cover

རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།

པོད་ག༽

རིག་འཛིན་ཉི་མ་གྲགས་པ།

མཁན་ཆེན་ཨོ་རྒྱན་རིག་འཛིན་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

གྲུབ་བརྙེས་རིག༵་འཛིན༵་ཌཱཀྐིའི་ཐུགས་ཀྱི་བཅུད། །
ཡང་ཟབ་ཆོས་གཏེར་ཉི༵་མ༵་གསར་བའི་གཟིས། །
བསྟན་འགྲོའི་རྒུད་མུན་མིང་གི་མཐར་བྱེད་པའི། །
གྲགས༵་པ༵་ས་གསུམ་རྒྱན་དུ་བརྟན་གྱུར་ཅིག །
རྒྱལ་བ་ཀུན་གྱི་མཁྱེན་ནུས་བརྩེ་བའི་ཡོན་ཏན་གཅིག་ཏུ་སྤུངས་པ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཆོག་གིས། སྙིགས་དུས་ཀྱི་རྒུད་མུན་རྩད་ནས་གཞོམས་ཤིང་། འགྲོ་རྣམས་ཕན་བདེའི་དཔལ་ལ་ཡུན་ནས་ཡུན་དུ་སྤྱོད་པའི་སླད། གྲུབ་བརྙེས་རིག་འཛིན་ཌཱཀྐིའི་ཐུགས་བཅུད། འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་རྣམས། དཀར་པོར་མོས་པའི་མི་མིན་རྫུ་འཕྲུལ་གྱི་ཤུགས་ཅན་དག་ལ་གཉེར་དུ་གཏད་དེ། བསིལ་ལྡན་ཁ་བ་རི་བའི་ཕྱོགས་བཞི་དབུས་ལྔའི་གངས་རི་འགྱུར་མེད་དང་། གཡུ་མཚོ་གཏན་འཁྱིལ་སོགས་སུ་ནམ་ཡང་མི་འཇིག་པའི་ཕྱག་རྒྱས་བཏབ་ནས་སྦས་པའི། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྐོར། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་གྱེས་པ་ཡལ་ག་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུར་བཞུགས་པ་དག ཕྱིས་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་བ་ན། གུ་རུ་ཉིད་དང་རྗེ་འབངས་རིག་འཛིན་མཁའ་འགྲོ་མ་རྣམས་སླར་ཡང་རིག་སྔགས་འཆང་བའི་རྣམ་པར་བྱོན་ནས་འདོན་པར་མཛད་པ་ལས། འདིར་ནི་གངས་ཅན་མིག་གཅིག་ལོ་ཙཱ་བ་ཆེན་པོ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་བའི་རོལ་བ། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྒོ་འབྱེད་པོར་ཚད་ཐུབ་གཏེར་ལུང་དུ་མ་ནས་བསྔགས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན། སྤྲུལ་སྒྱུར་གྱི་རོལ་རྩེད། ནུས་མཐུ་ཡི་དྲག་རྩལ། གཏེར་ཆོག་གི་ཁྱད་ཆོས། མཐོང་ཆོས་ཀྱི་རྫས་གཏེར། ཁྲོམ་གཏེར་གྱི་ངོ་མཚར་སོགས་གང་ནས་བསམ་ཀྱང་གཞན་ལས་ཁྱད་དུ་འཕགས་ཤིང་། གཞན་ལས་ཁྱད་ཆོས་མང་བ། གཏེར་ཆེན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩའི་ཟབ་ཆོས་མཐའ་དག་ལ་དབང་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ། དུས་ལ་བབས་མིན་དང་གཏེར་ཁ་ཡིན་མིན་ལ་མི་ལྟོས་པར་ཟབ་གཏེར་མཐའ་དག་ལ་འདོད་རྒུར་སྤྱོད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གཏེར་སྟོན་ཆེན་མོ། ཆོས་དང་རྫས་ཀྱི་གཏེར་དངོས་ཉུང་བསྡུས་ཙམ་མ་ཡིན་པར་རྒྱ་ཆེན་གྲངས་མང་འཛད་མི་ཤེས་པ་རྒྱལ་བོའི་བང་མཛོད་ལྟ་བུ་དག་འབྱིན་པ་ལ་སྔོན་སྨོན་གྱི་མཐུ་གྲུབ་པ། སྤྲུལ་བའི་གཏེར་སྟོན་ཆེན་མོ་༧རིག་འཛིན་ཉི་མ་གྲགས་པའམ་གར་དབང་འགྲོ་འདུལ་གླིང་བ་དེ་ཉིད་ཀྱི་གཏེར་བྱོན་ཟབ་ཆོས་རྣམས། བོད་ཁམས་ཕྱོགས་རྫ་རྒྱུད་ཨ་སེ་དགོན་ཐུབ་བསྟན་མདོ་སྔགས་བསྟན་གཉིས་དར་རྒྱས་གླིང་དུ། ཨ་སེ་མཆོག་སྤྲུལ་འགྱུར་མེད་རྡོ་རྗེས་ཕྱི་ལོ་(༡༩༢༢)སྐོར་ཡིག་མཁན་ཁྱད་འཕགས་དུ་མ་ཆེད་དུ་གདན་དྲངས་ཏེ་འབྲིར་བཅུག་པའི་གླེགས་བམ་པོད་བཅུ་གསུམ་ཡོད་པ་དག །ཕྱིས་ང་དགུའི་དུས་འགྱུར་སྐབས་མ་རུང་ངན་སྤྱོད་པ་དག་གིས། ཕྱག་དར་ཁྲོད་དུ་དོར་ཏེ་རླག་ལ་ཉེ་བའི་སྐབས། ཨ་སེའི་བླ་མ་ནམ་མཁའ་དང་མཁན་པོ་ཆོས་གྲགས་རྣམ་གཉིས་ཀྱིས་སྲོག་དང་བསྡོས་ཏེ་ཉར་ཚགས་བྱས། དུས་ཕྱིས་ཁོ་བོའི་ཞང་པོ་མཁན་པོ་ཆོས་གྲགས་ནས་དེ་དག་གྲོན་པར་དོག་སྟེ་ཁོ་བོ་ལ་བཀས་སྐུལ་བ་བཞིན། ཕྲན་པས་ཀྱང་རྒྱུ་ཚེགས་གཉིས་ཀྱིས་འབད་འབུངས་མི་དམན་པ་བསྐྱེད་དེ། རྩིས་འཕྲུལ་དུ་ཕབས་ཐོག་སྔ་ཕྱིར་ཞུ་དག་ལན་བདུན་བྱས་ཏེ་དཔར་དུ་བསྐྲུན་པ་ཡིན། དེ་ཡང་སྔོན་མའི་མ་དཔེ་ལྟར་གཏེར་གཞུང་རྩ་བའི་ཆོས་སྐོར་པོད་བཅུ་གསུམ་གཞིར་བཞག་བྱས་ཐོག གཏེར་ཆེན་རིན་པོ་ཆེའི་རང་རྣམ་དང་མགུར་འབུམ་དུམ་པ་གཅིག་མགོར་བཞག །སློབ་རྒྱུད་མཁས་གྲུབ་དག་གིས་མཛད་པའི་རྒྱབ་ཆོས་གལ་ཆེན་གྲས་ཕྱོགས་བསྡུས་དུམ་གཅིག་མཇུག་ཏུ་བསྣན་ཏེ་པོད་བཅོ་ལྔ་བྱས་ཏེ་བསྒྲིགས་བྱས་ཡོད། འོན་ཀྱང་མ་དཔེ་ཟག་རུལ་དུ་སོང་བ་སོགས་ཀྱི་དབང་གིས་ད་དུང་ནོར་འཁྲུལ་ཅི་རིགས་ཡོད་ངེས་པས། དབྱིངས་བཞུགས་རྩ་གསུམ་ཆོས་སྐྱོང་ལ་བཟོད་པ་གསོལ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དགོངས་ཡངས་དང་ནོར་བཅོས་གནང་བར་ཞུ་ཞེས་གསོལ་བ་འདེབས་པ་དང་འབྲེལ། འདིས་མཚོན་ལེགས་བྱས་མཐའ་དག་འབྲེལ་ཐོགས་ཡིད་ཅན་རྣམས་ཀྱི་གཙོས། མཐའ་ཡས་པའི་སེམས་ཅན་མཐའ་དག་བདེ་ནས་བདེ་བར་འགྲོ་བ་དང་། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོར་འཁྲུངས་རྒྱལ་བའི་རིང་ལུགས་གསང་ཆེན་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་འགྱུར་བར་སྨོན་ན། དེ་དེ་བཞིན་འགྲུབ་པའི་མཐུན་འགྱུར་དབྱིངས་བཞུགས་སྲས་བཅས་རྒྱལ་བས་གནང་བར་མཛོད་ཅིག ༈ ཆོས་ཚུལ་འདི་ཡང་མཐའ་ཡས་འགྲོ་བ་རྣམས། །གདོད་མའི་གཞི་དབྱིངས་མངོན་པར་བྱང་ཆུབ་བར། །མི་ནུབ་བརྟན་གནས་བྱིན་བརླབས་གཟི་འོད་ཀྱིས། །སྲིད་པའི་གདུང་བ་ཡོངས་སུ་གཞིལ་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ། །བསླབ་གསུམ་ཡོན་ཏན་དཔལ་གྱིས་བརྒྱན་པའི་འདུས་པའི་སྡེ་ཡིས་ས་སྟེང་གང་། །འབྲེལ་ཐོག་གཙོས་པའི་མཐའ་ཡས་ཡིད་ཅན་གནས་སྐབས་མཐོ་རིས་དཔལ་གྱིས་འབྱོར། །རིང་མིན་ཞི་བ་ཆོས་སྐུའི་དཔལ་ཐོབ་སྤྲུལ་བས་གཞན་དོན་མཐར་ཕྱིན་ཤོག །ཅེས་པར་སྐྲུན་ཡོན་སྦྱར་བ་ཨོ་རྒྱན་རིག་འཛིན་ནས་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༢ ཚེས་ ༢༥ ཕྱི་ལོ་ ༢༠༡༥ ཟླ་ ༤ བའི་ཚེས་ ༡༤ ཉིན་ཆོས་སྐོར་འདི་ཉིད་པར་སྐྲུན་སྐབས་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་རྫོགས་ཆེན་མཁན་ཆེན་ཁྲི་ཟུར་ཨྱོན་རིག་འཛིན་རིན་པོ་ཆེ་མཆོག་ནས་བསྐྱར་དུ་བསྐྲུན་གནང་བའི་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་གླེགས་བག་བཅོ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་མཁན་རིན་པོ་ཆེ་ཉིད་ནས་གནང་འབྱོར་བྱུང་བ་ལགས་ན། སྐུ་ཉིད་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།
ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

རྫོགས་པ་ཆེན་པོ་གསང་བ་སྙིང་ཐིགས་ཀྱི་སྐོར་ལ་ཉི་མ་གྲགས་པའི་གཏེར་འབྱུང་དང་པོ།

སྤྲང་བན་ཉི་མ་གྲགས་པའི་གཏེར་འབྱུང་དང་པོ་བཞུགས་སོ། །སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེས། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཨ་ཧོ། བདག་འདྲ་སེམས་ཅན་རབ་ཏུ་རྨོངས་པ་ལ། །ལྔ་བརྒྱའི་དུས་ཀྱི་ཐ་མ་འདི་ལྟ་བུར། །ཐུགས་རྗེའི་འོད་ཟེར་འཕྲོས་ཀྱང་ཡི་ཆད་རྒྱུ། །འོན་ཀྱང་སྔོན་གྱི་ལས་འཕྲོ་འདི་ལྟར་ལགས། །ཁ་བྱང་ལས། འདི་ལྟར་བསྟན་པའི་ཐ་ཚིག་བདུན༔ ཚུལ་བཞིན་ཡིད་ལ་ཆོངས་ཤིག་བུ༔ གནས་མཆོག་ཙ་རིའི་བྱང་ཕྱོགས་ན༔ མ་མོ་མཁའ་འགྲོ་འདུ་བའི་གླིང་༔ ཁམས་ཀྱི་སྲིང་མོ་རྫོང་དུ་ནི༔ ང་ཡིས་སྦས་བའི་ཟབ་ཏིག་ཆོས༔ ཡང་གསང་གདམས་པ་ཟབ་མོ་རྣམས༔ དུས་དང་རྟགས་དེར་ཚུལ་བཞིན་སྤྱོད༔ ཁྱད་པར་རྡོ་རྗེ་སྙིང་རྫོང་གི༔ རི་བོ་བན་རྫོང་བརྩིགས་འདྲ་ཡི༔ བྱང་ཤར་མཚམས་ཀྱི་ཕྱོགས་རོལ་ན༔ མདའ་ལ་རྒོད་སྒྲོ་བསྐྱོན་འདྲའི་བྲག༔ ཉི་མ་འཆར་སྔ་འགྲིབ་མགྱོགས་པའི༔ འདབ་ན་ཕ་བོང་སྟག་ཉལ་འདྲ༔ དེ་ནས་གྱེན་དུ་མིག་རྒྱང་གང་༔ བལྟས་པའི་ས་ན་རྟ་ཞལ་གྱིས༔ མཚན་པའི་བྲག་གདོང་སྔོན་པོའི་མགུལ༔ མཚལ་གྱི་ཨ་ཡིག་གསུམ་རྩེགས་པའི༔ མདུན་ནས་འདོམ་གང་འཇལ་བའི་སར༔ བྲག་སྒོ་ཞ་ཉེས་བསྡམས་པའི་ནང་༔ བྱེ་ཚིགས་སོལ་བས་གཏམས་པའི་དཀྱིལ༔ ལ་སྒྲོམ་སྨྱུག་ཚིགས་ནང་དུ་ནི༔ རྫོགས་ཆེན་གསང་བ་སྙིང་ཐིགས་དང་༔ སྐུ་ཚབ་དྲི་མེད་བཤེས་གཉེན་ཡོད༔ གཏེར་བསྲུང་རྒྱལ་བ་ཐོད་དཀར་ལ༔ མཆོད་བསྟོད་གྱིས་ལ་གཏེར་འདི་ལོངས༔ དེ་ཚེ་འགྲོ་བ་སེམས་ཅན་རྣམས༔ དགེ་དང་མི་དགེ་སྣ་ཚོགས་སྤྱོད༔ འཇང་ནས་མི་གསར་སྐད་གསར་མང་༔ ཤོད་ཆེན་རྣམས་སུ་འབྲུ་མི་སྨིན༔ བྱང་གི་རུ་བ་འཚུབ་མས་འཁྱེར༔ དུད་འགྲོ་རྣམས་ལ་གོད་ཡམས་སྡང་༔ ནགས་ལྷ་ཛམ་བྷའི་ཤར་ལྷོ་ན༔ བདུད་ཀྱི་སྤྲུལ་པས་མཁར་ལས་བྱེད༔ བསམ་པ་ལས་མཐུན་དེར་སྨིན་ཚེ༔ ནགས་སུ་མི་ལ་དུད་འགྲོ་སྐྱེ༔ ལུང་དུ་འགོང་སྤྲུལ་འབྱུང་༔ དེ་དུས་གདམས་པའི་ཡང་སྙིང་འདི༔ ཉམས་སུ་ལོངས་ཤིག་རིགས་ཀྱི་བུ༔ ཁྱད་པར་ང་ཡི་སྐུ་ཚབ་འདིཿ གནས་མཆོག་ཉི་ཤུ་རྩ་བཞི་ཡི༔ ས་སྣ་རྡོ་སྣ་ལས་གྲུབ་པ༔ འདི་ཉིད་བཞུགས་དང་མཆོད་བསྟོད་ཡུལ༔ དཔའ་བོ་མཁའ་འགྲོ་ངེས་པར་འདུ༔ མཆོག་ཐུན་དངོས་གྲུབ་དེར་ཐོབ་འགྱུར༔ ཞེས་གསུངས་པ་འདིའི་དགོངས་དོན་འགྲུབ་བློར་སེམས། བླ་མ་རིན་པོ་ཆེ་ཟབ་བུ་ལུང་དུ་སྒྲུབ་པ་ལ་གཤེགས། ཕྲན་བུ་རིག་འཛིན་རྣམ་རྒྱལ་བདག་སྲིང་མོ་རྫོང་དུ་སྒྲུབ་པ་ལ་འོངས་པས་གནས་མཆོག་ཙ་རི་ཊ་ནས་རྙེད་པའི་ཁ་བྱང་དང་ཡང་བྱང་སྲིང་མོ་རྫོང་དུ་བབས་པ་ལ་བརྟེན་ཤིང་ཕོ་སྟག་གི་ལོ་ལ། ཟབ་ཆོས་གསང་བ་སྙིང་ཐིགས་དང་། སྐུ་ཚབ་དྲི་མེད་བཤེས་གཉེན། དམ་རྫས་ཨ་དམ་མ་བརྒྱ ། ཧྲི་དམ་མ་སྟོང་དང་བཅས་སྤྱན་དྲངས་པའོ། །སྐྱབས་གནས་ཀུན་འདུས་གུ་རུ་པདྨ་འབྱུང་། །བྱིན་གྱིས་རློབས་ཤིག་ངན་བུ་ཐུགས་རྗེས་བཟུང་། །ཞེས་སྤྲང་བན་གྱི་གཏེར་འབྱུང་དང་པོའོ།། །།

ལོ་རྒྱུས་གསལ་བའི་སྒྲོན་མེ།

༁ྃ༔ བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ལོ་རྒྱུས་གསལ་བའི་སྒྲོན་མེ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ལོ་རྒྱུས་གསལ་བའི་སྒྲོན་མེ་འདིར༔ གྷུ་རུ་རྗེ་ལ་ལུང་ཞུས་ནས༔ མ་འོངས་ཕྱི་མའི་འགྲོ་དོན་དུ༔ ཤོག་སེར་མཁའ་འགྲོའི་ཡི་གེར་འདེབས༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ༔ མན་ངག་ཐམས་ཅད་ཀྱི་སྙིང་ཏིག༔ ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གདམས་པ་ཟབ་མོ༔ རྩ་གསུམ་གསང་བ་སྙིང་གི་ཐིགས་པ་ཞེས་བྱ་བའི་ཆོས་འདིའི་ལོ་རྒྱུས་ནི༔ ཆོས་ཀྱི་སྐུའི་ཞིང་ཁམས་སྣང་ལ་རང་བཞིན་མེད་པ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་བ༔ མུ་དང་མཐའ་མེད་པར་ཡོངས་སུ་བརྡལ་ཞིང་ཁོད་སྙོམས་པ༔ གདོད་མ་ཉིད་ནས་ལྷུན་གྱིས་གྲུབ་ཅིང་སུས་ཀྱང་མ་བྱས་པ༔ རྣམ་པར་དག་པའི་ཞིང་ཁམས་ཆེན་པོ་དེ་ཉིད་ཀྱི་དབུས་སུ༔ ལྟ་ན་སྡུག་པའི་བཀོད་པ་ཚད་མེད་པས་ཡོངས་སུ་བརྒྱན་པའི་ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་སྐུ་དྲི་མ་དང་བྲལ་བ༔ ཅིའི་ངོ་བོར་ཡང་མ་གྲུབ་པ་ལས༔ སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ རང་བཞིན་བྱིན་རླབས་ཀྱི་ངང་ནས་བཤད༔ ལོངས་སྤྱོད་རྫོགས་སྐུ་སྟོན་པ་རྡོ་རྗེ་སེམས་དཔས༔ དུར་ཁྲོད་ཆེན་པོ་མེ་རི་འབར་བའི་གཞལ་ཡས་ཁང་དུ༔ སྤྲུལ་པའི་སྐུ་མཆོག་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་ཚིག་གིས་མཚོན་ནས་གསུང་༔ སྤྲུལ་སྐུ་དགའ་རབ་རྡོ་རྗེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ༔ གྷུ་རུ་ཤྲཱི་སིངྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན༔ གྷུ་རུ་ཤྲཱི་སིངྷས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ༔ གུ་རུ་མཚོ་སྐྱེས་རྡོ་རྗེ་པདྨ་སམ་བྷ་ཝ་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བར༔ བཀའ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་གསུངས༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས༔ གཞོ་སྟོད་གཏེར་སྒྲོམ་བྲག་གི་ཕུག་པར༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་ལ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ༔ སྙིང་ཐིགས་བླ་མེད་ཀྱི་གདམས་པ་མང་པོ་སྣང་བཞི་མཐའ་གྲོལ་གྱི་ངང་ནས་གནང་ཚེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་མཉེས་པའི་ཞབས་ཏོག་བསྒྲུབས༔ མོས་གུས་ཀྱིས་ཕྱག་བཙལ༔ རིན་པོ་ཆེའི་མཎྜལ་ཕུལ་ནས་བདག་གིས་ཞུས་པ༔ གུ་རུ་རིན་པོ་ཆེ་ཁྱེད་ཀྱིས་བདག་བུད་མེད་ཀྱི་ལུས་སུ་སྐྱེས་ཀྱང་༔ ཐུགས་ཀྱིས་རྗེས་སུ་བཟུང་ནས་བཀའ་རྫོགས་པ་ཆེན་པོའི་མན་ངག་རྣམས་ཉམས་ཁྲིད་དུ་གནང་བ་ཐམས་ཅད༔ སྐུ་དྲིན་དུ་ཡང་དག་པར་ཆེ་ལགས་ཤིང་༔ ད་དུང་ཀྱང་བདག་ལ་ཕྱི་ལྟར་གུ་རུ་རིན་པོ་ཆེ་ཁྱེད་ལ་རྩ་གསུམ་འདུས་པའི་བསྐྱེད་རིམ་ཡོད་པ༔ ནང་ལྟར་རྒྱུད་དང་གདམས་པ་ཚང་བ༔ གསང་བ་ལྟར་དུ་ཚིག་ཉུང་ལ་དོན་ཟབ་པ༔ མན་ངག་གི་གདམས་པ་རྣམས་གོ་བདེ་ལ་འཁྱེར་སླ་བའི་ཆོས་ཤིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས༔ སློབ་དཔོན་ཆེན་པོ་པདྨ་འབྱུང གནས་ཀྱིས་ཞལ་ནས༔ ཇོ་མོ་མཚོ་རྒྱལ་ཁྱོད་ལ་སྔར་བསྟན་པའི་གདམས་པ་ཟབ་མོ་དེ་རྣམས་ལས་ཟབ་པ་སྟོན་དུ་མེད་ཀྱང་༔ ཁྱོད་ཀྱིས་ནན་གྱིས་ཞུས་པ་དེ་ཤིན་ཏུ་ལེགས་ཏེ༔ ཅིའི་ཕྱིར་ཞེ་ན༔ མ་འོངས་དུས་ན་བོད་ཁམས་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད་དུ༔ བདེ་བར་གཤེགས་པའི་བསྟན་པ་འདི་ཡང་དར་གུད་སྣ་ཚོགས་ཤིག་འོང་༔ རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བསྟན་པ་ཡང་དར་དྲག་ལ་ཡུན་ཐུང་བ་ཞིག་ལས་ཉམས་ལེན་གྱི་བསྟན་པ་མི་འབྱུང་༔ དཔེ་རྒྱུད་ལུང་ཐོབ་ཙམ་ལ་ཆོས་ཕུགས་སུ་རྩི༔ བདེ་བར་གཤེགས་པའི་གསུང་བཀའ་མ་ཐམས་ཅད་ནི་ཚོང་འདུས་ཀྱི་འོ་མ་ལྟར་འགྱུར་ནས༔ དཔེ་བུམ་གསེར་རིས་ཀྱིས་བརྒྱན་པའི་དར་ཤུབས་ཅན་མང་དུ་འོངས་ཀྱང་ལྟ་སྒོམ་ཐམས་ཅད་འཆལ་ཏེ༔ འགྲོ་བ་ཐམས་ཅད་ལོག་པའི་ལམ་ལ་འཁྲིད༔ སྔོན་བདུད་ལྷས་བྱིན་གྱིས་སྨོན་ལམ་ལོག་པར་བཏབ་པའི་མཐུས༔ སྟོན་པའི་བསྟན་པ་འདིའི་མཇུག་ཏུ་བདུད་སྤྲུལ་མང་པོ་དགེ་བཤེས་ཀྱི་གཟུགས་སུ་འོང་༔ ཁྱད་པར་བདུད་ཀྱི་སྤྲུལ་པའི་རྒྱལ་པོ་ཞིག་ཆོས་པའི་ལུས་བླངས་ནས་སློབ་འབངས་ཕྱོགས་བཅུར་རྒྱས༔ རྒྱལ་བའི་བཀའ་འཆལ༔ འདུལ་བའི་ཁྲིམས་འཆལ༔ སྔགས་ཀྱི་དམ་ཚིག་འཆལ༔ བྱང་སེམས་ཀྱི་སེམས་བསྐྱེད་འཆལ༔ རྒྱུད་སྡེའི་ལྟ་སྒོམ་འཆལ༔ ། ང་བཟང་ང་ཆེ་ཟེར་བའི་གྲུབ་མཐའ་བཅོ་བརྒྱད་འབྱུང་༔ ཁ་ནས་ཆོས་བཤད་སེམས་ལ་གཡོ་རྒྱུ་སྣ་ཚོགས་འཆང་༔ གཅོང་ནད་ཅན་གྱི་ལུས་པོ་ལ་མེ་ཚུགས་ཀྱི་དྲ་བས་བསྐོར་བ་ལྟར༔ ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད་དུ་འགྲོ་བའི་དོན་བྱེད་ཟེར་ཞིང་གྲུབ་མཐའ་ངན་པས་རང་རྒྱུད་ཁེངས་པའི་དགོན་སྡེ་སྟོང་རྩ་འབྱུང་༔ རང་རྒྱུད་ཆོས་ལ་མི་མོས་བཞིན་དུ་ཁྲལ་བཙུན་བསྟན་པར་འཇུག༔ བྱི་ལ་ལྐོག་རྒྱུག་བྱེད༔ འདུལ་ཁྲིམས་ཆུ་ལ་འཕོ༔ སེམས་བསྐྱེད་རླུང་ལ་བསྐུར༔ དམ་ཚིག་མེ་ལ་བསྲེག༔ འདོད་ཆགས་ཆུ་ལྟར་གཡོ༔ ཕྲག་དོག་རླུང་ལྟར་འཚུབ༔ ང་རྒྱལ་རི་ལྟར་ཉིལ༔ ཏིང་ངེ་འཛིན་ཕྲག་དོག་དང་ཟུར་ཟ་ལ་བྱེད་པའི་ཚེ༔ ཡུལ་མི་སྡེ་དཔོན་ཐམས་ཅད་ཀྱིས་ཀྱང་གྲུབ་མཐའ་འཛིན་ཅིང་རྩོད༔ བོད་རུ་བཞིའི་གཙུག་ལག་ཁང་རྣམས་ཉམས༔ ཁྱད་པར་ཆོས་འཁོར་བསམ་ཡས་ཁྱི་རོ་ལྟར་རུལ༔ སྡེ་འཁྲུག་ནང་དམེ་སྣ་ཚོགས་བྱེད༔ བཙུན་པས་ལུས་རྒྱན་མཚོན་ཆ་འདོགས༔ མི་དཔོན་སྤྲང་བོས་བྱེད༔ མོ་དང་བོན་དར་༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དཀྲུག༔ དཀོན་མཆོག་གསུམ་དགྲ་ལ་འཁུར༔ དེ་དུས་བདུད་སྤྲུལ་འགོང་པོ་སྤུན་དགུ་སྙིང་ལ་ཞུགས་པའི་སྐྱ་བཙུན་མང་པོ་ཡོང་ཞིང་མཐའ་དམག་བོད་ལ་འཁྲིད༔ དབུས་མི་མཐའ་ལ་འབྲོས༔ ཐེའུ་རང་སྡེ་དགུའི་སྤྲུལ་པས་བོད་ཁམས་འཇོམས༔ ལ་ལུང་མེད་པར་ཁྲག་མཚོར་གཏོང་༔ གནམ་ས་མགོ་ཞབས་ལོག་པས་རྡུལ་ཆར་དང་ཁྲག་གི་ཆར་པ་འབབ༔ ཉི་ཟླ་གོ་ལོག་པས་དབྱར་དགུན་ཁོད་མི་སྙོམས༔ རྒྱུ་སྐར་གོ་ལོག་པས་སྐར་ཆེན་ནུབ་ནས་འཆར༔ སྐྱ་བཙུན་གོ་ལོག་པས་བཙུན་པ་ཐམས་ཅད་ཁྲིམས་དང་དམག་ལས་མཁས༔ མི་དཔོན་ཐམས་ཅད་ཆོས་ཀྱི་ཉམས་ལེན་དང་གླེང་མོ་བྱེད༔ སྐྱེ་འགྲོ་གོ་ལོག་པས་བཟང་དགུ་བསྣུབས་ནས་ངན་དགུ་དར༔ མོ་བཙུན་གོ་ལོག་པས་བོད་ཆེ་དགུའི་མོ་བཙུན་རྣམས་ཀྱིས་འབངས་འཁོར་གྱི་བྱི་ཕོ་བསྟེན༔ རིགས་ངན་ཀྱི་བུ་མོ་མང་པོས་རྒྱལ་མོ་བྱེད༔ རྒྱལ་བློན་གོ་ལོག་པས་རྒྱལ་བརྒྱུད་ཐམས་ཅད་དམངས་སུ་འབེབས་ཤིང་ཁ་དག་ཏུ་གཏོང་༔ བློན་འབངས་ངན་གསུམ་རྣམས་ཀྱིས་རྒྱལ་པོ་བྱེད༔ བཤད་སྒྲུབ་གོ་ལོག་པས་བཤད་གྲྭས་སྔགས་སྤྱོད་གཏོར་ཟོར་འཕེན༔ སྒྲུབ་གྲྭ་ཐམས་ཅད་དུ་སྒྲིགས་དང་རྣམ་བཞག་གཙོ་བོར་འདོན༔ ཆོས་དང་གང་ཟག་གོ་ལོག་པས་ཆོས་པར་རློམ་པའི་བཟང་གསུམ་གྱི་གྲུབ་ཐོབ་རྣམས་ཀྱང་ཤེས་རྒྱུད་འགྲོ་བ་ཕལ་མོ་ཆེ་ལས་གྱོང་ཞིང་༔ ཉོན་མོངས་པ་ཐམས་ཅད་ཤིན་ཏུ་རགས༔ ཟག་བཅས་དང་ཟག་མེད་གོ་ལོག་པས་ནོར་དང་ཆོས་དབང་ཉོ་ཚོང་བྱེད༔ སྲིད་དང་དགོན་གཉིས་གོ་ལོག་པས་ཡུལ་གྲོང་ཐམས་ཅད་བསེར༔ དགོན་སྡེ་ཐམས་ཅད་ཕྱུག་ཅིང་འཕེན༔ ཡུལ་ཁམས་གོ་ལོག་པས་རྒྱ་དཀར་ནག་གི་ནོར་སྣ་མང་པོ་བོད་མཐའ་འཁོབ་འདིར་དར༔ ལ་ལུང་གོ་ལོག་པས་ཕུ་ནས་འབྲུ་དྲུག་སྨིན༔ མདའ་ན་སད་སེར་མང་༔ ལྷོ་བྱང་གོ་ལོག་པས་ལྷོ་ན་གཞོན་འཕེལ་བྱང་པས་འབྲས་ཟ༔ དེ་དུས་སངས་རྒྱས་བསྟན་པའི་ཡང་མཐའ་ཆེན་པོ་ལ་ཐུག་ཅིང་༔ རྩོད་ལྡན་སྙིགས་མ་བདུད་ཀྱི་བསྟན་པ་དར་བའི་དུས་དེར༔ ཇོ་བོ་ཤཱཀྱ་མུ་ནེའི་རབ་གནས་བཞི་ཆ་གཅིག་མ་གཏོགས་ཉམས༔ སྤྱིར་བོད་ཁམས་ཀྱི་ཆོས་ཀྱི་བྱིན་རླབས་སུམ་ཆ་གཅིག་མ་གཏོགས་ཉམས༔ སྐུ་གསུང་ཐུགས་རྟེན་ཕལ་མོ་ཆེའི་ཡེ་ཤེས་པ་གཤེགས༔ དེའི་རྟགས་ལ་སྐུ་འདྲ་མང་པོའི་སྤྱན་ལས་མཆི་མ་འབབ་པ་དང་༔ བྱི་བས་རྟེན་གྱི་གཟུངས་འདོན་པ་ཡོང་༔ དེ་དུས་བཀའ་དང་བསྟན་པ་སྐྱོང་བའི་སྲུང་མ་ཐམས་ཅད་རི་རབ་ལ་བྲོས་ཤིང་༔ ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་མང་པོས་གཙུག་ལག་ཁང་དང་ཡུལ་དགོན་བདག་བྱེད༔ དེའི་རྟགས་སུ་གཙུག་ལག་ཁང་དང་ཆོས་གྲྭ་གང་བཟང་ཐམས་ཅད་དུ་བཤས་ཀྱི་དམར་གཡོས་བྱེད༔ དགེ་བ་བཅུའི་ཆོས་གྲྭ་ནས་མི་དགེ་བ་བཅུའི་ཁྲིམས་ལས་གཏོང་༔ གསང་སྔགས་ཟབ་གཏེར་གྱི་བསྟན་པ་ལ་ཡང་དམ་སེལ་མང་པོ་ཡོང་༔ ཁྱད་པར་རྫུན་གཏེར་ཟོབ་ཆོས་ལྟ་སྒོམ་ལོག་ཅིང་བཅའ་གཞི་མ་ཚང་བ་མང་པོས༔ འགྲོ་བ་མགོ་བསྐོར་ཞིང་བདུད་སྤྲུལ་མང་པོས་སྐྱེ་བོ་ཕལ་མོ་ཆེ་ལོག་ལྟའི་ལམ་ལ་འཛུད་ཅིང་ངན་སོང་དུ་འཁྲིད༔ དེ་ལྟ་བུའི་དུས་ངན་ཤར་བའི་ཚེ་ནའང་༔ བདག་ཉིད་པདྨ་འབྱུང་གནས་ཀྱི་སྤྲུལ་པ༔ ཆོས་རྒྱལ་ཚངས་པའི་སྐྱེ་མཐའ་གཅིག་གིས་བོད་ཁམས་ཀྱི་ས་ཡི་གནད་གཟེར་ཉམས་པ་ཐམས་ཅད་གསོ་ཞིང་༔ པདྨ་བདག་གི་སྒྲུབ་གནས་རྣམས་སུ་ཚེས་བཅུ་དང་སྒྲུབ་མཆོད་འཛུགས༔ བསྟན་པ་བསྲུང་ཐབས་ཀྱི་ལུང་བསྟན་ཁོ་ན་ལྟར་སྤྱོད་ཅིང་བསྲུང་བཟློག་ལ་བརྩོན༔ ལྷ་སྲས་ཀྱི་སྤྲུལ་པ་ཞིག་གིས་བདུད་བློན་གྱི་དབང་བསྒྱུར་བའི་རྐྱེན་ལ་མ་ཤོར་ན༔ བསམ་ཡས་མཐའ་དབུས་ཀུན་གྱི་ཞིག་རལ་བསུབ་པ་སོགས་ཀྱིས་རྟེན་འབྲེལ་གྱིས༔ ཧོར་དམག་ལྕགས་ཁྱི་ལ་གཡུལ་འགོ་འཚོལ་ཞིང་༔ ཆུ་རྟ་ལ་རྟ་བན་རྒྱུག༔ མེ་གླང་ལོ་ལ་གདུག་རྩུབ་བྱེད་ཅིང་༔ ཤིང་མོ་ཡོས་ལ་ཐེབས་གཅིག་བཟློག༔ དེ་ཚེ་མ་རུངས་པའི་བདུད་ཚོགས་ཅུང་ཞིག་ཉམས་དམའ་བས༔ ང་ཡི་སྤྲུལ་པའི་གཏེར་སྟོན་ཡང་མང་ཞིག་འོང་ཞིང་༔ ལ་ལས་ཕྱི་ཡི་བསྟན་པ་འཛིན༔ ལ་ལས་ནང་གི་བསྲུང་བཟློག་འབད༔ ལ་ལས་སྒྲུབ་པ་ཁོ་ནར་བྱེད་དེ་མདོར་ན་བོད་ཁམས་བདེ་ཐབས་ཁོ་ནར་མཛད་པ་ཡོང་༔ དེ་དུས་ཟབ་པ་ལས་ཀྱང་ཆེས་ཟབ་པ༔ ཡང་གསང་བླ་མེད་རྩ་གསུམ་གསང་བ་སྙིང་གི་ཐིགས་པ་འདི༔ ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་མཐའ་ཁམས་པ་ཉི་མ་གྲགས་པ་རྩལ་གྱིས་ལྟ་སྒོམ་སྤྱོད་གསུམ་གྱི་ཐེ་ཚོམ་བསལ་ནས༔ གསང་བའི་དམ་ཚིག་གི་རྒྱ་མ་རལ་ན༔ མཆོག་སྤྲུལ་གྱི་བུ་གསུམ་གྱིས་བསྟན་པའི་སྙིང་པོ་མཆོག་འདི་འཛིན་ཞིང་༔ སྒྲུབ་སྡེ་བརྒྱ་རྩ་མདོ་ཁམས་སྒང་དྲུག་ཏུ་འབྱུང་ཞིང་༔ སངས་རྒྱས་ཐོབ་པ་བརྒྱ་རྩ་བརྒྱད༔ ཕྱིར་མི་ལྡོག་པ་སྟོང་རྩ་གཉིས༔ ལམ་སྣ་ཟིན་པ་ཁྲི་འབྱུང་བར་འགྱུར་རོ༔ ཞེས་གསུངས་ཤིང་བཀའ་བསྩལ་བའི་ཟབ་ཆོས་བླ་མེད་ཀྱི་གདམས་པ་འདི་རྣམས་བདག་གིས་ཤོག་སེར་གསང་བའི་ཟབ་ཤོག་ཏུ་བྲིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་རིག་འཛིན་ཆེན་པོ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་ནས། ཤིང་ཕོ་སྟག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེལ་ལོ་སྟོན་ཟླ་འབྲིང་པོ་ལ་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།

རྩ་གསུམ་སྒྲུབ་ཐབས་སྙིང་གི་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རྩ་གསུམ་སྒྲུབ་ཐབས་སྙིང་གི་ནོར་བུ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ ཛྙཱ་ན་མནྚ་དྷརྨ་ནི་ནཱ་མཱ༔ བོད་སྐད་དུ༔ རྩ་གསུམ་ཀུན་འདུས་ཀྱི་སྒྲུབ་ཐབས་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་གྱིས༔ སྒྲུབ་ཐབས་འདི་བཞིན་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལུང་ནས་བཤད་པའི་གནས་ཆེན་ནམ༔ གོང་མས་བྱིན་གྱིས་བརླབས་པའི་གནས༔ ཡང་ན་དབེན་ཞིང་རིག་པ་དྭངས༔ གྲོང་བརྡལ་ལ་སོགས་འཚེ་བ་མེད༔ ཚེ་འདིའི་གཡེང་བ་བྲལ་བའི་སར༔ གནས་ཁང་དང་བསྟུན་སྟེགས་བུ་བཟོ༔ བདུད་རྩི་དྲི་བཟང་ཆག་ཆག་གདབ༔ ཚངས་ཐིག་ལ་སོགས་ཐིག་ནས་དྲངས༔ དབུས་མཐིང་ཤར་དཀར་ལྷོ་སེར་ཞིང་༔ ནུབ་དམར་བྱང་ལྗང་མཛེས་ཚོན་བྱ༔ སྒོ་གྲུ་རྟ་བབས་ཕྱོགས་མདོག་དང་༔ སྤྱི་མཐུན་པད་རྡོར་དུར་ཁྲོད་མེ༔ མཛེས་པར་ཚོན་རྩིས་ལེགས་པར་བསྒྱུར༔ དབུས་སུ་མཚན་བཟང་ཐོད་པའི་ནང་༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ སྨན་བསྒྲུབས་བཏབ་པའི་བདུད་རྩི་བཤམས༔ མེ་ལོང་སིནྡྷུ་ར་ཡིས་བྱུག༔ ཆོས་འབྱུང་ཧ་རི་ནི་ས་དང་༔ སྒྲུབ་བསྙེན་ཡི་གེ་དབུ་ཅན་འ བྲི༔ ཐོད་པ་བདུད་རྩིའི་ཁ་བཀབ་ཅིང་༔ དཀར་དམར་དར་གྱི་གུར་ཡང་ཕུབ༔ དེ་སྟེང་མཉྫིའི་ཁྲིའུ་ཁར༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཤམས༔ གསང་བ་འདུས་པའི་ཙཀ་ལི་གཟུགས༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ ཐ་མར་ཕྱི་ནང་མཆོད་པ་བཤམས༔ བཀའ་བསྲུང་གཏོར་མ་བྱང་དུ་འགོད༔ ཚེ་ཡི་མདའ་དར་ནུབ་ན་བཞག༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ལས་ཀྱི་གཞུང་བསྲང་བདག་དང་མདུན༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ ལྷ་དང་དཀྱིལ་འཁོར་གཞལ་ཡས་ཁང་༔ མ་བཅོས་རང་སེམས་རོལ་པ་ལས༔ ལས་བྱང་ལྟ་བུར་བསྐྱེད་རིམ་གསལ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད༔ བསྟོད་པ་ལ་སོགས་བརྗོད་པའི་མཐར༔ འཛབ་དགོངས་ཚིག་དོན་དམིགས་པ་བསྒྱུར༔ རྩ་གསུམ་བསྙེན་པའི་འཛབ་དབྱངས་སྒྲོག༔ ལྟ་བ་གདེང་བསྐྱེད་ཉམས་རྟོགས་སྤར༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་རཱ་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ དུས་ཀྱི་རྒྱལ་པོ་སྤྲེའུ་ཟླ་ལ༔ སྨྲ་བ་བཅད་དེ་འབུམ་ཚོ་གསུམ༔ བཟླས་ཤིང་བསྒྲུབ་པའི་སྐལ་ལྡན་དེ༔ པདྨ་བདག་དང་སྐལ་བ་མཉམ༔ སྐབས་སུ་ལས་བཞིའི་ཤམ་བུ་སྦྱར༔ དམིགས་པའི་སྤྲོ་བསྡུ་སྤྱི་འགྲོས་བྱ༔ སྐབས་སུ་ཚེ་ཡི་སྔགས་དམིགས་བསྒྱུར༔ ཚེ་འགུགས་ཐུགས་དམ་གནད་ནས་བསྐུལ༔ བསྙེན་གྲངས་ཐེམས་ནས་བསྒྲུབ་རྫས་ལས༔ དབང་བཞི་ལེན་ཅིང་དངོས་གྲུབ་ཞུ༔ ལས་བྱང་བཞིན་དུ་རྗེས་བསྐྱང་ཞིང་༔ བསྒྲུབ་རྫས་དམ་མེད་མི་ལ་སྦ༔ དེ་ལྟར་བསྒྲུབས་པའི་སྐལ་ལྡན་ལ༔ དངོས་དང་ཉམས་སམ་རྨི་ལམ་དུ༔ ཞལ་མཇལ་རྩ་གསུམ་ལུང་བསྟན་དང་༔ ཆོས་འཆད་གདམས་པ་འབོགས་པ་ཡོང་༔ གཞན་ཡང་བཟང་ལྟས་དགེ་བའི་ལས༔ གྱེན་ལ་འགྲོ་དང་ཉི་ཟླ་ཤར༔ གྲུ་ཟམ་ཆུ་བོ་ལས་བསྒྲལ་དང་༔ རྣག་ཁྲག་ཟག་དང་རོལ་མོ་འཁྲོལ༔ གོས་གསར་གོན་དང་ཁྲབ་རྨོག་གྱོན༔ ཁྲིར་འདུག་ཆོས་འཆད་ཁྲོམ་དབང་བསྐུར༔ བུད་མེད་བཟང་མོས་ཟས་སྟེར་དང་༔ ལྡེར་བཟོ་བཅོམ་དང་ལྷ་ཁང་བཤིག༔ གཏེར་རྙེད་མཁར་འཕུར་རིན་ཆེན་རྙེད༔ དེ་སོགས་དགེ་བའི་ལྟས་མང་ཡོང་༔ དེ་ཚེ་རྟོག་པ་མི་བསྐྱིལ་བར༔ སྟོང་ཉིད་བློ་འདས་དོན་ལ་བལྟ༔ བསྒྲུབ་པའི་ལྟས་རྣམས་ལོག་པ་དང་༔ སྙིང་མི་དགའ་ཞིང་ཡིད་མི་བདེ༔ མི་འདོད་པ་ཡི་ལྟས་བྱུང་ན༔ ཚེ་ལ་བར་གཅོད་ཡོད་པའི་རྟགས༔ སླར་ཡང་སྒྲུབ་པ་སྐྱོར་བ་དང་༔ ཚེ་སྒྲུབ་ལ་སོགས་ནན་ཏན་བྱ༔ རྣམ་རྟོག་འཛིན་པའི་ཁུ་འཕྲིག་གཅོད༔ གང་ཤར་ཆོས་ཉིད་རོལ་པར་འཁྱེར༔ མ་བཅོས་རང་མདངས་ས་ལེར་བསྐྱངས༔ མི་དམིགས་བློ་འདས་ཁྱམ་མེར་བསྐྱངས༔ བརྗོད་མེད་ལྷན་སྐྱེས་ཡེར་རེར་བསྐྱངས༔ འདི་ལྟར་བརྩོན་པའི་རྣལ་འབྱོར་ལ༔ ལུས་ལ་རླུང་ཕོག་འགྲོ་བ་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ དཔའ་བོ་མཁའ་འགྲོ་གྲིབ་བཞིན་འགྲོག༔ ཆོས་སྐྱོང་སྲུང་མས་སྡོང་གྲོགས་བྱེད༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས༔ སྐྱེ་བ་པདྨའི་དྲུང་དུ་འོང་༔ དེ་ཕྱིར་གཅེས་སོ་ཉམས་སུ་ལོངས༔ ཨེ་མ་མ་འོངས་སྐལ་ལྡན་བུ༔ རྩོད་ལྡན་མར་གྲིབ་སྙིགས་མའི་དུས༔ གང་ཟག་བཟང་གསུམ་ཉིན་སྐར་འདྲ༔ ལས་ཅན་ལུང་ནས་བསྟན་ན་ཡང་༔ ཕལ་ཆེར་བདུད་དབང་འཆོར་ལ་ཉེ༔ ངན་སྤྱོད་འབའ་ཞིག་དར་བའི་ཚེ༔ མི་དགེ་སྤྱོད་ངན་རང་གིས་བྱེད༔ ངོ་སོར་འཁྱེར་ཞིང་ཁ་དཔའ་འདོན༔ དམ་ཚིག་སྡོམ་ཉམས་མང་བའི་དུས༔ ཟབ་མོའི་གཏེར་འདི་རྙེད་པར་འགྱུར༔ བདུད་ཀྱི་བསྟན་པ་ཤར་བའི་ཚེ༔ གསང་རྒྱ་བསྡམ་པ་གནད་ཡིན་ཞིང་༔ རང་གིས་ཉམས་ལེན་ཆིག་དྲིལ་ཐོང་༔ མི་ངོ་མ་བསྲུང་དམ་ཚིག་སྲུངས༔ བཤད་པའི་དམ་ལས་འགལ་གྱུར་ན༔ དམ་ཚིག་མེད་པའི་གང་ཟག་འོང་༔ བདུད་ཀྱིས་བློ་ཁ་སྒྱུར་བར་བྱེད༔ མི་རུང་སྣ་ཚོགས་འཕྲལ་དུ་འབྱུང་༔ བསྟན་པའི་བླ་འཚོང་བྱེད་པ་འབྱུང་༔ དེ་བས་རྐུན་ནོར་ལྟ་བུར་སྤྱོད༔ གཏེར་འདི་ངོམ་པ་མ་སྔ་ཞིག༔ གསང་བ་ཐུགས་ཀྱི་གཏེར་ཁ་འདི༔ གསང་རྒྱ་མཐར་ཕྱིན་ཉམས་ལོན་ལ༔ རྟེན་འབྲེལ་ནོར་བུ་རྙེད་པ་འདྲ༔ བདག་གཞན་གཉིས་ཀ་ཐ་མ་འཚེང་༔ སྐལ་ལྡན་བརྟགས་ཤིང་མནའ་རྒྱས་ཐོབ༔ སྦྲུལ་འཇུག་ལྟ་བུར་སྟོན་མཁས་ཀྱིས༔ དུས་གཅིག་སྟོན་པ་ངས་མ་བཤད༔ ཆོས་བཀའ་ཆོད་ལ་དཔེ་ཁ་སྡོམ༔ དམ་ཉམས་སུ་ཡང་བྱེད་སྲིད་པས༔ རིག་པར་ལྕགས་ཆུག་ཆང་མ་འཐུང་༔ ཤིན་ཏུ་གསང་རྒྱ་དམ་པར་གྱིས༔ ཆོས་ཟབ་པ་ན་བདུད་ཀྱང་ཟབ༔ ཁྱད་པར་གཏེར་གྲོགས་བུ་མོ་ལ༔ གཏེར་གནས་ཉིད་དུ་འདི་བསྒྲུབ་ཆུག༔ གང་ཟག་རང་གི་ཚེ་ལ་ཕན༔ གཏེར་གྲོགས་བུ་མོ་ཚེ་འཕོས་དུས༔ ཨོ་རྒྱན་ང་ཡི་དྲུང་དུ་འོང་༔ ཞལ་གདམས་གནད་ཡིག་སྙིང་ལ་ཆོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འཁྲུལ་སྣང་རང་གྲོལ་རྩལ་གྱིས་ཁམས་སྲིང་མོ་རྫོང་ནས་སྟག་ལོ་ལ་གདན་དྲངས་ཤིང་དབང་ཆེན་སྤྲེའུའི་ལོ་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

དབང་བཞི་ཡེ་ཤེས་སྙིང་པོ།

