་སྙིང་རྩ་འདར། །ཚེ་འདིའི་བདེ་དགའ་དབང་ཐང་འདོད། །མི་དགེ་བཅུ་ལ་ཅི་དྲག་བསྒྲུབ། །མཚམས་མེད་ལྔ་ལ་དམར་གཡོས་བྱེད། །ལོག་ལྟ་བརྒྱད་ལ་ལངས་རྟེན་བྱེད། །ལྕི་བ་བཞི་ལ་ཉལ་རྟེན་བྱེད། །འཁོར་ལོས་སྒྱུར་བའི་ས་ཐོབ་ཀྱང་། །གཤིན་རྗེའི་ཕོ་ཉ་བྱུང་བའི་ཚེ། །ཐབས་དང་བྱེད་པ་ཀུན་ཟད་ནས། །མི་དགེའི་འབྲས་བུ་སྡིག་སྒྲིབ་རྣམས། །མི་ཁྱག་བཞིན་དུ་ཁུར་པོ་ཁུར། །ལས་ཀྱི་གཤིན་རྗེའི་གྲོགས་དང་འགྲོགས། །ཉེས་བྱས་འབྲས་བུ་རང་ལ་སྨིན། །འགྱོད་ཀྱང་འགྱོད་དེ་འཕྱིས་པ་འདྲ། །འདི་ཕྱི་གཉིས་འཚེངས་ལྷ་ཆོས་དང་། །འདི་ཕྱི་གཉིས་མེད་ཚེ་འདི་གཉིས། །བརྗེ་པོ་བརྒྱབ་འདི་ཕང་བ་ལ། །ཨ་ལ་ཡུལ་ཕྱོགས་འདི་ཉིད་ཀྱི། །འགྲོ་བས་ཉིན་ཅིག་སྤྱད་པའི་ལས། །ལོ་གཅིག་ནང་དུ་ཆོས་ཕྱོགས་ལ། །འབད་དེ་བརྩོན་འགྲུས་བྱས་གྱུར་ན། །ཐར་ལམ་ཟིན་ལ་ཐེ་ཚོམ་མེད། །ཚེ་འདིའི་བྱ་བས་ཅི་མནར་ཡང་། །ད་དུང་ཡི་ཆད་འགྱོད་རྒྱུ་མེད། །ལུས་ངག་དགེ་ལ་བསྐུལ་བའི་ཚེ། །ཉིན་ཞག་གཅིག་ལའང་རིང་ཉམས་མཐོང་། །དོན་ཆེན་གཏན་གྱི་བདེ་བ་བསྐྱུར། །དོན་ཆུང་ཚེ་འདིའི་བྱ་བ་བསྒྲུབ། །སྙིང་མེད་པོ་རྣམས་ཅི་རང་གྲགས། །ལྷ་དང་བླ་མ་དཀོན་མཆོག་གསུམ། །འགྲོ་དྲུག་སྣང་ཤེས་ཆོས་ལ་བསྒྱུར། །བྱ་བྲལ་ཆོས་བཞིན་འགྲུབ་པར་ཤོག །འདི་ནས་ཤི་འཕོས་འགྲོ་བ་རྣམས། །བདེ་བ་ཅན་དང་པདྨ་འོད། །མཁའ་སྤྱོད་དག་པའི་ཕོ་བྲང་དུ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །གཞན་དོན་མཐར་ཕྱིན་འཕྲིན་ལས་ཀྱིས། །འགྲོ་དྲུག་འཁོར་བ་དོང་སྤྲུགས་ཤོག །སྙིགས་མ་ལྔ་བརྒྱ་དུས་ཀྱི་ཚེ། །འགྲོ་དྲུག་སྐྱབས་མགོན་ཐུགས་རྗེ་ཅན། །པད་འབྱུང་སྒྱུ་འཕྲུལ་རྩ་བ་གསུམ། །ཆོས་སྐྱོང་བསྲུང་མ་འཁོར་བཅས་ཀྱིས། །མཐུ་སྟོབས་ནུས་པའི་ཤུགས་ཕྱུངས་ལ། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །གསང་བའི་བར་ཆད་དབྱིངས་སུ་སོལ། །མི་མ་ཡིན་གྱི་གདུག་རྩུབ་བཟློག །མ་མོ་ཁྲོས་པའི་ནད་རིམས་ཟློག །རྒྱ་འདྲེ་འགོང་པོའི་བར་ཆད་ཟློག །ལྷ་སྲིན་སྡེ་བརྒྱད་གདུག་པ་ཟློག །ལྟས་ངན་ཡེ་འགྲོགས་བློ་བུར་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །ལོ་ཟླ་ཞག་དང་དུས་ཚོད་ཚེས། །ཟ་མའི་བདུན་ཟུར་ཐམས་ཅད་ཟློག །སྐྱེ་པ་ཕོ་ཡི་སྐག་འདྲེ་ཟློག །ཟ་མ་མོ་ཡི་བང་འདྲེ་ཟློག །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཅེས་སེམས་བསྐྱེད་ཀྱི་ངང་ནས་བསངས་གསུར་དགུ་གཏོར་སོགས་ཀྱི་མཇུག་ཏུ། །བཟློག་བསྒྱུར་དང་ཤིས་བརྗོད་ཅི་མང་དུ་བྱས་སོ། །དེ་ནས་གངས་རི་སོགས་ལ་མགུར་མ་ཅི་མང་དབྱངས་ཀྱང་། །འགྲོས་བྲེལ་བ་སོགས་ཀྱི་སྟབས་ཀྱིས་ཡི་གེར་མ་ཐེབས། །མཆོད་རྟེན་གོ་མ་ས་ལ་གྷནྡྷའི་མདུན་དུ་ཕྱིན་ཚེ་ངེས་འབྱུང་དྲག་པོ་ཤར་བས་སྨྲས་པ། །ན་མོ་རཏྣ་གྷུ་རུ་ཡེ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ང་རྒྱལ་ཁམས་འགྲིམས་པའི་འཕོ་ལུང་པ། །མཐའ་འཁོབ་མདོ་ཁམས་ཡུལ་དུ་སྐྱེ། །ལས་ངན་དབང་གིས་ལུས་ངན་བླངས། །འོན་ཀྱང་སྔོན་ལས་དཀར་པོས་ཁྲིད། །དཔལ་ལྡན་བླ་མའི་ཐུགས་རྗེས་བཟུང་། །མི་ལུས་ཐོབ་པ་དོན་དང་ལྡན། །རི་ཡི་མཆོག་གྱུར་གླང་རུ་དང་། །རྟེན་མཆོག་གོ་མ་ས་ལ་སོགས། །མངོན་སུམ་མཇལ་ཞིང་བཤགས་སྨོན་བྱེད། །སློབ་དཔོན་ནཱ་ག་ཛུ་ན་ཡི། །སྒྲུབ་ཁང་ནང་དུ་ཚོགས་འཁོར་བསྐོར། །དབང་ཆེན་སྒྲུབ་སྐོར་ཟབ་གཏེར་འདི། །སྨོན་ལམ་དབང་གིས་ལག་ཏུ་བབས། །ང་འདྲའི་བྱ་བྲལ་འདོ་མེད་ཀྱང་། །སྙིང་པོའི་ནོར་ལ་སྤྱོད་པས་དགའ། །རྗེས་འཇུག་སྐལ་ལྡན་དང་རེ་སྤྲོ། །དེ་ལས་སྤྲང་པོ་དང་རེ་སྤྲོ། །ཅེས་པ་འདི་མེ་ཕོ་འབྲུག་གི་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ནུབ་མོ། །གོ་མ་ས་ལ་གྷནྡྷའི་མདུན་དུ་སྨྲས་པའོ། །འདི་སྐབས་རྣམས་སུ་གསོལ་འདེབས་སྨོན་ལམ་མགུར་མ་སོགས་ཅི་མང་བྱས་ཀྱང་། །ཡི་གེར་མ་ཐེབས་སོ། །མ་ཧ་གུ་རུ་སིདྡྷི་ཧཱུྃ། །དུས་གསུམ་རྒྱལ་བ་འདུས་པའི་དཔལ། །དྲིན་ཅན་མཚུངས་མེད་ཆོས་ཀྱི་རྗེ། །རྩ་གསུམ་ལྷ་དང་བཅས་པ་ལ། །རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །རང་བཞིན་གདོད་མའི་རང་ངོ་སྟེ། །མ་རིག་འཁྲུལ་པའི་རྦ་ལ་གཡེང་། །རིགས་དྲུག་མངལ་ཁ་འགྲིམ་པ་ཡི། །འགྲོ་བ་དྲུག་གི་འཇིག་རྟེན་འདིར། །དལ་མེད་སྤྱོད་འདི་སྡུག་རེ་བསྔལ། །སྔོན་བསགས་རྣམ་དཀར་དགེ་འབྲས་ཀྱི། །ད་ལེན་དལ་འབྱོར་མི་ལུས་རྙེད། །སླབ་གསུམ་རྣམ་དག་རྒྱན་གྱིས་སྤྲས། །བླ་མ་ནོར་བུ་ཡིད་བཞིན་བརྒྱན། །གསང་སྔགས་ཆོས་ཀྱི་སྙིང་པོ་འཆང་། །ཡར་མར་གཉིས་ཀྱི་སོ་མཚམས་འདིར། །གཏན་བདེའི་དམ་ཆོས་བསྒྲུབ་པ་དང་། །དོན་མེད་འཇིག་རྟེན་བྱ་བ་རྣམས། །སྤང་བླངས་འདེམ་ཁ་མ་ནོར་མཛོད། །སྲིད་གསུམ་སྣོད་བཅུད་མི་རྟག་སྟེ། །ཐམས་ཅད་འཇིག་པའི་ཆོས་ཅན་ཡིན། །བློ་གཏད་ཐུབ་པ་སུ་ཡང་མེད། །ཚེ་ལ་རྟག་པར་མ་འཛིན་པར། །འཆི་བ་མི་རྟག་ལྕག་གིས་བསྐུལ། །ཐོས་བསམ་སྒོམ་གསུམ་རྟ་ལ་ཞོན། །ཐར་པའི་བཙན་ས་སྙོགས་རེ་རན། །ཡེངས་མ་ལམ་ལ་མ་འཁྲུལ་ཞིག །དགེ་སྡིག་ལས་ཀྱི་འབྲས་བུ་ལས། །བྱུང་བའི་བག་ཆགས་རྒྱུ་འབྲས་ཞེས། །ནམ་ཡང་སྟོངས་མཐའ་མ་མཆིས་པས། །དགེ་སྒྲུབ་སྡིག་སྤོང་འདོར་ལེན་གྱི། །སྤྱོད་པ་རང་སེམས་དཔང་ཚུགས་ལ། །ཆོས་མཇུག་འཆི་དང་མཉམ་པ་ཞིག །སྙིང་ནས་དགོས་སོ་རྩིས་སུ་ཆེ། །དེ་སྟེ་ཁམས་གསུམ་གྲོང་ཁྱེར་འདིར། །འཁྱམས་ཤིང་འཁྲུལ་ན་སྡུག་བསྔལ་ཏེ། །འཁོར་བའི་གནས་ན་བདེ་བ་མེད། །མི་གཙང་ཁང་པར་དྲི་ཞིམ་མེད། །མ་ཆགས་མ་ཞེན་འཁོར་བ་སྤོངས། །མི་ལུས་ཐོབ་པའི་དོན་མགོ་ཡིན། །དོན་ལྡན་སྐྱེས་བུའི་བྱ་བ་ཡིན། །དེས་ན་སེམས་ཉིད་རྟོགས་གལ་ཆེ། །ཀུན་བྱེད་མཁན་པོ་རང་གི་སེམས། །བྱེད་པ་རྒྱུ་འབྲས་སྨིན་པའི་ས། །འཁོར་འདས་ཀུན་གྱི་རྩ་བ་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ། །ང་མེད་ང་རུ་བཟུང་བ་ཡི། །ཉོན་མོངས་དུག་ལྔའི་སྡོང་པོ་འདི། །ཐབས་ཤེས་ཟུང་འཇུག་མན་ངག་གིས། །བརྡ་ཡི་མཚོན་ནས་རྟོགས་པར་གྱིས། །ཀྱེ་ཧོ་རང་གིས་སེམས་ལ་ལྟོས། །བལྟས་པས་བལྟ་བྱ་ལྟ་བྱེད་བྲལ། །མ་མཐོང་མཐོང་བའི་ངོ་བོ་སྟེ། །ཁ་དོག་མཚན་མ་ཀུན་ལ ས་འདས། །ཕྱོགས་དང་རིས་སུ་མ་གྲུབ་པ། །དཔེ་ནི་བར་སྣང་སྟོང་པ་འདྲ། །ཚིག་གི་བརྗོད་དུ་མི་ཤེས་ཀྱང་། །ངོ་བོ་མཐོང་ཚེ་རང་ཡིད་ཆེས། །འཁོར་འདས་ཆོས་རྣམས་མ་ལུས་པ། །བྱིས་པ་རྩེད་མོ་ལྟ་བུ་ལ། །སྤང་བླང་དགག་སྒྲུབ་རང་སར་དག །གཤིས་ལ་བལྟས་ན་སྟོང་ངེ་བ། །ཚུལ་ལ་བལྟས་ན་ཁྱམ་མེ་བ། །དོན་ལ་གཞི་མེད་རྩ་བྲལ་འདི། །རང་སེམས་ཉིད་ཀྱི་ངོ་བོ་ཡིན། །རང་ངོ་རང་གིས་མཐོང་བའི་ཚེ། །ལྟ་བ་བླ་མེད་རྟོགས་སོ་ཞེས། །བློ་འདས་དེ་ལ་ཡིད་ཆེས་བཟུང་། །ནོར་ས་མེད་དོ་རིགས་ཀྱི་བུ། །ཚུལ་དེ་ལས་བཟང་ངན་བློ་འདོད་ཀྱི། །རེ་དོགས་འཛིན་པས་མ་བཅིངས་པར། །མ་བཅོས་གཉུག་མའི་རང་ལུགས་ལ། །རང་གསལ་དུས་གསུམ་ཐམས་ཅད་དུ། །འབྲལ་མེད་གངྒའི་རྒྱུན་བཞིན་དུ། །སྐྱོངས་དང་སྒོམ་པ་བླ་ན་མེད། །ཐེག་མཆོག་དོན་གྱི་དགོངས་པ་དེ། །ཀློང་དུ་མ་གྱུར་ལམ་གྱི་ཚེ། །བཟང་ངན་ལམ་གྱི་ཉམས་སྣང་ཞེས། །བར་སྣང་སྟོང་པའི་དབྱིངས་རོལ་ན། །ཆོ་འཕྲུལ་སྣ་ཚོགས་འཆར་བ་བཞིན། །བཟང་ངན་སྣང་བ་སྣ་ཚོགས་ཀྱིས། །ཡོ་ལང་འཚུབ་མ་བརྗོད་ལས་འདས། །གང་ལྟར་བྱུང་ཀྱང་ངོ་བོས་སྟོང་། །དགག་སྒྲུབ་བླང་དོར་བྲལ་བའི་ངང་། །རྐྱེན་སྣང་དོན་གྱི་གྲོགས་སུ་ཁྱེར། །ཆོས་ཉིད་བསྒོམ་པའི་ལམ་ཁྱེར་ཡིན། །སྤྱོད་པ་མཐར་ཐུག་བླ་ན་མེད། །དེ་དག་ཀུན་གྱི་འབྲས་བུ་ནི། །སུས་ཀྱང་མ་བྱས་རང་བྱུང་དེ། །རང་སར་རང་གྲོལ་ཕྱམ་ཅིག་ཏུ། །ཆོས་དབྱིངས་ཀ་དག་ཕོ་བྲང་དུ། །ཆོས་སྐུའི་རྒྱལ་པོ་སྤྲོས་དང་བྲལ། །ཡེ་གནས་ཀློང་དུ་ལྷུན་གྲུབ་ཚེ། །འབྲས་བུ་བླ་ན་མེད་པ་ཞེས། །ཉོན་མོངས་སངས་ནས་ཡེ་ཤེས་རྒྱས། །སེམས་ཅན་སངས་རྒྱས་རྒྱལ་སར་ཐོན། །མཐར་ཕྱིན་ཞེས་བྱར་མཚན་དུ་གསོལ། །བརྩོན་འགྲུས་རབ་ལ་ཚེ་འདིར་འགྲུབ། །འབྲིང་རྣམས་བར་དོར་གཏན་ས་ཟིན། །ཐ་ནའང་སྐྱེ་བ་འདི་འོག་ཏུ། །ཆོས་ཉིད་དོན་ལ་བརྟན་པ་འཐོབ། །འབྲས་བུ་ཡིན་ནོ་རིགས་ལྡན་པ། །ཨེ་མ་དུས་མཐའི་བྱ་བྲལ་པ། །སྒོམ་སྡེ་འཕོ་ལུང་སྐུ་སྐྱེ་བས། །གནས་མཆོག་ལིང་ང་བྲག་དམར་དུ། །གསོལ་དཔོན་ངག་དབང་ཆོས་འཕེལ་བས། །ཞལ་གདམས་དགོས་ཞེས་གསུངས་པའི་ཚེ། །འདོ་མེད་འཆལ་པའི་གླེན་ཟློས་འདི། །འཁྲུལ་གྲོལ་གཉིས་མེད་ངང་ནས་བྲིས། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །དུས་སྙིགས་མ་ལྔ་བརྒྱའི་འགྲོ་བའི་སྐྱབས། །ལྷ་སངས་རྒྱས་ཀུན་གྱི་མངའ་བདག་རྗེ། །དཔལ་པདྨ་འབྱུང་གནས་ལ་ཕྱག་འཚལ། །ཁྱེད་འོད་གསལ་ཕུག་གི་གྲྭ་བཙུན་རྣམས། །ཚེ་སྔོན་ནས་སྨོན་ལམ་རྣམ་དག་བཏབ། །དུས་ད་ལེན་དལ་འབྱོར་མེ་ཏོག་རྒྱས། །ཆོས་སྡོམ་གསུམ་མདོ་སྔགས་འབྲས་བུ་སྨིན། །ཁོང་སངས་རྒྱས་སྤྲུལ་པའི་རིགས་འཛིན་རྗེ། །བླ་མ་རུ་བསྟེན་ཞིང་ཟབ་ཆོས་ཀྱི། །བདུད་རྩིའི་བཅུད་མང་བཏུང་བ་དེ། །སྐལ་བ་བཟང་ལ་ཚོགས་རེ་བསགས། །ལས་དང་ལྡན་ནོ་དོན་རེ་འགྲུབ། །ཨེ་མ་ངོ་མཚར་ཡ་རེ་མཚན། །སངས་རྒྱས་སྒོ་ཉལ་བྱེད་པའི་ཚེ། །དམ་པའི་ཆོས་ལ་སྙིང་རུས་གྱིས། །འཆི་བདག་བདུད་དང་འཕྲད་པའི་དུས། །འགྱོད་པ་མེད་པའི་བྱ་བ་ཞིག །ངེས་པར་དགོས་སོ་ཐུགས་ལ་ཞོག །སྣང་བ་འདི་ནི་བྲིད་ཀྱང་མཁས། །རིག་པ་འདི་ནི་ཅོལ་ཡང་ཆུང་། །བག་ཆགས་འདི་ནི་གོམ་འདྲིས་ཆེ། །ལས་ངན་འཁྲུལ་བའི་རྗེས་མ་རྙོག །ད་ལེན་སྙིང་ལ་རུས་པ་ཐོན། །ཡར་མར་གཉིས་ཀྱི་སོ་མཚམས་ལ། །སླེབ་པ་ཡིན་ནོ་སྐལ་ལྡན་ཚོ། །ད་ལན་འདམ་ཁ་མ་ནོར་ཅིག །འགྲོ་བ་དྲུག་གི་འཇིག་རྟེན་ན། །གང་ནས་གང་དུ་སྐྱེས་ན་ཡང་། །སྡུག་བསྔལ་མ་བཏོགས་བདེ་བ་མེད། །སྡུག་བསྔལ་རྒྱ་མཚོ་ད་ལན་སྒྲོལ། །ཉོན་མོངས་དུག་ལྔའི་སྡོང་པོ་དེ། །ཤེས་རབ་མཚོན་གྱིས་ད་ལན་ཆོད། །ང་བདག་འགོང་པོའི་བྱུར་འདྲེ་དེ། །ཆོས་ཉིད་བདེན་པས་ད་ལན་སྒྲོལ། །མ་རིག་འཐིབ་པའི་མུན་པ་ལ། །ཡེ་ཤེས་སྒྲོན་མེ་ད་ལན་སྤོར། །ཀུན་གཞི་སེམས་འབྱུང་བག་ཆགས་ལ། །ཀ་དག་ཆེན་པོའི་ཁྲིམ་ཞིག་རྒྱུག །ཡེ་སྟོང་སྤྲོས་བྲལ་གནས་ལུགས་ལ། །འགྱུར་མེད་རྒྱལ་པོ་ད་ལན་ཁོས། །ཀུན་གཞི་ཚོགས་བརྒྱད་དབྱིངས་དག་གི །རང་བྱུང་བློན་པོ་ད་ལན་བསྟེན། །འདོད་ཡོན་བླང་དོར་མེད་པ་ཡི། །བཙུན་མོ་རིན་ཆེན་ད་ལན་བཀོལ། །ཆོས་བརྒྱད་སྤང་བའི་བརྩོན་འགྲུས་ཅན། །ཁྱིམ་བདག་རིན་ཆེན་དེ་རིང་འགོད། །ཐེག་མཆོག་བླ་ན་མེད་པ་ཡི། །གླང་ཆེན་ནོར་བུ་ད་ལན་བཟུང་། །ཐོས་བསམ་ཤེས་རབ་རྟ་མཆོག་ལ། །ཞོན་ལ་བཙན་ས་ད་ལན་རྙོགས། །འདོད་འབྱུང་རང་སེམས་སངས་རྒྱས་ཀྱི། །ཡིད་བཞིན་ནོར་བུ་ད་ལན་སྒྲུབས། །ཞལ་གདམས་སྙིང་གི་བརྣག་པ་རྣམས། །གཅེས་པར་ཡིད་ཀྱི་དཀྱིལ་དུ་ཆོངས། །སྒོམ་སྡེ་ཡུལ་གྱི་རྣལ་འབྱོར་པ། །རིགས་འཛིན་སྣ་ཚོགས་རང་གྲོལ་བས། །རྐང་བཙུག་ཕུག་གི་དབེན་གནས་སུ། །གང་ཤར་བཟོ་མེད་ལྷུག་པར་བྲིས། །གྷུ་རུ་པདྨ་སིདྡྷི་ཧཱུཾ། །ཐར་པའི་ལམ་མཆོག་སྟོན་པ་པོ། །མ་རིག་མུན་སེལ་སྒྲོན་མེ་མཆོག །དཔལ་ལྡན་མཚུངས་མེད་བླ་མ་ལ། །རྣམ་པ་ཀུན་ཏུ་སྐྱབས་སུ་མཆི། །སྙན་གསོན་དང་ཤཱཀྱ་རྒྱལ་མཚན་པ། །ཀ་དག་གདོད་མའི་གནས་ལུགས་དེ། །ཁ་དོག་མཚན་མའི་ཡུལ་ལས་འདས། །གང་དུའང་འཛིན་པ་མེད་པ་ལ། །ངེས་པ་རྙེད་ཚེ་རང་ཡིད་ཆེས། །གཅིག་ཤེས་ཀུན་གྲོལ་རྒྱལ་པོ་ཟེར། །ཆོས་དབྱིངས་ཡེ་ཤེས་དེ་ཡིན་པར། །རྗེ་བཙུན་བླ་མས་གདམས་པའོ། །ཉེ་ལམ་ཐེག་མཆོག་བླ་མེད་དེ། །ཏིང་འཛིན་ཆུ་བོའི་རྒྱུན་བཞིན་སྐྱོངས། །ཐེ་ཚོམ་རེ་དོགས་འཛིན་པ་ཕྲོལ། །ད་ནི་ཆོས་སྐུའི་གཏན་སྲིད་ཟིན། །ན་ཚ་འགྲོ་དྲུག་བག་ཆགས་ཞི། །དཔའ་བརྟན་འགྱུར་མེད་གོ་ཆ་ཐོབ། །ཕ་གཅིག་བླ་མའི་བཀའ་དྲིན་ཡིན། །བུ་གཅིག་སྔོན་གྱི་ལས་འཕྲོ་བཟང་། །མ་གཅིག་འགྲོ་རྣམས་དབྱིངས་སུ་སྒྲོལ། །ཙ་འདུག་ཚེ་འདིར་སངས་རྒྱས་ཨ། །ཚ་ལྟར་གསང་སྔགས་བླ་མེད་འདི། །ཛབ་རྩོད་མ་བྱེད་སྤྱོད་མཁས་གྱིས། །ཝ་ལེ་ཆོས་དབྱིངས་ཞིང་ཁམས་སྙོགས། །ཞ་ལོང་བཞིན་དུ་ཡུལ་མ་འགྲིམ། །ཟས་གོས་གྱི་ན་གང་བྱུང་མཛོད། །འོས་པ་དམ་པའི་ལྷ་ཆོས་ཡིན། །ཡ་རབས་ད་རེས་བྱེད་རེ་རན། །རེམ་ཅིག་དད་ལྡན་སྐལ་བཟང་པ། །ལས་དམ་པའི་ལྷ་ཆོས་འགྲུབ་མ་འགྲུབ། །ཤེས་རིག་བདག་པོ་རང་སེམས་མཁས། །ས་གསུམ་རྡོ་རྗེ་འཛིན་པ་ཞིག །ཧེ་རུ་ཀ་དཔལ་ཀུན་གྱི་རྒྱལ། །ཨེ་མ་ད་ལེན་བསྒྲུབ་མཛོད་ལགས། །སྒོམ་སྡེ་པས་ཉམས་མཚར་དུ་སྨྲས་པའོ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །དཔལ་འཁོར་འདས་ཡོངས་ཀྱི་སྐྱབས་གནས་མཆོག །ལྷ་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་བདག །ཕ་དྲིན་ཅན་མཚུངས་མེད་བླ་མ་ལ། །སེམས་མོས་གུས་གདུང་བས་གསོལ་བ་འདེབས། །ཆོས་དབྱིངས་ཀློང་ནས་བྱིན་གྱིས་རློབས། །ཀྱེ་ཉོན་དང་ཀུན་བཟང་ཆོས་འཛོམ་མ། །ལར་འཁོར་འདས་ཐམས་ཅད་ཉམས་རེ་མཚར། །བསམས་ཤིང་དཔྱད་ན་བགད་རེ་བྲོད། །ཚུལ་ལེགས་པར་བསམ་ན་སྐྱོ་བ་སྐྱེ། །དུས་འཁོར་བ་ཐོག་མ་མེད་པ་ནས། །ཁོ་རང་ངོ་མ་ཤེས་འཁྲུལ་པའི་གཟུགས། །དེ་མ་རིག་མུན་པའི་ཀློང་དཀྱིལ་ན། །མགོ་འཐོམས་ཀྱི་རང་སེམས་སྡིག་པོ་ཆེ། །དོན་མེད་ལ་འཛིན་སེམས་ཆགས་པས་སླུས། །སྟོང་པ་ལ་འཁྲུལ་པའི་འཁོར་ལོ་བསྐོར། །འདུས་བྱས་ཀྱི་བདེ་སྐྱིད་འདོད་ནས་ཀྱང་། །བག་ཆགས་ཨ་འཐས་འཁྲུལ་པར་སྤྱོད། །མཐའ་མེད་འཁོར་བར་འཁྱམ་པ་ཡི། །རིགས་དྲུག་སྡུག་བསྔལ་ཉམ་རེ་ཐག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །དལ་འབྱོར་ལྡན་པའི་མི་ལུས་འདི། །ད་ལྟ་སྔོན་བསགས་མཐུ་ཡིས་རྙེད། འབྲས་བུའི་ཐེག་པ་སྤྱོད་པ་དང་། །མཚན་ལྡན་བླ་མ་མཇལ་བ་དང་། །ཐོས་བསམ་སྒོམ་གསུམ་རང་རྒྱུད་ལྡན། །རང་རིག་སྐྱེ་འཆི་མེད་པར་རྟོགས། །ལྷུན་གྲུབ་ཆོས་སྐུའི་རང་ཞལ་བལྟ། །རྫོགས་པ་ཆེན་པོའི་བཙན་ས་འཛིན། །སྐྱིད་སྡུག་བཟང་ངན་ཅི་བྱུང་ཡང་། །ཉམས་སྣང་སྣ་ཚོགས་གྲོགས་དང་བསྲེ། །ལུས་ཀྱི་བག་ཆགས་སྦྱངས་སླད་དུ། །སྣང་སྟོང་ལྷ་ཡི་དཀྱིལ་འཁོར་བསྒོམས། །ངག་གི་འཁྲུལ་སྣང་བསྒྱུར་བའི་ཕྱིར། །བཟླས་པ་སྔགས་ཀྱི་འཁོར་ལོར་བསྒྱུར། །སེམས་ཉིད་རང་ཞལ་བལྟ་བའི་ཕྱིར། །ཆོས་རྣམས་སྟོང་ཉིད་ཡེ་རྒྱས་འདེབས། །སྐལ་བར་ལྡན་ནོ་ཚོགས་བསགས་མ། །མི་ལུས་ཐོབ་པའི་དོན་མགོ་ཡིན། །བླ་མས་གནང་བའི་དམ་ཆོས་ཡིན། །གོང་མ་རྣམས་ཀྱི་མཛད་སྤྱོད་ཡིན། །རྗེས་འཇུག་རྣམས་ཀྱི་སྙིང་ནོར་ཡིན། །མདོ་ཁམས་ཡུལ་གྱི་བྱ་བྲལ་པ། །རིགས་འཛིན་མིང་གི་རྣལ་འབྱོར་པ། །སྤྲོས་བཅས་སྤྲོས་བྲལ་ཀློང་ནས་བྲིས། །ཀུན་བཟང་ཆོས་འཛོམས་ཐུགས་ལ་རྒྱ། །ཧྲཱིཿ དྲུག་པ་རྡོ་རྗེ་འཆང་གི་སྐུ། །དྲིན་ཅན་རྩ་བའི་བླ་མ་ལ། །ཁ་ཞེ་མེད་པར་གསོལ་བ་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ། །ང་རྒྱལ་ཁམས་པ་ལ་བྱིན་གྱིས་རློབས། །སེམས་དད་ལྡན་ཨོ་རྒྱན་བཟང་མོ་བ། །ང་བྱ་བྲལ་པ་ཡི་གླུ་ལ་ཉོན། །ཀ་དག་ནམ་མཁའི་ནོར་བུ་ཞེས། །འཁོར་འདས་ཀུན་གྱི་མངའ་བདག་ཅིག །མ་རིག་མུན་པར་འཐོམས་ནས་གདའ། །མི་གཙང་འདམ་དུ་བྱིང་ནས་གདའ། །གཉིས་འཛིན་ཡུལ་ལ་འཁྱམ་གིན་འདུག །ཚ་གྲང་ཚོར་བས་བཀྲེས་ནས་གདའ། །བག་ཆགས་རླུང་གིས་ལྡང་པོར་གདའ། །སྡུག་བསྔལ་རྒྱ་མཚོར་ནུབས་ནས་གདའ། །སྐྱེ་འཆིའི་འཕྲང་ལ་འགྲོས་བརྒྱག་འདུག །ཚོགས་བརྒྱད་ཡུལ་གྱི་སླུ་གིན་འདུག །སྒོ་ལྔའི་ཤེས་པས་མགོ་བསྐོར་གདའ། །སེམས་འབྱུང་སྒྲིབ་པའི་གོས་གྱོན་འདུག །བདག་མེད་ཡིད་བཞིན་ནོར་བུ་ཁོ། །འདོ་མེད་འཁྱལ་པས་འགྱོད་ཀྱང་འགྱོད། །བགྲེས་རྒུད་མེད་པ་ཆོས་སྐུ་ཁོང་། །རྟོགས་པའི་གདམས་ཟབ་བླ་མའི་བཀའ། །ལྷ་ཆོས་ཡིན་པས་ཉམས་སུ་ལོང་། །མི་ལུས་རིན་ཆེན་འདི་རྙེད་ཚེ། །དགོས་འདོད་འབྱུང་བའི་ནོར་བུ་འདི། །རང་གི་ལག་ཏུ་ཕྱིན་ཐབས་འབུངས། །གཅེས་སྤྲས་འདི་ལ་མཛད་པར་ཞུ། །ཚེ་ལ་ངེས་པ་མེད་པས་ན། །ངང་རིང་དེས་ཆོག་མ་མཛད་པར། །ཉམས་ལེན་བརྩོན་འགྲུས་རྩོམ་རེ་རན། །འཆི་རྐྱེན་ཅི་ཡོང་མི་ཤེས་པས། །ཉམས་རྟོགས་མཐའ་ལ་སྐྱེལ་རེ་རན། །རྒྱུ་འབྲས་བླང་དོར་ཡང་དག་བརྩོན། །རྫོགས་པའི་སངས་རྒྱས་དེར་འཚང་རྒྱ། །སྤྲུལ་པས་ཁམས་གསུམ་འགྲོ་བ་སྒྲོལ། །དེ་ལྟར་མངོན་དུ་མ་གྱུར་བར། །ཉམས་ལེན་འབུངས་དགོས་སྐལ་ལྡན་མ། །ཅེས་སྨྲས་སོ། །ཨ་ཧོ་ད་ལྟའི་དུས་ཆེན་འདི་ཡར་ངོའི་ཚེས་བཅུ་རུ་འདུག་གོ །ད་ལྟའི་གནས་ཁང་འདི་ཟངས་མདོག་དཔལ་རི་རུ་འདུག་གོ །རྡོ་རྗེ་སློབ་དཔོན་འདི་ཨོ་རྒྱན་པདྨ་རུ་འདུག་གོ །ཚོགས་རྫས་སྣ་ཚོགས་འདི་དངོས་གྲུབ་རྒྱ་མཚོ་རུ་འདུག་གོ །འདུས་པའི་ཚོགས་པ་འདི་རིགས་འཛིན་རྒྱ་མཚོ་རུ་འདུག་གོ །གཟུགས་ཕུང་རྣམ་དག་འདི་ཞི་ཁྲོ་རབ་འབྱམས་སུ་འདུག་གོ །སྒྲ་གྲག་ངོ་བོ་འདི་ཨཱ་ལི་ཀཱ་ལི་རུ་འདུག་གོ །རང་སེམས་དངོས་མེད་འདི་དུས་གསུམ་སངས་རྒྱས་སུ་འདུག་གོ །ངོ་མཚར་རྨད་བྱུང་གི་ལྟད་མོ་བཟང་པོ་ཞིག་ལྟོས་དང་། །བདུད་རྩི་ཆང་འཐུང་གི་བཞད་གད་བཟང་པོ་ཞིག་རྒྱོབ་དང་། །སྐལ་བ་ནི་བཟང་ངོ་། །ཚོགས་རེ་ནི་བསགས་སོ། །ཅེས་པ་འདི་དྭགས་པོ་པ་གཉེར་པ་དཀོན་མཆོག་རྒྱ་མཚོ་ལ་སྨྲས་པའོ། །ཨ་ཧོ་ད་ལྟའི་རྒད་པོ་འདི་མིན་པར། །བཅུ་དྲུག་གཞོན་ནུ་དེ་ཡིན་ན་སྐྱིད་པ། །གཞོན་ནུ་བཅུ་དྲུག་དེ་ཡིན་ན་དགའ་བ། །ད་ལྟའི་སྡོད་ས་མིན་པར། །མང་ཡུལ་བྱམས་སྤྲིན་དེ་ཡིན་ན་དགའ་བ། །བྱམས་སྤྲིན་མང་ཡུལ་དེ་ཡིན་ན་སྐྱིད་པ། །ད་ལྟའི་ཟླ་གྲོགས་འདི་མིན་པར། །ཚེ་རིང་འཛོམས་པ་དེ་ཡིན་ན་དགའ་བ། །འཛོམས་པ་ཚེ་རིང་དེ་ཡིན་ན་སྐྱིད་པ། །ཅེས་པ་འདི་ཡུལ་སོག་རོང་གི་ཧོར་སྡེ་གཉེར་པ་བརྩོན་འགྲུས་རྒྱ་མཚོ་ལ་སྨྲས་པའོ། །ཨ་ཧོ་སྐྱེ་ས་མདོ་ཁམས་ཀྱི་ཕ་ཡུལ། །ཉི་མ་ཤར་ཕྱོགས་ན་ལུས་སོང་། །དྲིན་ཅན་ཕ་མ་ཡི་ཡབ་ཡུམ། །རང་ལོ་བཅུ་གསུམ་ནས་བྲལ་སོང་། །རྒྱལ་ཁམས་མི་ཡུལ་གྱི་ས་མཐའ། །ཏེ་སེ་ཙ་རི་ཡི་བར་དུ། །འདོ་མེད་སྨྱོན་པ་ཁོ་འཁྱམས་སོང་། །རྟེན་འབྲེལ་རེ་བ་ནི་མེད་ཀྱང་། །མཁའ་འགྲོའི་ཞལ་རས་ནི་མཇལ་བྱུང་། །སྐལ་ལྡན་རེ་བ་ནི་མེད་ཀྱང་། །གྷུ་རུའི་ལུང་བསྟན་ནི་ཐོབ་བྱུང་། །དངོས་གྲུབ་རེ་བ་ནི་མེད་ཀྱང་། །ཟབ་མོའི་གཏེར་ཁ་ནི་རྙེད་བྱུང་། །འཆི་བ་ཡོང་སྙམ་ནི་མེད་ཀྱང་། །སོ་ལྔའི་ཚེ་འཕྲང་ནི་ཆེ་འདུག །བདེན་པའི་ཚིགས་སུ་ནི་སྨྲས་ཀྱང་། །དེ་ལ་ཉན་མཁན་ནི་དཀོན་གདའ། །རང་ལ་གཡོ་ཟོག་ནི་མེད་ཀྱང་། །མི་ལ་ཡིད་ཆེས་ནི་མི་འདུག །ཨོ་རྒྱན་མི་ཡུལ་དུ་བྱོན་ཀྱང་། །འགྲོ་བ་འདུལ་བ་ནི་དཀའ་འདུག །ད་སྟེ་ཚེ་རབས་ནི་ཀུན་ཏུ། །སྦས་པའི་ལུས་གཟུགས་འདྲ་བཟུང་ནས། །འགྲོ་དྲུག་སེམས་ཅན་གྱི་ཁམས་ལ། །གང་ཕན་འཕྲིན་ལས་ཀྱིས་དགའ་བདེས། །འཁོར་བ་དོང་སྤྲུག་ཏུ་གྱུར་ཅིག །ཅེས་པ་འདི་ལ་ཕྱིའི་གནས་སྒོ་སྙེ་ནམ་དུ་བློ་གྲོས་རྒྱ་མཚོ་ལ་སྨྲས་པའོ། །ཨ་ཧོ་དྲིན་ཅན་རྩ་བའི་རང་བླ་མ། །བདག་གི་སྤྱི་གཙུག་ཏུ་བཞུགས་ལགས། །མ་རྒན་འགྲོ་དྲུག་གི་སེམས་ཅན། །འཁོར་བའི་སྡུག་བསྔལ་ལས་སྒྲོལ་དང་། །ང་དང་སྡོད་ས་ཅིག་འཚོལ་གཏོང་། །དབེན་པའི་རི་ཁྲོད་ཅིག་འཚོལ་གཏོང་། །ང་དང་ལྟོ་གོས་ཤིག་བསྒྲུབ་གཏོང་། །གྱི་ན་ལྷག་སྐྱོབ་ཅིག་བསྒྲུབ་གཏོང་། །ང་དང་བཙན་ས་ཞིག་འཛིན་གཏོང་། །ཐར་པའི་བཙན་ས་ཞིག་འཛིན་གཏོང་། །ང་དང་དོན་ཆེན་ཞིག་བསྒྲུབ་གཏོང་། །ཚེ་གཅིིག་སངས་རྒྱས་དེ་བསྒྲུབ་གཏོང་། །ང་དང་རྡོག་པ་ཡིས་གནོན་གཏོང་། །ངན་སོང་རྡོག་པ་ཡིས་གནོན་གཏོང་། །ང་དང་སྐྱེ་སྒོ་ཞིག་དགག་གཏོང་། །འགྲོ་དྲུག་སྐྱེ་སྒོ་ཞིག་དགག་གཏོང་། །ང་དང་ཞིང་ཁམས་ཞིག་སྙོག་འགྲོ། །འོག་མིན་ཆོས་དབྱིངས་དེ་སྙོག་འགྲོ། །ཡེ་གྲུབ་སངས་རྒྱས་ཀྱི་ཁྱུ་ལ། །འགྲོ་དྲུག་སེམས་ཅན་ང་སླེབས་སོང་། །ཐམས་ཅད་འདི་འདྲ་རང་གྱིས་ཤོག །བླ་མ་བཀའ་དྲིན་ནི་ཆེ་འདུག །གདམས་ངག་བདུད་རྩི་འདྲ་ཟབ་འདུག །ཅེས་པ་འདི་ཡུལ་ཀ་འོག་གི་འགྲོན་གཉེར་པ། །རྙ་རུ་བློ་མཆོག་རྡོ་རྗེ་ལ། །ཡུལ་མང་ཡུལ་གུང་ཐང་གི་ལྷོ་ཕྱོགས། །སྦས་ཡུལ་སྐྱིད་མོ་ལུང་གི་བྱང་འདབ་གཙང་ཆུང་འགྲམ་དུ་སྨྲས་པའོ། །ཨ་ཧོ་སྐྱབས་གནས་ཀུན་འདུས་ཀྱི་བླ་མ། །མཚུངས་མེད་ཨོ་རྒྱན་གྱི་པདྨ། །གསོལ་བ་སྙིང་ནས་རང་འདེབས་དང་། །ཐུགས་རྗེའི་སྤྱན་གྱིས་རང་གཟིགས་ཤིག །ལྔ་བརྒྱ་ཐ་མ་ཡི་དུས་འདིར། །མདོ་ཁམས་ཤར་ཕྱོགས་སུ་སྐྱེས་པའི། །བྱམས་མེ་འཕོ་ལུང་གི་སྐུ་སྐྱེ། །རྣོ་བསམ་རང་ལ་རང་ཐོང་དང་། །རང་ཐག་རང་གིས་རང་ཆོད་དང་། །གྷུ་རུའི་བཀའ་བཞིན་རང་བསྒྲུབས་དང་། །ལུང་བསྟན་བཞིན་དུ་རང་སྤྱོད་དང་། །རང་མགོ་རང་གིས་རང་ཐོན་དང་། །སྙོམས་ལས་ངང་ལ་རང་མ་འཇོག །བདུད་ཀྱི་བར་ཆད་ནི་ཆེ་འདུག །ངོ་ཚ་ཆོས་བརྒྱད་ཀྱིས་བཅིངས་ཏེ། །དོན་ཆེན་རྟེན་འབྲེལ་འགའ་འཆུགས་སོང་། །འཇིག་རྟེན་ཚུལ་ཆོས་ཀྱིས་བསླད་ནས། །དོན་མེད་སྟོང་ལོག་འགའ་བྱས་འདུག །ང་ཡི་ཚེ་འཛིན་གྱི་ལྷ་མོ། །དྷཀྐི་གོས་དཀར་གྱི་སྤྲུལ་པ། །དྷརྨཱའི་མིང་ཅན་དེ་སུ་ཡིན། །ནམ་གྲུ་ནག་མོ་ཡི་ཆོ་འཕྲུལ། །ཤ་ཟ་ཕྲ་མན་གྱི་བདུད་མོ། །འདྲ་མིན་འདྲ་འདྲ་རུ་བརྫུ་བའི། །ཚེ་བདུད་ནག་མོ་དེ་ཟློག་ཅིག །ཅེས་པ་འདི་ལུང་ནས་གསལ་བའི་བུད་མེད་མིང་དང་ལོ་གྲངས་མཉམ་པའི་བུ་མོ་གཉིས་བྱུང་ཞིང་། སུ་ཡིན་གྱི་གསལ་ཆ་ཆུང་ཚེ། །གང་འདྲ་ཡང་བརྟག་དཀའ་བར་གྱུར་ནས། །དྲེད་དགོན་གསར་དུ་སྒྲུབ་ཆུང་མའི་ཕྱིར་སྐྱོ་བ་མང་པོ་ཞིག་སྐྱེས་པ་ལ་བརྟེན་ཏེ་སྨྲས་པའོ། །འདི་སྐབས་ཧོར་དཔོན་ཆེན་མི་ཡི་དབང་པོ་རྒྱ་མཚོ་དེ་བཤགས་པར་ཐོས་ནས། །གཙང་ཤུག་གུ་ལ་རྩ་ན་མགུར་མ་འདྲ་བའི་སྡུག་གླུ་མང་པོ་ཞིག་དབྱངས་པའི་ཤོག་ཚར་དོར་ནས་བྲི་དཔེ་མ་བྱུང་། །ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་གཉིས་སུ་མེད་ཅིང་། །གཉིས་སུ་ཡང་བྱར་མེད་པ་དྲིན་ཅན་རྩ་བའི་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཁྱོད་ལས་ངན་པའི་སེམས་ཅན་འཕོ་ལུང་སྐུ་སྐྱེ་རིགས་འཛིན་རྣམ་རྒྱལ་པ། །བསམས་མནོ་མི་འདུག་བསམ་མནོ་མི་འདུག །བསམ་མནོ་ཞིག་གཏོང་རན་གདའ། །ལས་ངན་པས་རྒྱུ་བྱས། །རྐྱེན་ངན་པས་སྣ་ཁྲིད། །ཁམས་གསུམ་དུ་འཁྱམས། །རིགས་དྲུག་གི་གྲོང་ཁྱེར་རྒྱུད། །དུས་གསུམ་གྱི་སངས་རྒྱས་གྲངས་མེད་བརྗོད་ལས་འདས་པ་འདི་ཙམ་ཚོགས་བསགས། །སྒྲིབ་པ་སྦྱང་བའི་ཚེ། །མི་ཁྱོད་ཀྱི་བྱས་པ་ཐམས་ཅད་དོན་མེད་ཁོ་ནར་སོང་ག་རེ་སྔོན་བསགས་བསོད་ནམས་ཕྲན་བུས་ད་རེས་ལུས་ངན་འདི་སྙེད་ཀྱང་། དུས་ཚོད་སྙིགས་མ་ལྔ་བདོ་བའི་དུས་ངན་འདི་འདྲ་བ་ཞིག་ཏུ་སྐྱེས། །ཡང་ད་ལྟའི་དུས་འདི་ཀ་ཡིན་ཀྱང་། ཆོས་ལ་རང་རྒྱུད་སྐྱེལ་མཁན་ཅིག་ཏུ་མ་སྐྱེས་པར། །མི་ཕ་རོལ་གྱི་དད་ཟས་འགམས་པ། ཁྲམ་པའི་ཁ་འདུ་བྱེད་མཁན་ཁྱོད་འདྲ་བ་ཅི་རང་དྲག །ད་དུས་དང་རྣམ་པ་ཀུན་ཏུ་བློ་རང་སེམས་དཔང་དུ་བཞག་ཡོད་མ་ངག་བྱས་པས་བདུད་ཀྱི་སླུ་བྲིད་དབང་ཆེ་བས་མི་ཡོང་བར་འདུག་མོད། །སྙིང་ལ་རུས་པ་ཞིག་གྱིས་དང་ཁོ་དེ། དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འ བྱུང་གནས་ཀྱི་ཟབ་གཏེར་མཇལ་ཡང་། ཉམས་ལེན་ནི་རྡུལ་ཙམ་ཡང་ཡོང་ལེ་མེད་མོད། །ཕ་མ་སོགས་ཉེ་དུ་མང་པོས་མཐའ་འཁོར་བའི་རིགས་སུ་ནི་མེད་དེ། །ཕ་བླ་མ་པདྨ་རིགས་འཛིན་གྱི་ཐུགས་རྗེས། །སྐྱེས་པའི་ཕ་ཡུལ་ནི་རྒྱང་དུ་ལུས། །བླ་མའི་ཞབས་ཏོག་ཡང་ཕྲན་བུ་འགྲུབ། །ད་ཁྱོད་ལ་བསྒྲུབ་རྒྱུ་ཅི་ཡོད། །བསྒྲུབ་རྒྱུའི་གཙོ་བོ་ཚེ་གཅིག་གི་སངས་རྒྱས་བསྒྲུབ་རྒྱུ་དེ་ལུས་སོང་འདུག་པ་ཨེ་མཐོང་། །གྲྭ་རིགས་སུ་རེ་བ་འདི་ཚོ་ཡང་རང་བདེན་དུ་མི་འདུག་པ་མིན་ཀྱང་། །དུས་ཚོད་ངན་པའི་ཚུལ་གྱིས་གོས། །ཆོས་བཞིན་བསྒྲུབ་མཁན་ནི་དཀོན་འདུག །འདོ་དོན་འཁྲུལ་པའི་འདུ་འཛི་མང་པོ་འདི་རང་མགོ་རང་གཡོགས་ཤིག་ཡིན་པར་ཐག་ཆོད། །ནགས་སོག་གི་འགྲོ་བ་འདི་རྣམས་ཀྱང་། ལ་ལས་ནི་དད། ལ་ལས་ནི་འབར། །ལ་ལས་ནི་ཐེ་ཚོམ་དུ་ལུས། །མི་ཁྱོད་རང་སྨྱོ་ཆུ་མཐུངས་པའི་ཁ་ཚིག་ཅི་མང་རེ་བྱེད་ས་ཐག་རིང་བའི་མི་ལ་བདག་རྐྱེན་ཡིན་ཟེར། །བུག་སྒོ་འགྲམ་རེ་ན་འཁྲིད་གཡེང་བ་གཅིག་ནས་གཉིས་འཕེལ་བའི་རྐྱེན་རེ་བྱེད། །ཡུལ་ཕྱོགས་ཀྱི་སྐྱེ་འགྲོ་ཕོ་མོ་ཐག་ཉེ་སྐོར་གྱིས་ཀྱང་ཆགས་སྡང་རྩོད། །གྲོང་འདབས་སུ་ཕར་སོང་ཀྱང་འཇལ་མཁན་མེད་པར། །ཡི་གེ་དྲུག་མ་ལ་བློ་གཏད་ཡིན་བསྡད་ན་མཇལ་དགོས་ཟེར་བ་མང་པོ་འདི་དག །མི་ཁྱོད་རང་གིས་ཆགས་སྡང་མ་སྤངས་པ་ཁོ་ནས་བྱས་འདུག་པ་ཨེ་ཚོར། ཕྱི་ནས་བལྟས་ན་ཀ་འོག་གི་ཆུས། ནང་ནས་རང་གིས་གཞིག་པ་ལ་དཀོར་སྦྱོང་དུ་བསམ་པའི་ལྷ་འབྲི་རྟེན་བཞེངས་འདི་ཚོ་ཡང་། ཉམས་ལེན་གྱི་སད་ཁོ་ནར་འདུག་པ་ལ་བསམ་བློ་གཏོང་དགོས་གདའ། །ད་སྟེ་མནོ་བསམ་བཟང་པོ་ཞིག་ཅི་ནས་ཀྱང་དགོས་གདའ། མ་ནུས་པའི་སྟེར་སློང་འདི་ཡང་གཅིག་ནས་བླང་། གཅིག་ལ་བྱིན་པ་འདི་ཉམས་ལེན་གྱི་སད་ལས་མཆོད་སྦྱིན་ཞིག་མི་ཡོང་བ་འདྲ་བས་བསྐྱུར་ན་འཐད་འདུག །དཀོར་ནག་གི་ཟ་རོགས་འཐུང་རོགས་མང་པོ་འདི་ཚོ་ཡང་རྒྱང་དུ་བསྲིང་དགོས་གདའ། །རང་མཐོང་ཆེན་པོ་ཞིག་འདུག་པ་འདི་ཡང་བོར་གཏོང་དགོས་འདུག །སློབ་དཔོན་ཆེན་པོའི་ཐུགས་རྗེས་ཟབ་གཏེར་མཇལ་བ་འདི། །མི་ཁྱོད་ཕོ་རྒོད་ནས་བྱུང་བ་ནི་མིན་ཐག་ཆོད་ཅིང་། །སྨོན་ལམ་བཟང་པོའི་མཚམས་སྦྱོར་དུས་འདིར་རྡོལ་ཚེ། །རང་ཆེ་དྲེགས་པ་འདི་བསྐྱུར་ནས། སྙོམས་ཆུང་གི་ས་བཟུང་སྟེ་ཉམས་རྟོགས་ཤིག་སྤེལ་ན། ནམ་ཕུག་གི་སླེབས་སྒོ་དེ་ཆེ་བར་འདུག་པ་སྙིང་གི་དཀྱིལ་ན་ཚུད ། ཕ་རོལ་གྱི་ལེགས་ཉེས་ལ་མི་བཟོད་ནས། །ངན་སྔགས་ལ་ལག་ལེན་བྱེད་གྲབས་མང་པོའི་འགྱུ་བ་འཕོ་འདུག་པ་འདི་ཚོ། །འདི་ཕྱི་གཉིས་མེད་བྱེད་ན་ཁྱོད་ཀྱི་སེར་གོས་གྱོན་པ་འདི་དོན་མགོ་མི་ཆུང་ངམ། །རང་རྒྱུད་ཀོ་སྐམ་བཞིན་དུ་རེངས་པའི་དྲེད་པོ་ཆོས་བརྡུགས་མཁན་ཁྱོད་སྙིང་རེ་རྗེ། །ད་སྟེ་རང་ཚོད་ཟུང་། ད་སྟེ་རང་ཚོད་ཟུང་། ཐོས་བསམ་སྒོམ་གསུམ་ཐམས་ཅད་དུས་ཉི་མ་དེ་རིང་ནས། །ངོ་བོ་ཉིད་ལ་ཆིག་དྲིལ་དུ་ཐོང་ལ། །རང་སེམས་གྲོལ་ཐབས་འབུངས། རང་སེམས་གྲོལ་ཐབས་འབུངས། ཅེས་པ་འདི་སྤྲང་བན་རང་གིས་རང་ལ་བལྟས་པས། རང་རྒྱུད་ཆོས་དང་ཡ་བྲལ་དུ་གྱུར་འདུག་ཚེ། །རང་ཡི་མུག་ནས་ཆགས་རི་ཕུག་ནག་བདེ་བ་ཆེན་པོར་རང་ལ་སྨྲས་པའོ། །རྗེ་ན་མོ་པདྨ་ཀ་ར་ཡེ། །དཔལ་གདོད་མའི་མགོན་པོ་ཨོ་རྒྱན་དང་། །ཕ་མཚུངས་མེད་རྩ་བའི་བླ་མ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་རང་བྱུང་གི་ངང་ནས་བྱིན་གྱིས་རློབས། །ཁྱོད་དད་པ་ཅན་གྱི་སྐལ་ལྡན་པ། །མོས་གུས་ཅན་གྱི་གྲགས་པ་གསོན། །ང་དུས་ངན་ཐ་མའི་སྤྲང་པོ་ལ། །ཁྱེད་དད་འདུན་མོས་པ་མཛད་པའི་ཚེ། །གཟུགས་སྤྲུལ་བསྒྱུར་དངོས་ཉམས་རྨི་ལམ་དུ། །འདི་དགོས་ཞེས་གསུངས་པ་ཐོས་པའི་དོན། །ང་ཤ་ཁྲག་གཟུགས་སུ་མ་སྒོམ་པར། །གནས་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་། །གཟུགས་འཇའ་་ལུས་སྣང་སྟོང་རྡོ་རྗེའི་སྐུ། །ཚུལ་སྔགས་བཙུན་ཟབ་བེར་པད་ཞུ་ཅན། །མདོག་དཀར་དམར་མདངས་ལྡན་མཛེས་འཛུམ་ཞལ། །འཁོར་རྩ་གསུམ་བརྒྱུད་ལྡན་བླ་མས་བསྐོར། །སྐུ་དམ་ཚིག་ཡེ་ཤེས་གཉིས་མེད་གསལ། །སེམས་མོས་འདུན་དད་གུས་གདུང་ཤུགས་བསྐྱེད། །ཚེ་འདི་ཕྱིའི་བདེ་ལེགས་ཅི་སྟེར་བར། །ཕ་ཁྱེད་ཤེས་ཀྱི་བློ་སྙིང་རྩེ་གཅིག་གཏོད། །ཚིགས་གསོལ་འདེབས་སུ་སྨྲ་བ་འདི་སྐད་བརྗོད། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །གནས་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །ཕ་དྲིན་ཅན་རྩ་བའི་བླ་མ་ནི། །སྐུ་སྣང་སྟོང་འཇའ་ལུས་ཞལ་གཅིག་པ། །ཕྱག་ཆོས་འཆད་ཟ་བེར་པད་ཞྭ་ཅན། །ཞབས་རྒྱལ་པོ་རོལ་པའི་སྟང་སྟབས་བསྒྱུར། །འཁོར་རྩ་གསུམ་བརྒྱུད་ལྡན་བླ་མས་བསྐོར། །སྐུ་དམ་ཚིག་ཡེ་ཤེས་འདུ་འབྲལ་མེད། །སེམས་རྩེ་གཅིག་ངང་ནས་གསོལ་བ་འདེབས། །རྗེ་ཆོས་ཉིད་ཀློང་ནས་བྱིན་གྱིས་རློབས། །ཕ་བླ་མ་མཚན་ལྡན་འགྲོ་བའི་མགོན། །དཔལ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཆོས་སྐུ་བཞིའི་ཡེ་ཤེས་ལྔ་ཡི་བདག །ང་གསོལ་བ་འདེབས་པའི་བུ་སློབ་ལ། །རྗེ་ཐུགས་རྗེའི་སྤྱན་གྱིས་ད་གཟིགས་ནས། །གནས་རིགས་དྲུག་འཁོར་བར་ཞེན་ལོག་སྟེ། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ལས་མ་རིག་བག་ཆགས་ཀུན་གྲོལ་ཏེ། །དོན་རང་རིག་རྟོགས་པར་བྱིན་གྱིས་རློབས། །ལུས་གཅེས་འཛིན་ཞེན་པ་རང་གྲོལ་ནས། །ཆོས་བདག་མེད་རྟོགས་པར་བྱིན་གྱིས་རློབས། །འདུས་བྱས་རྟག་འཛིན་མེད་པར་རྒྱུད་སྐྱེས་ནས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་འབྲས་སླུ་བ་མེད་པར་ཡིད་ཆེས་ནས། །བསགས་པ་ཆོས་ལ་བྱེད་པར་བྱིན་གྱིས་རློབས། །ནོར་ལ་སྙིང་པོ་མེད་པར་འདུ་ཤེས་ནས། །སྦྱིན་པ་ཕྱོགས་མེད་ཐེང་བར་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་ཕ་མར་ངོ་ཤེས་ནས། །དགྲ་གཉེན་ཆགས་སྡང་སྤོང་བར་བྱིན་གྱིས་རློབས། །དུག་གསུམ་ཀུན་གཞི་བག་ཆགས་མཚང་རིག་ནས། །སྐུ་གསུམ་རང་ངོར་འཕྲོད་པར་བྱིན་གྱིས་རློབས། །ཕྱི་ནང་སྣོད་བཅུད་ཡེ་གྲོལ་དོན་རྟོགས་ནས། །དག་སྣང་ཕྱོགས་མེད་འཆར་བར་བྱིན་གྱིས་རློབས། །ཟབ་གསང་བླ་མེད་སྒོམ་སྒྲུབ་སྤྱོད་པའི་མཐུས། །ཚེ་འདིར་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །མི་རྟག་སྒྱུ་ལུས་འདོར་ལེན་བྱེད་པའི་ཚེ། །འོད་གསལ་མ་བུ་འཕྲོད་པར་བྱིན་གྱིས་རློབས། །ལས་ཀྱི་དབང་གིས་འཁོར་བར་འཁྱམས་གྱུར་ན། །ཆོས་ལྡན་མི་ལུས་ལོན་པར་བྱིན་གྱིས་རློབས། །དེ་ཚེ་དྲིན་ཅན་བླ་མས་རྗེས་བཟུང་ནས། །གསོལ་བ་སྙིང་ནས་འདེབས་པར་བྱིན་གྱིས་རློབས། །ཚེ་དེས་སྡེ་སྣོད་ཐེག་དགུ་མཐར་ཕྱིན་ནས། །སྐུ་བཞིའི་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །རེ་ས་ཁྱེད་ལས་མེད་དོ་བླ་མ་རྗེ། །གསོལ་བ་སྙིང་ནས་འདེབས་སོ་སྤྲུལ་པའི་སྐུ། །མཆོག་ཐུན་དངོས་གྲུབ་སྩོལ་ཞིག་རིན་པོ་ཆེ། །ལྷ་ཚོགས་བརྒྱུད་པའི་བླ་མ་འོད་དུ་ཞུ། །རྩ་བའི་བླ་མའི་སྐུ་ལ་གཉིས་མེད་ཐིམ། །བླ་མ་འོད་ཕུང་གཟི་བརྗིད་ལམ་ལམ་དུ། །བདག་གི་སྤྱི་གཙུག་བདེ་བ་ཆེན་པོ་ནས། །ཆུ་ལ་ཆུ་བཞག་དབྱེར་མེད་རོ་གཅིག་ཏུ། །བླ་མའི་སྐུ་གསུང་ཐུགས་དང་རང་རྒྱུད་འདྲེས། །ཉམས་རྟོགས་དགའ་བཞིའི་ཡེ་ཤེས་མངོན་གྱུར་ནས། །རིགས་བདག་བླ་མ་མཆོག་དང་གཉིས་མེད་ཤོག །བསོད་ནམས་མཐུ་ཡིས་འགྲོ་རྣམས་ཡོངས་སྒྲོལ་ཏེ། །ཕྱ མས་ཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །ཅེས་པས་གསོལ་བ་སྨོན་ལམ་རྩེ་གཅིག་བཏབ། །ཐུན་དྲུག་ཉམས་ལེན་བླ་མའི་རྣལ་འབྱོར་ལ། །ཁྱེད་ཤེས་བློ་ཡི་འདུན་པས་འབད་པའི་ཚེ། །བྱིན་རླབས་ཞུགས་པའི་རྟགས་ནི་རྣམ་པ་གསུམ། །སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པའི་རྟགས། །ལུས་ཡང་ནད་བྱང་རྒས་བསྲ་ཚེ་རིང་ཞིང་། །གླུ་གར་འཁྲབ་སྙིང་འདོད་དང་ཕྱག་སྐོར་བརྩོན། །དངོས་ཉམས་རྨི་ལམ་བླ་མའི་ཞལ་དང་མཇལ། །རོལ་མོ་འཁྲོལ་དང་མཆོད་རྟེན་གངས་རིར་འཛེག །སྒྲིབ་པ་བྱང་བའི་རྟགས་ནི་སྣ་ཚོགས་འབྱུང་། །དེ་ཚེ་སྐུ་ཡི་དབང་མཆོག་ལུས་ལ་ཐོབ། །གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་རྟགས། །བསྙེན་སྒྲུབ་བཟླས་པ་གཙོ་བོར་འདོན་སྙིང་འདོད། །ཁ་ནས་ཅི་སྨྲས་ཆོས་ཀྱི་ཚིག་ཏུ་ཡོང་། །རྩ་རླུང་ལས་རུང་སྲོག་རྩོལ་དབུ་མར་ཚུད། །ཉམས་མགུར་ཆོས་འཆད་སོགས་ལ་ཉམ་ང་བྲལ། །དེ་ཚེ་གསུང་གི་དབང་མཆོག་ངག་ལ་ཐོབ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པའི་རྟགས། །འཆི་བ་དྲན་ཞིང་ལས་འབྲས་འདོར་ལེན་བརྩོན། །ཆགས་སྡང་དགྲ་གཉེན་དང་བྲལ་བྱམས་སེམས་ལྡན། །སེམས་ཉིད་མཆོག་གི་གནས་ལུགས་མངོན་དུ་འགྱུར། །དེ་ཚེ་རང་བྱུང་རིག་པ་རྗེན་ནེ་བ། །སུས་ཀྱང་མ་བྱས་ཡེ་ནས་རང་ལ་གནས། །ངོ་བོ་ཉིད་ལ་སྨྲ་བསམས་བརྗོད་པ་བྲལ། །དེ་ནི་རང་རིག་བླ་མ་དམ་པ་སྟེ། །མཆོག་གི་བླ་མས་མཆོག་གི་དངོས་གྲུབ་སྟེར། །བླ་མ་གཞན་ནས་མེད་དོ་རང་ལས་རྙེད། །གསོལ་བ་ཕུར་ཚུགས་བཏབ་པའི་བྱིན་རླབས་ཡིན། །མོས་གུས་རྩེ་གཅིག་བྱས་པའི་ནུས་མཐུ་ཡིན། །ཁྱེད་ཤེས་བློ་སྙིང་བཀལ་བའི་དངོས་གྲུབ་ཡིན། །འདི་ནི་ཡང་དག་དོན་གྱི་བླ་མ་སྟེ། །ནམ་ཡང་འགྱུར་བ་མེད་ཅིང་འདུ་འབྲལ་མེད། །གཟུགས་ཀྱི་བླ་མ་མཚོན་བྱེད་བླ་མ་ཡིན། །གསུང་གི་ཆོས་བཤད་བརྡ་སྤྲོད་བླ་མ་ཡིན། །སེམས་ཉིད་བླ་མ་ཡང་དག་ཆོས་ཀྱི་སྐུ། །དུས་གསུམ་རྒྱལ་བ་རྣམས་ཀྱིས་ཆེས་ཆེར་བསྔགས། །དེ་ཕྱིར་བུ་ཁྱོད་བླ་མའི་རྣལ་འབྱོར་ལ། །བརྩོན་འགྲུས་དྲག་པོས་ཉམས་ལེན་གནད་དུ་བསྣུན། །བྱིན་རླབས་དངོས་གྲུབ་ཡིད་བཞིན་རེ་བ་སྐོང། །ཅེས་པ་འདི་ཆམ་བུའི་དཔོན་ཆེན་གྲགས་པས། །བླ་མ་ལ་གསོལ་བ་བཏབ་པའི་བྱིན་རླབས། །མངོན་སུམ་དུ་མཇལ་རྒྱུ་ཡོད་པ་ཞིག་དགོས་ཟེར་བ་ལ་སྨྲས་པ་འདི། །བདག་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་བྲིས་པའོ། ཨོཾ་ཨཱཾཿཧཱུཾ་རཏྣ་མ་ཧཱ་གྷུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུཾ། །འདི་དབང་བཞི་ལེན་པའི་གོང་དུ་བརྒྱ་རྩ་འམ་ཅི་མང་བཟླ་བར་བྱའོ། ཨོཾ་ཨཱཿཧཱུཾ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུཾ། །རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་པདྨ་ལ། །མོས་གུས་གདུང་བ་ཆེན་པོས་ཕྱག་འཚལ་ལོ། །ཐུགས་རྗེས་གཟིགས་ཤིག་བྱིན་གྱིས་བརླབ་ཏུ་གསོལ། འདི་ཕྱི་ཀུན་གྱི་བདེ་ལེགས་དངོས་གྲུབ་སྩོལ། །ཡཱཿཚུར་ལ་གསོན་དང་དད་ལྡན་རིག་རོ་པ། །ལྔ་བརྒྱ་དུས་ཀྱི་ཡང་མཐའི་དུས་འདི་རུ། །བདེན་པ་བརྒྱ་ལས་བརྫུན་མ་གཅིག་ནི་འབྲིམ། །བཟང་པོའི་བསམ་བཟང་ངན་པའི་དོན་དུ་གོ །གང་ལྟར་ཡིན་ཀྱང་མི་ཆོས་དང་ལྷ་དམ། །བྱ་བྱེད་འཛིན་གསུམ་ཐ་སྙད་དང་བྲལ་ཚེ། །དུས་མཐར་སྐྱེས་པའི་སྤྲང་པོ་ནི་ང་འདྲ། །བློ་གཏད་བྲལ་བའི་ལྟ་བ་ཞིག་རྟོགས་ནས། །རེ་དོགས་མེད་པའི་འབྲས་བུ་ལ་གནས་ཚེ། །ནམ་མཁའི་གཟུགས་ལ་རང་རང་གི་ཡིད་འདོད། །བསོད་ནམས་ཆ་བསགས་འབྲས་བུ་ནི་འབྱུང་དུས། །ལྔ་བརྒྱ་ཡིན་ཀྱང་བསྐལ་བཟང་སྔོན་དུས་ལ་གདའོ། །ཨ་ལ་ཁ་སྐམ་སྟོང་པའི་བློ་ཤེད་ལ་ལྟོས་དང་། །པདྨ་འབྱུང་གནས་སྤྲུལ་པ་ནི་སྣ་ཚོགས། །དུས་ལ་བབ་ན་ཆུ་མིག་གི་མགོ་འབུར། །སྐབས་ལ་བབ་ན་བདག་གཞན་གྱི་གཉིས་འཚེངས། །དེ་དོན་གོ་ན་ཐུགས་ལ་རང་ཞོགས་ཤིག །མི་ལུས་ཐོབ་པའི་དད་ལྡན་གྱི་ཕོ་མོ། །སྔོན་བསགས་བསོད་ནམས་བདེན་འབྲས་ཀྱི་ལུས་རྙེད། །ལས་འབྲས་སླུ་མེད་རང་རྒྱུད་དུ་ཚང་དུས། །རང་དབང་གྱུར་པའི་ལྷ་ཆོས་ཤིག་སྒྲུབ་དགོས། །ཐུགས་བསམ་ཞིབ་པོའི་ནང་ཚགས་ཤིག་སྡོམས་མཛོད། །དཀར་ནག་ལས་ཀྱི་འབྲས་བུ་འདི་གཟིགས་དང་། །སྐྱེ་འཆིའི་ཁ་ལོ་རྒྱུད་གྲངས་ཀྱི་འཁོར་ལོ། །ལས་ཉོན་བག་ཆགས་རྣམ་སྨིན་ལ་གཟིགས་མཛོད། །འདུས་བྱས་ཆོས་ཀྱི་རང་འཚང་ལ་ལྟོས་དང་། །མི་རྟག་ཆོས་ལ་སྙིང་པོ་རུ་མ་འཛིན། །མི་ཚེ་རྨི་ལམ་སྣང་བ་འདི་དོན་མེད། །ཡུད་ཙམ་ཅིག་ལ་ཚེ་རབས་གཏན་ཆིས་འདི་ཉམས་མཚར། །མངོན་གྱུར་སྣང་བའི་ཟ་ཟི་ལ་བལྟས་ན། །ཁྱོད་སྔོན་བོད་ཡུལ་དབུས་གཙང་གི་དགེ་བཙུན། །ད་ལྟ་དགེ་འབྲས་ཆོས་སྡུད་ཀྱི་ཉམས་ལེན། །ལེགས་པར་སྒྲུབ་ནས་བཅུ་བདུན་གྱི་ལུས་མཐར། །བྱང་ཆུབ་འབྲས་བུ་མངོན་དུ་རང་འགྱུར་ཡོང་། །ཡི་དམ་ལྷ་སྐལ་ཁྲོ་བོ་ཡི་རྟ་མགྲིན། །སྙིང་པོའི་བསྒོམ་བསྒྲུབ་གནད་དུ་རང་བསྣུན་མཛོད། །ཅེས་པ་འདི་རིག་རོའི་སློབ་བུ་ཚེ་རིང་ལ། །ཀ་འོག་སྔགས་པ་གླིང་དུ་སྤྲང་པོ་རིགས་འཛིན་རྣམ་རྒྱལ་གྱིས་སྨྲས་པའོ། །རྗེ་ན་མོ་པདྨ་སམ་བྷ་ཝ། །དཔལ་ལྷག་པའི་ལྷ་མཆོག་པདྨ་འབྱུང་། །མི་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །མ་མཁའ་འགྲོའི་ཚོགས་ཀྱི་བར་ཆད་སོལ། །ཕ་མཚན་ལྡན་བླ་མས་ལམ་སྣ་དྲོངས། །མགོན་ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ། །ཁྱོད་འཁོར་དུ་འདུས་པའི་སློབ་བུ་བ། །བློ་གྲོས་པའི་རྒྱ་མཚོ་ཚུར་གསན་དང་། །ད་ལྟ་ནི་དུས་ངན་སྙིགས་མ་འདིར། །དལ་འབྱོར་གྱི་མི་ལུས་སྙེད་ན་ཡང་། །དོན་མགོ་ནི་རྡུལ་ཙམ་མེད་མདོག་ཁ། །དོན་མགོ་ཅིག་ཡོད་པའི་ཕ་རོལ་ན། །མནར་མེད་ཀྱི་ས་བོན་འདེབས་མདོག་ཁ། །དུས་ད་རེས་འདུན་པ་གཅིག་ཏུ་དྲིལ། །བློ་བླ་མ་དཀོན་མཆོག་དཔང་པོར་གཏོད། །སྐྱབས་སླུ་མེད་ཡིན་པས་ཐེ་ཚོམ་སྤོངས། །ཉིན་མོ་དང་མཚན་གུང་ཐུན་དྲུག་ཏུ། །རྗེ་ཁྱེད་ཤེས་ཀྱི་གསོལ་བ་ལེགས་ཐོབ་ལ། །ཚེ་ཆོས་ཀྱི་ནི་འདའ་བའི་སྨོན་ལམ་ཐོབ། །འདི་རྒྱུན་ལྡན་དུ་ཆག་མེད་ཡིད་ལ་ཞོག །ནག་ཆང་གི་རྐྱེན་ལ་བག་ཡོད་མཛོད། །སྣང་སེམས་འདི་འཁྲུལ་འཁོར་ཡོ་ལང་འཚུབ། །ཉོན་མོངས་འདི་བག་ཆགས་འཕྲང་རེ་རྒོད། །ཆོས་པ་ཡི་ཚད་དྷོ་བསྐྱུར་ས་ཡིན། །འདོ་མེད་ཚོ་རླུང་གི་ཁུར་ས་ཡིན། །ཞེ་བཅད་དང་སྡུག་བསྲན་གཉུགས་རིང་གསུམ། །མན་ངག་ཏུ་ཡོད་པས་སྙིང་ལ་ཕུར། །ཞལ་གདམས་སུ་ཡོད་པས་ཐུགས་ལ་ཞོག །གྲོས་མཆོག་ཅིག་ཡིན་ནོ་བརྗེད་ཐོ་མཛོད། །ཅེས་པ་འདི་བློ་གྲོས་རྒྱ་མཚོ་ལ། །སྤྲང་བནྡྷེ་རིགས་འཛིན་རྣམ་རྒྱལ་པས་སྨྲས་པའོ། །ན་མོ་གྷུ་རུ་པདྨ་འབྱུང་ལ་འདུད། །གླུ་ལ་ཉན་འདོད་དད་ལྡན་སྔགས་འཆང་བ། །མ་ཡེངས་ངང་ནས་ཚིག་ལ་སྙན་གསན་ཏེ། །རྩེ་ཅིག་ངང་ནས་ཐུགས་ལ་འཇོག་པར་ཞུ། །འཁོར་འདས་སྣ་ཚོགས་ཆོས་ཀུན་བྱེད་པ་པོ། །རང་གི་གནས་ལུགས་རང་སེམས་དངོས་མེད་འདི། །ཐོག་མ་མེད་ནས་མ་རིག་འཁྲུལ་པས་བསྒྲིབས། །མཐའ་མེད་རྒྱ་མཚོའི་སྡུག་བསྔལ་འདམ་དུ་ཚུད། །བདེ་བ་འདོད་བཞིན་སྡུག་བསྔལ་དཔག་མེད་མྱོང་། །རིགས་དྲུག་འཁོར་གནས་ཟོ་ཆུའི་འཁྱུད་མོ་འདིར། །སྐད་ཅིག་དལ་མེད་ལས་ཀྱི་དབང་གིས་འདོད། །ད་རེས་སྔོན་སྦྱངས་རྣམ་དཀར་དགེ་འབྲས་ཀྱིས། །དལ་འབྱོར་ཆོས་ཀྱི་བརྒྱན་པའི་ལུས་སྙེད་ཅིང་། །གསང་སྔགས་བླ་མེད་ཆོས་ཀྱི་སྒོར་ཞུགས་ཀྱང་། །ཚེ་འདིའི་དབང་ཤོར་ཕྱི་མ་བརྗེད་ལ་ཉེ། །རྒྱུ་འབྲས་བླང་དོར་སོ་འཚམས་ཕྱེད་ན་ཡང་། །སང་བྱ་གནངས་བྱའི་ངང་ལ་མི་ཚེ་ཟད། །དགེ་བའི་བཤེས་གཉེན་བླ་མ་མང་མཇལ་ཡང་། །ཁྲོམ་ཆོས་ཐོབ་ཆོག་དབང་ཤོར་རྒྱུད་མ་གྲོལ། །ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་ཀྱང་། །སྣང་སེམས་ཨ་འཐས་ཤོམ་ར་རྒྱ་འདིང་བསྐྱེད། །ཉེ་དུ་འཁོར་འདབ་ཚོང་འདུས་མགྲོན་པོ་ལ། །ཡུན་རིང་འགྲོགས་སྙམ་བྱས་ཤིང་འཐབ་རྩོད་སྤྲད། །ལོངས་སྤྱོད་འདུ་འཛི་སྒྱུ་མའི་སྣང་བ་ལ། །ཆགས་སེམས་སྐྱེས་པས་སླུས་ཤིང་སེར་སྣས་བསོག །ཆོས་རྣམས་བདག་མེད་སྤྲོས་དང་བྲལ་བ་ལ། །ང་བདག་འཛིན་པས་བཟུང་ཞིང་གྲུབ་མཐས་བཅིངས། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ལ། །བདག་གཞན་གཉིས་བཟུང་དགྲ་གཉེན་སོ་སོར་ཕྱེས། །ཀྱེ་ཧོ་ད་ནི་སྙོམས་ལས་དབང་ཆེ་ཡང་། །ལོང་མེད་བརྩོན་འགྲུས་བསྐྱེད་དེ་ཆོས་ཤིག་རན། །ཆེ་བཞག་ཆུང་བསྐྱུར་ཆོས་ཤིག་མ་བྱས་ན། །ལོང་བའི་ལག་ནས་སྐས་མགོ་ཤོར་བ་ལྟར། །ཐར་མེད་འཁོར་བའི་འདམ་དུ་བྱིང་གྱུར་ན། །ཐར་པའི་ལམ་སྣ་ནམ་ཞིག་ཟིན་པར་བྱེད། །བློ་གཏད་ཚེ་འདིར་མི་བཅའ་ཕྱི་མ་བཅའ། །གཏན་ཡུན་འཁོར་བར་མི་བྱེད་ཐར་ལམ་སྙོགས། །མི་ཚེ་ཡུད་ཙམ་མགྲོན་པོ་ངལ་བསོ་ལྟར། །བདེ་བའི་སྐབས་འདིར་འབུངས་གསུམ་འདོན་རེ་རན། །ག་རེ་ཀུན་གྱི་བྱེད་པོ་རང་གི་སེམས། །འཁོར་འདས་སྣ་ཚོགས་སྣང་བའི་ཆོ་འཕྲུལ་མཁན། །གཅིག་ཏུ་མ་ཡིན་དུ་མའི་རོལ་པ་ཅན། །དུ་མ་མ་ཡིན་ཐིག་ལེ་ཉག་གཅིག་སྟེ། །དངོས་ཡོད་མ་ཡིན་ཡེ་སྟོང་བློ་ལས་འདས། །དངོས་མེད་མ་ཡིན་ཆོས་ཉིད་རྗེན་པར་གསལ། །ཤེས་ཡུལ་མི་གནས་ཤེས་བྱ་དབྱིངས་སུ་དག །ཡེ་ཤེས་རང་བྱུང་ཐམས་ཅད་ས་ལེར་གསལ་། །འཁྲུལ་ཞིང་དོན་མེད་འཁྲུལ་པས་འགྲོ་དྲུག་འགྲིམ། །འཁྲུལ་བྱ་འཁྲུལ་བྱེད་གཞི་མེད་སྤྲོས་དང་བྲལ། །གཞི་ལམ་འབྲས་བུའི་ཆོས་རྣམས་ངོ་བོར་རྫོགས། །དུས་གསུམ་རྒྱལ་བ་གཤེགས་པའི་བྱང་ཆུབ་ལམ། །མདོ་སྔགས་ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །བརྗོད་མིན་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །ཡང་ལྟོས་ཡང་སྒོམས་མ་ཡེངས་ངང་ལ་སྐྱོངས། །བལྟ་བྱ་ལྟ་བྱེད་བསྒོམ་བྱ་སྒོམ་བྱེད་བྲལ། །གནས་ལུགས་རང་ཞལ་མཐོང་ཚེ་ཐེ་ཚོམ་སྤོང་། །དེ་ཉིད་ཀློང་དུ་འགྱུར་ཕྱིར་སྐྱོང་བྲན་མཛོད། །མཐར་ཕྱིན་ངོ་བོ་ཆོས་ཉིད་དབྱིངས་སུ་དག །ཅེས་པ་འདི་ཡུལ་ནགས་ཤོད་པའི་སྔགས་པ། །དཔེ་ཆུང་མགོན་ལུས་མགུར་མ་ཞིག་དགོས་ཟེར་བ་ལ། །སྤྲང་བནྡྷེ་ཨོ་རྒྱན་རིགས་འཛིན་རྣམ་རྒྱལ་གྱིས་སྨྲས་པའོ། །རྗེ་ན་མོ་མ་ཧཱ་གྷུ་རུ་ཡེ། །ཕ་མཚུངས་མེད་བླ་མ་གྲུབ་པའི་མཆོག །དཔལ་པདྨའི་མཚན་ཅན་ཆོས་ཀྱི་རྗེ། །མཚན་ཡོངས་སུ་གྲགས་པའི་རིན་པོ་ཆེ། །བདག་འགྲོ་བ་ཡོངས་ལ་བྱིན་གྱིས་རློབས། །སྒོས་བྱ་བྲལ་ང་ལ་བྱིན་གྱིས་རློབས། །ང་འདོ་མེད་མྱོན་པ་འཕོ་ལུང་པ། །ཤར་མཐའ་འཁོབ་མདོ་ཁམས་སྒང་དུ་སྐྱེས། །བསོད་ནམས་མཐུ་ཡིས་ཆོས་དང་མཇལ། །ལས་འཕྲོའི་དབང་བཟང་གསང་སྔགས་ཐོས། །སྨོན་ལམ་མཐུ་བཙན་ལུང་བསྟན་ཐོབ། །རྟེན་འབྲེལ་འགྲིགས་པས་དབུས་སུ་འཁྱལ། །དཀའ་བ་སྤྱད་པས་ཟབ་གཏེར་ཐོན། །འགྲོ་འདོད་ཆེ་བས་གནས་རི་འཁོར། །སྡོད་འདོད་ཆེ་བས་སྒོམ་སྒྲུབ་སོང་། །ཐོས་འདོད་ཆེ་བས་ཆོས་མང་ཐོས། །བསམ་འདོད་ཆེ་བས་རུ་ཤན་ཕྱེད། །བཟང་འདོད་ཆེ་བས་ཀུན་དང་མཐུན། །སྟེར་འདོད་ཆེ་བས་ཆགས་ཞེན་ཆུང་། །སྒྱོ་འདོད་ཆེ་བས་ཕྱག་རྒྱ་མང་། །བཤད་འདོད་ཆེ་བས་གསང་ཚིག་འཆལ། །ནོར་འདོད་ཆེ་བས་ཉོ་ཚོང་རྐྱེན། །བསགས་འདོད་ཆུང་བས་མེད་འཕོངས་ཆེ། །སློང་འདོད་ཆེ་བས་སྤྲང་ལ་རྒོད། །ཟ་འདོད་ཆེ་བས་དཀོར་འབགས་ཆེ། །ཕོ་ཚུགས་ཆེ་བས་ཆོས་བརྒྱད་བཟང་། །སྙིང་རུས་ཆུང་བས་ངང་རྒྱུད་ཐུང་། །ལར་མི་ང་ཡི་སྤྱོད་པ་ཉམས་རེ་མཚར། །བསམ་ཞིང་གཞིག་ན་དགོད་རེ་བྲོད། །བཟང་པོའི་ཡ་རབས་རྣམ་ཐར་མང་། །ངན་པའི་མ་རབས་རྣམ་ཐར་མང་། །འབྲིང་གི་བར་མའི་བྱ་བྱེད་མང་། །མི་ཕ་རོལ་སྣང་ངོར་ཅི་མཐོང་ཡང་། །བདག་རང་ལ་རང་བསམ་གཞིགས་པ་ན། །དོན་རང་སེམས་དཔང་བཞག་བལྟས་པའི་ཚེ། །ཡ་རབས་བཟང་པོའི་རྣམ་ཐར་ལ། །ཕ་བླ་མས་བཀའ་སྐྱོན་དགོངས་ཁྲེལ་སོགས། །དོན་ངན་དགུའི་མཛད་པས་ཅི་མནར་ཡང་། །སེམས་ལ་དད་ལོག་འཆར་མ་མྱོང་། །ལྟོག་སྡུག་ཚ་གྲང་ཅི་མཐོང་ཡང་། །ཆོས་ཕྱིར་འགྱོད་པ་སྐྱེ་མ་མྱོང་། །དཀོར་ཟོག་འདུས་བྱས་ཅི་ཡོད་ཀྱང་། །མཆོད་སྦྱིན་ལ་སེར་སྣས་འཆིང་མ་མྱོང་། །གྲ་རོགས་གྲོགས་མཆེད་སུ་འགྲོགས་ཀྱང་། །ངན་སྤྱོད་ཀྱི་འཛུ་ངན་སྟོན་མ་མྱོང་། །ཁེ་དང་གྲགས་པ་ཅི་འདུག་ཀྱང་། །སྒེར་མནོག་གཙོ་བོར་འདོན་མ་མྱོང་། །དྲིན་དང་ཕན་པ་ཅི་བཏགས་ཀྱང་། །དྲིན་ལན་ཐོ་ཁུར་བྱེད་མ་མྱོང་། །བླ་མ་དགེ་བཤེས་སུ་མཇལ་ཡང་། །བཅོས་མའི་དད་པས་གོས་མ་མྱོང་། །ཆོས་མཛད་གྲ་བཙུན་སུ་མཐོང་ཡང་། །དག་སྣང་ལས་ཕྱོགས་རིས་འཆར་མ་མྱོང་། །དྲག་ཞན་བར་མ་སུར་འཐབས་ཀྱང་། །རྐྱེན་ངན་གྱོད་ལ་གཏུགས་མ་མྱོང་། །ཆོས་དང་ཆོས་མིན་སྣ་ཚོགས་ལ། །གོ་བ་ཕྱོགས་ལོག་འཆར་མ་མྱོང་། །ཐུབ་དང་མི་ཐུབ་ཕ་རོལ་ལ། །གཡོ་རྒྱུ་ཁྲམ་གསུམ་བྱེད་མ་མྱོང་། །གཉེན་འདུན་ཕ་མ་ཉེ་འབྲེལ་ལ། །ཆགས་ཞེན་འདུ་འཕྲད་དྲན་མ་མྱོང་། །ཡ་རབས་བཟང་པོའི་རྣམ་ཐར་ཡིན། །ངན་པའི་མ་རབས་རྣམ་ཐར་ལ། །འདོད་ཆགས་མེ་ཆེན་འབར་འདྲ་ཡོད། །ཞེ་སྡང་རླུང་དམར་འཚུབ་འདྲ་ཡོད། །གཏི་མུག་མུན་པ་འཐིབ་འདྲ་ཡོད། །ང་རྒྱལ་བྲག་རི་ཉིལ་འདྲ་ཡོད། །འཕྲག་དོག་སེར་ཆེན་འདྲིལ་འདྲ་ཡོད། །ཚིག་རྩུབ་འབྲུག་སྒྲ་ལྡིར་འདྲ་ཡོད། །བཙོག་གཏམ་གློག་དམར་འཁྱུག་འདྲ་ཡོད། །མ་རབས་ངན་པའི་རྣམ་ཐར་ཡིན། །འབྲིང་གི་བར་མའི་བྱ་བྱེད་ནི། །ཚེ་འདིའི་མནའ་གཏམ་གཞུང་གསུམ་ལ། །ཕ་རོལ་སྣང་བ་ཟློག་མ་མྱོང་། །ཕྱི་མའི་དམ་ཆོས་རིན་ཆེན་ལ། །མོས་བློའི་སྣང་བ་གཏོང་མ་མྱོང་། །བཟང་ངན་བྱ་བ་ཅི་བྱས་ཀྱང་། །ངོས་ལྐོག་ཕྱི་ནང་བྱེད་མ་མྱོང་། །གཏམ་དང་ཚིག་ཏུ་ཅི་སྨྲས་ཀྱང་། །དོན་གྱི་བྱ་བ་འཕྱུག་མ་མྱོང་། །འབྲིང་གི་བར་མའི་བྱ་བྱེད་ཡིན། །ལོ་གཅིག་གཞོན་ཏེ་ཚེ་གཅིག་སོང་། །ས་གཅིག་མ་བསྡད་ཀུན་དུ་འཁྱམས། །ཁོང་ཕ་རོལ་འགྲོ་བས་སྣ་ཚོགས་མཐོང་། །མི་ལ་ལས་མཁས་པའི་ཚུལ་ལ་མཐོང་། །མི་ལ་ལས་གྲུབ་པའི་ཚུལ་ལ་མཐོང་། །མི་ལ་ལས་སྨྱོ་བའི་ཚུལ་ལ་མཐོང་། །མི་ལ་ལས་བཟང་པོའི་ཚུལ་ལ་མཐོང་། །མི་ལ་ལས་ངན་པའི་ཚུལ་ལ་མཐོང་། །མི་ལ་ལས་བྱི་ཕོའི་ཚུལ་ལ་མཐོང་། །མི་ལ་ལས་དགེ་སྦྱོང་ཚུལ་ལ་མཐོང་། །མི་ལ་ལས་སྔགས་པའི་ཚུལ་ལ་མཐོང་། །མི་ལ་ལས་ཚོང་པའི་ཚུལ་ལ་མཐོང་། །མི་ལ་ལས་འདོ་ཡོད་ཚུལ་ལ་མཐོང་། །མི་ལ་ལས་འདོ་མེད་ཚུལ་ལ་མཐོང་། །མི་ལ་ལས་ཆོས་པའི་གཟུགས་ལ་མཐོང་། །མི་ལ་ལས་ཟོག་པོའི་གཟུགས་སུ་མཐོང་། །མི་ལ་ལས་བླ་མའི་གཟུགས་ལ་མཐོང་། །མི་ལ་ལས་སངས་རྒྱས་མངོན་སུམ་མཐོང་། །མི་ཕ་རོལ་ལ་སྐྱག་གཏད་ཅི་ཞིག་ཡོད། །ང་མདོ་ཁམས་སྐྱེས་པའི་ཕ་ཡུལ་དུ། །མི་ཀུན་གྱིས་བྱམས་མེ་སྐུ་སྐྱེ་ཟེར། །བཟང་པོ་ཡོང་བར་ཀུན་གྱིས་རེ། །ཆུང་ནས་ས་མཐའ་འཁྱམས་པའི་ཚེ། །བོད་ཡུལ་འཕྱོང་རྒྱས་དཔལ་རི་བས། །མི་ང་ལ་ཁམས་པ་སྤྲུལ་སྐུ་ཟེར། །དཀོར་སྡུད་མཁན་ཅིག་ཡོང་དུ་རེ། །ཀུན་གྱི་གཙུག་རྒྱན་པོ་ཏ་ལར། །མི་ང་ལ་སྒོམ་སྡེ་བླ་མ་ཟེར། །ལྷ་ཆོས་དང་གཞི་ཅན་གྱི་བདག་པོར་རྟོགས། །བསམ་ཡས་ཞིག་གསོས་བརྒྱབས་པའི་ཚེ། །མི་ང་ལ་ཁམས་པ་དབོན་པོ་ཟེར། །རྒྱུ་ཅན་གྱི་བདག་པོ་ཡིན་དུ་སེམས། །ཤར་ཕྱོགས་ཀྱི་ཀོང་ཡུལ་ཁྲ་མོར་སོང་། །མི་ང་ལ་ཨོ་ལོ་བླ་མ་ཟེར། །གར་ཕྱིན་ལ་དད་འདུན་ཡུལ་དུ་བཟུང་། །ཙྭ་རིའི་སྒྲུབ་རྒྱགས་དྭགས་པོར་སྤྲང་། །ཕ་བླ་མ་རི་དབང་འདྲ་འདུག་སྐད། །མི་ང་ལ་ཨ་བོ་བླ་མ་ཟེར། །ཚོགས་རྫོགས་ཀྱི་གནས་ལ་ཀུན་གྱིས་བལྟས། །བྱང་ཕྱོགས་ཀྱི་ཧོར་ཡུལ་བྱང་སྡེར་ཕྱིན། །དཀོར་སྡུད་ལ་མཁས་པར་ཀུན་གྱིས་རྟོགས། །མི་ང་ལ་ཨ་བུ་བླ་མ་ཟེར། །བོད་ཡུལ་གཙང་གི་ཕྱོགས་སུ་ཕྱིན། །བླ་ཟོག་གི་ཆོས་བརྒྱད་མཁན་པོར་སེམས། །མི་ང་ལ་ཁམས་པ་སྤྲུལ་སྐུ་ཟེར། །གནས་ཆེན་གྱི་གངས་དཀར་ཏེ་སེ་མཇལ། །ཆོས་བཞིན་སྤྱོད་པའི་ཚད་མར་བལྟས། །མི་ང་ལ་ཤར་ཕྱོགས་བླ་མ་ཟེར། །ཡུལ་འཕགས་མཆོག་ལྷ་ལས་ལྷག་པའི་ས། །རྒྱ་བལ་གྱིས་བོད་ཀྱི་ཛོ་ཀི་བ། །སྔགས་སྤྱོད་ཀྱི་རྣལ་འབྱོར་གུ་རུ་ཟེར། །མང་ཡུལ་གྱི་ཀྱི་གྲོང་ལུང་པར་སླེབས། །ཡོལ་མོ་སྤྲུལ་སྐུ་འདྲ་འདུག་སྐད། །བྱ་བ་བྲལ་བའི་ཆོས་པར་མཐོང་། །མི་ང་ལ་མེ་མེ་བླ་མ་ཟེར། །ཡུལ་ནགས་ཤོད་སྟོད་ན་ཆོས་གྲྭ་བྱས། །ར་རྟར་གྱི་དགོན་པས་གཏམ་སྣ་བཙུགས། །ཏིལ་རྒན་གྱི་ཟོག་པོར་ཐག་བཅད་དེ། །མི་ང་ལ་གཡུ་རྣ་ཅན་ཞེས་ཟེར། །གནས་ཆེན་གྱི་ཕོ་བྲང་གཡུ་མཚོར་བསྒོམས། །སྟག་དྲུག་གི་བླ་མ་སྟག་ཕུ་བས། །དབུས་གཙང་གི་བཙོན་ཤོར་རེད་དོ་སྐད། །བཀའ་སྐྱོན་ཅིག་བརྒྱག་པར་ཐུགས་ཐག་བཅད། །སྤྲང་དབྱུག་གསུམ་ཡོད་པ་ལག་ནས་ཕྲོགས། །མི་ང་ལ་མཚོ་ཁ་བླ་མ་ཟེར། །ཧ་ཧ་ངེས་མེད་སྤྲང་པོ་ང་། །མནོ་བསམ་ཞིག་བཏང་དུས་ཉམས་རེ་མཚར། །རང་རྒྱུད་ལ་གཞིགས་དུས་དགོད་རེ་བྲོ། །མི་ང་རྨི་ལམ་སྣང་བའི་མི། །འདི་བྱ་དང་དེ་བྱེད་སྐྱག་གཏད་བྲལ། །འཁོར་འདས་ཀྱི་ཆོས་རྣམས་རང་སར་གྲོལ། །རེ་དོགས་དང་གཟུང་འཛིན་མདུད་པ་ཞིག །ཞེ་འདོད་དང་ཕྱོགས་འཛིན་ཆགས་སྡང་ནུབ། །ཇི་ལྟར་དུ་བྱུང་ཀྱང་བདེ་ཆེན་ཀློང་། །དུས་གསུམ་ཀུན་ཕྱམ་གདལ་བློ་འདས་ངང་། །སྣ་ཚོགས་ཀྱི་འཆར་གཞིའི་འགྲོ་བ་རྣམས། །འགག་མེད་ཀྱི་རོལ་པར་ཀུན་སྤྱོད་ལ། །སྤྲོས་བྲལ་གྱི་ཆོས་སྐུ་རང་ཞལ་ལྟོས། །ཅེས་པ་འདི་ལྷ་སྟེང་སྐུ་སྐྱེ་བློ་གྲོས་རྒྱ་མཚོས་མགུར་མ་ཅིག་དགོས་ཟེར་བ་ལ། །བདག་སྤྲང་བནྡྷེ་ཨོ་རྒྱན་རིགས་འཛིན་རྣམ་རྒྱལ་བས། ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་སྨྲས་པའོ། །ཨེ་མ་ཧོཿ རྒྱལ་བ་ཀུན་བཟང་རྡོ་རྗེ་སེམས། །པདྨ་འབྱུང་གནས་འཚོ་རྒྱལ་མ། །དྲིན་ཅན་བླ་མ་ཡི་དམ་ལྷ། །རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕྱི་ནང་གསང་བའི་བར་ཆད་སོལ། །རྒྱལ་བ་རྩ་གསུམ་ཐུགས་རྗེ་དང་། །ལྷག་པའི་ལྷ་ཡི་བདེན་པའི་མཐུས། །བདག་ནི་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་བསྟན་ལ་རབ་ཞུགས་ཏེ། །ཐོས་བསམ་བླ་མེད་མཐར་ཕྱིན་ནས། །དོན་འབྲས་བྱང་ཆུབ་མངོན་གྱུར་ཏེ། །གཞན་དོན་འཕྲིན་ལས་མཐའ་ཡས་ཀྱི། །བདག་གཞན་འཁོར་བ་དོང་སྤྲུགས་ཤོག །དེ་ལྟར་མ་གྱུར་ཚེ་རབས་སུ། །བདུད་བཞིའི་དགྲ་ལས་རབ་རྒྱལ་ཞིང་། །འཕྲིན་ལས་རྣམ་བཞི་ལྷུན་གྲུབ་སྟེ། །མཆོག་གི་དངོས་གྲུབ་འཐོབ་པར་ཤོག །ཅེས་པ་འདི་སྤྲང་པོ་རིགས་འཛིན་རྣམ་རྒྱལ་གྱིས། །ཙན་སྒོའི་སྔགས་པ་གུ་རུ་རྣམ་སྲས་ལ། །ཀ་འོག་སྔགས་པ་གླིང་དུ་སྨྲས་པའོ། །ན་མཿས་མནྟ་བྷ་ཊ་ཡེ། །ཕ་བླ་མ་ཨོ་རྒྱན་པདྨ་ལ། །བདག་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཁྱེད་དད་ལྡན་སྔགས་པ་ཚུར་གསན་དང་། །སྤྲང་པོ་མི་འདྲ་དགུ་གཟུགས་ཅིག་ཡོད། །མ་སོང་ས་ལ་གཅིག་ཀྱང་མེད། །མ་བསྡད་ས་ལ་གཉིས་ཀྱང་མེད། །ཐ་སྙད་མེད་པའི་སྤྲང་པོ་ང་། །ཆོས་བསྒྲུབས་ཀྱང་འབྲས་བུ་མ་ཐོབ་པར། །ཚེ་འདི་ཕྱོགས་ཀྱི་བྱ་བ་ཡང་མེད་པའི་ཚེ། །འདོ་མེད་ཀྱི་སྤྲང་པོ་ཉམས་རེ་མཚར། །སྔོན་ལས་ཀྱི་བག་ཆགས་དེ་ལས་མཚར། །ད་ཁྱོད་རང་གི་འདི་དོན་འདི་ན་གསལ། །ཚེ་སྔ་མའི་རིམ་པ་འདི་ལྟར་མཆིས། །སྔ་མ་བོད་ཡུལ་དབུས་ཕྱོགས་ནས། །མི་ལུས་ཚེ་འཕྲོས་འདི་རུ་འཁྱམས། །ཕྱི་མ་ཙོང་ཁའི་ཡུལ་དུ་སྐྱེ། །ལས་ཆོས་བཞིན་སྤྱོད་པའི་བསོད་ནམས་ཀྱིས། །མཐོ་རིས་ལྷ་མིའི་ཞིང་དུ་བདེ། །འོན་ཏེ་འདུས་བྱས་མི་རྟག་ཆོས། །འཆི་བའི་འཇིགས་པ་ཡང་ཡང་སོམས། །རྒྱུ་འབྲས་ལས་ཀྱི་འཇིགས་པ་ཆེ། །ཕྱི་མའི་བར་དོ་ཡ་རེ་ཆ། །སྙིང་པོ་དམ་ཆོས་རྫོགས་ཆེན་བསྒོམས་། །ལྷག་བསམ་ཏིང་འཛིན་འཁྱེར་སོ་རེམ། །ཅེས་པ་འདི་སྤྲང་བནྡྷེ་རིགས་འཛིན་རྣམ་རྒྱལ་གྱིས། །གཡག་པའི་སྔགས་པ་སངས་རྒྱས་བསྟན་འཛིན་ལ་སྨྲས་པའོ། །སྐྱབས་བླ་མ་མཆོག་ལ་གསོལ་བ་འདེབས། །སྤྲང་བནྡྷེ་བདག་ལ་བྱིན་གྱིས་རློབས། །གླུ་ཉན་འདོད་སྐལ་ལྡན་ཚུར་གསན་དང་། །ཆོས་ལྐོག་གྱུར་གྱི་མངོན་ཤེས་དཀའ་ན་ཡང་། །ཕ་པདྨའི་བྱིན་རླབས་ཐིམ་པའི་ཚེ། །སྐབས་ལ་ལར་ཉམས་ཀྱི་སྣང་བ་མང་། །འདི་བརྗོད་ཀྱང་ཉམས་མཚར་དགོད་བྲོའི་གནས། །འོན་ཀྱང་སྨྱོ་ཚིག་འདི་ལྟར་སྨྲ། །སྔ་མ་རྒྱ་བོད་འཕྲིན་པའི་ལུས། །ད་ལྟ་དལ་འབྱོར་མི་ལུས་རྙེད། །ཚེ་འདིར་ཕྱོགས་བདེ་དགའ་འབྲིང་སྟོད་ཙམ། །ལྷ་སྒྲུབས་ན་ལྷ་སྐལ་གཤིན་རྗེའི་རིགས། །ཚེ་རིང་ཐུང་འབྲིང་ནས་འཕོས་པའི་ཚེ། །རིགས་བདུན་ལྡན་མི་ལུས་ཚུལ་དང་ལྡན། །དུས་དེ་ནས་སྐྱེ་བ་བདུན་གྱི་མཐར། །ལྷོ་དཔལ་དང་ལྡན་པར་ངེས་པར་གྲོལ། །ཅེས་པ་འདི་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །ཙན་སྒོའི་སྔགས་པ་གུ་རུ་རྣམས་སྲས་ལ། །ཀ་འོག་སྔགས་པ་གླིང་དུ་སྨྲས་པའོ། །ཨོཾ་ཨཱཿཧཱུཾ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུཾ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །གླུ་ཉན་ལ་སྤྲོ་བའི་སེམས་མ་མཆིས། །འོན་ཀྱང་ཚིག་འཕྲེང་གླུ་རུ་ལེན། །གཏམ་བདེན་བརྗུན་མེད་པའི་ཆལ་ཆོལ་སྨྲ། །སྐྱེ་བ་སྔ་མའི་བསྐལ་པ་ལ། །ལུས་ཀྱི་དྲ་བ་ཤ་ཁྲག་བླངས། །མ་རིག་ལས་ཀྱི་ཕུང་པོར་བརྒྱུད། །ལུས་བླངས་ཚུལ་བརྗོད་ན་དཀའ་སྟེ་མཆིས། །ང་སྤྲང་རྒན་སྐྱེ་མཐའི་སངས་རྒྱས་ཡིན། །འབྲེལ་ཐོགས་འགྲོ་བ་བདེ་ཆེན་གནས། །ཚིག་དེ་ཙམ་སྔགས་འཆང་ཐུགས་ལ་ཞོག །ད་ཁྱེད་རང་གི་འདི་ཕྱི་གཉིས་པོ་ལ། །ལྷ་ནོར་མེད་དབང་དྲག་པདྨ་བསྒོམས། །ཚིག་ནོར་མེད་ལེ་བདུན་གསོལ་འདེབས་འབུང། །སྔགས་ནོར་མེད་བཛྲ་གྷུ་རུ་བགྲོངས། །ཚེ་སྔ་མའི་སྦྱངས་པ་ཆལ་ཆོལ་ཏེ། །ཡུལ་གཙང་སྟོད་ཀྱི་རྣལ་འབྱོར་རི་ཁྲོད་པ། །ད་འཕོས་པའི་འོག་ཏུ་རྒྱ་ནག་ཡུལ། །རིགས་ཆོས་ལྡན་གྱི་བུ་གཅིག་ངེས་པར་མཆིས། །སྐྱེ་འཕྲེང་འགའ་དང་འགའ་བརྒྱུད་ནས། །ཡུལ་མདོ་ཁམས་སུ་རྣལ་འབྱོར་ཞིག་ཏུ་སྐྱེ། །དེས་གྲོལ་བའི་ལམ་ལ་བྱང་ཆུབ་འཐོབ། །ཧ་ཧཱ། ཅེས་པ་འདི་ཀ་འོག་སྔགས་པ་གླིང་དུ་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །གཡག་པའི་སྔགས་པ་གསང་སྔགས་བསྟན་འཛིན་ལ་སྨྲས་པའོ། །ཕ་བླ་མ་ཨོ་རྒྱན་པདྨ་ལ། །བདག་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཁྱོད་ཉོན་དང་དད་ལྡན་རིགས་ཀྱི་བུ། །གླུ་ཚིག་ལ་ཉོན་དང་འདི་ལྟར་མཆིས། །ང་འཁོར་བ་ཐོག་མ་མེད་པ་ནས། །འཁྲུལ་པས་གཡེངས་ཤིང་འཁོར་བར་འཁྱམས། །ང་རང་རིག་སྐྱེ་བ་མེད་པ་འདི། །ཨོ་རྒྱན་པདྨས་ངོས་སྤྲོད་མཛད། །མི་ལུས་ཐོབ་པ་དོན་དང་ལྡན། །དུས་ད་རེས་མི་ལུས་རིན་ཆེན་འདི། །དོན་དང་ལྡན་པས་དངོས་གྲུབ་ཐོབ། །མི་ང་དང་པདྨ་དབྱེར་མེད་ཚེ། །ཁྱོད་འགྲོ་དྲུག་གི་སྐྱེ་འགྲོ་མ་ལུས་པས། །སྨོན་ལམ་ཞིག་ཐོབ་དང་འགྲུབ་པར་མཆིས། །མོས་གུས་ཤིག་གྱིས་དང་འཚེངས་ཏེ་ཡོང་། །འབྲེལ་པ་ཅིག་ཐོགས་དང་དོན་དང་ལྡན། །སྐྱེ་མཐའི་སངས་རྒྱས་སྤྲང་པོ་མཚར། །ཧ་ཧཱ། ད་སྐྱེ་བ་འདི་ཡི་སྔོན་མང་གོང་། །སྨོན་ལམ་དབང་གིས་ལུས་བླངས་པས། །ཡུལ་མཐའ་འཁོབ་རྒྱ་སྟོན་གྱི་ལུང་པར་སྐྱེས། །མིང་ནག་པོ་ཐོག་འཕེན་ཞེས་བྱར་གྲགས། །ས་སྲིང་མོ་རྫོང་གི་གནས་ལ་ཕྱིན། །ཁོ་སྣང་སྲིད་ལྷ་འདྲེས་དམ་དུ་བསྡོས། །ང་འཇིགས་མེད་ལྟ་བའི་གདེངས་ཐོབ་ཚེ། །ཐོགས་མེད་ཀྱི་དངོས་གྲུབ་དུས་དེར་བརྙེས། །དེ་ནས་དག་པའི་ཞིང་མང་ཉུལ། །ང་ད་ལྟ་འོད་གསལ་སྒྱུ་མའི་ལུས། །མིང་བརྗོད་ན་ཁམས་ཞིག་ཉི་མ་གྲགས། །ཕ་རིགས་འཛིན་པདྨའི་བྱིན་རླབས་ཐོབ། །ཁྱོད་འཁོར་གྲོགས་ཀྱི་བཙུན་པ་དངོས་གྲུབ་པ། །ཐ་མལ་གྱི་སྤྱོད་ངན་མ་བྱེད་དང་། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ལྷ་དག་པའི་ཞིང་དུ་འཇལ་ཏེ་ཡོང་། །ཅེས་པ་འདི་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །བདུད་འདུལ་སྔགས་པ་གླིང་དུ་ཡུལ་རྡོ་བའི་གྲྭ་བཙུན་དངོས་གྲུབ་རྒྱ་མཚོ་ལ་སྨྲས་པའོ། །ན་མོ་གྷུ་རུ་ཡེ། །ལས་འཕྲོ་དག་པས་ཨོ་རྒྱན་ཟབ་གཏེར་ཐོན། །སྨོན་ལམ་དབང་གིས་སྐྱེ་འགྲོ་སྨིན་གྲོལ་བཀོད། །ཉི་མ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །ཞེས་སྨྲས་སོ། །ན་མོ་མ་ཧཱ་གྷུ་རུ་ཡེ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །འགྲོ་བའི་མགོན་པོ་པདྨ་རྒྱལ། །སངས་རྒྱས་གཉིས་པ་ལ་ཕྱག་འཚལ། །ཀྱེ་ཧོ་ཐོག་མ་མེད་པ་ནས། །ཆོས་དབྱིངས་ཡེ་ཤེས་རང་བཞིན་མཆོག །རྒྱུ་རྐྱེན་མཚན་མའི་ལམ་ལ་གོལ། །བག་ཆགས་སྒྲིབ་པའི་རླུང་གིས་སྐྱོད། །རིགས་དྲུག་འཁོར་བའི་དུཿཁ་བརྒྱུད། །ཤ་ཁྲག་དྲ་བའི་ལུས་མང་བླངས། །སྡུག་བསྔལ་མང་ལྡན་སྲིད་པར་འཁྱམས། །ད་རེས་ལུས་འདི་ཆོས་ཀྱི་དྲིན། །སྔ་མ་ཤར་ཕྱོགས་རྒྱལ་མོ་རོང་། །ཁྱིམ་ཆེན་ཞིག་གི་བུད་མེད་ལུས། །འབྲེལ་པ་ལྷ་དང་བླ་མར་བཏགས། །བསོད་ནམས་མཐུ་ཡིས་མི་ལུས་རྙེད། །དུས་ད་རེས་འབུངས་གསུམ་ཆོས་ལ་ཐོན། །ཚེ་རྟག་འཛིན་གྱི་ངེས་པ་མ་མཆིས་པས། །ལྷ་བསྒོམ་དང་བསྙེན་སྒྲུབ་བཙོན་འགྲུས་བསྐྱེད། །ཚེ་རབས་ཀྱི་ལྷ་སྐལ་པདྨ་དབང་། །རིགས་བདག་ཏུ་འདུག་པས་ཐུགས་ལ་ཞོག །བསགས་པ་དང་ལོངས་སྤྱོད་འབྲིང་དུ་མཆིས། །ཆོག་ཤེས་རང་གྱིས་ལ་དགེ་ལ་འབུངས། །ལེ་ལོའི་བར་ཆད་བདུད་ལ་འཛེམས། །རྣམ་གཡེང་གི་འཁྲུལ་འཁོར་ཞོག་མཛོད་ལགས། །ལས་ཐམས་ཅད་མི་རྟག་རྨི་ལམ་འདྲ། །ཆོས་ཐམས་ཅད་སྐྱེ་མེད་རང་གསལ་སྟོང་། །དོན་རང་རིག་བྱང་ཆུབ་སེམས་ཉིད་འདི། །དཔེ་མཚོན་བརྗོད་མེད་པའི་ནམ་མཁའ་འདྲ། །འདི་སྟོང་ཉིད་བདག་མེད་དེ་བཞིན་ཉིད། །ཚིག་མཚོན་བརྗོད་བྱས་པས་མི་རྟོགས་ཀྱང་། །དོན་རང་རིག་ཡེ་ཤེས་རང་སར་གསལ། །ཁོ་བལྟས་པས་མཐོང་མེད་སྟོང་ངེ་བ། །དེ་བསྒོམས་པས་བློ་འདས་ཡེ་རེ་བ། །བློ་སྣང་སེམས་བག་ཆགས་སྤྲིན་དང་འདྲ། །ཀ་དག་པའི་སེམས་ཉིད་ནམ་མཁའ་འདྲ། །ཚུལ་རང་མདངས་ཀྱི་འཆར་སྒོ་ཉི་ཟླ་འདྲ། །དཔེ་ཚུལ་མཚོན་གྱི་རང་སེམས་གཏན་ལ་ཕོབ། །འདི་ཞལ་གདམས་ཡིན་པས་སྙིང་ལ་ཞོག །ཚེ་འཕོས་དུས་མདོ་ཁམས་སུ་རྟོག་ལྡན་ལུས། །ཅེས་པ་འདི་བདག་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །ཅི་རོང་གི་སྔགས་པ་ལྷུན་གྲུབ་རིན་ཆེན་ལ་སྨྲས་པའོ། །ཨོཾ་ཨཱཿཧཱུཾ་བཛྲ་གྷུ་ར་པདྨ་སིདྡྷི་ཧཱུཾ། །ཀུན་བཟང་རྡོར་སེམས་རིགས་འཛིན་པདྨ་འབྱུང་། །ཇོ་མོ་མཚོ་རྒྱལ་རྩ་བའི་བླ་མ་སོགས། །རྩ་གསུམ་ལྷ་ཚོགས་བསྲུང་མ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བདག་ནི་ཚེ་འདིའི་བྱ་བ་རབ་སྤངས་ནས། །ཉིན་མཚན་ཆོས་ཀྱིས་འདའ་བར་བྱིན་གྱིས་རློབས། །ནོར་རྫས་འཁོར་གཡོག་ཉེ་འབྲེལ་ཆོས་ཀྱི་བདུད། །བྱང་ཆུབ་བསྒྲུབ་ལ་འགལ་བྱེད་གྱུར་པ་རྣམས། །ཁ་ཟས་དུག་འདྲེས་བཞིན་དུ་སྤོང་བར་ཤོག །གངས་དང་ནགས་ཁྲོད་གཡའ་ལེབ་རྡོ་སྤྱིལ་ཕུག །བསམ་གཏན་བསྒོམ་ལ་འཚེ་བ་མེད་པའི་སར། །རི་དྭགས་རྨས་མ་བཞིན་དུ་གཅིག་པུ་རུ། །འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པར་ཤོག །རིག་དང་མངོན་ཤེས་ཏིང་འཛིན་ཉམས་རྟོགས་ཀྱིས། །ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང་། །བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་གསང་སྔགས་རྡོ་རྗེ་ལའོ། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །གླུ་ཉན་འདོད་སྐལ་ལྡན་ཚུར་ཉོན་དང་། །ང་མེད་ང་རུ་བཏགས་པ་འདི་། །ང་བདག་གི་གཟུང་འཛིན་དགྲ་བོ་ཆེ། །མ་རིག་གི་ལས་ལ་སྤྱོད་དུས་ནས། །འཁོར་བ་རུ་འཁྱམས་པ་ཡ་རེ་ཆ། །འཁོར་བ་འདི་སྡུག་བསྔལ་གྲོང་ཁྱེར་ཏེ། །བསམ་བཞིན་དུ་མི་ཚེ་དོན་མེད་འཁྲུལ། །འཁྲུལ་སྣང་གི་ལས་ལ་ཟད་མཐའ་མེད། །དོན་མེད་ཀྱི་ལས་འདི་སྡུག་བསྔལ་རྒྱུ། །དུས་ད་རེས་སྤོངས་ཤིག་རིགས་ཀྱི་བུ། །མི་ཚེ་སྐད་ཅིག་ཡུད་ཙམ་ལ། །ཡུན་རིང་གི་རྟག་འཛིན་མ་བྱེད་པར། །འཆི་བ་ཡི་འདུན་གྲོས་སྙིང་ལ་ཐོབ། །ཚེ་ལོང་མེད་ཀྱི་བསམ་པ་དང་དུ་ལོང་། །ཡུལ་གཞིས་ལོངས་སྤྱོད་གཉན་གྲོགས་དགྲ། །ཚོང་འདུས་ཀྱི་འགྲོན་བཞིན་རྟག་འཛིན་མེད། །ཕོ་འདོ་ཡོད་ཀྱི་བསགས་པ་ཆོས་ལ་མཛོད། །ལུས་རྣམས་སྨིན་གྱི་ཕུང་པོ་རོ་ལ་འཇོག །ཚེ་ཕྱི་མའི་འདུན་གྲོས་ཐོག་ལ་འབབ། །ལས་དཀར་ནག་གི་རླུང་གིས་དབང་མེད་འདེད། །དུས་དེ་ཙ་ན་ཕན་སྐྱོབ་དམ་པའི་ཆོས། །ཡང་སྙིང་གི་གསང་སྔགས་རྡོ་རྗེ་ཐེག །ལུས་བསྐྱེད་རིམ་གྱི་ཏིང་འཛིན་སྣང་སྟོང་སྐུ། །ངག་སྙིང་པོའི་བཟླས་པ་རྡོ་རྗེའི་གསུང་། །སེམས་མི་རྟོག་ཏིང་འཛིན་རྫོགས་པ་ཆེ། །གནད་སྒོ་གསུམ་ཐ་མལ་གྱི་དབང་མ་གཏོང་། །དོན་སྐུ་གསུམ་གྱི་འབྲས་བུ་མངོན་གྱུར་ཚོ། །དཔལ་སངས་རྒྱས་ཀྱི་གོ་འཕང་རང་ལ་རྙེད། །དུས་དེ་ཙ་ན་བདག་གཞན་དོན་གཉིས་འགྲུབ། །ཅེས་པ་འདི་བདག་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །ཡུལ་ཀ་འོག་པའི་གཡག་པའི་སྔགས་པ་གསང་སྔགས་རྡོ་རྗེ་ལ་སྨྲས་པའོ། །ན་མོཿ དཀའ་བ་དཔག་མེད་ཚེ་རབས་སྔོན་ནས་སྤྱད། །ཁ་དོག་མདངས་ལྡན་དལ་འབྱོར་མི་ལུས་ཐོབ། །ག་རེ་ད་རེས་བྱང་ཆུབ་མ་འགྲུབ་ན། །ང་ཡི་གཏན་གྱི་འདུན་མ་ངེས་པར་འཆུག །ཅ་ཅོའི་ངང་ལ་མི་ཚེ་ངེས་པར་མཛད། །ཆ་མེད་གཅིག་ལ་གཤིན་རྗེའི་ལྕགས་ཀྱུས་འཛིན། །ཇ་ཆང་བཟའ་བཏུང་ཟ་འཕྲོ་ལས་འཕྲོར་བསྐྱུར། །ཉ་མོ་བྱེ་ཚན་བཏོན་ལྟར་འཆི་བའི་ཚེ། །ལྟ་སྒོམ་བྱས་ལོ་ཐོས་ལོས་གྲོལ་བར་དཀའ། །ཐ་མལ་འགྲོ་བ་དེ་དུས་འགྱོད་ཀྱང་འཕྱིས། །ད་ལྟ་རང་དབང་ཡོད་ཚེ་འགྱོད་མེད་མཛོད། །ན་རྒས་སྐྱེ་འཆི་འཁོར་བའི་སྡུག་བསྔལ་བཞིར། །པ་དཔའ་ཅི་ལྟར་བྱས་ཀྱང་བཟོད་པར་དཀའ། །ཕ་ཚན་ཁས་གྲགས་དཔུང་གིས་ཟློག་ཐབས་མེད། །བ་ལང་རྟ་མཆོག་ནོར་གྱི་བསླུས་ས་མེད། །མ་ལྟར་བརྩེ་སེམས་ལྡན་ཡང་བཤོལ་ཐབས་མེད། །རྩ་འཆད་དབུགས་འགགས་ཕུང་པོ་རོ་ལ་བསྐྱུར། །ཚ་གྲང་དམྱལ་བའི་འཇིག་རྟེན་སྙོགས་པའི་ཚེ། །ཛཿབྷྱོ་ཧཱུྃ་ཕཊ་རྒྱོབ་གསོད་སྒྲ་དང་བཅས། །ཝ་མོ་གལ་ལ་ཚུད་ལྟར་དམྱལ་བར་ལྷུང་། །ཞུ་ས་བཤགས་ཐབས་བྱེད་ས་ཐམས་ཅད་ཟད། །ཟ་གསོད་ཕོ་ཉ་ལས་མཁན་གདོང་རེ་དྲག །འ་ཡ་ལས་དབང་དྲག་པོའི་མནར་དུས་ཀྱི་རེ་བུང་། །ཡ་རེ་ཆའོ་སྡུག་བསྔལ་སུ་ཡིས་ཁྱག །རང་གིས་བྱས་པ་ཐམས་ཅད་རང་ལ་སྨིན། །ལ་ཡོགས་རྣམ་སྨིན་སུ་ལའང་འགེལ་དུ་མེད། །ཤ་ཁྲག་ལུས་ལེན་རིགས་དྲུག་མངལ་སྒོ་འགྲིམ། །ས་ཚུགས་མེད་པར་ལས་ངན་རླུང་གིས་འདེད། །ཧ་ལོག་དོན་མགོ་ཆུང་ཀྱང་འདི་ཕྱི་བརྗེས། །ཨ་ཨ་མགོ་ནག་སྐྱེ་འགྲོ་མ་འཁྲུལ་ཞིག །ཅེས་པ་འདི་ཡུལ་ཀ་འོག་པའི་སྔགས་པ། གྷུ་རུ་རྣམ་རྒྱལ་གྱིས། །མགུར་མ་ཞིག་དགོས་ཟེར་བ་ལ། །བདག་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་བྷྱཿ ལྷ་ཕྱོགས་དུས་རྒྱལ་བ་བཅོམ་ལྡན་འདས། །དཔལ་དུས་གསུམ་སངས་རྒྱས་མི་གཟུགས་འཛིན། །ཕ་མཚན་ལྡན་བླ་མ་ཆོས་ཀྱི་རྗེ། །རྗེ་སྐུ་དྲིན་ཅན་ལ་གསོལ་བ་འདེབས། །སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཆུང་ནས་འདྲིས་པའི་མཆེད་གྲོགས་པ། །ཡུན་དུ་འགྲོགས་པའི་རྡོ་རྗེ་སྤུན། །བརྩོན་འགྲུས་རྒྱ་མཚོ་ཚུར་གསོན་དང་། །གནས་འཁོར་བ་འདི་ཐོག་མ་མེད་པ་ནས། །དུས་ཐ་མ་ཡང་མེད་པར་ཕ་མཐའ་ཡས། །བློས་གཏིང་དཔག་དཀའ་ཞིང་བརྗོད་ལས་འདས། །སྡུག་བསྔལ་གྱི་གྲོང་ཁྱེར་འགྲོ་དྲུག་པོ། །རང་བྱས་ལས་ཀྱིས་རང་གཟུགས་སྟོན། །རྒྱུ་འབྲས་ཀྱི་ནམ་ཡང་སྟོང་མཐའ་མེད། །ཐོག་མེད་ནས་འཁྱམས་ཤིང་མཐའ་མེད་འཁྲུལ། །སྐྱེ་འཆིའི་ཁ་ལོའི་བརྒྱུད་གྲངས་མང་། །འདུས་བྱས་ཀྱི་རང་མཚང་སྟོན་གྲངས་མང་། །ཀྱེ་མ་ཧོཿ སྒྱུ་མའི་འགྲོན་ཁང་ཆུ་བུར་གཟུགས། །དལ་འབྱོར་གྱི་མི་ལུས་ཆོས་ཀྱི་རྟེན། །ཐོག་མེད་ནས་བསགས་པའི་བསོད་ནམས་མཐུས། །ཆོས་བྱེད་ཀྱི་རྟེན་མཆོག་འདི་རྙེད་ཚེ། །རྣམ་གཡེང་དང་འཁྲུལ་སྣང་བག་ཆགས་སོགས། །ངང་རིང་དང་ཕྱི་བཤོལ་སྙོམས་ལས་ཀྱི། །འཁྲུལ་སྣང་དུ་མི་ཚེ་མ་ཟད་པར། །ལོང་མེད་ཀྱི་འཆི་བ་སྙིང་ནས་བསོམས། །ངེས་འབྱུང་དང་སྐྱོ་ཤས་ཀྱི་ཉམས་རྟོགས་སྤེལ། །དད་པ་དང་དག་སྣང་མོས་གུས་བསྐྱེད། །བརྩོན་འགྲུས་དང་ཞེ་བཅད་སྡུག་བསྲན་འབུངས། །དཀའ་ཐུབ་དང་བཅུད་ལེན་གསང་ལ་གཅུན། །ཆགས་མེད་ཀྱི་ངང་ནས་རི་ཁྲོད་འགྲིམ། །ཞེན་མེད་ཀྱི་ངང་ནས་གྲུབ་མཐའ་སྐྱུངས། །རྟོག་མེད་ཀྱི་ངང་ནས་རང་སེམས་ལྟོས། །གཞི་མེད་ཀྱི་ངང་ནས་གནས་ལུགས་སྐྱོངས། །ཐོབ་མེད་ཀྱི་ངང་ནས་རེ་དོགས་ཕྲོལ། །ཨེ་མ་ཧོཿ འཁོར་འདས་ཀུན་བརྗོད་མེད་ཀ་ནས་དག །གནས་ལུགས་ཀྱི་ངོ་བོ་སྤྲོས་དང་བྲལ། །རེ་དོགས་ཀྱི་མ་རིག་དབྱིངས་སུ་ཟད། །ད་ལྟ་རང་གདོད་མའི་ཆོས་ཀྱི་སྐུ། །རང་ངོ་རུ་རང་གསལ་རང་ཞལ་མཇལ། །གཞན་ཞིག་ནས་མ་འོངས་རང་བྱུང་གནས། །ལྷུན་གྲུབ་ཀྱི་རང་བྱུང་རྫོགས་སངས་རྒྱས། །ཅེས་པ་འདི་བརྩོན་འགྲུས་རྒྱ་མཚོས་མགུར་མ་ཞིག་དགོས་ཟེར་བ་ལ། །བདག་སྤྲང་པོ་རིགས་འཛིན་རྣམ་རྒྱལ་གྱིས། །ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་སྨྲས་པའོ། །ཡ་མཚན་མཆོག་གྱུར་པདྨ་གེ་སར་ལས། །ངོ་མཚར་རྨད་བྱུང་མཚན་མཆོག་བརྒྱད་དང་ལྡན། །བསྟན་འགྲོ་ཀུན་གྱི་བདེ་ལེགས་འབྱུང་བའི་གནས། །ཨོ་རྒྱན་སློབ་དཔོན་པདྨ་ཀཱ་ར་ལ། །མི་ཕྱེད་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ལ་མོས་ཤིང་དད་པའི་བུ། །ཡུན་དུ་འདྲིས་པའི་ལྷ་དར་ཚུར་གསོན་དང་། །གདོད་ནས་དག་པའི་རང་བྱུང་ཡེ་ཤེས་དེ། །ཡེ་ནས་འདུ་འབྲལ་མེད་ཀྱང་ཞལ་མ་མཇལ། །གསལ་རིག་རྒྱུན་ཆད་མེད་ཀྱང་ངོ་མ་ཤེས། །ཁམས་གསུམ་རིགས་དྲུག་འགྲོ་བ་འདིར་འཁྱམས་ཤིང་། །ལས་དང་ཉོན་མོངས་སྡུག་བསྔལ་བཙོན་དུ་ཆུད། །རང་བྱས་ལས་ཀྱིས་རང་ཉིད་ཡང་ཡང་མནར། །རེས་ཙ་ལྷར་སྐྱེས་འཆི་འཕོ་ལྷུང་བའི་སྡུག །རེས་ཙ་ལྷ་མིན་ལུས་བླངས་འཐབ་རྩོད་སྡུག །རེས་འགའ་ཡི་དྭགས་ལུས་ལ་བཀྲེས་སྐོམ་མྱོང་། །རེས་འགའ་དུད་འགྲོ་གླེན་ལྐུགས་སྡུག་བསྔལ་སྤྱོད། །རེས་འགའ་ཚ་གྲང་དམྱལ་བའི་བཙོ་བསྲེག་མནར། །རེས་འགའ་མི་ལུས་སྐྱེ་རྒ་ན་འཆིའི་སྡུག །རི གས་དྲུག་འཁོར་གནས་ཟོ་ཆུའི་འཁྱུད་མོ་ལྟར། །གཅིག་ནས་གཅིག་ཏུ་ཕ་མཐའ་ཡས་འདི་ལས། །སྔོན་བསགས་བསྐལ་མང་བསོད་ནམས་མཐུས་བསྐུལ་བའི། །མི་ལུས་རྙེད་ཚེ་ད་ལྟ་མ་སྒྲོལ་ན། །ཕྱིས་ནས་བདེ་འགྲོའི་སྒྲ་ཡང་ཐོས་དཀའ་ཞིང་། །མཐོ་རིས་ཐར་པ་ཐོབ་པ་ཉིན་སྐར་ཙམ། །རང་དབང་ཡོད་པ་ད་ལན་ཙམ་ཡིན་པས། །སྙིང་ནས་བརྩོན་ཏེ་དམ་པའི་ལྷ་ཆོས་རན། །ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་མ་ལུས་པ། །ཐམས་ཅད་མི་རྟག་འདུས་བྱས་འཇིགས་པའི་ཆོས། །སྒྱུ་ལུས་འགྲོན་ཁང་ཆུ་བུར་འདྲ་འདི་ཡང་། །ཡུན་དུ་མི་གནས་མྱུར་དུ་འཇིགས་པའི་ཆོས། །ནད་གདོན་བགེགས་དང་བར་ཆད་ཉེར་འཚེ་མང་། །རང་དབང་མེད་པར་གཤིན་རྗེའི་གྲོགས་དང་འགྲོགས། །ཡ་ང་འཇིགས་ཆེན་བར་དོའི་འཕྲང་ལ་འགྲིམ། །སྡུག་བསྔལ་མི་བཟོད་མང་པོས་ཤིན་ཏུ་མནར། །ལས་ཀྱི་དབང་གིས་ནམ་ཡང་སྟོངས་མཐའ་མེད། །དགེ་སྡིག་རང་གཟུགས་སྟོན་པའི་དམྱལ་ཁམས་དེར། །ཆོས་ཀྱི་རྒྱལ་པོ་བྲན་གཡོག་འབུམ་འབུམ་གྱི། །དཀར་ནག་རྗེས་གཅོད་རྣམ་སྨིན་ཐོག་ཏུ་འབབ། །ཀྱེ་མ་མི་ལུས་ཐོབ་པའི་འགྲོ་བ་ཚོ། །ཚེ་འདི་སྐད་ཅིག་ཡུད་ཙམ་སྣང་བ་ལ། །ཡུན་རིང་རྟག་པར་གཟུང་ཞིང་སྡིག་ལ་སྤྱོད། །དོན་མེད་ལས་ལ་མི་ཚེ་སྟོང་པར་ཟད། །སྡིག་སྒྲིབ་ཉེས་ལྟུང་སྙིང་པོའི་ནོར་དུ་བསགས། །འཇིགས་རྟེན་ཕ་རོལ་འཁྱམས་དུས་མི་འགྱོད་དམ། །དེ ས་ན་ད་ལྟ་རང་དབང་ཡོད་དུས་འདིར། །ཁ་འོག་ལག་ཆུག་འདུན་པ་སྙིང་ལ་དྲིལ། །ཚེ་འདིའི་སྣང་བས་ཕྱི་མ་བཤོལ་ཐག་རིང་། །རྣམ་གཡེང་བག་ཆགས་ལེ་ལོ་རྒྱང་དུ་བོར། །མི་ཆོས་ཆགས་སྡང་བྱ་བ་ངང་གིས་སྐྱུར། །ལྟོ་གོས་གཏམ་ལ་གྱི་ན་ལྷག་སྐྱོབ་མཛོད། །སླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་ཡུལ་མཛོད། །དགེ་སྡིག་ལས་ཀྱི་ཆོས་ལ་འདོར་ལེན་མཛོད། །འགྲོ་དྲུག་སེམས་ཅན་ཀུན་ལ་སེམས་བསྐྱེད་འབུངས། །ཆོས་ཀྱི་རྩ་བ་དད་པ་གཏིང་ནས་བསྐྱེད། །བྱིན་རླབས་རྩ་བ་གསོལ་བ་སྙིང་ནས་ཐོབ། །དངོས་གྲུབ་རྩ་བ་བརྩོན་འགྲུས་ཞེ་བཅད་ཐོང་། །མོས་གུས་རྩ་བ་དག་སྣང་ཕྱོགས་མེད་གྱིས། །འཁྲུལ་བའི་རྩ་བ་ཚེ་འདིའི་འབྲེལ་ཐག་ཆོད། །དེ་ཡང་ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ། །སྲིད་ཞི་འཁོར་འདས་ཀུན་གྱི་བྱེད་པ་པོ། །བདེ་སྡུག་ཚ་གྲང་བཀྲེས་སྐོམ་མྱོང་བའི་ཡུལ། །དཀར་ནག་ལས་ཀྱི་ས་བོན་སྨིན་པའི་ཡུལ། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་འཆད་པའི་གཞི། །ཀུན་བྱེད་རྒྱལ་པོ་རང་གི་སེམས་ཡིན་ཅིང་། །སེམས་ལས་མ་བྱུང་ཆོས་གཞན་ལོགས་ན་མེད། །སེམས་ཀྱི་མ་བྱས་འགྲོ་དྲུག་གར་མ་གྲུབ། །སེམས་ཉིད་རྟོགས་ནས་སངས་རྒྱས་གཞན་མ་ཚོལ། །འདི་ནི་སྙིང་པོ་བླ་མེད་བདེ་བར་གཤེགས། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཨེ་མ་ཧོ། །འདི་དོན་རྟོགས་པར་འདོད་པའི་གང་ཟག་གིས། །དབེན་པའི་རི་ལ་རྣམ་སྣང་ཆོས་བདུན་བཅའ། །རྩ་བའི་བླ་མ་སྤྱི་བོའི་གཙུག་ཏུ་བསྒོམས། །སེམས་ཉིད་རྟོགས་པའི་གསོལ་བ་སྙིང་ནས་འདེབས། །ཐུགས་ཡིད་དབྱེར་མེད་བསྲེ་ཞིང་མཉམ་པར་གཞག །དེ་ནས་རང་གིས་རང་ལ་ལེགས་པར་བལྟ། །ཡང་བལྟ་ཡང་བལྟ་མ་ཡེངས་རྩེ་གཅིག་བལྟ། །ཅི་ལྟར་བལྟས་ཀྱང་རང་བྱུང་ངོ་བོ་དེ། །མཐོང་དུ་མེད་ལ་སྟོང་ཉིད་ཕྱ་ལེ་བ། །གཅིག་ཏུ་མ་ཡིན་དུ་མ་འཕྲོ་བའི་ཡུལ། །དུ་མ་མ་ཡིན་ཐེག་ལེ་གཅིག་ལ་རྫོགས། །རྒྱ་ཆེ་སྟོང་གསུམ་ནམ་མཁའི་ཁམས་དང་མཉམ། །བཀོད་ལེགས་མཐའ་དང་དབུས་མེད་ཕྱི་ནང་བྲལ། །ཐོག་མར་མ་སྐྱེས་སྐྱེ་བ་གདོད་ནས་དག །ཐར་མར་མི་འགག་ཀུན་བཟང་ནམ་མཁའི་ངོས། །ད་ལྟ་རང་རིག་ཡེ་ཤེས་ས་ལེ་བ། །འདི་ནི་མ་མཐོང་མཐོང་བ་དོན་གྱི་མཆོག །ཡང་དག་མཐོང་མེད་རྩེ་གཅིག་སྤྲོས་དང་བྲལ། །གདོད་ནས་དག་པའི་སེམས་ཉིད་ཞེས་ཀྱང་ཟེར། །ངོ་བོ་ཉིད་ཀྱི་གནས་ཚུལ་ཞེས་ཀྱང་ཟེར། །ཆོས་ཀྱི་དབྱིངས་ཀྱི་འཆར་སྒོ་ཞེས་ཀྱང་ཟེར། །སྟོང་ཉིད་བློ་འདས་ལྟ་བ་ཞེས་ཀྱང་ཟེར། །ཕྱོགས་ལྷུང་མེད་པའི་འབྲས་བུ་ཞེས་ཀྱང་ཟེར། །རང་བྱུང་ཐིག་ལེ་ཉག་ཅིག་ཞེས་ཀྱང་ཟེར། །སྣ་ཚོགས་ཀུན་གཞི་རང་གྲོལ་ཞེས་ཀྱང་ཟེར། །མི་གནས་མྱ་ངན་འདས་པ་ཞེས་ཀྱང་ཟེར། །རང་ངོ་རང་གིས་མཐོང་བ་ཞེས་ཀྱང་ཟེར། །མ་རིག་ཟད་པའི་རང་བྱུང་ཡེ་ཤེས་འདི། །དག་པ་རང་གྲོལ་ཀ་ནས་ངོ་བོས་དག །དག་དང་མ་དག་སྒྲིབ་པ་དབྱིངས་སུ་ཟད། །ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་མཚན་དུ་གྲགས། །དགེ་སྡིག་ཡུལ་མེད་མེ་ལོང་ཡེ་ཤེས་ཏེ། །སྣ་ཚོགས་གཅིག་འདུས་མཉམ་ཉིད་ཡེ་ཤེས་མཆོག །གཅིག་ཤེས་ཀུན་གྲོལ་སོར་རྟོགས་ཡེ་ཤེས་ཏེ། །སྣ་ཚོགས་ཕྱམ་གཅིག་བྱ་གྲུབ་ཡེ་ཤེས་སྐུ། །ངོ་བོ་སྟོང་པ་ཆོས་སྐུ་བླ་ན་མེད། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པ་སྟེ། །འགག་མེད་ཅི་ཡང་འཆར་བས་སྤྲུལཔའི་སྐུ། །འདི་ཉིད་རྟོགས་དང་མ་རྟོགས་ཕྱོགས་ཙམ་རྟོགས། །ཐེག་པ་སྣ་ཚོགས་འཆར་སྒོ་སྣ་ཚོགས་ཀྱང་། །ཤར་ལྷོ་ནུབ་བྱང་ནམ་མཁའི་མིང་བཏགས་བཞིན། །རིས་མེད་ནམ་མཁའི་ཀློང་དུ་ཆ་ཤས་མེད། །ཡེ་ནས་དག་པ་ངོ་བོ་ཉིད་ཀྱི་སྟོང་། །གདོད་ནས་དག་པ་བློ་ལས་འདས་པ་ཉིད། །ནང་ན་མེད་ཅིང་ཕྱི་རོལ་དག་ནའང་མེད། །མཐའ་ན་མེད་ཅིང་དབུས་ན་གནས་པ་མིན། །གཟུགས་དང་ཁ་དོག་སྐྱེ་མཆེད་ཡུལ་ལས་འདས། །དམིགས་སུ་མེད་དོ་རིས་སུ་གྲུབ་པ་མེད། །བསྒོམ་དུ་མེད་དེ་འདུ་འབྲལ་སྐད་ཅིག་མེད། །ཡེངས་སུ་མེད་དོ་གསལ་རིག་རྒྱུན་ཆད་མེད། །འདི་ཉིད་ཡང་དག་རྟོགས་པ་ལྟ་བའི་མཆོག །དེ་ཉིད་ངང་ལས་མ་གཡོས་སྒོམ་པ་སྟེ། །བླང་དོར་དགག་སྒྲུབ་མེད་ན་སྤྱོད་པ་ཞེས། །རེ་དོགས་དབྱིངས་སུ་ཡལ་དུས་འབྲས་བུ་ཐོབ། །དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ། །ཚེ་འདི་ཉིད་ལ་བཙན་ས་འཛིན་རེ་རན། །འདོ་མེད་སྤྲང་བན་འཕོ་ལུང་སྐུ་སྐྱེ་ཡི། །ངེས་མེད་ཅ་ཅོའི་སྨྲ་བ་རིས་སུ་བཏབས། །ཆགས་རུ་ཕུག་ནག་བསམ་གཏན་ཁང་བུ་རུ། །ཐུན་སྐབས་ཤིག་ལ་བྲིས་པ་དགེ་ལེགས་འཕེལ། །ཅེས་པ་འདི་བདག་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །རག་ཤིའི་དཔོན་ཆེན་ལྷ་དར་པ། །སེམས་སྐྱོང་བྲན་ལ་ཆེར་བརྩོན་པ་ཞིག་འདུག་ཚེ། །ཉམས་བསྡུར་དུ་སྨྲས་པའོ། །ན་མོ་མ་ཧཱ་གྷུ་རུ་ཡེ། །སྐྱབས་བླ་མ་མཆོག་ལ་གསོལ་བ་འདེབས། །ཕ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས། །ང་སྐྱེ་བ་སྔོན་གྱི་སྨོན་ལམ་གྱི། །གནས་སྲིང་མོ་རྫོང་ན་ཁྲིད་པའི་ཚེ། །ཡུལ་ཕྱོགས་མཐའ་འཁོབ་མུན་པའི་གླིང་། །ཁམས་མིན་དབུས་མིན་གཅོང་རོང་ཟབ། །བསྟན་པ་ཆགས་དང་དེ་རིང་ཕན། །གང་ཟག་གཅིག་ཙམ་མ་བྱོན་ཞིང་། །མདོ་སྔགས་དམ་ཆོས་དར་ན་ཡང་། །དངོས་གྲུབ་ཐོབ་པ་མི་གཅིག་མེད། །མཐའ་འཁོབ་ལས་ཀྱང་ཡང་འཁོབ་འདིར། །ཨོ་རྒྱན་སངས་རྒྱས་གཉིས་པ་དེས། །ལས་ངན་འགྲོ་བའི་དོན་དགོངས་ཏེ། །གནས་མཆོག་སྲིང་མོ་རྫོང་གསུམ་ལ། །དགོངས་པ་གཏད་ནས་བྱིན་གྱིས་རླབས། །ཆོས་ཀྱི་གཏེར་ཁ་མང་དུ་སྦས། །འགྲོ་བའི་དོན་དུ་སྨོན་ལམ་མཛད། །ད་ལྟ་ལྔ་བརྒྱའི་ཡང་མཐའི་དུས། །སངས་རྒྱས་སྟོང་གི་མཐུ་བརྡུགས་ཚེ། །ཨོ་རྒྱན་ཐུགས་རྗེས་འགྲོ་བ་འདྲེན། །རྟེན་འབྲེལ་བཟང་གསུམ་འཛོལ་དུས་འདིར། །ནགས་སོག་གཉིས་ཀྱི་སྐལ་ལྡན་ཚོ། །དངོས་གྲུབ་ལེན་པའི་དུས་ལ་བབས། །སྐལ་མེད་རྟོག་གེ་ལོག་ལྟ་མཁན། །བསོད་ནམས་མ་བསགས་བདུད་ཀྱི་རིགས། །ལོག་ལྟ་བསྐུར་འདེབས་དུས་ལ་བབས། །ཁྱད་པར་ཁྱེད་ཅག་ཀ་འོག་པར། །ང་སངས་རྒྱས་ཆོས་ཀྱི་སྒོ་འགྲིམ་བྱས། །ང་ལ་ཕྱི་ན་འཁྱེར་སོ་གསུམ། །སྲིད་གསུམ་འོག་མིན་ཞིང་དུ་འཁྱེར། །ཞིང་ཁམས་གཞན་ནས་མི་འཚོལ་བའི། །བྱ་བྲལ་ང་འདྲ་སྐྱིད་ཡང་སྐྱིད། །སྐྱེ་འགྲོ་ལྷ་དང་ལྷ་མོར་འཁྱེར། །ཡི་དམ་གཞན་ནས་སྒྲུབ་མི་དགོས། །འཁྲུལ་གྲོལ་ང་འདྲ་དགའ་ཡང་དགའ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འབེན་གསུམ་ནང་ན་མངོན་སུམ་བལྟ། །སྒྲིབ་བྲལ་ང་འདྲ་གསལ་ཡང་གསལ། །ཕྱི་ཡི་འཁྱེར་སོ་རྣམ་གསུམ་གྱིས། །ནང་ན་གྲོལ་ལུགས་རྣམ་གསུམ་ཡོད། །ལུས་འདི་ལྷ་ཡི་སྐུ་རུ་གྲོལ། །སྣང་སྟོང་སྐུ་ལ་འགྱུར་བ་མེད། །བསྐྱེད་རིམ་མཐར་ཕྱིན་རྣལ་འབྱོར་པ། །བྱ་བྲལ་ང་འདྲ་སྐྱིད་ཀྱང་སྐྱིད། །ངག་འདི་སྒྲ་གྲག་གསུང་དུ་གྲོལ། །གྲག་སྟོང་བརྗོད་མེད་ཀློང་དུ་ཡལ། །བཟླས་བརྗོད་མཐར་རུ་ཕྱིན་པ་ཡི། །བརྗོད་བྲལ་ང་འདྲ་དགའ་ཡང་དགའ། །སེམས་ཉིད་མ་བཅོས་སངས་རྒྱས་རྟོགས། །འཁོར་འདས་ཆོས་དབྱིངས་རོལ་པ་ཆེ། །རང་གྲོལ་ང་འདྲ་སྐྱིད་ཀྱང་སྐྱིད། །དེ་ལྟར་སྒོ་གསུམ་གྲོལ་བ་ཡི། །ཉི་ཤར་མུན་པ་སངས་པ་ལྟར། །ང་ཡི་སེམས་འདི་རྡོ་རྗེ་སེམས། །གཟུགས་འདི་རྣམ་པར་སྣང་མཛད་ཡིན། །ཚོར་བ་རིན་ཆེན་འབྱུང་ལྡན་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་ཡིན། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། །ང་ཡི་སེམས་འདི་དབྱིངས་ཕྱུག་མ། །ཤ་འདི་སངས་རྒྱས་སྤྱན་མ་སྟེ། །ཁྲག་འདི་མཁའ་འགྲོ་མཱ་མ་ཀི། །དྲོད་འདི་ན་བཟའ་དཀར་མོ་ལ། །དབུགས་འདི་དམ་ཚིག་སྒྲོལ་མའོ། །མིག་འདི་ས་ཡི་སྙིང་པོ་ལ། །རྣ་བ་ནམ་མཁའི་སྙིང་པོ་དང་། །སྣ་འདི་འཕགས་པ་སྤྱན་རས་གཟིགས། །ལྕེ་འདི་ཕྱག་ན་རྡོ་རྗེ་སྟེ། །རྣམ་ཤེས་དེ་ལ་བརྟེན་པ་ཡི། །དབང་པོ་རྣམས་ཀྱི་རིམ་པ་ཡང་། །མིག་གི་དབང་པོ་བྱམས་པ་མགོན། །རྣ་བའི་དབང་པོ་སྒྲིབ་སེལ་དང་། །སྣ་ཡི་དབང་པོ་ཀུན་ཏུ་བཟང་། །ལྕེ་ཡི་དབང་པོ་འཇམ་དཔལ་དབྱངས། །ང་ཡི་གཟུགས་སུ་སྣང་བ་འདི། །ལྷ་མོ་རྡོ་རྗེ་སྒེག་མ་སྟེ། །སྒྲ་རུ་གྲགས་པ་ཕྲེང་བ་མ། །དྲི་རུ་བྲོ་བ་གླུ་དབྱངས་མ། །རོ་བྲོ་རྡོ་རྗེ་གར་མ་སྟེ། །འདས་པའི་རྟོག་པ་པུཥྤེ་མ། །ད་ལྟའི་རྟོག་པ་དྷུ་པེ་མ། །མ་འོངས་རྟོག་པ་ཨཱ་ལོ་ཀེ། །འབྱུང་བའི་རང་མདངས་གྷནྡྷེ་མ། །ལུས་ཀྱི་རྣམ་ཤེས་གཤིན་རྗེ་གཤེད། །ལུས་ཀྱི་དབང་པོ་སྟོབ་པོ་ཆེ། །ལུས་ཀྱི་རེག་ཡུལ་རྟ་མགྲིན་རྒྱལ། །ལུས་ཀྱི་རེག་ཤེས་བདུད་རྩི་འཁྱིལ། །རྟག་པར་ལྟ་བ་ལྕགས་ཀྱུ་མ། །ཆད་པར་ལྟ་བ་ཞགས་པ་མ། །བདག་ཏུ་ལྟ་བ་ལྕགས་སྒྲོག་མ། །མཚན་མར་ལྟ་བ་དྲིལ་བུ་མ། །ང་ཡི་ཉོན་མོངས་ང་རྒྱལ་འདི། །བརྒྱ་བྱིན་ལྷ་ཡི་ཐུབ་པ་ལ། །ང་ཡི་ཉོན་མོངས་ཕྲག་དོག་འདི། །ཐག་བཟང་ལྷ་མིན་ཐུབ་པའོ། །ང་ཡི་ཉོན་མོངས་འདོད་ཆགས་འདི། །མི་ཡི་སེང་གེ་ཤཱཀྱ་ཐུབ། །ང་ཡི་ཉོན་མོངས་གཏི་མུག་འདི། །བྱོལ་སོང་ཐུབ་པ་སེང་རབ་བསྟན། །ང་ཡི་ཉོན་མོངས་སེར་སྣ་འདི། །ཡི་དྭགས་ཐུབ་པ་སྒྲོམ་བུ་དམར། །ང་ཡི་ཉོན་མོངས་ཞེ་སྡང་འདི། །དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ། །ཡིད་ཀྱི་ངོ་བོ་ཀུན་བཟང་ཡབ། །སྣང་གྲག་ཆོས་རྣམས་ཀུན་བཟང་ཡུམ། །རང་རིག་ཉོན་མོངས་ཆེ་མཆོག་སྟེ། །མ་རིག་ཉོན་མོངས་ཀྲོ་ཏཱི་མ། །དེ་སོགས་གནས་སུ་གྱུར་པའི་ཚེ། །ཁྲག་འཐུང་དཔལ་གྱི་ལྷ་ཚོགས་སོགས། །རྣལ་འབྱོར་ང་ལ་ཡེ་ནས་གྲུབ། །གནས་ཡུལ་དུར་ཁྲོད་ཀུན་ཀྱང་རྫོགས། །སྤྱི་བོ་པུ་ལི་ར་མ་དང་། །སྤྱི་གཙུག་ཛ་ལནྡྷ་ར་སྟེ། །རྣ་བ་གཡས་པ་ཨོ་རྒྱན་ཡུལ། །ལྟག་པ་ཨརྦུ་ཏ་ཡི་གནས། །རྣ་གཡོན་གཽ་ཌ་ཝ་རི་དང་། །སྨིན་མཚམས་ར་མ་ཤོ་ར་སྟེ། །མིག་གཉིས་དྷེ་ཝི་ཀཽ་ཊིའོ། །འཕྲག་པ་མ་ལ་ཡ་ཡི་གནས། །མཆན་ཁུང་ཀ་མ་རུ་པ་ལ། །ནུ་མ་ཨོ་ཏྲེ་ཏ་ཡི་ཡུལ། །ལྟེ་བ་ཏྲི་ཤ་ཀུ་ནེ་སྟེ། །སྣ་རྩེ་ཀོ་ས་ལ་ཡི་གནས། །ཁ་འདི་ཀ་ལིང་ཀ་ལ་སྟེ། །ལྟེ་བ་ལམ་པ་ཀ་ཡི་གནས། །སྙིང་ག་ཀན་ཙི་ཧི་མར་སྟེ། །འདོམས་འདི་ཧི་མ་ལ་ཡ་ཡི་གནས། །གསང་མཚན་ཀྲེ་ཏ་པུ་རི་སྟེ། །གཤང་ལམ་གྷྲི་ཧ་དྷེ་ཝ་ཏ། །བརླ་གཉིས་སོའུ་ར་ཡི་གནས། །ཉྭ་གཉིས་ཝརྣ་དྷེ་ཝ་ལ། །སོར་མོ་བཅུ་དྲུག་ནཱ་ག་ར། །བོལ་གོང་གཉིས་པོ་སིནྡྷུའི་གནས། །མཐེབ་བཞི་ར་མེ་ཤོ་ར་ཏེ། །པུས་མོ་གཉིས་པོ་མུ་ཀུ་ཏ། །གཞན་ཡང་གནས་ཡུལ་དུར་ཁྲོད་ཚོགས། །ལྷུན་གྲུབ་དཔའ་བོ་མཁའ་འགྲོའི་ཞིང་། །རྩ་དང་རླུང་དང་བྱང་ཆུབ་ཁམས། །ཐབས་ཤེས་དབྱེར་མེད་འདུ་འབྲལ་མེད། །དཔའ་བོ་དཔའ་མོ་ལ་སོགས་པ། །གྲངས་མེད་འདུ་འབྲལ་ཡེ་ནས་བྲལ། །དེ་ལྟར་ལྷུན་གྲུབ་རྣལ་འབྱོར་ང་། །གར་བསྡད་ལྷ་ཡི་གཞལ་ཡས་ཁང་། །ཟོས་པ་ཐམས་ཅད་ཚོགས་འཁོར་ཡིན། །བཏུང་བ་ཐམས་ཅད་ཡོན་ཆབ་ཡིན། །ལང་འདུག་ལྷ་ཕྱག་རྒྱུན་མི་འཆད། །འགྲོ་འདུག་སྐོར་བའི་རང་བཞིན་ཏེ། །ཆུད་ཟོས་ཤོར་ན་སྦྱིན་པའི་མཆོག །བོ་ཟགས་ཅི་ཤོར་གཏོར་མ་རབ། །གོས་ལོག་ཐམས་ཅད་སྙན་དར་ཡིན། །དེ་ཕྱིར་བྱ་བྲལ་ང་འདྲ་བ། །ཕྱོགས་གང་དུ་སོང་ཀྱང་སྐྱིད་ཀྱང་སྐྱིད། །ཡུལ་གང་དུ་བསྡད་ཀྱང་དགའ་ཡང་དགའ། །དགའ་བདེའི་དཔལ་ལྡན་བྱ་བྲལ་ངས། །འབྲེལ་པ་ཆེ་བར་གྱུར་པ་རྣམས། །སངས་རྒྱས་ཞིང་དུ་སྐྱེལ་ཏེ་གཏོང་། །འབྲེལ་པ་འབྲིང་དུ་གྱུར་པ་རྣམས། །ཐར་པའི་ལམ་ལ་འཛུད་ནས་གཞོག །འབྲེལ་པ་ཐ་མར་གྱུར་པ་རྣམས། །སྐྱེ་བ་རེ་རེའི་བདེ་བ་སྟེར། །དེ་ཕྱིར་ནམ་མཁའི་རྣལ་འབྱོར་ལ། །བཟང་འབྲེལ་ངན་འབྲེལ་ལས་ཀྱི་འབྲེལ། །འཚེངས་བ་ཡིན་ནོ་སྐལ་ལྡན་ཚོ། །ཅེས་པ་འདི་ཡུལ་ཀ་འོག་པའི་སྔགས་པ་རྣམས་ལ། །སྤྲང་བནྡྷེ་རིགས་འཛིན་རྣམ་རྒྱལ་གྱིས་ཉམས་མཚར་དུ་སྨྲས་པའོ། །ན་མོ་གྷུ་རུ་ཡེ། །དུས་གསུམ་སངས་རྒྱས་འགྲོ་བའི་དཔལ། །ཡང་ཡང་འགྲོ་བའི་དོན་དུ་བྱོན། །མཚན་བརྗོད་ན་པདྨ་རིགས་འཛིན་ཞེས། །རྗེ་བཀའ་དྲིན་ཅན་དེའི་ཞབས་ལ་འདུད། །ཡུལ་ཀ་འོག་གི་སྔགས་པ་རྣམས་པ་ཚོ། །དར་ཅིག་སྤྲང་བན་གླུ་ལ་ཉོན། །དཔལ་གསང་སྔགས་རྡོ་རྗེའི་ཐེག་པ་འདི། །སྤྲང་པོ་ཆོས་བདག་ཞན་མ་གཏོགས། །འདི་མི་དམན་ཐེག་པའི་རྩེ་རྒྱལ་ཡིན། །ཆོས་སྐུ་གང་ཡིན་ཟེར་ཙ་ན། །ཆོས་སྐུ་ཀ་དག་ཀུན་ཏུ་བཟང་། །ལོངས་སྐུ་གང་ཡིན་ཟེར་ཙ་ན། །ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཏེ། །སྤྲུལ་སྐུ་གང་ཡིན་ཟེར་ཙ་ན། །སྤྲུལ་པའི་སྐུ་དེ་རྡོ་རྗེ་འཆང་། །སྟོན་པ་གང་ཡིན་ཟེར་ཙ་ན། །སྟོན་པ་དཔལ་ལྡན་རྡོ་རྗེ་སེམས། །གསང་འཛིན་གང་ཡིན་ཟེར་ཙ་ན། །གསང་འཛིན་ལག་ན་རྡོ་རྗེ་སྟེ། །རིགས་འཛིན་གང་ཡིན་ཟེར་ཙ་ན། །རིགས་འཛིན་ཆེན་པོ་དགའ་རབ་རྗེ། །བརྒྱུད་འཛིན་གང་ཡིན་ཟེར་ཙ་ན། །བརྒྱུད་འཛིན་ཤྲི་སིདྷ་སྟེ། །སློབ་དཔོན་གང་ཡིན་ཟེར་ཙ་ན། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ཏེ། །མཁན་པོ་གང་ཡིན་ཟེར་ཙ་ན། །མཁན་པོ་ཨོ་རྒྱན་པདྨ་འབྱུང་། །མཁས་པ་གང་ཡིན་ཟེར་ཙ་ན། །མཁས་པ་པཎ་ཆེན་བཱི་མ་ལ། །བརྒྱུད་པ་གང་ཡིན་ཟེར་ཙ་ན། །བརྒྱུད་པ་ནོར་བུ་དགུ་ལྡན་ཡིན། །བླ་མ་གང་ཡིན་ཟེར་ཙ་ན། །བླ་མ་པདྨ་རིགས་འཛིན་ཡིན། །སློབ་མ་གང་ཡིན་ཟེར་ཙ་ན། །སློབ་མ་རིགས་འཛིན་རྣམ་རྒྱལ་བདག །དམ་ཆོས་གང་ཡིན་ཟེར་ཙ་ན། །དམ་ཆོས་ཨ་ཏི་རྫོགས་ཆེན་ཡིན། །ལྟ་བ་བློ་བྲལ་ཆོས་སྐུ་ཡིན། །སྒོམ་པ་མཉམ་ཉིད་ལྷུན་གྲུབ་ཡིན། །སྤྱོད་པ་རང་གྲོལ་ཤུགས་འབྱུང་ཡིན། །འབྲས་བུ་རེ་དོགས་གཉིས་མེད་ཡིན། །མཐོང་ཐོས་གྱུར་པའི་སེམས་ཅན་ཚོ། །ཆོས་ཉིད་རྟོགས་པའི་ནུས་མཐུ་ཡིས། །སངས་རྒྱས་ཞིང་དུ་ཁྱུ་དེད་གཏོང་། །མན་ངག་ཚེ་གཅིག་སངས་རྒྱས་ཡིན། །ཁ་ཟས་འདོད་ཡོན་བདུད་རྩི་ལྔ། །རྒྱབ་གོས་གཏུམ་མོ་ཙཎྜ་ལི། །འདུག་ས་མི་མེད་ལུང་སྟོང་ཡིན། །ཁང་པ་སྣང་སྲིད་གཞལ་ཡས་ཁང་། །ཆུ་ཁམས་དཀར་པོའི་སྐུ་དཀར་གསོལ། །ས་ཁམས་སེར་པོའི་གསེར་འཕྲུ་བཙུགས། །མེ་ཁམས་དམར་པོའི་པུ་ཤུ་བསྐྱོན། །རླུང་ཁམས་ལྗང་གུའི་བ་དན་གཡབ། །ནམ་མཁའ་སྔོན་པོའི་སྒོ་རྣམས་བཙུགས། །ལས་འབྲས་སླུ་མེད་སྐས་ཁས་བརྒྱན། །ཐབས་ཀྱི་རང་བཞིན་ཐབ་ཀ་ན། །ཤེས་རབ་བློ་ཡི་ཟངས་ཆེན་བཙུགས། །འདོད་པ་ཟད་པའི་སྦུད་པ་ལ། །བློ་འཛིན་བྲལ་བའི་སྦུད་མཆུ་སྤྲད། །ཞེ་སྡང་བྲལ་བའི་སྐྱེས་བུས་འབུད། །ཟངས་ནང་དུ་ཆོས་ཉིད་བདུད་རྩི་བླུགས། །དབྱིངས་དག་ངོ་བོ་རྒྱ་ཇ་འདེབས། །རང་བྱུང་རིག་པས་གཉེར་པ་བྱེད། །འགྱུར་བ་མེད་པའི་སྐྱོགས་ཆེན་གྱིས། །དཔེ་བརྗོད་བྲལ་བའི་ཇ་མས་འཕྱར། །འཕགས་པའི་ནོར་བདུན་གཉེར་ཁང་ཕྱུགས། །ཐོས་པ་མི་ཟད་ཤིང་དུ་འབུད། །སྒོམ་པ་མི་ཟད་མེ་ཆེན་འབར། །སྤྱོད་པ་རང་གྲོལ་བཟའ་བཏུང་རྣམས། །ཡེ་སངས་རྒྱས་པའི་ཆོས་རྗེ་དང་། །མ་འགགས་རོལ་པའི་རྒྱལ་པོ་དང་། །ཆོས་ཉིད་རང་མདངས་བཙུན་མོ་དང་། །ཕ་རོལ་ཕྱིན་དྲུག་གྲྭ་ཚང་དང་། །ཡེ་ཤེས་ལྔ་ཡི་བློན་པོ་དང་། །ཐེག་པ་དགུ་ཡི་ནང་ཟན་སོགས། །མཆོད་ཡོན་དེ་འཁོར་བཅས་པ་རྣམས། །གཞི་རྫོགས་ལྷུན་གྲུབ་ཁྲི་ལ་བཞུགས། །ལམ་རྫོགས་གསོལ་ཆས་འདོད་དགུས་བརྒྱན། །འབྲས་རྫོགས་བཟའ་བཏུང་དེ་རྣམས་བཞེས། །དེ་ལྟར་བཞུགས་པའི་ས་ཕྱོགས་དེར། །ཐེག་པ་ཆེ་ཆུང་ན་རིམ་ལྟར། །རྟ་པོ་བཟང་པོ་མང་པོ་བསྐོར། །གཟུགས་ཀྱི་འབྲི་མོ་མང་པོ་བཞོ། །སྒྲ་ཡི་མཛོ་ཁལ་བསམ་ལས་འདས། །དྲི་ཡི་ར་ལུག་ཡུལ་ཁམས་གང་། །རོ་ཡི་རྣམ་རྟོག་མང་པོ་དག །རེག་པའི་བཤན་པས་བཤའ་བར་བྱེད། །བདེ་བའི་ཤ་མང་རི་ལྟར་སྤུངས། །གསལ་བའི་མར་ཐུད་ཐང་ལྟར་བརྡལ། །མི་རྟོག་འོ་ཞོ་མཚོ་ལྟར་བསྐྱིལ། །མངའ་ཞབས་དབང་བའི་སྡེ་པ་ཡང་། །ཉོན་མོངས་གྱུར་པ་ཐམས་ཅད་དེ། །གྲངས་ལ་བརྒྱད་ཁྲི་བཞི་སྟོང་ཡོད། །ཁྲིམས་ལ་ཚེ་འདི་བློས་གཏོང་རྒྱུག །སྣང་ཤེས་ཀྱི་སླུ་བྲིད་བྱུང་གྱུར་ན། །མི་རྟག་པའི་བསྐུལ་མས་བཀྱིག་རྡུང་དང་། །འཇིགས་པའི་ཆོས་ཉིད་ཀྱི་སྣ་རྒྱུས་གཅོད། །ལོང་མེད་ཀྱི་སྲོག་དང་འཕྲལ་ནས་གཏོང་། །དགྲ་ལ་མ་རིག་པའི་སྡེ་ཡོད་པས། །རིག་པའི་སྐྱེས་བུས་དམག་དཔོན་བྱེད། །བརྩོན་འགྲུས་ཀྱི་གོ་ཁྲབ་ལུས་ལ་གྱོན། །བཟོད་པའི་ཕུབ་མང་རྒྱབ་ན་ཁུར། །ཤེས་རབ་ཀྱི་རལ་གྲི་གློ་ལ་བཏགས། །ཟག་པ་མེད་པའི་གཞུ་མང་བཟུང་། །མན་ངག་རྣོན་པོའི་མདའ་འཕེན་ཏེ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་ཡི། །དཔུང་ཆེན་དང་བཅས་ཏེ་དམག་སྒར་འགྱོགས། །དེ་ཚེ་མ་རིག་པའི་སྡེ་པ་ཚོ། །ཡེ་ཤེས་ཆེན་པོས་གཏན་ནས་བརླགས། །གོང་དུ་བཞུགས་པའི་བླ་མ་དེས། །རང་ལུས་དག་པའི་ལྷ་ཁང་ལ། །ཤ་ཁྲག་ཕུང་པོ་འདུས་པ་ཡི། །འབྱུང་ལྔ་དག་པའི་ལྷ་སྐུ་ལ། །རང་བྱུང་འདོད་ཡོན་རྣམ་ལྔས་མཆོད། །དེ་ལྟར་གྱུར་པའི་སྡེ་དཔོན་རྣམས། །ལམ་ལྔ་ལམ་གྱི་མཆོག་ལ་འགྲོ། །འདུག་ས་ས་བཅུ་བླ་ན་མེད། །ཆོས་ཉིད་ལྡན་པའི་སྔགས་པ་ཚོས། །བག་ཆགས་གདོན་གྱི་མགོ་བོ་འགེམ། །སྐུ་རིམས་མི་ཟད་རྒྱུན་དུ་སྒྲུབས། །སྣང་བ་སྣོད་ཀྱི་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་གཏོར་མ་བཤམས། །ཡེ་ནས་སྟོང་པའི་རྒྱན་བཏགས་ནས། །གསང་སྔགས་དྲག་པོའི་རྔ་ཆེན་བརྡུངས། །རིག་སྔགས་དྲག་པོའི་ཐུན་གྱིས་འབྲབ། །བདག་འཛིན་གྱི་དགྲ་བོ་ཕམ་པར་བྱེད། །བུམ་པ་ཆོས་དབྱིངས་ཕོ་བྲང་ལ། །ཁ་རྒྱན་བྱང་ཆུབ་ལྗོན་པས་བརྒྱན། །དགའ་བའི་དྲིལ་བུ་བཀྲོལ་ནས་ཀྱང་། །དགའ་བྲལ་རྡོ་རྗེ་འཛིན་བཞིན་དུ། །མཆོག་དགའི་ཞྭ་ཆས་སྤྲས་ནས་ཀྱང་། །ལྷན་ཅིག་སྐྱེས་དགའི་དབང་མཆོག་དེས། །མ་དག་ཉོན་མོངས་ཡོན་བདག་ལ། །དག་པ་རང་གྲོལ་དབང་བཞི་བསྐུར། །སྣང་བ་ཆེན་པོའི་འབྲུ་བཟང་ལ། །སྟོང་པ་ཆེན་པོའི་མེ་ཆེན་གྱིས། །བདེ་བའི་ཆུ་དང་ལྷན་དུ་འཚོད། །གསལ་བའི་སྐྱེས་བུས་ལག་ལེན་བྱེད། །སྒྲ་གྲག་བཟང་པོའི་ཕབ་ཅིག་འདེབས། །གྲག་སྟོང་བརྗོད་མེད་ཆུ་ཞིག་བརྒྱག །མི་འགྱུར་དྲན་པའི་ཐེམ་ཕུད་དེ། །རང་བྱུང་རྣལ་འབྱོར་ང་ཡིས་འཐུང་། །ལུས་ངག་ཡིད་གསུམ་དཀྱིལ་འཁོར་བཞེངས། །ཚོགས་བསགས་སྒྲིབ་སྦྱང་བསྒྲུབ་པ་ཡིན། །སྐྱེ་བ་འཕོས་དུས་སངས་རྒྱས་པ། །དེས་ན་ཀ་འོག་སྔགས་པ་ཚོ། །བླ་མ་བརྒྱུད་པ་སངས་རྒྱས་དང་། །དམ་ཆོས་ཡུལ་མཁར་མངའ་ཞབས་དང་། །ཡོན་བདག་བུ་སློབ་ལ་སོགས་པ། །གང་ལའང་འདོད་ཞེན་སྙིང་ནས་བྲལ། །དབང་ཆོས་ཞུས་པའི་དམ་ཚིག་བསྲུངས། །ཚེ་རིང་ཀྱང་ལོ་བརྒྱ་མ་གཏོགས་མེད། །རང་གཅིག་པུར་འགྲོ་དུས་ཀྱི་འདུན་གྲོས་ཐོབ། །འདི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །བྱ་བྲལ་པ་ཡི་ཞལ་གདམས་ཡིན། །མན་ངག་འདུས་པའི་སྙིང་པོ་ཡིན། །ཅེས་པ་འདི་ཡང་བདག་སྤྲང་བན་གྱིས། །ཉམས་མཚར་དུ་ཀ་འོག་པ་རྣམས་ལ་སྨྲས་པའོ། །ན་མོ་མ་ཧཱ་གྷུ་རུ་ཡེ། །སྟོན་པ་བླ་མེད་སངས་རྒྱས་དང་། །སྐྱོབ་པ་བླ་མེད་དམ་ཆོས་དང་། །འདྲེན་པ་བླ་མེད་དགེ་འདུན་ཏེ། །མཆོག་གསུམ་ངོ་བོ་རྡོ་རྗེ་འཆང་། །མཚན་ལྡན་བླ་མའི་ཞབས་ལ་འདུད། །ཨེ་མ་རང་རིག་ཆོས་ཀྱི་སྐུ། །ཕྱོགས་ལྷུང་བྲལ་བའི་གནས་ལུགས་ལ། །མ་རིག་འཛིན་པས་བསྒྲིབས་ཏེ་འཁྲུལ། །འཁོར་བ་མཐའ་མེད་རྒྱ་མཚོ་རུ། །བྱིང་བ་སྐྱབས་མེད་ཉམས་ཐག་འགྲོ། །བདེ་མེད་སྡུག་བསྔལ་རང་བཞིན་ཏེ། །ཅི་ལྟར་བྱས་ཀྱང་སྡུག་བསྔལ་རྒྱུ། །གང་ལྟར་བསྒྲུབས་ཀྱང་འཁྲུལ་པའི་ལས། །རིགས་དྲུག་འཁྲུལ་འཁོར་ཡ་ངའི་ཀློང་། །ལྔ་བརྒྱ་དུས་ཀྱི་ཐ་མ་འདིར། །ཡིན་པར་སྨྲས་ན་མིན་པར་གོ། །བཟང་དུ་བསྟན་ན་ངན་དུ་བརློམ། །ངས་མི་མེད་ལུང་སྟོང་གོང་མ་འདིར། །ལྟོ་གོས་གཏམ་ལ་གྱོང་ཁུར་ཏེ། །ཉམས་ལེན་བདག་མེད་ཆོས་ལ་བྱེད། །ལྷ་འདྲེ་མི་གསུམ་གང་ལ་ཡང་། །ཕན་གནོད་འབྱུང་བའི་གཞི་དང་བྲལ། །བདག་ཅག་སྟོན་པ་སངས་རྒྱས་ཀྱི། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །ཉོན་མོངས་འདུལ་བའི་གཉེན་པོ་ལས། །གཞན་དུ་ཐུབ་པས་བསྟན་པ་མེད། །རང་ལ་གནོད་པའི་རྐྱེན་བྱུང་ན། །རྐྱེན་ཁྱགས་པའི་ཆོས་པ་རེས་འགའ་ཙམ། །ཚུལ་བཞིན་ལྡན་པ་དཀའ་ན་ཡང་། །ཕྱོགས་མཐུན་ཙམ་རེ་མེད་གྱུར་ན། །ཆོས་ལ་ཞུག་ནས་སྡིག་ལ་སྤྱོད། །བསྟན་པའི་ཆོམ་པོ་དམར་ལས་མཁན། །དགེ་སྡིག་རྩ་བ་བླང་དོར་ཡིན། །ནང་ནས་ལྟ་སྒོམ་མཐོ་བ་དང་། །ཕྱི་ནས་རྒྱུ་འབྲས་ཞིབ་པ་དང་། །བར་དུ་བླང་དོར་བརྩོན་པ་ལ། །ཆོས་བཞིན་སྤྱོད་པའི་སྐྱེས་བུ་ཟེར། །ལྟོ་གོས་འཕོངས་ན་མེ་མུར་འགམ། །སེར་གོས་གྱོན་ཏེ་སྡིག་ལ་བརྩོན། །ཆོས་པར་འཆང་ཞིང་ཡིན་བློར་སེམས། །ཆོས་ལྡན་ཡིན་ནམ་སྡིག་ལྡན་ཡིན། །རང་སེམས་དཔང་ཞོག་ལྟོས་དང་གསལ། །ཆོས་ལ་ཐེག་པ་མང་ན་ཡང་། །ནང་ཚན་ཕྱེས་ན་ཐེག་པ་དགུ། །དམན་པ་གསུམ་ལ་བསྟན་པའི་ཆོས། །འདུལ་བ་མདོ་སྡེ་མངོན་པ་གསུམ། །འབྲིང་པོ་གསུམ་ལ་བསྟན་པའི་ཆོས། །ཀྲི་ཡ་ཡོ་ག་ཨུ་པ་གསུམ། །ཆེན་པོ་གསུམ་ལ་བསྟན་པའི་ཆོས། །བསྐྱེད་དང་རྫོགས་དང་རྫོགས་པ་གསུམ། །ཡང་དག་ངེས་པའི་ལུང་ལས་བཤད། །ཐེག་པ་རིམ་དགུའི་རྩ་བ་ཡང་། །མདོར་བསྡུས་མདོ་སྔགས་གཉིས་ལ་འདུས། །ལྟ་སྒོམ་སྤྱོད་འབྲས་སྤང་བླང་སོགས། །རང་རང་གཞུང་གིས་རང་རང་འཚོ། །ཐེག་པ་འོག་མའི་སྦྱངས་སྒྲོད་ཀྱི། །གྲངས་མེད་དགུ་ཡི་འོག་རོལ་དུ། །བྱང་ཆུབ་ཐོབ་པར་མདོ་ལས་གསུངས། །ཀྲི་ཡོག་ཨུ་པ་བླ་མེད་དང་། །ཤིན་ཏུ་བླ་ན་མེད་པ་སོགས། །གསང་སྔགས་ཕྱི་ནང་ན་རིམ་གྱི། །གང་ཟག་དབང་པོ་ན་རིམ་ལྟར། །ཉམས་ལེན་བརྩོན་འགྲུས་ལྡན་པའི་ཚེ། །སྐྱེ་བ་བརྒྱ་སྟོང་བཅོ་ལྔ་དང་། །བདུན་དང་ལྔ་གསུམ་ཚེ་གཅིག་སོགས། །ཁྱད་པར་བར་དོ་ལོ་ཟླ་ཞག །སྐད་ཅིག་གཅིག་གི་བྱེ་བྲག་གི །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཐེག་རིམ་བཞིན་དུ་བྱང་ཆུབ་ཚེ། །དབང་པོས་རང་སྐལ་གང་མཚམས་ནས། །ཉམས་སུ་ལེན་པ་དོན་གྱི་མཆོག །སྦྱངས་བགྲོད་ལམ་ནི་འོག་མ་རིང་། །མྱུར་ལམ་མཆོག་ནི་བླ་མེད་ཆོས། །ཉམས་སུ་གང་ལེན་རང་དབང་ཆེ། །སྣོད་དང་ཨེ་ལྡན་ཤེས་རྒྱུད་རྟོགས། །བྱང་ཆུབ་ཨེ་འཐོབ་བརྩོན་འགྲུས་གཙོ། །ཆོས་དང་ཨེ་མཐུན་སྤྱོད་པས་འབྱེད། །ལར་དམ་པའི་ཆོས་ལ་མཁས་མི་མཁས། །དགེ་སྡིག་བླང་དོར་བྱེད་ཉིན་མངོན། །ཆོས་བཞིན་སྤྱད་ན་མཁས་པ་སྟེ། །ཁེ་གྲགས་བྲལ་བ་གཙིགས་སུ་ཆེ། །སེར་སྣའི་མདུད་པས་འཆིངས་མི་འཆིང་། །སྒྱུ་མའི་ཟོག་དང་འཕྲད་ན་མངོན། །ཆགས་ཞེན་མེད་ན་སེར་སྣ་བྲལ། །ཆོས་བརྒྱད་མགོ་བསྐོར་མེད་གལ་ཆེ། །ཚུལ་ཁྲིམས་ཆོས་དང་ལྡན་མི་ལྡན། །འདོད་པའི་ཡུལ་དང་འཕྲད་ན་མངོན། །ཆགས་ཞེན་མེད་ན་ཚུལ་ཁྲིམས་ཏེ། །ངོས་ལྐོག་མེད་པ་གཙིགས་སུ་ཆེ། །བཟོད་པའི་གོ་ཆ་ཡོད་དང་མེད། །ཚིག་ངན་ཐོག་རྒྱག་བྱུང་ན་མངོན། །ཁོང་ཁྲོ་མེད་ན་བཟོད་པ་སྟེ། །ཞེ་བསྙག་མེད་པ་གཙིགས་སུ་ཆེ། །བརྩོན་འགྲུས་ཕ་རོལ་ཕྱིན་མ་ཕྱིན། །རྣམ་གཡེང་ལེ་ལོས་འཁྱེར་ན་མངོན། །གཡེང་བས་དབེན་ན་བརྩོན་འགྲུས་ཏེ། །དེས་ཆོག་ཕྱི་བཤོལ་བྲལ་གལ་ཆེ། །བསམ་གཏན་ལ་བྲོད་པ་ཐོབ་མ་ཐོབ། །གཅིག་པུར་རི་ཁྲོད་འགྲིམ་ཉིན་མངོན། །སྐྱེ་སེམས་མེད་ན་བསམ་གཏན་ལྡན། །འདུ་འཛི་གཡེང་བ་མེད་གལ་ཆེ། །ཤེས་རབ་མཚོན་ཆ་རྣོ་མི་རྣོ། །བག་ཆགས་ཡུལ་ལ་རྒྱབ་ན་མངོན། །ཆགས་ཞེན་གྲོལ་ན་ཤེས་རབ་སྟེ། །ཁ་གཏིང་མེད་པ་གཙིགས་སུ་ཆེ། །དཀའ་བ་ཆོས་ལ་སྤྱད་མ་སྤྱད། །ཚེ་འདིའི་བདེ་སྐྱིད་བྱུང་ན་མངོན། །ལྟོ་གོས་ལ་རྐྱེན་ཐུབ་དཀའ་སྤྱད་དེ། །འདོད་ཡོན་ཞེན་པ་བྲལ་གལ་ཆེ། །གཏུམ་མོའི་བདེ་དྲོད་འབར་མ་འབར། །འབྱུང་བའི་ཚ་གྲང་བྱུང་ན་མངོན། །འཇིགས་པ་མེད་ན་བདེ་དྲོད་འབར། །ཡ་ང་བྲལ་བ་གཙིགས་སུ་ཆེ། །བཅུད་ལེན་དྲོད་རྟགས་ཐོབ་མ་ཐོབ། །ཕུང་པོའི་ལུས་ལ་བལྟས་ན་མངོན། །ཟག་བཅས་བྲལ་ན་དྲོད་རྟགས་ཐོབ། །མངོན་དུ་གྱུར་པ་གཙིགས་སུ་ཆེ། །སྤྱོད་པ་རོ་སྙོམས་སྤྱད་མ་སྤྱད། །སྐྱིད་སྡུག་ལས་ཀྱིས་མནར་ན་མངོན། །འདམ་སོར་མེད་ན་རོ་སྙོམས་ཏེ། །རེ་དོགས་མེད་པ་གཙིགས་སུ་ཆེ། །བྱང་ཆུབ་སེམས་དང་ལྡན་མི་ལྡན། །གཞན་གྱི་དོན་ལ་འཇུག་ཉིན་མངོན། །རང་འདོད་མེད་ན་བྱང་སེམས་ཏེ། །དགྲ་གཉེན་མེད་པ་གཙིགས་སུ་ཆེ། །ལྟ་བ་ཕུ་ཐག་ཆོད་མ་ཆོད། །སྣང་སེམས་ཡོ་ལང་བྱུང་ན་མངོན། །སྟོང་ཉིད་དུ་རྟོགས་ན་ལྟ་བ་སྟེ། །ཁུ་འཕྲིག་མེད་པ་གཙིགས་སུ་ཆེ། །སྒོམ་པའི་ལྷུན་པོ་བརྟན་མི་བརྟན། །ཚོགས་དྲུག་རྐྱེན་དང་འཕྲད་ན་མངོན། །གསལ་སྟོང་བློ་བྲལ་སྒོམ་པ་སྟེ། །འགྱུར་བ་མེད་པ་གཙིགས་སུ་ཆེ། །སྤྱོད་པ་ཚུལ་དང་ལྡན་མི་ལྡན། །ཆོས་ཀྱི་ཉམས་ལེན་བྱེད་ཉིན་མངོན། །ཐང་ལྷོད་མེད་ན་སྤྱོད་པ་ཏེ། །དམ་བཅའ་ལྡན་པ་གཙིགས་སུ་ཆེ། །གཞི་སྙིང་པོ་གཏན་ལ་ཕེབས་མ་ཕེབས། །རང་སེམས་གྲོགས་དང་འགྲོགས་ཉིན་མངོན། །སྣང་སེམས་འཛིན་པ་གྲོལ་ན་ཕེབས། །ཐེ་ཚོམ་མེད་པ་གཙིགས་སུ་ཆེ། །ཆོས་སྐུ་མངོན་དུ་གྱུར་མ་གྱུར། །འཆི་བདག་བདུད་དང་འཕྲད་ཉིན་མངོན། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །གོལ་ཤོར་སྒྲིབ་པ་བྲལ་གལ་ཆེ། །དལ་འབྱོར་རྙེད་དཀའ་ཤེས་མ་ཤེས། །དམ་པའི་ཆོས་ལ་བརྩོན་ཉིན་མངོན། །ཚེ་འདི་བློས་གཏང་ཤེས་པའི་རྟགས། །ངེས་འབྱུང་ཁོང་ནས་ཤར་གལ་ཆེ། །མི་རྟག་འཆི་བ་དྲན་མ་དྲན། །ཆོས་བརྒྱད་རླུང་གིས་ཁྱེར་ན་མངོན། །ཚེ་འདི་ཞེན་མེད་དྲན་པའི་རྟགས། །ཆོས་ལ་བརྩོན་འགྲུས་ལྡན་གལ་ཆེ། །ལས་འབྲས་སླུ་མེད་རྟོགས་མ་རྟོགས། །རྒྱུ་འབྲས་བླང་དོར་བྱེད་ཉིན་མངོན། །འདི་ཕྱི་བརྗེས་ན་རྟོགས་པའི་རྟགས། །གཏམ་ཁེ་གྲགས་ལ་ཞེན་མེད་གཙིགས་སུ་ཆེ། །མགོ་སྤུ་བྲེག་ནས་བསྟན་ལ་ཞུགས། །སྐྱེས་མིང་བསྒྱུར་ནས་ཆོས་མིང་བཏགས། །ཚེ་འདི་བསྐྱུར་ནས་ཕྱི་མ་བསྒྲུབས། །ཆོས་པར་བཏགས་པའི་དོན་འབྲས་ཡིན། །མཁས་ན་ཆོས་ཉིད་དོན་ལ་མཁས། །མཁས་པ་མཁས་མཆོག་བླ་ན་མེད། །བཙུན་ན་རྒྱུ་འབྲས་ཆོས་ལ་བཙུན། །བཙུན་པ་བཙུན་མཆོག་བླ་ན་མེད། །བཟང་ན་དགེ་བའི་ལས་ལ་བཟང་། །བཟང་པོ་བཟང་མཆོག་བླ་ན་མེད། །གཡོ་སྒྱུ་ཟོལ་གསུམ་དུག་གསུམ་པོ། །སེམས་ཅན་འགྲོ་དྲུག་ཐམས་ཅད་ཀྱི། །ལས་གསུམ་སྤྱོད་པ་འདི་སྤྱད་པས། །ཁམས་གསུམ་འཁོར་བའི་སེམས་ཅན་ཞེས། །ངན་སོང་གསུམ་གྱི་སྡུག་གིས་མནར། །ཆོས་པས་སྤང་བའི་ལས་འདི་གསུམ། །ཆོས་པས་སྤྱད་ན་སུ་ཡིས་སྤང་། །ཀྱེ་རང་གི་ཁ་འོག་ལག་ཆུག་ལ། །གཞིགས་དང་ཨ་ངེད་མཆེད་གྲོགས་ཚོ། །ཚེ་འདི་རྨི་ལམ་སྣང་བ་ལ། །རྟག་པར་འཛིན་པ་མ་འཁྲུལ་ལམ། །དལ་འབྱོར་ཡིད་བཞིན་ནོར་བུ་འདི། །མི་གཙང་འདམ་དོར་མ་འཁྲུལ་ལམ། །འཆི་བ་ངེས་པ་ཆ་མེད་ལ། །ལོང་ཡོད་བྱེད་འདི་མ་འཁྲུལ་ལམ། །ལས་འབྲས་སླུ་བ་མེད་པ་ལ། །རང་མགོ་རང་གཡོགས་མ་འཁྲུལ་ལམ། །དཔལ་བཅོམ་ལྡན་འདས་ཀྱི་ཚུལ་བཟུང་ནས། །ཚོགས་གཉིས་དཔལ་ལ་སྤྱོད་པ་ལ། །ན་རབ་འབྲིང་གསུམ་མང་དུ་ཡོད། །གཅིག་བཞིན་ཐམས་ཅད་ཡོང་བ་དཀའ། །རྫོགས་པའི་སངས་རྒྱས་སྐུ་ལུས་ལ། །བཞེས་པའི་ན་བཟའ་རིན་པོ་ཆེ། །ཆོས་གོས་རྣམ་པ་གསུམ་འདི་ཡིན། །དེང་སང་འདི་ཉིད་ཀུན་གྱི་བགོ །སངས་རྒྱས་དགྲ་བཅོམ་རྗེས་སུ་ཞུགས། །དད་པ་ཆེ་ལ་ངོ་ཡང་མཚར། །ཆོས་གོས་འོག་ནས་དུག་མདའ་འཕེན། །ངོ་ཡང་ཚ་ལ་སྙིང་ཡང་རྗེ། །ཐོས་པ་མེད་རྣམས་ལོང་བ་ལམ་ཞུགས་འདྲ། །འདོད་པའི་ཡུལ་ལ་མི་བགྲོད་ལུས་ངག་དུབ། །སྒོ་གསུམ་བརྩོན་པས་བསྐུལ་ཡང་སྡུག་བསྔལ་རྒྱུ། །ཐར་ལམ་ཤེས་རབ་མིག་དང་མི་ལྡན་པའི། །རབ་འབྱམས་བཀའ་བཅུའི་མིང་འཛིན་བླུན་པ་སྡུག །བསམ་པ་མེད་རྣམས་འོན་པས་གཏམ་ཉན་འདྲ། །རང་གིས་འདོད་པས་བཅིངས་པས་ཉེར་ལེན་ཚོགས། །བཀའ་བསྟན་གཞུང་དང་བྲལ་ཚེ་ཐར་ལམ་བྲལ། །རྨོངས་པའི་ཚིག་གི་འབྱུང་པོའི་རང་རྟགས་སྟོན། །ཕྱོགས་རེའི་འདོད་ཅན་ཐ་མལ་རང་རྒྱུད་པ། །བསྒོམ་པ་མེད་རྣམས་མྱོས་པའི་མི་དང་འདྲ། །བདག་གཞན་ཀུན་ཕུང་འདི་ཕྱི་གཉིས་མེད་བྱེད། །ཆོས་སྒོར་ཞུགས་ནས་ཚེ་འདི་བསྒྲུབས་པའི་མི། །རང་གི་རང་ཉིད་སླུ་བས་ཡ་རེ་ཆ། །ལེགས་པར་འདོད་ལ་སྙིང་མེད་པོ་རྣམས་སྡུག །རིགས་དྲུག་གྲོང་ཁྱེར་སྡུག་བསྔལ་རྒྱ་མཚོ་ལས། །ད་ལྟ་ཉིད་དུ་སྒྲོལ་བར་བྱིན་གྱིས་རློབས། །ཅེས་པ་འདི་སྐྱོ་ཤས་ཀྱི་སེམས་མང་པོ་ལ་བརྟེན་ཏེ། །སྤྲང་བནྡྷེ་རིགས་འཛིན་རྣམ་རྒྱལ་གྱིས་སྨྲས་པའོ། །ན་མོ་མཚན་ལྡན་བླ་མ་སྐུ་དྲིན་ཅན། །མཚུངས་མེད་གྲུབ་པའི་དབང་ཕྱུག་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས། །ང་འདོ་མེད་སྤྲང་རྒན་འཕོ་ལུང་པ། །ཕ་བླ་མའི་ཐུགས་རྗེས་བསྐྱངས་པའི་མཐུས། །དུས་ད་ལྟ་ནགས་སོགས་འདུས་མདོ་ན། །སྒྱུ་ལུས་ཀྱི་སོས་དལ་མ་ཡིན་པར། །དབེན་མཚམས་ཀྱི་བཅད་རྒྱ་ཆོས་ཀྱི་དབྱིངས། །སྒོ་གསུམ་འདི་སྐུ་གསུམ་བདེ་ཆེན་ཀློང་། །གསང་ཆེན་གྱི་གདེངས་ལྡན་རྣལ་འབྱོར་ང་། །དུས་གསུམ་གྱི་ངོ་བོ་དུས་མེད་དུ། །ཟང་ཐལ་ཆེ་ཡེ་ཤེས་ཁྲ་ལ་ལ། །མ་རིག་དང་ཀུན་རྟོག་བག་ཆགས་རྣམས། །ཡེ་གྲོལ་དུ་ཡེ་ཤེས་བུན་ནེ་བུན། །ཀ་དག་གི་རང་སེམས་འཁོར་འདས་བདག །ཆོས་སྐུའི་སངས་རྒྱས་སུ་ཏ་ལ་ལ། །རེ་དོགས་ཀྱི་གཟུང་འཛིན་དབྱིངས་སུ་ཟད། །ད་ལྟ་རང་གདོད་མའི་དབྱིངས་ན་འཕྱོ། །ལས་སྨིན་གྱི་བག་ཆགས་ཅི་དགའ་མཛོད། །རྒྱུ་འབྲས་ཀྱི་བླང་དོར་གང་དགྱེས་མཛོད། །ཡེ་གྲོལ་འདི་ཡོང་གྲོལ་རྒྱས་ཐེབས་དུས། །ཆོས་པའི་ཚད་རྡོ་བསྐྱུར་ས་ཞིག་འདུག །ཐེག་པའི་ཟབ་ཁྱད་ངོམས་ཞིག་གདའ། །སྒྱུ་ལུས་འདི་འགྲོན་ཁང་ལྟར་འདུག་ཀྱང་། །གཏན་བདེ་ཞིག་བསྒྲུབ་པའི་རྟེན་བཟང་གདའ། །འཆི་བདག་འདི་སྲོག་གཅོད་བདུད་ཡིན་ཀྱང་། །བརྩོན་འགྲུས་ཀྱི་གྲོགས་བཟང་ཞིག་ངེས་པར་འདུག། །སྡིག་སྒྲིབ་ཀྱི་ལས་འབྲས་སྡུག་བསྔལ་ཀྱང་། །མཚན་ལྡན་གྱི་བླ་མ་ཞིག་ཡིན་པར་འདུག །དུག་ལྔ་འདི་ཉོན་མོངས་རྒྱ་མཚོ་ཡང་། །སངས་རྒྱས་ཀྱི་སྐུ་ལྔ་རང་ལ་རྫོགས། །དུག་གསུམ་འདི་འཁོར་བའི་རྨང་རྡོ་ཡང་། །སྐུ་གསུམ་གྱི་སྟོན་པ་ངོ་རེ་འཚར། །འཁོར་བ་འདི་སྡུག་བསྔལ་བཙོན་དོང་ཀྱང་། །འོག་མིན་གྱི་ཆོས་དབྱིངས་ངོ་མཚར་ཆེ། །མི་ལུས་ཀྱི་གྲོགས་བཟང་རྙེད་ནས་ཀྱང་། །མདོ་སྔགས་ཀྱི་བསྟན་པ་དར་བའི་གླིང་། །གངས་ཅན་གྱི་ཆོས་མཛད་རྣམ་པ་ཚོ། །དུས་ད་རེས་འཆི་བ་མི་རྟགས་པའི། །འཁོར་བ་ལ་སྙིང་པོ་མེད་པ་རུ། །བདག་ཅག་གི་སྟོན་པས་ངོས་སྤྲོད་གདབ། །བཀའ་མཆིད་འདི་གཙོ་བོར་བཏོན་ནས་ཀྱང་། །ལྷ་ཆོས་ཤིག་བསྒྲུབས་ན་ཞེ་རེ་ཚིམ། །ཕོ་འདོ་ཡོད་ཀྱི་བྱ་བ་ཡིན་ནམ་སྙམ། །ཡུལ་གངས་ཅན་གྱི་བྱང་སྡེ་ཧོར་གྱི་གླིང་། །ལྷ་ཆོས་ལ་འདྲིས་པ་ཆུང་བ་དང་། །སྟོང་ཟོག་པོའི་མགོ་བསྐོར་འཚུབས་པའི་མཐུས། །ས་མུ་མེད་ཀྱི་བྱང་ཐང་ཡངས་པ་ན། །མི་འདོ་མེད་བཤན་པའི་གླིང་ཞིག་ཡོད། །དཀོར་ནག་པོའི་ཡོང་སྒོ་ཞིག་བཟང་ན་ཡང་། །འདི་གཅན་སྤྱང་གི་འཛུལ་ཟན་ཤ་དང་འདྲ། །ཁྱེད་རྟོགས་ལྡན་གྱི་རྣལ་འབྱོར་རིན་པོ་ཆེ། །འཁོར་གསུམ་གྱི་དམིགས་མེད་བསྔོ་བ་ཡིས། །རྒྱས་ཐེབས་པའི་སྦྱིན་བདག་ཡོན་མཆོད་རྣམས། །བྱང་ཆུབ་ཀྱི་འབྲས་བུས་གཉིས་ཀ་འཚེང་། །འོན་ཀྱང་ཉམས་ལེན་སྙིང་པོར་དྲིལ། །ཐར་ལམ་གྱི་བར་དུ་གཅོད་པའི་བགེགས། །རྐྱེན་ཕྱི་ནང་གི་ཚོགས་ལ་བག་ཡོད་མཛོད། །སྤྲང་བདག་ལ་བསྐྱེལ་མ་བཟང་ལགས་སོ། །ད་ཡུན་དུ་སྐུ་ཁམས་བཟང་པོ་མཛོད། །ཅེས་པ་འདི་དགེ་སློང་བསྟན་འཛིན་ལ་སྤྲང་བན་གྱིས་སྨྲས་པའོ། ༈ སྤྲོས་བྲལ་གཉུག་མ་འོད་གསལ་ཆོས་ཀྱི་སྐུ། །མ་བཅོས་ལྷུན་གྲུབ་རང་མདངས་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པ་མཚོ་སྐྱེས་རྡོ་རྗེའི་བརྒྱུད། །གསང་སྔགས་འཆང་བ་རྣམས་ཀྱི་ཞབས་དྲུང་དུ། །བཀའ་མཆིད་རིན་ཆེན་རྒྱན་ལྡན་སྤྱི་བོར་བབས། །དགེ་བའི་གསོས་སུ་གྱུར་པས་རྗེས་ཡི་རངས། །བདག་མཆིས་ཀྱི་ཐ་ཤལ་བྱ་བྲལ་པ། །ཆུང་ནས་ས་མཐར་འཁྱམས་པ་ཡི། །ཐོས་བསམ་སྒོམ་གསུམ་རླུང་གིས་ཁྱེར། །གཞན་ལ་ཕན་པའི་ཡོན་ཏན་མེད། །གྲོག་སྐམ་ཅལ་སྒྲོག་ཁོ་ན་ལས། །སད་སེར་སྐྱོབས་པའི་ནུས་པ་བྲལ། །གཞན་ལ་དབང་བསྐུར་བྱེད་འདོད་ཀྱང་། །ལྟ་སྒོམ་སྤྱོད་གསུམ་དྲི་མི་བྲོ། །གནས་འདིར་བརྟན་པར་སྡོད་པ་ལ། །ལྟོ་གོས་ཀྱིས་དེད་ན་ཡུལ་གྲུ་དགུར། །བྱ་བྲལ་མི་འཁྱམས་སྡོད་ཐབས་མེད། །ཚེ་འདིའི་བྱ་བ་མ་འགྲུབ་ནས། །ཕོ་འདོ་མེད་ཆོས་ལ་སྐྱབས་པའི་མི། །ནང་ཉམས་ལེན་གྱི་དྲོད་རྟགས་གང་ནས་ཡོང་། །འདི་འདོད་ཀྱང་རི་བོང་རྭ་དང་འདྲ། །དེས་ན་སྙོམ་ཆུང་གི་བྱ་བྲལ་ལ། །མི་ཁྱག་པའི་ཁུར་པོ་བཀལ་ནས་ཀྱང་། །བཀའ་བཀྱོན་ཞིག་གནང་ན་སྡིག་པ་ཆེ། །སྙིང་རྗེ་རུ་དགོངས་དང་སྔགས་འཆང་རྣམས། །དུས་ད་ལྟ་འགྲོན་པོ་ངལ་བསོ་ཙམ། །ཕྱོགས་འདིར་ཡུད་ཙམ་བསྡད་པ་འདི། །ཁྱེད་གཞན་ལ་ཕན་གནོད་གང་ཡང་མེད། །བདག་ངན་སོང་གི་གནས་ལ་ཆེར་འཇིགས་ནས། །ཡིག་དྲུག་གི་རང་དོན་བསྒྲུབ་པ་ལས། །འབྱུང་པོའི་ཁ་འཆིངས་སད་སེར་སོགས། །བསྲུང་རྒྱུ་ཨི་རྙེད་བསམ་པ་མེད། །རྣམ་དག་ལྷུན་གྲུབ་ཡངས་པའི་ས་གཞི་ལ། །རང་འབྱུང་ཆོས་ཉིད་དག་པའི་སྐྱེས་བུ་ཡིས། །ཐབས་ཤེས་གཉིས་སུ་མེད་པའི་དོར་ཞིག་བཟུང་། །བྱ་བྱེད་རྣམ་པར་དག་པའི་ཐོང་གཤོལ་སྤྲད། །དོན་དམ་འགྱུར་བ་མེད་པའི་ས་བོན་གཏོར། །བག་ཆགས་དབྱིངས་སུ་དོར་བའི་རོལ་ཞིག་བརྒྱབས། །ཕྱོགས་འཛིན་འདོད་པ་བྲལ་བའི་ཆར་པ་བབ། །བྱང་ཆུབ་སེམས་ཀྱི་སྡོང་པོ་ལྗང་བུ་འཁྲུངས། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་འབྲས་བུ་སྨིན། །མ་བྱས་རང་བྱུང་སྟོང་པའི་ནམ་མཁའ་ནས། །ཐུགས་རྗེ་ཕྱོགས་རིས་མེད་པའི་ཉི་ཟླ་ཤར། །ཡུལ་ཞེན་འཛིན་པས་མ་གོས་གཟའ་སྐར་བཀྲ། །ཀུན་སྣང་དབྱིངས་ལ་དག་པའི་ལྷོ་སྤྲིན་འཁྲིག །ངར་འཛིན་བྲལ་བའི་འབྲུག་གི་སྒྲ་ཆེན་སྒྲོག །གཡོ་མེད་དྲན་རིག་རྒྱལ་པོའི་རླུང་ཡང་བརྡལ། །རང་ཅག་འགྲོ་བའི་དགེ་ལེགས་བསྐྲུན་པའི་གནས། །སད་དང་སེར་བ་ཡུལ་ཕྱོགས་འདི་ན་སྡང་། །བསྲུང་སྐྱོབ་འདོད་ན་དོན་འདིའི་ཉ་ར་རེམ། །ཆོས་ཉིད་དོན་ལ་མ་རིག་སད་ཀྱིས་སྡང་། །ཀ་དག་ཡུལ་ལ་ཀུན་གཞིའི་སེར་བ་འབབ། །རང་བྱུང་རིག་པར་བག་ཆགས་སད་ཀྱིས་སྡང་། །སྟོང་པ་ཉིད་ལ་དངོས་པོའི་སེར་བ་འབབ། །བློ་བྲལ་དོན་ལ་ཞེན་པའི་སད་ཀྱིས་སྡང་། །ཏིང་འཛིན་ཡུལ་ལ་གཉིས་འཛིན་སེར་བ་འབབ། །དགེ་བ་བཅུ་ལ་མི་དགེའི་སད་ཀྱིས་སྡང་། །མེ་ལོང་ཡེ་ཤེས་ཞེ་སྡང་སེར་བ་འབབ། །མཉམ་ཉིད་ཡེ་ཤེས་ང་རྒྱལ་སད་ཀྱིས་སྡང་། །སོར་རྟོགས་ཡེ་ཤེས་འདོད་ཆགས་སེར་བ་འབབ། །བྱ་གྲུབ་ཡེ་ཤེས་ཕྲག་དོགས་སད་ཀྱིས་སྡང་། །ཆོས་དབྱིངས་ཡེ་ཤེས་གཏི་མུག་སེར་བ་འབབ། །ཆོས་ཀྱི་སྐུ་ལ་མ་རིག་སད་ཀྱིས་སྡང་། །ལོངས་སྤྱོད་རྫོགས་སྐུར་བདག་འཛིན་སེར་བ་འབབ། །སྤྲུལ་པའི་སྐུ་ལ་ལོག་ལྟའི་སད་ཀྱིས་སྡང་། །སངས་རྒྱས་དོན་ལ་རེ་དོགས་སེར་བ་འབབ། །ལུས་ཅན་ཀུན་ལ་འཆི་བདག་སད་ཀྱིས་སྡང་། །ལང་ཚོ་དར་མར་རྒས་པའི་སེར་བ་འབབ། །སྐྱེས་པའི་ཐ་མར་འཆི་བའི་སད་ཀྱིས་སྡང་། །འདུས་པའི་ཐ་མར་འབྲལ་བའི་སེར་བ་འབབ། །བསགས་པའི་ཐ་མར་འཛད་པའི་སད་ཀྱིས་སྡང་། །བསླང་བའི་ཐ་མར་འགྱེལ་བའི་སེར་བ་འབབ། །ལོངས་སྤྱོད་ཅན་ལ་སེར་སྣའི་སད་ཀྱིས་སྡང་། །སྔོན་བསགས་མེད་ལ་མེད་འཕོངས་སེར་བ་འབབ། །ཚུལ་ཁྲིམས་ཅན་ལ་འདོད་པའི་སད་ཀྱིས་སྡང་། །འཆལ་པའི་རིག་ལ་ངོས་ལྐོག་སེར་བ་འབབ། །བཟོད་པ་མེད་ལ་ཁོང་ཁྲོའི་སད་ཀྱིས་སྡང་། །བརྩོན་འགྲུས་ཞེན་པར་ལེ་ལོའི་སེར་བ་འབབ། །ཤེས་རབ་འཆལ་པར་འཁྲུལ་པའི་སད་ཀྱིས་སྡང་། །བསམ་གཏན་ཅན་ལ་བག་ཆགས་སེར་བ་འབབ། །ཆོས་བཞིན་སྤྱོད་ལ་ཆོས་བརྒྱད་སད་ཀྱིས་སྡང་། །ཆོས་བསམ་ཅན་ལ་ཚེ་ཡི་སེར་བ་འབབ། །ཆོས་སྒོར་ཞུགས་ལ་གྲུབ་མཐའི་སད་ཀྱིས་སྡང་། །ཆོས་མེད་སྐྱེ་བོར་ལོག་ལྟའི་སེར་བ་འབབ། །དད་པ་མེད་ལ་ལོག་ལྟའི་སད་ཀྱིས་སྡང་། །མོས་གུས་ཆུང་ལ་ཕྱོགས་རིས་སེར་བ་འབབ། །ཚེ་འདིར་ཞེན་ལ་སྡུག་བསྔལ་སད་ཀྱིས་སྡང་། །ཚོགས་མ་བསགས་ལ་སྡིག་པའི་སེར་བ་འབབ། །དེས་ན་སད་དང་སེར་བ་འདི་རྣམས་ལ། །རང་ཅག་དལ་འབྱོར་རིན་ཆེན་ལྡན་རྣམས་ཀྱིས། །ངེས་པར་ད་རེས་སད་སེར་མ་བསྲུངས་ན། །བྱང་ཆུབ་ཐར་པའི་ས་བོན་འདི་ཡིས་བཅོམ། །རྟགས་ཏུ་བདེ་མེད་འཁོར་བའི་དོང་དུ་བསྐྱུར། །དེ་ལྟར་གྱུར་ན་སྡུག་བསྔལ་རང་བཞིན་ཏེ། །རང་མགོ་མི་དགེར་ནུབ་པས་འགྱོད་ཆེན་ལྡན། །བྱང་ཆུབ་ཆོས་ཀྱི་ཞིང་ཁམས་དམ་པ་དེར། །སྡང་བའི་བག་ཆགས་སད་དང་སེར་བ་རྣམས། །ད་ལམ་མི་ལུས་གཙང་མའི་གྲོགས་དང་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་གདམ་པ་ཡི། །ཆོས་ཉིད་མངོན་སུམ་བལྟ་བའི་རྫས་སྦྱར་ཏེ། །ཉིན་མཚན་ཁོར་ཡུག་ཆུ་བོའི་རྒྱུན་བཞིན་དུ། །རང་གཞན་གཉིས་སུ་མེད་པའི་སེམས་བསྐྱེད་ངང་། །སད་སེར་བསྲུང་ཐབས་གང་ཟབ་ངང་ལ་གནས། །དེ་ལ་ཁྱེད་རྣམས་དགྱེས་པར་དགོངས་སུ་གསོལ། །དམ་པ་ཁྱེད་ཅག་ཐུགས་ལ་དེ་ལྟར་ཞོག །གཟིགས་རྟེན་སྟོང་མིན་ཙམ་བཅས་འཕྲལ་དུ་ཕུལ། །ཅེས་པ་འདི་བདག་སྤྲང་བན་གྱིས་ནགས་ཤོད་དཔོན་མཚམས་སྔགས་པས། སད་སེར་བསྲུང་ལ་ཁམ་ཤག་ཏུ་སྡོད་གསུངས་པ་ལ་སྨྲས་པའོ། །ཨོཾ་ཨཱཿ་ཧཱུྃ་གྷུ་རུ་པདྨ་སིདྡྷི་ཧཱུྃ། སངས་རྒྱས་རྣམས་ཀྱི་མཛད་ཕྲིན་རྨད་བྱུང་ལས། །རྒྱལ་བའི་སྤྱི་གཟུགས་རྒྱལ་སྲས་པདྨ་འབྱུང་། །དམ་ཅན་མཁའ་འགྲོ་འབར་བའི་སྤྲིན་འཕྲོ་བ། །གཏན་གྱི་སྐྱབས་གནས་ཨོ་རྒྱན་པདྨ་ལ། །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས། །ཀྱེ་ཧོ་ཉོན་དང་དད་ལྡན་པདྨ་བ། །སྔོན་ཚེ་འདས་དུས་བསྐལ་པའི་གོང་རོལ་ནས། །རང་བྱུང་ཆོས་སྐུ་རང་རིག་གཡེར་པོ་ཆེ། །ཆོས་ཉིད་ངོ་བོར་རྒྱ་ཆད་ཕྱོགས་ལྷུང་མེད། །གང་དུའང་མ་གྲུབ་གང་དུའང་མི་གནས་ཚེ། །ཆོས་དབྱིངས་ངོ་བོ་ཀུན་བཟང་རང་ཞལ་དུ། །རང་ངོར་གསལ་ཀྱང་རང་ཞལ་མ་མཇལ་ཏེ། །མ་རིག་སྒྲིབ་པའི་རླུང་གིས་བསྐྱོད་པའི་མཐུས། །ཁམས་གསུམ་རིགས་དྲུག་འགྲོ་བ་འདིར་འཁྱམས་ཏེ། །ལས་སྨིན་བསགས་པ་བསམ་འདས་བརྗོད་མི་ལང་། །ཡང་ཤི་ཡང་སོས་སྡུག་བསྔལ་ཕ་མཐའ་ཡས། །འདི་ལྟར་འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས། །ཕ་མ་གཉན་གྱུར་དགྲ་སྡང་འཁོར་ལོ་འཁོར། །ཟོ་ཆུའི་འཁྱུད་མོ་བཞིན་དུ་ཡང་ཡང་བརྒྱུད། །སྐྱེ་བ་ལ་ལར་ཕ་མ་བུ་རུ་སྐྱེས། །ཤ་ཚ་གཉེན་བྱམས་བྱས་པ་དཔག་ཏུ་མེད། །སྐྱེ་བ་ལ་ལར་དགྲ་ཟླ་གནོད་བྱེད་གྱུར། །སྡུག་བསྔལ་གནོད་པ་སྐྱལ་བ་དཔག་ཏུ་མེད། །སྔ་མའི་ཕ་མ་ད་ལྟའི་དགྲ་ཟླ་སྟེ། །ད་ལྟའི་དགྲ་ཟླ་ཕྱི་མའི་བཟའ་མིར་སྐྱེ། །བུ་ལོན་ཆགས་འཁོན་གང་ཆེ་བུ་བརྒྱུད་སྟེ། །བློ་གཏད་མེད་པར་སྒྱུ་མའི་གྲོང་ཁྱེར་འདིར། །བྱིས་པའི་སྐྱེ་བོ་ཚེ་འདིའི་དབང་ལ་སྤྱོད། །འཁྲུལ་སྣང་ལས་ལ་ཟད་མཐའ་ནམ་ཡང་མེད། །དཔེ་ནི་བྱེ་མ་བཙིར་ནས་སྣུམ་འདོད་འདྲ། །ཁམས་གསུམ་རིགས་དྲུག་འཁོར་གནས་འདི་ཉིད་དུ། །མི་གཅིག་སྐྱེ་ཤིའི་ཁ་ལོ་བརྒྱུད་པ་ཡི། །ཤི་བའི་རོ་རྣམས་ཕུང་པོར་བྱར་ཡོད་ན། །སྟོང་གསུམ་འཇིག་རྟེན་ཁམས་འདིར་ཕྱུར་བུར་འགང་། །ངུས་པའི་མཆི་མ་རོལ་མཚོ་བདུན་ལས་མང་། །རྣག་ཁྲག་ཟགས་པ་རྒྱ་མཚོ་སྟོང་ལས་ལྷག །ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང་། །ཀྱེ་མ་རིགས་དྲུག་འཁོར་བའི་གྲོང་ཁྱེར་འདིར། །ཐོག་མ་མེད་ནས་ལས་ཀྱི་དབང་གིས་ཁྱེར། །རང་བྱས་ལས་ཀྱིས་རང་ཉིད་མནར་བ་སྡུག །ཐ་མ་མེད་པར་དབང་མེད་ཕ་རོལ་འཁྱམས། །རང་དབང་མེད་པར་སྡུག་བསྔལ་མྱོང་དགོས་སྡུག །ལེགས་པར་བསམ་ན་ཡུད་ཙམ་ཚུགས་ཐབས་མེད། །མི་ལུས་ཐོབ་པའི་འགྲོ་བ་ཕོ་མོ་ཚོ། །ཚེ་འདི་སྐད་ཅིག་རྨི་ལམ་སྣང་བ་ལ། །སྟོང་ལོག་བསྐལ་པའི་བར་གྱི་ཤོམ་རྒྱ་འདེང་། །མི་འཆིའི་གདེངས་ཚད་དེ་རིང་ཙམ་ཡང་མེད། །རང་མགོ་རང་གཡོགས་གསེར་དང་སྦང་མ་བརྗེས། །མི་ཚེ་ཡུད་ཡུད་ངང་ལ་མ་ཚོར་ཟད། །བྱ་བྱེད་མང་པོའི་བྲེལ་བས་གཡེང་བཞིན་དུ། །ཉིན་མཚན་དལ་མེད་ལས་ལ་སྤྱོད་སྐབས་ཤིག །ནད་གདོན་བགེགས་སོགས་གཤིན་རྗེའི་ཞགས་པས་འཛིན། །ཐར་པ་མེད་པར་འཇིག་རྟེན་ཕ་རོལ་དུ། །གཤིན་རྗེའི་གྲོགས་དང་བསྡོངས་ནས་བར་དོར་འཁྱམས། །དཀར་ནག་ལས་ཀྱི་དབང་གིས་གཏོང་མཐའ་མེད། །ལྷ་གནས་སྐྱེས་ཀྱང་འཆི་འཕོ་ལྟུང་བའི་སྡུག །ལྷ་མིན་འཐབ་རྩོད་གྲི་ཁར་འཆི་དགོས་སྡུག །ཡི་དྭགས་རྣམས་ལ་བཀྲེས་ཤིང་སྐོམ་པའི་སྡུག །དུད་འགྲོ་གླེན་ལྐུགས་གཅིག་ལ་གཅིག་ཟའི་སྡུག །ཚ་དམྱལ་བརྒྱད་ལ་བཙོ་བསྲེག་སྡུག་བསྔལ་དང་། །གྲང་དམྱལ་བརྒྱད་ལ་གྲང་ཞིང་བསིལ་བའི་སྡུག །མི་ལ་སྐྱེ་རྒ་ན་དང་འཆི་བའི་སྡུག །གང་ལྟར་བསམས་ཀྱང་ད་རེས་ཆོས་ཤིག་རན། །ལོང་ཡོད་མ་བྱེད་འཆི་བ་སྙིང་ལ་བསྒོམས། །ཐོབ་ཆོག་མ་བྱེད་ཉམས་ལེན་གནད་དུ་བསྣུན། །མཉམ་གྲོགས་མ་བྱེད་བླ་མ་སངས་རྒྱས་བསྐྱེད། །དག་སྣང་མ་ཆུང་མཆེད་གྲོགས་དམ་ཚིག་བསྲུངས། །སྣང་བར་མ་ཞེན་གཟུགས་སྣང་ལྷ་སྐུར་བསྒོམས། །སྒྲ་ལ་མ་ཞེན་གྲགས་སྟོང་སྔགས་སུ་བསྒྱུར། །རེ་དོགས་མ་འཛིན་རང་རིག་དྲི་མེད་སྐྱོངས། །མོས་གུས་མ་ཆུང་གསོལ་བ་སྙིང་ནས་ཐོབ། །བརྩོན་འགྲུས་མ་ཆུང་དགེ་སྦྱོར་འབུངས་གསུམ་ཐོན། །གསོག་འཇོག་མ་མཁས་སྦྱིན་པ་ཕྱོགས་མེད་ཐོང། །སེམས་བསྐྱེད་མ་ཆུང་སྨོན་ལམ་གཞན་དོན་ཐོབ། །ཕྱི་ལྟར་ཆོས་སྤྱོད་དགེ་བཅུ་ཅི་ལྕོགས་རེམ། །ནང་ལྟར་ཐོས་བསམ་སྒོམ་གསུམ་རང་རྒྱུད་དྲིལ། །གསང་བ་རང་བཞིན་རྫོགས་ཆེན་དོན་ལ་ལྟོས། །དེ་ཡང་དུས་གསུམ་ཤེས་པར་མ་འཛིན་པར། །རང་སེམས་ངོ་བོ་ཉིད་ལ་རང་བལྟས་པས། །མཐོང་དུ་མེད་ལ་ཤེས་རིག་སྟོང་གསལ་དུ། །སུས་ཀྱང་མ་བྱས་ཡེ་ནས་རང་བྱུང་བ། །སྨྲ་བསམ་བརྗོད་མེད་བློ་ཡི་ཡུལ་ལས་འདས། །གཅིག་ཏུ་མ་ཡིན་དུ་མ་རོ་ཅིག་ཀློང་། །དུ་མ་མ་ཡིན་རང་མདངས་གཅིག་ཏུ་གསལ། །ཡོད་པ་མ་ཡིན་སྟོང་ཉིད་བློ་ལས་འདས། །མེད་པ་མ་ཡིན་གསལ་རིག་རྒྱུན་ཆད་མེད། །འདི་ནི་བདེ་གཤེགས་སྙིང་པོ་རང་གི་སེམས། །དུས་གསུམ་རྒྱལ་བ་རྣམས་ཀྱི་གསང་ཆེན་ལམ། །བླ་མེད་སྡེ་སྣོད་ཆོས་རྣམས་ཀུན་གྱི་བཅུད། །གནས་ཡུལ་དཔའ་བོ་དཔའ་མོའི་སྲོག་ཕུར་ཏེ། །རིགས་འཛིན་བྱང་ཆུབ་སེམས་དཔའི་སྙིང་ཐིག་ཉིད། །དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་གདམས་ཆེ། །ཕྱོགས་བཅུའི་རྟོགས་ལྡན་ཕོ་མོའི་ཉམས་རྟོགས་ཡིན། །ཆོས་ཀུན་རྩ་བ་གཅིག་དྲིལ་མན་ངག་མཆོག །དོན་དེ་མཐོང་བའི་སྐྱེ་འགྲོ་ཕོ་མོ་ལ། །སྐལ་ལྡན་བུ་ཞེས་རྒྱལ་བས་བསྔགས་པ་བརྗོད། །དེ་ཡི་ངང་ལ་ཟ་འགྲོ་ཉལ་འཆག་གཉིད། །སྒོམ་པ་མེད་ཀྱང་བསྒོམ་མཁན་ངོ་བོ་ཉིད། །མཐོང་བ་མེད་ཀྱང་བློ་ལས་འདས་པར་བཞག །ཐོབ་པ་མེད་ཀྱང་དཔའ་བརྟན་རང་སོ་ཟིན། །འདི་ནི་མ་རིག་ཉོན་མོངས་རང་ངོར་སངས། བྱང་ཆུབ་བླ་མེད་མངོན་དུ་རྒྱས་པ་སྟེ། །ཆོས་ཉིད་གདོད་མའི་སར་ཕྱིན་ཨེ་མ་ཧོཿ དུས་མཐའི་སྦྲང་བན་རིགས་འཛིན་རྣམ་རྒྱལ་ང། །ལས་ངན་དབང་གིས་འཁོར་བ་འདིར་འཁྱམས་ཤིང་། །ཤ་ཁྲག་དྲ་བའི་གཟུགས་སུ་ཆུད་ན་ཡང་། །ཕ་གཅིག་གྲུབ་ཐོབ་པདྨ་རིགས་འཛིན་གྱི། །གནད་ཀྱི་སྙིང་ཐིག་རྫོགས་ཆེན་ངོ་སྤྲོད་ཐོབ། །འདི་ནི་སྙིང་པོའི་ཡང་སྙིང་ནོར་གྱི་མཆོག །ལས་འཕྲོའི་དབང་གིས་དག་སྣང་ཕྲན་བུ་དང་། །མཁའ་འགྲོའི་ལུང་བསྟན་ཟ་ཟི་བན་བུན་མཐུས། །ཉམས་ཀྱི་སྣང་བར་སྐབས་སྐབས་ལེགས་ཉེས་གསལ། །ལྷག་པའི་ལྷ་མཆོག་ཚེ་དཔག་མེད་མགོན་ལ། །ཡི་དམ་གྱིས་ལ་བསྙེན་སྒྲུབ་ཐོང་མཛོད་དང་། །སྔོན་ལས་བཟང་པོའི་ཚེ་རབས་ལྷ་རུ་གདའ། །ཡི་གེ་བརྒྱ་པ་བཤགས་རྒྱུད་ཅི་མང་ཐོན། །སྔོན་ཚེ་ཀོང་པོ་ཙ་རི་མཚོ་དཀར་བའི། །ཚུལ་གཉེར་བན་མ་ཧོར་གྱི་ལུས་སུ་སྐྱེས། །ད་སྟེ་ཤི་འཕོས་སྒ་རྗེར་གཅོད་པར་སྐྱེ། །འདི་ཕྱིའི་སྣང་བ་རྨི་ལམ་ཡུལ་དང་འདྲ། །དོན་ལ་རྟགས་འཛིན་སྤོངས་ཤིག་སྐལ་ལྡན་པ། །ཅེས་པ་འདི་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། ཆགས་རི་ཕུག་ནག་བདེ་བ་ཆེན་པོར་དགོངས་མོ་སྐབས་ཅིག་ལ་བཤུར་ཏེ་བྲིས་པ་འདི། ཅི་རོང་གི་སྔགས་པ་པདྨ་ལ་སྨྲས་པའོ། །ཨོཾ་ཨཱཿཧཱུྃ བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུྃ། །རྒྱལ་བ་རྒྱ་མཚོའི་མངའ་བདག་འགྲོ་བའི་སྐྱབས། །འདི་ཕྱིའི་སྐྱབས་གནས་ཨོ་རྒྱན་པདྨ་ལ། །གུས་པ་ཆེན་པོའི་གསོལ་བ་སྙིང་ནས་འདེབས། །བྱིན་གྱིས་རློབས་ཤིག་དབང་མཆོག་བསྐུར་དུ་གསོལ། །ཀྱེ་ཧོ་ཉོན་ཅིག་འདིར་ཚོགས་སྐལ་ལྡན་རྣམས། །སྐྱེ་བ་འདི་ཡི་བསྐལ་པའི་སྔོན་རོལ་ན། །བག་ཆགས་ལུས་བླངས་ཡུལ་འདིར་ཕ་འཚེར་བཟུང་། །ལས་འཕྲོའི་དབང་གིས་ད་ལན་ཁམས་སུ་སྐྱེས། །སྨོན་ལམ་དབང་གིས་ཉི་མ་དབུས་ལ་སོང་། །དཀའ་བ་སྤྱད་པས་ལྷ་ཆོས་ཚུལ་བཞིན་འགྲུབ། །དམ་ཚིག་གཙང་བས་མཁའ་འགྲོའི་ལུང་བསྟན་ཐོབ། །སྨོན་ལམ་མཐུ་ཡིས་ཟབ་ཆོས་དངོས་གྲུབ་རྙེད། །དུས་མཐར་སྐྱེས་ཀྱང་བདག་གཞན་དོན་གཉིས་འགྲུབ། །ད་སྟེ་ཆེ་འབྲེལ་ཆུང་འབྲེལ་ལས་ཀྱི་འབྲེལ། དད་མོས་གསོལ་འདེབས་མོས་པ་མ་ཞེན་དང་། །རྔ་ཡབ་པདྨ་འོད་དུ་སྐྱེལ་ཏེ་གཏོང་། །མ་འོངས་དུས་ཀྱི་སྐྱེ་འགྲོ་ཕོ་མོ་འགས། །སྤྲང་པོ་བདག་གི་རྣམ་ཐར་བརྗོད་ཅིང་གླིང་། །ད་ལྟའི་ཡོན་བདག་ཕོ་མོ་ཁྱེད་རྣམས་ལ། །སྨོན་པ་འདེབས་ཤིང་མོས་གུས་བྱེད་པ་ཡོང་། །ང་ཡི་སྤྱོད་པར་ཐ་སྙད་མི་འདུག་ཀྱང་། །ཤ་ཁྲག་ཕུང་པོ་ཆོས་སྐུའི་སེམས་ཀྱིས་སྦྱངས། །རྣམ་ཤེས་གཟུགས་སྣང་ལྷ་དང་ལྷ་མོས་གང་། །བག་ཆགས་སྡིག་སྒྲིབ་རེ་དོགས་དབྱིངས་སུ་ཟད། །སྣང་བར་གང་ཤར་སྐྱག་གཏད་མེད་པའི་ཚེ། །འདོ་མེད་སྨྱོན་པའི་སྤྱོད་པ་ཆལ་མ་ཆོལ། །མོས་གུས་མ་ཆུང་གསོལ་བ་སྙིང་ནས་ཐོབ། །བཞི་བཅུའི་མར་འགྲིབ་བསྐལ་པའི་སྙིགས་མ་ལ། །གང་འདུལ་གཟུགས་བརྙན་གྷུ་རུའི་རྒྱལ་ཚབ་ཡིན། །ཕུན་སུམ་ཚོགས་པའི་གནས་མཆོག་སྲིང་མོ་རྫོང་། །ཕྱོགས་བཞིར་དབང་ཆེན་ཆུ་བོ་བཞི་པོ་ལས། །བྱང་ཕྱོགས་འཕྲིན་ལས་དབང་ཆེན་ཆུ་འབབ་འདིར། །མ་དང་མཁའ་འགྲོའི་གྲོང་ཁྱེར་འབུམ་ཕྲག་བཞུགས། །ཆུ་འཐུངས་སྐུ་གསུང་ཐུགས་ཀྱི་དབང་གསུམ་ཐོབ། །ཁྲུས་བྱས་ལུས་ངག་ཡིད་གསུམ་སྒྲིབ་པ་དག །གནས་ཀྱི་ཕྱོགས་བཞིར་སྒྲུབ་པའི་ཕུག་པ་བཞི། །དེ་ཡི་ནང་ནས་གྷུ་རུ་གསང་ཕུག་འདིར། །གནས་འབྲེལ་བྱས་ཚད་མཐོ་རིས་ལམ་སྣ་ཟིན། །ཕྱོགས་བཞིར་ཨོ་རྒྱན་ཆེན་པོའི་བཞུགས་ཁྲི་བཞི། །སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་པ་ཡོད། །ཕ་ཀིའི་ཆུ་འདི་ཕག་མོའི་གསང་ཆུ་ཡིན། །ནང་དུ་འཐུངས་ན་གསང་སྔགས་དབང་བཞི་ཐོབ། །ཨ་ལ་མ་ཡེངས་བདག་ལ་སྙན་གསན་དང་། རང་རེ་རྣམས་ཀྱི་དལ་འབྱོར་ལུས་པོ་འདི། །མི་རྟག་འདུས་བྱས་ཆུ་ཡི་སྦུ་བ་འདྲ། །རྟག་འཛིན་ཚེ་འདིའི་བྱ་བར་མ་ཡེངས་པར། །ཆོས་ལ་སྙིང་རུས་བྱེད་པའི་དུས་ལ་བབས། །རང་དབང་མེད་པའི་འཆི་བདག་བདུད་པོ་དེས། །ཕ་རོལ་འཇིག་རྟེན་བར་དོའི་གནས་སུ་འཁྲིད། །དེ་ཕྱིར་མི་ཚེ་ལོང་ཡོད་འདུག་ཆེས་སྤོངས། །ལས་ཀྱི་དབང་འདི་བཙན་ཞིང་སྟོངས་མཐའ་མེད། །རྣམ་པར་སྨིན་པ་ནག་ཕྱོགས་སྒྲིབ་པའི་ལས། །ད་ལན་ཞེ་བཅད་སྙིང་ནས་སྤང་དུས་བབ། །འཁོར་བ་རིགས་དྲུག་སྡུག་བསྔལ་རང་བཞིན་ཏེ། །སྙིང་ནས་སྤོངས་ཤིག་སྐལ་ལྡན་འདིར་ཚོགས་རྣམས། །མ་ཡེངས་བླ་མའི་ཞལ་གདམས་ཐུགས་ལ་ཆོངས། །སྤྲང་པོའི་སྔོན་གྱི་སྨོན་ལམ་སྟོབས་ཤུགས་དང་། །དད་ལྡན་མོས་པའི་རྟེན་འབྲེལ་ཤུགས་འཛོམ་ན། །རང་རེ་ཐམས་ཅད་བདེ་ཆེན་ཞིང་དུ་འཚོག །ཅེས་པ་འདི་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། །གྷུ་རུ་གསང་ཕུག་ཏུ་དད་ལྡན་ཀ་འོག་པ་དང་། །ཚ་གཟུ་འཛམ་གསུམ་གྱི་སྐྱེལ་མ་བ་མང་པོ་དང་། །ཅི་རོང་གི་སྔགས་པ་པདྨས་ནན་གྱིས་བསྐུལ་ངོར་སྨྲས་པའོ། །ཡུལ་མངའ་རིས་གུང་ཐང་གི་འོད་གསལ་ཕུག་ཏུ། །ཤེས་རབ་དང་དད་བརྩོན་ངེས་འབྱུང་སོགས་ཁྱད་པར་འཕགས་པའི་བཙུན་མ་སྒྲུབ་ཆུང་མ་ཞེས་བྱ་བ་ཞིག་འདུག་ཚེ། །འདི་ཁམས་སུ་འཁྲིད་འགྲོ་ནས་བཙུན་མ་རྣམས་ཀྱི་བླ་མ་བྱེད་འཇུག་དགོས་གདའ། །དུས་ངན་གྱི་སེམས་ཅན་སྤྱི་དང་ཁྱད་པར་བུད་མེད་ཀྱི་རིགས་འདི་ཉོན་མོངས་རགས་པས། །རླུང་འཁྲིད་ཡང་དག་པ་ཞིག་སྦྱང་བཅུག་སྟེ། མོ་བཙུན་ཆགས་པ་རགས་པ་འགའ་ཞིག་གི་མཐུན་འཇུག་གསང་སྔགས་ལ་སྦྱོར་གཏོང་བསམ་ཞིང་། མི་བདག་གི་བླ་མ་དགེ་སློང་ཉི་ཟླ་ཀློང་གསལ་གྱི་ཞབས་དྲུང་དུ། སྒྲུབ་ཆུང་མ་མ་བུ་གཉིས་དང་ཀུན་བཟང་དབང་མོ་རྣམས་རྩ་རླུང་གི་གདམས་པ་ཞུ་རུ་བཞག་པས། སྐབས་ཤིག་ཀུན་བཟང་དབང་མོ་ལོག་བྱུང་ཞིང་། སྒྲུབ་ཆུང་མ་མ་བུ་གཉིས་དགེ་སློང་རིན་པོ་ཆེའི་ཆག་ཕྱི་ལ་བསྡད་ཡོད་ཟེར་བས་སྒྲུབ་ཆུང་མའི་ཕ་རྒན་ཨ་ཁུ་གྲྭ་པ་རང་དང་མཉམ་དུ་ཡོད་པ་གུང་ཐང་ལ་ལོག་སོང་ཚེ། དཀོར་ཟོག་གི་སྐྱེལ་མ་ཕྲན་བུ་བྱས་ཤིང་། དགེ་སློང་རིན་པོ་ཆེའི་ཞབས་ཏོག་ལ་གང་འགྱུར་ཞིག་མཁྱེན་མཁྱེན་ཞུས་ཤིང་། རྣོ་བསམ་ཞིག་བཏང་བས། ངས་མི་ཡོང་ཞིང་མི་དགོས་པའི་བསམ་རྒྱ་མང་པོ་བྱས་པ་རེད་ཀྱང་། ད་ཁོང་རྣམས་ཀྱི་དགེ་སློང་རིན་པོ་ཆེ་དེའི་ཞབས་ཏོག་ཅིག་འགྲུབ་ན། འདི་ཕྱོགས་ལས་བྱུང་བ་བརྒྱ་སྟོང་ལས་ཀྱང་ལྷག་འདུག་སྟེ། བུད་མེད་ཀྱི་རིགས་འདི་བློ་ཁ་མི་བརྟན་པ་དང་། དུས་སྙིགས་པས་ཞབས་འདྲེན་འདྲ་ཡང་ཨི་བྱེད་ཤེས་རྒྱུ་མེད། བདག་རང་གི་བསམ་སྦྱོར་དེ་རྣམས་ཀྱང་ཕྱིན་ཅི་ལོག་གི་འཁྲུལ་པ་ཁོ་ནར་སོང་འདུག་ཀྱང་། སྐྱབས་བླ་མ་དཀོན་མཆོག་གི་ཐུགས་རྗེས་ལམ་ལོག་པ་མང་པོ་ལས་བདག་སྐྱབས་འདུག་བསམ་ཞིང་གླུ་དབྱངས་པ། ན་མོ་གྷུ་རུ་རཏྣ་བྷྱཿ བླ་མ་མཆོག་ལ་གསོལ་བ་འདེབས། །ཁྱོད་སྤྲང་པོ་འདོ་མེད་འཕོ་ལུང་པ། །ཧ་ཅང་བསམ་རྒྱ་ཆེས་དྲགས་འདུག །དེང་ཕྱིན་ཆད་བློ་སྣ་ནང་དུ་བསྡུས། །དོན་མེད་བསམ་རྒྱ་ཆེ་བ་འདི། །གཞན་ལ་ཕན་པའི་སེམས་བསྐྱེད་ཀྱང་། །རང་བསམ་བཞིན་དུ་གཞན་མི་མནོ། །ཕ་རོལ་སྐྱེ་འགྲོས་སྣ་ཚོགས་མཐོང་། །ཡང་དག་བསམ་བཟང་འཆང་ན་ཡང་། །ཕལ་ཆེར་ལོག་ལྟའི་ས་བོན་རྒྱུ། །སྣ་ཐག་བསྟུང་བའི་དུས་ལ་བབས། །མདོ་ཁམས་མཐའ་འཁོབ་མུན་པའི་གླིང་། །ཁྱད་པར་ནགས་སོག་གཉིས་ཀྱི་ས། །སྔོན་ནས་བསོད་ནམས་མ་བསགས་པས། །ལ་ལུང་འཕྲང་དམ་ངམ་གྲོག་ཆེ། །གྱོ་གསེག་ཚེར་མ་ཅན་གྱི་ས། །ལྷ་འདྲེས་དངོས་གཟུགས་སྟོན་པའི་ཡུལ། །ཟ་འདྲེས་ལུང་བསྟན་བྱེད་པའི་ས། །ཡུལ་ལྷ་ནག་ཕྱོགས་ཀླུ་བཙན་བདུད། །བློ་གཏད་སྒྲུངས་དང་ལྷ་པར་བྱེད། །སྐྱབས་སུ་སྲིད་པའི་ལྷ་ལ་འགྲོ། །ཕོ་གྲོལ་མོ་གྲོལ་ལུང་པ་གང་། །གྲེ་བོ་གྲེ་མོས་ཡུལ་གྲོང་གང་། །ཕོ་འདྲེ་མོ་འདྲེས་ས་མདོ་གང་། །སངས་རྒྱས་སྤྲུལ་པ་གདོད་ནས་དག །དགོན་པ་མང་ཡང་ཁྲིམས་རལ་སོང་། །དགེ་སློང་མང་ཡང་དགེ་ལྡན་དཀོན། །བཙུན་མ་མང་ཡང་ཁྲིམས་ལྡན་ཉུང་། །དགེ་བཤེས་མང་ཡང་མཚན་ལྡན་བྲལ། །སྔགས་པ་མང་ཡང་དམ་ལྡན་མེད། །ཚེ་འདིའི་ལོངས་སྤྱོད་ཕུན་ཚོགས་བརྟེན། །རིན་ཆེན་རྣམ་ལྔའི་དྲི་མི་བྲོ། །ལྟོ་གོས་ཆོས་གསུམ་དུད་འགྲོར་རེ། །མི་ལུས་དུད་འགྲོའི་གཡོག་ཏུ་བཀོལ། །ལྟོག་སྡུག་བསྲན་ནས་འཚོ་སྐྱོང་བྱེད། །འབྲས་བུ་ལྟོ་རྒྱབ་ངན་ཕྱིད་ཙམ། །དུད་འགྲོའི་རྒྱལ་ཁམས་མཐའ་འཁོབ་འདིར། །གསང་སྔགས་རྡོ་རྗེ་ཐེག་པ་དང་། །ཟན་དྲོན་བཟང་པོ་ལྟོ་ཕོར་གང་། །འདམ་ཁ་བཏང་ན་ཟན་ལ་སྙོབ། །འདི་འདྲའི་མི་ཡུལ་དུད་འགྲོའི་གླིང་། །དེ་ཕྱིར་དཀོན་མཆོག་ཐུགས་རྗེའི་མཐུས། །བཙུན་མ་ཀུན་བཟང་ཆོས་འཛོམས་མས། །གསང་སྔགས་ཉམས་ལེན་ཞུས་ནས་ཀྱང་། །ཡུལ་ཕྱོགས་འདི་རུ་མ་བྱོན་པ། །ཤིན་ཏུ་ལེགས་ལ་རྟེན་འབྲེལ་བཟང་། །བཙུན་མ་རང་གི་མཐུན་སྣང་ལྟར། །ཆོས་ཀྱི་བསམ་པ་འགྲུབ་ནས་ཀྱང་། །བླ་མའི་ཞབས་ཏོག་འགྲུབ་པར་ཤོག །སྐྱེ་བ་འདི་ནས་འཕོས་མ་ཐག །ཐབས་ལམ་སྒོམ་པའི་བྱིན་རླབས་ཀྱིས། །མཁའ་སྤྱོད་གནས་སུ་བགྲོད་པར་ཤོག །ཅེས་སྨྲས་སོ། །དེ་ནས་ས་ཕོ་རྟ་ལོ་ཧོར་ཟླ་བཅུ་གཅིག་པའི་ནང་དུ། སྲིང་མོ་རྫོང་མཆོག་གི་གནས་ལ་ཁ་བྱང་ལྟར་དུས་རྟགས་བསྟུན་ནས། བུ་མོ་སེར་སྦར་མ་གྲོགས་སུ་ཁྲིད་དེ་གཏེར་ཚོལ་དུ་སོང་བས། མ་རྙེད་ཚེ་རང་ཡི་མུག་ཅིང་གླུ་རུ་དབྱངས་པ། ཨོཾ་ཨཱ༔ཧཱུྃ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུྃ། །དུས་མཐར་སྐྱེས་པའི་སྤྲང་བན་ཉི་མ་གྲགས། །སྨོན་ལམ་དབང་གིས་མི་ཡི་ལུང་པར་འཁྱམས། །བསོད་ནམས་བསགས་པས་གྷུ་རུའི་ཟབ་གཏེར་ཐོན། །སྔོན་ལས་དབང་གིས་སྲིང་མོ་རྫོང་དུ་ཕྱིན། །རྟེན་འབྲེལ་གཟབས་ཀྱང་བར་ཆད་རྐྱེན་དབང་གིས། །གནམ་ལྕགས་རྡོ་རྗེ་བྲམ་ཟེའི་དབུ་ཐོད་དང་། །སྐྱེ་བདུན་ཤ་རིལ་བདུད་རྩི་ཆོས་སྨན་སོགས། །བོད་ཁམས་སྤྱི་ལ་དགོས་པའི་ལུང་བསྟན་རྣམས། །སྲིང་མོ་རྫོང་མཆོག་གནས་ལ་ལུས་ནས་ཐལ། །རྟེན་འབྲེལ་རྐྱེན་ངན་བར་ཆད་དབང་ཆེ་ཞིང་། །འཁོར་གཡོག་མང་དང་བདུད་ཀྱིས་བརླམས་སམ་ཀྱེ། །ས་ཕོ་རྟ་ལོ་ཧོར་ཟླ་བཅུ་གཅིག་པའི། །ཉི་ཤུ་ལྔ་དང་ཧོར་ཟླ་བཅུ་གཉིས་པའི། །ཚེས་པ་གཉིས་ལ་སོགས་པའི་དུས་གཉིས་སུ། །རྟེན་འབྲེལ་ཅི་ལྟར་གཟབས་ཀྱང་འགྲིག་མ་ཐུབ། །གཏེར་བསྲུང་མ་མོ་ཨེ་ཀ་ཙ་ཏི་མར། །བསངས་མཆོད་ཕུད་སོགས་ཕུལ་ཀྱང་ངོ་མི་འདུག །ལྔ་བརྒྱའི་དུས་ཀྱི་སེམས་ཅན་བསོད་ནམས་དང་། །འདོ་མེད་སྤྲང་པོའི་སྨོན་ལམ་མཚམས་སྦྱོར་དང་། །གཏེར་གྲོགས་མུ་དྲའི་དམ་ཚིག་བཟང་ངན་མཐུས། །གུ་རུའི་ལུང་དུ་གསལ་ཀྱང་གཏེར་མ་རྙེད། །སྙིང་རུས་བྱས་ཤིང་རྟེན་འབྲེལ་གཟབས་ན་ཡང་། །ཟབ་གཏེར་ལུས་པས་སྤྲང་པོ་ཡི་ཆད་གདུང་། །དམ་རྫས་གཏེར་གྱི་གཞན་ཕན་བྱ་རེ་ཡང་། །རི་བོང་རྭ་བཞིན་འབྱུང་དུ་མེད་ཚེ་སྡུག །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །བཀའ་རྒྱ་དམ་ཚིག་སྨོན་ལམ་གནང་ན་ཡང་། །བདག་ཉིད་བསོད་ནམས་དམན་པ་ཡི་རེ་འགྱོད། །ལས་འཕྲོས་ཁ་བྱང་ལག་ཏུ་བྱུང་ན་ཡང་། །བར་ཆད་རྐྱེན་གྱིས་ཟབ་གཏེར་ལུས་པ་འགྱོད། །མཚན་ལྡན་གཏེར་གྱི་གྲོགས་སུ་བརྟེན་པའི་ཚེ། །ཡིན་པར་རེ་ནས་གྲོགས་སུ་ཁྲིད་ན་ཡང་། །དངོས་གྲུབ་མེད་ལ་མི་ཁ་ཅལ་སྒྲོག་འགྱོད། །ཚེ་འདིའི་བྱ་བ་བློ་ཡིས་བཏང་ན་ཡང་། །ཟང་ཟིང་འདུ་ལོང་འཁོར་གཡོག་མང་འདིས་འགྱོད། །དོན་མེད་ཚེ་འདིའི་བྱ་བ་བོར་ན་ཡང་། །དགོས་དགོས་མང་ལ་མི་ཚེ་སྟོང་ཟད་འགྱོད། །བྱ་བྲལ་མི་གཅིག་ཁ་གཅིག་ཡིན་པ་ལ། །དཀོར་ནག་མང་པོའི་འདོར་ལེན་བྱེད་འདི་འགྱོད། །ཡངས་པའི་རྒྱལ་ཁམས་དབེན་གནས་ཡིན་པ་ལ། །སྲིང་མོ་རྫོང་གསུམ་གནས་ལ་ཆགས་པ་འགྱོད། །སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ལ། །ཀརྨ་རྣམ་རྒྱལ་གཤིན་ཆོས་དགོས་འདི་སྡུག །ད་སྟེ་སྤྲང་བན་འདོ་མེད་ངན་བུ་བདག །མཚན་ལྡན་རིགས་མ་གྲོགས་ཀྱི་མཆོག་གཅིག་དང་། །ཟུང་འཇུག་ཐབས་ཤེས་སྦྱོར་བས་འཁོར་འདས་ཆོས། །དྷུ་ཏིར་ཚུད་ནས་དགའ་བཞིའི་ཡེ་ཤེས་ངང་། །མི་མེད་ལུང་པར་ཏིང་འཛིན་བསྒོམས་ནས་ཀྱང་། །མཐོང་དང་ཐོས་དང་དྲན་དང་རེག་ཀྱང་རུང་། །གཤེ་དང་བཀུར་དང་ལོག་པར་བལྟས་ཀྱང་ནི། །འགྲོ་བ་ཀུན་གྱི་ལས་ཀྱི་རྒྱུན་བཅད་ནས། །སངས་རྒྱས་ཞིང་ཁམས་རྣམ་དག་བདེ་བ་ཅན། །པདྨ་འོད་སོགས་མཁའ་སྤྱོད་ཕོ་བྲང་དུ། །སེམས་ཅན་ཐམས་ཅད་ཁྱུ་དེད་བྱེད་པར་ཤོག །ཅེས་པ་འདི་སྤྲང་བན་རིགས་འཛིན་རྣམ་རྒྱལ་གྱིས། ས་ཕོ་རྟ་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་གྱི་ཉི་མ་ཤར་དྲོས་ཀྱི་དུས། སྲིང་མོ་རྫོང་མཆོག་གི་གནས་མདུན་དུ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བླ་མ་མཆོག་ལ་གསོལ་བ་འདེབས། །བཀའ་བརྒྱུད་ཀརྨའི་བསྟན་ལ་ཞུགས། །གསང་སྔགས་ལྕང་ལོའི་ཅོད་པན་ཅན། །ཤེས་རབ་བཟང་ལ་ཡོན་ཏན་ཆེ། །ང་རྒྱལ་རགས་ལ་སྣ་ཐག་ཐུང་། །སེམས་བརྒྱུད་དཀར་ཞིང་ཆོས་ལ་མོས། །ཐོས་བསམ་ཆེ་ཞིང་འཆད་རྩོད་དམན། །སངས་རྒྱས་བསྟན་པའི་རྡོ་རྗེ་སྤུན། །སྐབས་ལ་ལར་འགྲོགས་པའི་ཟླ་གྲོགས་པ། །དབང་བཞི་བསྐུར་བའི་སློབ་མ་དེ། །མིང་ལ་ཀརྨ་བརྩོན་འགྲུས་ཟེར། །སྔོན་ལས་ཚེ་མཐར་མ་ཕྱིན་ཞིང་། །འཕྲལ་རྐྱེན་ཆད་པས་སྲོག་བཅད་ནས། །ཆང་གིས་བཏེགས་ཏེ་མཐའ་ལ་ཡར། །སྙིང་རེ་རྗེ་ལ་ཤ་རེ་ཚ། །སྙིང་ནས་སྙིང་རྗེ་མི་སྐྱེ་རྒྱུས། །ཡུན་དུ་འདྲིས་ཤིང་ཕལ་ཆེར་འགྲོགས། །འདི་ཕྱིའི་བདེ་སྡུག་གླེང་བ་དྲན། །ཤ་ཚ་སྙིང་གཏམ་སྨྲས་པ་དྲན། །ཆོས་ཀྱི་དམ་ཚིག་ཕོག་པ་དྲན། །སྒྲུབ་པའི་དམ་བཅའ་བཏབ་པ་དྲན། །ཚེ་འདིའི་བྱ་བ་བསྐྱུར་སྨྲས་དྲན། །ཕྱི་མའི་ལྷ་ཆོས་གྱིས་སྨྲས་དྲན། །ཁོས་ཀྱང་དེ་ཀ་བྱེད་ཟེར་དྲན། །འཕང་སེམས་ཤ་རེ་མི་ཚ་རུ། །འབྲི་ཀློག་འདོན་གསུམ་ལ་སོགས་པའི། །དཀའ་སྤྱད་སློབ་གཉེར་མང་དུ་བྱས། །བདག་གཞན་གཉིས་ཕན་བསམ་རྒྱ་འཆང་། །ཐོས་བསམ་སྒོམ་གསུམ་ཞུན་མཐར་བཅད། །ལོ་ཉུང་མྱུར་དུ་མི་འཆི་བསམ། །ཉམས་རྟོགས་ཕུགས་ཀྱི་སྤེལ་བསམ་ལུས། །གློ་བུར་གཤིན་རྗེའི་ཞགས་པས་ཟིན། །འཆི་བདག་ཕོ་ཉས་ཁྲིད་ནས་ཐལ། །ཡ་ངའི་གཡང་ལ་ལྷུང་ནས་ཐལ། །རྦབ་གྲིར་སྲོག་དབུགས་ཕྲལ་ནས་ཐལ། །ཚེ་འདིའི་བྱ་བ་བསྐྱུར་ནས་ཐལ། །རྒྱབ་གོས་གྱོན་འཕྲོར་བཞག་ནས་ཐལ། །ཁ་ཟས་ཟ་འཕྲོར་ལུས་ནས་གདའ། །ཁ་སྐོམ་འཐུང་འཕྲོར་བོར་ནས་ཐལ། །གཅེས་པར་བསྐྱང་པའི་སྒྱུ་ལུས་དེ། །ཕྱི་ཤ་ནང་ཁྲག་འདྲེས་ནས་གདའ། །རྣམ་སྨིན་རོ་ལ་བོར་ནས་ཐལ། །ཚེ་ཡི་འདུན་མ་ཀུན་ནུབ་ཅིང་། །ཕྱི་མའི་སྣང་བ་ཤར་ནས་ཐལ། །ཕ་རྒན་འཇམ་དཔལ་ཤུལ་དུ་བསྐྱུར། །ལས་དབང་ཕ་དང་བསྡོངས་ནས་ཐལ། །བླ་མར་ལྷ་ཆོས་ཞུ་འཕྲོར་ལུས། །ཆོས་རྒྱལ་གསུང་ལ་ཉན་དུ་ཐལ། །གྲ་རོག་གྲོགས་མཆེད་འགྲོགས་འཕྲོས་ལུས། །གཤིན་རྗེའི་གྲོགས་དང་འགྲོགས་ནས་ཐལ། །དབེན་གནས་རི་ཁྲོད་བསྟེན་འཕྲོར་ལུས། །བར་དོའི་འཕྲང་ལ་འགྲིམ་ནས་ཐལ། །གཞོན་ནུ་ཁམས་དང་དབང་པོ་དར། །མེ་ཏོག་བཞིན་དུ་ཡལ་ནས་ཐལ། །ལྷག་བསམ་རྣམ་དག་འབྲས་བུ་དེ། །འཆི་བདག་སད་ཀྱིས་ཁྱེར་ནས་ཐལ། །བར་ཆད་རྐྱེན་གྱིས་མ་ཁྱེར་ན། །ཚེ་འདིར་རང་དབང་འཐོབ་རྒྱུ་ལ། །རྐྱེན་ངན་རླུང་གིས་ཁུར་བ་འགྱོད། །རྣམ་ཤེས་བར་དོའི་འཕྲང་ལ་འགྲིམ། །ཟས་སུ་དྲི་ཟ་ཐོགས་མེད་རྒྱུ། །མཚན་བྱང་མགོ་ལ་དབང་བསྐུར་བྱེད། །ལེགས་པར་བསམ་ན་སྐྱོ་བ་སྐྱེ། །ཁར་སང་མངོན་སུམ་ཡོད་པ་དེ། །དེ་རིང་རྨི་ལམ་སྣང་བ་འདྲ། །ཚུལ་བཞིན་སྤྱད་ན་སྙིང་རེ་རྗེ། །སྙིང་རེ་རྗེ་ཡང་བྱེད་ཐབས་བྲལ། །ཤ་རེ་ཚ་ཡང་སླུ་ཐབས་དཀོན། །ཟག་བཅས་ཟག་མེད་དགེ་བ་དང་། །ལྷག་བསམ་རྣམ་དག་བསོད་ནམས་མཐུས། །གཤིན་པོ་ཀརྨ་བརྩོན་འགྲུས་ཁོ། །རྫོགས་པའི་སངས་རྒྱས་འཐོབ་པར་ཤོག། །ཅེས་པ་འདི་ཀརྨ་བརྩོན་འགྲུས་རྦབས་ནས་ཤི་བ་ལ་སྐྱོ་བ་མང་པོ་སྐྱེས་ཏེ་སྨྲས་པའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །སྐྱེས་ནས་ཐམས་ཅད་འཆི་བའི་རྒྱུ། །ང་ཡི་ཕ་རྒན་ཤི་ནས་ཐལ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །འདུས་པ་ཐམས་ཅད་འབྲལ་བའི་རྒྱུ། །ང་ཡི་ཕ་རྒན་བྲལ་ནས་ཐལ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །བསླང་བ་ཐམས་ཅད་འགྱེལ་བའི་རྒྱུ། །ཕ་རྒན་སྒྱུ་ལུས་འགྱེལ་ནས་ཐལ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །བསགས་པ་ཐམས་ཅད་འཛད་པའི་རྒྱུ། །སྒྱུ་མའི་འགྲོན་ཁང་ཟད་ནས་ཐལ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །སྔོན་ལས་དབང་གིས་ཕ་བུར་སྐྱེས། །ཕ་བུར་མི་རྟག་སོ་སོར་བྲལ། །འདུས་བྱས་འཁོར་བའི་རང་མཚང་བསྟན། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །ཅེས་པ་འདི་བདག་སྤྲང་བནྡྷེ་རིགས་འཛིན་རྣམ་རྒྱལ་གྱིས་ཕ་རྒན་ཀརྨ་རྣམ་རྒྱལ་ཤི་བའི་དུས་སུ་སྨྲས་པའོ། །ཡང་བུ་མོ་སེར་སྦར་མས། བླ་མ་ཁྱོད་ཀ་འོག་གི་ཕོར་མཁན་ཚེ་འཕེལ་ལ་རིགས་འདུག །ལར་ནི་ཁྱོད་ཡ་ཕོ་ཡང་རེད། བྱི་ཕོ་རུ་ཡང་འདུག །གོས་དཀར་པོ་མུ་དྲིལ་སྔོན་པོས་བྱས་པ་འདི་ཡང་སྐྱེ་བོའི་གོས་རེད། ང་རང་ཁྱོད་ལ་རེ་ཆེན་པོ་ཡོད་པས་བཟུང་ན་བོངས་ཆུང་བ་ལ་བདག་ན་གོང་ཆེ་བའི་ཟོག་དགོས་ཟེར་བས། དཀོར་ཟོག་ཁྱོད་ལ་ཆེན་པོ་སྟེར་ཐབས་མེད། གལ་སྲིད་སྟེར་ཀྱང་ཁྱོད་ཀྱིས་ཞུ་མི་ཡོང་སྨྲས་ཤིང་གླིས་མོ་གཅིག་དང་རྫོངས་ཕྲན་བུ་ཞིག་བྱིན། རྗེས་སོར་བསམ་བློ་བཏང་བས། བུ་མོ་དེ་ལ་བསམ་བློ་མང་པོ་ཞིག་ཤར་འདུག །ལ་ལས་ནི་དད་པ་རྩེ་ཅིག །ལ་ལས་ནི་ལོག་ལྟ་རྩེ་ཅིག་བྱེད་པ་འདི་ཚོ་ཡང་རང་རང་གི་སྔོན་ལས་ཡིན་ཡོང་བསམས་ཤིང་གླུ་སྨྲས་པ། ན་མོ་གྷུ་རུ་རཏྣ་ཡེ། །མཚུངས་མེད་ཆེན་པོ་གྲུབ་པའི་དབང་ཕྱུག་ལ། །སྤྲང་པོ་བདག་གིས་གསོལ་བ་སྙིང་ནས་འདེབས། །བྱིན་གྱིས་རློབས་ཤིག་མཚན་ལྡན་ཆོས་ཀྱི་རྗེ། །ལེགས་པར་ཉོན་ཅིག་བུ་མོ་སེར་སྦར་མ། །ལྔ་བརྒྱའི་ཡང་མཐར་སྐྱེས་པའི་སྤྲང་པོ་ངས། །མནོ་བསམས་དྲན་པ་ཟིན་ནས་དེ་རིང་བར། །ཡ་ཕོའི་བྱ་བ་བྱས་པ་རྡུལ་ཙམ་མེད། །ཆུང་ངུའི་དུས་ནས་སངས་རྒྱས་བསྟན་ལ་ཞུགས། །མདོ་སྔགས་དམ་པའི་ཆོས་ལ་སློབ་གཉེར་བརྒྱབས། །རང་ཚོད་ཉེར་མཁོའི་གོ་རྟོགས་རྒྱུད་ལ་སྐྱེས། །ཆགས་མེད་བྱས་ཤིང་ཕ་ཡུལ་ཉེ་འབྲེལ་བསྐྱུར། །ཞེན་མེད་བྱས་ཤིང་ཕ་མ་གསོན་བྲལ་བྱས། །རྟོག་མེད་བྱས་ཤིང་ལྷ་ཆོས་དགོན་པ་བཏང་། །དགོས་མེད་བྱས་ཤིང་ལོངས་སྤྱོད་འདུ་འཛི་བོར། །ཕྱོགས་མེད་བྱས་ཤིང་ཡངས་པའི་གནས་ལ་འགྲིམ། །དད་པ་བྱས་ཤིང་བླ་མ་མང་དུ་བསྟེན། །མོས་གུས་བྱས་ཤིང་གསོལ་བ་སྙིང་ནས་བཏབ། །བརྩོན་འགྲུས་བྱས་ཤིང་སྒོམ་སྒྲུབ་དང་དུ་བླང་། །དཀའ་བ་སྤྱད་ཅིང་གནས་དང་བླ་རྟེན་མཇལ། །ད་ལྟ་ཤི་ཡང་ཕྱི་མ་འགྱོད་མེད་བྱས། །དེ་ཕྱིར་ཡ་ཕོ་ཡིན་བསམ་ཡིད་ལ་མེད། །ཁྱོད་རང་སྣང་བར་ཡ་ཕོར་མཐོང་བ་དེ། །རང་རེའི་མཚམས་སྦྱོར་སྔོན་ལས་ཡིན་ནམ་སེམས། །བྱི་ཕོ་གསུངས་པ་དོན་ལ་ངེས་པར་བདེན། །ཉེར་ལྔའི་བར་དུ་དགེ་ཚུལ་ཚུལ་ཁྲིམས་བསྲུངས། །ཤ་ཆང་སྒོག་གསུམ་དུག་ལྟར་རིང་དུ་སྤངས། །ཆོས་གོས་རྣམ་གསུམ་ལུས་དང་འབྲལ་མེད་བྱས། །དེ་གའི་ངང་ལ་ཚེ་འདི་སྐྱེལ་བསམས་ཀྱང་། །དངོས་ཉམས་རྨི་ལམ་སྣང་བ་ཟ་ཟིར་གྱུར། །སྐྱག་གཏད་མེད་པའི་སྨྱོན་པ་སྡུག་རྒན་ངས། །མི་ཡོང་ཡོང་མདོག་བྱ་བྱེད་སྤྲེལ་ལས་མང་། །འདི་ཕྱིའི་འདུན་མ་བར་སྣང་འཇའ་ལྟར་ཡལ། །ཡེ་ཤེས་དབྱིངས་ལས་ཤར་བའི་མཁའ་འགྲོ་མ། །འཇིག་རྟེན་མི་ཡི་བུ་མོ་མ་ཡིན་པའི། །ཚེ་རིང་འཇོམས་པ་ཡིད་འཕྲོག་ལྷ་མོའི་མཆོག །གཟུགས་ནི་རེས་མཐོང་རེས་མི་མཐོང་བའི་ལུས། །མཆོག་གི་བུ་མོ་དེ་དང་ཟུང་འཇུག་སྦྱར། །ཉམས་རྟོགས་རགས་པ་མང་ཞིང་རྒྱུད་སྐྱེས་འཕེལ། །སྐབས་འགར་ཉམས་སྣང་བདག་གཞན་ལེགས་ཉེས་མཐོང་། །གཞན་ཡང་ལུང་ནས་ཟིན་པའི་བུ་མོ་དྲུག །གྲོགས་མཆོག་གསང་སྤྱོད་དམ་ཚིག་བསྲེས་པའི་ཚེ། །དངོས་གྲུབ་རང་སྐལ་ཕྲན་བུ་རེ་རེ་ཐོབ། །བུ་མོ་ཁྱོད་རང་ཁྲིད་དེ་ཉེར་ལྔའི་ནུབ། །སྲིང་མོ་རྫོང་མཆོག་གནས་ལ་སོང་བའི་ཚེ། །དངོས་གྲུབ་གཏེར་གྱི་སྒོ་འགགས་ཡི་རེ་འགྱོད། །དེ་ལྟར་མ་ཡིན་གཞན་གྱི་བུད་མེད་ནི། །ཤ་ཟའི་བདུད་མོ་གསུམ་ལ་ཟིལ་གནོན་འཕངས། །གཞན་གྱི་ཚེ་སྲོག་འཕྲོག་པའི་ཁ་བགགས་བཏང་། །སྐྱེ་དམན་བུད་མེད་གསུམ་ལ་ལུས་འབྲེལ་བཏགས། །ངན་སོང་གསུམ་གྱི་སྐྱེ་སྒོ་ཨི་ཆོད་རེ། །དེ་དག་བྱི་ཕོ་བྱས་པའི་ལོ་རྒྱུས་ཡིན། །ཕོར་མཁན་ཚེ་འཕེལ་གཟུགས་ལ་མི་རིགས་རྒྱུ། །སྐྱེ་རྒ་ན་འཆིའི་གྲ་ཁང་གྲུ་བཞིའི་ནང་། །གཟུགས་སྣང་མི་ལུས་སྒྱུ་མའི་འཁྲུལ་འཁོར་གྱིས། །བག་ཆགས་འཁྲུལ་སྣང་ཡེ་ཤེས་ཕོར་བུ་བསྲུབས། །སྟོང་ཉིད་སྙིང་རྗེའི་ཟག་མེད་བདུད་རྩིས་བལྟམས། །སྐུ་བཞིའི་འབྲས་བུ་སྐལ་ལྡན་རྣམས་ལ་སྟེར། །དེ་ཕྱིར་ཕོར་མཁན་གཟུགས་ལ་ཕོར་མཁན་རིགས། །ང་ཡི་གཟུགས་ཕུང་གཡོགས་པའི་གོས་དཀར་འདི། །ཐ་མལ་སྐྱེ་བོའི་རྒྱབ་གོས་མ་ཡིན་ཏེ། །རྡོ་རྗེ་སེམས་དཔའི་གསང་གོས་དྲི་མ་མེད། །མུ་དྲིལ་སྔོན་པོ་ཆོས་ཉིད་འགྱུར་མེད་མཚོན། །འོན་ཀྱང་རང་སྣང་གང་ལྡན་མཐོང་ཉམས་ལྟར། །ཡིད་ལ་ཞོགས་ཤིག་གཞན་གྱུར་ཞུ་རྒྱུ་མིན། །ཅུང་ཟད་མཚོན་ཙམ་གླེང་བསླང་བྱུང་ཕྱིར་ཞུས། །ཆོས་རྣམས་ཐམས་ཅད་མི་རྟག་སྙིང་པོ་མེད། །གནས་སྐབས་སྤྱོད་པ་བཟང་ངམ་ངན་ནམ་འབྲིང་། །ཅི་ལྟར་ན་ཡང་མདོ་སྔགས་གཞུང་ལུགས་དང་། །ཚུལ་མཐུན་ལྡན་ན་སྐྱེས་བུའི་སྤྱོད་པ་སྟེ། །ལོག་འདོད་སྣང་བར་མཐུན་དང་མི་མཐུན་མེད། །སྤྲང་བན་ང་ནི་མདོ་མེད་ཁོ་ན་སྟེ། །བུ་མོའི་ཚིག་རྣམས་ཀེ་ས་ལ་རུ་ཐིམ། །གསང་བའི་བླ་མའི་ངོས་སྤྲོད་ཡིད་ལ་བཅགས། །ཞེས་སྨྲས་སོ། །ཡུལ་སོག་རོང་གི་གྲྭ་སློབ་དོར་ཚང་འཕྲིན་ལས་རྒྱ་མཚོས་མགུར་མ་ཞིག་དགོས་ཡང་ཡང་གསུངས་པ་ལ་སྨྲས་པ། །ན་མོ་གྷུ་རུ་ཏྲ་ཡཱ་ཡ། །མཚུངས་མེད་དྲིན་ཅན་གྲུབ་ཐོབ་པདྨའི་མཚན། །སྤྲང་པོ་བདག་གི་སྤྱི་གཙུག་རྒྱན་དུ་བཞུགས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་ཧོ་ཉོན་ཅིག་འཕྲིན་ལས་རྒྱ་མཚོ་བ། །མགུར་མ་ཞེས་པ་གསང་སྔགས་རྡོ་རྗེའི་གླུ། །རྒྱ་གར་སྐད་དུ་བཛྲ་དོ་ཧ་ཞེས། །ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་ཡུལ་དུ། །རིགས་འཛིན་གྲུབ་ཐོབ་བརྒྱད་ཅུས་མགུར་མ་དབྱངས། །སྐལ་ལྡན་སྐྱེས་མཆོག་རྣམས་ལ་དངོས་གྲུབ་སྟེར། །འབྲས་བུ་རྡོ་རྗེ་ཐེག་པའི་ཉི་མ་ཤར། །ངོ་མཚར་ཁམས་གསུམ་སྐྱེ་འགྲོ་འདུད་པའི་ཡུལ། །སངས་རྒྱས་བསྟན་པ་བྱང་དང་མཐའ་འཁོབ་རྒྱས། །མེས་དབོན་རྣམ་གསུམ་ཆོས་རྒྱལ་སྐུ་རིང་ལ། །ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་། །ཁ་ཆེའི་མཁན་པོ་བི་མ་མི་ཏྲ་དང་། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་སོགས། །རྒྱལ་བས་ལུང་བསྟན་རྒྱལ་སྲས་རིག་པ་འཛིན། །བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་མཛད་པ། །སྐྱབས་མཆོག་རྣམས་ཀྱིས་མདོ་སྔགས་ཆོས་ཆར་ཕབ། །སྐ་ཅོག་ཞང་སོགས་ལོ་ཙཱ་སྟོང་རྩ་ཡིས། །རྒྱལ་བའི་བསྟན་པ་མདོ་སྔགས་བོད་ན་བསྒྱུར། །དགྲ་བཅོམ་ཕྱིར་མི་ལྡོག་པའི་དགེ་སྦྱོང་དང་། །རིགས་འཛིན་གྲུབ་པ་ཐོབ་པས་ས་ཆེན་གང་། །གྲུབ་རྟགས་འབྱུང་བ་བཞི་ལ་རང་དབང་བསྒྱུར། །མཐོང་ཐོས་སྐྱེ་འགྲོ་སངས་རྒྱས་ས་ལ་བཀོད། །མདོ་སྔགས་བླ་མེད་ཉམས་རྟོགས་མགུར་དུ་བཞེངས། །སངས་རྒྱས་བསྟན་པའི་ཉི་མ་བོད་ན་ཤར། །དེ་ནས་བཟུང་སྟེ་དེ་རིང་ཡན་ཆད་དུ། །དུས་ནི་ལོ་རེ་བཞིན་དུ་ངན་དུ་སོང་། །ལོ་ཙ་སྔ་ཕྱི་རྩོད་ཅིང་གསར་རྙིང་ཕྱེས། །སྔ་འགྱུར་རྫོགས་པ་ཆེན་པོས་རྩ་དོང་འགྲིམ། །བླ་མེད་རྒྱུད་སྡེ་མང་པོས་ཚ་ཁང་ཁེངས། །སྤྲང་ཕྲུག་རྣམས་ཀྱིས་ཤོག་འདག་བྱེད་པ་བྱུང་། །མར་པ་ལོ་ཙའི་ལྷ་ལ་ཆམ་པ་རྒྱབ། །བླ་མེད་རྒྱུད་སྡེ་འབུམ་ཕྲག་ཡས་སུ་བཀར། །སྔགས་བསྲུང་ཕལ་ཆེར་རི་རབ་ཟོམ་ལ་བྲོས། །བསྐྱེད་པ་མ་ཧཱ་ཡོ་གའི་སྡེ་ཚན་ལས། །ཕ་མའི་རྒྱུད་སྡེ་སྒྲུབ་ཐབས་དཔེ་སྣ་བཞི། །ཨོ་རྒྱན་ཡུལ་ནས་རྣལ་འབྱོར་ཏེ་ལོ་པས། །སྤྱན་དྲངས་རྒྱ་ནས་འཆད་ཅིང་བོད་དུ་རྒྱས། །མཐའ་འཁོབ་བོད་ཁམས་གསར་ངད་ཆེ་བ་དང་། །དགེ་བཤེས་མང་ཞིག་གྲུབ་མཐའི་རླུང་གིས་གཡེང་། །རྒྱུད་ལ་ཁ་གཡར་རང་བཟོའི་གྲུབ་མཐས་གང་། །སྔ་འགྱུར་རྡོ་རྗེ་ཐེག་པ་བག་ལ་ཞ། །འཇིག་རྟེན་ཆོས་བརྒྱད་སུ་མཁས་མགོ་འཕང་མཐོ། །རྒྱ་ཟོག་དར་མདུད་གང་སྦོམ་བླ་མ་བཟང་། །མི་ཆོས་བསྟུན་འཇུག་སུ་མཁས་ཆོས་པར་རློམ། །ཁྲི་གདན་བེར་ཐུལ་སུ་བཟང་ཆོས་རྗེ་ཆེ། །ས་མིང་ཆོས་དང་བླ་མིང་གསུམ་བསྲེས་བརྒྱབ། །རང་མིན་གཞན་གྱི་གྲུབ་མཐའ་འཁྲུལ་ལོ་སྐད། །ཆོས་དང་བསྟན་པ་གང་ཟག་ཡ་མ་ཟུང་། །གཅིག་བསྟན་གཅིག་བརླག་བསྟན་འཛིན་ཡིན་ནོ་ཟེར། །ལྟོ་གོས་ཉི་མས་ཁྱོངས་དུས་མགུར་མ་དབྱངས། །བསྟན་བཅོས་རྩོམ་ཞིང་གཞན་ལ་ཆོས་བཤད་བྱེད། །འདི་འདྲའི་བསྟན་པ་ཡོད་རུང་མེད་ཀྱང་རུང་། །གནས་ན་དགའ་བྱེད་འགྱུས་ན་སྡུག་བྱེད་པའི། །འདི་འདྲའི་ཉམས་ལེན་ཡོད་རུང་མེད་ཀྱང་རུང་། །གཤིན་ཆོས་བྱེད་ཟེར་ཁྲལ་བཙུན་བཤས་ཀྱིས་བརྔན། །འདི་འདྲའི་དགེ་སློང་ཡོད་རུང་མེད་ཀྱང་རུང་། །བསྙེན་པར་རྫོགས་ནས་གཞན་སྡེ་འཕྲོག་བཅོམ་གསོད། །འདི་འདྲའི་བསྙེན་རྫོགས་ཐོབ་རུང་མ་ཐོབ་རུང་། །མཁན་སློབ་བཀའ་བགྲོས་རྒྱལ་ཁྲིམས་ལ་ལུང་གཏོང་། །འདི་འདྲའི་མཁན་སློབ་བཞུགས་རུང་མ་བཞུགས་རུང་། །སངས་རྒྱས་བསྟན་པའི་ཡང་མཐའ་ལྔ་བརྒྱ་འདིར། །ཆོས་མེད་ཆོས་གཟུགས་འཆང་བའི་སྤྲང་བན་ངས། །ཆོས་ཀྱི་ཚིག་བཅད་བརྗོད་པ་རང་ཡི་མུག །ཅི་ལྟར་ཞེ་ན་ཆོས་བསམ་རྒྱ་འཆང་ཡང་། །སྔོན་ལས་འཕྲལ་རྐྱེན་དབང་གིས་འགྲུབ་དཀའ་ཞིང་། །མ་བསམས་རྣམ་སྨིན་ཉེས་ལྟུང་ཞོར་གྱིས་སོག །དུས་ཚོད་ངན་པའི་རླངས་ཀྱི་ཆོས་པ་འགྱོད། །འོན་ཀྱང་སེམས་ཅན་སངས་རྒྱས་གང་བསྒྲུབ་ཀྱང་། །ས་བོན་དལ་འབྱོར་མི་ལུས་འདི་ཡིན་ཚེ། །སྐྲ་བྲེགས་མིང་བསྒྱུར་སེར་གོས་གྱོན་པའི་དོན། །མདོ་སྔགས་ཆོས་ཀྱིས་རང་རྒྱུད་གང་གྲོལ་ནས། །ཉམས་སུ་ལོངས་ཤིག་བརྩོན་འགྲུས་འབུངས་གསུམ་ཐོན། །རང་རྒྱུད་གྲོལ་ནས་ཆོས་དོན་ཆོས་བསམ་འགྲུབ། །རང་རྒྱུད་མ་གྲོལ་ཆོས་པར་ཁས་བླངས་ཀྱང་། །བཙན་དུག་སྡོང་པོ་བདུད་རྩིར་བཟུང་དང་འདྲ། །རྟག་འཛིན་ཚེ་འདིའི་བྱ་བ་མ་བསྐྱུར་ན། །ཆོས་བསམ་ཅི་ལྟར་འཆང་ཡང་དོན་མེད་རྒྱུ། །ཚེ་ལ་ལོང་མེད་འཆི་བ་མ་དྲན་ན། །བརྩོན་འགྲུས་ཅི་ལྟར་བརྩམ་ཀྱང་དགེ་གཉུགས་ཐུང་། །བླ་མར་སངས་རྒྱས་འདུ་ཤེས་མ་ཤར་ན། །ཐར་པའི་དེད་དཔོན་ནམ་ཡང་རྙེད་པར་དཀའ། །བསྲུང་སྡོམ་དམ་ཚིག་ངོས་ལྐོག་མ་བྲལ་ན། །ཉམས་དང་རྟོགས་པའི་ཡོན་ཏན་འཆར་བར་དཀའ། །རེ་དང་དོགས་པ་དབྱིངས་སུ་མ་ཟད་ན། །རྫོགས་པའི་སངས་རྒྱས་ནམ་ཡང་འགྲུབ་པར་དཀའ། །ཚེ་ཡི་ཐ་མ་སུམ་ཅུ་ཁ་རལ་འདིར། །ལོངས་ཡོད་མ་བྱེད་ཆོས་ལ་སྙིང་རུས་གྱིས། །དུས་ཀྱི་ཐ་མ་རྩོད་ལྡན་ཡང་མཐའ་འདིར། །འོལ་ཚོད་མ་བྱེད་རྒྱུ་འབྲས་ཚུལ་བཞིན་བསྲུངས། །སྤྲང་བན་བསམ་པ་དཀར་པོའི་མཚམས་སྦྱོར་ཚིག །མེ་ཏོག་རྩི་བཅུད་བུང་བས་འཐུང་བ་ལྟར། །ཡིད་ལ་ཞོགས་ཤིག་ཙིཏྟའི་དཀྱིལ་དུ་སྦོས། །ཞེས་སྨྲས་སོ། །ཡུལ་འབྲོང་ངུ་ཐང་གི་ཏྲེ་མོ་བཙུན་མས་མགུར་མ་ཞིག་དགོས་ཟེར་བ་ལ་སྨྲས་པ། རྗེ་རཏྣ་གྷུ་རུ་ན་མོ་ཡཱ། །སྐྱབས་མཚུངས་པ་མེད་པ་པདྨ་འབྱུང་། །སྤྲང་བནྡྷེས་གསོལ་བ་སྙིང་ནས་འདེབས། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །གླུ་ཉན་འདོད་ཏྲེ་མོ་བཙུན་མ་ཉོན། །སྔོན་བསགས་བསོད་ནམས་མཐུ་སྟོབས་ཀྱི། །ད་ལན་དལ་འབྱོར་བདུན་ལྡན་རྙེད། །དཔེ་ཡིད་བཞིན་ནོར་བུ་རྙེད་པ་ལྟར། །ཚེ་ཕྱི་མའི་དམ་ཆོས་བྱེད་རེ་རན། །དགྲ་ཟློག་ཐབས་མེད་པའི་འཆི་བདག་བདུད། །ཐབས་བྱེད་པ་གང་གིས་མི་ཤོལ་བས། །ཚེ་མི་རྟག་འཆི་བ་སྙིང་ནས་སོམས། །ཆོས་ཐོས་བསམ་སྒོམ་གསུམ་བརྩོན་འགྲུས་བསྐྱེད། །བཀའ་བསྐྱེད་རྫོགས་ཀྱི་མན་ངག་སྙིང་ལ་ཕུར ། །སྐྱབས་སླུ་མེད་ཀྱི་བླ་མ་དཀོན་མཆོག་ལ། །ཚེ་འདི་ཕྱིའི་བློ་གཏད་ཁྱེད་ཤེས་ངང་། །ཡུལ་འགྲོ་དྲུག་ལས་ཐར་པའི་གསོལ་བ་ཐོབ། །མ་མཁའ་མཉམ་གྱི་སྐྱེ་འགྲོ་མ་ལུས་པ། །ལྷ་སངས་རྒྱས་ཀྱི་ཞིང་ལ་སྨོན་ལམ་འཚལ། །ཞེས་སྨྲས་སོ། །ན་མོ་པདྨ་སམ་བྷ་ཝ། །སྐྱབས་གནས་སླུ་བ་མེད་པ་དེ་གུ་རུ་ཡི་པདྨ། །དུས་རྣམ་ཀུན་དུ་ཐུགས་རྗེའི་སྤྱན་གྱིས་རང་གཟིགས་ཤིག །ཕུན་སུམ་ཚོགས་པའི་གནས་མཆོག་དེ་སྲིང་མོ་ཡི་རྫོང་གསུམ། །མ་སྲིང་མཁའ་འགྲོའི་ཚོགས་ཁང་དེ་ཆགས་རུ་ཡི་ཕུག་ནག །གྷུ་རུ་པདྨའི་སྐུ་ཚབས་དེ་བྱེ་མ་ཡི་ཨ་ཀྲོང་། །ཨོ་རྒྱན་མཁའ་འགྲོའི་བརྡ་ཡིག་དེ་ཟབ་ཆོས་ཀྱི་ཤོག་སེར། །མ་བསྒོམས་སངས་རྒྱས་རིལ་བུ་དེ་ཨ་དམ་དང་ཧྲིཿདམ། །རིགས་འཛིན་རྡོ་རྗེ་སློབ་དཔོན་དེ་ཉི་མ་ཡི་གྲགས་པ། །སྒོ་ལོ་མེད་པའི་རིགས་མ་དེ་ཀུན་བཟང་དང་ཡེ་ཤེས། །དད་པ་མེད་པའི་སྦྱིན་བདག་དེ་ནགས་ཤོད་དང་སོགས་རོང་། །ཚོགས་བསགས་ཚོགས་མ་བསགས་པ་དེ་གྲྭ་སློབ་ཀྱི་རྣམ་པ། །དགྲ་ལ་སྐྱོང་བྲན་བྱས་པ་དེ་སྲིང་མོ་དང་མག་པ། །རྗེ་ན་མོ་པདྨ་སམ་བྷ་ཝ། །ལྷ་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །དོན་འབྲལ་མེད་གསོལ་བ་སྙིང་ནས་འདེབས། །ཁྱེད་དོན་མཐོང་འདོད་པའི་གྲུབ་ཆེན་པ། །སྙན་དར་ཅིག་སྤྲང་པོའི་གླུ་ལ་གསོན། །བདག་ཐ་ཤལ་གྱི་འདོ་མེད་སྨྱོན་པ་ང་། །ཡུལ་མཐའ་འཁོབ་ཁམས་ཀྱི་སྒོམ་སྡེར་སྐྱེས། །ལོ་ཆུང་ནས་ཕ་ཡུལ་ཉེ་འབྲེལ་བསྐྱུར། །ཕ་མཚན་ལྡན་གྱི་གྲུབ་ཐོབ་རིན་པོ་ཆེས། །ཐུགས་བརྩེ་བས་བསྐྱངས་ཤིང་རྗེས་སུ་བཟུང་། །དབང་རྒྱུད་ལུང་ཟབ་ཁྲིད་དཔག་མེད་ཐོབ། །འཕྱོང་རྒྱས་སུ་གྲྭ་པའི་སྒྲིགས་ལ་སྡད། །སྟོད་གངས་རིའི་རྒྱལ་པོ་ཏི་སེ་དང་། །སྨད་ཀོང་པོ་ཙྭ་རི་ལ་སོགས་པའི། །དབུས་གཙང་གི་གནས་རྟེན་ཇི་སྙེད་དང་། །ཡུལ་ཁྱད་འཕགས་རི་བོ་གླང་རུ་དང་། །རྟེན་ཁྱད་འཕགས་ས་ལ་གྷནྡྷོ་སོགས། །སྒྲུབས་གནས་དང་དགོན་སྡེ་དཔག་མེད་མཇལ། །སྙིང་རུས་བྱས་ཡངས་པའི་རྒྱལ་ཁམས་འགྲིམ། །མོས་གུས་བྱས་རིས་མེད་གདམས་པ་ཞུས། །དག་སྣང་བྱས་བླ་མ་མང་དུ་བསྟེན། །བྱ་བཏང་བྱས་སྡེ་དགོན་བདག་མ་བཟུང་། །ཆགས་མེད་བྱས་ནོར་རྫས་མཆོད་སྦྱིན་བཏང་། །ཞེན་མེད་བྱས་ཉེ་འབྲེལ་ཕ་མ་བསྐྱུར། །ཡུལ་མེད་བྱས་ཕྱོགས་མེད་གནས་ལ་འགྲིམ། །རྟོག་མེད་བྱས་སྐྱིད་སྡུག་རོ་སྙོམས་བཏང་། །ལོང་མེད་བསམས་མཚམས་སྒྲུབ་རེམ་དུ་བྱས། །དགོས་མེད་བསམས་བསྡུ་བ་རྣམ་བཞི་བཞག །མི་ཕོད་བསམས་སྡིག་ལ་དུག་ལྟར་འཛེམས། །རེ་བ་བྱས་ལྷ་ཆོས་ཡིད་ལ་བཅགས། །ང་ཡིན་གྱི་སྤྲང་པོ་དེ་ལྟར་ལགས། །རང་རྒྱུད་ལ་བལྟས་ན་ཐ་མལ་པ། །ལུས་གཟུགས་ལ་བལྟས་ན་རྣལ་འབྱོར་ཚུལ། །བཟའ་བཏུང་ལ་བལྟས་ན་ཁྱི་ཕག་འདྲ། །ང་ཡིན་གྱི་སྤྲང་པོ་དེ་ལྟར་ལགས། །སྣང་བ་ལ་བལྟས་ན་སྟོང་པ་ཆེ། །སེམས་ཉིད་ལ་བལྟས་ན་གསལ་བ་ཆེ། །གསལ་སྟོང་གི་ཟུང་འཇུག་སྤྲོས་བྲལ་གོ། །ང་ཡིིན་གྱི་སྤྲང་པོ་དེ་ལྟར་ལགས། །དཀར་ཕྱོགས་ཀྱི་དབུས་ཀྱི་རྟ་བདུན་ལྟར། །གྷུ་རུ་ཡི་རྒྱལ་ཚབས་རིག་པ་འཛིན། །སཱུརྱ་ཀི་རྟིའི་བརྒྱུད་པ་སྟེ། །ང་ཡིན་གྱི་སྤྲང་པོ་དེ་ལྟར་ལགས། །ཅེས་པ་འདི་ཡུལ་ཀོང་པོའི་གྲུབ་ཆེན་སྟོད་འབྲུག་གི་རྣལ་འབྱོར་པ་ཆེན་པོ་ཞིག་མོན་ཉི་མ་ཚོ་གསུམ་དུ་མཇལ་བས་རྨི་ལམ་དག་སྣང་གི་ལོ་རབས་དང་ཁྱོད་གཏེར་སྟོན་ཞིག་ཡིན་པའི་ལུང་བསྟན་བྱུང་བས་ཡིན་མིན་གྱི་དྲི་བ་དགོས་གསུངས་པ་ལ་ཉམས་མཚར་དུ་ཕུལ་བའོ། །ཡར་ལྷ་ཤམ་པོའི་རི་མཐོང་བས་ཉམས་དགའ་བའི་འདུ་ཤེས་ཆེན་པོ་ཞིག་ཤར་བས་གླུ་དབྱངས་པ། །སྐྱབས་མཚུངས་མེད་ཨོ་རྒྱན་རིན་པོ་ཆེ། །ཕ་ཐུགས་རྗེ་ཅན་གྱི་བྱིན་གྱིས་རློབས། །རི་ཡ་ཀི་གངས་དཀར་མཐོན་པོའི་རི། །དབྱིབས་རྒྱལ་མཚན་མཁར་ལ་འཕྱར་བ་འདྲ། །ཁྱོད་སྔོན་འདས་ཀྱི་དུས་ན་ལྷུན་གྱིས་གྲུབ། །ལྷ་ཡ་མཚན་ཅན་ཡར་ལྷ་ཤམ་པོ་ཁྱོད། །ལས་སྟོབས་ཀྱི་གཟུགས་མེད་ཡིད་ལུས་བླངས། །དུས་མཐའི་བྱ་བྲལ་རྣལ་འབྱོར་པ། །གཟུགས་ཕུང་གི་ཤ་ཁྲག་དྲ་བར་ཆུད། །ལྷ་སངས་རྒྱས་ཀྱི་བསྟན་པ་རིན་ཆེན་འདི། །སྐྱབས་སླུ་མེད་པདྨས་བཙུགས་པའི་ཚེ། །ལྷ་ཁྱོད་དང་རྒྱལ་དབང་པདྨ་འབྱུང་། །ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་སྡེ། །མ་རྒྱལ་བའི་ཡུལ་མཆོག་འཚོ་རྒྱལ་མ། །འཁོན་ལོ་ཆེན་ཀླུ་ཡི་དབང་པོ་སོགས། །དཔལ་རིགས་འཛིན་གྱི་རྗེ་འབངས་མང་བཅས་ཚོགས། །ཆོས་གསང་སྔག་ཐེག་ཆེན་གླུ་རུ་བླངས། །ནོར་ལོངས་སྤྱོད་འདོད་ཡོན་ཚོགས་ལ་བསྒྱུར། །གཉགས་ཛྙཱ་ན་ཀུ་མཱས་རྫུ་འཕྲུལ་བསྟན། །དུས་དེ་དུས་ཀྱི་ཕུན་ཚོགས་ཡིད་ལ་འགྱུ། །བདག་སྤྲང་བན་སྐྱོ་བ་སྙིང་ནས་སྐྱེས། །ལྷ་ཁྱོད་ཀྱང་སྐྱོ་བ་མི་སྐྱེ་འམ། །དཔལ་ཨོ་རྒྱན་ཡབ་ཡུམ་སྙིང་ནས་དྲན། །ལྷ་ཁྱོད་ཀྱི་སྙིང་ནས་མི་དྲན་ནམ། །གྲོགས་རིགས་འཛིན་རྒྱ་མཚོ་ཡིད་ལ་གདུང་། །ལྷ་ཁྱོད་ཀྱང་ཡིད་ལ་མི་གདུང་ངམ། །ལྷ་ཁྱོད་ནི་འདི་རུ་བརྟན་པར་གནས། །སྐྱབས་གྷུ་རུ་པདྨ་འོད་ན་བཞུགས། །མཆེད་རིགས་འཛིན་མཁའ་སྤྱོད་ཞིང་ཁམས་ཉུལ། །བདག་ལས་ངན་ཁམས་གསུམ་འཁོར་བར་འཁྱམས། །འདི་བསམས་ཤིང་དཔྱད་ན་སྐྱོ་བ་སྐྱེ། །ལྷ་ཡ་མཚན་ཅན་ཁྱོད་བདག་ལ་དགོངས། །དུས་ད་ནས་བཟུང་སྟེ་བྱང་ཆུབ་བར། །མི་བདག་གི་འཕྲིན་ལས་ཁྱོད་ཀྱིས་སྒྲུབས། །ངས་བསངས་མཆོད་གསུར་གྱི་མགྲོན་ལ་འབོད། །དེ་བསྔོས་པ་བཞིན་དུ་ཁྱོས་ཐོབ་ནས། །དོན་བྱང་ཆུབ་སེམས་མཆོག་རྗེས་དྲན་ཤོག །ཅེས་སྨྲས་སོ། །བྱར་གསེར་ཁའི་རྒན་མོ་ང་མ་དཀར་མོ་ཟེར་བ་གཅིག་གིས་ཚྭ་ཆང་རྩམ་པ་ཤིང་ཏོག་ལ་སོགས་ཀྱི་འབུལ་ཞབས་བཟང་དུ་བྱས། ཁྱེད་ཚོ་རྒྱ་གར་ཡུལ་གྱི་གྲུབ་ཆེན་ཚོ་འདྲ་འདུག །འཚོ་བ་འདི་བཞེས་ལ་བདག་ལམ་ལོག་མི་འགྲོ་ཞིང་མཐོ་རིས་སུ་སྐྱེ་བར་ཐུགས་ལ་ཐོགས་ཟེར་བར་ཅི་ནས་ཀྱང་མ་བརྗེད་པར་བྱའོ་སྨྲས་ཤིང་ཡུལ་དེ་ཁའི་ལ་ཐོག་ཏུ་སླེབ་དུས་གླུ་དབྱངས་པ། སྐྱབས་སངས་རྒྱས་ཀུན་འདུས་བླ་མ་ལ། །ཐག་ཉེ་རིང་མེད་དོ་གསོལ་བ་འདེབས། །ཕ་རིན་པོ་ཆེ་ཡིས་བྱིན་གྱིས་རློབས། །ཡུལ་བྱར་ཕུའི་ཨ་མ་དཀར་མོ་དེའི། །བཟའ་བཏུང་གི་ཚོགས་གསོག་བཟང་པོ་དེ། །བདག་བྱ་བྲལ་པ་ལ་བྱིན་པའི་མཐུས། །བྱང་ཆུབ་ཀྱི་སངས་རྒྱས་མ་ཐོབ་བར། །མི་ཟད་པའི་གཏེར་ལ་ལོངས་སྤྱོད་ཤོག །སྔོན་བསགས་ཀྱི་བསོད་ནམས་ལྡན་པའི་མི། །བྱ་བཏང་གི་རྒྱལ་ཁམས་རྣལ་འབྱོར་ཚོར། །ཚོགས་གསོག་གི་མཐུན་རྐྱེན་ཕྲན་བུ་རེ། །དོན་འགྲུབ་ན་བསོད་ནམས་ཚོགས་ཆེར་འདུག །འདི་ལོངས་སྤྱོད་ཅན་ཚོའི་ཐུགས་ལ་ཆོངས། །ཡུལ་མདོ་ཁམས་སུ་རྟ་འབུལ་བྱས་པ་ལས། །ད་ནང་གི་ཚོགས་གསོག་དྲིན་ཆེ་བྱུང་། །མཐོན་པོ་ལ་བརྒྱ་འབུལ་བྱས་པ་ལས། །སྙོམས་ཆུང་ལ་གོས་སྦྱིན་ཞིག་ཚོགས་ཆེ་འདུག །བླ་ཆེན་ལ་རྟ་འབུལ་བྱས་པ་ལས། །འབུལ་སློངས་པར་ལུག་ཐོང་ཚོགས་ཆེ་འདུག །སྐྱེ་བོ་ལ་བཟང་མགྲོན་བྱས་པ་ལས། །སྤྲང་པོ་ལ་ཟན་དྲོན་ཚོགས་ཆེ་འདུག །དགོན་སྡེ་ལ་མང་ཇ་ཞུས་པ་ལས། །གནས་བསྐོར་ལ་ཆང་ཕོར་ཚོགས་ཆེ་འདུག །ཁ་ཟ་འདོད་སྤྲང་པོའི་གླུ་དབྱངས་འདི། །ཕྱུག་པོ་རྣམ་ཀྱིི་ཕྱག་ལ་ཐིམ། །སེར་སྣ་ཅན་གྱི་སྙིང་ལ་ཐིམ། །ཆགས་ཞེན་ཅན་གྱི་ཡིད་ལ་ཐིམ། །སྦྱིན་པ་རྒྱལ་ཁམས་མི་ལ་ཐོང་། །འབྲས་བུ་ཕྱི་མ་རང་གིས་འཐོབ། །སྦྱིན་པ་གཏོང་དང་ལེན་པ་གཉིས། །གཉིས་མཉམ་དག་པའི་དགེ་བ་དེ། །དམིགས་སུ་མེད་པས་རྒྱས་ཐེབས་ན། །སྦྱིན་པའི་ཕ་རོལ་མཐར་ཕྱིན་ཡིན། །རྫོགས་པའི་སངས་རྒྱས་ས་ལ་ཉེ། །ཅེས་སྨྲས་སོ། །ཡང་ཏིལ་རྒན་པ་བདག་གིས་སྡུག་སྐད་ལ། །ཡུལ་རྒྱ་གར་གྱི་ལམ་ལ་གནས་བསྐོར་བ་རེས་ཙ་ན་གཏོང་འདུག་གོ་སྐད། རེས་ཙ་ན་མི་གཏོང་འདུག་གོ་སྐད་ཟེར་བས་སྐྱིད་སྡུག་ནི་དཔྱིད་ཀྱི་ཉི་མ་ལྟ་བུ་ཞིག་བྱུང་། ཁྱད་པར་དུ་དྭགས་པོ་བྱུར་ཕུ་མོན་མཚོ་ནང་པའི་རྫོང་དཔོན་དང་། མོན་ཉི་མ་ཚོ་གསུམ་པའི་སྐུ་ཚབས། མོན་འོ་སེ་གྲོང་པའི་སྐུ་ཚབས། མོན་བྷན་གར་བཀྲ་ཤིས་སྒང་གི་རྫོང་དཔོན་ལ་སོགས་པ་ཐམས་ཅད་ཀྱི་ཁ་སྨྲ་ཚིག་ངན་ཆས་གཡེངས་པ་རྒྱལ་ཁྲིམས་ཆོས་ཁྲིམས་སོགས་ཀྱི་འཇིགས་གཏམ། ལམ་བཀག་འགྲོ་རྒྱུ་ཡོད་མེད་ཀྱི་མནར་སྡང་དྲག་པོ་ལན་མང་དུ་བྱུང་ཞིང་། སྲོག་འབེན་ལ་བཙུགས་པའི་གལ་བདོ་མང་པོ་བྱེད་དགོས་བྱུང་ཞིང་། ཚ་གྲང་བཀྲེས་སྐོམ་ལྟོག་སྡུག་ཡང་དེ་བཞིན་བྱུང་བས་ཡིད་སྐྱོ་བཞིན་སྨྲས་པ། སྐྱབས་མཚུངས་མེད་ཀྱི་བླ་མ་པད་འབྱུང་དང་། །ཕ་གྲུབ་ཐོབ་པདྨའི་མཚན་ཅན་ལ། །བདག་མི་འབྲལ་གསོལ་བ་སྙིང་ནས་འདེབས། །ཆོས་བཞིན་གྱི་བསམ་དོན་འགྲུབ་པར་ཤོག །དུས་སྙིགས་མ་རྩོད་ལྡན་ཡང་མཐའ་འདིར། །རྒྱུ་ལས་ངན་དབང་གིས་ཁྱེར་བ་ཡི། །བདག་ལུས་ངན་བླངས་པའི་འཕོ་ལུང་པ། །བློ་མོས་འདུན་ཆོས་ལ་དྲིལ་ན་ཡང་། །རྐྱེན་སྣ་ཚོགས་འཚུབས་པའི་བར་ཆད་འདི། །སྔོན་ལས་དང་འཕྲལ་རྐྱེན་གང་ཡིན་ཨང་། །སྡུག་བསྔལ་གྱི་གྲོང་ཁྱེར་འདི་མྱོང་བས། །སྡང་དགྲ་དང་གནོད་བྱེད་བར་ཆད་རྐྱེན། །ཡུལ་ངན་སོང་གསུམ་གྱི་འགྲོ་བ་དང་། །བདག་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱིས། །ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང་། །མི་དགེ་དང་མཚམས་མེད་ཅི་བསགས་པ། །འདི་བྱང་ཞིང་དག་པའི་རྒྱུར་གྱུར་ཅིག །བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བ་འདིས། །ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པར་ཤོག །སྡུག་བསྔལ་གྱི་གཏི་མུག་འཐིབས་པ་འདིས། །དུད་འགྲོ་ཡི་སྐྱེ་སྒོ་ཆོད་པར་ཤོག །ཕྲག་དོག་གིས་ཆོས་ལམ་བགགས་པ་འདིས། །ལྷ་མིན་གྱི་སྐྱེ་སྒོ་ཆོད་པར་ཤོག །ང་རྒྱལ་གྱི་དཔོན་ནད་མང་པོ་འདིས། །ལྷ་ཡུལ་གྱི་སྐྱེ་སྒོ་ཆོད་པར་ཤོག །བྲེལ་ཕོང་གི་འདོད་སྲེད་འཚུབས་པ་འདིས། །མི་ལུས་ཀྱི་སྐྱེ་སྒོ་ཆོད་པར་ཤོག །ཚ་གྲང་གི་ཚོར་བ་དྲག་པོ་འདིས། །དམྱལ་བ་ཡི་སྐྱེ་སྒོ་ཆོད་པར་ཤོག །ཁྲིམས་བདག་ལ་འཇིགས་པའི་སྐྲག་སྣང་འདིས། །གཤིན་རྗེ་ཡི་ངོ་འཇིགས་མི་མཐོང་ཤོག །ཡ་ང་ཡི་ལམ་ལ་འགྲིམས་པ་འདིས། །བར་དོ་ཡི་འཕྲང་ལས་སྒྲོལ་བར་ཤོག །གནས་རྟེན་དང་བླ་མ་མཇལ་བ་འདིས། །དག་པའི་ཞིང་དུ་འཕོ་བར་ཤོག །སེམས་བསྐྱེད་ཀྱི་གྲོགས་མང་ཁྲིད་པ་འདིས། །དཔའ་བོ་དང་མཁའ་འགྲོ་འགྲོགས་པར་ཤོག །ངན་སྐྱུགས་ཀྱི་ཟས་མང་ཟོས་པ་འདིས། །བདུད་རྩི་ཡི་ཟས་ལ་ལོངས་སྤྱོད་ཤོག །མི་གཙང་བའི་འདམ་རྫབ་འབོགས་པ་འདིས། །ཚུལ་ཁྲིམས་ཀྱི་དྲི་བསུང་ལྡན་པར་ཤོག །ངན་ལོང་གི་དམའ་ས་བཟུང་བ་འདིས། །ཁམས་གསུམ་ན་ཆོས་ཀྱི་རྒྱལ་པོར་ཤོག །རྐྱེན་ངན་ལ་བཟོད་པ་ཁུར་བ་འདིས། །འདུས་པའི་འཁོར་རྣམས་ཕུན་ཚོགས་ཤོག །གྲོང་སྲང་ངན་པར་བསྡད་པ་འདིས། །ཞིང་ཁམས་ཕུན་སུམ་ཚོགས་པར་ཤོག །དབང་བསྐུར་ཆོས་བཤད་བཀགས་པ་འདིས། །མདོ་སྔགས་ཆོས་ཀྱང་ཕུན་ཚོགས་ཤོག །བཟང་ངན་ལ་རོ་སྙོམས་བཏང་བ་འདིས། །བདེ་བ་ཆེན་པོར་སྤྱོད་པར་ཤོག །ཅེས་པ་འདི་མོན་མཁར་གླིང་གི་གྲོང་འདབས་སུ་སྤྲང་པོ་རིགས་འཛིན་རྣམ་རྒྱལ་གྱིས་སྨྲས་པའོ། །ཨ་ཧོ་གླིང་བཞི་སྟོང་གསུམ་གྱི་དབུས་ན། །མངོན་མཐོ་ངེས་ལེགས་ཀྱི་རི་རྒྱལ། །བ་གམ་བང་རིམ་གྱིས་སྤྲས་པའི། །རིན་ཆེན་རི་བོ་དེ་མཚར་བ། །སྔོན་བསགས་བསོད་ནམས་ཀྱི་དབུས་ན། །དལ་འབྱོར་བདུན་ལྡན་གྱི་མི་ལུས། །བསྐྱེད་རྫོགས་ཟུང་འཇུག་གིས་སྤྲས་པའི། །རྣལ་འབྱོར་དབང་ཕྱུག་ང་མཚར་བ། །རྣམ་ཤེས་ཚོགས་བརྒྱད་ཀྱི་དབུས་ན། །ཀུན་གཞི་བག་ཆགས་དང་བཅས་པ། །ཡེ་གྲོལ་སྤྲོས་བྲལ་གྱིས་བརྒྱན་པའི། །རང་སེམས་སངས་རྒྱས་འདི་མཚར་བ། །གངས་ཅན་རྒྱ་བོད་ཀྱི་གླིང་ན། །འདོ་མེད་ཀུན་ཏུ་རང་རྒྱུ་བའི། །གཏད་མེད་ཟང་ཐལ་གྱི་སྤྲང་བན། །རིགས་འཛིན་རྒྱ་མཚོ་ང་མཚར་བ། །ཅེས་པ་འདི་གུ་གུ་དབོན་པོ་སིདྡྷི་བཛྲ་ལ་ཉམས་མཚར་དུ་བྲིས་ནས་བྱིན་པའོ། །ཨ་ཧོ་རིན་ཆེན་རི་བོ་ལས་སྐྱེས་པའི། །དཔག་བསམ་ལྗོན་ཤིང་གི་སྡོང་པོ། །ཡལ་འདབ་འབྲས་བུས་ནི་བརྒྱན་དུས། །ཅི་འདོད་དངོས་གྲུབ་ནི་ཞུས་ལགས། །སྔོན་བསགས་བསོད་ནམས་ལས་སྐྱེས་པའི། །དལ་འབྱོར་དོན་ལྡན་གྱི་མི་ལུས། །གྲོགས་མཆོག་དམ་པ་འདི་རྙེད་ཚེ། །ཚེ་གཅིག་སངས་རྒྱས་དེ་བསྒྲུབ་དང་། །སངས་རྒྱས་ཀུན་འདུས་ཀྱི་བཤེས་གཉེན། །སྟོན་མཆོག་དམ་པ་དང་མཇལ་དུས། །མོས་གུས་འདེམ་རྐྱང་ནི་མེད་པར། །མདོ་སྔགས་བདུད་རྩི་ལ་སྤྱོད་དང་། །མདོ་སྟོད་སོག་རོང་དུ་སྐྱེས་ནས། །སྲིང་མོ་རྫོང་དུ་ནི་བསྒོམ་ཚེ། །བརྩོན་འགྲུས་ཐང་ལྷོད་ནི་མེད་པར། །བསྐྱེད་རྫོགས་མཐར་ཕྱིན་ཅིག་མཛོད་ལགས། །ཅེས་པ་འདི་དོར་ཚང་དབོན་པོ་འཕྲིན་ལས་རྒྱ་མཚོ་ལ་ཕུལ་བའོ། །ཨ་ཧོ་འཕགས་ཡུལ་རྒྱ་གར་དུ་སྐྱེས་པའི། །ཨ་རུ་སྨན་མཆོག་གི་སྡོང་པོ། །འབྲས་བཟང་གསེར་མདོག་གི་བརྒྱན་དུས། །སྐྱེས་བུས་བརྩོན་འགྲུས་ཀྱིས་བསྒྲུབ་ལ། །ནད་བརྒྱའི་གཉེན་པོ་ལ་ཐོང་དང་། །ཤཱཀྱའི་བསྟན་པ་ལས་བརྡོལ་བའི། །ཟབ་གསང་བླ་མེད་ཀྱི་ཐེག་པ། །མངོན་སུམ་རང་ཐོག་ཏུ་མཐོང་དུས། །གཅེར་མཐོང་རང་གྲོལ་དུ་ཐོང་ལ། །ཉོན་མོངས་ནད་ངན་དེ་ཆོམས་དང་། །ཕ་མའི་རྒྱུ་རྐྱེན་ལས་སྐྱེས་པའི། །སྒྱུ་ལུས་ཕུང་པོ་ཡི་གཡར་ཁང་། །གྱི་ན་ལྷག་སྐྱོབས་ལ་བརྟེན་ཏེ། །ཐར་པའི་བཙན་ས་ཞིག་བཟུང་ལགས། །ཅེས་པ་འདི་རྟག་པར་འཚོ་བྱེད་འཕྲིན་ལས་ལ་ཉམས་མཚར་དུ་ཕུལ་བའོ། །ན་མོ་རཏྣ་གུ་རུ་ཡ། །ཕ་མཚུངས་མེད་ཨོ་རྒྱན་པདྨ་ལ། །དུས་རྣམ་པ་ཀུན་ཏུ་སྐྱབས་སུ་མཆི། །སྔོན་ལས་ཀྱི་མཚམས་སྦྱོར་འཕྲད་པའི་གྲོགས། །ཚུལ་ཁྲིམས་དཔལ་ལྡན་སྙན་གསན་དང་། །བདག་ཅག་གི་སྟོན་པས་གསུངས་པའི་ཆོས། །བརྒྱད་ཁྲི་བཞི་སྟོང་གསུངས་པའི་དོན། །རང་རྒྱུད་གྲོལ་ཐབས་ཁོ་ན་ཉིད། །དེ་ཕྱིར་དུ་དུས་རྣམས་ཐམས་ཅད་དུ། །དགེ་སྒྲུབ་དང་སྡིག་སྤོངས་རེམ་ཞིག་ལགས། །དལ་འབྱོར་འདི་སོས་ཀའི་མེ་ཏོག་འདྲ། །ནམ་ཡལ་གྱི་དུས་ལ་ངེས་པ་མེད། །འཆི་བདག་འདི་སྟོན་ཀའི་བ་མོ་འདྲ། །ན མ་རྒྱག་གི་དུས་ལ་ཅི་ཞིག་ཆ། །འདུས་བྱས་འདི་ཆུ་ཡི་ལྦུ་བ་འདྲ། །ནམ་འཇིག་གི་དུས་ལ་ཆགས་ཚོད་མེད། །འཁོར་འདབ་འདི་ཚོང་དུས་འགྲོན་པོ་འདྲ། །མི་རྟག་པར་སོ་སོར་མྱུར་དུ་འབྲལ། །འཁོར་བ་འདི་སྡུག་བསྔལ་གྲོང་ཁྱེར་ཏེ། །བདེ་བ་ཡི་གོ་སྐབས་ཡུད་ཙམ་མེད། །དོན་དེ་ཕྱིར་དུ་ཉམས་ལེན་ཆིག་དྲིལ་ཐོང་། །དོན་དེ་ཕྱིར་དུ་འཇིག་རྟེན་བྱ་བ་ཐོང་། །དོན་དེ་ཕྱིར་དུ་དབེན་པའི་རི་ཁྲོད་བརྟེན། །དོན་དེ་ཕྱིར་དུ་ཉམས་རྟོགས་གོང་དུ་སྤེལ། །དོན་དེ་ཕྱིར་དུ་འཆི་བ་སྙིང་ལ་བཅོགས། །དོན་དེ་ཕྱིར་དུ་རང་སེམས་གཏན་ལ་ཕོབ། །ང་བྱ་བྲལ་པས་ཀྱང་འདི་བཞིན་བྱེད། །གྲོགས་དམ་པ་ཁྱེད་ཀྱང་འདི་བཞིན་འཚལ། །ཅེས་པ་འདི་འཕོ་ལུང་སྐུ་སྐྱེ ས་མོན་མཁར་གླིང་པའི་གྲོགས་མཆེད་ཚུལ་ཁྲིམས་དཔལ་ལྡན་ལ་ཉམས་མཚར་དུ་ཕུལ་བའོ། །སྐྱབས་མཚུངས་མེད་ཀྱི་ཨོ་རྒྱན་པདྨ་ལ། །བདག་མི་འབྲལ་བར་གསོལ་བ་སྙིང་ནས་འདེབས། །ཡུལ་མོན་གླིང་དུ་འཁྲུངས་པའི་བླ་མ་ལགས། །སྙན་དར་ཅིག་གསོན་དང་སྐད་ཆ་མཆིས། །ང་འདོ་ཁམས་ཡུལ་གྱི་སྤྲང་བན་ལ། །སྐྱིད་སྡུག་གི་སྐད་ཆ་བཤད་རྒྱུ་ཡོད། །སྔོན་བསྐལ་བཟང་མང་པོ་བསོད་ནམས་ཆེ། །ལས་ཉོན་མོངས་དུག་ལྔ་ཤུགས་ཀྱི་ཆུང་། །དུས་དེ་ཙམ་ན་བྱང་ཆུབ་མ་དྲན་པས། །ལས་ངན་པས་ཁམས་གསུམ་འཁོར་བར་འཁྱམས། །ལྷ་ཤཱཀྱ་ཐུབ་པའི་བསྟན་པ་འདིར། །དལ་འབྱོར་གྱི་ལུས་ཤིག་རྙེད་ན་ཡང་། །རྩོད་ལྡན་གྱི་བསྐལ་པའི་མར་ཞབས་སྐྱེས། །སྐྱེས་པའི་ཡུལ་ལ་དགེ་མེད་པར། །མདོ་ཁམས་ནི་སྒོམ་སྡེའི་ཡུལ་དུ་སྐྱེས། །ཆུང་ངུ་ནས་དམ་པའི་ཆོས་བསམས་ཤིང་། །ཕ་ཡུལ་དང་ཉེ་འབྲེལ་སྡེ་དགོན་སྤངས། །མི་ཡུལ་གྱི་ལུང་པར་སྤྲང་པོར་འཁྱམས། །འོན་ཀྱང་ཆོས་བཞིིན་མི་འགྲུབ་འདུག །སྟོད་གངས་རིའི་རྒྱལ་པོ་ཏེ་སེ་ནས། །སྨད་གནས་ཆེན་ཙྭ་རི་ཡན་ཆད་དུ། །ངས་མི་ལོ་ཉི་ཤུ་རྩ་གཅིག་ལ། །ཆོས་བཞིན་གྱི་བསམ་པ་འཆང་ཏེ་ཉུལ། །འོན་ཀྱང་དུ་ཆོས་དོན་ངས་མ་འགྲུབ། །དུས་ད་ལོ་ཆུ་མོ་ཕག་ལོ་ལ། །ལྷ་ཤཱཀྱ་མུ་ནེའི་དབུ་བསམས་ནས། །གནས་རྩྭ་མཆོག་གྲོང་ལ་བློ་གཏད་ཡོངས། །རྐྱེན་བར་ཆད་སོས་ཀའི་རླུང་ལྟར་འཚུབས། །ཕ་མཚུངས་མེད་པདྨ་ཐོད་ཕྲེང་ལ། །བདག་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས། །ཁོ་བར་ཆད་ཀྱི་དབང་དུ་མ་ཤོར་ཙམ། །འདི་སྤྲང་བན་གྱི་སྐྱིད་སྡུག་སྐད་ཆ་ཡིན། །ང་དུས་མཐའི་བྱ་བྲལ་སྤྲང་རྒན་ལ། །འདི་ཡིན་གྱི་ཐ་སྙད་མ་མཆིས་ཀྱང་། །ཕ་ཨོ་རྒྱན་གྷུ་རུའི་བཀའ་བདེན་ན། །ང་སྔོན་སྦྱངས་ཀྱི་མི་ཞིག་ཡིན་ནམ་སེམས། །ཁོ་མཐོང་ཐོས་ཀྱི་སྐྱེ་འགྲོ་མ་ལུས་པ། །དུས་མ་འོངས་ན་གདུལ་བྱར་འགྱུར་རམ་སྙམ། །འདི་ཉི་མ་གྲགས་པའི་སྨྱོ་གཏམ་ཡིན། །དོན་བདེན་འཛིན་མ་མཛད་རིན་པོ་ཆེ། །ཁྱེད་མོན་ཡུལ་དུ་སྐྱེས་པའི་བླ་མ་དང་། །ང་མདོ་ཁམས་སུ་སྐྱེས་པའི་སྤྲང་པོ་གཉིས། །དུས་དེ་རིང་ལྷན་ཅིག་མཇལ་བ་འདི། །སྔོན་སྦྱངས་པའི་ལས་འཕྲོ་དཀར་པོ་ལགས། །དུས་ད་རུང་ཀྱང་ཚེ་འདིའི་འོག་རོལ་དུ། །ལན་གཅིག་ཏུ་ངེས་པར་མཇལ་བར་གདའ། །ད་ེདུས་ན་ཟབ་ཆོས་བཅུད་འཐུང་བའི། །རྗེ་དམ་པ་ཁྱོད་ཀྱིས་སྨོན་ལམ་མཛོད། །ད་ལྟར་གྱི་འབྱུང་འདུས་ཕུང་པོ་འདི། །ནམ་འཆི་ཡི་དུས་ལ་ངེས་པ་མེད། །ཚེ་མི་རྟག་བསྒོམ་ལ་ཆོས་ལ་འབུངས། །འདུས་བྱས་འདི་ཆུ་ཡི་ལྦུ་བ་འདྲ། །ནམ་འཇིག་གི་དུས་ལ་ཅི་རེ་ཆ། །དོན་ཆགས་མེད་བསྒོམས་ལ་ཆོས་ལ་འབུངས། །རང་སེམས་འདི་གཏད་མེད་ཟང་ཐལ་ལེ། །ཡེ་ཤེས་ལ་རིག་པའི་མདངས་གསལ་ཚེ། །ཨ་ཏི་ཡི་ཉམས་ལེན་མཐར་ཕྱིན་མཛོད། །མི་སྤྲང་བན་ངས་ཀྱང་དེ་བཞིན་བྱེད། །རྗེ་དམ་པ་ཁྱེད་ཀྱང་དེ་བཞིན་མཛོད། །ཅེས་པ་འདི་མོན་ཡུལ་གྱི་བླ་མ་རི་ཁྲོད་པ་ནོར་བུ་དབང་གིས་མཐུན་རྐྱེན་གྱི་ཚོགས་གསོག་དཔག་མེད་ཅིག་གནང་བས། །ཤིན་ཏུ་དགའ་བར་བྱུང་སྟེ་དྷརྟུ་སཱུརྱ་ཀཱིཏྟིས་སྨྲས་པའོ། །ན་མོ་མ་ཧཱ་གྷུ་རུ་ཡ། །སྐྱབས་མཚུངས་མེད་ཀྱི་བླ་མ་པདྨ་འབྱུང་། །དོན་འབྲལ་མེད་བདག་གི་སྤྱི་བོར་བཞུགས། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཁྱེད་སྔོན་སྦྱངས་ཀྱི་བསྐྲུན་པའི་ལང་ཚོ་ཅན། །ཚོགས་གཉིས་ཀྱི་སྤྲས་པའི་དབང་ཕྱུག་དཔལ། །མཁྱེན་ལྡན་གྱི་ཡང་རབ་དབང་གི་མཚན། །དར་ཅིག་ཏུ་སྤྲང་རྒན་ཚིག་ལ་གསན། །དུས་འདི་ནས་རིང་འདས་བསྐལ་པའི་གོང་། །སེམས་རང་རིག་ཆོས་དབྱིངས་དྲི་མེད་ལ། །བློ་མ་རིག་འཛིན་པས་སྦུན་པ་ཡི། །བདག་སྲེད་འཛིན་ཚོར་བས་གདུང་བའི་འགྲོ། །ཡུལ་འགྲོ་དྲུག་འདི་སྡུག་བསྔལ་གྲོང་མོ་ཆེ། །འདི་ཐོག་མེད་ནས་བྱུང་ཞིང་མཐའ་མེད་འཁྱམས། །ཟོ་ཆུ་ཡི་འཁྱུད་མོ་བཞིན་དུ་འཁོར། །ཤིང་རྟ་ཡི་འཕང་ལོ་བཞིན་དུ་དྲིལ། །ཆུ་སྲིན་གྱི་མཆེ་བྲག་འདྲ་བའི་ཡུལ། །མི་གཙང་བའི་ཕུང་པོ་འདྲ་བའི་གྲོང་། །རྒྱལ་པོ་ཡི་བརྩོན་ཁང་འདྲ་བའི་ས། །འཁོར་བ་ནི་སྡུག་བསྔལ་ཕོ་བྲང་ལས། །དུས་དེ་རིང་ངེས་པར་རྒྱབ་གྱེས་རན། །དུས་དེ་རིང་ངེས་པར་འབྲོས་རེ་རན། །དུས་དེ་རིང་ངེས་པར་ཞེ་ཟོན་རན། །དུས་དེ་རིང་ངེས་པར་སྤང་རེ་རན། །ལྷ་ཤཱཀྱ་ཐུབ་པའི་བསྟན་པ་འདི། །སྐྱབས་སངས་རྒྱས་སྟོང་གི་བསྟན་སྙིང་ཡིན། །ཕྱི་སྡེ་སྣོད་གསུམ་གྱི་ས་གཞི་ལ། །ནང་རྡོ་རྗེ་ཐེག་པའི་འབྲས་བུ་སྨིན། །འདི་བསྐལ་པ་སྟོང་ལ་རྙེད་པར་དཀའ། །འདི་བསྐལ་པ་སྟོང་ལ་མཇལ་བར་དཀའ། །ཆོས་མདོ་སྔགས་ཀྱི་ཉི་ཟླ་ཟུང་ཤར་ཚེ། །དལ་འབྱོར་གྱི་མི་ལུས་ལོན་པ་འདི། །རྫོགས་ལྡན་གྱི་བསྐལ་པ་མང་པོ་ལ། །སྟོབས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ། །ལན་སྟོང་ཕྲག་ཏུ་སྐྱེས་ལས་འདི་འཚེངས་ཆེ། །ཚངས་པ་དང་བརྒྱ་བྱིན་ཐོབ་པ་ལས། །དུས་ད་ལན་གྱི་ལུས་འདི་མངོན་པར་མཐོ། །ལྷ་རྣམ་ཐོས་ཀྱི་བང་མཛོད་ཐོབ་པ་ལས། །དུས་དེ་རིང་གི་ལུས་འདི་ངེས་པར་དགའ། །དོན་དེ་ཕྱིར་སྙིང་ནས་ཆོས་ཤིག་མཛོད། །ལུས་རྙེད་དཀའ་དགོངས་ལ་ཆོས་ཤིག་མཛོད། །ཚེ་མི་རྟག་བསོམས་ལ་ཆོས་ཤིག་མཛོད། །ལས་རྒྱུ་འབྲས་གཞིགས་ལ་ཆོས་ཤིག་མཛོད། །ཐུགས་བརྩོན་འགྲུས་བསྐྱེད་ལ་ཆོས་ཤིག་མཛོད། །ལས་ཟང་ཟིང་སྤོངས་ལ་ཆོས་ཤིག་མཛོད། །བྱམས་སྙིང་རྗེ་བསྐྱེད་ལ་ཆོས་ཤིག་མཛོད། །ཕ་བླ་མ་བསྟེན་ལ་ཆོས་ཤིག་མཛོད། །གནད་གདམས་པ་ཞུས་ལ་ཆོས་ཤིག་མཛོད། །ཡུལ་གནས་བཟང་འགྲིམས་ལ་ཆོས་ཤིག་མཛོད། །གཞི་དད་པ་བསྐྱེད་ལ་ཆོས་ཤིག་མཛོད། །ལམ་མོས་གུས་སྒྲུབས་ལ་ཆོས་ཤིག་མཛོད། །མཆེད་གསང་གྲོགས་བསྟེན་ལ་ཆོས་ཤིག་མཛོད། །ཕ་བླ་མ་ཁྱེད་ཀྱང་འདི་བཞིན་དགོངས། །སྤྲང་བནྡྷེ་ངས་ཀྱང་འདི་བཞིན་བྱེད། །ཅེས་པ་འདི་མོན་དྭགས་པོའི་བླ་མ་དམ་པ་དབང་ཆེན་ལ་སྒོམ་སྡེ་བྱ་བྲལ་པས་ཐུགས་ནང་གཙང་དུ་ཞུས་ནས་ཉམས་མཚར་དུ་ཕུལ་བ་འདི་ཡང་གཙང་གྲོང་དུ་སྨྲས་པའོ། །ན་མོ་པདྨ་དྷ་ར་ཡཱ། །ཕ་གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྗེ། །མཚུངས་མེད་བླ་མ་འགྲོ་བའི་མགོན། །བི་མཱའི་རྣམ་འཕྲུལ་རྫོགས་ཆེན་པ། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །ལས་སྔོན་སྦྱངས་ཀྱི་དལ་འབྱོར་ལང་ཚོ་ཅན། །མཚན་ལྡན་གྱི་བླ་མ་ཨུ་ལ་ལགས། །ང་ཐོས་བསམ་གྱི་དབེན་པའི་སྤྲང་རྒན་གྱིས། །ཆོས་འཆད་རྩོད་བརྩོམ་པ་མི་འཐད་ཀྱང་། །རང་གྲོགས་མཆེད་ཉམས་མྱོང་བསྡུར་བའི་དབྱངས། །མགུར་དགོས་ཞེས་གསུངས་དོན་འབུལ་ལ་དགོངས། །དུས་ཐོག་མེད་ནས་ལས་ཉོན་བག་ཆགས་བསགས། །གནས་རིགས་དྲུག་འཁོར་བ་འདིར་འཁྱམས་ཚེ། །ལས་བདེ་སྡུག་འབྲས་བུས་རང་ཉིད་མནར། །འདི་རྣམ་གྲངས་བརྗོད་ན་ཡི་རེ་གདུང་། །དུས་ད་ལྟ་སྙིགས་མ་རྩོད་ལྡན་འདིར། །ལྷ་ཤཱཀྱ་མུ་ནེའི་བསྟན་པའི་ཞབས། །ཆོས་དགེ་བ་བཅུ་ལ་ཡིད་མི་བརྟོན། །ལས་མི་དགེ་སྡིག་སྒྲིབ་ངང་གིས་བསོག །དུས་དེ་རིང་བསྐལ་པའི་མར་ཞབས་འདིར། །གྲོགས་དལ་འབྱོར་རིན་ཆེན་རྙེད་པའི་ཚེ། །ཡུལ་བཙན་ས་སངས་རྒྱས་ཞིང་གི་མཆོག །དུས་དེ་རིང་བཟུང་ན་མི་འཐད་དམ། །གནས་ཐར་མེད་འཁོར་བའི་རྒྱ་མཚོ་ལས། །བསམས་ཤེས་བཞིན་རྟོགས་པ་ལྡན་པའི་ཚེ། །ཐབས་རྡོ་རྗེ་ཐེག་པའི་མན་ངག་གིས། །ལམ་ཉེ་བར་འདོད་ན་མི་འཐད་དམ། །ཕ་པདྨའི་བཀའ་གསང་སྙིང་པོའི་ཆོས། །དཔལ་པདྨ་གླིང་པས་གདམས་པའི་གནད། །དོན་ཟབ་དགུ་འདུས་པའི་མན་ངག་ལ། །གནད་ཉམས་སུ་བསྣུན་ན་མི་འཐད་དམ། །ཡུལ་གཙང་གྲོང་དགོན་པ་སྐྱེས་པའི་གནས། །འཁོར་ལོངས་སྤྱོད་གཞན་ལས་མངོན་འཕགས་ཀྱང་། །ཆུ་མེ་ཤིང་འཛོམ་པའི་རི་ཁྲོད་དུ། །ལམ་བདེ་གསལ་མི་རྟོག་ཉམས་མྱོང་གི །ཉམས་རྩེ་ཅིག་བསྐྱང་ན་མི་འཐད་དམ། །ཁོ་ངོ་དྲེགས་སྡར་མ་མི་ཐར་བའི། །དགྲ་སྙིང་རྗེ་མེད་པའི་འཆི་བདག་བདུད། །ཚེ་ལོ་ཟླ་མ་ཚོར་བཞིན་སོང་ཚེ། །དུས་ནམ་ཡོངས་མེད་པས་དོགས་ཟོན་འཚལ། །ལས་བྱས་བཞིན་སྡུག་བསྔལ་འཁོར་བ་པ། །ཡིད་བརྟེན་པའི་བློ་སྟོབས་མ་མཆིས་ཚེ། །དཔེ་རྨི་ལམ་ཡུལ་གྱི་སྣང་བ་བཞིན། །དོན་བདེན་འཛིན་མ་མཛད་རིན་པོ་ཆེ། །ཚིག་བཟང་ངན་སྒྲ་གྲག་སྣ་ཚོགས་པ། །དོན་ཐམས་ཅད་བར་སྣང་འཇའ་དང་འདྲ། །དེ་ཨི་འདྲ་མི་འདྲ་འགྱུར་ཚེ་ལྟོས། །ཡུལ་འཁོར་བའི་གནས་ལ་བློ་གཏད་སྤོངས། །དོན་ཡིན་བཞིན་བྱས་ཀྱང་མིན་པར་འགྱུར། །གནད་རང་རིག་གི་ངོ་བོ་བྱང་ཆུབ་སེམས། །ཡེ་གདོད་མ་ནས་གྲུབ་པའི་ཆོས་ཉིད་འདི། །དུས་ནམ་ཞིག་ཏུ་བཙན་ས་མ་ཟིན་པར། །ལས་བྱས་པ་ཐམས་ཅད་ཆུད་ཟོས་ཡིན། །དོན་དེ་ཕྱིར་ལྷ་ཆོས་སྙིང་ནས་མཛོད། །དོན་དེ་ཕྱིར་འཇིག་རྟེན་བྱ་བ་སྤོངས། །དོན་དེ་ཕྱིར་ཚེ་འདི་བློ་ཡིས་ཐོང་། །དོན་དེ་ཕྱིར་ཐར་པའི་བཙན་ས་ཟུང་། །ཅེས་པ་འདི་རིགས་འཛིན་ཆེན་པོ་པདྨ་གླིང་པའི་དཀྱིལ་འཁོར་འཛིན་པའི་བུ་བདུན་གྱི་གཙོ་བོའི་གདུང་བརྒྱུད་བླ་མ་རིན་པོ་ཆེ་ཨུ་ལ་ལ་སྒོམ་སྡེ་བྱ་བྲལ་པས་སྨྲས་པའོ། །ན་མོ་ཛྙཱ་ན་སིདྡྷི་ཡཱ། །གཞི་གདོད་ནས་སྤྲོས་བྲལ་དེ་བཞིན་ཉིད། །ལམ་འབད་རྩོལ་བྲལ་བ་བྱང་ཆུབ་ཚེ། །འབྲས་རང་རིག་བླ་མ་རྫོགས་སངས་རྒྱས། །སྐྱབས་དེ་ལ་རེ་དོགས་བྲལ་བས་མཆོད། །སྔོན་སྦྱངས་ཀྱི་ལེགས་བསྐྲུན་ཆོས་ཁམས་ལས། །ཚུལ་ལྡན་གྱི་སྐྱེས་མཆོག་རིགས་པ་འཛིན། །ནོར་བདུན་གྱི་གྲུ་འཛིན་དབང་པོའི་ཏོག། །འཁྲུལ་གྲོལ་གྱི་སྐྱེས་མཆོག་གང་དེའི་དྲུང་། །འདོ་མེད་ཀྱི་སྤྲང་པོས་ཞུ་གསོལ་པ། །ཉམས་མཚར་ཞིག་འཁོར་འདས་གཉིས་ལ་གདའ། །ལྟད་མོ་ཞིག་རང་གི་སེམས་ལ་གདའ། །ཉེ་ལམ་ཞིག་རྡོ་རྗེ་ཐེག་པར་མཆིས། །ངས་དུག་གསུམ་གྱི་ངོ་བོར་བལྟས་པའི་ཚེ། །དུས་གསུམ་གྱི་སངས་རྒྱས་གཅེར་གྱིས་མཐོང་། །དུག་ལྔའི་དབྱིངས་ལ་བརྟགས་པའི་ཚེ། །སྐུ་ལྔའི་སངས་རྒྱས་ལམ་གྱིས་མཇལ། །ཚོགས་བརྒྱད་ཀྱི་རྟོག་པ་འཕྲོ་བའི་ཚེ། །ཉེ་སྲས་ཀྱི་སེམས་དཔའ་ཤ་ར་ར། །ཡུལ་བརྒྱད་ཀྱི་སྣང་བ་མཐོང་བའི་ཚེ། །བྱང་སེམས་ཀྱི་སེམས་མར་ལྷན་ནེ་ལྷན། །ཕྱི་སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་། །ནང་འགྲོ་དྲུག་གི་སེམས་ཅན་ཡི་དམ་ལྷ། །ངས་སྤང་བྱའི་འཁོར་བ་མ་རྙེད་པས། །བསྒྲུབ་བྱའི་ཞིང་ཁམས་ལྷུན་གྱིས་གྲུབ། །ཡེ་གཞི་འདི་སྟོང་པ་ཉིད་དུ་རྟོགས། །འཁྲུལ་གཞི་འདི་རྨི་ལམ་སྣང་བ་འདྲ། །གྲོལ་གཞི་འདི་སྤང་བླང་བྲལ་འདུག་བསམ། །བྱར་མེད་ཀྱི་གནས་ལུག་མཐོང་བའི་ཚེ། །བྱས་པའི་ཆོས་འདི་སྦྲུལ་ཤུན་འདྲ། །བློ་བྲལ་གྱི་དོན་ལ་བལྟས་པའི་ཚེ། །འགྲོ་དྲུག་གི་བྱ་བྱེད་སྨྱོན་པ་འདྲ། །བདག་འདོ་མེད་རང་ལ་རང་བལྟས་པས། །ང་རྨི་ལམ་ཡུལ་གྱི་མི་གཟུགས་འདྲ། །ཁྱེད་སྔོན་སྦྱངས་ཀྱི་སྐལ་ལྡན་ལས་འཕྲོ་ཅན། །ངས་ཕྱོགས་མེད་ཀྱི་འགྲིམ་འགྲུལ་སྐད་ཆ་ལ། །མོན་ཤ་འུག་གི་གཏེར་སྟོན་རེད་དོ་ཐོས། །བདག་དག་པའི་སྣང་བ་མང་དུ་ཤར། །རྗེ་ཁྱེད་ལ་རྟེན་འབྲེལ་ལེགས་ཚོགས་སོགས། །ཅི་ཡོད་བདག་ལ་མཆིས་པར་འཚལ། །ཉམས་རྟོགས་པའི་ངོས་སྤྲོད་གདམས་པ་ཞུ། །ཅེས་པ་འདི་མདོ་ཁམས་སྒོམ་སྡེ་བྱ་བྲལ་འཕོ་ལུང་སྐུ་སྐྱེ་རིགས་འཛིན་རྣམ་རྒྱལ་པས་གྷུ་རུ་གཏེར་བདག་གླིང་པ་ཡིན་ཟེར་བ་ཞིག་མོན་དུ་བཞུགས་པ་ཐོས་ཚེ་དག་སྣང་མང་པོ་བྱུང་བ་ལ་བརྟེན་ཏེ་སྦས་ལུང་སྐྱིད་མོ་གཤོང་གི་གཙང་གྲོང་དགོན་པ་ནས་ཕུལ་བ་དགེ་ལེགས་འཕེལ། །རྗེ་ན་མོ་པདྨ་དྷ་ར་ཡེ། །སྐྱབས་མཚུངས་མེད་བླ་མ་སྤྱི་བོས་མཆོད། །ཁྱེད་དད་ལྡན་ཉོན་དང་ཆོས་མཛད་མ། །ཆོས་སེམས་ལ་ཕན་པའི་གདམས་པ་ནི། །བཀའ་མདོ་རྒྱུད་མན་ངག་སྙིང་པོའི་དོན། །ཕ་མཚུངས་མེད་བླ་མའི་ཐུགས་ཀྱི་བཅུད། །ཉམས་སྦ་སྲི་མེད་པར་སྨྲ་བྱེད་ན། །དུས་ད་ལན་རྙེད་པའི་མི་ལུས་འདི། །སྔོན་བསྐལ་མང་གི་གོང་གི་བསོད་ནམས་མཐུ། །དཔེ་ཡིད་བཞིན་ནོར་བུ་རྙེད་དང་མཚུངས། །ཚེ་ཕྱི་མའི་དོན་ཆེན་མ་འགྲུབ་ན། །ནོར་བུ་འདམ་དུ་དོར་དང་འདྲ། །ལུས་རྙེད་དཀའ་བསོམས་ལ་ལྷ་ཆོས་མཛོད། །དུས་དེང་སང་རྩོད་ལྡན་ཡང་མཐའི་ཚེ། །གདོན་བགེགས་དང་ནད་ཡམས་རླུང་ལྟར་འཚུབས། །དུས་ནམ་འཆི་ལ་ངེས་པ་མི་འདུག་པས། །ཚེ་མི་རྟག་བསྒོམ་ལ་ཆོས་ལ་འབུངས། །ལར་ཐོག་མེད་ནས་འཁྲུལ་ཞིང་འཁོར་བར་འཁྱམས། ད་མཐའ་མེད་དུ་སྡུག་བསྔལ་ཟད་མཐའ་མེད། །ཡུལ་རིགས་དྲུག་ལ་བློ་གཏད་ཡུལ་མེད་པས། །ལས་འདུས་བྱས་བསོམས་ལ་ཆོས་ལ་འབུངས། །རང་བྱས་པའི་དཀར་ནག་ལས་ཀྱི་འབྲས། །དུས་ནམ་ཡང་རང་གི་རྗེས་ལ་འབྲེང་། །དཔེ་རང་གི་ལུས་དང་ལུས་གྲིབ་འདྲ། །ལས་རྒྱུ་འབྲས་བསོམས་ལ་ཆོས་ལ་འབུངས། །སྐྱབས་སངས་རྒྱས་སྟོང་གི་ཐུགས་རྗེའི་མཛོད། །ཆོས་རང་སེམས་སྟོན་པའི་བླ་མ་དེ། །ལྷ་ཕྱོགས་བཅུའི་སངས་རྒྱས་ཀུན་ལས་ལྷག །གཞི་དད་པ་སྐྱེད་ལ་ཆོས་ལ་འབུངས། །ཁོང་ངན་སོང་གསུམ་གྱི་ཡུལ་མཐོང་ན། །དཔལ་རྫོགས་པའི་སངས་རྒྱས་བསྟན་པ་འདིར། །ལུས་ཆོས་ལྡན་མི་ལུས་ཐོབ་པ་འདི། །རང་སྐལ་ལྡན་ཡིན་པས་ཆོས་ལ་འབུངས། །ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས། །ལམ་ཕྱག་རྫོགས་ཀྱི་གདམས་ཟབ་མན་ངག་གནད། །གནས་རི་ཁྲོད་བསྟེན་ལ་རང་སེམས་སྐྱོང་། །སེམས་སེམས་འབྱུང་གི་སྒྲོ་འདོགས་བདར་ཤ་ཆོད། །དོན་མ་མཐོང་ཙ་ན་མཉམ་པར་ཞོག །ཐུན་ཆུང་ལ་གྲངས་མང་གནད་དུ་བསྣུན། །གཞི་གདོད་ནས་སྤྲོས་བྲལ་བྱང་ཆུབ་སེམས། །ལམ་བྱས་པའི་ཆོས་ལ་མ་བལྟོས་པར། །ཡེ་འབད་རྩོལ་བྲལ་བའི་དོན་མཐོང་ན། །འདི་མཐོང་མེད་མཐོང་བ་བླ་ན་མེད། །ཆོས་གདམས་པ་ཀུན་གྱི་སྙིང་ཁུ་ཡིན། །གནད་ཉམས་ལེན་མཛོད་ཅིག་ཆོས་མཛད་མ། །ཅེས་པ་འདི་འཕོ་ལུང་སྐུ་སྐྱེ་འདོ་མེད་ཐ་ཤལ་པས་མོན་སྦས་ལུང་སྐྱིད་མོ་གཤོང་གི་ཆོས་མཛད་མ་ཡེ་ཤེས་མཚོ་སྒྲོན་ལ་སྨྲས་པའོ། །རྗེ་ན་མོ་པདྨ་ཀ་ར་ཡེ། །སྐྱབས་མཚུངས་མེད་ཨོ་རྒྱན་རིན་པོ་ཆེ། །བདག་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །དུས་སྙིགས་མ་ལྔ་བརྒྱ་བཙོད་ལྡན་འདིར། །བདག་ལུས་ངན་བླངས་པའི་སྤྲང་རྒན་ལ། །ཕ་ཁྱོད་མིན་རེ་ས་གཞན་ན་མེད། །རྗེ་ཐུགས་རྗེས་བཟུང་ལ་བར་ཆད་སོལ། །ཀྱེ་མ་མ་རུངས་དུས་ངན་འདིར། །ལས་ཡིན་པར་བསམས་ཀྱང་མིན་པར་འགྲོ། །ཆོས་བདེན་པར་སྨྲས་ཀྱང་བརྫུན་དུ་མཐོང་། །ལས་བདེ་སྡུག་སོས་ཀའི་ཉི་མ་འདྲ། །ཟང་ཟིང་བསྐྱུར་ཀྱང་འདུ་ལོང་འཚུབས། །བྱ་བ་བཏང་ཡང་བྲེལ་བས་ཁུར། །རྒྱལ་ཁམས་འགྲིམས་ཀྱང་ཆགས་སྡང་འཕེལ། །འདོ་དོན་མེད་ལ་བྲེལ་བ་མང་། །བདག་འདྲའི་ལས་ངན་ཀྱེ་མ་ཧུད། །དུས་དེང་ནས་བྱང་ཆུབ་སངས་རྒྱས་བར། །ཆོས་བསྒྲུབ་ལ་བར་ཆད་བདུད་ཞི་ནས། །སྐྱབས་གྷུ་རུའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་རྒྱ་གར་ལ་སོང་དུས་ཤིན་ཏུ་ཡི་ཟ་བའི་རྒྱུ་འགའ་ལ་བརྟེན་ནས་སྡུག་བསྔལ་དྲག་པོས་དྭགས་པོ་སྒྲུབ་ལུང་གི་གོང་བལ་བ་ཚང་དུ་སྨྲས་པའོ། །ཨ་ཧོ་རྟོལ་པོ་རྟོལ་མོའི་སྦྱིན་བདག་དེ་གོང་ལ་པའི་འཛོམ་སྐྱིད། །ཚེ་འདིར་དགོས་པའི་ཨ་ཕ་དེ་ཉིན་མོའི་སྐར་མ། །ཕྱི་མ་དགོས་པའི་ལྷ་ཆོས་དེ་ནམ་ཕྱེད་ཀྱི་ཉི་མ། །འདོ་མེད་བདག་ཉིད་སྐྱོ་འདུག་ཨོ་རྒྱན་གྱི་པདྨ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་སཱུརྱ་ཡི་ཀཱིརྟི། །ཧ་ཧཱ། །ཅེས་པ་འདི་གོང་ལ་པའི་འཛོམ་སྐྱིད་ལ་ཉམས་མཚར་དུ་སྨྲས་པའོ། །ཨ་ཧོ་སྐྱིད་པོ་ལྷ་ཡུལ་ལ་གྲགས་ཀྱང་རང་ཅག་སླེབ་ས་ནི་མི་འདུག །སྡུག་པོ་དམྱལ་བ་ན་གྲགས་ཀྱང་བྲོས་པས་ཐར་ས་ནི་མི་འདུག །སྐྱིད་སྡུག་སྙོམས་པ་རང་ཅག་གི་སྒྱུ་ལུས་འདི་རེད་ཀྱང་། །འཆི་བདག་བདུད་ཀྱི་འཁྱེར་དུས་སྐྱོ་བ་ལ་ཨ་ངེད། །ཅེས་པ་འདི་ཡང་འཛོམ་སྐྱིད་ལ་སྨྲས་པའོ། །ན་མོ་རཏྣ་གྷུ་རུ་ཡཱ། །ཆོས་རང་རིག་བླ་མ་རིན་པོ་ཆེ། །བཀའ་འབྲལ་བ་མེད་པར་ཐུགས་རྗེས་ཟུང་། །ཚེ་སྔོན་སྦྱངས་ལས་ཀྱི་མཇལ་བའི་བུ། །ང་མདོ་ཁམས་སྒོམ་སྡེ་འཕོ་ལུང་པར། །ལུགས་གཉིས་ཚུལ་དང་མི་ལྡན་ཀྱང་། །སྐྱབས་འགྲོ་དྲུག་འདྲེན་པ་པདྨའི་མཐུས། །ཚེ་འདི་ལ་གསང་མཛོད་ཟབ་ཆོས་བརྡོལ། །ང་ཐ་སྙད་མེད་ཀྱང་བསྐལ་བ་བཟང་། །ད་ལྟར་གྱི་སྐྱེ་འགྲོ་མཐོ་དམན་རྣམས། །དག་མ་དག་སྣང་བ་ཅི་ཤར་ཡང་། །ཁོང་མཐོང་ཐོས་ཀྱི་སེམས་ཅན་མ་ལུས་པ། །དོན་བྱང་ཆུབ་ཀྱི་ལམ་ལ་འགོད་ཡོང་སྙམ། །འདི་འདོ་མེད་སྤྲང་པོའི་འཆལ་ཚིག་ཡིན། །བུ་ཁྱོད་ཀྱི་ལྷ་སྐལ་གསང་འདུས་མཛོད། །དུས་རྒྱུན་དུ་བསྒོམ་བཟླས་ཡིད་ལ་ཞོག །ཟབ་ཐིག་མཁའ་འགྲོའི་སྙན་བརྒྱུད་ལས། །བར་ཆད་བཟློག་པའི་འཕྲིན་ལས་ཀྱིས། །སྔོན་གྱི་སྨོན་ལམ་ངེས་པར་ཡོད། །འདུས་བྱས་ཀྱི་ཆོས་ལ་བློ་གཏད་མེད། །འཁོར་བའི་གནས་ན་བདེ་བ་མེད། །ནམ་འཆིའི་དུས་ན་ངེས་པ་མེད། །བར་ཆད་ཀྱི་རྐྱེན་འཕྲང་གར་ཡོང་མེད། །དོན་དེ་ཕྱིར་དགེ་སྒྲུབ་སྡིག་སྤོང་འབུངས། །ཅེས་པ་འདི་ཉང་པོ་འབྲང་གི་སྤྲུལ་སྐུ་བ་དཔལ་འབྱོར་ལ་འཕོ་ལུང་བནྡྷེས་བྱང་མཚོ་བྲང་དུ་ཕུལ་བའོ། །ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུྃ། །འགྲོ་དྲུག་སྐྱབས་མགོན་བོད་ཡུལ་ཉི་མ་མཆོག །བསྟན་པའི་རྩ་ལག་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་དབང་མཆོག་བསྐུར་དུ་གསོལ། །བདག་ལྟའི་འགྲོ་བ་སྒོམ་སྡེ་པ། །འདོ་མེད་སྤྲང་བན་རིགས་འཛིན་རྣམ་རྒྱལ་ང་། །ཚེ་འདིའི་ལེགས་འབྱོར་ཆོས་ཀྱིས་དབེན་ན་ཡང་། །སྐྱབས་མགོན་བླ་མ་རྣམས་དང་གྷུ་རུ་ཡི། །བྱིན་རླབས་ཕྲན་བུ་ཐོབ་པས་སྐལ་བ་བཟང་། །བཟང་བྱས་ཐམས་ཅད་འབྲས་བུ་ངན་སྨིན་ཞིང་། །མི་དར་ས་ནས་མི་ཁ་ཀུན་སློང་རྒྱས། །བདེ་སྡུག་སོས་ཀའི་ཉི་མ་ལྟར་བྱུང་ཡང་། །རེ་ས་སྐྱབས་གནས་ཨོ་རྒྱན་རྗེ་ལ་བྱས། །འདུག་ས་རི་ཁྲོད་བསགས་པ་དགེ་ལ་སྤྱད། །ད་ལྟ་ཤི་ཡང་ཕྱི་མ་འགྱོད་པ་མེད། །བྱིན་གྱིས་རློབས་ཤིག་གྷུ་རུ་རྩ་བ་གསུམ། །ཀྱེ་ཧོ་གསོན་དང་སྔོན་སྦྱངས་ལས་འཕྲོ་ཅན། །དུས་གསུམ་སངས་རྒྱས་ཀུན་འདུས་པད་འབྱུང་གི །སྨོན་ལམ་དབུགས་དབྱུང་མཛད་པ་དགོངས་མཛོད་དང་། །ཟབ་ལམ་བདེ་མཆོག་ཚེ་དང་དྲག་སྒྲུབ་དང་། །ཁྱད་པར་མ་རིག་མུན་སེལ་ཟབ་ཏིག་སྟེ། །གཏེར་སྒྲོམ་ལྔ་ལས་ལུང་བྱང་གཞུང་གསལ་ལྟར། །ཆོས་ཀྱི་བདག་པོ་གཡུ་སྒྲའི་སྤྲུལ་པ་རུ། །རྩ་གསུམ་བསྲུང་མར་ངེས་པ་རྙེད་པའི་ཚེ། །དམ་ཚིག་བསམ་སྟེ་དད་པ་སྙིང་ལ་བཅགས། །མོས་གུས་བྱས་ཏེ་དག་སྣང་རྒྱུད་ལ་སྦྱངས། །དཀའ་བ་སྤྱད་དེ་སྨིན་གྲོལ་གདམས་པ་ཕུལ། །དཀའ་རྒྱས་བཏབས་ཏེ་དཔེ་བུམ་ཕྱག་ན་བཞག །སྤྲང་པོའི་ཁོང་པའི་སྙིང་དང་དཔྲལ་བའི་མིག །ཡིན་པས་གཅེས་པར་དགོངས་ཏེ་ཟབ་གཞེས་མཁྱེན། །དམ་མེད་ཁ་བསགས་སྟོང་ཞུས་འགྲོ་བ་ལ། །རླུང་ཕྱོགས་ཙམ་དུའང་མ་བསྒྲག་གསང་དམ་རྒྱ། །ཉམས་ལེན་དད་པ་དམ་ཚིག་ཆོས་ལ་བརྩོན། །སྐལ་བར་ལྡན་ལ་མ་གསང་སྟོན་མཛོད་ལགས། །གདམས་པ་སྦས་ལྷུག་མེད་པར་སྙིང་ལ་སྐྱུགས། །གཞན་ཡང་ཆོས་འདིའི་བདག་པོའི་སྐྱེས་བུ་ནི། །གོང་མ་ཆེན་པོའི་ཞབས་ནས་རིམ་བཞིན་དུ། །བོད་ཡུལ་དབུས་དང་གཙང་སོགས་མངའ་རིས་མན། །ལུང་བཞིན་གསལ་བའི་སྐྱེས་ཆེན་དེ་རྣམས་ལ། །གདམས་པ་སྤྲད་དང་གདམས་པའི་གཏད་རྒྱ་སོགས། །སྐྱེས་མཆོག་ཁྱོད་ལ་ང་ནི་རེ་ཆེ་བས། །གྷུ་རུའི་དམ་ལ་དགོངས་ཏེ་རྗེས་དྲན་འཚལ། །ཉམས་ལེན་དཀའ་བ་སྤྱད་དང་བརྩོན་འགྲུས་བརྩམས། །ལོ་གསུམ་བཅད་རྒྱ་བསྙེན་སྒྲུབ་ཚུལ་ཐོན་ན། །སངས་རྒྱས་བསྟན་དང་འགྲོ་བའི་ལེགས་བསྐྲུན་དུ། །ངེས་པར་སྐྱེས་མཆོག་ཁྱོད་ལ་འབྱུང་ངོ་སེམས། །ཆེ་དྲེགས་ལེ་ལོ་བཏང་སྙོམས་དབང་སོང་ན། །བསྲུང་མ་དམ་ལ་གནས་པས་འཁུ་འམ་བཟློག །རྐྱེན་ངན་འབྱུང་ལ་ཡིད་གཉིས་ཐེ་ཚོམ་སྤོངས། །རང་ཉམས་མ་ལོན་བར་དུ་གཞན་ལ་གསང། །དཔེ་ལ་ཚིག་ཆད་མེད་དོ་འབྲུ་ཆད་གསོབས། །མེད་ཐབས་ཆགས་པའི་ཁ་བཀང་སོ་སོར་གསོབས། །བདེ་མཆོག་རྩང་དང་བསྒྲལ་ལས་ཟ་ལམ་རྣམས། །ཞི་ཁྲོ་བཀའ་བརྒྱད་གཞུང་ནས་ཐུ་བར་མཛོད། །སྐྱབས་སེམས་མང་ཞིག་དབང་གི་གཞུང་ན་འདུག །སྔོན་འགྲོ་ལ་སོགས་ཆོ་གའི་ཡན་ལག་འགའ། །སྒྲུབ་པ་ཕྱི་ནང་རྣམས་ཀྱི་ནང་ན་འདུག །མདོར་ན་ཟབ་ཆོས་གདམས་སྐོར་འདི་རྣམས་ལ། །གབ་འཁྲུགས་ལ་སོགས་ཤིན་ཏུ་ཆེ་འདུག་པས། །རབ་ཏུ་བརྟག་ཅིང་དཔྱད་དེ་བསྙེན་སྒྲུབ་འབུངས། །ཆོས་སྐྱོང་མཐར་ཐུག་དམ་ཅན་སྐྱེས་བུ་ནི། །རྒྱུན་དུ་བརྟེན་མཆོད་མཛོད་ཅིག་གཏད་དོ་རྒྱ། །ཅེས་པ་འདི་འཕོ་ལུང་སྐུ་སྐྱེས། །ཧོར་གྱི་ལོ་ཆེན་པ་ལ་ཁམས་སྲིང་མོ་རྫོང་གི་ཆགས་རི་བདེ་སྐྱིད་གླིང་གི་དབེན་གནས་སུ་ཕུལ་བ་འདིས་ཀྱང་དགེ་ལེགས་ཤིང་བཀྲ་ཤིས་པར་གྱུར་ཅིག །ཡི་གེ་པ་ནི་དད་ལྡན་ཚེ་རྒྱལ་པའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་མཁྱེན། །སྐྱབས་གྷུ་རུ་པདྨས་བྱིན་གྱིས་རློབས། །ཀྱེ་མ་ཧོ་སྔོན་ཚེ་བསྐལ་མང་གོང་། །ལྷ་རྫོགས་སངས་རྒྱས་ཀྱི་བསྟན་པ་ནི། །ས་ཆེན་པོའི་རྡུལ་གྱི་གྲངས་སྙེད་ཙམ། །རྗེ་སྐུ་གསུམ་གྱི་སྟོན་པ་རྣམ་མང་དེས། །ཁམས་གསུམ་གྱི་སེམས་ཅན་ལས་མཐུན་ལྟར། །མངོན་མཐོའི་ལམ་ལ་བཀོད་པའི་ཚེ། །བདག་ལས་ངན་གྱི་སེམས་ཅན་གང་དུ་སོང་། །ཉེ་སྲས་དང་བྱང་སེམས་འཕགས་པའི་སྡེ། །དཔལ་རིགས་གསུམ་གྱི་མགོན་པོ་ལ་སོགས་པས། །རྒྱུ་ལས་མཐུན་གྱི་འཕྲིན་ལས་རྣམ་པ་བཞིས། །ཁམས་གསུམ་གྱི་འཁོར་བ་དོང་སྤྲུགས་ཚེ། །བདག་སྐལ་མེད་ཀྱི་སེམས་ཅན་གང་དུ་སོང་། །རྗེ་སྐུ་གསུམ་གྱི་སྟོན་པའི་རྣམ་འཕྲུལ་ལས། །ས་གནས་ཀྱི་བྱང་སེམས་རིགས་པ་འཛིན། །མདོ་སྔགས་ཀྱི་བསྟན་འཛིན་བགྲངས་ཡས་ཀྱིས། །རྣམ་མང་གི་སྡིག་ལྡན་དྲང་བའི་ཚེ། །བདག་ཚོགས་མ་བསགས་པ་གང་ན་སོང་། །དཔལ་ཨོ་རྒྱན་མཁན་པོ་པད་འབྱུང་གིས། །ངན་བུ་ལ་བརྩེ་བས་རྗེས་བཟུང་སྟེ། །ཟབ་མོའི་གདམས་པ་མཇལ་ནས་ཀྱང་། །རང་དོན་ལ་ཆོས་ཀྱི་ཉམས་ལེན་དང་། །བསྟན་འགྲོའི་དོན་དུ་སེམས་ནས་སྟེ། །ཚོགས་བསགས་དང་སྒྲིབ་སྦྱང་འབད་པ་ལས། །མི་གཞན་ལ་གནོད་འགལ་འཚེ་བའི་རིགས། །ནས་བྲེ་གང་གི་རྒྱུ་གྱོང་བརྒྱབས་པ་དང་། །ཚིག་ངན་པའི་འདོར་ལེན་ཙམ་མེད་ཀྱང་། །དགྲ་མཐོང་བ་བཞིན་དུ་སྡང་བ་དང་། །འདྲེ་མཐོང་བ་བཞིན་དུ་བཀར་བ་འདི། །ང་ལས་ངན་གྱི་སེམས་ཅན་སྡིག་ཏོ་ཅན། །ཚེ་རབས་ནས་ཚོགས་མ་བསགས་པ་འགྱོད། །དུས་དེ་རིང་ཡུལ་ཕྱོགས་ལུང་པའི་ཆ། །ལུང་གསུམ་འདུས་མདོ་དར་རྩེ་མདོར། །ཁེ་ཚོང་གི་སྤོག་ཆོག་བྱེད་མཁན་རྣམས། །སེང་བཞིན་འགྱིང་སྟེ་སྟག་བཞིན་འཕྱོ། །ཡུལ་རྒྱ་ནག་གི་གནས་སྐོར་སྙིང་ལ་གནག །སྐྱབས་དཀོན་མཆོག་གསུམ་ལ་བློ་གཏད་པའི། །སྤྲང་འདོ་མེད་སྡུག་རྒན་ཉི་མ་གྲགས། །ཡུལ་བར་དོའི་སྡུག་བསྔལ་མངོན་དུ་ལྡང་། །འདི་དགེ་སྡིག་གཉིས་པོ་གོ་རེ་ལོག །དེ་ལོག་ཀྱང་འགྱོད་མེད་དཀོན་མཆོག་གསུམ། །སྐྱབས་དཀོན་མཆོག་གསུམ་གྱི་ཐུགས་རྗེས་གཟིགས། །འདི་སྤྲང་རྒན་གྱི་སྔོན་གྱི་ལས་ཡིན་ན། །ཡུལ་ཚེ་རབས་ཀྱི་སྡིག་ལྟུང་དག་པར་ཤོག །འདི་ཁྲིམས་བདག་གི་འཕྲལ་གྱི་རྐྱེན་གྱུར་ན། །ཁོ་ལ་ཡང་སྡིག་པར་མི་འགྱུར་ཞིང་། །མ་འོངས་པར་གདུལ་བྱའི་རྒྱུར་གྱུར་ཅིག །སྐྱབས་དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས། །བདག་ཆོས་ཀྱི་བསམ་པ་འགྲུབ་པར་ཤོག །ཅེས་པ་འདི་རྒྱ་ནག་གི་གནས་སྐོར་ལ་སོང་སྐབས་དར་རྩེ་མདོའི་ཁྲིམས་བདག་གིས་ལམ་བཀགས་ཏེ་སྡུག་བསྔལ་མང་པོ་བྱུང་ཚེ་སྨྲས་པའོ། །ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུྃ། །བདག་གི་བླ་མ་ཨོ་རྒྱན་ཆོས་ཀྱི་རྗེ། །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས། །ཕ་གཅིག་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །དུས་མཐའི་སྤྲང་རྒན་ཉི་མ་གྲགས་པ་ང་། །ཆོས་བཞིན་བསམས་ཀྱང་ཆོས་ཀྱི་ལས་མ་འགྲུབ། །སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་འདིར། །མི་ལུས་ཐོབ་ཀྱང་སྙིང་རུལ་བདག་འདྲ་ལ། །ཆོས་ཀྱི་གཏམ་དང་གདམས་པའི་འོས་བྲལ་ཡང་། །སྔོན་ལས་བཟང་པོའི་མཚམས་སྦྱར་མཇལ་བ་ཡི། །ཤཱཀྱའི་བསྟན་འཛིན་མདོ་སྔགས་ཆོས་ཀྱི་རྗེ། །ཤཱཀྱ་འོད་ཟེར་དགེ་བའི་བཤེས་གཉེན་པས། །འདི་ལྟར་དགོས་ཞེས་གསུང་དོན་ཞུ་བ་ནི། །རང་རེ་སྔོན་ནས་གཡར་དམ་གཅིག་ཏུ་ཚོགས། །ང་ཡི་སྣ་ཚོགས་སྣང་བའི་བར་རིབ་ལ། །སྔོན་ཚེ་ཨོ་རྒྱན་རིགས་འཛིན་གྷུ་རུའི་དྲུང་། །ཟབ་པའི་གདམས་པ་མཉམ་དུ་མནོས་སམ་སྙམ། །བར་དུའང་བོ་དོང་ཕྱོགས་འདི་ཀླུའི་དབང་པོ་ལས་རྣམ་རྒྱལ་གྱི། །སློབ་དཔོན་དྲུང་རམ་ཀུན་དགའ་གྲགས་པ་ལ། །ཁྱེད་གཉིས་སྐྱེས་དུས་འབྲེལ་ཟུང་ཆེ་འདུག་སྙམ། །སླར་ཡང་ནུབ་གཅིག་དག་པའི་སྣང་བ་ལ། །ཡུལ་འདིའི་བླ་མ་སྔོན་གྱི་ཚེ། །གཙང་གི་ལེགས་གྲུབ་བྱ་བ་ཡིན། །ཅེས་པའི་ལུང་བྱང་གསལ་བར་ཐོབ་པས་སྤྲོ། །དེ་ཡང་ཨོ་རྒྱན་ཆེན་པོའི་བཀའ་ཉིད་ལས། །ཆོས་བདག་ནོར་མེད་མཁའ་འགྲོའི་ལུང་བསྟན་གསལཿ དེ་ཚེ་དམ་ཆོས་གབ་སྦས་མེད་པར་སྦྱིནཿ ཅེས་པའི་དོན་འབྲས་མངོན་དུ་གྱུར་རམ་སེམས། །དེ་ཕྱིར་ཟབ་པའི་སྙིང་པོ་གདམས་པའི་གནད། །བདུད་བཞི་རྣམ་རྒྱལ་མ་རིག་མུན་སེལ་ལ། །ཉམས་ལེན་མཐའ་རུ་ཕྱིན་ཐབས་བརྩོན་འགྲུས་བསྐྱེད། །ཆོས་སྐོར་ཡོངས་རྫོགས་བསྟན་པ་འཛིན་སྐྱོང་སྤེལ། །སྤོབས་པ་མ་ཞེན་སྙིང་ཁམས་བསྐྱེད་མཛོད་དང་། །ཡུལ་ཕྱོགས་འདི་ན་འགྲོ་དོན་རྒྱས་པར་ཡོད། །ཅི་ཕྱིར་ཐུགས་རྗེ་ཆེན་པོའི་ལུང་བྱང་ལས། །ཟབ་དོན་གདམས་པ་ཉི་མའི་བསྟན་པ་འདིཿ ཤར་དུ་རྒྱས་ན་རྟེན་འབྲེལ་མཆོག་ཡིན་ཞིངཿ ཞེས་པའི་དུས་དང་གང་ཟག་རྟེན་འབྲེལ་འགྲིག །ཚེ་སྒྲུབ་གཞན་ལུས་ཟབ་ཐིག་ཆགས་ལམ་དང་། །བདུད་འདུལ་ནག་མོ་ལྷ་ཆེན་ཛམ་བྷ་ལ། །བཀའ་ལུང་དཀྱིལ་འཁོར་ཟིན་ངེས་མ་གཏོགས་པའི། །འགྲོ་བ་རྣམས་ལ་དཔེ་ཁ་ཤིན་ཏུ་དོམ། །ལོ་ཐར་བཞིན་དུ་གདན་ས་འདི་ཉིད་དུ། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་བཅས། །དབང་སྒྲུབ་སྦྲག་མ་འཁྲིད་བཅས་ཚར་རེ་རབ། །དབང་ལུང་སྦྲགས་མ་ཚར་རེ་ཆགས་མེད་ཚུགས། །བཀའ་ཡི་བསྲུང་མ་དམ་ཅན་སྐྱེས་བུ་ལ། །མཆོད་བསྟོད་མཛོད་དང་མགོན་སྐྱོབས་སྟོངས་གྲོགས་བཟང་། །ཆོས་སྐྱོང་གཞན་གྱི་འཁུ་ཟློག་འབྱུང་མི་འགྱུར། །པདྨའི་བཀའ་བཙན་གཟུགས་མེད་དམ་ཚིག་གཙང་། །གྷུ་རུའི་བཀའ་ལ་མི་ཉན་སུ་ཡང་མེད། །དལ་འབྱོར་རིན་ཆེན་ཆོས་ལྡན་མི་ལུས་འདི། །ཡང་ཡང་འཐོབ་དཀའ་ཡིད་བཞིན་ནོར་བུ་འདྲ། །སྙིང་ནས་བརྩོན་པས་དམ་པའི་ཆོས་ཤིག་རན། །ལྔ་བརྒྱའི་སེམས་ཅན་ཚེ་ཐུང་བསོད་ནམས་དམན། །འདུས་བྱས་འཁོར་བའི་ཆོས་ལ་བློ་གཏད་བྲལ། །སྐྱེ་འཆི་འཇིགས་པའི་བར་དོ་ཡ་རེ་ང་། །ལས་འབྲས་སླུ་མེད་ནམ་ཡང་སྟོངས་མཐའ་མེད། །དཀར་ནག་ལས་ཀྱི་འབྲས་བུ་སྨིན་པའི་ས། །རང་སེམས་དངོས་མེད་སྐྱེ་འགགས་བྲལ་བ་འདི། །མ་ཡེངས་པ་ཡི་དྲན་པས་རྩེ་ཅིག་ཏུ། །ཟ་འགྲོ་ཉལ་གཉིད་རི་རྩེ་རྒྱ་མཚོའི་འགྲམ། །བདེ་སྡུག་སྣང་བ་སྣ་ཚོགས་ཅི་ཤར་ཡང་། །རྐྱེན་ལ་མི་བལྟ་གཉེན་པོས་ལམ་དུ་འཁྱེར། །རེས་སྒྲིམ་རེས་གློད་རྒྱུན་ལྡན་མ་ཡེངས་སྐྱོངས། །སྣང་སྲིད་འཁོར་འདས་སྤང་བླང་བྱ་བྱེད་རྣམས། །སྒྱུ་མ་རྨི་ལམ་ཆུ་ཡི་ཆུ་བུར་འདྲ། །ལམ་ལྔ་ས་བཅུ་ཕ་རོལ་ཕྱིན་ཐབས་འབུངས། །ཅེས་པ་འདི་རྒྱ་མེ་ཉག་ཆོས་རྗེ་ཤཀྱ་རསྨི་ལ་འདུ་ཤེས་གསུམ་པ་ཉི་མ་གྲགས་པས་ཕུལ་བའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ། །སྤྲང་བནྡྷེས་གསོལ་བ་སྙིང་ནས་འདེབས། །རྗེ་བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །གྲོགས་དམ་པ་བཀའ་བཅུ་ལྷ་དབང་པ། །དུས་ད་ལམ་སངས་རྒྱས་ཐུབ་བསྟན་འདིར། །བཀའ་མདོ་སྔགས་ཉི་ཟླ་ཟུང་འབྲེལ་ཤར། །ལུས་དལ་འབྱོར་མི་ལུས་དོན་ལྡན་ཐོབ། །དུས་སྙིགས་མ་ལྔ་བརྒྱ་འདིར་སྐྱེས་ཀྱང་། །དཔལ་ཨོ་རྒྱན་མཁན་པོ་པད་འབྱུང་གི །འཁོན་ལོ་ཆེན་ཀླུ་ཡི་དབང་པོ་ལ། །ཆོས་ཟབ་དགུ་གཉེན་བཅུའི་གདམས་པ་གནང་། །དེ་གདུལ་བྱ་དུས་བབ་གཏེར་སྒོ་ཕྱེ། །རང་གྲོགས་མཆེད་སྔོན་ལས་དཀར་པོས་བསྡུས། །ལམ་བསྐྱེད་རྫོགས་གཉིས་ཀྱི་གདམས་པ་བཏབས། །འདི་སྔོན་གྱི་སྨོན་ལམ་འབྲས་བུ་ཡིན། །སྐལ་བ་བཟང་བས་དགའ་བ་སྒོམས། །བརྩོན་འགྲུས་བསྐྱེད་ལ་ཉམས་ལེན་མཛོད། །ཞེ་བཅད་གྱིས་ལ་སྒྲུབ་ལ་འབུངས། །ལྷ་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་དང་། །བཀའ་ཟབ་ཆོས་པདྨ་དྲག་ཁྲོས་ལ། །སྙིང་ཐག་པའི་ངང་ནས་ཡི་དམ་གྱིས། །ཆོས་འཕགས་པ་མ་རིག་མུན་སེལ་དང་། །བདེ་གསང་སོགས་མདོར་ན་ཡོངས་རྫོགས་ཆོས། །བུ་ཁྱོད་ལ་དབང་ལུང་གཏད་རྒྱ་ཚང་། །བསྟན་འགྲོའི་དོན་དུ་སེམས་བསྐྱེད་ལ། །ལས་བཞིའི་འབད་རྩོལ་མ་ཞན་དང་། །བདག་གཞན་གྱི་དོན་གཉིས་འགྲུབ་ནས་ཡོང་། །ཅེས་པ་འདི་རྒྱ་མེ་ཉག་ཡུལ་གྱི་བཀའ་བཅུ་པ་ལྷ་དབང་ལ་ཁ་བརྡར་ཉི་མ་གྲགས་པས་ཕུལ། །ན་མོ་མ་ཧཱ་གྷུ་རུ་ཡཱ། །དཔལ་ཨོ་རྒྱན་གྷུ་རུའི་ཞབས་ལ་འདུད། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཁྱོད་གླུ་ལ་ཉན་འདོད་བཀའ་བཅུ་པ། །ཤཱཀྱ་ཚུལ་ཁྲིམས་སྙན་གསན་འཚལ། །འཁོར་བ་འདི་སྡུག་བསྔལ་རྒྱ་མཚོ་ཡིན། །ཕ་ཡུལ་འདི་ཆགས་སྡང་གི་རྩ་བ་ཡིན། །ཉེ་འབྲེལ་འདི་འཁོར་བའི་བཙོན་བརྫི་ཡིན། །དགོན་ཆུང་འདི་ཆོས་བརྒྱད་ཀྱི་རྨེང་གཞི་ཡིན། །དལ་འབྱོར་འདི་ཆུ་ཡི་ཆུ་བུར་འདྲ། །རྒས་པ་འདི་སྤང་ལ་མེ་ཤོར་འདྲ། །འཆི་བདག་འདི་དགོངས་ཀའི་གྲིབ་སོ་འདྲ། །ལས་འབྲས་འདི་ལུས་དང་གྲིབ་མ་འདྲ། །འགྲོ་དྲུག་འདི་ཟོ་ཆུའི་འཁྱུད་མོ་འདྲ། །སྐྱེ་འཆི་འདི་ཤིང་རྟའི་འཕང་ལོ་འདྲ། །འདུས་བྱས་འདི་བར་སྣང་གི་འཇའ་ཚོན་འདྲ། །ལས་གང་ལ་ཡང་སྙིང་པོ་མི་འདུག་པས། །རྟེན་ཐར་པའི་ལམ་སྣ་ཟིན་པའི་ཐབས། །ལམ་བསྐྱེད་རྫོགས་ཉམས་ལེན་བརྩོན་རེ་རན། །ཚེ་འདི་ཕྱོགས་ཀྱི་བྱ་བ་བསྐྱུར་རེ་རན། །ཡུལ་ཆགས་མེད་ཀྱི་རི་ཁྲོད་འགྲིམ་རེ་རན། །སེམས་ཆོས་སྐུ་ལ་ལྟད་མོ་ལྟ་རེ་རན། །ཉམས་བདེ་སྟོང་གི་ཡེ་ཤེས་སྤར་རེ་རན། །ཆོས་ཐོས་བསམ་སྒོམ་སྒྲུབ་ལ་དྲིལ་རེ་རན། །ལར་ཆོས་འདི་ཡོངས་རྫོགས་ལ་སྙིང་ནོར་གྱིས། །ཁྱད་པར་དུ་ཇོ་བོ་ཐུགས་རྗེ་ཅན། །མ་རིག་པའི་མུན་སེལ་དཔེ་བུམ་གྱི། །ཐོས་བསམ་དང་སྒྲོ་འདོགས་དམར་ཐག་ཆོད། །བདག་གཞན་གྱི་དོན་ལ་འབུངས་གསུམ་ཐོན། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །རྗེ་ཁྱེད་ཤེས་ཀྱི་གསོལ་བ་པདྨར་ཐོབ། །སྔོན་ལས་འཕྲོ་བཟང་པོས་མཚམས་སྦྱར་བས། །དཔལ་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་བཅུད། །འཁོན་ཀླུ་ཡི་དབང་པོའི་སྙིང་གི་ནོར། །བཀའ་ཟབ་གསང་གི་ཆོས་དང་མཇལ་ནས་ཀྱང་། །རང་རྒྱུད་ལ་ཉམས་ལེན་བྱུང་བ་འདི། །དོན་སྐལ་བཟང་ཡིན་པར་ཐག་ཆོད་མཛོད། །ཅེས་པ་འདི་དྲེད་པོ་ཉི་མ་གྲགས་པས་ཤཱཀྱ་ཚུལ་ཁྲིམས་ལ་ཕུལ་བའོ། །ཨོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུྃ། །སྐྱབས་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །དོན་འབྲལ་མེད་གསོལ་བ་སྙིང་ནས་འདེབས། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཁྱོད་དད་ལྡན་ཚེ་བརྟན་རྒྱ་མཚོ་པ། །སྤྲང་བནྡྷེའི་གླུ་ལ་སྙན་གསན་དང་། །རང་རེ་ཚོ་ལ་སྔོན་གྱི་འབྲེལ་པ་ཡོད། །དེ་ཅི་ཕྱིར་ཞེ་ན་འདི་ལྟ་སྟེ། །དཔལ་རྗེ་བཙུན་མི་ལའི་ཞལ་སྔ་ནས། །ཚོང་བྲེ་གང་ཡན་ཆད་སྔོན་ལས་ཡིན། །སྔོན་གྱི་ལས་ཀྱི་འཕྲོ་མེད་ན། །ཚོང་འདུས་ཀྱི་མི་ཡང་འཕྲད་མི་འགྱུར། །ཞེས་པའི་བཀའ་ལྟར་ལུང་དྲངས་ནས། །རང་རེ་དཔོན་སློབ་སྔོན་ལས་ཀྱང་། །དཀར་པོས་བསྡུས་ནས་འཕྲད་པ་ཡིན། །དེ་ཡིན་མིན་ཁྱེད་ཚོའི་དག་སྣང་དང་། །མི་ང་ཡི་སྒོ་གསུམ་སྤྱོད་པར་ལྟོས། །དུས་དེངས་སང་སྙིགས་མ་ལྔ་ལྡན་འདིར། །ཟོག་པོས་རྒྱལ་ཁམས་གང་བའི་ཚེ། །འགྲོ་བ་དེ་ཡི་དབང་བསྒྱུར་ཞིང་། །ཆོས་མཐུན་ཟོབ་པོར་བརྩི་བའི་དུས། །ང་ལ་ཆོས་པའི་མིང་མེད་ཀྱང་། །ཁྱེད་ཚོས་དག་སྣང་མཛད་པ་ལ། །རྗེས་སུ་ཡི་རང་བཀའ་དྲིན་ཆེ། །མི་ཁྱོད་རང་སྒྲུབ་པ་དང་དུ་ལོང་། །ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིས། །དཔལ་རྩ་གསུམ་གསང་འདུས་བདག་བསྐྱེད་མཛོད། །ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་འདྲ། །དེ་འདྲ་འམ་མི་འདྲ་ལྟོས་དང་གསལ། །དུས་ད་ལྟ་རང་རེ་དཔོན་སློབ་རྣམས། །དེ་མཉམ་དུ་འདུས་ནས་ལྷན་དུ་བསྡད། །དུས་དེ་རིང་ནས་རིང་དུ་མི་འགྱང་བར། །རང་སོ་སོར་འགྲོ་ཞིང་འབྲལ་བར་འགྱུར། །ཆོས་དེ་བཞིན་འདི་ཕྱི་བདེ་སྡུག་རྣམས། །སྒྱུ་མ་དང་རྨི་ལམ་ཇི་བཞིན་དུ། །དཔལ་དུས་གསུམ་རྒྱལ་བའི་བཀའ་ལྟར་ཡིན། །དོན་དེ་བཞིན་དུས་རྣམས་ཐམས་ཅད་དུ། །ལྷ་ཆོས་དང་མི་ཆོས་གང་ལ་ཡང་། །ཆགས་འཛིན་གྱི་མདུད་པ་མ་ཞུགས་པར། །ཟབ་ཆོས་ཀྱི་གདམས་པ་ཉམས་ལོང་ལ། །གནས་དབེན་པའི་རི་ཁྲོད་བསྟེན་པར་མཛོད། །ཅེས་པ་འདི་ཏིལ་རྒན་རིགས་འཛིན་མིང་གི་ཚེ་བརྟན་རྒྱ་མཚོ་ལ་སྨྲས་པའོ། །སྐྱབས་ཨོ་རྒྱན་ཆེན་པོ་ལ་ཕྱག་འཚལ། །ཁྱོད་སྐལ་བར་ལྡན་པའི་གྲོགས་མཆེད་པ། །ཤཱཀྱ་ཚུལ་ཁྲིམས་སྙན་གསན་དང་། །འདུག་ས་རི་ཁྲོད་བསྟེན་ན་ལེགས། །བདག་གཞན་དོན་ལ་ཕན་པ་ཡོང་། །དད་བརྩོན་མ་ཞེན་ཉམས་ལེན་འབུངས། །ཆགས་ཞེན་སྤོངས་ལ་བྱ་བྲལ་གྱིས། །མི་ངོ་མ་བསྲུང་དམ་ཚིག་སྲུང་། །རང་གི་ལུས་ངག་ཡིད་གསུམ་འདི། །དམ་པའི་ཆོས་ཀྱིས་གྲོལ་ཐབས་གྱིས། །རང་ཉིད་གྲོལ་ཞིང་དོན་རྟོགས་ན། །བསྟན་འགྲོའི་བདེ་ལེགས་ཤུགས་ཀྱིས་བསྐྲུན། །ལར་དུས་དང་རྣམ་པ་ཐམས་ཅད་དུ། །རང་སེམས་གཙང་མ་དཔང་བཞག་ནས། །ཆོས་འཇུག་ཟོག་ལ་མ་ཤོར་བ། །དེ་ངེས་པར་དགོས་སོ་ཡིད་ལ་གཅོག །ཅེས་པ་འདི་ཤཱཀྱ་ཚུལ་ཁྲིམས་ལ་སྨྲས་པའོ། །རྗེ་ན་མོ་པདྨ་སམྦྷ་ཝ། །དཔལ་ཨོ་རྒྱན་གྷུ་རུའི་ཞབས་ལ་འདུད། །རྗེ་མཚན་ལྡན་ཆོས་རྗེ་རིན་པོ་ཆེ། །ཤཱཀྱ་རསྨི་སྙན་གསན་དང་། །དུས་འཁོར་བ་ཐོག་མ་མེད་པ་ནས། །ཡུལ་འགྲོ་དྲུག་སྲིད་པ་འདིར་འཁྱམས་དུས། །སྐྱབས་སྐུ་གསུམ་མཆོག་སྤྲུལ་འགྲོ་བའི་མགོན། །དེ་རང་སྣང་མཐུན་པའི་གཟུགས་སྤྲུལ་ནས། །མཆོག་ཐར་བའི་ལམ་ལ་འགོད་པའི་ཚེ། །ངེས་མེད་ཀྱི་སྤྲུལ་བསྒྱུར་བགྲངས་ཡས་ཏེ། །མཁས་པའི་ལུས་དང་བླུན་པོའི་གཟུགས། །གྲུབ་པའི་རྣལ་འབྱོར་སྨྱོན་པ་དང་། །ཁྱེའུ་སྐྱེས་པ་དགེ་སྦྱོང་དང་། །ནད་པ་ཆོས་སྨྲ་རི་དགས་པ། །སྨད་པའི་ལུས་དང་བསྟོད་པའི་ལུས། །བྱ་དང་གྲོང་ཁྱེར་སློང་མོ་བ། །མདོར་ན་རྣམ་པ་སྣ་ཚོགས་སྣང་ཡུལ་ལ། །དེར་མཐུན་གཟུགས་དང་སྤྱོད་པ་མཐུན་འཇུག་གི །ལས་ཀྱི་མཐའ་བཟློག་བག་ཆགས་ཕྱིར་བསྙིལ་ཚེ། །ངེས་མེད་རྣམ་པར་སྤྲུལ་པ་རྒྱལ་བས་གསུངས། །དེས་ན་བཤེས་གཉེན་ཁྱོད་ཀྱི་སྐྱེ་བ་འདི། །ཕྱི་ལྟར་སོ་ཐར་ནང་ལྟར་བྱང་སེམས་དང་། །གསང་བ་རིགས་འཛིན་སྔགས་ཀྱི་དཀྱིལ་འཁོར་སྤྱོད། །སྐལ་བཟང་དལ་འབྱོར་བཅོ་བརྒྱད་ཕྱུགས་པའི་ལུས། །འདི་ལ་སྐལ་དམན་འདུ་ཤེས་ཅི་ལ་མཛད། །ཁྱད་པར་སངས་རྒྱས་གཉིས་པ་པད་འབྱུང་གིས། །རྩོད་ལྡན་འགྲོ་བ་འདྲེན་པའི་ཉི་མ་ཤར། །ཟབ་དགུའི་གདམས་པ་བཏབས་ནས་དབང་བཞི་བསྐུར། །མོས་པ་བརྟེན་དང་དག་སྣང་གོང་འཕེལ་རྒྱས། །འདི་ནི་སྐལ་བཟང་མང་པོའི་སྨོན་ལམ་ཡིན། །ད་སྟེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ། །བརྩོན་འགྲུས་མ་ཞེན་སྤོབས་པ་མ་ཆུང་ལགས། །ཁྱེད་རང་སྣང་སྤྱོད་གང་དུ་འགབ་པའི་སར། །སྒྲུབ་པའི་སྡེ་ཚུགས་ལམ་དུ་འགྲོ་བར་ཡོང་། །གཡས་གཡོན་རྒྱབ་མདུན་ཡུལ་ལ་ངེས་པ་མེད། །འདི་ནས་རྒྱས་པའི་སྒྲུབ་སྡེ་གསུམ་མམ་བཞི། །མདོ་རོང་འདི་དག་རྣམས་སུ་འབྱུང་ངམ་སེམས། །འཇང་དང་རྒྱལ་རོང་ཕྱོགས་ནས་གྲ་རིགས་ཀྱིས། །ཞུ་མཁན་བྱུང་ན་ཆོས་འདི་སྤེལ་མཁས་མཛོད། །བསྟན་འགྲོའི་དོན་ལ་ཕན་པ་འགའ་འབྱུང་ངོ་། །རྗེ་ཉིད་སྒྲུབ་སྡེ་དགོན་པ་སྤེལ་མར་སྐྱོངས། །སྒྲུབ་པའི་དུས་སུ་ཉམས་ལེན་གནད་དུ་བསྣུན། །དབེན་པ་བསྟེན་ཅིང་རི་དྭགས་རྨས་མ་ལྟར། །བསྐྱེད་རྫོགས་ཚགས་སུ་ཚུད་པའི་དྲོད་ཐོབ་མཛོད། །བཤད་པའི་དུས་སུ་བརྩོན་འགྲུས་གོ་ཆ་གྱོན། །ཆོས་ཀྱི་ཁྲིམས་དམ་ལུང་རིགས་དྲང་ཤན་ཕྱེས། །ལེགས་གྲུབ་ཀུན་དགའ་གྲགས་སོགས་སྔ་མའི་ཚེ། །ལས་འཕྲོ་དཀར་པོའི་མཚམས་སྦྱོར་ལྡན་པར་སེམས། །དེ་ལས་ཞིབ་གསལ་སྤྲོ་བ་མ་ཐོན་པས། །མཁྱེན་པས་མ་ཁྲེལ་མཛོད་ཅིག་རིན་པོ་ཆེ། །ཕྱི་མའི་དུས་ཀྱང་མངོན་མཐོ་ངེས་ལེགས་ཀྱི། །འཕགས་པའི་ལམ་གྱི་བདེན་པ་མངོན་དུ་འགྱུར། །བྱང་ཆུབ་བར་དུ་འབྲལ་མེད་མཚམས་སྦྱོར་སྨོན། །ཅེས་པ་འདི་རིགས་འཛིན་མིང་གིས་ཆོས་རྗེ་རིན་པོ་ཆེ་ལ་ཕུལ་བའོ། །སྐྱབས་ཨོ་རྒྱན་གྷུ་རུའི་ཞབས་ལ་འདུད། །ཆོས་ཐམས་ཅད་སྒྱུ་མ་སྨི་ལམ་དང་། །དྲི་ཟའི་གྲོང་དང་བྲག་ཆ་ལྟར། །རྟེན་ཅིང་འབྲེལ་འབྱུང་ལུགས་ཟློག་བསྒོམས། །བྱམས་དང་སྙིང་རྗེས་ལམ་རྩལ་སྦྱོངས། །ཕྱི་སྣོད་དག་པའི་ཞིང་དུ་ཁྱེར། །སྐྱེ་འགྲོ་ལྷ་དང་ལྷ་མོའི་འཕྲུལ། །རང་ལུས་མགོན་པོ་ཚེ་དཔག་མེད། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གསལ། །སྒྲ་སྐད་གསང་སྔགས་སྙིང་པོའི་དབྱངས། །དྲན་རྟོགས་མཁྱེན་རྩལ་ཡེ་ཤེས་ཏེ། །སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ། །རྣམ་པ་ཀུན་ཏུ་འབྲལ་མེད་སྐྱོངས། །ལར་ཀུན་བྱེད་མཁན་པོ་རང་གི་སེམས། །སྟོང་ཞིང་སྣང་ལ་སྣང་ཞིང་སྟོང་། །སྣང་སྟོང་གཉིས་མེད་ཆོས་ཀྱི་སྐུ། །འདི་རེ་དོགས་གཉིས་ལས་མ་འདས་བར། །ཚོགས་བསགས་སྒྲིབ་སྦྱངས་ཐོས་བསམ་བསྒོམ། །མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །ནུབ་བདེ་བ་ཅན་གྱི་ཞིང་བཀོད་བྲིས། །བདེ་སྨོན་འབུམ་ཚོའི་འབྲེལ་པ་ཐོགས། །ཚེ་འདི་ཕྱི་བར་གསུམ་ཀུན་ཏུ་བདེ། །ཅེས་པ་འདི་འདོ་མེད་སྨྱོན་པ་རིགས་འཛིན་པས་མེ་ཉག་རི་ཁུག་པའི་སློབ་དཔོན་པ་ལ་ཕུལ་བའོ། །རྗེ་ན་མོ་པདྨ་ཀ་ར་ཡེ། །ཕ་དྲིན་ཅན་མཚུངས་མེད་རིན་པོ་ཆེ། །དཔལ་པདྨའི་མཚན་ཅན་ཞབས་ལ་འདུད། །བུ་རང་སྣང་མཐུན་པའི་ལྟ་འུ་པ། །ཁྱེད་ཡེངས་མ་ལམ་ལ་མ་འདུག་པར། །ཤེས་རབ་ཀྱི་རྟ་ཕོའི་བང་ཐག་ཆོད། །བརྩོན་འགྲུས་ཀྱི་ལྕག་གིས་ཡང་དག་བསྐུལ། །བཀའ་སྡེ་སྣོད་ཀྱི་སློབ་གཉེར་བརྡར་ཤ་ཆོད། །ཆོས་དགེ་བ་ལ་བྲེ་གསོག་ཕུལ་གསོག་མཛོད། །ལས་མི་དགེ་ལ་ཉ་དྲེད་ཆུ་དྲེད་སྤོངས། །སྐྱབས་ཨོ་རྒྱན་རྗེ་ལ་གསོལ་བ་ཐོབ། །དུས་ཚེས་བཅུའི་དུས་ཆེན་ནམ་ཤར་ཚེ། །བཛྲ་ལ་སྟོང་རྩ་རེ་རེ་བགྲོངས། །ཆོས་བདེ་མཆོག་ནང་གི་འཇམ་དབྱངས་དཀར། །སྙིང་ཐག་པའི་སྒོ་ནས་བསྙེན་སྒྲུབ་འབུངས། །འགྲོ་འདུག་སོགས་རང་འདོད་སྐབས་ལྡན་འགྱུར། །ལར་ཅི་ལྟར་གྱུར་ཀྱང་ལེགས་ཚོགས་འཕེལ། །ཅེས་པ་འདི་ལྟའུ་དབོན་པོ་ལ་ཕུལ་བའོ། །སྐྱབས་ཨོ་རྒྱན་ཆེན་པོའི་ཞབས་ལ་འདུད། །གྲོགས་དམ་པ་ཐུབ་པ་སྙན་གསན་འཚལ། །དལ་འབྱོར་འདི་ཡིད་བཞིན་ནོར་བུ་འདྲ། །འདི་རྙེད་དཀའ་བསམ་ནས་ཆོས་ལ་བརྩོན། །འདུས་བྱས་འདི་ཆུ་ཡི་ལྦུ་བ་འདྲ། །རྟག་འཛིན་སྤོངས་ལ་ཆོས་ལ་བརྩོན། །འཁོར་འདབ་འདི་ཤིང་ཁའི་བྱ་ཚོགས་འདྲ། །ཆགས་སྡང་སྤོངས་ལ་ཆོས་ལ་བརྩོན། །ལས་འབྲས་འདི་རང་གི་ལུས་གྲིབ་འདྲ། །རྒྱུ་འབྲས་གཞིགས་ལ་ཆོས་ལ་བརྩོན། །འཆི་བ་འདི་དགོངས་ཀའི་གྲིབ་སོ་འདྲ། །མི་རྟགས་བསྒོམ་ལ་ཆོས་ལ་བརྩོན། །རྒྱལ་གདོན་གྱི་གནོད་པ་ཅུང་སྡང་འདུག །སྔོན་ལས་དང་འཕྲལ་རྐྱེན་གཉིས་ཆར་རེད། །སེལ་ཐབས་ལ་དྲག་པོའི་བསྒོམ་བཟླས་འབུངས། །དུས་རྒྱུན་ལྡན་ཆང་ལ་བག་ཡོད་གྱིས། །སྐྱབས་འཕགས་པ་མ་རིག་མུན་སེལ་ལ། །ལྷ་ཡི་དམ་མཛོད་ལ་ཉམས་སུ་ལོང་། །ཅེས་པ་འདི་གྲོགས་པོ་ཐུབ་པ་ལ་ཕུལ་བའོ། །ཨཱོཾ་ཨཱཿ ཧཱུྃ་བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུྃ། །འགྲོ་བའི་དཔལ་མགོན་ཨོ་རྒྱན་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །དལ་འབྱོར་ལྡན་པའི་མི་ལུས་ཐོབ་པ་འདི། །དབུལ་པོའི་ཁྱིམ་ནས་རིན་ཆེན་གཏེར་རྙེད་འདྲ། །ངེས་ཤེས་བསྐྱེད་དེ་ཆོས་ལ་སྙིང་ནས་བརྩོན། །ཆོས་ཞེས་བྱ་བ་དགེ་སྡིག་འདོར་ལེན་ཡིན། །སྡིག་པ་སྤང་བའི་ཕ་རོལ་ན། །དགེ་བ་གཞན་ནས་བསྒྲུབ་ཏུ་མེད། །ནམ་ལངས་དུས་སུ་སྐྱབས་འགྲོ་སེམས་བསྐྱེད་དང་། །བླ་མའི་རྣལ་འབྱོར་ལེའུ་བདུན་མ་ཐོན། །དད་པ་སྐྱེད་ལ་ཁྱེད་ཤེས་བློ་སྙིང་ཁོལ། །བར་ཆད་སེལ་ཐབས་ཆོས་སྐྱོང་དཀོར་བདག་ལ། །སྐབས་སྐབས་བསྐང་གསོ་མངའ་གསོལ་བསངས་མཆོད་བརྩོན། །གྲི་བོ་གྲི་མོ་བསྲུང་བའི་ཙཀྲ་རེ། །ལོ་དུས་བཞིན་དུ་ཁུངས་བཙུན་ཆག་མེད་ཐོགས། །གཞི་བྱེས་ཀུན་ཏུ་ཆང་རག་བག་ཡོད་གྱིས། །བར་དུ་གཅོད་པས་བློ་ཁ་བསྒྱུར་དོགས་ཡོད། །ཡི་དམ་ལྷ་སྐལ་ཚེ་དཔག་མེད་ལ་མཛོད། །སྤྲང་བན་བདག་གིས་དུས་རྣམས་ཐམས་ཅད་དུ། །བསྲུང་བའི་ཁོར་ཡུག་ནང་དུ་ཚུད་པར་བྱེད། །ཅེས་པ་འདི་གྲོགས་པོ་མེ་ཉག་གཉེར་པ་ལ་འཕུལ་བའོ། །རྗེ་ན་མོ་གྷུ་རུ་རཏྣ་ཡ། །སྐྱབས་པདྨ་འབྱུང་གནས་བདག་གིས་དྲན། །རྗེ་བྱིན་གྱིས་རློབས་ཤིག་བླ་མ་རྗེ། །ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་། །སྒྱུ་དང་ལས་ཀྱི་ཚུལ་དུ་སྣང་། །སྔོན་སྦྱངས་ཀྱི་ལས་འཕྲོ་ཆེར་ལྡན་པ། །དམ་པ་ཁྱོད་སྐལ་བཟང་འདུ་ཤེས་ལ། །ཐོས་བསམ་དང་སྒོམ་སྒྲུབ་སྦྲག་མར་མཛོད། །ལྟ་བ་ལ་སྤར་ཚོད་མ་འཛིན་ཅིག །སྒོམ་པ་ལ་ཐུན་མཚམས་མ་གཅོད་ཅིག །སྤྱོད་པ་ལ་སྤང་བླང་མ་ནོར་ཅིག །སྙིང་རྗེ་དང་སེམས་བསྐྱེད་རྩལ་མ་ཆུང་། །ཞེ་དགུའི་སྟེང་ན་རིམ་གྲོ་འབུངས། །གཏེར་ཆོས་ནས་ཁྱེད་རང་གང་མོས་གཅིག །ཡི་དམ་གྱིས་ཆོས་ཀྱི་འབྲེལ་པ་མཛོད། །སྔོན་ལས་ཀྱི་ལྷ་སྐལ་རྣམ་འཇོམས་འདུག །ལྷ་ཆེན་གྱི་སྒྲུབ་པ་ལན་གསུམ་སྐྱོར། །མཆོག་ཐུན་ལ་སྤྱོད་པའི་དཔལ་དུ་འགྱུར། །ཅེས་པ་འདི་ཡུལ་མེ་ཉག་པའི་ཚོགས་རམ་པ་ལ་སྒོམ་སྡེ་བྱ་བྲལ་གྱིས་ཕུལ་བའོ། །རྗེ་ན་མོ་པདྨ་སམ་བྷ་ཝ། །དཔལ་དུས་གསུམ་སངས་རྒྱས་ཀུན་འདུས་པ། །སྐྱབས་ཨོ་རྒྱན་གྷུ་རུའི་ཞབས་ལ་འདུད། །ང་འདོ་མེད་སྤྲང་བན་ཉི་མ་གྲགས། །ཡུལ་འདོ་ཁམས་སྒོམ་སྡེའི་ཆ་ལ་སྐྱེས། །ས་ཉི་མ་དབུས་ཀྱི་ཕྱོགས་ན་འཁྱལ། །ཕ་མཚན་ལྡན་བླ་མ་བཀའ་དྲིན་ཆེ། །ཆོས་ཐོས་བསམ་སྒོམ་གསུམ་མིག་ལྟོས་བཟང་། །ལས་སྐལ་བ་དམན་ཀྱང་ཚོགས་རེ་བསགས། །ཚེ་འདི་ཕྱོགས་ཀྱི་བྱ་བ་སྤང་གང་ཐུབ། །དེ་བྱས་པས་ལྷ་ཆོས་ཤུགས་ཀྱིས་མཐོ། །ཡུལ་གཅིག་ལ་མ་བསྡད་ཡོངས་ལ་འཁྱམས། །དེ་བྱས་པས་ཆགས་ཞེན་གཤིས་ཀྱིས་ཆུང་། །གནས་གཅིག་ལ་མ་ཞེན་ཀུན་ལ་འགྲིམས། །དེ་བྱས་པས་དཀའ་སྤྱད་ཞོར་གྱིས་སོང་། །ནོར་གང་བྱུང་ཡར་མཆོད་མར་སྦྱིན་བརྩམས། །དེ་བྱས་པས་ཚོགས་གཉིས་ངང་གིས་རྫོགས། །སྐབས་ཕལ་མོ་ཆེར་བསྙེན་སྒྲུབ་དབེན་མཚམས་བཅད། །དེ་བྱས་པས་བསྙེན་སྒྲུབ་འགྱོད་མེད་སོང་། །ཕ་ཡུལ་དང་ཉེ་དུ་རྒྱབ་ན་བོར། །དེ་བྱས་པས་ཆགས་སྡང་ཅུང་ཟད་དམའ། །ཁས་ཉེན་དང་སྙོམས་ཆུང་དང་དུ་བླངས། །དེ་བྱས་པས་སྡིག་སྒྲིབ་བགས་ཀྱིས་སྲབ། །རྐྱེན་བཟང་ངན་གྱི་དབྱེ་གསལ་ཆེར་མ་བརྩོན། །དེ་བྱས་པས་ལས་སྨིན་ཆེར་མ་སོགས། །མི་གཞན་ཕན་གང་འགྲུབ་རང་ལྟར་བསྐྱངས། །དེ་བྱས་པས་སེམས་བསྐྱེད་དོན་དང་ལྡན། །ཁྱད་པར་དུ་རྒྱ་ནག་དར་རྩེ་མདོ། །ཡུལ་མེ་ཉག་རིང་མོའི་སྒང་རྣམས་ལ། །ཟླ་བ་དྲུག་ཏུ་ངལ་བསོ་བརྒྱབ། །མི་བཟང་ངན་གྲག་ཞན་མང་དང་འདྲིས། །གཏམ་བཟང་ངན་བདེན་བརྫུན་སྣ་ཚོགས་ལབས། །ལས་ཡིན་མིན་རྣམ་པ་སྣ་ཚོགས་བྱས། །ལྟོ་རྒྱགས་ལྟོགས་སྐྱིད་སྡུག་མང་དུ་བྱུང་། །དགེ་བཤེས་རྣམས་དང་མདོ་སྔགས་ལབས། །ལྟ་སྒོམ་སྤྱོད་གསུམ་ཤན་འབྱེད་བཏང་། །དགེ་འདུན་རྣམས་དང་རྒྱུ་འབྲས་ལབས། །དགེ་སྡིག་བླང་དོར་སྤང་བླང་ཕྱེས། །མི་དཔོན་འགའ་དང་སྐྱབས་སེམས་ལབས། །ཆོས་ལ་འབྲེལ་པའི་མཚམས་སྦྱོར་བྱས། །སྐྱེ་འགྲོ་འགའ་དང་འཕོ་ཆོས་ལབས། །དགེ་བའི་ལས་ལ་འབྲེལ་བ་བཏགས། །བྱིས་པ་འགའ་དང་ཤོ་རྩེད་བརྩེས། །ཉམས་མཚར་དགོད་བྲོ་སྣ་ཚོགས་བྱུང་། །བུ་མོ་འགའ་དང་འདོམ་རྩེད་བརྩེས། །དགའ་སྡུག་རྣམ་མང་ཧ་ཧ། །དེ་ཐམས་ཅད་རྨི་ལམ་གྱི་བཟང་ངན་འདྲ། །སྤྲང་རྒན་ཤིང་ཁའི་བྱ་དང་འདྲ། །བརྗོད་བྱ་རྟོགས་མེད་དབྱིངས་ལ་ཐིམ། །བརྗོད་མེད་བློ་འདས་ཡ་རེ་བ། །མེ་ཉག་སྐྱེ་འགྲོ་ཁམས་བཟང་མཛོད། །ཉི་གྲགས་བུ་འབོར་སྒང་ལ་འགྲོ། །ཅེས་པ་འདི་ཉག་རོང་གྲུ་སོར་སྨྲས་པའོ། །རྗེ་ན་མོ་པདྨ་སཾ་བྷ་ཝ། །སྐྱབས་མཚུངས་མེད་བླ་མ་སྤྱི་བོས་མཆོད། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཁྱེད་ཉག་རོང་གི་དཔོན་མོ་དད་པ་ཅན། །སྙན་གསན་དང་འཁོར་འདས་ཉམས་རེ་མཚར། །བདེ་སྡུག་ནི་དབྱར་གྱི་ཉི་མ་འདྲ། །འཁོར་འདས་ནི་གར་གྱི་བྱེ་བྲག་འདྲ། །སྤང་བླང་ནི་བྱིས་པའི་རྩེད་མོ་འདྲ། །ལོངས་སྤྱོད་ནི་ཆུ་ཡི་ལྦུ་བ་འདྲ། །མི་ལུས་འདི་སོས་ཀའི་མེ་ཏོག་འདྲ། །འཆི་བདག་འདི་སྟོན་ཀའི་བ་མོ་འདྲ། །རྒས་པ་འདི་སྤང་ལ་མེ་ཤོར་འདྲ། །སྒྱུ་ལུས་འདི་འགྲོན་པོའི་གཡར་ཁང་འདྲ། །འཁོར་གཡོག་འདི་ཚོང་འདུས་ཀྱི་འགྲོན་པོ་འདྲ། །ཉེ་དུ་འདི་ཤིང་ཁའི་བྱ་ཚོགས་འདྲ། །བདེན་བརྫུན་འདི་བྲག་གི་གཏམ་ཉན་འདྲ། །དགའ་སྡུག་འདི་བྱིས་པས་འཇའ་དེད་འདྲ། །སེམས་ཉིད་འདི་ཁང་སྟོང་སྤྲེའུ་འདྲ། །སྣང་བ་འདི་སྒོ་བརྒྱའི་ཉི་ཟེར་འདྲ། །སྒོ་ལྔ་འདི་རྟ་རྒན་སྨྱོན་པ་འདྲ། །འཕྲུལ་སེམས་འདི་ལོང་བ་རྟ་ཞོན་འདྲ། །ཧོ་འཁོར་བ་འདི་འཁྲུལ་པའི་རྦ་ཀློང་སྟེ། །ཐོག་མེད་ནས་དེ་རིང་བར་དུ་འཁྱམས། །སྐྱེ་འཆི་ཡི་འདུ་བྱེད་གྲངས་ལས་འདས། །ལས་འབྲས་ཀྱི་རྣམ་སྨིན་བརྗོད་པ་བྲལ། །སྡུག་བསྔལ་གྱི་རྒྱ་མཚོ་གཏིང་རེ་ཟབ། །སྐྱེ་གནས་ཀྱི་འགྲོ་དྲུག་ཟོ་ཆུ་འདྲ། །ཆོས་གང་ལའང་བློ་གཏད་བྲལ་བའི་ཚེ། །ལུས་དལ་འབྱོར་ཐོབ་པ་ཆུད་མ་གསོན། །ཚེ་མི་རྟག་འཆི་བ་སྙིང་ནས་སྒོམས། །དད་པ་དང་སེམས་བསྐྱེད་གཙོ་བོར་ཐོན། །ཡར་མཆོད་དང་མར་སྦྱིན་དགེ་ལ་འབུངས། །ཁྱད་པར་དུ་སངས་རྒྱས་ཀུན་འདུས་པའི། །སྐྱབས་ཨོ་རྒྱན་རྗེ་ལ་བློ་སྙིང་གཏོད། །ནང་སྔ་དང་དོ་ནུབ་གང་རིགས་ཅིག །བཛྲ་ལ་ཕྲེང་སྐོར་ཆག་མེད་བགྲོངས། །ཅེས་པ་འདི་ཉག་རོང་གྲུ་སོའི་དཔོན་མོ་རྣམས་ལ་ཉི་མ་གྲགས་པས་སྨྲས་པའོ། །རྗེ་ན་མོ་པདྨ་སཾ་བྷ་ཝ། །ཕ་བླ་མ་ཨོ་རྒྱན་གྷུ་རུ་རྗེ། །བདག་འབྲལ་བ་མེད་པར་གསོལ་བ་འདེབས། །རྗེ་བྱིན་གྱིས་རློབས་ཤིག་སྐུ་དྲིན་ཅན། །ཁྱེད་དད་ལྡན་དགེ་སློང་རིན་ཆེན་པ། །སྙན་དར་ཅིག་སྤྲང་པོའི་གླུ་ལ་གསན། །འཁོར་བ་འདི་ཐོག་མ་མེད་པ་ཡིན། །ཐོག་མེད་ནས་ད་བར་ཀུན་ཏུ་འཁྱམས། །འཁོར་བ་འདི་ཐ་མ་མེད་པ་སྟེ། །དུས་ནམ་དུ་ཡང་ཟད་མེད་ཟོ་ཆུ་འདྲ། །ལས་རླུང་འདི་འདམ་རྫབ་རྒྱ་རེ་ཆེ། །རྣམ་སྨིན་འདིས་ནམ་ཡང་སྟོངས་མཐའ་མེད། །ཀྱེ་མ་ཧོ་འཁོར་བར་གཉུག་རེ་བུད། །འདི་བསམས་ཤིང་དཔྱད་ན་སྐྱོ་བ་འཕེལ། །དུས་ད་ལམ་དལ་འབྱོར་ལུས་འདིའི་སྟེང་། །དོན་ངེས་པར་དམ་པའི་ཆོས་ཤིག་རན། །དུས་ད་ལམ་ཆོས་ཤིག་མ་བྱུང་ན། །ཡུལ་འགྲོ་དྲུག་གར་སྐྱེ་ཆ་མི་ཆོད། །དགྲ་འཆི་བདག་བདུད་ལ་སྙིང་རྗེ་མེད། །ཚེ་རིང་ཡང་ལོ་བརྒྱའི་ནང་དུ་འཆི། །ལས་རྣམ་སྨིན་བག་ཆགས་རང་དང་འགྲོགས། །ལུས་གཅེས་པར་བསྐྱངས་པ་ཡང་རོ་ལ་བསྐྱུར། །འཁོར་ཉེ་དུ་ཚོང་དུས་ཀྱི་འགྲོན་བཞིན་གྱེས། །ནོར་བསགས་པའི་ལོངས་སྤྱོད་སྦྲང་རྩི་ལྟར། །དེ་རྗེས་ན་འཇོག་སྟེ་བགོ་བཤའ་ཁྱེར། །ལས་གང་ལའང་སྙིང་པོ་མི་འདུག་པས། །དོན་འདུས་བྱས་ཆོས་ལ་ཡིད་ཆེས་བསྐྱེད། །ཚེ་འདི་ཕྱོགས་ཀྱི་བྱ་བ་རྣམ་མང་ཀྱང་། །ཆེ་བཞག་ཆུང་བསྐྱུར་ཆོས་ཤིག་རན། །གནས་དབེན་པའི་རི་ཁྲོད་བསྙེན་ན་ལེགས། །སེམས་ཡེངས་མེད་ཏིང་འཛིན་བསྒོམས་ན་འཐད། །ལྷ་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ལ། །དེ་ཡི་དམ་མཛོད་ལ་ཉམས་སུ་ལོང་། །ཅེས་པ་འདི་རྒྱ་མེ་ཉག་པའི་ཡུལ་རི་ཁུག་དགོན་པའི་བླ་མ་རིན་ཆེན་ལ་རིགས་འཛིན་མིང་འཆང་ཉི་མ་གྲགས་པས་ཕུལ། །རྗེ་ན་མོ་རཏྣ་ཏྲ་ཡཱ་ཡ། །སྐྱབས་མཚུངས་མེད་དཀོན་མཆོག་རྣམ་པ་གསུམ། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར། །དོན་འབྲལ་བ་མེད་པར་གསོལ་བ་འདེབས། །ཡུལ་མདོ་ཁམས་སྒོམ་སྡེའི་སྤྲང་རྒན་བདག །ས་རྒྱ་བོད་རྒྱལ་ཁམས་ཡོངས་ལ་འཁྱམས། །ལས་བཟང་ངན་འཁྲུལ་པའི་འཁོར་ལོ་བསྐོར། །རྒྱ་ལི་ཐང་དུ་བདེ་གཤེགས་གསུང་རབ་ལ། །ཚོགས་གཉིས་ཀྱི་དོན་དུ་འབྲེལ་པ་བཏགས། །རྣམ་དཀར་གྱི་དགེ་བའི་བསོད་ནམས་སྟོབས། །སྡང་བྱེད་ཀྱི་དགྲ་དང་གནོད་བྱེད་བགེགས། །བར་གཅོད་ཀྱི་རྐྱེན་གྱི་གཙོར་བྱས་པའི། །མཁའ་མཉམ་གྱི་འགྲོ་དྲུག་ཡོངས་ལ་བསྔོ། །བསོད་ནམས་དང་ཡེ་ཤེས་ཚོགས་རྫོགས་ཏེ། །ཀུན་ཀྱང་ནི་རྡོར་འཆང་མངོན་གྱུར་ཅིག །ཅེས་ལི་ཐང་དུ་བཀའ་འགྱུར་བཞེངས་དུས་སྨྲས་པའོ། །ན་མོ་པདྨ་སཾ་བྷ་ཝ། །སྐྱབས་ཨོ་རྒྱན་གྷུ་རུའི་ཞབས་ལ་འདུད། །སྙན་གསན་དང་མི་དབང་སྡེ་པ་ལགས། །དུས་རིང་པོ་ཐོག་མ་མེད་པ་ནས། །ད་ཡན་ཆད་སྲིད་པའི་འཁོར་ལོར་ཆུད། །ལས་འབྲས་ཀྱི་བདེ་སྡུག་བསམ་ལས་འདས། །བསོད་ནམས་ཀྱི་བྱང་ཆུབ་མྱུ་གུའི་ལྗོན། །ད་རེས་ཀྱི་དལ་འབྱོར་འདིར་སྨིན་ཚེ། །ཅི་ནས་ཀྱང་དམ་པའི་ཆོས་ཤིག་རན། །ཆོས་མ་གཏོགས་ལས་གཞན་འཁྲུལ་འཚང་སྟོན། །དོན་བློ་གཏད་ཐུབ་པ་གང་ཡང་མེད། །སྲིད་རྩེ་དང་ན་རག་དམྱལ་བའི་ཁམས། །འགྲོ་དྲུག་གི་སྐྱེ་གནས་བཞིས་བསྡུས་པའི། །ཀུན་ཀྱང་ཡང་མི་རྟག་འགྱུར་བ་ཅན། །ཚངས་པ་དང་བརྒྱ་བྱིན་མིག་སྟོང་ལྟན། །འདུས་བྱས་ཀྱི་བསོད་ནམས་ཆ་རྫོགས་དུས། །ཕལ་མོ་ཆེ་ན་རག་དམྱལ་བའི་ཤིང་། །རྣམ་ཐོས་ཀྱི་བུ་ཡི་མཛོད་ལྡན་ཀྱང་། །མི་རྟག་པའི་རང་འཚང་སྟོན་པའི་དུས། །རྨི་ལམ་གྱི་རྒྱལ་སྲིད་ཐོབ་པ་འདྲ། །དལ་འབྱོར་གྱི་མི་ལུས་འདི་རྙེད་ནས། །ཡུན་རིང་གི་འདུག་ཆིས་བརྩོན་ན་ཡང་། །ཚེ་དུས་བཏབ་རྫོགས་ནས་ལ་རྒྱག་དུས། །ལས་བྱ་བྱེད་འབད་རྩོལ་སྐྱོ་བ་འཕེལ། །འཁོར་འདུ་ཚོགས་རི་དྭགས་ཁྱུ་བཞིན་བསྐྱུར། །རང་གཅིག་པུ་རྨས་མ་ཁྱིས་དེད་འདྲ། །སྒྱུ་ལུས་འདི་ཁང་གོག་བཞིན་དུ་འགྱེལ། །མཐུ་ཆེན་གྱི་བཅོམ་ལྡན་རྡོ་རྗེ་འཛིན། །བསྔས་བསྲུང་དུ་བྱོན་ཡང་སླུ་ཐབས་བྲལ། །བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་དེས། །བདུད་རྩིས་བསོས་ཀྱང་སོས་མི་ཐུབ། །སྐྱེ་འཆི་བྲལ་ཚེ་དཔག་མེད་མགོན་དེས། །དབང་བཞིས་བརླབས་ཀྱང་ལས་མི་བཟློག །དུས་གསུམ་གྱི་སངས་རྒྱས་ཞལ་གཟིགས་ཀྱང་། །ཚེ་ཟད་ཀྱི་འགྲོ་བ་བཤོལ་མི་ཐེབས། །འཕགས་ལམ་གྱི་དགྲ་བཅོམ་རྒྱན་ལྡན་ཡང་། །བརྫུ་འཕྲུལ་གྱི་འབྲོས་རི་གབ་ཁུང་བྲལ། །ཉི་མ་ཟླ་བའི་གཟི་ལྡན་ཡང་། །འཆི་བདག་གི་བདུད་པོ་ཞེད་མི་ཐུབ། །རྩལ་ཆེན་ནི་གླིང་བཞིའི་དཔུང་ལྡན་ཡང་། །བཟློག་ཐབས་ཀྱི་བྱེད་པ་གཏན་ནས་ཟད། །འཛམ་གླིང་འདི་དབང་བའི་རྒྱལ་པོས་ཀྱང་། །འགྲུལ་རོགས་ལ་རྐང་འཁྱལ་ཙམ་འཁྲིད་ཐབས་མེད། །ཆ་མེད་ཀྱི་ལམ་ལ་རྒྱུས་མེད་དུ། །གཤིན་རྗེའི་གྲོགས་དང་བསྡོངས་ནས་འགྲོ། །རང་བྱས་ཀྱི་ལས་འབྲས་ལུས་གྲིབ་འདྲ། །བར་དོའི་སྡུག་བསྔལ་དབལ་རེ་གྲང་། །རིགས་དྲུག་གི་མངལ་སྒོ་ཀྱི་རེ་བུང་། །ལས་སྣང་གི་གཤིན་རྗེ་གདོང་རེ་ཚ། །དུས་དེ་ཙ་ན་འགྱོད་མེད་དོན་ཆེན་ཅིག །དེ་ངེས་པར་དགོས་སོ་སྐལ་བཟང་པ། །ལར་འཁོར་འདས་ཀུན་གྱི་བྱེད་པ་པོ། །བདེ་སྡུག་གི་འབྲས་བུ་སྨིན་པའི་ས། །མིང་བརྗོད་ན་རང་སེམས་འདི་ལ་ཟེར། །ཕྱི་སྡེ་སྣོད་གསུམ་གྱི་འབྲས་བུ་ནི། །དུས་གྲངས་མེད་གསུམ་གྱི་ཆ་ལ་འཛིན། །བར་ཀྲི་ཡོག་སྡེ་སྣོད་རྣམ་གསུམ་གྱི། །སྐྱེ་བ་བརྒྱ་འམ་རིམ་བརྒྱུད་མཐར། །འབྲས་བུ་བླ་མེད་མངོན་འགྱུར་གསུངས། །ཁྱད་པར་བླ་མེད་བསྐྱེད་རྫོགས་ཀྱིས། །སྐྱེ་བ་བརྒྱུད་དམ་བར་དོ་འམ། །ཚེ་འདི་ཉིད་ལ་གྲོལ་བར་འདོད། །གཞི་ལམ་འབྲས་བུ་གང་དག་གི །ཆོས་ཚུལ་ཐེག་པ་སོ་སོ་ཡང་། །དོན་དམ་དབྱིངས་ལ་ཐ་དད་མེད། །ཚིག་དང་ཡིག་རིས་ཐ་དད་ཀྱང་། །དོན་ལ་རང་སེམས་གྲོལ་ཐབས་ཡིན། །གཞན་དུ་རྒྱལ་བས་བསྟན་པ་མེད། །དེས་ན་རང་གི་སེམས་ཉིད་འདིའི། །ངོ་བོ་མཐོང་ན་ལྟ་བ་ཡིན། །སྔར་འགྲིས་མི་དང་འཕྲད་པ་ལྟར། །རྒྱལ་བའི་བཀའ་དང་འཕགས་པའི་ལུང་། །རང་གི་རིག་པ་ཚད་མ་གསུམ། །བླ་མ་དམ་པའི་མན་ངག་གིས། །ཞུན་མཐར་ཡང་དག་བཅད་པའི་ཚེ། །སྟོང་ཞིང་བདག་མེད་སྤྲོས་ལས་འདས། །འདི་ཡིན་ངེས་པ་མ་རྙེད་ཅིང་། །འདི་མིན་བློ་ཡི་ཡུལ་དང་བྲལ། །སྨྲ་བསམ་བརྗོད་དུ་མེད་པ་ལ། །མ་སྐྱེས་སྐྱེ་བའི་ཡུལ་ཉིད་དག །གདོད་ནས་དག་ཅིང་དམིགས་སུ་མེད། །མི་འགག་དུས་གསུམ་རྩལ་སྣང་འཕྲོ། །འཕྲོས་ཀྱང་ནམ་མཁའི་བྱ་ལམ་བཞིན། །དུས་བཞི་དབྱེར་མེད་རོ་གཅིག་བརྡལ། །འདི་ཉིད་དོན་རྟོགས་རྣལ་འབྱོར་པས། །སྐུ་གསུམ་སངས་རྒྱས་སེམས་ལས་རྙེད། །མ་མཐོང་བ་ཡི་མཐོང་བ་ཡིན། །མཐོང་བ་བླ་ན་མེད་པ་ཡིན། །མ་རྟོགས་པ་ཡི་རྟོགས་པ་ཡིན། །རྟོགས་པ་བླ་ན་མེད་པ་ཡིན། །དེ་ཡི་ངང་ལས་མ་གཡོས་བཞིན། །རང་ངོར་གསལ་བའི་སྟོང་པ་དེ། །རང་མདངས་གསལ་བའི་རིག་པ་ཡི། །ཆུ་བོ་གངྒཱའི་རྒྱུན་བཞིན་སྐྱོངས། །འཁྲུལ་པའི་རྦ་བླབས་གཡོས་ཆེ་ན། །འཁྲུལ་པར་མ་བལྟ་འཁྲུལ་མཁན་བལྟ། །ཆགས་སྡང་རེ་དོགས་མི་རྙོགས་པར། །མ་མཐོང་བའི་འཁྲུལ་མཁན་སྟོང་པ་དེར། །གཅེར་གྱིས་བལྟ་སྟེ་གཅེར་གྱི་ཀློད། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་དེ། །དོན་བསྒོམ་བླ་མེད་རྣལ་འབྱོར་ཆེ། །རེས་བསྲེང་རེས་སྒྲིམ་སྐྱོང་བ་གནད། །སྒོ་ལྔ་དབང་ཤེས་ཚོགས་བརྒྱད་སོགས། །གང་གིས་ཀྱང་རྐྱེན་དུ་མི་འགྲོ་ཞིང་། །འབྱུང་བཞི་ནམ་མཁའི་ཀློང་ལས་བྱུང་། །ཐིམ་ཡང་ནམ་མཁའི་ཀློང་ཐིམ་ལྟར། །སྣང་སེམས་དབྱེར་མེད་རོ་གཅིག་འདྲེས། །སེམས་ཉིད་རྟོགས་པས་མ་རིག་སངས། །སངས་རྒྱས་མཇལ་ཀྱང་རེ་བ་བྲལ། །སྡུག་བསྔལ་འབྱུང་དང་འབྱུང་ཡུལ་དག །ངན་སོང་མཐོང་ཡང་དོགས་པ་མེད། །དུས་དེ་ཙ་ན་ཆོས་ཀྱི་འབྲས་བུ་འཐོབ། །གནད་དེའི་གདེངས་དང་མ་ལྡན་བར། །ཚེ་འདིའི་བྱ་བ་ཀུན་བསྐྱུར་ལ། །དོན་ཉམས་སུ་ལོངས་ཤིག་སྐལ་ལྡན་པ། །ཅེས་པ་འདི་འཕགས་ཡུལ་གཉིས་པའི་སྡེ་པ་སྟོང་ར་ནས་ལ་འདོ་མེད་སྤྲང་རྒན་ཉི་མ་གྲགས་པས་རྒྱ་ལི་ཐང་དུ་ཉམས་མཚར་བཞད་བགད་ཀྱི་ཡུལ་དུ་ཕུལ་བའོ། །སྐྱབས་མཚུངས་མེད་ཀྱི་བླ་མ་འགྲོ་བའི་མགོན། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །གླུ་ཉན་འདོད་དད་ལྡན་རིགས་ཀྱི་བུ། །ཚུལ་ཡང་དག་དོན་གྱི་གནད་འདི་ཉོན། །ཞི་གནས་དེ་རྒྱ་མཚོ་ལྟ་བུ་ལ། །ལྷག་མཐོང་གི་རིག་པ་ཉ་ལྟར་འཁྱུག །ཟུང་འཇུག་ཏུ་ཉམས་སུ་བླང་བའི་ཚེ། །བདེ་གསལ་དང་མི་རྟོག་ཉམས་འགྲོགས་ཏེ། །རྩེ་གཅིག་དང་རོ་གཅིག་སྤྲོས་བྲལ་དང་། །སྒོམ་མེད་ཞེས་མཐར་ཕྱིན་ཕྱག་རྒྱ་ཆེ། །དེ་ལ་ཡང་བསྒོམ་འདོད་ཀྱི་འཛིན་པ་ཞིག་ཡོད། །འཛིན་པ་དེ་གྲོལ་ན་རང་གྲོལ་ཞིག་ཡིན། །བཟུང་ན་ནི་ལྟ་སྒོམ་དགེ་བས་ཀྱང་འཆིངས། །མ་བཟུང་ན་ཉོན་མོངས་དུག་ལྔས་ཀྱང་གྲོལ། །དེ་དོན་གྱི་གདམས་པ་རིན་པོ་ཆེ། །དོན་བཟང་དེ་བུ་ཁྱོད་མཐོང་ནས་འདུག །དམིགས་གཏད་མེད་པའི་སྟོང་གསལ་ལ། །ཡེངས་འཁྲུལ་མེད་པའི་ཡེ་ཤེས་ཆེ། །སྒྲིབ་གཡོགས་མེད་པའི་རྗེན་པ་ལ། །ངོས་བཟུང་མེད་པའི་བློ་འདས་དེ། །ལྟ་བ་ཡིན་ནོ་དེར་ཐག་ཆོད། །ཆོས་རང་བྱུང་གི་གནས་ལུགས་དེ་ཡི་ངང་། །ལྟ་བ་ཞེས་དམིགས་གཏད་བྲལ་བ་དང་། །སྒོམ་པ་ཞེས་ཡེངས་འཁྲུལ་གྲོལ་བ་དང་། །འབྲས་བུ་ལ་རེ་དོགས་མེད་པ་གསུམ། །དེ་རང་ངོ་གསལ་ལ་རང་ཐག་ཆོད། །ཆོས་རྫོགས་པ་ཆེན་པོའི་ལྟ་སྒོམ་ཡིན། །ཕ་བླ་མས་གནང་བའི་མན་ངག་ཡིན། །དོན་སྒྲུབ་རྒྱུད་བུ་ཡི་ནང་ནོར་ཡིན། །དེ་མ་ནོར་མ་འཕྱུགས་ཡིད་ལ་འཆོངས། །གྲོགས་སྐལ་ལྡན་ཁྱོད་ལ་སྙིང་གཏམ་ཡིན། །ཆོས་ཐེག་དགུའི་རྩེ་རྒྱལ་གདམས་པ་འདི། །བོ་ཟགས་དང་རལ་གསུམ་མ་ཤོར་བར། །ཆོས་མཇུག་དེ་ཤི་དང་མཉམ་པར་གྱིས། །ཕོ་འདོ་ཡོད་ཀྱི་གནོན་སྒོ་ཞིག་འདི་ན་དགོས། །འདུག་ས་དེ་དབེན་པའི་རི་ལ་མཛོད། །ཉམས་རྟོགས་དེ་མི་འདོད་བཞིན་དུ་འཕེལ། །བསྐྱེད་རྫོགས་ལ་ཐུན་དུ་མ་གཅོད་སྐྱོངས། །ཆོས་ཉིད་དེ་ཉིན་མཚན་ཁོར་མོ་ཡུག །འཁོར་བ་འདི་འདུས་བྱས་ཡིན་པ་དང་། །མི་ཚེ་ལ་རྟག་པ་མེད་པ་དང་། །ཆོས་ཉིད་ལ་རང་རྩལ་མ་རྫོགས་བར། །རྒྱུ་འབྲས་ལ་བདེན་པ་ཡོད་པ་སོགས། །གོ་རྟོགས་སུ་བསྡུར་ལ་དེར་མཐུན་སྤྱོད། །ཅེས་པ་འདི་བསོད་ནམས་བསྟན་འཛིན་གྱི་ཉམས་འབུལ་ལྟར་ལ་རིགས་འཛིན་པས་རོག་དོམ་བསམ་གཏན་ཆོས་གླིང་དུ་སྨྲས་པའོ། །རྗེ་ན་མོ་གྷུ་རུ་རཏྣ་ཡ། །དཔལ་གདོད་མའི་མགོན་པོ་མི་གཟུགས་འཛིན། །རྗེ་མཚན་ལྡན་བླ་མའི་ཞབས་ལ་འདུད། །བུ་དད་ལྡན་བཟོད་མཆོག་ལེགས་པར་ཉོན། །གནད་གདམས་པ་ཟབ་མོ་སྙིང་ལ་ཞོག །ད་ལྟའི་ཤེས་པ་རང་སོ་ལ། །མཉམ་པར་གཞག་པའི་དུས་ཀྱི་ཚེ། །འབོལ་ལེ་ཤིགས་སེ་མེར་རེ་བ། །སང་ངེ་ས་ལེ་རྗེན་ནེ་བ། །ཝ་ལེ་ཁྲེ་སེ་སྟོང་ངེ་བ། །འདི་ཡིན་དང་འདི་མིན་བྲལ་བ་ལ། །ཕྱི་ཡི་སྣང་བའི་ཡུལ་སྣང་དང་། །ནང་གི་རིག་པའི་ངོ་བོ་གཉིས། །གཉིས་མཉམ་གྱི་བླང་དོར་བྲལ་བ་དེ། །ཆོས་ཕྱག་རྒྱ་ཆེན་པོའི་རོ་གཅིག་ཡིན། །ལྟ་སྒོམ་མི་ངན་ལྟ་སྒོམ་བཟང་། །རྐྱེན་བཟང་ངན་ལ་བརྟན་པ་མི་ཐོབ་པ། །རང་གྲོལ་གྱི་རྫོགས་ཆེན་མ་རྟོགས་སྐྱོན། །འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག །རང་སེམས་ལས་གཞན་ན་ཅི་ལ་ཡོད། །འདི་ཐམས་ཅད་སེམས་ཀྱིས་བྱས་པ་ཡིན། །འདི་ཐམས་ཅད་སེམས་ཀྱིས་བཟོས་པ་ཡིན། །ལར་རང་བྱུང་སེམས་ཉིད་ངོ་བོ་ནི། །མཐོང་དུ་རྡུལ་ཕྲན་ཙམ་ཡང་མེད། །མཐོང་རྒྱུ་བྱུང་ན་ངོ་བོ་མིན། །ཉམས་ནི་བར་སྣང་གི་འདུ་འཕྲོ་འདྲ། །ཉམས་སྣང་དང་ངོ་བོ་ཅི་ལ་གཅིག །ཉམས་སྣང་གི་ངོ་བོ་གཟའ་གཏད་བྲལ། །སྔ་མ་ཡལ་བཞིན་ཕྱི་མ་འཆར། །ངོ་བོ་ནི་ནམ་མཁའི་དབྱིངས་དང་འདྲ། །འདི་ལ་ཕྱོགས་སུ་ལྷུང་བ་མེད། །འདི་ལ་རིས་སུ་གྲུབ་པ་མེད། །འདི་ལ་ཚུལ་གྱི་མཚོན་བྱ་བྲལ། །གདོད་ནས་དག་པའི་སྟོང་ཆེན་ཡིན། །བློ་ལས་འདས་པའི་ཟང་ཐལ་ཡིན། །བརྗོད་པ་བྲལ་བའི་ཡེ་ཤེས་ཡིན། །ཡེ་ནས་མ་གྲོལ་རང་གྲོལ་ཡིན། །རྒྱུ་རྐྱེན་མཚན་མ་ངོ་བོར་དག །ཡོངས་སུ་གྲོལ་བས་འབད་པ་མེད། །སྤང་བླངས་བྱ་བྱེད་དབྱིངས་སུ་དག །གཅེར་གྲོལ་ཡིན་ཏེ་མཐོང་སར་ཡལ། །བསྒོམ་བྱ་སྒོམ་བྱེད་བློ་ལས་འདས། །འདི་མ་རྟོགས་པའི་རྟོགས་པ་ཆེན་པོ་གཅིག་ཡིན། །རྟོགས་པ་བླ་ན་མེད་པ་ཞིག་ཡིན། །འདི་མི་བསྒོམ་པའི་བསྒོམ་པ་ཆེན་པོ་ཅིག་ཡིན། །བསྒོམ་པ་བླ་ན་མེད་པ་ཞིག་ཡིན། །འདི་མ་གྲོལ་བའི་གྲོལ་བ་ཆེན་པོ་ཞིག་ཡིན། །གྲོལ་བ་བླ་ན་མེད་པ་ཞིག་ཡིན། །འདི་ལ་མཐོང་རྒྱུ་མེད་པ་ལ། །ཁྱོད་ས་ལེ་སེང་ངེ་ཅི་ལ་སྨྲ། །དེ་ཉམས་སྣང་ཡིན་པ་ཨི་ཤེས་སོ། །ངོ་བོ་ཡིན་པ་ཨུ་རྟོགས་དོ། །ཡེངས་སུ་སྐད་ཅིིག་མེད་པ་ལ། །རྐྱེན་ཐུབ་དང་མ་ཐུབ་ཅི་ལ་ཟེར། །ངོ་བོ་མ་མཐོང་བའི་ཁ་སྐད་རེད། །དུས་གསུམ་དུས་མེད་ཨུ་རིག་དོ། །སྟོང་ཆེན་རབ་འབྱམས་རྗེན་པ་འདི། །མ་བཅོས་བློ་འདས་ཆོས་ཀྱི་སྐུ། །སངས་རྒྱས་ལ་རེ་བ་ཨུ་བྲལ་དོ། །སྣང་གྲགས་ཀྱི་ཆོས་རྣམས་གཞི་རྩ་བྲལ། །ངན་སོང་ལ་དོགས་པ་ཅི་ལ་ཡོད། །བུ་དོན་ཆེན་འདི་དེ་རིང་ཨུ་གོ་དོ། །དེ་གོ་ན་ཉམས་ལེན་དེར་མཐུན་རེམ། །ཆོས་ཕྱོགས་རེ་བའི་སྒོམ་ཆེན་འདི་བློས་བཟུང་འཁྲུལ། །དམུས་ལོང་གི་གླང་ཆེན་བལྟས་པ་འདྲ། །སྐྱེ་མཆེད་ཀྱི་ལྷ་གནས་འདྲ་འཐོབ་སྲིད་ཀྱང་། །གཟུང་འཛིན་གྱི་རྒྱ་ལས་ནམ་གྲོལ་ཨང། །བཀའ་རྫོགས་པ་ཆེན་པོའི་ལྟ་བསྒོམ་འདི། །ཀུན་བཟང་དང་རྡོར་འཆང་གི་དགོངས་པ་ཡིན། །དགའ་རབ་དང་ཤྲི་སེང་གི་ཐུགས་བཅུད་ཡིན། །པད་འབྱུང་དང་བི་མའི་སྙིང་ཐིག་ཡིན། །ཀློང་ཆེན་དང་བླ་མའི་གདམས་པ་ཡིན། །རྗེས་འཇུག་གི་ཉི་གྲགས་སྙིང་ནོར་ཡིན། །དད་ལྡན་གྱི་ཀེ་ས་ལ་རུ་གཏིམ། །ཐོད་རྒལ་གྱི་ད་ལྟའི་འཆར་ཚུལ་དེ། །ཆོས་ཉིད་མངོན་སུམ་སྣང་བ་རེད། །ད་རུང་དེ་བཞིན་ཉམས་ལོང་དང་། །ཉམས་གོང་འཕེལ་ད་ལྟའི་འཆར་སྒོ་རྣམས། །ཇེ་གསལ་ཇེ་བརྟན་ལ་རིམ་གྱིས་འགྲོ། །དེ་ནས་རིག་པ་ཚད་ཕེབས་དང་། །ཆོས་ཉིད་ཟད་པ་ལ་སོགས་རྣམས། །རྟག་ཚད་ཀྱི་ཡིག་སྣ་བཞིན་དུ་ཡོང་། །དེ་བར་དུ་ཐང་ལྷོད་མ་འཆོར་བར། །ཉམས་ལེན་གྱི་ཚད་རྡོ་མཐར་ཕྱིན་མཛོད། །དེང་སང་གི་འགྲོ་བ་ལ་ཚེ་མེད་པས། །མི་རྟག་བསྒོམས་ཤིང་ཆོས་ལ་རེམ། །ལས་གང་ལའང་སྙིང་པོ་མི་འདུག་ཚེ། །བྱ་བ་གཏོང་བཞིན་ཆོས་ལ་རེམ། །སྐྱབས་སྐུ་གསུམ་སྟོན་པས་འགྲོ་དྲུག་ཁྱབ། །དག་སྣང་སྦྱོང་ཞིང་ཆོས་ལ་རེམ། །འགྲོ་དྲུག་སེམས་ཅན་ཕ་དང་མ། །སྙིང་རྗེ་བསྒོམ་བཞིན་ཆོས་ལ་རེམ། །འདུག་ས་འདི་དབེན་པའི་བས་མཐའ་མཆོག །རི་ཁྲོད་འགྲིམ་བཞིན་ཆོས་ལ་རེམ། །ལྟོ་གོས་གྱི་ན་ལྷག་སྐྱོབ་མཆོག །ཆོག་ཤེས་བཞིན་དུ་ཆོས་ལ་རེམ། །ལས་འབྲས་འདི་ལུས་དང་གྲིབ་མའི་ཚུལ། །མི་འབྲལ་བཞིན་དུ་ཆོས་ལ་རེམ། །ཅེས་པ་འདི་དགེ་སློང་བཟོད་མཆོག་ལ་སྨྲས་པའོ། །ན་མོ་པདྨ་སཾ་བྷ་ཝ། །དཔལ་རྩ་བ་གསུམ་དང་དབྱེར་མེད་པའི། །སྐྱབས་ལྷག་པའི་ལྷ་མཆོག་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །བུ་སྔོན་སྦྱངས་ལྡན་པའི་སྐལ་ལྡན་པ། །གྲོགས་ཨོ་རྒྱན་མགོན་པོ་སྙན་གསོན་ཅིག །དོན་རང་བྱུང་སེམས་ཀྱི་ཆོས་ཉིད་དེ། །རྟོགས་དང་མ་རྟོགས་ཀྱི་མཐའ་ལས་འདས། །གྲོལ་དང་མ་གྲོལ་གྱི་འཛིན་པ་དག །བསྒོམ་དང་མི་བསྒོམ་གྱི་སྤང་བླང་བྲལ། །ཡེངས་དང་མ་ཡེངས་གྱི་གཉིས་འཛིན་ཞིག །རེ་དང་དོགས་པའི་གཞི་རྩ་ཆད། །འདི་ཀ་ནས་དག་པའི་ཡེ་ཤེས་ཞེས། །རྫོགས་པ་ཆེན་པོའི་དགོངས་པ་ཡིན། །མཚན་ལྡན་བླ་མའི་མན་ངག་ཡིན། །བུ་ཁྱོད་ཀྱི་རྟོགས་པའི་གཞི་ལེགས་ཤིང་། །མི་འགྱུར་ལམ་གྱི་བསྒོམ་པ་བཟང་། །ཕྱི་ཡུལ་སྣང་སྣ་ཚོགས་སྣང་ཞིང་སྟོང་། །ནང་ཆོས་སྐུའི་རང་མདངས་སྟོང་ཞིང་གསལ། །འདི་སྟོང་གསལ་གཉིས་མེད་ཟུང་དུ་འཇུག། །ཟུང་འཇུག་གི་ཡེ་ཤེས་སྤྲོས་དང་བྲལ། །སྣང་སེམས་ཀྱི་འཆར་སྒོ་ཡང་ཡིན་བཞིན་ལེགས། །ཉིན་མཚན་གྱི་སྣང་བ་མ་འདྲེས་ན། །ཁྲོ་བོ་སེང་གེ་གྱད་གསུམ་གྱི། །བོགས་འདོན་གསུམ་གྱི་ལམ་ཁྱེར་དང་། །མཆོག་ནི་རུ་ཤན་དཔྱིད་སྟོན་གྱི། །ལོ་གཅིག་དུས་གཉིས་ཟླ་རེ་ཙམ། །ཕྱེས་ན་བོགས་ཆེན་ཐོན་པ་དང་། །ཉིན་མཚན་འདྲེ་བའི་དོན་ལའང་ཟབ། །ལྔ་བརྒྱ་ནི་ཐ་མའི་དུས་ཡིན་ཀྱང་། །དལ་འབྱོར་ལ་གསང་ཆེན་སྙིང་པོས་བརྒྱན། །སྒོ་གསུམ་འདི་དཀྱིལ་འཁོར་གསུམ་དུ་གྲོལ། །བུ་སྐལ་བ་བཟང་ངོ་རིགས་ཀྱི་བུ། །དོན་དམ་པ་ཀློང་དུ་མ་གྱུར་བར། །བརྩོན་འགྲུས་ལ་ཐང་ལྷོད་མ་ཤོར་ཞིང་། །མ་རྟོགས་པའི་འགྲོ་ལ་སྙིང་རྗེ་བསྐྱེད། །བསྔོ་སྨོན་དེ་མཁའ་མཉམ་གྱི་དོན་དུ་འབུངས། །མོས་ལྡན་གྱི་བུ་སློབ་གང་བྱུང་ལ། །གདམས་པ་ཡི་སྙིང་པོ་སྟོན་མཁས་བྱ། །དབེན་གནས་དེ་ནམ་ཡང་མ་ཤོར་བསྟེན། །དད་ཟས་དེ་བླངས་ནས་མཆོད་སྦྱིན་སྤེལ། །ཅེས་པ་འདི་བླ་མ་ཨོ་རྒྱན་མགོན་པོ་ལ་སྨྲས་པའོ། །རྗེ་ན་མོ་གྷུ་རུ་བུདྡྷ་ཡ། །དཔལ་བི་མཱའི་རྣམ་འཕྲུལ་གྲུབ་པའི་མཆོག །ཕ་པདྨ་རིགས་འཛིན་ཞབས་ལ་འདུད། །རྗེ་ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་རློབས། །བུ་མོས་གུས་ལྡན་པའི་ཆོས་འཕེལ་པ། །ཁྱོད་སྣང་སེམས་ཀྱི་བྱེ་བྲག་ཐམས་ཅད་ཀྱང་། །དོན་སྟོང་པར་རྟོགས་པ་ལེགས་ནས་འདུག །རྣམ་རྟོག་གི་དྲན་རིག་ཐམས་ཅད་ཀྱང་། །རང་སར་རང་ཞི་རང་གྲོལ་དུ། །ངོ་བོ་མཐོང་བ་ཤིན་ཏུ་ལེགས། །ཆོས་ཕྱག་ཆེན་གྱི་ལྷག་མཐོང་ཆེན་པོ་ཡིན། །རྫོགས་ཆེན་གྱི་ཁྲེག་གཅོད་ཕྱོགས་ཉེ་ཙམ། །ཆོས་གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །འདི་ལྟ་བ་ཀུན་གྱི་གཞི་མ་ཡིན། །སྒོམ་པ་ཀུན་གྱི་དངོས་གཞི་ཡིན། །མན་ངག་གི་སླབ་དོན་བླ་མར་ཞུས། །ཉམས་རྟོགས་ཀྱི་འཆར་ཚུལ་རིམ་བཞིན་ཕུལ། །ལར་མི་རྟོགས་པའི་རྟོགས་པ་ཞིག་མ་རྟོགས་ན། །བློས་བྱས་ཀྱི་རྟོག་པ་འདི་རྟོགས་པ་མིན། །མི་བསྒོམ་པའི་བསྒོམ་པ་ཞིག་མ་ཤེས་ན། །བློ་ཞེན་འཛིན་གྱི་བསྒོམ་པ་འདི་ཡེ་མི་བཟང་། །འདི་ནམ་ཞིག་གི་དུས་སུ་མཐོང་ནས་ཡོང་། །བུ་བསྒོམ་ཡུན་མ་ཐུང་ཉམས་ལེན་འབུངས། །སྔོན་བསྐལ་མང་ནས་ཚོགས་བསགས་སྒྲིབ་སྦྱངས་ཤིང་། །མཐར་རྫོགས་པའི་བྱང་ཆུབ་མངོན་གྱུར་པའི། །འཛམ་གླིང་གི་སྟོན་པ་ཤཱཀ་ཐུབ་དང་། །དེ་སྲས་དང་བདག་ཅག་གི་འདྲེན་པ་ཡིན། །མི་རྟག་པར་མྱ་ངན་འདས་གྱུར་ན། །རང་རེ་ལ་མི་འཆིའི་གདེངས་ཚོད་མེད། །དུས་ནམ་ཞིག་ན་འཆི་བ་ལས་འོས་མེད་ཚེ། །ཚེ་མི་རྟག་བསམ་བཞིན་ཆོས་ལ་འབུངས། །ལམ་ཆ་མེད་ཀྱི་བར་དོའི་འཕྲང་རིང་ལ། །མི་རྒྱུས་མེད་རང་ཉིད་འཁྱམས་པའི་ཚེ། །སེམས་འགྱོད་པ་མེད་པའི་ཉམས་ལེན་ཞིག །དུས་དེ་རིང་དགོས་སོ་ཐུགས་ལ་ཆོངས། །ཅེས་པ་འདི་དད་ལྡན་ཆོས་འཕེལ་ལ་སྨྲས་པའོ། །རྗེ་ན་མོ་གྷུ་རུ་རཏྣ་ཡཱ། །ཕ་མཚུངས་མེད་བླ་མའི་ཞབས་ལ་འདུད། །ཆོས་མོས་གུས་ལྡན་པའི་བླ་མ་སྐྱབས། །སེམས་མ་ཡེངས་ཀྱི་ངང་ནས་ཚིག་ལ་ཉོན། །དུས་རྒྱུན་ལྡན་དུ་མ་ཡེངས་པར་བྱེད་པ་དེ། །ཉམས་ལེན་གྱི་མཐིལ་ཞིག་ཡིན་ན་ཡང་། །དོན་རང་སེམས་ཀྱི་ངོ་བོ་ལ་ལེགས་ལྟོས་དང་། །བལྟ་བྱ་དང་ལྟ་བྱེད་བྲལ་བ་ལ། །མཐོང་བྱ་དང་མཐོང་བྱེད་རྣམ་པར་དག །ཡོད་པ་དང་མེད་པའི་མཐའ་ལས་འདས། །ཡིན་པ་དང་མིན་པ་གཉིས་ཀའང་མེད། །འཁྲུལ་པ་དང་གྲོལ་བ་གཉིས་ཀའང་མེད། །དག་པ་དང་མ་དག་པ་གཉིས་ཀའང་མེད། །བསྒོམ་པ་དང་མི་བསྒོམ་པ་གཉིས་ཀའང་མེད། །གནས་པ་དང་མི་གནས་པ་གཉིས་ཀའང་མེད། །གསལ་བ་དང་མི་གསལ་བ་གཉིས་ཀའང་མེད། །སྟོང་པ་དང་མི་སྟོང་པ་གཉིས་ཀའང་མེད། །རེ་བ་དང་དོགས་པ་གཉིས་ཀའང་མེད། །འདི་གསང་ཆེན་ངེས་པའི་མན་ངག་ཡིན། །རྫོགས་པ་ཆེན་པོའི་རང་བཞིན་ཡིན། །རང་སེམས་བརྗོད་མེད་ཀྱི་གནས་ལུགས་ཡིན། །དོན་དེ་བཞིན་ལས་བསྒོམ་དུ་ཡང་མེད་བཞིན་དུ། །ཡེངས་སུ་ཡང་མེད་པའི་བློ་བྲལ་དུ། །ཟང་ཐལ་དུ་དུས་གསུམ་ཀུན་ཏུ་ཐོང་། །སྟོང་པ་ལ་བདག་ཏུ་མ་འཛིན་ཅིག །གསལ་བ་ལ་ཞེན་པས་མ་བཅིངས་ཤིག །མི་རྟོག་པར་རྟོག་པས་མ་བཟུང་ཞིག །དོན་གཞི་མེད་དེ་ཡིན་ནོ་ཨེ་གོ་དོ། །རྩ་བྲལ་དེ་ཡིན་ནོ་ཨུ་རྟོགས་དོ། །ཡེ་སྟོང་འདི་ཡིན་ནོ་ཨུ་རིག་དོ། །སྤྲོས་བྲལ་འདི་ཡིན་ནོ་རང་ཐག་ཆོད། །འཁོར་བ་ཡི་ཡུལ་ལ་བློ་གཏད་མེད། །འདུས་བྱས་ཀྱི་ཆོས་ལ་ཡིད་ཆེས་མེད། །མི་ལུས་ཤིག་ཐོབ་ཀྱང་རྟག་བརྟན་མེད། །ནམ་འཆི་ཡི་དུས་ལ་ངེས་པ་མེད། །ལས་འབྲས་ཀྱི་ཆོས་ཀྱིས་གཏོང་མཐའ་མེད། །དོན་དེ་ཕྱིར་སྙིང་པོའི་ཆོས་ལ་དྲིལ། །ཅེས་པ་འདི་བུ་བླ་མ་སྐྱབས་ལ་བྱ་བྲལ་པས་སྨྲས་པའོ། །རྗེ་ན་མོ་པདྨ་ཀ་ར་ཡེ། །ཡུལ་དྷ་ན་ཀོ་ཤའི་མཚོ་གླིང་ནས། །རྗེ་མཚན་མཆོག་བརྒྱད་ལྡན་སྤྲུལ་པའི་སྐུ། །དཔལ་ཨོ་རྒྱན་གྷུ་རུའི་ཞབས་ལ་འདུད། །བུ་དྷརྨ་མངྒ་ཚུར་གསོན་དང་། །ཉམས་རྟོག་གི་སྣང་བ་ཅི་ཤར་དེ། །བདེན་མེད་ལ་འཛིན་པ་ངོ་བོས་སྟོང་། །གཉིས་སུ་འཛིན་དང་བསྒོམ་འཛིན་གྱི། །གཞི་རྩ་བྲལ་བཞིན་རང་བཞིན་སྟོང་། །ཤར་བའི་ངོ་བོ་སྟོང་པ་ལ། །གྲོལ་བའི་རང་བཞིན་རྣམ་པར་དག །ཡེངས་པ་འཁྲུལ་པ་ཐམས་ཅད་ཀྱང་། །དུས་གསུམ་ཁྱབ་བདལ་སྒོམ་མེད་ཆེ། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མ་སོང་བའི། །རྟོག་མེད་ཤེས་པ་རང་བྱུང་འདི། །ཐོག་མ་མེད་ནས་ད་བར་དུ། །འཁོར་བའི་གནས་ལ་འཁྱམས་ན་ཡང་། །བཟང་ངན་གང་གིས་མ་བསླད་པའི། །ཆོས་ཉིད་དོན་གྱི་ཡེ་ཤེས་ལ། །གཞོན་ནུ་བུམ་སྐུ་མི་ཟེར་རམ། །དེ་ཉིད་རྟོགས་པའི་སྐལ་ལྡན་ལ། །སྣོད་ལྡན་སྐྱེས་བུ་ལོས་སུ་ཟེར། །སྣང་སྟོང་གཉིས་སུ་མེད་བཞིན་དུ། །བསྒོམ་བྱ་སྒོམ་བྱེད་བྲལ་བཞིན་དུ། །ཡེངས་འཁྲུལ་ངོ་བོས་སྟོང་བཞིན་དུ། །ཡོད་དང་མེད་པ་ལས་འདས་པ། །རྟོགས་དང་མ་རྟོགས་མཐའ་བྲལ་བའི། །གདེངས་ལྡན་དེ་བཞིན་ཀུན་ཏུ་སྤྱོད། །ཆོས་རྫོགས་པ་ཆེན་པོའི་ལྟ་སྒོམ་ཡིན། །ཐེག་པ་ཀུན་གྱི་འབྲས་བུ་ཡིན། །དཔལ་ལྡན་བླ་མའི་ཉམས་མྱོང་ཡིན། །བུ་རྗེས་འཇུག་ཁྱོད་ཀྱིས་སྙིང་ནོར་གྱིས། །མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་པའི། །འགྲོ་ལ་གསང་དང་གབ་དང་ཡིབས། །ངེས་ཤེས་དད་བརྩོན་ལྡན་རིགས་ལ། །ཚུལ་དང་བསྟུན་ནས་སྟོན་མཁས་བྱ། །ཀཱ་ཡེ་སྣང་སྲིད་ཀྱི་སྣ་ཚོགས་ཆོས་རྣམས་དང་། །འཁོར་འདས་ཀྱི་བྱ་བྱེད་འདི་ཐམས་ཅད། །བྱིས་པས་བར་སྣང་འཇའ་དེད་འདྲ། །མི་རྟག་པ་མཁའ་དབྱིངས་ཀྱི་གློག་ལྟར་ཡལ། །མི་གནས་པ་ཆུ་བུར་བཞིན་དུ་འཇིག །གསོན་པ་ཡི་མཐའ་ནི་ཀུན་ཀྱང་འཆི། །འདུས་པ་ཡི་མཐའ་ནི་ཐམས་ཅད་འབྲལ། །བསླང་བ་ཡི་མཐའ་ནི་ཐམས་ཅད་འགྱེལ། །བསགས་པ་ཡི་མཐའ་མ་ངེས་པར་འཛད། །ལས་གང་ལའང་སྙིང་པོ་མེད་པ་འདི། །སྙིང་ཐག་པར་ཆོངས་ལ་ཉམས་རྟོགས་སྤེལ། །བདེ་སྐྱིད་ཀྱི་འབྱུང་གནས་དབེན་པ་བསྟེན། །འཁོར་བ་ཡི་བཙོན་རྫི་ཉེ་འབྲེལ་བསྐྱུར། །ཅེས་པ་ཆོས་བཀྲ་ཤིས་ལ་སྨྲས་པའོ། །རྗེ་ན་མོ་མ་ཧཱ་གྷུ་རུ་བྷྱཿ །སྔོན་བསྐལ་མང་གི་གོང་ནས་སངས་རྒྱས་ཀྱང་། །དུས་དེང་སང་བདག་གི་འདྲེན་པར་ཤར། །ཕ་གྲུབ་ཐོབ་ནི་པདྨ་རིགས་འཛིན་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཀོན་མཆོག་ཆོས་ཀྱི་རྒྱ་མཚོ་ཉོན། །འཁོར་འདས་ཐམས་ཅད་སེམས་ཀྱིས་བྱས། །རྣམ་རྟོག་ཐམས་ཅད་སེམས་ལ་འདུས། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །བལྟ་བ་གཞན་མེད་རང་སེམས་ཡིན། །བལྟ་མཁན་དེ་ཡང་ཁོ་རང་ཡིན། །བལྟས་པས་མཐོང་དུ་མེད་པ་དེ། །རང་སེམས་རིག་པའི་ངོ་བོ་ཟེར། །བདེ་སྡུག་རྣམ་རྟོག་ཅི་ཤར་ཡང་། །རང་བཞིན་རང་དག་རང་སར་གྲོལ། །དཔེར་ན་སྤྲིན་དང་ནམ་མཁའ་འམ། །མཚོ་དང་ཆུ་གཉེར་རང་བཞིན་ལྟར། །རང་ལས་ཤར་ཞིང་རང་ལས་གྲོལ། །དབུ་མ་དང་ཕྱག་ཆེན་གྱི་གཞུང་ལྟར་ན། །ཞི་ལྷག་གི་ཟུང་འཇུག་ཉམས་རྟོགས་ཞེས། །དོན་མཐོང་གི་འགོ་མོ་ཡང་དག་ཡིན། །བཀའ་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན། །གཞི་ཁྲེག་ཆོད་ཀྱི་ལྟ་བའི་ཕྱོགས་ལ་ཉེ། །ད་ཚུལ་བཞིན་བརྩོན་པས་ཉམས་ལོང་དང་། །དུས་ནམ་ཞིག་བློ་བདེ་གུ་ཡངས་འབྱམས། །སྟོང་ཆེན་གྱི་རབ་འབྱམས་འཕྱོ་དུས་ཤིག་ཡོང་། །དུས་དེ་ཙ་ན་ཕ་རྗེས་བུ་ཡིས་ཟིན། །དེ་བར་དུ་ཉམས་ལེན་ཆིག་དྲིལ་ཐོང་། །ཐོད་རྒལ་གྱི་ཐིག་ལེ་ཐིག་ཕྲན་དང་། །རྩིབས་ཤར་དང་གྱེན་འགྲེང་མདའ་མདུང་མེ། །སྦྲུལ་དང་ལྕགས་ཐག་ལུག་རྒྱུད་སོགས། །ཉམས་གོང་འཕེལ་གྱི་སྐབས་ལ་སླེབས་འདུག་པས། །ད་བརྩོན་འགྲུས་ཀྱི་བརྡར་ཤ་ལེགས་ཆོད་དང་། །རིམ་བཞིན་ཚད་ཕེབས་དང་ཆོས་ཟད་སོགས། །ཉམས་རྟོགས་འཐོབ་པའི་དུས་ཀྱང་ཡོང་། །ད་ལྟ་ཚེ་ལ་བར་ཆད་ཀྱང་། །བར་དོ་མེད་པར་གཞུང་ལས་གསུངས། །དོན་དེ་ཕྱིར་ཉམས་ལེན་མཐའ་རུ་སྐྱོལ། །འདུག་ས་དབེན་པའི་རི་ལ་མཛོད། །ཟས་གོས་གྱིས་གྱི་ན་ལྷག་སྐྱོབ་མཛོད། །བདེ་སྡུག་གི་ཡུལ་ལ་རོ་སྙོམས་མཛོད། །ཚེ་འདི་བདེ་སྡུག་རྨི་ལམ་འདྲ། །རྟག་འཛིན་སྤོངས་ཤིག་ཆོས་ལ་རེམ། །ཞེས་པ་འདི་དཀོན་མཆོག་ཆོས་རྒྱ་མཚོ་ལ་སྨྲས་པའོ། །ན་མོ་པདྨ་ཀ་ར་ཡེ། །སྟོན་པའི་རྒྱལ་ཚབས་བསྟན་དང་འགྲོ་བའི་མགོན། །ཨོ་རྒྱན་གྷུ་རུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གྷུ་རུ་འོད་གསལ་མ་ཡེངས་ལེགས་པར་ཉོན། །བསྒོམས་དང་མ་བསྒོམས་ཁྱད་པར་མེད་པ་ལ། །ཡེངས་དང་མ་ཡེངས་མཐའ་ལས་འདས་པའི་དོན། །སྣ་ཚོགས་བདེ་སྡུག་སྣང་བ་ཅི་ཤར་ཡང་། །ངོ་བོ་སྟོང་པས་མཐོང་བ་ཉིད་དུ་ཡལ། །རང་བཞིན་སྟོང་པས་སྐྱེ་འགགས་གནས་གསུམ་བྲལ། །མཚན་ཉིད་སྟོང་པས་གདོད་ནས་རྣམ་པར་དག །ཡེ་ནས་སྟོང་པས་བློ་ལས་རབ་ཏུ་འདས། །ཡོངས་སུ་སྟོང་པས་འབད་རྩོལ་ཀུན་དང་བྲལ། །འདི་ནི་རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ། །གདོད་མའི་སངས་རྒྱས་སྙིང་གི་དཀྱིལ་ནས་སད། །རང་གི་ལས་བཟང་བླ་མའི་ཐུགས་རྗེ་འཛོམས། །ཕུན་སུམ་ཚོགས་པའི་སྐལ་བཟང་ཁྱད་དུ་འཕགས། །ཀློང་དུ་མ་འཁྱོལ་བར་དུ་ཉམས་ལེན་འབུངས། །མི་བརྩོན་པ་ཡི་བརྩོན་པ་ཆེན་པོ་བསྐྱེད། །མི་སྒྲུབ་པ་ཡི་སྒྲུབ་པ་དང་དུ་ལོང་། །ཡེངས་མེད་སྒོམ་མེད་ཆུ་བོའི་རྒྱུན་ལྟར་ཐོང་། །ཁྲེག་ཆོད་ལམ་སྟེགས་ཐོད་རྒལ་འཆར་ཚུལ་ཀྱང་། །ཕྱི་ནང་ཐམས་ཅད་འོད་ཀྱིས་སྣང་ཉམས་དང་། །གདོས་བཅས་ལ་སོགས་འཇའ་ཚོན་སྣང་བ་དང་། །སྐུ་དང་ཞིང་ཁམས་སྣ་ཚོགས་ཤར་བ་རྣམས། །རིག་པ་ཚད་ཕེབས་སྣང་བ་ཡིན་འདུག་པས། །དེ་དག་ཆོས་ཉིད་ཟད་པ་ཞེས་བྱ་བ། །རྟགས་ཚད་ཡི་གེར་སྟོས་ལ་མཐོང་ཉམས་རྣམས། །ཐོབ་ཉམས་གདེངས་ལྡན་བར་དུ་མཐའ་ལ་སྐྱོལ། །མ་དག་འགྲོ་ལ་ལྟ་སྒོམ་འདི་དག་གསོངས། །སྣོད་ལྡན་བྱུང་ན་གོ་ཡུལ་དང་བསྟུན་སྟོན། །བདེ་སྐྱིད་འབྱུང་གནས་དབེན་པ་མ་འཆོར་བསྟེན། །བདག་འཛིན་རྩ་བ་ཕ་ཡུལ་ཉེ་འབྲེལ་བོར། །ཆོས་ཀྱི་རྩ་བ་འཆི་བ་དྲན་པར་མཛོད། །འདི་ལྟར་གདམས་ཟབ་རྟོགས་པའི་སྐལ་བཟང་ཁྱོད། །ནོར་བུ་འདམ་གྱི་ཁྲོད་ལ་མ་ཤོར་མཛོད། །ཅེས་པ་འདོ་གྷུ་རུ་འོད་གསལ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡཱ། །རྗེ་ངམ་རྫོང་རས་ཆེན་སྤྲུལ་པའི་སྐུ། །ཕ་པདྨ་རིགས་འཛིན་ཞབས་ལ་འདུད། །བུ་མཁྱེན་རབ་ཉི་མ་ཚུར་གསན་མཛོད། །གསལ་ལ་སྟོང་པའི་སྣང་བ་དང་། །སྟོང་ལ་གསལ་བའི་ཤེས་པ་སོགས། །བྱང་ཆུབ་སེམས་ཀྱི་རོལ་པ་ཡིན། །ངོ་བོ་ཉིད་ཀྱི་རྩལ་སྣང་ཡིན། །རྣལ་འབྱོར་ལམ་གྱི་ཉམས་སྣང་ཡིན། །དོན་ལ་ཟིན་པ་ཡེ་མི་ཆེ། །ཉི་མའི་ཟེར་ལ་ཉི་མར་འཛིན། །ཉི་མའི་དངོས་པོ་གཞན་ན་ཡོད། །དེ་བཞིན་དོན་གྱི་གནས་ལུགས་ནི། །གསལ་དང་མི་གསལ་དབྱིངས་སུ་དག །སྟོང་དང་མི་སྟོང་ལས་འདས་པ། །བརྗོད་མེད་མཚོན་བྱའི་དཔེ་ཡུལ་འདས། །ལྐུགས་པའི་ཁ་ཡི་བུ་རམ་རོ། །མངར་བ་ཤེས་ཀྱང་སྨྲ་ཐབས་མེད། །དེ་བཞིན་དེ་དོན་སུས་རྟོགས་པ། །རྟོགས་པ་བླ་མེད་ལྟ་བ་ཡིན། །དེ་ཡི་དབྱིངས་ལ་ངང་གི་བསྒོམ། །ཡང་དག་དོན་གྱི་བསྒོམ་པ་ཞེས། །མཐར་ཐུགས་འབྲས་བུ་རེ་དོགས་བྲལ། །རྫོགས་པ་ཆེན་པོའི་གདེངས་བཞི་ལྡན། །དེ་ལྟར་ཉམས་སུ་ལོན་གལ་ཆེ། །དོན་དེ་རྟོགས་དང་མ་རྟོགས་དང་། །ཕྱོགས་རྟོགས་ལ་སོགས་ལྟ་སྒོམ་གྱི། །གོལ་སྒྲིབ་བླ་མའི་དྲུང་ནས་སྦྱོངས། །ཉམས་ལེན་བརྡར་ཤ་ཚེ་འདིར་ཆོད། །དུས་ངན་སྙིགས་མའི་དུས་ཡིན་པས། །ཚེ་ལ་ལོང་ཡོད་མ་བྱེད་ཅིག །འཁོར་བ་སྡུག་བསྔལ་མཚོ་ཡིན་པས། །ད་ལམ་བགྲོད་ཐབས་སྙིང་ནས་འབུངས། །ཉེ་དུ་ཆོས་ཀྱི་བདུད་ཡིན་པས། །ཕ་ཡུལ་སྤོངས་ལ་དབེན་པ་བསྟེན། །ཅེས་པ་འདི་མཁྱེན་རབ་ཉི་མ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་བྷྱཿ རླངས་ཆེན་དཔལ་སེང་སྤྲུལ་པའི་ཟློས་གར་ལས། །ད་ལྟའི་ཞིང་འདིའི་མགོན་གཅིག་བདག་གི་སྐྱབས། །ཕ་ཅིག་གྲུབ་ཐོབ་པདྨ་རིགས་འཛིན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ལ་མོས་ཤིང་དད་བརྩོན་ལྡན་པའི་བུ། །དཀོན་མཆོག་སྦྱིན་པ་ལེགས་པར་ཉན་པར་གྱིས། །སྤང་བླང་དགག་སྒྲུབ་རེ་དོགས་བྲལ་བཞིན་དུ། །བསྒོམ་དང་མི་བསྒོམ་མཐའ་ལས་འདས་པའི་དབྱིངས། །བློས་བཟུང་བློས་བྱས་སྟོང་འཛིན་ལ་སོགས་ཀྱི། །ཕྱོགས་སུ་མ་ལྷུང་རིས་སུ་མ་གྲུབ་པའི། །རང་བྱུང་རྣལ་མ་སོ་མ་ལྷུག་པའི་ངང་། །མ་བཅོས་ཅོག་བཞག་ཆོས་དབྱིངས་འདུ་འབྲལ་མེད། །དེ་ནི་ཡང་དག་དོན་གྱི་ལྟ་སྒོམས་ལགས། །ངེས་པར་རྒྱུད་ལ་ལྡན་པ་དེ་རང་ཡིན། །ཉམས་རྟོགས་མཐའ་རུ་ཕྱིན་ཐབས་ཡང་དག་བརྩོན། །ཆོས་རྣམས་ཐམས་ཅད་མི་རྟག་སྙིང་པོ་མེད། །ནམ་ཞིག་འདི་ནས་ཕ་རོལ་འཁྱམས་པའི་དུས། །རྩ་འཆད་དབུགས་འགགས་ཕུང་པོ་རོ་ལ་བསྐྱུར། །བྱས་པ་ཐམས་ཅད་དོན་མེད་རྨི་ལམ་འདྲ། །ཆ་མེད་ལམ་ན་རྒྱུས་མེད་འཁྱམས་དུས་སྐྱོ། །འཁོར་བའི་ཡུལ་འདི་རྒྱལ་པོའི་བཙོན་ཁང་འདྲ། །ཚེ་འདི་མི་རྟག་དགོངས་ཀའི་གྲིབ་སོ་འདྲ། །འཆི་བདག་གཤིན་རྗེ་སྟོན་ཀའི་བ་མོ་འདྲ། །ལས་ཀྱི་འབྲས་བུ་འབྲུ་དྲུག་ས་བོན་འདྲ། །འདི་དག་རྣམས་ཀྱང་བརྟན་པ་མ་ཐོབ་བར། །སྙིང་ནས་དྲན་དང་སྤང་བླང་ལེགས་པར་དགོས། །ཅེས་པ་འདི་དཀོན་མཆོག་སྦྱིན་པ་ལ་སྨྲས་པའོ། །ན་མོ་གྷུ་རུ་ཏྲ་ཡ་ཡཱ། །དཔལ་ཕྱག་ན་རྡོ་རྗེས་བྱིན་གྱིས་རློབས། །རྣལ་འབྱོར་དབང་ཕྱུག་ཀུ་ཀུ་རི། །དུས་དེང་སང་བདག་གི་རིགས་བརྒྱའི་བདག །ཕ་གྲུབ་ཐོབ་ཆེན་པོས་བྱིན་གྱིས་རློབས། །བུ་ཀ་དག་མཐོང་གྲོལ་མ་ཡེངས་ཉོན། །རང་བཞིན་དངས་ཤིང་སྤྲིན་མེད་མཁའ་འདྲ་ལ། །རང་བཞིན་གསལ་ཞིང་སྒྲིབ་གཡོགས་བྲལ་བ་དེ། །གདོད་མའི་གཤིས་ཀྱི་རང་མདངས་མཐོང་བ་ཙམ། །ངོ་བོ་ཉིད་ཀྱི་ཡེ་ཤེས་རང་བྱུང་ལ། །རང་བཞིན་དངས་དང་མི་དངས་མིང་ཡང་མེད། །ཚུལ་གནས་གསལ་དང་མི་གསལ་རྩ་བ་བྲལ། །དོན་དམ་རྟོགས་དང་མ་རྟོགས་ཡུལ་ལས་འདས། །དཔེ་མེད་དཔེ་ཡིས་མཚོན་དུ་ག་ལ་གཏུབ། །རྟོག་མེད་རྟོགས་པ་ཆོས་དབྱིངས་ཡེ་ཤེས་ཆེ། །འདི་ནི་ངེས་དོན་ཆོས་རྣམས་ཀུན་གྱི་མཐའ། །ཡང་གསང་རྫོགས་པ་ཆེན་པོའི་དགོངས་པ་སྟེ། །ཀློང་ཆེན་རབ་འབྱམས་བཟང་པོའི་མན་ངག་ཡིན། །དཔལ་ལྡན་བླ་མའི་ཐུགས་ཀྱི་གནགས་པ་ཡིན། །ཐེག་པ་རིམ་དགུ་ཆོས་ཚུལ་སོ་སོར་ཟབ། །འོན་ཀྱང་ཡིད་དཔྱོད་བློ་ལས་འདས་པ་ཡི། །གསང་ཆེན་ངེས་པའི་གདམས་ཟབ་དམ་པ་འདི། །བླ་མེད་འདི་མིན་ཐེག་པ་གཞན་ན་མེད། །དེ་ལྟར་སྟོན་ནུས་སློབ་དཔོན་མཚན་ལྡན་ཡང་། །ཉིན་སྐར་བཞིན་དུ་ཞིང་འདིར་རབ་ཏུ་དཀོན། །དེས་ན་བུ་ཁྱོད་དལ་འབྱོར་ལུས་ཐོབ་ཅིང་། །ངེས་གསང་སྙིང་པོའི་དོན་འདི་རྟོགས་གལ་ཆེ། །འདི་དོན་མ་རྟོགས་ཆོས་ཀྱི་བྱ་བྱེད་རྣམས། །འབྲས་བུ་ཡིད་སྨོན་ལུས་པ་ཧ་ཐང་ཆད། །འཆི་བ་བསྒོམ་ཞིང་དོན་ཆེན་འདི་ལ་སྤྱོད། །རྣམ་གཡེང་འཛེམ་ཞིང་ངེས་དོན་འདི་ལ་སྤྱོད། །བྱ་བ་བཏང་བཞིན་གསང་ཆེན་འདི་ལ་སྤྱོད། །དབེན་པ་བསྟེན་བཞིན་འབྲས་བུ་འདི་ལ་སྤྱོད། །རོ་སྙོམས་སྤྱོད་བཞིན་རང་བྱུང་འདི་ལ་སྤྱོད། །ཐར་པ་སྒྲུབ་བཞིན་བསྒོམ་མེད་འདི་སྒོམས་ཤིག །ཉིན་མཚན་ཡོད་བཞིན་ཉམས་མྱོང་ཁོར་ཡུག་ཐོང་། །བྱ་བ་དོན་ལྡན་ཡིན་ནོ་སྐལ་ལྡན་པ། །ཅེས་པ་འདི་ཀ་དག་མཐོང་གྲོལ་ལ་སྨྲས་པའོ། །ན་མོ་གྷུ་རུ་པདྨ་སཾ་བྷ་ཝ། །སིནྡྷུ་རྒྱ་མཚོར་པདྨ་གེ་སར་ལས། །སངས་རྒྱས་ཀུན་འདུས་ཉི་ཤར་པདྨ་འབྱུང་། །འཛམ་གླིང་བསྟན་འགྲོའི་མགོན་གཅིག་བདག་གི་སྐྱབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་ཧོ་ལྟོས་དང་གླིང་རས་རང་བྱུང་རྡོར། །གསལ་སྟོང་གི་མཐོང་ཉམས་མ་ཡིན་པའི། །བྱིང་རྒོད་ཀྱི་སྐྱོན་དང་བྲལ་ཞེས་པ། །ཐ་མལ་གྱི་ཤེས་པ་ལྟ་བུ་དེ། །མི་རྟོག་པའི་ཉམས་ལ་མ་ལྷུང་ངམ། །དེ་མ་ལྷུང་ན་རྟོག་མེད་རྟོགས་པའི་མཆོག །འདི་ཡེ་སྟོང་ཡིན་ནོ་བློ་སྟོང་མིན། །ཀ་དག་ཡིན་ནོ་སྤྲོས་དང་བྲལ། །རིས་མེད་ཕྱོགས་དང་མཚམས་ལས་འདས། །ཡོད་དང་མེད་པ་གཉིས་ཀའང་དག །རྟོགས་པ་མེད་པས་ཅི་ཞིག་རྟོགས། །མ་རྟོགས་པ་ཡང་དབྱིངས་སུ་ཡལ། །རྟོགས་དང་མ་རྟོགས་ཀྱི་མཐའ་ལས་འདས། །བུ་ཆོས་ཉིད་ཀྱི་ངོ་བོ་དེ་ཨེ་མཐོང་དོ། །དེ་མཐོང་དོ་ན་རང་ཐག་རྦད་ཀྱིས་ཆོད། །དེ་ངང་ལས་གཡོ་བྱ་གཡོ་བྱེད་བྲལ། །ཐོག་མ་ཡི་དུས་དང་ད་ལྟའི་བར། །སྣང་སེམས་ཀྱི་འཁྲུལ་བློ་བག་ཆགས་ཚོགས། །དགེ་སྡིག་གི་འདོར་ལེན་ཅི་བྱས་པ། །སྐད་ཅིག་གི་ངང་དུ་ཆ་ཤས་མེད། །ཡེ་གྲོལ་ལ་ཡང་གྲོལ་གྱི་ལྟ་སྒོམ་ཟེར། །ཆོས་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །བུ་གོ་དོ་ན་ཉམས་ལེན་དེར་མཐུན་སྤྱོད། །འདོ་མེད་ཀྱི་གླན་པ་མགོ་འཐོམ་འགས། །ཕྱག་རྫོགས་ཀྱི་སྒོམ་ཆེན་ཡིན་ནོ་སྐད། །ཉམས་རྟོགས་ཀྱི་བཤར་བྱང་ཕར་བཞག་ནས། །ཐེག་པའི་བྱེ་བྲག་ཙམ་མ་ཕྱེད་བཞིན། །གནས་འགྱུ་ལ་སེམས་སུ་ངོ་སྤྲད་དེ། །ཕྱག་རྒྱ་ཆེན་པོ་ཡིན་ནོ་ཟེར། །དེ་ཕྱག་རྒྱ་ཆེན་པོ་ཅི་ལ་ཡིན། །ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་རྒྱ་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པ་ཉིད། །འདི་རྒྱ་གར་ཆོས་ཀྱི་ལྟ་དགོངས་ཡིན། །བོད་ཡུལ་གྱི་མཁས་གྲུབ་ཉམས་མྱོང་ཡིན། །ཞི་གནས་དེ་རྒྱ་མཚོ་ཆེན་པོ་བཞིན། །ལྷག་མཐོང་གི་རང་མདངས་ཉ་ལྟར་ལ། །ཞི་ལྷག་གཉིས་ཟུང་འཇུག་ཉམས་བླངས་པས། །རྩེ་གཅིག་དང་སྤྲོས་བྲལ་རོ་གཅིག་དང་། །བསྒོམ་མེད་ཀྱི་རིམ་པ་གསུམ་རིམ་བཞིན། །མཐར་ཕྱིན་ལ་ཕྱག་ཆེན་མི་ཟེར་རམ། །དཔལ་སློབ་དཔོན་ཆེན་པོའི་ལུང་བྱང་ལས། །ལྟ་བའི་སྙིགས་མ་གནས་འགྱུ་དར་བའི་དུསཿ སྒོམ་པའི་སྙིགས་མ་འཁྲུལ་པས་འཁྲུལ་པ་འདེདཿ འི་ཕྱོགས་ནས་ལོག་པའི་ཆོས་གྲྭ་དརཿ ཡང་ལེ་ཤོད་དུ་བདུད་ཀྱི་བླ་ཤིང་སྐྱེཿ ཅེས་པའི་ལམ་ངན་དེ་འདྲ་རིང་དུ་དོར། །བླ་མེད་ལམ་བཟང་ཕྱག་རྫོགས་གང་བདེ་ལ། །ཉམས་ལེན་བརྡར་ཤ་ཚེ་འདིར་ཆོད་པར་གྱིས། །མི་རྟག་སྙིང་པོ་མེད་པའི་འཁོར་བ་ལ། །མ་ཆགས་མ་ཞེན་ད་ལམ་བྱང་ཆུབ་སྒྲུབས། །ཅེས་པ་འདི་གླིང་རས་རང་བྱུང་རྡོ་རྗེ་ལ་སྨྲས་པའོ། །སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །རྗེ་ཐུགས་རྗེའི་ཀློང་ནས་བྱིན་གྱིས་རློབས། །བུ་སྐལ་བ་བཟང་ངོ་ར་ལོ་པ། །དུས་དེ་རིང་མི་ལུས་དོན་དང་ལྡན། །ཕ་མཚན་ལྡན་བླ་མ་དེ་འདྲ་མཇལ། །གནད་གདམས་པ་ཟབ་མོ་འདི་འདྲ་རྟོགས། །དེ་ངོ་མཚར་ཡ་མཚན་གྱི་ཡུལ་དུ་མཆིས། །དུས་ད་ལྟའི་ཁྱེད་ཀྱི་ཉམས་རྟོགས་དེ། །རིག་པ་ཚད་ཕེབས་ངེས་པར་རེད། །ད་རྫོགས་ཆེན་གྱི་ཁྲིད་ཀྱི་གཞུང་མཐུན་ལྟར། །ཆོས་ཟད་ཀྱི་མཐའ་ལ་འཁྱོལ་བར་གྱིས། །དོན་ཟབ་མོ་ཁྲེག་ཆོད་ཀྱི་ལྟ་བའི་ངང་། །ལམ་ཟབ་མོ་ཐོད་བརྒལ་གྱི་འབེན་ལ་བཅུན། །ཡར་སངས་རྒྱས་ཀྱི་ས་ལ་ཁྱོད་མ་རེ། །ཀ་དག་གི་རང་སེམས་ཡེ་སངས་རྒྱས། །མར་ངན་སོང་གི་ས་ལ་ཁྱོད་མ་དོགས། །བདེ་སྡུག་གི་འཁྲུལ་པ་གཞི་རྩ་བྲལ། །འདི་ཡར་མར་གྱི་གདེངས་བཞིའི་ཞལ་གདམས་ཡིན། །རྟག་པར་ལྟ་བ་ཞེས་བྱ་འདི། །བདེ་བ་དང་གསལ་བར་ཆགས་ལ་ཟེར། །ཆད་པར་ལྟ་བ་ཞེས་བྱ་དེ། །མི་རྟོག་དང་སྟོང་པར་ཆགས་ལ་ཟེར། །འདི་ཕྱི་རོལ་པའི་རྟག་ཆད་མ་ཡིན་ཀྱང་། །རྣལ་འབྱོར་པའི་ལམ་གྱི་གོལ་ས་ཡིན། །གོལ་ཤོལ་གྱི་ལམ་ངན་འདི་དག་ལ། །བུ་ཁྱོད་ཀྱི་རེ་དོགས་བྲལ་ནས་འདུག །འཁོར་འདས་དང་རང་སེམས་ཡེ་གྲོལ་ཀློང་། །བརྗོད་མེད་ཀྱི་བློ་འདས་ཟང་ཐལ་ལ། །ཐུན་མཚམས་ཀྱི་རིས་སུ་མ་གཅོད་པར། །རང་གྲོལ་དུ་སྐྱོངས་ཤིག་རིགས་ཀྱི་བུ། །ཨེ་མ་ཧོ། །འཁོར་བ་འདི་བྱིས་པའི་རྩེད་མོ་འདྲ། །མྱང་འདས་འདི་བར་སྣང་འཇའ་ཤར་འདྲ། །འདུས་བྱས་འདི་རྨི་ལམ་སྣང་བ་འདྲ། །དལ་འབྱོར་འདི་སོས་ཀའི་མེ་ཏོག་འདྲ། །འཆི་བདག་འདི་སྟོན་ཀའི་བ་མོ་འདྲ། །ལོངས་སྤྱོད་འདི་སྦྲང་མའི་སྦྲང་རྩི་འདྲ། །དགྲ་གཉན་འདི་ཚོང་འདུས་འགྲོན་པོ་འདྲ། །བཟང་ངན་འདི་བྱིས་པས་འཇའ་དེད་འདྲ། །ཨ་འཁོར་འདས་ཀྱི་ཆོས་ཀུན་ཉམས་རེ་མཚར། །དེ་ལས་ཀྱང་རང་སེམས་འདི་ཉམས་རེ་མཚར། །བུ་བརྗོད་མེད་དེ་ཉམས་ལེན་གྱི་མཐིལ་པོ་མཛོད། །ན་མོ་གྷུ་རུ་རཏྣ་ཡེ། །སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཁྱོད་ཡང་དག་དོན་ལ་སྤྱོད་པའི་བུ། །ཚུལ་མ་ཡེངས་ཀྱི་ངང་ནས་སྙན་གསན་འཚལ། །རང་སེམས་ཀྱི་ངོ་བོ་མ་བཅོས་པ། །ངོས་བཟུང་དང་ཁ་དོག་དབྱིབས་ལས་འདས། །མཚོན་བྱེད་དང་དཔེ་བརྗོད་གདོད་ནས་དག །སྐྱེ་འགག་དང་གནས་གསུམ་དམིགས་སུ་མེད། །ཡོད་མེད་དང་འགྲོ་འོང་དབྱིངས་སུ་ཟད། །སྣང་ཡུལ་གྱི་བག་ཆགས་སྣ་ཚོགས་ཀྱང་། །ནམ་མཁའ་ཡི་བྱ་ལམ་རྗེས་མེད་ལྟར། །ཆ་ཤས་ཀྱི་རིས་སུ་གྲུབ་པ་མེད། །བཞི་མེད་ལ་རྩ་བྲལ་ཀ་ནས་དག །འདི་རྫོགས་པ་ཆེན་པོའི་དགོངས་པ་ཡིན། །རྟོག་བྱ་དང་རྟོགས་བྱེད་བྲལ་བས་ན། །བསྒོམ་བྱ་དང་སྒོམ་བྱེད་གཉིས་ཀ་མེད། །བསྒོམ་པ་དང་མི་བསྒོམ་པའི་མཐའ་ལས་འདས། །ཡེང་བ་དང་འཁྲུལ་གྲོལ་ཡང་བློས་བྱས་ཆོས། །བློས་བྱས་དང་ཀུན་བརྟགས་ཕྲ་རགས་སྦོམ། །གང་ཞུགས་དེ་ལྟ་སྒོམ་གྱི་གོལ་ཤོར་ལམ། །ལམ་ངན་ལ་ནམ་ཡང་བགྲོད་མི་བྱ། །སྐབས་སྐབས་སུ་ལུས་སེམས་བདེ་ལྡན་ཞིང་། །རིག་པ་རྗེན་ལ་བུད་པ་ལ། །རྣམ་རྟོག་ཅི་ཡང་མེད་བཞིན་དུ། །ཧད་དེ་ཧང་ངེ་མཁའ་འདྲ་སྟོང་། །བདེ་གསལ་དང་མི་རྟོགས་པའི་ཉམས་མྱོང་ཞེས། །སྒྱུ་ལུས་ཀྱི་འབྱུང་བའི་དངས་མ་དང་། །སེམས་ཉིད་ཀྱི་སྟོང་ཆ་འདྲེས་པའི་རྟགས། །འདི་ཕྱག་རྫོགས་གཉིས་ཀའི་ལམ་སྟེགས་གྲོགས། །བཟུང་འཛིན་གྱི་རྟོགས་པ་བྲལ་བར་མཛོད། །སྐབས་སྐབས་སུ་དུག་ལྔའི་རྣམ་རྟོག་གི། །བག་ཆགས་ཀྱི་འཚུབ་མ་ལང་བའི་ཚེ། །རང་སེམས་ཀྱི་རོལ་པར་རྟོགས་ནས་ཀྱང་། །མཉམ་ཉིད་ལ་བཞག་པ་དེ་དེ་བཞིན་ཡིན། །རྟག་ཏུ་འདི་བསྒོམ་དང་དེ་བསྒོམ་གྱི། །གཏད་སོ་ནི་རྡུལ་ཙམ་མེད་བཞིན་དུ། །ཡེངས་མེད་ཀྱི་དྲན་པ་བརྟན་པ་དེ། །ཆོས་ཕྱག་རྒྱ་ཆེན་པོའི་སྤྲོས་བྲལ་ཡིན། །ཁྱོད་ལྟ་སྒོམ་མི་ངན་ལྟ་སྒོམ་བཟང་། །རྫོགས་ཆེན་གྱི་ཁྲེག་ཆོད་མགོ་མཐོང་ཙམ། །ད་དེ་ཉིད་རྫོགས་ཆེན་གྱི་ཆོས་ཟད་ལ། །དོན་མ་འཁྱོལ་བར་དུ་ཉམས་ལེན་འབུངས། །ཐོད་རྒལ་གྱི་འཇའ་འོད་ཐིག་ལེ་དང་། །ལྔ་ལྡན་དང་འོད་རྣམས་ཐིག་ལེས་བརྒྱན། །འོད་དཀར་གྱི་ཐིག་དབུས་ཀུན་ཏུ་བཟང་། །ཁྲག་འཐུང་གི་ཁྲོ་བོ་དམར་པོ་དང་། །ཨར་གཏད་ཀྱི་ཨ་ཙར་འོད་ཟེར་ཐིག །དེ་ཐམས་ཅད་ཚད་ཕེབས་ཆུང་བའི་རྟགས། །ཐིག་ལེ་རྒྱ་ཆེ་དཀྱིལ་སྟོང་དང་། །རང་སེམས་རྟོག་མེད་ཧད་དེ་བ། །གོང་གི་སྤྲོས་བྲལ་སྐབས་དང་མཚུངས། །ཨ་ཧོ། །སྔོན་བསྐལ་མང་འདས་པའི་གོང་རོལ་ནས། །བསྟན་པ་རིན་ཆེན་ཉི་མ་དཔག་མེད་དང་། །སངས་རྒྱས་བྱང་སེམས་འཕགས་པའི་སྡེ་ཚོགས་བཅས། །ཅི་སྙེད་རྒྱལ་པོ་བཙུན་མོ་འཁོར་གཡོག་བྲན། །ཕྱི་སྣོད་ནང་བཅུད་ཐམས་ཅད་ཕྱམ་ཅིག་ཏུ། །ཐམས་ཅད་མི་རྟག་འདུས་བྱས་རང་འཚང་བསྟན། །ཞིང་འདིར་སྐྱེ་འགྲོ་སྲིད་དང་དེ་རིང་ཕན། །རྟག་བརྟན་གྱུར་པའི་འགྲོ་བ་ཡང་དེ་དང་འདྲ། །ད་སྟེ་རང་རེ་རྣམས་ཀྱི་སྒྱུ་ལུས་དང་། །སྟོང་གསུམ་འཇིག་རྟེན་ཐམས་ཅད་དུས་ཀྱི་མཐའ། །མེ་བདུན་ཆུ་གཅིག་ནམ་མཁའ་གཅིག་ཏུ་འགྱུར། །ཀྱེ་མ་འདུས་བྱས་ཆོས་འདི་ཉམས་རེ་སྐྱོ། །བློ་གཏད་མེད་ལ་མེད་པའི་ཡུལ་འདི་ལས། །སྙིང་ནས་བརྩོན་ཏེ་དེ་རིང་ཐར་པ་སྒྲུབས། །ཆགས་མེད་མཛོད་ཅིག་ཚེ་འདིའི་བྱ་བ་སྐྱུངས། །ཞེན་མེད་མཛོད་ཅིག་འདུས་བྱས་ཡིད་ཆེས་བསྐྱེད། །བླང་དོར་མཛོད་ཅིག་རྒྱུ་འབྲས་ཞིབ་ཚགས་དོམ། །དག་སྣང་སྦྱོངས་ཤིག་གྲུབ་མཐའི་ཕྱོགས་རིས་བོར། །སྙིང་རྗེ་སྐྱེད་ཅིག་འགྲོ་དྲུག་ཕ་མར་སྒོམས། །སེམས་བསྐྱེད་འབུངས་ཤིག་དགེ་རྩ་གཞན་དོན་བསྔོས། །ཅེས་པ་འདི་གླིང་གི་བླ་མ་ཡེ་ཤེས་ལ་ཕུལ་བའོ། །ན་མོ་གྷུ་རུ་རཏྣ་ཡཱ། །སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཀྱེ་ཉོན་དང་སྐལ་ལྡན་སྔགས་འཆང་བ། །དུས་རིང་ནས་འཁོར་བ་འདིར་འཁྱམས་ཀྱང་། །ངེས་གསང་གི་སྙིང་པོས་བརྒྱན་པ་ཡི། །དལ་འབྱོར་གྱི་ལུས་བཟང་ཐོབ་པ་ཉུང་། །དེ་རིང་གི་ལུས་འདི་དོན་དང་ལྡན། །ཁྲེག་ཆོད་ཀྱི་ལྟ་བའི་ངོ་བོ་དེ། །མཐོང་མེད་ཀྱི་མཐོང་བ་ཡ་རེ་མཚན། །འདི་ཡེ་སྟོང་སྤྲོས་བྲལ་སྐྱེ་བ་མེད། །གཞི་མེད་རྩ་བྲལ་མཚོན་དུ་མེད། །མཐོང་མེད་དཔེ་བྲལ་བརྗོད་དུ་མེད། །རིས་མེད་ཕྱོགས་བྲལ་བློ་ལས་འདས། །ཨེ་མ་ཡེ་ཡིན་ཆོས་ཀྱི་སྐུ། །ཆོས་ཉིད་དེ་ཡི་རང་མདངས་ལས། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་དང་མ་ཡེངས་མཐའ་བྲལ་བ། །སྐུ་གསུམ་སྟོན་པ་མཇལ་ན་ཡང་། །རེ་བ་ངོ་བོ་ཉིད་ལ་དག །འགྲོ་དྲུག་སེམས་ཅན་མཐོང་ན་ཡང་། །དོགས་པ་ཆོས་ཉིད་དབྱིངས་སུ་ཡལ། །འདི་རྡོ་རྗེ་རྩེ་མོའི་ལྟ་བ་ཡིན། །དཔལ་ལྡན་བླ་མའི་མན་ངག་ཡིན། །ཨོ་རྒྱན་པདྨའི་ཐུགས་ཏིག་ཡིན། །ཁྱོད་རྗེས་འཇུག་སྐལ་ལྡན་དངས་རེ་སྤྲོ། །དོན་འདི་དང་ཀུན་ཏུ་ལྡན་པར་མཛོད། །དེ་ཡི་ངང་ལས་མ་གཡོས་བཞིན། །ཕྱི་ཡི་གཞལ་ཡས་བསྐྱེད་པ་ཡིས། །སྣོད་ཀྱི་འཇིག་རྟེན་བག་ཆགས་སྦྱངས་། །ནང་གི་ལྷ་སྐུར་བསྒོམ་པ་ཡིས། །སྒྱུ་མའི་ལུས་ཀྱི་བག་ཆགས་སྦྱངས། །བཟླས་པ་སྔགས་སུ་བསྒྱུར་བ་ཡིས། །སྒྲ་གྲགས་ངག་གི་བག་ཆགས་སྦྱངས། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །སྣང་སྟོང་གཉིས་མེད་སྐུ་གསུང་ཐུགས། ཡེ་གྲོལ་དག་པའི་རང་རྩལ་དུ། །ཡོངས་གྲོལ་འཛིན་པ་མེད་བཞིན་དུ། །མི་བརྩོན་པའི་བརྩོན་པས་སྐྱོང་བར་མཛོད། །ཐོད་རྒལ་གྱི་འཇའ་འོད་ཐིག་ལེ་དང་། །རྣམ་སྣང་དང་རིགས་ལྔ་གཙོ་དང་འཁོར། །ཁྲག་འཐུང་སོགས་སྐུ་ཡི་སྣང་བརྙན་དང་། །མུན་མཚམས་ཀྱི་འཆར་སྒོ་དེ་ཐམས་ཅད། །ཚད་ཕེབས་ཆེ་བའི་དགོངས་པར་འདུག །ད་དེ་རྣམས་ཆོས་ཉིད་ཟད་པ་ཞེས། །ཉམས་དང་རྟོགས་པའི་འཕེལ་ཟད་ཅིང་། །འབྱུང་བའི་ཚོགས་རྣམས་རང་བཞིན་འགགས། །ལུས་ལ་གྲིབ་མ་མེད་པ་དང་། །སྐབས་སུ་རང་གི་ལག་སོར་ལ། །བལྟས་པས་སྣང་བ་ལོག་པ་དང་། །ནང་རྟགས་མི་རྟོག་ཡེ་ཤེས་ལ། །སེང་གེས་གངས་ནི་ཟིན་པ་བཞིན། །ཡར་མར་གཉིས་ཀྱི་གདེངས་བཞི་ལྡན། །དེ་བར་ཐང་ལྷོད་མ་ཤོར་བའི། །ཉམས་ལེན་འབུངས་ཤིག་རིགས་ཀྱི་བུ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ནས། །དོན་ལྡན་མི་ལུས་དེ་རིང་ཙམ། །འཐོབ་པར་དཀའ་བ་དྲན་གྱིས་ལ། །དེ་རིང་ཉམས་ལེན་གནད་དུ་བསྣུན། །ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་དང་། །རང་གི་སྒྱུ་ལུས་ཕུང་པོ་ཡང་། །མི་རྟག་མི་བརྟན་འགྱུར་བ་ཅན། །རྟག་འཛིན་སྤོངས་ལ་ཉམས་ལེན་འབུངས། །ལྔ་བརྒྱ་དུས་ཀྱི་ཡང་མཐའ་འདིར། །བར་ཆད་ནད་གདོན་རླུང་ལྟར་འཚུབ། །གར་འཆི་འདིར་འཆི་ནམ་འཆི་ཡི། །ཆ་ཚོད་མེད་པ་ཤེས་བཞིན་དུ། །ཉམས་ལེན་མཐའ་རུ་ཕྱིན་ཐབས་རེམ། །འཁོར་བའི་ཡུལ་འདི་སྡུག་བསྔལ་གནས། །བྱས་པའི་ལས་ལ་ཟིན་དུས་མེད། །ཆེ་བཞག་ཆུང་བསྐྱུར་བྱ་བ་ཐོང་། །དབེན་པ་བསྟེན་ལ་ཉམས་ལེན་མཛོད། །ཅེས་པ་གླིང་ཡུལ་གྱི་སྔགས་འཆང་བའི་རྣལ་འབྱོར་པ་བཀྲ་ཤིས་སྐྱབས་ལ་སྨྲས་པའོ། །ན་མོ་པདྨ་སཾ་བྷ་ཝ། །སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་འགྲན་གྱི་དོ་མེད་པདྨ་འབྱུང་། །རྗེ་བླ་མ་མཆོག་ལ་གསོལ་བ་འདེབས། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །བསྟན་འཛིན་གྱི་སྐྱེས་མཆོག་བཤེས་གཉེན་ལགས། །ཐུགས་དམ་གྱི་ཉམས་རྟོགས་འཁྲུངས་ཚུལ་དེ། །དེ་ངེས་པའི་དོན་དང་ཡང་དག་ལྡན། །མཚོན་བྱ་དང་མཚོན་བྱེད་བྲལ་བཞིན་ལ། །བརྗོད་མེད་ཀྱི་རང་བྱུང་གནས་ལུགས་དེ། །ཉིན་མཚན་གྱི་རིས་སུ་མ་ཆད་པར། །མཐའ་བྲལ་དུ་རང་བྱུང་ཕྱམ་བརྡལ་བ། །ལམ་ཕྱག་རྒྱ་ཆེན་པོའི་སྤྲོས་བྲལ་ལ། །ཁྲེག་ཆོད་ལྟ་བའི་དངོས་གཞི་ཆེ། །དོན་དེ་ལ་ད་རུང་རྒྱུན་ལྡན་དུ། །བལྟ་བྱ་དང་རྟོག་བྱེད་བྲལ་བཞིན་ལ། །བསྒོམ་བྱ་དང་སྒོམ་བྱེད་མེད་བཞིན་དུ། །ཡེ་གྲོལ་གྱི་ཀློང་ཆེན་ཕྱམ་བརྡལ་དུ། །ཡོངས་གྲོལ་དུ་དུས་གསུམ་ཀུན་ཏུ་ཐོང་། །མུན་མཚམས་ཀྱི་བམ་རོ་དང་འོད་དཔག་མེད། །གསར་རྙིང་གི་བླ་མ་བརྒྱུད་པ་དང་། །གྷུ་རུ་ཡབ་ཡུམ་ཞི་ཁྲོ་སོགས། །འོད་གསལ་གྱི་འཆར་སྒོ་ཤིན་ཏུ་ལེགས། །ད་དུང་ཀྱང་སྐབས་སྐབས་མུན་མཚམས་དང་། །ཐོད་རྒལ་ལ་བརྩོན་པ་ཆེར་མཛོད་དང་། །དང་པོ་ལ་ཆོས་ཉིད་མངོན་སུམ་དང་། །གཉིས་པ་ལ་ཉམས་སྣང་གོང་འཕེལ་དང་། །གསུམ་པའི་དུས་རིགས་པ་ཚད་ཕེབས་དང་། །བཞི་པ་ལ་ཆོས་ཉིད་ཟད་པ་ཡི། །ཉམས་རྟོགས་རྣམས་མངོན་གྱུར་འབྱུང་བར་འགྱུར། །རྟགས་ཚད་ཀྱི་ཡིག་ཆར་གཟིགས་རྟོགས་མཛོད། །འཁོར་བ་འདི་སྡུག་བསྔལ་རྒྱ་མཚོ་སྟེ། །དེ་རིང་གིས་སྒྲོལ་བ་ཞིག་ངེས་པར་འཚལ། །དལ་འབྱོར་འདི་བྱང་ཆུབ་རྟེན་བཟང་པོ། །བར་མ་དོར་མ་ཟད་པ་གལ་དུ་ཆེ། །འདུས་བྱས་འདི་མི་རྟག་འཇིག་པའི་ཆོས། །རྟག་འཛིན་བྲལ་བཞིན་ཐུགས་དམ་རེམ། །རྒས་པ་འདི་ནགས་ལ་མེ་ཤོར་འདྲ། །ཚེ་འཛད་པ་དགོངས་བཞིན་ཐུགས་དམ་རེམ། །འཆི་བདག་འདི་སྟོན་ཀའི་བ་མོ་འདྲ། །ཆ་མེད་དགོངས་བཞིན་ཐུགས་དམ་རེམ། །ལས་འབྲས་འདི་ལུས་དང་གྲིབ་མའི་ཚུལ། །འབྲལ་མེད་དགོངས་བཞིན་ཐུགས་དམ་རེམ། །འཁོར་འདབ་འདི་ཚོང་འདུས་ཀྱི་མགྲོན་བཞིན་ཏེ། །མི་རྟག་དགོངས་བཞིན་ཐུགས་དམ་རེམ། །ཞེས་པ་འདི་གླིང་དྲུང་པ་ལ་ཕུལ་བའོ། །ན་མོ་གྷུ་རུ་རཏྣ་བྷྱཿ སྔོན་ཚེ་བསྐལ་པ་བགྲངས་ཡས་གོང་རོལ་ནས། །བསགས་སྦྱངས་སྨོན་ལམ་མཐར་ཕྱིན་བཅོམ་ལྡན་འདས། །དེ་བཞིན་གཤེགས་པ་རྒྱལ་བ་གཙུག་ཏོར་ཅན། །དེང་དུས་འགྲོ་མགོན་བདག་གི་སྐྱབས་གཅིག་པུ། །དཔལ་ལྡན་བླ་མ་མཆོག་དེར་ཕྱག་འཚལ་ལོ། །ལེགས་པར་ཉོན་ཅིག་ཡོན་ཏན་རྒྱ་མཚོ་བ། །སྐྱིད་སྡུག་དང་བཟང་ངན་གང་ཤར་ཡང་། །མི་རྟག་པའི་བསྐུལ་མ་ཤར་བ་དེ། །ཆོས་རྣམས་ཀུན་གྱི་དངོས་གཞི་ཡིན། །དེ་ལ་རབ་འབྲིང་ཐ་མ་ལྟར། །དོན་དང་ལྡན་པའི་ཆོས་པ་འབྱུང་། །ཉོན་མོངས་དུག་ལྔ་ཅི་ཤར་རྣམས། །འཛིན་མེད་རྟོག་པའི་དངོས་གཞི་ཡིན། །བློས་འཛིན་བྲལ་བའི་ཁྱམ་བརྡལ་དུ། །བསམ་པ་གནས་ལུགས་ཀྱི་གོ་ཡུལ་རེད། །རྟོགས་པའི་ངོ་བོ་ཅི་བཞིན་མིན། །ཆོས་ཉིད་དོན་གྱི་གནས་ལུགས་ལ། །མ་རྟོགས་པ་ཡི་རྟོགས་པ་ཞེས། །རྟོགས་མེད་རྟོགས་མཆོག་བླ་ན་མེད། །འདི་ཡི་སྒྲིབ་པ་རྟོག་པ་ཡིན། །རྟོགས་ན་དོན་གྱི་སྙིང་པོ་མིན། །བརྗོད་དུ་མེད་པའི་ངོ་བོ་ལ། །བསམ་དུ་མེ ད་པའི་ཡེ་ཤེས་ཆེ། །དེ་ཡི་ངང་ལ་རང་བྱུང་དུ། །རྣལ་མ་དུས་གསུམ་དུས་མེད་པར། །མ་ཡེངས་མི་བསྒོམ་སྒོམ་པའི་མཆོག །གོ་བར་གྱིས་ལ་ཉམས་ལེན་འབུངས། །ཐོད་རྒལ་སྐྱོང་ཚུལ་ཁྲིད་གཞུང་ལྟར། །ཚུལ་དང་ལྡན་པས་བརྩོན་འགྲུས་རེམ། །ལྟོ་གོས་དབང་གིས་ཉམས་ལེན་ལ། །བར་དུ་གཅོད་ན་ནོར་སྒྲུབ་གྱིས། །དཀའ་ཐུབ་བཅུད་ལེན་གཞོན་ཚེ་དགོས། །རྒས་ནས་དབང་པོས་འཆུན་པར་དཀའ། །མེད་འཕོང་གཉིས་ལ་སེམས་མ་གཏད། །མི་སེམས་སྟོང་པར་གང་མཐའ་མེད། །ཆོག་ཤེས་ལྡན་པ་ནོར་གྱི་མཆོག །ཆགས་མེད་ཞེན་མེད་རྣལ་འབྱོར་པ། །འཇིག་རྟེན་འདི་ན་སྐྱིད་པའི་རབ། །ཆགས་མེད་གྱིས་ལ་བྱ་བ་ཐོང་། །ཞེན་མེད་གྱིས་ལ་རི་ཁྲོད་བསྟེན། །གཉན་དང་ཉེ་དུ་ཆོས་ཀྱི་བདུད། །འཇིག་རྟེན་སྲེད་འཛིན་ཆེ་དྲགས་ན། །འདི་ཕྱི་གཉིས་མེད་འཁོར་བར་འཁྱམས། །གོ་བར་འདུག་ན་སྙིང་ལ་ཆོངས། །འཐད་པར་འདུག་ན་གནད་དུ་བསྣུན། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །བློ་གཏད་མེད་པ་མ་ཤེས་སམ། །ཉེ་འབྲེལ་འཁོར་བའི་བཙོན་རྫི་ལ། །གཅེས་སྤྲས་སྐྱོང་བ་མ་འཁྲུལ་ལམ། །ཚེ་འདི་ལོང་མེད་ཡིན་པ་ལ། །རྟག་པར་བཟུང་བ་ཨེ་མི་བླུན། །ཆོས་འདི་བདག་མེད་ཡིན་པ་ལ། །སྙིང་རུས་ཆུང་བ་ཨེ་མི་འགྱོད། །དུས་དང་རྣམ་པ་ཐམས་ཅད་དུ། །རང་སེམས་གཙང་མ་དཔང་ཚུགས་ལ། །བཀའ་བརྒྱུད་གོང་མའི་གྲལ་འདབ་ལ། །ཚེ་འདིར་ཕྱིན་ཐབས་འབུངས་གསུམ་ཐོན། །སྤོབས་པ་མ་ཞེན་སྒོམ་སྒྲུབ་རེམ། །ཅེས་པ་འདི་རྙི་བའི་དགེ་སློང་ཡོན་ཏན་རྒྱ་མཚོ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡ། །བླ་མ་མཆོག་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་སྐུ་དྲིན་ཅན། །ཨོ་རྒྱན་དཔལ་བཟང་སྙན་གསན་འཚལ། །འཁོར་འདས་ཐམས་ཅད་སེམས་ལ་ཚང་། །སེམས་ནི་གཞི་མེད་སྟོང་པ་ལ། །གསལ་རིག་རང་བྱུང་རང་ཤར་ཞིང་། །བསྒོམ་དུ་མེད་ལ་འཛིན་པ་བྲལ། །ཡེངས་སུ་མེད་ལ་ཕྱམ་བརྡལ་བ། །བློ་ལས་འདས་པས་དམིགས་སུ་མེད། །ངོ་བོ་སྟོང་པའི་རང་མདངས་སུ། །སྣ་ཚོགས་སྣང་ཡང་སྣང་བཞིན་སྟོང་། །སྟོང་པའི་རང་བཞིན་གཞི་རྩ་བྲལ། །སྐྱེ་འགག་གནས་གསུམ་གདོད་ནས་དག །ཨེ་མ་ཡེ་ཡིན་ཆོས་ཀྱི་སྐུ། །དཔལ་ལྡན་བླ་མའི་དགོངས་པ་ཡིན། །རྫོགས་པ་ཆེན་པོའི་ལྟ་བ་ཡིན། །རྗེས་འཇུག་རྣམས་ཀྱི་ནང་ནོར་ཡིན། །ཕ་རྗེས་བུ་ཡིས་ཟིན་ཐབས་འབུངས། །མི་ཚེ་སྒྲུབ་ལ་སྐྱོལ་ལ་ཐོང་། །ཐོད་རྒལ་ལམ་གྱི་འཆར་སྒོ་རྣམས། །ཐིག་ལེ་ཐིག་ཕྲན་རྩིབ་ཤར་དང་། །ཉ་མིག་རྡོ་རྗེ་ལུ་གུ་རྒྱུད། །ཟེར་གཉིས་དུས་ཀྱི་ལྷ་སྐུ་དང་། །མུན་པའི་ནང་གི་འཆར་ཚུལ་སོགས། །ཚད་ཕེབས་ཆུང་བའི་ས་ལ་སླེབས། །ད་རུང་བརྩོན་འགྲུས་མ་ཞན་པར། །ཆོས་ཉིད་ཟད་པའི་མཐའ་ལ་སྐྱོལ། །རིགས་དྲུག་སྒྱུ་མའི་གྲོང་ཁྱེར་ལ། །བློ་གཏད་མེད་པས་ཆོས་ལ་འབུངས། དལ་འབྱོར་སོས་ཀའི་མེ་ཏོག་འདྲ། །ནམ་ཡལ་ཆ་མེད་ཆོས་ལ་འབུངས། །ཕ་ཡུལ་བདུད་ཀྱི་བརྩོན་ར་སྟེ། །ཆགས་ཞེན་སྤོངས་ལ་ཆོས་ལ་འབུངས། །ཚེ་འདིའི་བདེ་སྡུག་རྨི་ལམ་ལྟར། །འཛིན་པ་མེད་བཞིན་ཆོས་ལ་འབུངས། །ཅེས་པ་འདི་དགེ་སློང་དཔལ་བཟང་ལ་སྨྲས་པའོ། །རྗེ་ན་མོ་གྷུ་རུ་རཏྣ་ཡ། །དཔལ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །ཕ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཆོས་ལ་མོས་པའི་གུ་རུ་འཚོ། །དར་ཅིག་ཚུར་ལ་སྙན་གསན་དང་། །ད་ལྟའི་ཉིན་མཚན་གཉིས་ཆར་ལ། །ངོ་བོ་སྟོང་པ་ནམ་མཁའ་འདྲ། །མེ་ལོང་གཡའ་དང་བྲལ་བཞིན་དུ། །རང་སེམས་ཆོས་སྐུའི་གནས་ལུགས་ཡིན། །རང་ངོ་ཤེས་པ་ཤིན་ཏུ་ལེགས། །དེ་ལ་འཛིན་པ་མེད་བཞིན་དུ། །ཡེངས་སུ་རྡུལ་ཙམ་མེད་པ་ལ། །བསྒོམ་དང་མི་སྒོམ་ལས་འདས་པའི། །རང་གསལ་སྟོང་པའི་ཆོས་ཉིད་ལས། །རང་སར་ཞོག་ལ་རང་བྱུང་སྐྱོངས། །མ་རྟོག་པ་ཡི་རྟོག་པ་དེ། །རྟོགས་པ་རྟོགས་མཆོག་བླ་ན་མེད། །བསྒོམ་དང་མི་སྒོམ་འཛིན་པ་དག །བསྒོམ་པ་སྒོམ་མཆོག་བླ་ན་མེད། །གོ་བར་མཛོད་ཅིག་སྒོམ་ཆེན་མ། །མུན་མཚམས་ནང་གི་འཆར་སྒོ་རྣམས། །དོན་ལ་བཟང་ངན་འཛིན་པ་མེད། །གནས་སྐབས་ལམ་གྱི་བོགས་འདོན་ཡིན། །གཉིད་དང་ཉམས་ལེན་འདྲེས་པ་དེ། །བར་དོ་ཆོད་པའི་ཚད་རྡོ་ཡིན། །འགྲོ་བའི་ཚེ་ལ་ངེས་པ་མེད། །གསོད་སར་འཁྲིད་པའི་བརྩོན་བཞིན་དུ། །གོམ་རེ་བོར་བཞིན་འཆི་བར་ཉེ། །ཚེ་འདིའི་ཆོས་ལ་མ་ཆགས་པར། །དགེ་སྒྲུབ་སྡིག་སྤོངས་ཆོས་ལ་རེམ། །ཉམས་ལེན་མཐའ་རུ་ཕྱིན་ཐབས་འབུངས། །ཅེས་པ་འདི་གྷུ་རུ་མཚོ་ལ་སྨྲས་པའོ། །ན་མོ་མ་ཧཱ་གྷུ་རུ་ཡཱ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །བཙུན་མ་ཨོ་རྒྱན་རང་གསལ་མ། །བལྟས་པའི་མིག་གི་མཐོང་ཡུལ་ལ། །དཀར་པོའི་འོད་དང་སྐྱ་བོ་སོགས། །མཐོང་བ་ཡིད་ཀྱི་འཁྲུལ་སྣང་ཡིན། །སེམས་ཀྱིས་སེམས་ལ་བལྟས་པའི་ཚེ། །མཐོང་དུ་མེད་པའི་སྟོང་པ་ལ། །བརྗོད་དུ་མེད་པའི་སྟོང་ངེ་བ། །རང་མདངས་གསལ་བའི་སེང་ངེ་བ། །རང་སར་དག་པའི་ས་ལེ་བ། །རང་རིག་གི་སེམས་ཀྱི་ངོ་བོ་ཡིན། །དེ་ལས་ཕན་ན་བརྒལ་བ་མེད། །ངོ་བོ་དེ་ཉིད་མཐོང་ནས་ཀྱང་། །དེ་ཡི་ངང་ལ་ཉིན་དང་མཚན། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །རང་བྱུང་རང་གསལ་མ་བཅོས་པར། །ཉམས་སུ་ལོང་དང་འབྲས་བུ་འཐོབ། །མི་ཚེ་སྐད་ཅིག་ཡུད་ཙམ་ལ། །རྟག་པར་མ་བཟུང་ཆོས་ལ་རེམ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །བློ་གཏད་མ་བྱེད་ཆོས་ལ་རེམ། །ལས་འབྲས་ལུས་དང་གྲིབ་མ་ལྟར། །ཡིད་ཆེས་བསྐྱེད་ལ་ཆོས་ལ་རེམ། །མི་ལུས་འགྲོན་པོའི་གཡར་ཁང་ལྟར། །ཤེས་པར་གྱིས་ལ་ཆོས་ལ་རེམ། །གཉེན་འདུན་ཤིང་ཁའི་བྱ་ཚོགས་ལྟར། །གོ་བར་གྱིས་ལ་ཆོས་ལ་རེམ། །ཅེས་པ་འདི་ན་ལེན་ཆོས་མཛད་མ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡཱ། །རྫོགས་སངས་རྒྱས་དང་གཉིས་སུ་མེད། །བླ་མ་མཆོག་དེ་སྙིང་ནས་དྲན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་ལ་མོས་པའི་དད་ལྡན་མ། །ཨོ་རྒྱན་ལྷ་མོ་ལེགས་པར་ཉོན། །དང་པོ་ཆོས་ཀྱི་ཐུགས་ས་བཟང་། །གུ་རུའི་སྤྲུལ་པའི་རིགས་འཛིན་མཆོག །བདུད་འདུལ་གླིང་དང་མཇལ་བ་ལེགས། །དེ་ནས་ཕྱག་རྫོགས་ཉམས་ལེན་ལ། །རང་སེམས་བརྡར་ཤ་བཅད་པའི་ཚེ། །ལྟ་བ་ཆོས་ཉིད་མཐའ་བྲལ་དང་། །མ་བཅོས་རང་བྱུང་ཡེ་ཤེས་ཀློང་། །རེ་དོགས་གཉིས་འཛིན་བྲལ་བཞིན་དུ། །དུག་ལྔ་རང་ཤར་རང་གྲོལ་བ། །ཤིན་ཏུ་ལེགས་སོ་སྐལ་ལྡན་མ། །མི་ལུས་ཐོབ་པའི་དོན་མགོ་ཡིན། །འཆི་གཞུག་ཆོས་དང་མཉམ་པར་མཛོད། །ཐོད་རྒལ་ལམ་གྱི་ལྷ་སྐུ་དང་། །འཇའ་འོད་ཐིག་ལེ་ལུ་གུ་རྒྱུད། །མུན་མཚམས་སྙིང་གའི་འཇའ་འོད་སོགས། །འཆར་སྒོ་རིག་པའི་རང་མདངས་ཡིན། །དེར་འཛིན་མ་ཞུགས་རང་སར་སྐྱོངས། །རྒྱ་མཚོ་ཨར་གཏད་ཉི་མའི་མདངས། །ཉིན་མཚན་འདྲེས་པ་ཤིན་ཏུ་ལེགས། །དེ་ཡང་གསལ་བའི་སྣང་ཉམས་ཡིན། །འཛིན་པ་མེད་པ་ངེས་པར་དགོས། །དལ་འབྱོར་ནུབ་རིའི་ཉི་མ་ལ། །ཡུན་རིང་འདུག་ཆིས་མ་བཟོ་ཞིག །ཚེ་ཚད་སོང་བའི་འགྲོ་བ་ལ། །ལོང་ཡོད་མ་བྱེད་བརྩོན་འགྲུས་རེམ། །དམ་ཆོས་མ་གཏོགས་བྱ་བྱེད་ལ། །སྙིང་པོ་མེད་པས་ཆོས་ལ་རེམ། །ནང་ལ་ལངས་སྔ་རྒྱུན་དུ་གྱིས། །ནུབ་ལ་ཉལ་ཕྱི་རྒྱུན་དུ་མཛོད། །ཅེས་པ་འདི་ཨོ་རྒྱན་ལྷ་མོ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡ། །སངས་རྒྱས་ཀུན་འདུས་རྒྱལ་བའི་སྐུ། །ཨོ་རྒྱན་གྷུ་རུ་པད་འབྱུང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལེགས་པར་ཉོན་དང་ཀླུ་མཚོ་མ། །ཁྱོད་ཀྱི་གནས་ལུགས་ཡེ་ཤེས་ལ། །ཉམས་དང་རྟོགས་པའི་འཆར་སྒོ་རྣམས། །ཤིན་ཏུ་ལེགས་སོ་སྐལ་བ་བཟང་། །རང་གི་སེམས་ཉིད་ངོ་བོ་ནི། །སྨྲ་བསམ་བརྗོད་དུ་མེད་བཞིན་དུ། །ནམ་མཁའ་གཡའ་དང་བྲལ་བ་ལྟར། །རེ་དོགས་རྩོལ་སྒྲུབ་ལས་འདས་པ། །ཡང་དག་དོན་གྱི་ངོ་བོ་སྟེ། །དེ་ལས་ཡན་ན་བརྒལ་ས་མེད། །བླ་མེད་ལྟ་བ་རྟོགས་ནས་འདུག །དེ་ཡི་ངང་ལས་མ་གཡོས་བཞིན། །བཟང་ངན་སྐྱིད་སྡུག་བྱེ་བྲག་དང་། །དུག་གསུམ་དུག་ལྔ་ཅི་ཤར་ཡང་། །སྤྱོད་ལམ་རྣམ་པ་ཐམས་ཅད་དུ། །ཡེངས་དང་མ་ཡེངས་མེད་བཞིན་ལ། །དམིགས་གཏད་བྲལ་བའི་རང་བྱུང་དེ། །བླ་ན་མེད་པའི་སྒོམ་པ་ཡིན། །དུས་དང་རྣམ་པ་ཐམས་ཅད་དུ། །བསྒོམ་བྱ་སྒོམ་བྱེད་བྲལ་བཞིན་དུ། །ཡེངས་བྱ་ཡེངས་བྱེད་མེད་བཞིན་ལ། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ། །དུས་གསུམ་དུས་མེད་ཁོར་ཡུག་ཏུ། །བློ་འདས་ངང་ལ་ཐོང་ལ་ཞོག །ཐོད་རྒལ་ལམ་གྱི་ཐིག་ལེ་དང་། །ཐིག་ཕྲན་འཇའ་འོད་དྲ་ཕྱེད་སོགས། །ཆོས་ཉིད་མངོན་སུམ་སྣང་བ་ཡིན། །ལུས་ཀྱང་མེད་ཉམས་འཆར་བ་སོགས། །དེ་དུས་ཡོང་བར་གསུང་བཞིན་རེད། །ད་རུང་དེ་བཞིན་ཉམས་ལོང་དང་། །ཉམས་སྣང་གོང་ནས་གོང་འཕེལ་དང་། །རིག་པ་ཚད་ཕེབས་ཆོས་ཟད་སོགས། །མཐར་ཕྱིན་རྟགས་ཚད་ཡི་གེ་བཞིན། །བརྟག་དཔྱད་གྱིས་ལ་ཉམས་སུ་ལོང་། །མཚན་མོའི་སྣང་བའི་གསལ་ཉམས་དེ། །གསལ་ཉམས་བཟང་རྒྱུ་ངན་རྒྱུ་མེད། །རྣལ་འབྱོར་ལམ་གྱི་ཉམས་སྣང་ཡིན། །རྨི་ལམ་སྣང་བའི་ཉམས་སྣང་ལ། །མཁའ་འགྲོའི་ཚོགས་གྲལ་མཐོང་བ་དང་། །ཁྲུས་དང་ཚོགས་རྫས་རོལ་བ་དང་། །གཡག་སེང་ཞོན་པས་ཁྲིད་པ་སོགས། །སྔོན་ལས་བག་ཆགས་ཆོས་ལྡན་པའི། །རིགས་བཟང་བུ་མོ་པདྨ་ཡི། །དྷཀྐི་རིགས་ལས་ཆད་པར་སེམས། །ལོ་གསར་ཟླ་བ་ཤར་བའི་དུས། །རྒྱུན་ལྡན་བསུན་བཟློག་ཐུབ་ན་བཟང་། །ཚེ་ཡིི་བར་ཆད་ཞི་བར་འགྱུར། །ཀྱེ་ཧོ་ཉོན་དང་ཀླུ་འཚོ་མ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །བློ་གཏད་མེད་པ་ཤེས་པར་གྱིས། །མི་ཚེ་རྨི་ལམ་ཐུན་གཅིག་ལྟར། །ཡུན་རིང་མེད་པ་གོ་བར་གྱིས། །བཟང་ངན་བྱིས་པའི་ཐལ་རྩེད་ལྟར། །ཕན་གནོད་བྲལ་བ་རྟོགས་པར་གྱིས། །ཉེ་དུ་མགྲོན་པོ་ལམ་ཐུག་ལྟར། །སོ་སོར་འབྲལ་བ་ཤེས་པར་མཛོད། །ལུས་དང་ལོངས་སྤྱོད་ཁྱི་རོ་ལྟར། །བདག་མེད་བསྐྱུར་རྒྱུ་དྲན་པར་གྱིས། །འཁོར་བའི་ལས་ལ་འཛད་མཐའ་མེད། །ཆེ་བཞག་ཆུང་བསྐྱུར་ཆོས་ལ་རེམ། །ཅེས་པ་འདི་རིགས་ལྡན་གྱི་བུ་མོ་ཀླུ་མཚོ་མ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡ། །དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །མཚན་ལྡན་བླ་མའི་ཞབས་ལ་འདུད། །དང་པོ་སེམས་ལ་གཉིས་མཐོང་བ། །ཐ་མལ་སྣང་བའི་རྟགས་སུ་འདུག །དེ་ནས་དབྱེར་མེད་གཅིག་མཐོང་བ། །བརྡར་ཤ་བཅད་པའི་ཚད་ལ་འདུག །དེ་ནས་ཅི་ཡང་མི་བསམ་པའི། །ཉམས་སྣང་འཐིབ་པར་བྱུང་བ་དེ། །མ་རིག་པ་ཡི་ཀུན་གཞི་ཡིན། །དེ་ནས་རང་རིག་དངས་སང་ངེ་། །ངོ་བོ་དལ་པོ་ཡིན་པ་ལ། །ཡུན་དུ་སྡོད་རྒྱུ་ཡོད་པ་དེ། །རང་བྱུང་སེམས་ཀྱི་རང་མདངས་ལས། །གྲུབ་པའི་ཞི་གནས་ཡིན་པར་འདུག །དེ་ཡི་རང་མདངས་མ་གཡོས་བཞིན། །མ་ཡེངས་པ་ཡི་དྲན་པ་དེ། །རྣམ་པ་ཀུན་ཏུ་ལམ་ཁྱེར་སྦྱོངས། །ངོ་བོ་སྟོང་པ་ཡིན་ན་ཡང་། །རང་བཞིན་རྣམ་པ་ཇེ་བརྟན་དང་། །ཇེ་གསལ་འདྲ་བའི་ཉམས་རྣམས་ཡོང་། །དེ་དག་རྟོག་པའི་དངོས་གཞི་ཡིན། །ཉི་མ་འཆར་ཁའི་ནམ་ལངས་འདྲ། །ངོ་བོ་ཉིད་ཀྱི་ཆོས་ཉིད་དེ། །ཚིག་གི་བརྗོད་དུ་མེད་པ་ལ། །དཔེ་ཡི་འདྲེན་དུ་ཡང་མེད་བཞིན་དུ། །ཕྱོགས་སུ་མ་ལྷུང་རིས་མ་ཆད། །སྨྲ་བསམ་བརྗོད་དུ་མེད་པ་དེ། །ཡང་དག་དོན་གཅིག་ཡིན་ནམ་སེམས། །དེ་ལྟར་ཀློང་དུ་མ་གྱུར་བར། །ཉམས་ལེན་ལ་ཐང་ལྷོད་མ་ཤོར་བརྩོན། །དོན་གྱི་ངོ་བོ་མཐོང་ནས་ཡོང་། །འདུས་བྱས་འཆིང་བའི་ཆོས་རྣམས་ལ། །བདག་འཛིན་ཇེ་ཕྲ་ཇེ་ཆུང་གྱིས། །ཚེ་འདིའི་བདེ་སྐྱིད་སྣང་ཤས་ལ། །རྟག་བརྟན་མེད་པ་གོ་བར་གྱིས། །མི་ཚེ་སྐད་ཅིག་ཡུད་ཙམ་ལ། །རྟག་འཛིན་སྤོངས་ལ་འཆི་བ་བསམས། །ཆ་མེད་བར་དོའི་འཇིག་རྟེན་དེར། །གྲོགས་མེད་གཅིག་པུར་འཁྱམས་པའི་ཚེ། །འགྱོད་པ་ཡེ་ནས་མེད་པ་ཞིག །ལུས་འདིའི་སྟེང་ནས་འབུངས་གསུམ་ཐོན། །ཞེས་པ་འདི་ཁྲོ་བོ་སྐྱབས་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་ཡ། །ཕ་མཚན་ལྡན་བླ་མ་ཆོས་ཀྱི་རྗེ། །དཔལ་པདྨ་རིགས་འཛིན་ལ་ཕྱག་འཚལ། །བུ་དད་ལྡན་ཉོན་དང་པདྨ་ཕྱུག །ལམ་ཕྱག་རྒྱ་ཆེན་པོའི་གནས་འགྱུ་དེ། །དོན་ཕྱག་ཆེན་ལྟ་བའི་ཉམས་རྟོགས་མིན། །དེ་ཅི་ལྟར་ཞེ་ན་འདི་ལྟ་སྟེ། །ཕྱག་ནི་སྟོང་པའི་ཡེ་ཤེས་ལ། །རྒྱ་ནི་འཁོར་བའི་རྒྱ་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པ་ཉིད། །འདི་ཕྱག་རྒྱ་ཆེན་པོའི་གནས་ལུགས་ཡིན། །དུས་དེང་སང་ཕྱག་རྒྱ་ཆེན་པོ་ཟེར། །གནས་ལ་དགའ་ན་འགྱུས་ན་སྡུག །གནས་པས་ཅི་ལ་ཕན་རྒྱུ་རེ། །འགོག་པའི་ལམ་ལ་ཨུ་ཉེ་ཨང་། །འགྱུས་པས་སུ་ལ་གནོད་རྒྱུ་རེད། །ས་ནག་ཡུར་བའི་ཆུ་བཞིན་དུ། །བཀག་པས་ཁེགས་པར་ཨི་འགྱུར་ཨང་། །བུ་མ་ནོར་མ་འཆུག་དོན་ལ་ལྟོས། །རང་སེམས་མིང་དུ་བཏགས་ན་ཡང་། །ད་ལྟའི་གྱ་གྱུ་བན་བུན་འདི། །མེད་ལ་ཡོད་པར་བཟུང་བ་ཡི། །སེམས་འབྱུང་སེམས་ནི་མ་རིག་པ། །དེ་ཡིས་དེ་ལ་བལྟས་པའི་ཚེ། །མཐོང་དུ་མེད་པའི་སྟོང་པ་ལ། །རང་ངོ་རང་གསལ་རྗེན་ནེ་བ། །འདི་ཡིན་འདི་མིན་བློ་དང་ཡིད། །སྤྱོད་ཡུལ་ཀུན་དང་བྲལ་བཞིན་ལ། །ཟངས་ཐལ་རྗེན་པའི་ཆོས་ཉིད་འདི། །ངོ་བོ་ཡིན་པས་རྟོགས་པར་གྱིས། །རང་བྱུང་རྣལ་མ་དེ་ཡི་ངང་། །བསྒོམ་དུ་རྡུལ་ཙམ་བྲལ་ན་ཡང་། །སྣང་སེམས་སྒྲིབ་པ་སྦྱང་བའི་ཕྱིར། །མ་ཡེངས་མི་བསྒོམ་སྣང་སྟོང་བསྲེ། །སྒོམ་པ་བླ་མེད་འཕགས་པའི་ལམ། །གོ་བར་གྱིས་ལ་ཉམས་སུ་ལོང་། །ད་ལམ་ཤཱཀྱའི་བསྟན་པ་ལ། །འབྲས་བུ་མེ་ཏོག་རྒྱས་པ་དང་། །ཆོས་ལྡན་དལ་འབྱོར་ཐོབ་པ་དང་། །མཚན་ལྡན་བཤེས་གཉེན་མཇལ་བ་དང་། །ཐོས་བསམ་ཚུལ་བཞིན་བཙོན་པ་ཡི། །དབང་འབྱོར་དཔལ་གྱིས་བརྒྱན་པ་འདི། །སྤྲང་པོས་རྒྱལ་སྲིད་ཐོབ་པ་ཡི། །དཔེ་དོན་ལྟ་བུར་ལྡན་པའི་ཚེ། །རིག་པ་ལྕགས་ཆུག་ཆོས་ལ་རེམ། །དམ་ཆོས་མ་གཏོགས་སྙིང་པོ་མེད། །འདུས་བྱས་ཐམས་ཅད་མི་རྟག་འཇིག །བྱ་བ་ཐོངས་ཤིག་ཆོས་ལ་རེམ། །ཚེ་འདི་རི་གཟར་འབབ་ཆུ་འདྲ། །འཆི་བ་དྲན་བཞིན་ཆོས་ལ་རེམ། །ཅེས་པ་འདི་གླིང་གི་དཔོན་པདྨ་ཕྱུགས་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་བྷྱཿ སངས་རྒྱས་ཀུན་དང་དབྱེར་མེད་པའི། །བླ་མ་མཆོག་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བུ་ཁྱོད་ཀྱི་དང་པོའི་ཉམས་སྣང་ལ། །རྩྭ་སྐྱ་མེ་ནི་འབར་བཞིན་དང་། །ཆུ་ལ་རྦ་ནི་འཚུབས་བཞིན་དང་། །རི་གཟར་རྦབ་ས་ལྟ་བུ་ཡི། །སྣང་བ་དགྲ་རུ་ལང་བ་རྣམས། །ཉམས་སྣང་རྣམ་པ་སྣ་ཚོགས་དེ། །སེམས་ལ་རྟོག་དཔྱོད་བྱས་པ་ཡིས། །མེ་དང་དུ་བའི་དཔེ་བཞིན་དུ། །བརྟག་ཅིང་དཔྱད་པའི་སྣང་ངོ་ལ། །དང་པོ་དེ་དག་འབྱུང་བར་གསུངས། །མ་དཔྱད་པ་དང་མ་བརྟགས་དུས། །དེ་འདྲ་བྱུང་ཀྱང་མཐོང་དོན་མེད། །དོན་ལ་ཉམས་ཀྱི་སྣང་བ་ཡིན། །དེ་ནས་ཉམས་ལེན་བསྐྱང་བའི་དོན། །སྣང་བ་སེམས་ཀྱི་ཆོ་འཕྲུལ་རྣམས། །ཆུ་ཟླ་མེ་ལོང་གཟུགས་བརྙན་ལྟར། །སྣང་འཛིན་སྟོང་འཛིན་རེ་མཉམ་འཛིན། །ཞེ་འདོད་འཛིན་པའི་རྒྱ་ཞིག་ནས། །ལྟ་བ་བལྟ་མེད་རྟོགས་པ་དང་། །བསྒོམ་པ་སྒོམ་མེད་གཉུག་མར་གནས། །འབྲས་བུ་གྲུབ་མེད་རང་བྱུང་རིག །སྤྱོད་པ་བཟོ་མེད་གཏད་སོ་བྲལ། །དོན་དང་ལྡན་ནོ་རིགས་ཀྱི་བུ། །ཡང་དག་མཐོང་ངོ་སྐལ་ལྡན་པ། །ཆོས་ཉིད་དོན་གྱི་ངོ་བོ་དེ། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །ཡོངས་སུ་གྲོལ་བས་འབད་རྩོལ་ཞིག །རང་སར་གྲོལ་བས་མཐོང་སར་ཡལ། །གཅེར་གྱིས་གྲོལ་བས་བློ་ལས་འདས། །བརྗོད་དུ་མེད་དེ་སྤྲོས་དང་བྲལ། །ཡིན་ལ་ཡིན་བཞིན་དོན་དང་ལྡན། །དོན་བཟང་དོན་དེ་ཉམས་སུ་ལོང་། །འཆི་བའི་དུས་ཚོད་ཐེམས་པའི་ཚེ། །བླ་མར་ཐུགས་ཡིད་བསྲེས་ནས་ཀྱང་། །མ་བཅོས་ངང་ལ་བཞག་པ་དེ། །ཡང་དག་དོན་གྱི་གདམས་པ་ཡིན། །དེ་ལས་ཕན་ན་གཏུག་ས་མེད། །ཀྱེ་ཧོ་མེད་ལ་ཡོད་བཞིན་སྣང་། །སྣང་སྲིད་འཁོར་འདས་ཉམས་རེ་མཚར། །སྒྱུ་མས་སྤྲུལ་པའི་རྒྱུ་བཞིན་དང་། །རྨི་ལམ་འཁྲུལ་པའི་སྣང་བ་དང་། །དྲི་ཟ་ཡི་ནི་གྲོང་ཁྱེར་ལྟར། །སྐྱེ་དང་གནས་དང་འཇིག་པ་ལ། །ཆགས་དང་ཞེན་པར་འཛིན་པ་ཡི། །འགྲོ་དྲུག་སེམས་ཅན་ཨ་རེ་འགྱོད། །རང་རེ་འགྱོད་མེད་དེ་རིང་དགོས། །ཐར་པའི་བཙན་ས་ཟིན་པར་གྱིས། །རི་དྭགས་རྒྱལ་པོ་རུ་རུ་ལྟར། །དབེན་གནས་རི་བོ་མ་ཤོར་ཟུང་། །འདབ་ཆགས་བྱ་ཡི་འཚོ་བ་ལྟར། །ཟ་ཚོད་ཟུང་ལ་གསོག་འཇོག་སྤོངས། །ཉེ་འབྲེལ་བརྩོན་གྱི་རྫི་བོ་ལྟར། །ཤེས་པར་གྱིས་ལ་བས་མཐའ་སྙོགས། །ལོ་ཟླ་ཞག་དུས་ཅི་སོང་ལྟར། །འཆི་བ་ཉེ་བས་ཆོས་ལ་འབུངས། །ཅེས་དབང་མཆོག་ལ་སྨྲས་པའོ། །ན་མོ་གྷུ་རུ་བུདྡྷཡཱ། །སྐུ་གསུམ་སངས་རྒྱས་ངོ་བོ་ཉིད། །པད་འབྱུང་བླ་མའི་ཞབས་ལ་འདུད། །དང་པོ་ལུས་ངག་ཡིད་གསུམ་གྱི། །གཙོ་བོ་གང་ཡིན་བརྟགས་པའི་ཚེ། །སེམས་ཉིད་གཙོ་བོར་ངོས་ཟིན་པ། །ཡིན་པ་བཞིན་དུ་རྟོགས་པ་ལེགས། །དེ་ནས་སྒོ་ལྔ་ཚོགས་བརྒྱད་དང་། །སེམས་ཀྱི་བྱེ་བྲག་བརྟག་པའི་ཚེ། །གཙོ་བོ་སེམས་ལས་འཕེལ་མཐོང་བ། །དེ་ཡང་དེ་བཞིན་མཐོང་ལྟར་ཡིན། །སེམས་ཀྱི་སེམས་ལ་ལྟས་ནས་ཀྱང་། །རང་བབས་ངང་དུ་བཞག་པའི་ཚེ། །ཡུན་རིང་ཧད་དེ་ཁྱམ་མེ་བར། །གནས་པ་ཀུན་གཞིའི་རང་མདངས་ལས། །ཞི་གནས་ཆགས་པ་ཡིན་པར་འདུག །འབྱུང་གནས་འགྲོ་གསུམ་ཐམས་ཅད་ཀྱང་། །སེམས་ཉིད་གཅིག་པུའི་རོལ་པ་རུ། །གོ་བ་དེ་ཡང་དེ་བཞིན་ཡིན། །དེ་ནས་སེང་གེའི་ཉལ་སྟབས་ཀྱི། །རྣལ་དུ་དབབ་པའི་དུས་ཀྱི་ཚེ། །འདས་དང་མ་འོངས་ད་ལྟར་གྱི། །རྟོག་པས་མ་བསླད་བཞག་པའི་ཚེ། །དོན་གྱི་སེམས་ཉིད་ངོ་བོ་དེ། །ནམ་མཁའ་ལྟ་བུར་རྟོགས་ཞེས་པ། །རང་བྱུང་སེམས་ཀྱི་རང་མདངས་ཡིན། །ད་སྟེ་དེ་ཡི་ངང་ཉིད་ལས། །དུས་དང་རྣམ་པ་ཐམས་ཅད་དུ། །བྱིང་ན་ཤེས་པ་རང་ཚོ་བཟུང་། །རང་ངོར་ལྟོས་ལ་རང་སར་སྐྱོངས། །རྨུག་ན་རིག་པ་རྗེན་ལ་བུད། །རེས་སྒྲིམ་རེས་ལྷོད་རེས་མོས་སྐྱོངས། །འཐིབ་ན་བལྟ་སྟངས་མཁའ་ལ་བཅུན། །དྲུང་ཕྱུང་མ་བཅོས་རང་མདངས་སྐྱོངས། །དུག་གསུམ་དུག་ལྔ་སྒོ་ལྔ་དང་། །ཚོགས་དྲུག་ལ་སོགས་རང་གྲོལ་གྱི། །སྤྱོད་ལམ་ཀུན་དང་བསྲེས་ཏེ་བསྒོམ། །ཁྲོ་བོ་སེང་གེ་གྱད་གསུམ་གྱི། །སྤྱོད་པ་སྐབས་སྐབས་བག་རེ་ཙམ། །གཉེན་པོས་བསྒྱུར་ཞིང་སྣང་སེམས་བསྲེ། །དེ་ལྟར་ཚུལ་བཞིན་ཉམས་ལོང་དང་། །ཆོས་ཉིད་གདོད་མའི་རང་བྱུང་དེ། །རྟོགས་ནས་ཀློང་དུ་འགྱུར་དུས་འོང་། །རྒྱུན་དུ་སྔོན་འགྲོ་ཡན་ལག་ནི། །བདུན་ལྡན་ཆགས་མེད་མཛད་པ་དང་། །དཔྱིད་དང་སྟོན་ཀའི་དུས་གཉིས་སུ། །རུ་ཤན་ཕྱེ་བ་མཆོག་ཏུ་བསྔགས། །ཕྱི་ནས་ཐོས་པའི་ཡོན་ཏན་དང་། །བར་ནས་བསམ་པའི་ཤེས་རབ་དང་། །ནང་ནས་བསྒོམ་པའི་ཏིང་འཛིན་གསུམ། །སྤྲུག་མར་ཉམས་ལེན་བརྩོན་འགྲུས་རེམ། །རྣམ་གཡེང་ཆེ་ཕྲ་ཆུང་གསུམ་དང་། །དེས་ཆོག་ངང་རིང་ལོང་ཡོད་སོགས། །དོན་ཆུང་བརྩོན་འགྲུས་མ་ཆེ་བར། །དོན་ཆེན་ཐོས་བསམ་བརྡར་ཤ་ཆོད། །ཅེས་པ་འདི་དགེ་བཤེས་ཀུན་བཟང་ཆོས་འཕེལ་ལ་སྨྲས་པའོ། །ན་མོ་གྷུ་རུ་བྷ་ཊ་ཡེ། །ལྷག་པའི་ལྷ་མཆོག་པདྨ་འབྱུང་། །སངས་རྒྱས་ཀུན་འདུས་གྷུ་རུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཁྲ་ལེབ་དབོན་མོ་མེ་ཏོག་སྒྲོན། །མ་ཡེངས་སྤྲང་པོའི་ཚིག་འདི་གསན། །མ་བརྗེད་སྙིང་གི་དཀྱིལ་དུ་ཆོངས། །མཉམ་པར་གཞག་པའི་དུས་ཀྱི་ཚེ། །ངོ་བོ་སྟོང་གསལ་རྗེན་པ་ལ། །སྣང་བ་སྣ་ཚོགས་རང་གྲོལ་དུ། །འདུག་ཅེས་ཟེར་བ་དེ་ཀ་ཡིན། །དེ་ལ་རང་ཐག་གདེངས་ནས་ཆོད། །ཡིད་གཉིས་འཛིན་པས་མ་བཅིངས་ཤིག །ཐེ་ཚོམ་སྒྲོག་གི་མ་བསྡམས་ཤིག །གཟུང་འཛིན་ཞེན་པས་མ་བསླད་ཅིག །རང་གི་སེམས་ཉིད་ཟེར་བ་འདི། །དུས་རིང་ཐོག་མ་མེད་པ་ནས། །མེད་ལ་ཡོད་པར་བཟུང་བས་ལེན། །སྟོང་ལ་འཁྲུལ་པའི་འཁོར་ལོ་བསྐོར། །དེ་སྔ་ཕན་ཆད་འཁོར་བར་འཁྱམས། །ད་ལམ་ཤཱཀྱའི་བསྟན་པ་ལ། །རྡོ་རྗེ་ཐེག་པ་དར་བ་དང་། །དལ་འབྱོར་མི་ལུས་ཐོབ་པ་དང་། །ལམ་མཁན་བཤེས་གཉེན་འཕྲད་པ་དང་། །གདམས་པ་ཟབ་མོ་ཐོས་པ་རྣམས། །ཚེ་རབས་མང་པོའི་བསོད་ནམས་ཀྱི། །སྟོབས་ལས་བྱུང་བ་ཤེས་པར་གྱིས། །ཐོད་རྒལ་ལམ་གྱི་ཐིག་ལེ་དང་། །ཐིག་ཕྲན་ཉ་མིག་གྱེན་འགྲེང་དང་། །རྦ་ཕུབ་ལྟ་བུ་འཇའ་ཚོན་ཅན། །རྡོ་རྗེའི་དབྱིབས་ཅན་རེ་མཐོང་དང་། །མུན་པའི་རྣལ་འབྱོར་འོད་ལྔའི་མདངས། །ཉིན་མཚན་མེད་པར་འཆར་བ་དང་། །རྒྱ་མཚོ་ཨར་གཏད་བྱས་མ་བྱས། །དཀར་པོའི་མདོག་ལ་སྨུག་པའི་དབྱིབས། །ཉི་ཐིག་འདྲ་བའི་འོད་ཟེར་དང་། །དེ་ལས་འཕྲོས་པའི་སྐར་མ་འདྲ། །མང་པོ་ཤར་བ་དེ་ཐམས་ཅད། །ཆོས་ཉིད་མངོན་སུམ་སྣང་བ་ཡིན། །དོན་གྱི་ཟིན་པ་ཆེར་མེད་དེ། །གནས་སྐབས་ཉམས་ཀྱི་སྣང་བ་ཡིན། །ད་དུང་མི་རྟག་འགྱུར་བ་ཅན། །ཉམས་སྣང་གོང་འཕེལ་རིམ་པ་དང་། །རིག་པ་ཚད་ཕེབས་ཆེ་དང་ཆུང་། །དེ་ནས་ཆོས་ཉིད་ཟད་པ་སོགས། །མཐར་ཕྱིན་བར་དུ་ཉམས་ལེན་ལ། །རྟག་ཚད་ཡིག་སྣ་བཞིན་དུ་འབུངས། །གཙོ་བོ་ཁྲེག་ཆོད་དགོངས་པ་ཡིན། །ཐོད་རྒལ་མུན་མཚམས་ལམ་གྱི་སྟེགས། །འཆར་སྒོ་བཟང་ངན་ཅི་ལྟར་ཡང་། །དེ་ལ་འཛིན་པ་མ་ཞུགས་ཤིག །གསལ་སྟོང་གཉིས་མེད་ངང་ནས་བསྒོམ། །ཚུར་ཅིག་གསན་དང་སྐད་ཆ་ཡོད། །དེང་སང་ཁྲ་ལེབ་དབོན་མོ་ཟེར། །ཁ་རྒྱབ་བཟང་ཕྱིད་ཙམ་མཆིས་ཀྱང་། །ལོ་བརྒྱ་ཕན་ན་ཅི་ལ་རྟག །དེ་ནས་མི་རྟག་འགྱུར་བའི་དུས། །ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་རྣམས། །རྣམ་ཐོས་བུ་ཡི་ནོར་ལྡན་ནམ། །བརྒྱ་བྱིན་ཚངས་པའི་སྟོབས་ལྡན་ཀྱང་། །རྨི་ལམ་ཡུལ་གྱི་སྣང་བ་ལྟར། །གཅེས་སྤྲས་བསྐྱང་བའི་ལུས་དང་བཅས། །ཤུལ་ན་ཁྱི་རོ་བཞིན་དུ་བོར། །རྣམ་ཤེས་བྱ་སྤུ་རླུང་ཁྱེར་ལྟར། །ཆ་མེད་ལམ་ལ་རྒྱུས་མེད་འཁྱམ། །བར་དོའི་ལམ་དེ་འཕྲང་རེ་དོག །གཤིན་རྗེའི་གཤེད་མ་གདོང་རེ་དྲག །ངན་སོང་སྡུག་བསྔལ་ཡ་རེ་ཆ། །དེ་དུས་འགྱོད་པ་མེད་པ་ཞིག །དེ་རིང་ལུས་འདིའི་སྟེང་ནས་རེམ། །འདུག་ས་དབེན་པའི་རི་ལ་གྱིས། །ཟས་གོས་བསོད་སྙོམས་གྱི་ནར་བརྟེན། །ནང་ལ་ལང་སྔ་རྒྱུན་དུ་གྱིས། །ནུབ་ལ་ཉལ་ཕྱི་རྒྱུན་དུ་གྱིས། །བསྐྱེད་རྫོགས་ཁ་སྟོན་བཟླས་བརྗོད་འབུངས། །ཁྱད་པར་རྫོགས་ཆེན་བླ་སྒྲུབ་དང་། །ཐུགས་རྗེ་ཆེན་པོའི་སྒོམ་སྒྲུབ་དང་། །སྔོན་འགྲོ་ཡན་ལག་བདུན་ལྡན་དང་། །ཆུ་གཏོར་ལ་སོགས་ཆག་མེད་རེམ། །ཅེས་པ་འདི་ཁྲ་ལེབ་དབོན་མོ་མེ་ཏོག་སྒྲོན་ལ་སྨྲས་པའོ། །ན་མོ་མ་ཧཱ་གྷུ་རུ་བྷྱཿ སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ཀུན་བཟང་བརྒྱུད་པ་དགུ་ལྡན་དང་། །དྲིན་ཅན་རྩ་བའི་བླ་མ་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །སྣང་བ་སེམས་ཀྱི་རང་བཞིན་དང་། །སེམས་ནི་སྟོང་པའི་ཆོས་ཉིད་ལ། །ངོས་སྤྲོད་རྫོགས་ཆེན་ཁྱད་ཆོས་ཡིན། །སྣང་སེམས་དབྱེར་མེད་རྟོགས་པ་དང་། །རྣམ་རྟོག་གཞི་མེད་རྩ་བྲལ་དང་། །སྣང་སྲིད་སྒྱུ་མར་མཐོང་བ་དང་། །བསྒོམ་དང་མི་སྒོམ་གཉིས་མཉམ་དང་། །གཉིས་མེད་བླང་དོར་བྲལ་བ་དང་། །སྒོམ་མེད་ཡེངས་སུ་མེད་པ་དང་། །སྣང་ཚད་སྒོམ་དུ་ཤར་བ་དང་། །ཕྱི་ནང་དབྱེར་མེད་འདྲེས་པ་དང་། །ངོ་བོ་སྤྲིན་བྲལ་ནམ་མཁའ་ལྟར། །གདོད་ནས་རྣམ་པར་དག་པ་དང་། །སྟོ ང་པའི་རང་མདངས་རང་གསལ་དང་། །གསལ་འགྲིབ་མེད་པར་རོ་གཅིག་དང་། །ཀུན་ཁྱབ་ཁྱབ་བརྡལ་ཀློང་ཡངས་འབྱམས། །རྫོགས་པ་ཆེན་པོའི་ལྟ་སྒོམ་ཡིན། །ཏནྟྲ་བཅོ་བརྒྱད་སྙིང་པོ་ཡིན། །མན་ངག་བརྒྱ་དང་བརྒྱད་ཅུ་ཡི། །ངོ་སྤྲོད་བསྟན་པའི་གལ་མདོ་ཡིན། །སྙིང་ཐིག་ཡ་བརྒྱད་དགོངས་པ་ཡིན། །ཐེ་ཚོམ་ངོ་བོ་ཡེ་ནས་དག །སྤང་བླངས་རིག་པའི་ཀློང་དུ་རྫོགས། །ཡར་མར་གཉིས་ཀྱི་གདེང་བཞི་ལྡན། །བུ་སྐལ་པ་བཟང་ངོ་རིགས་ཀྱི་བུ། །ཐོད་རྒལ་འོད་གསལ་ལུང་པ་འགགས། །ལུག་རྒྱུད་ཐིག་ལེ་མེ་ལོང་དང་། །པདྨ་མཆོད་རྟེན་དཀྱིལ་འཁོར་དང་། །ཐིག་ལེ་ཕྱེད་སྐུ་སྐུ་རྐྱང་དང་། །རང་ལུས་མི་སྣང་སྣང་ཉམས་དང་། །ཕྱི་དབྱིངས་ནང་དབྱིངས་འདྲེས་པ་རྣམས། །རིག་པ་ཚད་ཕེབས་ས་ལ་སླེབ། །ད་རུང་ཆོས་ཉིད་ཟད་པའི་སར། །རྟགས་ཚད་ཡི་གེ་སྤང་ཚུགས་ལ། །མཐར་ཕྱིན་མཛོད་ལ་བསྟན་པ་སྤེལ། །ལས་དང་སྐལ་བར་ལྡན་པ་ལ། །སྙིང་པོ་འདི་ནི་སྟོན་མཁས་བྱ། །འགྲོ་དོན་སྔོན་གྱི་སྨོན་ལམ་གྱིས། །ཉི་མ་ཤར་གྱི་ཕྱོགས་ན་བཟང་། །ཅེས་པ་འདི་ཀ་དག་མཐོང་གྲོལ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་བྷྱཿ ལྷག་པའི་ལྷ་དང་གཉིས་སུ་མེད། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྙན་ཅིག་གཡར་དང་དཀོན་མཆོག་བཟང་། །དང་པོ་གཞི་མེད་ཕྱོགས་ལྷུང་བྲལ། །འཁོར་འདས་གཉིས་ཀྱི་མིང་མེད་ཚེ། །ཡེ་གཞི་སྟོང་པའི་ངང་དུ་གནས། །སྟོང་པ་དེ་ཡི་རང་མདངས་ལས། །དཀར་སེར་དམར་ལྗང་མཐིང་ག་ཡི། །འོད་ཀྱི་སྣང་བ་ཤར་བའི་ཚེ། །འདི་ཡི་རྒྱུ་རྐྱེན་ཅི་ཞིག་པའི། །རྟོག་པའི་བག་ཆགས་འཆེད་པ་ལས། །འཁྲུལ་གཞི་མ་རིག་སེམས་འབྱུང་ཤར། །འཁོར་བ་ལུགས་སུ་འཇུག་པ་བྱུང་། །དེ་ཚེ་གདོད་མའི་མགོན་པོ་མཆོག །རྒྱལ་བ་ཀུན་ཏུ་བཟང་པོ་དེ། །ཡེ་གཞི་སྟོང་ཆེན་རབ་འབྱམས་ལ། །འཁྲུལ་གཞི་མ་རིག་དབྱིངས་སུ་དག །འཁྲུལ་གྲོལ་གཉིས་ཀྱི་མཐའ་ལས་འདས། །མངོན་པར་སངས་རྒྱས་རྫོགས་སངས་རྒྱས། །དེ་ཡི་ཡེ་ཤེས་རང་མདངས་ལས། །དབྱིངས་ཀྱི་རིགས་ལྔ་ཡབ་ཡུམ་དང་། །ཁྲག་འཐུང་ཁྲོ་བོ་ཁྲོ་མོ་ཤར། །འགྲོ་བའི་མགོན་དང་སྐྱབས་སུ་གྲུབ། །བག་ཆགས་འཐས་པའི་སེམས་ཅན་དྲུག །ཕྱི་སྣོད་འཇིག་རྟེན་ཡར་ཆགས་ཤིང་། །ནང་བཅུད་སེམས་ཅན་མས་ལ་ཆགས། །གཟུགས་མེད་ཡོད་མིན་མེད་མིན་དང་། །ཅུང་ཟད་མེད་པའི་ལྷ་ཁམས་དང་། །རྣམ་ཤེས་མཐའ་ཡས་ཞེས་བྱ་དང་། །ནམ་མཁའ་མཐའ་ཡས་ཞེས་བྱ་དང་། །འོག་མིན་ཞེས་ནི་བྱ་བ་དང་། །ཤིན་ཏུ་མཐོན་པོ་ཞེས་བྱ་དང་། །གྱ་ནོམ་སྣང་བ་ཞེས་བྱ་དང་། །མི་གདུང་བ་ཞེས་བྱ་བ་དང་། །མི་ཆེ་བ་ཞེས་བྱ་བ་དང་། །སྤྲིན་མེད་ཞེས་ནི་བྱ་བ་དང་། །བསོད་ནམས་སྐྱེས་ཞེས་བྱ་བ་དང་། །འབྲས་བུ་ཆེ་ཞེས་བྱ་བ་དང་། །ཚད་མེད་དགེ་ཞེས་བྱ་བ་དང་། །དགེ་རྒྱས་ཞེས་ནི་བྱ་བ་དང་། །དགེ་ཆུང་ཞེས་ནི་བྱ་བ་དང་། །འོད་གསལ་ཞེས་ནི་བྱ་བ་དང་། །ཚད་མེད་འོད་ཅེས་བྱ་བ་དང་། །འོད་ཆུང་ཞེས་ནི་བྱ་བ་དང་། །ཚངས་ཆེན་ཞེས་ནི་བྱ་བ་དང་། །ཚངས་པ་འདུན་ན་འདོན་ཞེས་དང་། །ཚངས་རིས་ཞེས་ནི་བྱ་བ་དང་། །གཞན་འཕྲུལ་དབང་བྱེད་བྱ་བ་དང་། །འཕྲུལ་དགའ་ཞེས་ནི་བྱ་བ་དང་། །དགའ་ལྡན་ཞེས་ནི་བྱ་བ་དང་། །མཐའ་བྲལ་ཞེས་ནི་བྱ་བ་དང་། །སུམ་ཅུ་རྩ་གསུམ་ཞེས་བྱ་དང་། །རྒྱལ་ཆེན་སྡེ་བཞི་ཡན་ཆད་ཀྱི། །སྲིད་པ་ལྷ་ཡི་འཇིག་རྟེན་རྣམས། །བག་ཆགས་སྲེད་འཛིན་རགས་རིམ་བཞིན། །ཡས་ནས་རིམ་བཞིན་མས་ལ་ཆགས། །དེ་ལས་མི་ཡི་འཇིག་རྟེན་ཆད། །དུག་ལྔའི་སྡོང་པོ་མི་ལུས་ལས། །འགྲོ་བའི་ཁམས་ནི་སྣ་ཚོགས་ཏེ། །ཀྱེ་མ་ཁམས་གསུམ་རྒྱ་རེ་ཆེ། །ཀྱེ་ཧུད་འགྲོ་དྲུག་གྲངས་རེ་མང་། །སྲིད་པ་ཟོ་ཆུའི་འཁྱུད་མོ་འདིར། །ཐོག་མ་མེད་ནས་དེ་རིང་ཕན། །ཐར་མེད་རྒྱ་མཚོར་བྱིང་བ་ཡི། །འགྲོ་དྲུག་སེམས་ཅན་ཨ་རེ་འགྱོད། །བཟང་པོ་རང་གི་དོན་འདོད་ནས། །ངན་པ་གཞན་ལ་བྱས་པ་ཡིས། །འབྲས་བུ་རང་སྡུག་རིན་གྱི་ཉོས། །བསམ་བཞིན་དཔྱད་ན་འཆི་མ་འཆོར། །སྔ་མའི་དགྲ་བོ་ད་ལྟའི་བཟའ་ཚང་དང་། །ལན་ཆགས་གང་ཆེ་བུ་དང་བུ་མོ་དང་། །བུ་ལོན་ཤ་འཁོན་ཆགས་པ་ཉེ་འབྲེལ་ཏེ། །བསྐྱུར་ན་ཐབས་མེད་བསྐྱངས་ན་བསྟན་ཆུས་ཕུང་། །བྱས་པ་དོན་མེད་ལས་ངན་སྡུག་རེ་བསྔལ། །ནང་ལ་ལངས་སྔ་ནུབ་ལ་ཉལ་འཕྱི་བྱས། །གཡོ་རྒྱུ་སྡིག་ལྟུང་འཁོར་ལོ་བསྐོར་ནས་ཀྱང་། །ཡུལ་འབྲོག་སྡེ་དགོན་ཀ་ཅ་དཀོར་གསུམ་བསགས། །བུ་ཆིས་ཚ་ཐབས་ཤོམ་ར་རྒྱ་འདེང་ཀྱང་། །འདུས་བྱས་མི་རྟག་འཇིག་དུས་སྐྱོ་བ་འཕེལ། །ཆུ་ཤིང་སྙིང་པོ་རུལ་འདྲའི་ལུས་འདི་ལ། །སྡིག་ཟས་སྡིག་ཆུ་སྡིག་གོས་གང་བཟང་གིས། །བཟའ་བཏུང་མཛེས་དགུའི་ཚོགས་ཀྱིས་བརྒྱན་པའི་ཚེ། །ཁྱི་ལུད་དར་གཏུམས་བཞིན་དུ་མཛེས་ན་ཡང་། །སྡོང་རྒན་བཞིན་དུ་འགྱེལ་དུས་ཀྱེ་མ་ཧུད། །རྒྱལ་པོ་བཙུན་མོ་ཁས་དྲག་དཔའ་སྐྱེན་འཛངས། །བླ་མ་སློབ་དཔོན་བན་བཙུན་ཕྱུགས་དང་དབུལ། །སྔོན་ལས་འཕྲལ་རྐྱེན་ལས་སྨིན་ཐོག་ལྷུང་ནས། །ཉ་མོ་བྱེ་ཚན་བཏོན་ལྟར་འཆི་བའི་ཚེ། །ཆོས་མེད་འགྲོ་བ་སྟོང་ལོག་ཀྱི་རེ་བུང་། །རྩ་ཆད་དབུགས་འགག་ཕུང་པོ་རོ་ལ་བསྐྱུར། །ཕ་མ་བུ་རྒྱུད་ཡིན་ཀྱང་སྐྱུགས་བྲོ་ལྟ། །ཟས་ནོར་ལོངས་སྤྱོད་ཀུན་གྱི་ཧབ་ཐོབ་བརྒྱག །རྒས་པ་ངོ་ཆུང་ཤི་བ་བརྗེད་སླའི་དུས། །བྱས་པ་ཐམས་ཅད་དོན་མེད་ཡ་རེ་ང་། །ལས་ཀྱི་རྣམ་སྨིན་ལུས་གྲིབ་བཞིན་དུ་འགྲོགས། །གཤིན་རྗེའི་གཤེད་མས་ཤ་བ་ཁྱིས་དེད་ལྟར། །ཆ་མེད་ལམ་ལ་རྒྱུས་མེད་བདས་པའི་ཚེ། །ངན་སོང་གསུམ་གྱི་གཡང་སར་ལྷུང་པའི་དུས། །མགོན་སྐྱོབ་མེད་པ་དྲན་ན་སྙིང་རྩ་འདར། །ཆེ་བཞག་ཆུང་བསྐྱུར་དེ་རིང་འཆི་ཆིས་རེམ། །དམ་པའི་ལྷ་ཆོས་བསགས་པ་ཆེ་འབྲིང་ཆུང་། །གང་ལྡན་ལུས་དེ་དེ་ལྟར་དོན་དང་ལྡན། །ཆོས་མེད་སྟོབས་ཀྱི་རྒྱལ་པོའི་ལུས་བླངས་ཀྱང་། །བར་དོར་འཁྱམས་དུས་སྤྲང་མོ་ལས་ཀྱང་སྡུག །དེ་བས་སྙིང་ནས་བརྩོན་ཏེ་དགེ་ལ་འབུངས། །དགེ་ཆོས་ཀུན་གྱི་རྩ་བ་རང་གི་སེམས། །འདི་ཉིད་རྟོགས་ན་ཆོས་ཀྱི་ཕ་རོལ་ཕྱིན། །འདི་ལ་མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་མང་། །ལྟ་བ་ཡིན་བསམ་སྟོང་པར་འཐས་པ་དང་། །སྒོམ་པ་ཡིན་བསམ་ཡེངས་མེད་འཛིན་པ་དང་། །སྤྱོད་པ་ཡིན་བསམ་ངན་འགྲོར་དོགས་པ་དང་། །འབྲས་བུ་ཡིན་བསམ་ཡར་ལ་རེ་བ་རྣམས། །ཡང་དག་དོན་གྱིས་ཟིན་པ་ཆེར་མེད་དོ། །གདེང་བཞིའི་ནང་ལ་ཀློང་ཡངས་རབ་འབྱམས་ནས། །དྲང་ངེས་ཟུང་འབྲེལ་ཐབས་ཤེས་ཉི་ཟླ་ལྟར། །བདག་གཞན་དོན་ལ་སྤྱོད་མཁས་མཁས་གྲུབ་ཡིན། །མ་རྟོགས་འགྲོ་ལ་སྙིང་རྗེས་ཟིན་པ་དང་། །བསྔོ་སྨོན་མཁའ་མཉམ་དོན་དུ་རྒྱ་མ་ཆུང་། །ཅེས་པ་འདི་རཀྴིའི་དགེ་ཚུལ་དཀོན་མཆོག་བཟང་པོ་ལ་དགོས་དོན་ལྟར་སྨྲས་པའོ། །ན་མོ་རཏྣ་གྷུ་རུ་ཡཱ། །སྐྱབས་སངས་རྒྱས་ཀུན་འདུས་འགྲོ་བའི་མགོན། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །ཕ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །ཚུལ་ལེགས་པར་ཉོན་ཅིག་སྐལ་ལྡན་པ། །དང་པོའི་གསལ་སྟོང་ལྷང་ངེ་བ། །རང་རིག་ངོ་བོའི་མཐོང་ཚུལ་ལེགས། །དེ་ཡི་མཁན་པོ་ལེགས་བལྟས་པས། །གནས་འགྱུ་རིག་གསུམ་མེད་པ་ལ། །ངོ་བོ་རང་ལ་རང་བལྟས་པས། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་པའི། །ངོ་བོ་རང་གི་རང་ཉིད་ལ། །བལྟས་པ་འདྲ་བའི་ངང་ཚུལ་ལ། །སྒོམ་པ་ཡེང་པ་མེད་པ་དང་། །གཡེང་བས་སྒོམ་པ་མེད་པ་དེ། །སྣང་སྟོང་དབྱེར་མེད་ཞེས་བྱ་སྟེ། །ཆོས་ཉིད་དོན་གྱི་རང་མདངས་ཡིན། །ད་ལྟའི་རིག་པ་ཧུ་རེ་བ། །མ་ཡེངས་དྲན་པའི་རང་མདངས་ཡིན། །བུ་ལྟོས་ཤིག་རྟོགས་ཤིག་གོ་བར་གྱིས། །རང་སེམས་དོན་གྱི་ངོ་བོ་ནི། །སྣང་བ་སྟོང་པའི་རང་བཞིན་དང་། །སྟོང་པ་སྣང་བའི་རང་བཞིན་གཉིས། །གཉིས་མེད་ཟུང་དུ་འཇུག་པ་དེ། །སྣང་སེམས་དབྱེར་མེད་ངོ་སྤྲོད་ཡིན། །གཞི་ཡི་གནས་ལུགས་དེ་ཡི་ངང་། །ས་ཡི་དཀྱིལ་ན་ཆུ་གནས་ཀྱང་། །བག་རྡུལ་དྲི་མ་མེད་པ་ལྟར། །སྣང་སེམས་མཚམས་ན་སེམས་ཉིད་གནས། །སྣང་དང་མི་སྣང་ངོ་བོར་དག །སྟོང་དང་མི་སྟོང་བློ་ལས་འདས། །གསལ་དང་མི་གསལ་མཚོན་བརྗོད་མེད། །དཔེ་དང་བརྗོད་པ་ཀུན་བྲལ་ཞིང་། །སེམས་དང་ཡིད་ཀྱི་སྤྱོད་ཡུལ་ལས། །རྣམ་པར་འདས་པའི་རྟོག་མེད་དེ། །རང་བྱུང་ཡེ་ཤེས་དགོངས་པ་ཞེས། །བརྗོད་དུ་མེད་པའི་ལྷན་ཅིག་སྐྱེས། །ཐ་མལ་སྙིང་གི་དཀྱིལ་ནས་སད། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །རྫོགས་པ་ཆེན་པོའི་སྙིང་ཐིག་ཡིན། །དཔལ་ལྡན་བླ་མའི་ཞལ་གདམས་ཡིན། །རྗེས་འཇུག་བུ་ཡི་སྙིང་ནོར་གྱིས། །དེ་ཡི་ངང་ལས་མ་བཅོས་པར། །བློ་ལས་འདས་པ་ཡེངས་མེད་དུ། །མཚོན་བརྗོད་བྲལ་བར་མཉམ་བཞག་ནས། །སྣང་སེམས་སྐུ་གསུམ་འཁོར་ལོ་ལ། །གཟུང་འཛིན་བྲལ་བ་སྒོམ་པའི་མཆོག །ཆོས་དབྱིངས་ཀློང་དུ་མ་གྱུར་བར། །དུས་རྣམས་ཀུན་ཏུ་ལྡན་པ་གཅེས། །འགྲོ་དྲུག་འཁྲུལ་པའི་རྦ་ཀློང་ནས། །དེ་རིང་ཆོས་ལྡན་མི་ལུས་འདི། །དབུལ་པོས་ནོར་བུ་རྙེད་ལས་ལྷག །དོན་དེ་ཕྱིར་དེ་རིང་ཉམས་ལེན་རེམ། །དུས་ངན་བསྐལ་པའི་མར་ཞབས་འདིར། །འདུས་བྱས་རང་འཚང་ཆོས་ཉིད་དང་། །བར་ཆད་སྣ་ཚོགས་རྐྱེན་མང་བས། །ཚེ་ལ་རྟག་འཛིན་མ་མཛད་པར། །མི་རྟག་དྲན་བཞིན་ཆོས་ལ་རེམ། །འཁོར་བ་ཐོག་མ་མེད་པ་ནས། །བྱས་པའི་ལས་རྣམས་སྡུག་བསྔལ་རྒྱུ། །རང་བྱས་ལས་ཀྱིས་རང་ཉིད་མནར། །ཚེ་འདིའི་བྱ་བར་མ་འཁྲུལ་བར། །བྱ་བ་དོན་ལྡན་ཆོས་ལ་རེམ། །འགྲོ་དྲུག་སེམས་ཅན་ཕ་དང་མ། །བྱམས་དང་སྙིང་རྗེ་བསྐྱེད་བཞིན་དུ། །སྨོན་འཇུག་གཉིས་ཀྱི་སྤང་བླང་དང་། །སེམས་བསྐྱེད་ལྡན་བཞིན་ཆོས་ལ་རེམ། །ལས་ཀྱི་འབྲས་བུ་ལུས་གྲིབ་འདྲ། །ནམ་ཡང་མི་བསླུ་རྗེས་སུ་འབྲེང་། །ཞིབ་ཚགས་གདམས་པའི་གོ་གྱོན་ལ། །སྤང་བླང་ལྡན་བཞིན་ཆོས་ལ་རེམ། །སླུ་མེད་དཀོན་མཆོག་རྣམ་པ་གསུམ། །གཏན་གྱི་བློ་གཏད་སྙིང་ནས་གྱིས། །གྷུ་རུས་བྱིན་གྱིས་བརླབས་པ་ཡི། །གནས་མཆོག་གཅིག་ཏུ་སྒྲུབ་ཚུགས་བཟུང་། །འདི་ཕྱིའི་དགེ་ལེགས་ཡར་ངོ་འདྲ། །ཞེས་པ་འདི་སྒ་ཁྲི་འདུའི་གྲུབ་ཆེན་རས་རྐྱང་པ་དཀོན་མཆོག་རྒྱ་མཚོ་ལ་ཆོས་ཁྲི་ཐང་དུ་ཉི་མ་གྲགས་པས་སྨྲས་པའོ། །ངོ་བོ་ཀ་དག་ཡིན་པའི་ལུང་ནི། །ཐལ་འགྱུར་ལས། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོགས་འགག་པས་ཅིར་མི་མཛད། །བརྗོད་ཚིག་མིང་མཐའ་ཟད་པའོ། །ཅེས་དང་། །རང་བཞིན་ལྷུན་གྲུབ་ཀྱི་ལུང་ནི། །ཐལ་འགྱུར་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་མེད་པའོ། །ཅེས་དང་། །ཐུགས་རྗེ་ཀུན་ཁྱབ་ཀྱི་ལུང་ནི། །ཐལ་འགྱུར་ལས། །འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་གཅིག་རྫོགས་པའི། །ཉི་མ་དང་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཅེས་དང་། །རང་ཤར་ལས། །ལྟར་མེད་བལྟས་ཟིན་ལྟ་བ་རྫོགས། །ཆོས་ཀྱི་སྐུ་ཡི་ལྟ་བ་ཡིན། །བྱས་མེད་བྱུང་མེད་འབྱུང་བ་མེད། །ཆོས་ཀྱི་སྐུ་ཡི་འབྲས་བུ་ཡིན། །སྒྲུབ་མེད་བསྒྲུབས་ཟིན་སྒྲུབ་པ་རྫོགས། །ཆོས་ཀྱི་སྐུ་ཡི་འཕྲིན་ལས་ཡིན། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཡིན། །ཅེས་པས་ལྟ་བ་འབྲས་བུ་ཡོན་ཏན་རྣམས་ངོ་བོ་ཉིད་ལ་རང་ཆས་སུ་རྫོགས་པའི་ལུང་དང་། །གསང་བ་སྙིང་པོ་ལས། །ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བ་མི་རྙེད་དོ། །ཅེས་རང་སེམས་རྣམ་དག་གི་སངས་རྒྱས་ཡིན་ངེས་པའི་ལུང་དང་། །ཀློང་དྲུག་པ་ལས། །བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམ་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་པ་ཡི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་སྣང་བ་ཆེན་པོ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོགས་བྲལ་བའི་སྣང་བ་ནི། །རང་བཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་བརྡལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་ཆོས་ཉིད་རང་བྱུང་གི་རོལ་པ་ལ་གཟུང་འཛིན་སྤང་བླང་ཐམས་ཅད་རང་གྲོལ་དུ་ཕྱམ་བརྡལ་བའི་ལུང་དང་། །རང་ཤར་ལས། །ཆོས་ཉིད་སྣང་བའི་སེམས་ཉིད་ལ། །བདེ་དང་རང་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བས་རང་སར་དག །ཟག་བཅས་སྣང་བའི་སེམས་ཉིད་ལ། །བསྐྱེད་པའི་འབྱུང་བ་རང་སར་དག །ཟག་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་རྐྱེན་དྲི་མ་རང་སར་དག །ཅེས་པས་སེམས་ཀྱི་འཛིན་པ་ཐམས་ཅད་རང་སར་དག་པའི་ལུང་དང་། །ནོར་བུ་ཕྲ་བཀོད་ལས། །སྟོང་པ་ཉིད་ལ་བལྟས་པས་ན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །དངོས་པོ་ཉིད་ལ་བལྟས་པས་ན། །གཟུགས་ཁམས་གནས་རིས་བཅུ་བདུན་དང་། །བེམ་པོ་ཉིད་དུ་གོལ་བར་འགྱུར། །མི་རྟོག་སྟོང་པར་བསྒོམ་བྱས་ན། །ཆད་པ་མུ་མེད་ཉིད་དུ་གོལ། །ཅེས་གོལ་ས་བསྟན་པའི་ལུང་དང་། །རང་ཤར་ལས། །སྐྱེ་མེད་དབྱིངས་ལ་སྒོམ་མེད་ཆེན་པོ་ཡིན། །བསྒོམ་བྱ་སྒོམ་བྱེད་གཉིས་དང་བྲལ། །འཛིན་པ་མེད་པའི་རང་གྲོལ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་གྲོལ་རང་སངས་ཆེན་པོ་ཡིན། །རྫོགས་ཆེན་ཨ་ཏིའི་ཐེག་པ་ལ། །རེ་དང་དོགས་པ་ག་ལ་ཡོད། །རེ་དོགས་ཡོད་ན་ལྟུང་བའི་རྒྱུ། །དེ་བཞིན་འཛིན་མེད་རང་གྲོལ་ལོ། །ཆོས་ཅན་མཚན་མར་སྣང་བ་ཡང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །སྒྲུབ་མེད་སྒྲུབ་དང་བྲལ་བའོ། །བྱས་མེད་འབྱུང་བ་མེད་པའོ། །འགག་མེད་ཁྱབ་གདལ་འུབ་ཆུད་དོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་ཆེན་པོའོ། །གནས་མེད་ཡེ་ཤེས་ཆེན་པོའོ། །སེམས་མེད་ཡིད་མེད་སངས་རྒྱས་མེད། །ཅེས་ལྟ་སྒོམ་ཟུང་དུ་འཇུག་པའི་ལུང་དེ་ལྟར་དུ་བསྒོམ་པ་ཡིན་ཏེ། །ཡི་གེ་མེད་པ་ལས། །ཡེ་གནས་མ་བཅོས་རང་བྱུང་ཅོག་བཞག་ཉིད། །སྣང་བས་མ་བཅོས་བློ་ཡིས་མ་བསྒྱུར་བ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་ཀུན་སྤངས་ཏེ། །འགྱུ་བྱེད་མེད་ན་བསྒོམ་པའི་དགོངས་པ་ཡིན། །དམིགས་པའི་ཕྱོགས་དག་མི་འཛིན་ཞིང་། །རྒྱ་མཚོར་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པ། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཅེས་པ་དེ་ལྟར་འཐའ་བྲལ་རང་བྱུང་གི་ཡེ་ཤེས་ངོ་བོ་སྟོང་པ་གང་དུ་ཡང་མ་གྲུབ། །རང་བཞིན་གསལ་བ་སྣང་ཚུལ་མ་འགགས། །ཐུགས་རྗེ་མ་འགགས་པས་གང་ལྟར་ཤར་ཡང་སྤང་བླང་བྲལ་བཞིན་འཁྲུལ་སྣང་རྨི་ལམ་གྱི་སྣང་བ་འདྲ་བ་འདི་དག་གདོད་མའི་ཀ་དག་པ་ལ་སྣང་མེད་རང་ལོག་ལ་སྟོང་བཞིན་ཡེངས་མེད་འཛིན་མེད་སྒོམ་མེད་ལྡན་པར་མཛོད། །གནས་སྐབས་ཉམས་རྟོགས་ཀྱི་ཚད་རྡོ་རྨི་ལམ་གྱིས་འཛིན་པས་དེར་མཐུན་དུ་བརྟག །བོགས་མ་ཐོན་ན་རུ་ཤན་ཕྱེ་བ་ཡང་དག་པའི་གནད་ཡིན། །ཤོག་དྲིལ་འདི་བློ་ལ་བཟུང་ནས་ཉིན་རེ་བཞིན་དོན་ཡིད་ལ་ངེས་བཞིན་ཚར་རེ་བསྟོན་ན་རང་བྱུང་ལྷུན་གྲུབ་ཀྱི་སྒོམ་དེ་རང་ཤར་ལ་འབྱུང་བར་ཡོད་པས་དེ་བཞིན་མཛོད། །ཅེས་པ་འདི་གླིང་གི་བླ་མ་ཡེ་ཤེས་ལ་དགོས་དོན་ལྟར་དུ་ཉི་མ་གྲགས་པས་མཚམས་སྦྱར་བའོ། །སྐྱབས་མཚུངས་མེད་ཨོ་རྒྱན་གྷུ་རུ་དང་། །ཕ་གྲུབ་ཐོབ་པདྨ་རིགས་འཛིན་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །མོས་གུས་ཅན་དཀོན་མཆོག་ཆོས་བསྲུང་ལགས། །སྙན་དར་ཅིག་འདི་ན་ཚུར་གསན་དང་། །ཡེ་གྲོལ་མཉམ་ཉིད་ཕྱོགས་མེད་རིས་བྲལ་བ། །འགགས་མེད་སྣང་སྟོངརང་བྱུང་ཡེ་ཤེས་གོ །སངས་རྒྱས་སེམས་ཅན་དུས་གསུམ་ངོ་བོ་གཅིག །བྱར་མེད་བློ་འདས་ཆུ་བོའི་གཞུང་འདྲ་གོ །ཅེས་པའི་དོན་འབྲས་ངེས་པའི་ལྟ་བ་དེ། །ཕྱིན་ཅི་མ་ལོག་དོན་ལྡན་རང་ཞལ་མཇལ། །ཡིན་ལ་ཡིན་བཞིན་རྟོགས་འདུག་སྐལ་ལྡན་པ། །རང་བྱུང་གདོད་མའི་སེམས་ཉིད་ཆོས་ཀྱི་སྐུ། །ཡེ་ནས་གྲོལ་བའི་སྐྱར་གཞི་མེད་བཞིན་ལ། །ཡོངས་སུ་གྲོལ་བས་འབད་པ་བྲལ་བ་དེ། །ཀུན་ཏུ་བཟང་པོ་སྙིང་གི་དཀྱིལ་ནས་སད། །ནམ་ཡང་འགྱུར་མེད་མཆོག་དེར་གདེངས་ཐག་ཆོད། །དེ་ཡི་ངང་ལས་མཉམ་བཞག་རྗེས་ཐོབ་དང་། །བག་མེད་འཁྲུལ་པ་ལ་སོགས་དུས་གསུམ་ཀུན། །ཡེངས་མེད་ཏིང་འཛིན་སྒོམ་མེད་རྣལ་མའི་ངང་། །ཁྱབ་གདལ་ཀློང་ཡངས་རང་གྲོལ་ཤུགས་བྱུང་ལ། །རེ་དོགས་སྤང་བླང་དགག་སྒྲུབ་བྲལ་བར་སྤྱོད། །མཚན་མོ་ཉལ་བ་གཉིད་ཀྱི་རྣལ་འབྱོར་ནི། །ཙིཏྟ་པདྨ་དཀར་པོ་འདབ་བཞིའི་དབུས། །རང་སེམས་ངོ་བོ་ཡི་གེ་ཨཱཿདཀར་པོ། །རིང་ཆ་ཚེག་དྲག་འོད་དང་ལྡན་པ་གསལ། །བླ་མར་རྨི་ལམ་ཟིན་པའི་གསོལ་བ་འདེབས། །ཨཱཿལ་སེམས་གཏད་སྒྲིམ་ལྷོད་རན་པར་ཉལ། །གཉིད་ཀྱི་རྣལ་འབྱོར་འོད་གསལ་མ་བུ་འཕྲོད། །ཐོད་རྒལ་ཟེར་གཉིས་དུས་རྒྱུན་ཉམས་བླངས་ལེགས། །ཆུ་སྒྲོན་བཟན་པ་ཐོད་རྒལ་ཁྲིད་ཡིག་ལ། །ཞིབ་གཟིགས་གཡས་གཡོན་འོག་གསུམ་གང་བབ་ལ། །འདོམ་གང་དེ་ནས་འདོམ་དོ་རིམ་བཞིན་གསུམ། །འོད་ཁྲིད་ལྟ་བ་མན་ངག་དམ་པ་སྟེ། །ཆུ་སྒྲོན་མིག་ལ་གནོད་པའི་རྐྱེན་དང་བྲལ། །རླུང་སྦྱང་བརྩོན་པ་སྐབས་སུ་གང་ལྕོགས་ལ། །ཡན་ལག་ལྔ་སྦྱོང་ཙམ་རེ་མ་ཆག་ན། །འབྱུང་འཁྲུག་ནད་ཞི་ཏིང་འཛིན་བདེ་གསལ་འཕེལ། །ཀྱེ་ཧོ་སྣང་སྲིད་འཁོར་འདས་རྨི་ལམ་འདྲ། །མེད་བཞིན་སྣང་བ་དོན་ལ་རྟག་འཛིན་བྲལ། །སྒྱུ་མའི་སྐྱེས་བུ་སྒྱུ་མར་མི་ཆགས་བཞིན། །སྤང་བླང་རེ་དོགས་བྲལ་བའི་གདེངས་ཆེན་བཞི། །ནམ་ཡང་ཐང་ལྷོད་མེད་པར་ཀློང་གྱུར་མཛོད། །བདེ་སྡུག་བསྟོད་དམད་དགྲ་གཉེན་ཆགས་སྡང་ཀུན། །ནམ་མཁའི་ཁམས་ཀྱི་བྱ་ལམ་རྗེས་མེད་ལྟར། །དུས་གསུམ་བློ་འདས་ཆེན་པོར་ཕྱལ་པར་ཐོང་། །བསོད་ནམས་འཁོར་གསུམ་བློ་འདས་རྒྱས་ཐེབས་མཛོད། །ཅེས་པ་འདི་སྤོམ་ནེ་འོད་དཀར་བྲག་གི་སྒོམ་ཆེན་དཀོན་མཆོག་ཆོས་སྲུང་ལ་རིགས་འཛིན་མིང་གིས་ཕུལ་བའོ། །རྗེ་ན་མོ་གྷུ་རུ་རཏྣ་བྷྱཿ སྐྱབས་སངས་རྒྱས་ཀུན་འདུས་འགྲོ་བའི་མགོན། །ཕ་སྐུ་དྲིན་འཁོར་མེད་འགྲན་ཟླ་བྲལ། །དཔལ་པདྨ་རིགས་འཛིན་ཞབས་ལ་འདུད། །རྗེ་སྐུ་དྲིན་ཅན་དེས་བྱིན་གྱིས་རློབས། །དབེན་པའི་རི་བཟུང་གང་བྱུང་ཆོག་ཤེས་པ། །རྒྱལ་བ་གོང་མའི་རྣམ་ཐར་དང་བླངས་ལེགས། །སྔོན་འགྲོ་རིམ་བརྒྱད་ཆོས་ཀྱི་གཙོ་བོ་སྟེ། །སྔར་བཞིན་ཉམས་ལེན་བྱང་ཆུབ་བར་དུ་རེམ། །སྔོན་འགྲོ་མེད་ན་ཆོས་ཀྱི་རྩ་བ་རུལ། །དེ་ནས་དངོས་གཞི་དོན་གྱི་ཉམས་ལེན་ལ། །གནས་པ་འགྱུ་བ་གཉིས་མེད་འདྲེས་བཞིན་ངང་། །འདི་ཡིན་འདི་མིན་བསྒོམ་རྒྱུ་མ་རྙེད་ཅིང་། །མཉམ་པར་བཞག་དང་མ་བཞག་ཁྱད་མེད་དེ། །དོན་གྱི་ངོ་བོ་རྟོགས་པའི་མགོ་མཐོང་བས། །ད་སྟེ་ཐང་ལྷོད་མ་ཤོར་མེད་པའི་ངང་། །རྟགས་ཆད་བྲལ་བའི་རང་བྱུང་ཆོས་ཉིད་དེ། །ཕྱོགས་ལྷུང་མེད་པའི་ཁྱབ་གདལ་བློ་འདས་སུ། །ཡེངས་སུ་མེད་དོ་བརྗོད་མེད་ངོ་བོར་ལྟོས། །བསྒོམ་དུ་མེད་དོ་དུས་གསུམ་སྤྲོས་དང་བྲལ། །རེ་བ་མེད་དོ་ཆོས་སྐུ་རང་ལས་རྙེད། །དོགས་པ་མེད་དོ་འཁོར་བའི་འཁྲུལ་རྩ་ཆད། །ནམ་ཡང་འགྱུར་མེད་མཆོག་དེ་ཀློང་གྱུར་མཛོད། །འདི་ལྟར་སྣང་བའི་ཆོས་རྣམས་བདག་མེད་སྟོང་། །གྲག་པའི་སྒྲ་དང་དུས་གསུམ་དྲན་རྟོགས་ཚོགས། །སྐྱེ་འགག་གནས་གསུམ་བྲལ་བའི་ངང་ལ་སྤྱོད། །དལ་འབྱོར་དོན་ལྡན་དེ་རིང་སྙིང་པོ་ལོང་། །འདུས་བྱས་མཐའ་འཇིག་འཆི་བ་དྲན་པར་མཛོད། །ལས་ཀྱི་མཐའ་སྡུག་རྒྱུ་འབྲས་སྤང་བླང་བརྩོན། །དབེན་པའི་རི་བཟུང་ཉམས་རྟོགས་མཐའ་ལ་སྐྱོལ། །ཆགས་མེད་བློ་བསྐྱེད་གསོག་འཇོག་ཞེན་པ་ཕྲོལ། །དགོས་མེད་ངང་བསྲིང་ཚེ་འདི་བློ་ཡིས་ཐོང་། །བདེ་སྐྱིད་འབྱུང་གནས་དབེན་རི་མ་ཤོར་ཅིག །ཅེས་པ་འདི་ཡང་གནས་ཆེན་སྤོམ་ནེའི་སྒོམ་བཙུན་རྒྱལ་མཚན་པ་ལ་སྨྲས་པའོ། །ན་མོཿགྷུ་རུ་རཏྣ་ཡཱ། །དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །སྐྱབས་མཚན་ལྡན་བླ་མ་ཆོས་ཀྱི་རྗེ། །ཕ་གྲུབ་ཐོབ་པདྨ་རིགས་འཛིན་ལ། །སྙིང་ཐག་པའི་སྒོ་ནས་གསོལ་བ་འདེབས། །བདག་མཁའ་མཉམ་འགྲོ་ལ་བྱིན་གྱིས་རློབས། །སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །ཚུར་གསོན་དང་དགེ་འདུན་དར་རྒྱས་པ། །རང་སེམས་ངོ་བོར་གཅེར་བལྟས་པས། །གང་ལའང་གཏད་སོ་མེད་བཞིན་ལ། །སེམས་ཉིད་སྐྱེ་འཆི་མེད་རྟོགས་པ། །སྒོམ་མེད་ཡེངས་མེད་བློ་ལས་འདས། །དགྲ་གཉན་བག་ཆགས་འཁྲུལ་རྟོགས་རྣམས། །དོན་དང་ལྡན་འདུག་རིགས་ཀྱི་བུ། །གནད་དུ་བསྣུན་ཅིག་སྐལ་བ་ཅན། །ཟེར་གཉིས་ཐོད་རྒལ་འཆར་ཚུལ་ལ། །ཁྲིད་ཡིག་དོན་ལ་ཞིབ་ལྟོས་དང་། །བླ་མའི་དྲུང་དུ་ཕུ་ཐག་ཆོད། །བལྟ་སྟངས་གཟིགས་སྟངས་འདུག་སྟངས་དང་། །ཁྱད་པར་དཀར་སེར་དམར་ལྗང་སོགས། །གཡས་གཡོན་འོག་ཕྱོགས་འཁྲིད་མཁས་ལ། །ཉེ་རིང་མཚམས་པར་བལྟ་མཁས་གྱིས། །ཁྲེག་ཆོད་ཀ་དག་ལྟ་བའི་ངང་། །འོད་གསལ་ལུག་རྒྱུད་འཛིན་མེད་སྐྱོངས། །འཆར་ཚུལ་སྣ་ཚོགས་ངེས་མེད་ཀྱང་། །དོན་ལ་རང་སེམས་ཚད་ཕེབས་དུས། །ནང་རྟགས་རྟོགས་པ་ཕྱིར་འཆར་ཞིང་། །སྐུ་རྐྱང་རིགས་ལྔ་ཡུམ་ལྡན་དང་། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་སོགས། །རིམ་འཆར་རིམ་ནུབ་ཆོས་ཟད་མཐར། །བརྩོན་པ་ཆེན་པོ་ལྡན་ངེས་དགོས། །ཐང་ལྷོད་མེད་པར་བརྩོན་འགྲུས་གྱིས། །ཆོས་ལྡན་མི་ལུས་ཐོབ་པ་འདི། །དབུལ་པོས་ནོར་བུ་རྙེད་པ་འདྲ། །རྙེད་དཀའ་དྲན་བཞིན་ཆོས་ལ་འབུངས། །མཐའ་མེད་འཁོར་བའི་གྲོང་ཁྱེར་འདིར། །རྒྱལ་པོའི་ཁྲིམས་ཀྱི་བརྩོན་ཁང་འདྲ། །སྡུག་བསྔལ་དྲན་བཞིན་ཆོས་ལ་འབུངས། །སྐྱེ་རྒ་ན་འཆིའི་འཇིགས་པ་འདི། །ཟློག་ཐབས་མེད་པར་རང་ལ་འབབ། །ལས་འབྲས་བསམ་བཞིན་ཆོས་ལ་འབུངས། །རི་དྭགས་རྨས་མ་ཇི་བཞིན་དུ། །གཅིག་པུར་རི་ཁྲོད་ཟིན་པ་དང་། །ཚེ་འདི་བློས་ཐོང་ཆོས་ལ་འབུངས། །ཅེས་པ་འདི་ཡང་ཨོ་རྒྱན་ཆེན་པོའི་གནས་མཆོག་སྤོམ་ནེའི་སྒོམ་བཙུན་དགེ་འདུན་དར་རྒྱས་ལ་སྨྲས་པའོ། །རྗེ་ན་མོ་མ་ཧཱ་གྷུ་རུ་བྷྱཿ དཔལ་པཎ་ཆེན་རིགས་འཛིན་བི་མཱ་ལའི། །ཐུགས་ཏིང་འཛིན་རྣམ་འཕྲུལ་བདག་གི་སྐྱབས། །ཕ་པདྨ་རིགས་འཛིན་གྲུབ་པའི་རྗེ། །མགོན་མཚུངས་མེད་དམ་པར་གསོལ་བ་འདེབས། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ལྟ་བ་ཡེ་སྟོང་གདོད་ནས་དག །ཀ་དག་སྤྲོས་བྲལ་ཆེན་པོ་ལ། །ཚོགས་དྲུག་མེ་ལོང་གཟུགས་བརྙན་ལྟར། །སྣང་ཙམ་བརྡ་ཙམ་ངོ་བོར་སྟོང་། །གཞི་མེད་རྩ་བྲལ་མཁའ་ལྟར་དག །དུས་གསུམ་སྐྱེ་འགགས་གནས་གསུམ་བྲལ། །འདི་ནི་ཡེ་ཡིན་ཆོས་ཀྱི་སྐུ། །དེ་ཉིད་མ་རྟོགས་མ་རིག་འཁྲུལ། །མེད་ལ་ཡོད་པའི་འཁོར་ལོ་བསྐོར། །སྟོང་ལ་འཛིན་པའི་ཡོ་ལང་འཚུབས། །འཁོར་བ་མྱང་འདས་གཉིས་བྱུང་ཀྱང་། །ད་ལྟ་བླ་མའི་སྐུ་དྲིན་གྱིས། །ངོ་བོའི་སྟེང་ནས་རང་ཐག་ཆོད། །ནང་བྱན་ཚུད་པས་རང་ཡིད་ཆེས། །འགྱུ་བ་ཕྲ་རགས་སྦོམ་གསུམ་དང་། །དུག་ལྔ་དུག་གསུམ་རང་བཞིན་སྟོང་། །ཤར་གྲོལ་རིས་མེད་ཕྱོགས་མཐའ་བྲལ། །འཁྲུལ་མཁན་མེད་པས་འཁྲུལ་པ་དག །ངོ་བོ་དག་པས་རང་བཞིན་སྟོང་། །བློ་ལས་འདས་པས་ཡིད་ཀྱང་འགགས། །སྤང་བླང་བྲལ་བས་རེ་དོགས་ཟང་། །བསྒོམ་རྒྱུ་མེད་པས་བསྒོམ་མཁན་བྲལ། །ཡེངས་མཁན་མེད་པས་ཡེང་བ་དག །འཁོར་བའི་སྡུག་བསྔལ་ཅི་མཐོང་ཡང་། །ངོ་བོ་ངན་དུ་མ་སོང་བཞིན། །རྫོགས་པའི་སངས་རྒྱས་ཐོབ་ན་ཡང་། །རང་བཞིན་བཟང་དུ་མ་སོང་བ། །ཆོས་སྐུ་ཀ་དག་ཆེན་པོ་ལ། །ཀློང་དུ་འགྱུར་ཐབས་མཐར་ཕྱིན་ཞུ། །སྣང་སེམས་བསྲེས་པའི་ཉམས་སྣང་རྣམས། །རྣལ་འབྱོར་ཉམས་དང་དབྱར་ཁའི་སྤང་། །སྣ་ཚོགས་འཆར་ཞིང་སྣ་ཚོགས་སྐྱེ། །སྤང་བླང་འཛིན་པའི་ཡུལ་ལས་འདས། །འཆི་འཇུག་ཆོས་དང་མཉམ་པ་དང་། །སེམས་བསྐྱེད་ཕ་མ་འགྲོ་དྲུག་ཡུལ། །སྐྱབས་གནས་བླ་མ་དཀོན་མཆོག་གསུམ། །ཚོགས་གསོག་དགེ་སྒྲུབ་སྡིག་སྤོང་དང་། །མི་རྟག་འཆི་བའི་བསྐུལ་འདེབས་སོགས། །སྙིང་ནས བརྩོན་པས་དབེན་རི་བསྟེན། །སྒོ་གསུམ་འཁྱེར་སོ་གསུམ་གྱི་ངང་། །མ་ཎིའི་སྒོམ་བཟླས་ཀྱང་དེ་བཞིན་མཛོད། །ཅེས་པ་འདི་ཡང་གནས་ཆེན་སྤོམ་ནེའི་སྒོམ་ཆེན་ཆོས་མཆོག་པ་ལ་ཕུལ་བའོ། །ན་མོ་གྷུ་རུ་ཏྲ་ཡ་ཡཱ། །སྐྱབས་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ཕ་མཚུངས་མེད་རྩ་བའི་བླ་མ་ལ། །དུས་རྣམ་པ་ཀུན་ཏུ་གསོལ་བ་འདེབས། །རྗེ་སྐུ་དྲིན་ཅན་གྱི་བྱིན་གྱིས་རློབས། །སངས་རྒྱས་སེམས་ཅན་འཁོར་འདས་ཐམས་ཅད་ཀུན། །བདེན་མེད་སྤྲོས་བྲལ་རྟོགས་པ་ལྟ་བའི་མཆོག །ཡིན་བཞིན་རྟོགས་ལ་ངོ་ཤེས་ཐག་ཆོད་གྱིས། །དེ་ཡི་རང་མདངས་སེམས་ཀྱི་རྩལ་སྣང་དུ། །རྣམ་རྟོག་ཕྲ་རགས་ཚོགས་དྲུག་ཡུལ་སྣང་ཀུན། །སྣང་སྟོང་དབྱེར་མེད་ཁྱམ་ཅིག་བརྗོད་བྲལ་དེ། །འགྱུར་མེད་བསྒོམ་པའི་འཛིན་བྲལ་ཡེངས་མེད་དུ། །འབད་མེད་ཕྱམ་ཅིག་བློ་ལས་འདས་པར་སྐྱོངས། །སྣ་ཚོགས་ཉམས་ཀྱི་སྣང་བ་ཆུ་གཉེར་སྤྲིན། །སྤང་བླང་དགག་སྒྲུབ་རིས་མེད་རང་གྲོལ་བ། །ཆུ་གཉེར་ཆུར་ཞི་མཁའ་ལ་སྤྲིན་དེངས་ལྟར། །རིས་མེད་ཆ་ཤས་བྲལ་བ་རྟོགས་པར་གྱིས། །མཚན་མོ་ཉལ་བའི་གཉིད་ཀྱི་རྣམ་འབྱོར་ནི། །ལུས་ཀྱི་འཁྲུལ་འཁོར་དྲང་སྲོང་སེང་གེ་གཉིས། །གང་བདེའི་ངང་ནས་བླ་མ་སྤྱི་བོར་བསྒོམ། །རྨི་ལམ་འབྱོངས་པའི་གསོལ་བ་སྙིང་ནས་འདེབས། །ཐུགས་ཡིད་བསྲེ་ཞིང་བླ་མར་དབང་བཞི་བླངས། །དེ་ནས་མགྲིན་པར་པདྨ་འདབ་བཞིའི་དབུས། །རང་སེམས་ངོ་བོ་ཡི་གེ་ཨཱཿདམར་པོ། །རང་འོད་མདངས་ལྡན་གསལ་ལ་སེམས་བཟུང་ཉལ། །འོད་གསལ་མ་བུ་བདེ་གསལ་མི་རྟོག་འདྲེས། །ཧོཿབཞིན་བཟང་ཆོས་ལྡན་མི་ལུས་དལ་འབྱོར་གྲུབ། །ནམ་ཡང་འཐོབ་དཀའ་འཁོར་བའི་མཚོ་ལས་སྒྲོལ། །སྣང་སྲིད་སྣོད་བཅུད་སྒྱུ་ལུས་འབྱུང་བཞིའི་ཁམས། །མི་རྟག་མི་བརྟན་འཆི་བ་སྙིང་ནས་བསམས། །ཐོག་མེད་ནས་བཟུང་ལས་ཉོན་རླུང་གིས་དེད། །རྒྱུ་འབྲས་ཡིད་ལ་བརྣག་བཞིན་སྤང་བླང་མཛོད། །ཕ་ཡུལ་གཉེན་འདུན་ཆོས་འགལ་སྤང་བ་དང་། །དབེན་པའི་རི་བསྟེན་བསམ་གཏན་ཁང་བུ་བཟུང་། །མཁའ་མཉམ་འགྲོ་ལ་བསྔོ་སྨོན་རྒྱ་མ་ཆུང་། །ཅེས་པ་འདི་སྤོམ་ནེའི་སྒོམ་ཆེན་ཡེ་ཤེས་སྙིང་པོར་དགོས་དོན་ལྟར་ཕུལ་བའོ། །ན་མོ་སུནྡྷ་བཱི་དྷ་རཱ། །བླ་མ་རྗེ་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །ལྟ་བ་ཀ་དག་ཡོད་མེད་ཡིན་མིན་དང་། །བསྒོམ་དང་མི་སྒོམ་ཡེངས་དང་མ་ཡེངས་སོགས། །གདོད་ནས་སྤྲོས་བྲལ་སྨྲ་བསམ་བརྗོད་མེད་ལ། །བློ་ལས་འདས་པ་སྤྲིན་བྲལ་མཁའ་ལྟར་དག །རང་བྱུང་ཆོས་སྐུའི་བཞུགས་ཚུལ་སེམས་ཉིད་གཤིས། །ཐོག་མེད་དུས་ནས་དེ་རིང་ཕན་ཆད་དུ། །འཁྲུལ་ཉོན་རིགས་དྲུག་དོང་དུ་ལྷུང་ན་ཡང་། །དངུལ་ཆུ་ཐལ་བའི་དོང་དུ་བྱིང་བ་ལྟར། །ངོ་བོ་ཉིད་ལ་བག་རྡུལ་མ་གོས་བཞིན། །རེ་དོགས་བློ་འདས་དོན་དེ་རྟོགས་པར་མཛོད། །དེ་ཡི་རང་མདངས་སྒོ་ལྔ་དབང་ཤེས་སོགས། །དུག་གསུམ་དུག་ལྔ་དགྲ་གཉེན་བདེ་སྡུག་དང་། །བདེ་གསལ་མི་རྟོག་ཉམས་སྣང་བཟང་ངན་འབྲིང་། །སྒྱུ་མ་རྨིག་སྒྱུ་རྨི་ལམ་སྒྱུ་མའི་དཔེ། །མེ་ལོང་གཟུགས་བརྟན་ཆུ་ཟླ་བཞིན་དུ་སྟོང་། །མེད་ལ་ཡོད་བཟུང་རང་ངོར་རང་གྲོལ་བ། །སྣང་སེམས་དབྱིངས་བསྲེ་འཛིན་མེད་ཕྱལ་པར་སྐྱོངས། །གསལ་འགྲིབ་བྱུང་ན་ཀློང་དུ་མ་གྱུར་བར། །ཐང་ལྷོད་མེད་པའི་བརྩོན་འགྲུས་བརྩོན་པར་གྱིས། །རྨི་ལམ་གསལ་སྣང་གསལ་བའི་ཉམས་སྣང་སྟེ། །བཟང་ངན་འཛིན་མེད་ཡིན་པས་དེ་བཞིན་ཞུ། །ཐོད་རྒལ་ཉི་འོད་འཁྲིད་མཁས་གྱིས་ལ་ལྟོས། །ཉི་མར་ཉེ་ན་མིག་ལ་གཟན་ཆེ་སྤངས། །འདུག་སྟངས་དྲང་སྲོང་ཙོག་པུ་འོས་མཐུན་བསྟེན། །དབྱིངས་ཀྱི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད། །རྣམ་པར་བཞག་སྟེ་ནམ་ཡང་འབྲལ་མི་བྱ། །ཐིག་ལེ་དང་ནི་ཐིག་ཕྲན་ལུག་རྒྱུད་སྐུ། །ཇི་ལྟར་ཤར་ལ་འཛིན་པ་མེད་བཞིན་དུ། །རིག་པ་ཚད་ཕེབས་ཆོས་ཟད་ཀློང་དུ་བསྐྱལ། །མི་ལུས་དོན་ལྡན་དེ་རིང་འབུངས་གསུམ་ཐོན། །བསགས་པ་དོན་ལྡན་ཚོགས་གཉིས་མཐར་ཕྱིན་མཛོད། །འདུས་བྱས་མི་རྟག་འཆི་བ་སྙིང་ནས་བསྒོམ། །བདེ་སྐྱིད་འབྱུང་གནས་དབེན་རི་ཟིན་པར་མཛོད། །ཅེས་པ་འདི་གྷུ་རུའི་སྒྲུབ་གནས་སྤོམ་ནེ་བྲག་དཀར་གྱི་གྲུབ་ཆེན་དབང་རྒྱལ་ལ་ཕུལ་བའོ། །ན་མོ་གྷུ་རུ་བཱི་དྷ་རཱ། །དཔལ་དུས་གསུམ་སངས་རྒྱས་མི་ཡི་གཟུགས། །བདག་སྐྱབས་མེད་སྐྱོབ་པའི་ཐུགས་རྗེ་ཅན། །མཚན་བརྗོད་ན་པདྨ་རིགས་འཛིན་ཞེས། །ཕ་གྲུབ་པའི་དབང་ཕྱུག་དེ་ལ་འདུད། །ཡེ་གྲོལ་གཤིས་ཀྱི་གནས་ལུགས་ངོ་བོ་ཉིད། །དགྲ་གཉན་བདེ་སྡུག་སྤང་བླང་རིས་ལས་འདས། །ཅི་ལྟར་པ་ཡི་དབུས་ནས་ཆུ་བོ་འབབ། །ཆུ་ཡི་སྙིང་པོར་བག་རྡུལ་སྒྲིབ་པ་མེད། །དེ་བཞིན་འབྱུང་བའི་དབུས་ན་སེམས་བཞུགས་ཀྱང་། །དབང་པོ་སྒོ་ལྔ་རྣམ་ཤེས་ཚོགས་བརྒྱད་ཀྱིས། །མ་གོས་མ་སྒྲིབ་ཕན་དང་གནོད་པ་བྲལ། །དུས་གསུམ་དུས་མེད་སྐྱེ་འགག་སྤྲོས་དང་བྲལ། །འཁོར་འདས་དབྱེར་མེད་ངོ་བོ་བློ་ལས་འདས། །འདི་ནི་མཐོང་མེད་མཐོང་བའི་ལྟ་བ་ཞེས། །སངས་རྒྱས་ཀུན་དུས་བདེ་གཤེགས་དགོངས་པའི་མཆོག །དེ་ཡི་ངང་མདངས་འཛིན་མེད་བློ་འདས་ལ། །སྣང་སེམས་འཁྲུལ་སྣང་གང་དང་ཅི་ཤར་ཀྱང་། །ནམ་མཁའི་ཁམས་ལ་བྱ་ལམ་རྗེས་མེད་ལྟར། །དུས་གསུམ་བློ་བྲལ་ཅོག་བཞག་ཡིན་པ་ལ། །བལྟ་ཁ་བདེ་དང་མི་བདེ་ཅི་ལ་སྲིད། །སྐབས་འགའ་འདི་བྱ་འདི་བྱེད་མེད་པ་ལ། །འདུན་པ་བསྟད་དང་མ་བསྟད་ཁྱད་མེད་དེ། །ངོ་བོ་རང་བྱུང་སྤྲོས་བྲལ་གཅེར་གྲོལ་ཞེས། །ཡེངས་འཛིན་བསྒོམ་པའི་འཁྲུལ་རྟོག་བྲལ་བཞིན་སྤྱོད། །ཡང་དག་དོན་སྤྱོད་དགོངས་དོན་ཨེ་མ་ཧོཿ རྨི་ལམ་ཉིན་སྣང་ཏིང་འཛིན་རོལ་པའི་རྩལ། །ཉིན་དབང་རང་ཚོ་ཆོས་ཉིད་ཁོར་ཡུག་ཏུ། །ཇི་ལྟར་འབྱོངས་བཞིན་མཚན་སྣང་གསལ་བར་ཡོང་། །ཉིན་སྣང་ཞེན་ན་མཚན་སྣང་ཟིན་པར་དཀའ། །རྩུབ་ཟིན་ངེས་མེད་འཇམ་ཟིན་གཙོ་བོར་ཐོན། །ཉལ་བ་གཉིད་ཀྱི་ཏིང་འཛིན་རྒྱུན་ཁྱེར་ནི། །དྲང་སྲོང་ཙོག་པུ་སེངྒེ་གང་བདེའི་ཚུལ། །འཁྲུལ་འཁོར་བསྟུན་ནས་བླ་མ་སྤྱི་བོར་བསྒོམ། །རྨི་ལམ་ཟིན་པའི་གསོལ་བ་ཡང་ཡང་བཏབ། །བླ་མ་འོད་ཞུ་རང་བསྟིམ་ཐུགས་ཡིད་བསྲེ། །རང་ལུས་འོད་ཕུང་ལྔ་ལྡན་དབུས་སུ་ཧཱུྃ། །ཁ་དོག་ལྔ་ལྡན་འོད་འབར་སེམས་བསྟད་ནས། །སྒྲིམ་ལྷོད་རན་པར་ཉལ་བས་རྨི་ལམ་གྱི། །སྣང་བ་འབྱོང་རིམ་བཞིན་དུ་ཟིན་ནས་ཡོང་། །ཚེ་འདི་རྨི་ལམ་ཐུན་གཅིག་སྣང་བ་ལ། །ཡུན་རིང་རྟག་འཛིན་སྤོངས་ལ་ཆོས་ལ་རེམ། །འདུས་བྱས་མི་རྟག་ཆུ་ཡི་ལྦུ་བ་ལ། །ཆགས་ཞེན་འཁྲི་བ་ཆོད་ལ་ཆོས་ལ་རེམ། །བླ་མ་དུས་གསུམ་སངས་རྒྱས་སྤྲུལ་པ་ལ། །དད་མོས་གསོལ་འདེབས་མ་ཞེན་ཆོས་ལ་རེམ། །རྩ་གསུམ་ཆོས་སྐྱོང་མགོན་མཆོག་སྐྱབས་གཅིག་ལ། །བསྙེན་སྒྲུབ་བརྩོན་འགྲུས་མ་ཞེན་ཆོས་ལ་རེམ། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ལ། །བསྔོ་སྨོན་རྒྱས་འདེབས་མ་ཞན་ཆོས་ལ་རེམ། །ཅེས་པ་འདི་གནས་མཆོག་སྤོམ་ནེའི་བསམ་གཏན་པ་བསྟན་འཛིན་ཆོས་འཕེལ་ལ་དགོས་དོན་ལྟར་ཕུལ་བའོ། །ན་མོ་གྷུ་རུ་པདྨ་ཀ་ར་ཡཱ། །དུས་གསུམ་རྒྱལ་བའི་ངོ་བོ་འགྲོ་བའི་སྐྱབས། །ཨོ་རྒྱན་ཆེན་པོ་བླ་མ་གྷུ་རུ་ལ། །གསོལ་བ་འདེབས་སོ་ཤེས་རྒྱུད་བྱིན་གྱིས་རློབས། །ཀྱེ་ཧོ་གསོན་དང་སྐལ་ལྡན་རིགས་ཀྱི་བུ། །སྣང་སྲིད་སྣོད་བཅུད་དུས་གསུམ་བདེ་སྡུག་དང་། །གཟུང་ཡུལ་འཛིན་སེམས་ལྟ་སྒོམ་སྤྱོད་དང་འབྲས། །སོ་སོ་མ་ཡིན་སེམས་ཀྱི་རྩལ་སྣང་འཕྲུལ། །དུ་མ་རོ་གཅིག་བརྗོད་མེད་ཕྱམ་གཅིག་སྟེ། །འཇིག་རྟེན་ཕྱོགས་དང་ཕྱོགས་མཚམས་ཆུ་བོ་རྣམས། །མི་གཅིག་ཐ་དད་ཕྱོགས་ཕྱོགས་འབབ་ན་ཡང་། །རྒྱ་མཚོ་ཆེན་པོའི་ཀློང་དུ་ཕྱམ་གཅིག་བརྡལ། །རང་སེམས་སྐུ་གསུམ་གོ་འཕང་ཐོབ་ན་ཡང་། །འཐོབ་མཁན་སེམས་ཡིན་ངན་སོང་འཁོར་བའི་སྡུག །མྱོང་ཀྱང་རང་གི་སེམས་ལས་གཞན་ན་མེད། །འཁོར་འདས་བྱེད་པོ་བདག་གཞན་ཀུན་གྱི་གཙོ། །རང་སེམས་དངོས་མེད་ཡོད་བརྫུའི་སྒྱུ་མའི་འཕྲུལ། །སྒྱུ་མས་བཀོད་པའི་སྒྱུ་འདྲའི་མཚན་ཉིད་ལ། །དུས་གསུམ་བརྟག་ཅིང་དུས་གསུམ་ལེགས་དཔྱད་པས། །བྱིས་པས་བྱས་པའི་བྱ་བ་ཅི་བཞིན་ལ། །ཡོད་པར་འཛིན་ལ་དོན་མེད་འཁྲུལ་པ་རྣམས། །ཆོས་ཉིད་རང་བྱུང་རྣམ་དག་ཀློང་ཆེན་པོར། །དུས་གསུམ་སྐྱེ་འགག་མེད་པར་ཕྱམ་གཅིག་སྟེ། །སྤྲོས་བྲལ་གཉུག་མའི་རང་མདངས་རང་གྲོལ་དུ། །བརྗོད་མེད་བློ་ལས་འདས་བཞིན་སྐྱོངས་ཤིག་བུ། །ཆོས་ལ་ཞུགས་ཚུལ་ཉམས་ལེན་བྱས་ཚུལ་དང་། །བཅུད་ལེན་བྱས་ཚུལ་དཀའ་བ་སྤྱད་ཚུལ་བཟང་། །ཉིན་གྱི་རྣལ་འབྱོར་རང་མདངས་མཚན་མོ་ཡིན། །ཉིན་མཚན་མེད་པ་ཆུ་བོའི་རྒྱུན་བཞིན་ལ། །ད་དུང་འགྲོ་དཀའ་ཚེ་རབས་བག་ཆགས་འཐུག །ཆོས་མཇུག་འཆི་དང་མཉམ་པའི་མཐར་སྐྱོལ་དང་། །རྨི་ལམ་མི་ཟིན་དོགས་པ་མི་འབྱུང་ངོ་། །ཉལ་པའི་འཁྲུལ་འཁོར་དྲང་སྲོང་ཙོག་པུའམ། །ཡང་ན་སེངྒེ་བཞིན་ཏེ་གང་བདེ་སྤྱད། །སྤྱི་བོར་བླ་མ་བསྒོམ་ཞིང་གསོལ་བ་འདེབས། །ཐུགས་ཡིད་བསྲེ་ཞིང་བླ་མ་རང་ལ་བསྟིམ། །རང་ལུས་མི་དམིགས་འོད་མཐིང་ཐིག་ལེའི་དབུས། །རང་སེམས་ཨཱཿདཀར་མདངས་དང་ལྡན་པར་བསྒོམ། །དེ་ལ་སེམས་གཏད་སྒྲིམ་ལྷོད་རན་པར་ཉལ། །རིམ་གྱི་འབྱོང་རིམ་བཞིན་གྱི་རྨི་ལམ་ཟིན། །མི་ཚེ་མི་རྟག་ནམ་འཆི་ཆ་མེད་ལ། །རྟག་འཛིན་ཚེ་འདིའི་དབང་དུ་མ་འཁྲུལ་ཞིག །འདུས་བྱས་མི་རྟག་སྡུག་བསྔལ་རང་བཞིན་ལ། །བློ་གཏད་མེད་པ་སྙིང་ལ་འཆང་བར་གྱིས། །འཁོར་འདབ་ལོངས་སྤྱོད་རྨི་ལམ་སྣང་བ་ལ། །ཆགས་འཛིན་ཞེན་པ་སྤོངས་ལ་ཆོས་ལ་རེམ། །བདེ་སྐྱིད་འབྱུང་གནས་དབེན་གནས་རི་ཁྲོད་གཟུང་། །ལྟོ་གོས་གང་བྱུང་གྱི་ན་ལྷག་སྐྱོབས་མཛོད། །ཅེས་པ་འདི་ཡང་སྤོམ་ནེའི་བྲག་གི་སྒོམ་ཆེན་པ་པདྨ་བདེ་ཆེན་ལ་དགོས་དོན་ལྟར་ཕུལ་བའོ། །ན་མོཿགྷུ་རུ་པདྨ་བཱི་དྷ་རཱ། །སྐྱབས་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཕ་འདྲེན་པ་མཉམ་མེད་རིན་པོ་ཆེ། །གྲུབ་ཐོབ་པདྨའི་མཚན་ཅན་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱུ་དགེ་བ་བསྒྲུབས་པས་ཕན་མ་བཏགས། །དེ་བཞིན་སྡིག་གིས་ཀྱང་མི་གནོད་ཅིང་། །ཡོད་མེད་ཡིན་མིན་མཐའ་ལས་འདས། །སྤང་བླང་དགག་སྒྲུབ་བྲལ་བ་ལ། །མིང་དང་ཚིག་གི་ཡུལ་ཟད་པ། །འདི་ཡིན་འདི་མིན་བྲལ་བ་དེ། །རང་སེམས་ཀྱི་ངོ་བོ་ཡང་དག་ཡིན། །སེམས་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །གཞི་མེད་རྩ་བྲལ་ཆེན་པོ་དེ། །རྟོགས་པས་རྟོགས་མཆོག་བླ་ན་མེད། །ཐག་ཆོད་གྱིས་ཤིག་རིགས་ཀྱི་བུ། །དེ་ལས་གཞན་དུ་མ་ཚོལ་ཞིག །རང་བྱུང་ཆོས་ཉིད་དེ་ཡི་ངང་། །སྒོ་ལྔ་དབང་ཤེས་ཚོགས་བརྒྱད་དང་། །ཡིད་དང་སེམས་འབྱུང་འདུ་འཕྲོའི་རྩལ། །དཔེ་ནི་མཁའ་དབྱིངས་སྟོངས་པ་ལས། །འབྱུང་བའི་རྩལ་སྣང་ཅི་ཤར་ཡང་། །མཁའ་ལས་བྱུང་ཞིང་མཁའ་ལ་ཐིམ། །ནམ་མཁའ་ཉིད་ཀྱི་རང་བཞིན་ལ། །ཕན་བཏགས་གནོད་བསྐྱལ་མེད་པ་བཞིན། །སྣང་སེམས་ཡོ་ལང་ཅི་འཚུབས་ཀྱང་། །རང་སེམས་སྤྲོས་བྲལ་ཆོས་སྐུ་ལ། །ཕན་གནོད་བྱེད་ས་བྱེད་ཡུལ་བྲལ། །འདི་དོན་རྟོགས་པའི་རྣལ་འབྱོར་པས། །འཁོར་འདས་འདམ་སོར་མེད་པ་ལ། །སེམས་འབྱུང་སྣང་བའི་འགྱུ་རྟོག་ལ། །སྤང་བླང་དགག་སྒྲུབ་ཇི་ལྟར་སྲིད། །གང་ཤར་ཅིར་སྣང་འཛིན་མེད་ངང་། །དུས་གསུམ་བློ་འདས་ཁྱབ་གདལ་བསྒོམ། །བདེ་གསལ་མི་རྟོག་བཟང་ཉམས་དང་། །དུག་ལྔ་དུག་གསུམ་ཆགས་སྡང་རྨོངས། །ངན་ཉམས་རྩལ་སྣང་ཅི་ཤར་ཡང་། །སྒྱུ་མའི་རྒྱུ་དང་ཆུ་ཟླ་བཞིན། །སྟོང་ལ་དག་སྟེ་རང་སར་ཡལ། །ཤར་གྲོལ་དེར་འཛིན་མེད་པར་སྐྱོངས། །དེ་ལ་གོལ་ཤོར་སྒྲིབ་གསུམ་བྲལ། །གོ་བར་གྱིས་ཤིག་སྐལ་ལྡན་པ། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ཚེ་མཇུག་ཆོས་དང་མཉམ་པ་དང་། །དབེན་པའི་རི་བོ་བསྟེན་པ་དང་། །མི་རྟག་བསྐུལ་མ་འདེབས་པ་དང་། །ལས་འབྲས་ཆོས་ལ་འདོར་ལེན་དང་། །གསོག་འཇོག་སེར་སྣ་སྤང་བ་དང་། །དགྲ་གཉེན་འདོར་ལེན་སྐྱུང་བ་དང་། །ཟས་གོས་གྱི་ན་ལྷག་སྐྱོབ་དང་། །གཡེང་བ་ཆེ་བཞག་ཆུང་བསྐྱུར་སོགས། །ནམ་ཡང་སྙིང་ལ་རུས་པ་ཐོན། །ཅེས་པ་འདི་གནས་མཆོག་སྤོམ་ནེའི་བཙན་སྒོམ་གྲགས་པ་དོན་དམ་གྱི་དགོས་དོན་ལྟར་ཕུལ་བའོ། །ན་མོཿཔདྨ་ཀ་ར་ཡེ། །སྐྱབས་ཨོ་རྒྱན་གྷུ་རུ་པད་འབྱུང་དང་། །དོན་དབྱེར་མེད་དྲིན་ཅན་བླ་མ་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྟ་བ་ཡེ་གྲོལ་གདོད་མའི་གཤིས་ལུགས་ལ། །ངོ་བོ་དངོས་མེད་བློ་འདས་བརྗོད་མེད་དང་། །འཕོ་འགྱུར་མེད་པ་ཡེ་གྲོལ་ཀ་དག་ཆེ། །སེམས་ཉིད་བྱར་མེད་སྐྱེ་མེད་འཆི་མེད་གོ །ཟེར་བ་དེ་ལ་ཐག་ཆོད་དེ་ག་ཡིན། །དེ་ལས་གཞན་ན་རང་སེམས་མེད་དོ་ལགས། །ཆོས་ཉིད་རང་བྱུང་དེ་ཡི་རང་མདངས་ལས། །མ་ཡེངས་མི་སྒོམ་མཉམ་པར་བཞག་པའི་ཚེ། །དེ་ཡིན་འདི་ཡིན་མེད་པའི་བློ་འདས་ལ། །བསྒོམ་བྱ་སྒོམ་བྱེད་བྲལ་དེ་ཡང་དག་བསྒོམ། །ནམ་ཡང་འགྱུར་མེད་མཆོག་དེར་ཡེངས་མེད་སྐྱོངས། །བཟང་རྟོག་ངན་རྟོག་དྲན་རྟོག་སྣ་ཚོགས་རྩལ། །ཅི་ལྟར་ཤར་ཡང་ཆུ་དང་ཆུ་གཉེར་ལྟར། །རང་སར་རང་གྲོལ་རང་མདངས་སྤྲོས་དང་བྲལ། །དུས་གསུམ་མཉམ་ཉིད་བློ་འདས་དོན་རྟོགས་མཛོད། །ཉལ་བའི་འཁྲུལ་འཁོར་དྲང་སྲོང་ཙོག་པུའི་ངང་། །སྤྱི་བོར་བླ་མ་བསྒོམ་སྟེ་གསོལ་བ་འདེབས། །བླ་མ་འོད་ཞུ་རང་དང་དབྱེར་མེད་བསམ། །རང་ལུས་ཡི་གེ་ཨཱཿདཀར་འོད་ལྔ་འབར། །མདངས་དང་ལྡན་ལ་སེམས་གཏད་ཡེངས་མེད་ངང་། །སྒྲིམ་ལྷོད་རན་པར་རྒྱུན་དུ་ཆགས་མེད་གྱིས། །རིམ་བཞིན་འབྱོངས་ནས་རྨི་ལམ་ཟིན་པར་འགྱུར། །སྣང་སྲིད་འཁོར་འདས་སྒྱུ་མ་རྨི་ལམ་ལ། །ཆགས་ཞེན་མེད་བཞིན་སྙིང་པོའི་ཆོས་ལ་རེམ། །ཐོག་མེད་དུས་ནས་ཉི་མ་དེ་རིང་བར། །རིགས་དྲུག་དུཿཁ་བརྒྱུད་པ་ཡི་རེ་སྐྱོ། །སྐྱོ་བ་བསྐྱེད་ལ་དམ་པའི་ཆོས་ལ་རེམ། །དེ་རིང་ཐར་པའི་བཙན་ས་མ་ཟིན་ན། །འཁོར་བ་མཐའ་མེད་གར་འཁྱམས་ཆ་མེད་པ། །སྙིང་ནས་དྲན་བཞིན་དམ་པའི་ཆོས་ལ་རེམ། །ལོ་ཟླ་ཞག་གསུམ་ཇི་ལྟར་སོང་བཞིན་དུ། །གསོད་སར་འཁྲིད་པའི་བཙོན་བཞིན་འཆི་ལ་ཉེ། །མི་རྟག་འཆི་བ་དྲན་བཞིན་ཆོས་ལ་རེམ། །ཚེ་འདིའི་བྱ་བྱེད་ཤོམ་ར་རྒྱ་འདེང་སོགས། །བྱས་བཞིན་ཟིན་མེད་ཆེ་བཞག་ཆུང་བསྐྱུར་དང་། །བློ་སྣ་ནང་བསྡུས་དམ་པའི་ཆོས་ལ་རེམ། །ཅེས་པ་འདི་ཡང་གནས་ཆེན་སྤོམ་ནེའི་བཙུན་སྒོམ་པ་ཨོ་རྒྱན་ཕུན་ཚོགས་ཀྱི་དགོས་དོན་ལྟར་ཕུལ་བའོ། །ན་མོ་མ་ཧཱ་གྷུ་རུ་བྷྱཿ ལྷ་རྫོགས་པའི་སངས་རྒྱས་མི་ཡི་གཟུགས། །དཔལ་འགྲན་བྲལ་གྲུབ་ཐོབ་རྗེ་ལ་འདུད། །ཕ་མཚན་ལྡན་བླ་མས་བྱིན་གྱིས་རློབས། །དགྲ་གཉེན་དུག་གསུམ་དུག་ལྔ་ཆུང་ཉམས་ལ། །རྒྱ་མཚོ་རླུང་དང་བྲལ་འདྲའི་སྣང་བ་དང་། །མེད་བཞིན་ཡོད་སྣང་ཆུ་རླངས་མེ་དུད་དང་། །རེ་དོགས་བྲལ་བའི་སྣང་ཉམས་བྱུང་བ་དང་། །གཉིད་དང་མ་གཉིད་དྲན་ཤེས་འགག་འདྲ་དང་། །མཚན་ལ་སྣང་ཡུལ་མེ་འབར་མར་མེ་དང་། །ཉི་ཐིག་ཟླ་ཐིག་འདྲ་བའི་ཉམས་སྣང་དང་། །གཉིས་འཛིན་ཐེ་ཚོམ་ཡོད་འདྲ་མེད་འདྲ་སོགས། །རང་སེམས་བདག་མེད་བདག་གི་བལྟས་པའི་འཕྲུལ། །སེམས་ཀྱི་རོལ་པ་སེམས་ཀྱི་རྩལ་སྣང་སྟེ། །འཁྲུལ་སྣང་སྣ་ཚོགས་བཟང་ངན་གང་ཡང་མེད། །ད་དུང་བླ་མའི་དྲུང་ནས་ག་དར་ཆོད། །སྔ་ལམ་བཞིན་གྱི་བཟང་ངན་ཉམས་སྣང་ལ། །སྤང་བླང་མི་དགོས་གང་ཤར་རང་ངོར་ལྟོས། །བལྟས་པས་མཐོང་མེད་ངོ་བོ་སྟོང་པ་དེ། །རང་སེམས་ངོ་བོ་ཉིད་ལ་ཐག་ཆོད་ལ། །དེ་ཡི་ངང་ལས་རྐྱེན་ལ་མི་བལྟ་བས། །བློ་ལས་འདས་ཤིང་སྤྱོད་མེད་སྤྱོད་བཞིན་དུ། །བསྒོམ་དུ་མེད་བཞིན་ཡེངས་སུ་མ་སོང་བཞིན། །སྣང་སྟོང་གྲག་སྟོང་དྲན་སྟོང་སྤྲོས་བྲལ་དུ། །ལྷན་ནེ་ལྷ་ངེ་ལྷམ་མེར་ཉམས་སུ་ལོང་། །དེ་ལྟར་བརྩོན་པས་ཉམས་སུ་བླངས་པའི་ཚེ། །རང་སེམས་ཆོས་སྐུར་རང་ཡིད་ཆེས་པ་དང་། །སྣང་གྲགས་ཆོས་རྣམས་བདག་མེད་རྟོགས་པ་དང། །འཁོར་འདས་སྤང་བླང་འདམ་སོར་བྲལ་བ་དང་། །ཉམས་སྣང་བག་ཆགས་རྟོག་ཚོགས་བཟང་ངན་རྣམས། །སྒྱུ་མ་སྨིག་སྒྱུ་ཆུ་ཟླ་ཆུ་བུར་ལྟར། །རང་ཞི་རང་གྲོལ་བརྗོད་མེད་བློ་འདས་ཏེ། །ཉམས་རྟོགས་མཐར་ཕྱིན་འབྲས་བུ་མངོན་དུ་འགྱུར། །དེ་ལྟར་མ་གྱུར་བར་དུ་བརྩོན་འཚལ་ལོ། །འཁོར་བའི་གནས་འདི་རྒྱལ་པོའི་བརྩོན་དོང་འདྲ། །ཆོས་ལམ་འགལ་བྱེད་ཉེ་དུ་བཙོན་བསྲུང་འདྲ། །རྒྱུ་འབྲས་ཆོས་འདི་ལུས་དང་གྲིབ་མ་འདྲ། །དལ་འབྱོར་མི་ལུས་དཔྱིད་ཀྱི་མེ་ཏོག་འདྲ། །འཆི་བདག་བདུད་པོ་སྟོན་ཀའི་བ་མོ་འདྲ། །ཚེ་ལ་ལོང་མེད་སྣུམ་ཟད་མར་མེ་འདྲ། །འཁོར་གྲོགས་རྣམས་ཀྱང་ཤིང་ཁའི་བྱ་ཚོགས་འདྲ། །བཟང་ངན་འདོར་ལེན་བྱིས་པའི་བྱེ་ཁང་འདྲ། །ལོངས་སྤྱོད་ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ། །བསྟོད་དམད་བདེ་སྡུག་རྨི་ལམ་སྣང་བ་འདྲ། །དེ་ཕྱིར་ཚེ་འདི་བློས་ཐོང་རི་ཁྲོད་བསྟེན། །འཆི་ཁར་འགྱོད་མེད་ཉམས་ལེན་ཆིག་དྲིལ་ཐོང་། །ཚེ་གང་ཆོས་ལ་སྒྲིལ་ཞིག་རིགས་ཀྱི་བུ། །ཅེས་པ་འདི་ཡང་གནས་ཆེན་སྤོམ་ནེའི་སྒོམ་བཙུན་པ་བསྟ ན་པ་རྒྱལ་མཚན་གྱི་དགོས་དོན་ལྟར་ཕུལ་བའོ། །ན་མོ་གྷུ་རུ་རཏྣ་བྷྱཿ སྐྱབས་རྒྱལ་བ་ཀུན་འདུས་ཐུགས་རྗེའི་བདག །ཕ་མཚུངས་མེད་གྲུབ་ཐོབ་ཆེན་པོ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རྗེ་སྐུ་དྲིན་ཆེན་པོས་བྱིན་གྱིས་རློབས། །སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན། །སྣང་ཙམ་བརྡ་ཙམ་དོན་ལ་རྟོག་མེད་ངང་། །བདེ་སྡུག་ཚོར་བ་སེམས་ལ་བྱུང་བ་དང་། །སེམས་ཀྱི་ངོ་བོ་གསལ་སྟོང་འཛིན་མེད་དང་། །མེར་རེ་ཁྱམ་མེའི་སྣང་ཉམས་ཐམས་ཅད་བཟང་། །དོན་མཐོང་དོན་རྟོགས་དེ་ཉིད་ཡིན་བཞིན་ལ། །དྲན་པས་ཕར་བསྐུལ་རྟོགས་པས་ཚུར་བསྐུལ་སོགས། །ཉམས་ལེན་བྱས་པའི་ཚད་རྡོ་ཡ་རེ་མཚན། །ད་ཆ་དེ་བཞིན་སྔར་མུས་མཉམ་པར་བཞག །གདོད་ནས་དག་པའི་རང་སེམས་སྤྲོས་དང་བྲལ། །བསྒོམ་དུ་མེད་དེ་འཛིན་པའི་མཐའ་དང་ཕྲོལ། །ཡེངས་སུ་མེད་དོ་བརྗོད་མེད་རང་བབ་སྐྱོང་། །དྲན་རྟོག་སྣང་འཁྲུལ་བག་ཆགས་བཟང་ངན་རྣམས། །ཆབ་རོམ་ཆུར་ཞུ་ནམ་མཁར་སྤྲིན་དེངས་ལྟར། །རང་སྟོང་རང་གྲོལ་རང་ཡལ་རང་བབས་ལ། །སྤང་བླང་མེད་པ་ཆུ་བོའི་རྒྱུན་བཞིན་སྤྱོད། །མི་ཚེ་ལོང་མེད་ནུབ་རིའི་ཉི་ཟེར་ལ། །འཆི་བ་དྲན་བཞིན་ཉམས་ལེན་མཐའ་ལ་སྐྱོལ། །ཆོས་རྣམས་ཐམས་ཅད་མི་རྟག་སྙིང་པོ་མེད། །འདུས་བྱས་འཇིགས་པར་བསམ་བཞིན་ཉམས་རྟོགས་སྤེལ། །འཁོར་བའི་གནས་ན་བདེ་བའི་གོ་སྐབས་མེད། །ཐར་པའི་ལམ་སྣ་ཟིན་ངེས་དེ་རིང་མཛོད། །ཅེས་པ་འདི་གནས་མཆོག་སྤོམ་ནེའི་མ་ཎི་པ་ལ་དགོས་དོན་ལྟར་ཕུལ་བའོ། །ན་མོ་མ་ཧཱ་གྷུ་རུ་ཡེ། །སྐྱབས་མཚུངས་མེད་ཨོ་རྒྱན་གྷུ་རུ་དང་། །ཕ་གྲུབ་ཐོབ་པདྨ་རིགས་འཛིན་ལ། །སེམས་མོས་གུས་གདུང་བས་གསོལ་བ་འདེབས། །རྗེ་སྐུ་དྲིན་ཆེན་པོས་བྱིན་གྱིས་རློབས། །སྣང་སེམས་གསལ་ཉམས་ལྷམ་མེར་གནས་པ་དང་། །འགྲོ་མྱོང་ས་ཡུལ་ཁྱམ་མེར་དྲན་པ་དང་། །མ་དྲན་བཞག་ཀྱང་རང་སོར་གནས་པ་དང་། །གཉིད་དང་མ་གཉིད་མཚམས་ཀྱི་སྟོང་ཉམས་དང་། །གཉིད་སད་ལྷ་སྐུ་ཡིིག་འབྲུའི་སྣང་ཉམས་རྣམས། །སེམས་ལ་བལྟས་པའི་རང་མདངས་ཉམས་སྣང་ཞེས། །བཟང་མེད་ངན་མེད་སྤང་བླང་རེ་དོགས་ཕྲོལ། །དེ་དག་ཐམས་ཅད་ཉམས་ཀྱི་སྣང་བ་ཡིན། །རང་གི་སེམས་ལ་རང་གིས་བལྟས་པའི་ཚེ། །ངོ་བོ་ངེས་ཚིག་མཚོན་དཔེ་མེད་ངེས་ལ། །མ་བལྟས་བསྐྱུར་ན་བན་བུན་གྱ་གྱུ་མཁན། །དེ་ཉིད་རང་སེམས་ཡིན་པ་ཤེས་གྱིས་ལ། །མཉམ་པར་བཞག་དུས་བརྗོད་མེད་ལྷན་ནེ་བ། །སེམས་ཉིད་རང་ངོ་དེ་ཡི་ངང་ལ་ཞོག །འགྱུ་བ་བན་བུན་བདེ་ཉམས་གསལ་ཉམས་དང་། །དུག་ལྔ་དུག་གསུམ་ཆགས་སྡང་རྨོངས་གསུམ་སོགས། །སྣང་སེམས་རོལ་པ་སེམས་འབྱུང་ཅི་ཤར་ལ། །སྤང་བླང་མེད་པར་ལིང་བསྐྱུར་གཏོང་བ་འམ། །ངོ་བོར་བལྟ་ཞིང་སྟོང་གསལ་རྗེན་པར་སྐྱོངས། །གདམས་པ་གཉིས་པོ་རང་ཉམས་གང་བདེར་སྤྱོད། །གོ་ན་རང་སེམས་བརྗོད་མེད་སྐྱེ་འགགས་བྲལ། །དུས་གསུམ་དུས་མེད་སྣང་སྟོང་བློ་ལས་འདས། །རིས་སུ་མ་གྲུབ་དབྱིབས་དང་ཁ་དོག་བྲལ། །ཡོད་མེད་ཡིན་མིན་རྟག་ཆད་ཕྱོགས་ལྷུང་མེད། །དེ་ཡི་ངང་མདངས་ཡེངས་སུ་མེད་བཞིན་ལ། །བསྒོམ་པ་སྒོམ་རྒྱུ་སྒོམ་བྱེད་བྲལ་བ་དེ། །ཡང་དག་དོན་གྱི་ལྟ་སྒོམ་བླ་ན་མེད། །སྙིང་ལ་ཆོངས་ལ་དོན་དང་ལྡན་པར་གྱིས། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ལ། །རྣམ་པ་ཀུན་ཏུ་བྱམས་དང་སྙིང་རྗེ་བསྐྱེད། །རང་བྱུང་ཤུགས་ཀྱི་བྱམས་སྙིང་རྒྱུད་ལྡན་དཀའ། །དང་པོར་ཕར་བསྐྱེད་དེ་ནས་ངང་གིས་འདྲེ། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །གོང་མའི་རྒྱལ་ཀུན་ཐུགས་རྗེ་ཆེར་ལྡན་ཀྱང་། །རང་གིས་མི་མཐོང་མི་མཇལ་སྤྱོད་ཡུལ་བྲལ། །ད་ལྟའི་བླ་མ་མངོན་སུམ་རང་སྤྱོད་ལྡན། །ཐུགས་ནི་ཆོས་སྐུ་གསུང་ནི་ལོངས་སྐུ་སྟེ། །སྐུ་ནི་སྤྲུལ་སྐུ་དུས་གསུམ་སངས་རྒྱས་དངོས། །ལེགས་པའི་ལམ་སྟོན་ཉེས་པའི་ལམ་ལས་སྐྱོབ། །ཚུལ་བཞིན་བསྟེན་ནས་ཆོས་ཀྱི་བཀའ་བསྒྲུབ་ན། །ཚེ་གཅིག་ལུས་གཅིག་ཕྱིར་མི་ལྡོག་པར་འགོད། །འདི་ནི་རང་ལ་སངས་རྒྱས་ཀུན་ལས་ལྷག །དེ་ཕྱིར་འདྲེན་པ་མཉམ་མེད་བློ་བཀལ་ཏེ། །མོས་གུས་གདུང་བའི་གསོལ་བ་ཐེབས་གལ་ཆེ། །དད་པ་རབ་འབྲིང་ཐ་མའི་ཉམས་རྟོགས་འཐོབ། །དད་པ་མེད་ན་སངས་རྒྱས་ཞལ་མཇལ་ཡང་། །ཉན་ཐོས་ལྷག་མ་བཞི་ལྟར་འཁོར་བར་འཁྱམ། །དད་མོས་སྙིང་ནས་བསྐྱེད་ལ་གསོལ་འདེབས་འབུངས། །མི་རྟག་འཆི་བ་འདུས་བྱས་མཐའ་གཞིག་ལ། །བློ་སྣ་ནང་བསྡུས་དབེན་རི་མ་ཤོར་བརྩོན། །དཀའ་ཐུབ་བཅུད་ལེན་གྱི་ན་ལྷག་སྐྱོབས་ལ། །བློ་གཏད་ཆགས་ཞེན་འཁྲི་བ་ཅི་ཆོད་རེམ། །ཅེས་པ་འདི་གནས་ཆེན་སྤོམ་ནེའི་སྒོམ་བཙུན་པ་ཆོས་རྒྱལ་མཚནགྱི་དགོས་དོན་ལྟར་ཕུལ་བའོ། །ན་མོ་གྷུ་རུ་རཏྣ་ཡེ། །ཐུགས་རྗེ་ཆེར་ལྡན་འགྲོ་བའི་མགོན་ཅིག་པུ། །པདྨ་གྷུ་རུ་བླ་མ་མཆོག་ལ་འདུད། །ལྟ་བའི་གོ་ཡུལ་དགྲ་གཉེན་ཆགས་སྡང་དང་། །བདེ་སྡུག་ཚོར་བ་སངས་རྒྱས་སེམས་ཅན་སོགས། །དབྱེར་མེད་རྟོགས་པ་ངེས་དོན་དེ་བཞིན་ཡིན། །དེ་ཡི་རང་མདངས་སྣང་སེམས་འདུ་འཕྲོ་ལ། །སྤང་བླང་དགག་སྒྲུབ་མེད་པར་ཕྱམ་གཅིག་ཏུ། །མཉམ་ཉིད་བློ་ལས་འདས་པར་བཞག་པ་བསྒོམ། །ཡེངས་བསྒོམ་མཐའ་བྲལ་རང་བྱུང་དེ། །ལྟ་བསྒོམ་ཟུང་འཇུག་བླ་ན་མེད། །ལྟ་བའི་གོ་ཡུལ་བསྒོམ་པའི་ཡིད དཔྱོད་གཉིས། །ཡ་བྲལ་མ་བྱེད་ལྟ་བའི་རང་མདངས་བསྒོམ། །སྣང་སེམས་རྩལ་སྣང་ལྟ་བས་ལ མ་ཁྱེར་དགོས། །མཉམ་གཞག་དུས་ཀྱི་སྟོང་ངེ་ཧད་དེ་བ། །བརྗོད་མེད་ཕྱལ་པ་ཡིད་དཔྱོད་བྲལ་བ་དེ། །ལྟ་བསྒོམ་ཟུང་འབྲེལ་ཡིན་པས་ཐག་ཆོད་ལ། །ཉམས་ལ་མ་ཞེན་རང་བྱུང་རྣལ་མར་སྐྱོངས། །ཡེངས་དང་མ་ཡེངས་ཁྱད་བྱུང་ཡེངས་པའི་རྟགས། །ཡེངས་མེད་སྒོམ་འཛིན་བྲལ་བཞིན་བརྩོན་འགྲུས་དགོས། །བདེ་གསལ་མི་རྟོག་དུག་ལྔ་དུག་གསུམ་སོགས། །ངོ་བོ་སྟོང་དག་ཆགས་འཛིན་ཞེན་པ་ཕྲོལ། །སྐྱིད་སྡུག་གང་བྱུང་རོ་སྙོམས་ལམ་དུ་ཁྱེར། །སྔོན་འགྲོ་མེད་ན་ཆོས་ཀྱི་གཞི་རྩ་ཆད། །མི་ལུས་རྙེད་དཀའ་འཆི་བ་ཆ་མེད་བསམས། །ལས་འབྲས་སླུ་མེད་མིག་འབྲས་བཞིན་དུ་བསྲུངས། །དད་པའི་རི་བོ་ནམ་ཡང་བརྟན་པ་དང་། །མོས་གུས་རྒྱ་མཚོ་ཁ་གདེངས་བྲལ་བར་གྱིས། །གྱི་ན་ལྷག་སྐྱོབ་དཀའ་ཐུབ་བཅུད་ལེན་དང་། །བསམ་གཏན་རི་ཁྲོད་ནམ་ཡང་མ་ཤོར་བུ། །ཅེས་པ་འདི་པདྨ་དྲི་མེད་ལ་ཕུལ་བའོ། །ན་མོ་གྷུ་རུ་རཏྣ་ཏྲ་ཡཱ་ཡ། །མཆོག་གསུམ་རྒྱལ་བའི་ངོ་བོ་བླ་མ་རྗེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱིན་གྱིས་རློབས་ཤིག་དྲིན་ཅན་ཆོས་ཀྱི་རྗེ། །ཡེ་གྲོལ་ལྟ་བའི་བཤིས་ལུགས་རྟོགས་པའི་ཚུལ། །ཡིན་མིན་ཡོད་མེད་མཐའ་འདས་མཉམ་ཉིད་དུ། །རྟོགས་པའི་ལྟ་བ་བཟང་འདུག་དེ་ཡི་ངང་། །གནས་ལུགས་སྐྱེ་འགག་གནས་གསུམ་བྲལ་བ་ལ། །སྟོང་ངེ་སང་ངེ་ཕྱ་ལེ་ཡེ་རེ་བ། །དྲན་ཤེས་མ་འགགས་ཕན་མེད་གནོད་མེད་དེ། །བསྒོམ་པ་བླ་མེད་ཡེངས་བྲལ་འཛིན་མེད་སྐྱོངས། །ད་ལྟ་ལྟ་བསྒོམ་མགོ་བོ་མཐོང་ལུགས་བཟང་། །རང་ཚོ་ཟིན་དུས་ཉིན་སྣང་མཚན་སྣང་འདྲེ། །འཆི་མཇུག་ཆོས་དང་མཉམ་པར་མཐའ་ལ་སྐྱོལ། །དོན་མེད་ཚེ་འདིའི་དབང་ལ་མ་ཤོར་བུ། །དགོས་མེད་བྱ་བ་ཆགས་མེད་བློ་ཡིས་ཐོང་། །འདུག་ས་རི་ཁྲོད་ལྟོ་གོས་གྱི་ན་བརྩོན། །ཕ་ཡུལ་གཉེན་འདུན་ཆོས་ལམ་བར་ཆོད་སྤོངས། །འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་ལ་བརྩོན། །ཅེས་པ་འདི་རབ་དགའ་ལ་སྨྲས་པའོ། །ན་མོ་གྷུ་རུ་རཏྣ་བྷྱཿ སྐྱབས་མཆོག་འགྲན་མེད་མགོན་མཆོག་བླ་མ་རྗེ། །ཐུགས་རྗེས་གཟིགས་ཤིག་བྱིན་རླབས་དངོས་གྲུབ་སྩོལ། །གདམས་པ་ཐོབ་པ་སྔོན་བསགས་བསོད་ནམས་བཟང་། །ཉམས་ལེན་ཞེན་པ་མ་ལོག་བརྩོན་འགྲུས་བརྩོམས། །སྔོན་འགྲོ་ཟེར་ཀྱང་ཆོས་ཀྱི་དངོས་གཞི་སྟེ། །སྔོན་འགྲོ་མེད་ན་ཆོས་དོན་འགྲུབ་ཐབས་མེད། །དལ་འབྱོར་རྙེད་དཀའ་ཨུ་དུམ་མེ་ཏོག་འདྲ། །འཆི་བ་ཡོང་སླ་སྟོན་ཀའི་བ་མོ་འདྲ། །ཚེ་ལ་ལོང་མེད་རླུང་དཀྱིལ་མར་མེ་འདྲ། །ལས་འབྲས་སླུ་མེད་ལུས་དང་གྲིབ་མ་འདྲ། །འཁོར་བ་མཐའ་མེད་ཟོ་ཆུའི་འཁྱུད་མོ་འདྲ། །བདེ་བའི་ཡུལ་མེད་མི་གཙང་འདམ་ཁྲོད་འདྲ། །ཉེ་དུ་ཆོས་འགལ་བཙོན་གྱི་རྫི་བོ་འདྲ། །འཁོར་དང་ལོངས་སྤྱོད་རྨི་ལམ་སྣང་བ་འདྲ། །འདྲ་བ་བཞིན་ལ་ལེགས་བསམས་ཚེ་འདི་བསྐྱུར། །ཆེ་བཞག་ཆུང་བསྐྱུར་སྙིང་པོ་ཆོས་ལ་ལོང་། །དབེན་པའི་རི་བསྟེན་ལྟོ་རྒྱབ་ཆོག་ཤེས་བསྟེན། །དེ་དག་སྔོན་འགྲོ་གདམས་པའི་མན་ངག་ཡིན། །དངོས་གཞི་སྐྱབས་སེམས་སྒྲིབ་སྦྱངས་མཎྜལ་དང་། །བླ་མའི་རྣལ་འབྱོར་རྒྱུན་ལྡན་ཆག་མེད་མཛོད། །དེ་ནས་སེམས་ཀྱི་འབྱུང་གནས་འགྲོ་གསུམ་ལ། །ཐང་ལྷོད་མེད་པར་བརྟག་དཔྱད་ཡང་ཡང་ཐོང་། །བླ་མའི་དྲུང་ནས་གདམས་པའི་ག་དར་ཆོད། །གཏན་ལ་ཕེབས་དུས་ཉམས་ལེན་མཐར་ཕྱིན་མཛོད། །དུས་རྣམ་ཀུན་ཏུ་དགེ་ཚོགས་འགྲོ་ལ་བསྔོས། །ཅེས་པ་འདི་བསོད་ནམས་ཆོས་འཕེལ་གྱིས་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བ་ཞིག་དགོས་ཟེར་བ་ལ་ཕུལ་བའོ། །ན་མོ་པདྨ་དྷ་ར་ཡ། །དུས་གསུམ་སངས་རྒྱས་དབྱེར་མེད་པའི། །བླ་མ་མཆོག་ལ་གསོལ་བ་འདེབས། །ཐུགས་རྗེའི་ཡེ་ཤེས་སྤྱན་གྱིས་གཟིགས། །འཆི་བ་སྙིང་ནས་དྲན་པ་དང་། །འཁོར་བའི་སྡུག་བསྔལ་བསམ་པ་དང་། །སྐྱབས་སེམས་སྒྲིབ་སྦྱོང་བྱེད་བསམ་སོགས། །ངེས་པར་བཟང་ངོ་རིགས་ཀྱི་བུ། །དལ་འབྱོར་མི་ལུས་ཐོབ་པར་དཀའ། །ཐོག་མེད་དུས་ནས་དེ་རིང་བར། །སྔ་རབས་འདས་པའི་སངས་རྒྱས་དང་། །ད་ལྟའི་ཕྱོགས་བཅུའི་སངས་རྒྱས་དང་། །སླད་ནས་འབྱོན་པའི་སངས་རྒྱས་ཏེ། །རྒྱལ་བ་སྲས་བཅས་འདི་ཙམ་ཞིག །ཚོགས་བསགས་སྒྲིབ་སྦྱོངས་སངས་རྒྱས་ཚེ། །ནས་བསིགས་སྙིགས་མའི་ས་རྡོ་ལྟར། །དེ་རིང་ཕན་ཆད་འཁོར་བར་འཁྱམས། །ཀྱེ་མ་ཀྱེ་ཧུད་ཡུས་རེ་ཆེ། །སྡུག་རེ་བསྔལ་ལ་གཉུགས་ཀྱང་བུད ། །བསམས་ཤིང་དཔྱད་ན་སྐྱོ་བ་འཕེལ། །བྱས་པ་རྣམས་ཀྱང་དོན་མེད་གྱུར། །རང་བྱས་ལས་ཀྱིས་རང་ཉིད་མནར། །བདེ་བ་འདོད་བཞིན་སྡུག་ལ་སྤྱད། །ད་རེས་ཐོབ་པའི་ལུས་འདི་ཡང་། །བསྐལ་པ་ངན་པ་འདིར་སྐྱེས་ཤིང་། །ཚེ་ཐུང་ནད་མང་བར་ཆད་འཚུབས། །ནམ་འཆི་ཆ་མེད་ཡ་རེ་ཆ། །འཆི་བའི་སྡུག་བསྔལ་ཕར་བཞག་ནས། །ཡང་ནི་ཆ་མེད་བར་དོ་ན། །རྒྱུས་མེད་གཅིག་པུར་འཁྱམས་པའི་ཚེ། །འཁོར་ས་འགྲོགས་གནས་ཀྱེ་མ་ཧུད། །གཅེས་པར་བསྐྱངས་པའི་སྒྱུ་ལུས་ཀྱང་། །ཁྱི་རོ་བཞིན་དུ་ཤུལ་ན་བོར། །ཐམས་ཅད་རྨི་ལམ་སྣང་བ་བཞིན། །ཆ་མེད་འགྱུར་དུས་སྐྱོ་བ་ལ། །བུ་ཁྱོད་འཆི་བ་སྙིང་ནས་བསོམས། །མི་རྟག་བློ་གཏད་མེད་པ་ལ། །བྱ་ར་གྱིས་ལ་ཆོས་ལ་རེམ། །རྣམ་གཡེང་འདུ་འཛི་བྱ་བ་རྣམས། །ཆེ་བཞག་ཆུང་བསྐྱུར་ཆོས་ལ་རེམ། །དགོས་མེད་ཚེ་འདིའི་འདུག་ཆིས་ལ། །རྩོལ་སྒྲུབ་མ་བྱེད་ཆོས་ལ་རེམ། །ཆོས་ཀུན་གཙོ་བོ་རང་གི་སེམས་ཡིན་པས། །སེམས་ལ་བལྟས་དུས་སྟོང་གསལ་ཁྱམ་མེ་བ། །འགྱུ་དྲན་དུས་སུའང་ལྟ་ཁ་བདེ་ཉམས་ལ། །འཕྲོ་གནས་གཉིས་མེད་སྟོང་པའི་རང་བཞིན་དེ། །སེམས་ཀྱི་རང་མདངས་སྟོང་པར་རྟོགས་པས་ལེགས། །སྟོང་པ་ཞེས་པ་མིང་གི་བརྗོད་བྱ་ལས། །སྟོང་དང་མི་སྟོང་ཡོད་དང་མེད་པ་བྲལ། །སེམས་དང་བློ་ཡི་སྤྱོད་ཡུལ་ལས་འདས་པ། །དེ་ཡིན་འདི་མིན་སྨྲ་བསམ་བརྗོད་འདས་དེ། །རྟོགས་ན་རྟོགས་མཆོག་ལྟ་བ་བླ་མེད་ཡིན། །དེ་ཡི་ངང་མདངས་སྣང་སྲིད་འཁོར་འདས་དང་། །བདེ་གསལ་མི་རྟོག་དུག་ལྔའི་ཡོ་ལང་ལ། །རྒྱུ་ལ་མི་བལྟ་རྐྱེན་ལ་བལྟས་པའི་ཚེ། །སེམས་ཉིད་ངོ་བོ་བརྗོད་མིན་སྟོང་ཉིད་ངང་། །དབྱེར་མེད་ཆུ་དང་ཆུ་བུར་བཞིན་གྱུར་པ། །སྣང་སེམས་དབྱེར་མེད་སྣང་སྟོང་ཟུང་འཇུག་ཞེས། །ཉམས་ལེན་མཐིལ་པོ་ཡིན་ནོ་རིགས་ཀྱི་བུ། །དུས་གསུམ་དགེ་ཚོགས་མར་གྱུར་འགྲོ་ལ་བསྔོས། །ལྟོ་གོས་རོ་སྙོམས་དབེན་རི་མ་ཤོར་བསྟེན། །ཅེས་པ་འདི་ཡང་ཨ་ཙ་རའི་དགོས་དོན་ལྟར་ཕུལ་བའོ། ༈ ཨཱོཾ་སྭ་སྟི་མང་ག་ལ་བདེ་ལེགས་སུ་གྱུར་ཅིག་བདེན་པའི་སྟོབས། །ཕྱོགས་བཅུའི་རྒྱལ་བ་བྱང་སེམས་འཕགས་པའི་སྡེ། །གྷུ་རུ་ཡི་དམ་མཁའ་འགྲོ་རྩ་བ་གསུམ། །ཁྱད་པར་ཨོ་རྒྱན་པདྨ་སམ་བྷ་ཝ། །བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱི། །ཐུགས་རྗེ་བྱིན་རླབས་བདེན་པའི་ནུས་སྟོབས་མཐུས། །བསྟན་འཛིན་མི་དབང་ཆོས་རྒྱལ་བཀྲ་ཤིས་མཚན། །ཡབ་སྲས་ཉི་ཟླ་ཟུང་འབྲེལ་ཚེ་ཡི་དཔལ། །རི་དབང་ལྷུན་པོ་ལྟ་བུར་རབ་བརྟན་ཞིང་། །མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །ཅེས་པ་འདི་མི་དབང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ་གྷུ་རུ་པདྨ་འབྱུང་གནས་ཀྱི་ཕོ་ཉར་མངགས་པའི་རིགས་འཛིན་ཉི་མ་གྲགས་པས་བཀྲ་ཤིས་པའི་ཚེས་དགེ་བར་ཕུལ་བ་མངྒ་ལཾ། །ཕུན་སུམ་ཚོགས་པ་བཀྲ་ཤིས་དཔལ་གྱི་ཞིང་། །སྐུ་གསུམ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ཞི་བ་ཆགས་བྲལ་ཆོས་དང་དགེ་འདུན་སྡེ། །རྣམ་འདྲེན་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་ཡིས། །བཀྲ་ཤིས་ཆོས་ཀྱི་རྒྱལ་པོར་བདེ་ལེགས་སྩོལ། །སངས་རྒྱས་ཀུན་འདུས་བླ་མ་ཨོ་རྒྱན་རྗེ། །ཡི་དམ་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་ལྷ། །མཁའ་འགྲོའི་དབང་ཕྱུག་རྡོ་རྗེ་རྣལ་འབྱོར་མ། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དངོས་གྲུབ་མཆོག །ད་ལས་སྟོབས་ཀྱི་རྒྱལ་པོར་དོན་འགྲུབ་སྩོལ། །མ་ཧཱ་ཀ་ལ་ལེགས་ལྡན་ལྕམ་དྲལ་དང་། །དམ་ཅན་རྒྱ་མཚོ་བསྟན་བསྲུང་དམ་ཚིག་ཅན། །རྣམ་མང་བུ་སོགས་དཔལ་མགོན་ཆོས་སྐྱོང་གིས། །བསྟན་འཛིན་མི་དབང་རྒྱལ་པོའི་བསྟན་པ་སྐྱོངས། །སྐུ་ཡི་དཀྱིལ་འཁོར་མཚན་དཔེའི་གཟི་རྒྱས་ཤིང་། །གསུང་ནི་བདེན་གཉིས་རྡོ་རྗེ་ཕ་ལམ་འཆང་། །ཐུགས་ཀྱི་དོན་གཉིས་དངོས་གྲུབ་ཆར་པ་འབེབས། །མཛད་པའི་འཕྲིན་ལས་ལོ་འདབ་ཕྱོགས་བཅུར་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པ་ཡུན་རིང་འཕེལ་བའི་བཀྲ་ཤིས་ཤོག །བསྟན་པ་ཡུན་རིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཁྲི་ལ་ཕེབས་པར་ཐོས་ཚེ་དགའ་བ་མང་པོ་འཕེལ་བ་ལ་བརྟེན་ནས་རིགས་འཛིན་ཉི་མ་གྲགས་པས་བཀྲ་ཤིས་པའི་ཚིགས་སུ་བཅད་པར་ཕུལ་བ་འདིས་ཀྱང་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་བཙུན་མོ་བློན་འབངས་རྣམས་བཀྲ་ཤིས་པར་གྱུར་ཅིག །རྗེ་ན་མོ་པདྨ་ཀ་ར་ཡེ། །སྐྱབས་མཚུངས་མེད་གྷུ་རུ་རིན་པོ་ཆེ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་སྐུ་དྲིན་ཅན་དེས་བྱིན་གྱིས་རློབས། །དུས་རིང་མོ་ཡ་ཐོག་བསྐལ་པ་ནས། །སྐབས་དེ་རིང་གི་ཆ་ཚོད་འདི་བར་དུ། །ཡུལ་འགྲོ་དྲུག་ཏུ་སྣང་ཤེས་སྣ་ཚོགས་ཀྱི། །བག་ཆགས་ཀྱི་ལུ་གུ་རྒྱུད་དུ་འཁོར། །བདེ་སྡུག་གི་ཡོ་ལང་བརྗོད་ལས་འདས། །སྐྱེ་ཤིའི་ཁ་ལོ་རྒྱུད་གྲངས་མང་། །འོན་ཀྱང་རྣམ་དཀར་དགེ་བའི་ལས། །སྐབས་ལ་ལར་བསགས་པའི་བདེན་འབྲས་མཐུས། །ལྷ་ཤཱཀྱ་ཐུབ་པའི་བསྟན་པ་འདིར། །རིགས་བདུན་གྱི་རྒྱལ་པོར་སྐུ་འཁྲུངས་པའི། །དཔལ་མི་དབང་གི་མངའ་བདག་བཀྲ་ཤིས་མཚན། །སངས་རྒྱས་ཀྱི་བསྟན་པ་རིན་ཆེན་ལ། །ག་དར་དུ་བརྩོན་པའི་དཔལ་ལྡན་ཞིང་། །རིས་མེད་ཀྱི་འགྲོ་བའི་སྐྱབས་མགོན་ཁྱོད། །དུས་ད་རེས་རེ་ལྟོས་ཁྱོད་ཡིན་པས། །བརྩེ་ལྡན་གྱི་སྙིང་པོའི་རླབས་ཆེན་སྤྱོད། །ཞི་དྲག་གི་ཚངས་ཐིག་དཀར་པོ་དེས། །ས་ཆེན་འདི་འཇམ་བདེ་སྐྱོང་བར་བརྩོན། །རྣམ་དཀར་གྱི་དགེ་ལས་ཆེ་དང་ཆུང་། །ཆུ་ཐིགས་ལྟར་གསོགས་དང་མཚོ་ལྟར་འཕེལ། །ལར་དུས་དང་རྣམ་པ་ཐམས་ཅད་དུ། །རྗེ་ཕྱག་ན་པད་དཀར་སྤྱན་རས་གཟིགས། །དཔལ་པད་འབྱུང་གསུམ་དབྱེར་མེད་གསོལ་བ་ཐོབ། །དུས་ལྔ་མཆོད་དང་ཚེས་བཅུ་མ་བཅོག་ཅིག །ཕྱོགས་རྒྱལ་ཁམས་ཀྱི་གྲུ་ལྕགས་ལམ་འཕྲང་བཅོས། །མི་བཙན་དབུལ་གྱི་གྱོད་དང་ཁ་མཆུ་ལ། །ཟོག་ཁ་ལྕེ་ཡི་བརྡར་ཡམ་སོར་བཞག་ནས། །ཁོང་སྙོམས་ཆུང་དེ་རས་སུ་མ་བོར་མཁྱེན། །སྐུ་རིན་ཆེན་གྱི་ཉེ་སྐོར་སོགས་པོའི་སྡེ། །ཕོ་འདོ་ཡོད་ཀྱི་རང་མགོ་ཐོན་ནས་ཡོང་། །འདོ་མེད་ཀྱི་སྟོག་རོ་ཕོ་མོ་ལ། །ཟས་གོས་ཀྱི་སྦྱིན་པ་མ་ཉུང་སྤེལ། །དུས་བསྐལ་པའི་མར་ཞབས་ངན་པ་འདིར། །རྐྱེན་ངན་པའི་འདུ་བྱེད་བར་ཆད་སོགས། །དེ་ཕྱི་ནང་གར་ཡོད་མི་ཤེས་པས། །དུས་རྣམ་པ་ཀུན་ཏུ་ཐུགས་རིག་བསྒྲིམས། །བདག་མདོ་ཁམས་ལ་སྐྱེས་པའི་བྱ་བྲལ་དང་། །ཁྱེད་ཁམས་གསུམ་གྱི་དེད་དཔོན་རྒྱལ་པོ་གཉིས། །ཚེ་སྔ་མའི་ལས་འབྲས་དཀར་པོས་འཇལ། །སྤྲང་བསམས་པ་དཀར་པོའི་གྲོས་འདེབས་མགུར། །དཔལ་མི་དབང་ཁྱེད་ཀྱིས་རྗེས་དགོངས་འཚལ། །ཅེས་པ་འདི་རྒྱལ་པོ་རིན་པོ་ཆེ་བཀྲ་ཤིས་ཐའི་ཇི་དང་སྔར་འགྲིས་ཆེ་བས་ཐུགས་ནང་བཅར་དུ་ཕུལ་བའི་མགུར་མ་འདི་ཡང་རིག་འཛིན་པས་བྲིས་པ་མངྒ་ལཾ།། །


previousགཏེར་ཆེན་མགུར་འབུམ།no next