བཀའ་རྫོགས་པ་ཆེན་པ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ དབང་བཞི་ཡེ་ཤེས་སྙིང་པོ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ སྐལ་ལྡན་སྨིན་ཅིང་གྲོལ་བའི་ལམ༔ དབང་བཞི་ཡེ་ཤེས་སྙིང་པོ་ཞིག༔ ཕྱི་རབས་དོན་དུ་ཡི་གེར་འདེབས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཡིད་དང་མཐུན་ཞིང་དབེན་པའི་ལུང་༔ དབྱར་བསིལ་དགུན་དྲོ་འཚེ་བ་མེད༔ དཀར་ཕྱོགས་སྐྱོང་བ་གནས་པའི་སར༔ སྟེགས་བུ་མེ་ལོང་ངོས་ལྟར་བཟོ༔ ཆེ་ཆུང་གནས་ཁང་རྒྱ་དང་བསྟུན༔ བ་ཡི་རྣམ་ལྔ་དྲི་བཟང་གིས༔ བྱུགས་ཤིང་ཐིག་གི་གྲངས་སུ་བཅད༔ ལྟེ་བ་མཐིང་དང་མུ་ཁྱུད་ལྗང་༔ ཕྱོགས་བཞིའི་རྩིབས་བཞི་ཕྱོགས་མདོག་བསྒྱུར༔ སྒོ་གྲུ་ལ་སོགས་སྤྱི་འགྲོས་བྱ༔ མཛེས་པའི་ཚོན་རྩིས་ཁ་དོག་བསྒྱུར༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ མཚན་ལྡན་བུམ་པ་མགུལ་ཆིངས་མཐིང་༔ དྲི་བཟང་བུམ་ཆུས་སུམ་ཆ་དགང་༔ འབྲས་བུ་ཅན་གྱི་ཤིང་འཛུགས་ཤིང་༔ གཟུངས་ཐག་རྡོ་རྗེས་བརྒྱན་པར་བྱ༔ བུམ་པའི་མདུན་དུ་གཙོ་བོའི་སྐུ༔ མེ་ལོང་གཡའ་དག་འགོད་བར་བྱ༔ གཡས་སུ་མཚན་བཟང་ཐོད་པའི་ནང་༔ བྱང་སེམས་ཨ་མྲྀ་ཏས་བརླན་པའི༔ བདུད་རྩི་དག་གིས་བཀང་བའི་ཁར༔ སིནྡྷི་རས་བརླན་མེ་ལོང་ལ༔ ཆོས་འབྱུང་ཟུར་དྲུག་བྲིས་པ་ལ༔ ཧ་རི་ནི་སའི་སྔགས་འབྲུ་འགོད༔ དར་དམར་དྲི་མེད་ཁ་ཡང་བཀབ༔ གཡོན་དུ་རྡོར་སེམས་མེ་ལོང་བཤམས༔ མདུན་དུ་དུང་ཆོས་མཚན་བཟང་དུ༔ ཀ་རས་བརླན་པའི་འོ་མ་ལ༔ ཡབ་ཡུམ་བྱང་སེམས་བཏབ་པ་བཤམས༔ རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་འགོད༔ བྱང་དུ་བཀའ་བསྲུང་གཏོར་མ་བཞག༔ མཚན་ལྡན་བཅུ་དྲུག་ཁྲུས་ནས་ཕྱུངས༔ རྒྱན་གྱིས་སྤྲས་ཤིང་དབང་རྟེན་འགོད༔ སློབ་དཔོན་བདེ་བའི་ཁྲི་ལ་འགོད༔ ལས་ཀྱི་གཞུང་བསྲང་བསྙེན་བསྒྲུབ་གསོ༔ ཏིང་འཛིན་གསལ་ཞིང་སྙོམས་འཇུག་བསྒྱུར༔ དེ་ནས་སྣོད་ལྡན་སྐྱེས་བུ་ནི༔ ཚེ་འདི་བློ་ཡིས་བཏང་བའི་བུ༔ ལྔ་གསུམ་བདུན་ལས་མི་མང་བར༔ ཕྱི་ནང་མཚམས་བཅད་ཁྲུས་ནས་ཕྱུངས༔ རིན་ཆེན་ཁྱད་འཕགས་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་སྐད་ཞུ༔ ཨེ་མ་བླ་མ་གསང་བ་འདུས༔ གསང་ཆེན་ཚེ་འདིར་གྲོལ་བའི་ལམ༔ ཐེག་པའི་སྙིང་པོ་མཆོག་གསང་ཆེ༔ དབང་བཞིའི་སྨིན་གྲོལ་བདག་ལ་སྩོལ༔ ལན་གསུམ༔ བླ་མས༔ ཀྱེ་ཧོ་ཚུར་ཉོན་འདིར་ཚོགས་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པ་འདི༔ ཐེག་པ་ཀུན་གྱི་འབྱུང་གནས་ཡིན༔ སྔ་རབས་འདས་པའི་སངས་རྒྱས་དང་༔ ད་ལྟ་བཞུགས་པའི་སངས་རྒྱས་དང་༔ སླད་ནས་འབྱོན་པའི་སངས་རྒྱས་རྣམས༔ ཐེག་མཆོག་ཟབ་ཅིང་སྤྲོས་བྲལ་བའི༔ ལམ་བཟང་འདི་ལ་ཞུགས་ནས་ནི༔ མངོན་པར་སངས་རྒྱས་རྫོགས་འཚང་རྒྱ༔ དེ་ཕྱིར་འདིར་ཚོགས་ཁྱེད་རྣམས་ཀྱིས༔ ཚེ་འདི་བློ་ཡིས་བཏང་ནས་ཀྱང་༔ གསང་སྔགས་ཟབ་མོ་འདིར་འཇུག་སྟེ༔ ཡང་དག་སྒྲུབ་པ་བྱེད་ནུས་སམ༔ ང་ནི་རྡོ་རྗེ་སློབ་དཔོན་སྟེ༔ ང་ཡི་བཀའ་ལས་མི་འདའ་འམ༔ རྡོ་རྗེ་ཐེག་པའི་ལྟ་སྤྱོད་རྣམས༔ ཐོས་ནས་སྐྲག་སྟེ་ལོག་ལྟ་བའི༔ ཐེག་དམན་ཉན་རང་རིགས་མིན་ནམ༔ ཅེས་དྲིས་ལན་གསོལ་པ༔ ཧོ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་རིགས་མཆོག་ཆེ༔ ཚེ་འདིའི་ཆོས་ལ་ཞེན་པ་ལོག༔ འཁོར་བའི་གནས་ལ་སྐྱོ་བ་སྐྱེས༔ སྡུག་བསྔལ་འདམ་འདིར་སྙུགས་རེ་བུད༔ ངེས་འབྱུང་དྲག་པོ་སྙིང་ནས་སྐྱེས༔ རྡོ་རྗེ་རྒྱལ་པོ་མཆོག་ཁྱོད་ཀྱང་༔ རྒྱལ་བ་རྣམས་དང་དབྱེར་མེད་མཐོང་༔ གསང་བ་མཆོག་གི་ལམ་འདི་ལ༔ དད་ཅིང་འདུན་ཏེ་མོས་གུས་ལྡན༔ ཉན་ཐོས་རང་རྒྱལ་ལམ་ལས་འཕགས༔ བདག་ནི་ཐེག་མཆོག་སྐལ་པར་ལྡན༔ དབང་གིས་སྨིིན་ཅིང་གྲོལ་བར་མཛོད༔ ལན་གསུམ་ཞུ༔ སློབ་མ་རྣམས་ལ་མིག་དར་བཀབ༔ སློབ་དཔོན་གྱིས་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་བཤད༔ ལས་བུམ་གྱི་ཆུ་དང་བདུད་རྩི་བསྲེས་པ་ངག་ཏུ་བླུད་ཅིང་འདི་སྐད་དོ༔ ཧཱུྃ༔ འདི་ནི་ཡང་དག་རྡོ་རྗེའི་ཆུ༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང་༔ དེ་ཕྱིར་སྙིང་ལ་བྲོ་བོར་ཏེ༔ རྡོ་རྗེ་དམྱལ་བའི་ཆུ་འདི་འཐུང་༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ན་ར་ཀན༔ དེ་ནས་རྡོ་རྗེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ བྱང་ཆུབ་མཆོག་གི་རྡོ་རྗེ་འདི༔ དེ་རིང་ཁྱོད་ཀྱི་སྙིང་ལ་ཤར༔ གསང་སྔགས་ཟབ་མོའི་ལྟ་སྤྱོད་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་མ་སྨྲ་ཞིག༔ གལ་ཏེ་ཚུལ་འདི་སྨྲས་གྱུར་ན༔ ཁྱེད་རྣམས་དམ་ཚིག་ཉམས་པར་འགྱུར༔ དེ་བས་དམ་ལ་གནས་པར་རིགས༔ བཛྲ་ས་མ་ཡ་ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་ཕྱག་མཚན་དང་སློབ་དཔོན་གྱི་ཕྱག་གཡས་སློབ་མའི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ང་ནི་རྡོ་རྗེ་སློབ་དཔོན་ཏེ༔ དུས་གསུམ་སངས་རྒྱས་སྤྲུལ་པ་ཡིན༔ ཁམས་གསུམ་འགྲོ་བའི་དོན་བྱེད་ཕྱིར༔ གཟུགས་དང་སྤྱོད་པ་སྣ་ཚོགས་ཀྱང་༔ ང་ལ་འཁྲུལ་པ་ཡེ་ནས་མེད༔ དེ་ཕྱིར་ང་ནི་བླ་ན་མེད༔ ཁྱོད་ཀྱི་སློབ་དཔོན་དམ་པ་སྟེ༔ ཚུལ་བཞིན་བརྟེན་དང་དངོས་གྲུབ་སྟེར༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་༔ བླ་མ་དག་ལ་བརྟེན་ནས་བྱུང་༔ དེ་ཕྱིར་བླ་མ་བརྟེན་པར་བྱ༔ མོས་གུས་ལྟེམ་རྐྱང་བྲལ་བ་ཡིས༔ གསོལ་བ་ཡང་དག་བཏབ་གྱུར་ན༔ སངས་རྒྱས་སྟོང་གི་བྱིན་རླབས་རྣམས༔ བདག་གི་རྒྱུད་ཀྱིས་ཡང་དག་འཛིན༔ སྐལ་ལྡན་གྲོལ་བའི་ལམ་ལ་འགོད༔ དེ་ཕྱིར་སློབ་དཔོན་སྤྱི་བོས་བརྟེན༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཅེས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིགས་པ་སྲིན་ལག་གིས་རེག༔ བསྐྱེད་རིམ་ལས་བྱང་ལྟར་ཕོག་ཅིང་ཡེ་ཤེས་པ་དབབ༔ མིག་དབྱེ་ཞིང་དཀྱིལ་འཁོར་གྱི་མཐོང་བ་དང་བླ་མ་ཡབ་ཡུམ་གྱི་མཐོང་བ་འདྲི༔ ཀྱེ་མ༔ སྐལ་ལྡན་གྱི་བུ་ཁྱེད་རྣམས་ཀྱིས་མདུན་གྱི་དཀྱིལ་འཁོར་འདི་ཅི་ལ་མཐོང་༔ ཅེས་སྨྲའོ༔ བདག་ཆ ེ་གེ་འདི་ཞེས་བྱ་བས་དཀར་སེར་དམར་ལྗང་མཐིང་ག་སོགས་འདི་ལ་མཐོང་༔ ཞེས་ཞུའོ༔ སྔ་མ་ལྟར་བླ་མ་ཡབ་ཡུམ་ཅི་ལ་མཐོང་དྲི་ཞིང་༔ སྐུ་གསུམ་གང་ལྟར་མཐོང་བ་ལྟར་ལན་ཞུའོ༔ བླ་མ་སྐུ་གསུམ་གང་ལྟར་མཐོང་བ་དང་༔ དཀྱིལ་འཁོར་གྱི་ཁ་དོག་ལས་བཞི་གང་མཐོང་འགྲུབ་པའི་རྟེན་འབྲེལ་གྱི་ངོ་སྤྲོད་འདེབས༔ མཐོང་བ་ལྟར་གྱི་གསང་མཚན་དབྱེ་བ་མཐའ་ཡས༔ ཚོགས་གཉིས་ཡོངས་གྲོལ༔ ཆགས་མེད་བྱ་བྲལ༔ འབད་མེད་གཞི་གྲོལ༔ ཀ་དག་མཐོང་གྲོལ༔ རིག་འཛིན་རྩལ་འཆང་༔ སྣ་ཚོགས་སྲིད་གྲོལ༔ ཁྱབ་བརྡལ་ལྷུན་གྲུབ༔ ནོར་མེད་མཐར་ཕྱིན༔ ཆོས་སྐུ་མངོན་རྫོགས༔ གསལ་ཁྱབ་མཐའ་གྲོལ༔ རྟོགས་བྲལ་རྙོག་མེད༔ བྱར་མེད་རྒྱ་ཡན༔ ཅོག་བཞག་རྒྱལ་པོ༔ མ་བཅོས་འབད་མེད༔ སྙིང་པོ་དོན་ལྡན་ལ་སོགས་གསང་མཚན་གང་འོས་ནས་གཏད་ཅིང་༔ མ་འོངས་པ་ན་དེ་བཞིན་གཤེགས་པ་གསང་མཚན་ལྟར་འཚང་རྒྱ་ནས་བསྟན་དང་འགྲོ་དོན་དཔག་མེད་འབྱུང་བར་འགྱུར་རོ༔ ཞེས་ལུང་སྟོན་ཅིང་མེ་ཏོག་འཐོར་ཏེ་འདི་སྐད་དོ༔ ཧཱུྃ༔ གསང་བའི་ལམ་མཆོག་འདིར་ཞུགས་རྣམས༔ ངོ་བོ་དག་པའི་བདེན་པ་དང་༔ རྡོ་རྗེ་སློབ་དཔོན་ནུས་མཐུ་དང་༔ ཐེག་པ་མཆོག་འདིའི་བྱིན་རླབས་ཀྱིས༔ མངོན་པར་རྫོགས་ཏེ་སངས་རྒྱས་ཤོག༔ བདུད་སྡེ་བཅོམ་དང་ཆོས་འཁོར་བསྐོར༔ མཛད་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས༔ འཁོར་བ་དོང་སྤྲུག་མཐུ་ལྡན་གྱུར༔ སྨོན་ལམ་མིང་ཚིག་གསང་མཚན་དབང་༔ རྟེན་འབྲེལ་ཟབ་མོའི་ལེགས་ཚོགས་ཀྱིས༔ དེང་འདིར་ཁྱེད་ཅག་ཤིས་གྱུར་ཅིག༔ ཅེས་བརྗོད༔ བུམ་དབང་གི་ཡོན་དུ་མཎྜལ་འབུལ་ཞིང་༔ སློབ་དཔོན་གྱིས་བུམ་པ་ཐོགས་ཏེ༔ ཧཱུྃ༔ བུམ་པ་ཆོས་ཀྱི་དབྱིངས་ཀྱི་ཞིང་༔ བཅུད་ནི་གསང་འདུས་ལྷ་ཡི་སྐུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྤྲོས་བཅས་བུམ་པའི་དབང་ཐོབ་ཤོག༔ རྩ་སྔགས་གི་མཇུག་ཏུ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་ཆུ་ངག་ཏུ་བླུད་གཙོ་བོའི་སྐུ་ཐོགས་ཏེ༔ ཧཱུྃ༔ ཉག་གཅིག་མཐའ་བྲལ་ཆོས་ཀྱི་སྐུ༔ བླ་མ་རིག་འཛིན་གསང་བ་འ དུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྤྱི་བོར་བསྐུར་རོ༔ ཅེས་སྤྲོ་ན་ལས་བྱང་གི་བསྟོད་ཚིག་དབང་གི་ཤམ་བུ་བཏགས་པའི་ཙཀ་ལིའི་ལྷ་དབང་འདིིར་བསྐུར་རོ༔ མཐར་ལྷ་སོ་སོའི་སྙིང་པོ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་སྦྱར་བར་བྱའོ༔ བསྡུ་སྟེ་བསྐུར་ན་གཙོ་བོ་ཡབ་ཡུམ་གྱི་སྐུ་མེ་ལོང་གི་ངོས་ལ་བསྟན་ཅིང་༔ ཧཱུྃ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་བ་གཟུགས་ཀྱི་རང་བཞིན་འདི༔ ཡེ་ནས་སྟོང་པའི་རང་རྩལ་ཏེ༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཟུགས་སྣང་བག་ཆགས་སྦྱོང་སླད་དུ༔ ལམ་མཆོག་བསྐྱེད་རིམ་མེ་ལོང་གི༔ གཟུགས་བརྙན་སྣང་བ་འདི་ལྟར་སྒོམས༔ བསྐྱེད་རིམ་བུམ་པའི་དབང་ཐོབ་ཤོག༔ ཛྙཱ་ན་མ་ཧཱ་མུ་དྲ་དྷརྨཱ་ཡོ་གི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྙིང་གར་བསྐུར་རོ༔ སྤྲོས་མེད་ནང་གི་གསང་དབང་གི་དོན་དུ་མཎྜལ་འབུལ་ཞིང་༔ ཐོད་པར་བདུད་རྩི་ཐོགས་ཏེ༔ ཧཱུྃ༔ བྷན་དྷ་རང་བྱུང་སྣོད་མཆོག་ཏུ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་བལྟམས༔ ཟག་མེད་བདུད་རྩིའི་དབང་མཆོག་འདིས༔ རིགས་ཀྱི་བུ་རྣམས་སྨིན་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བདུད་རྩི་སྦྱིན༔ མེ་ལོང་གི་སིནྡྷུ་རས་མགྲིན་པར་ཐིག་ལེ་བྱ༔ ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་དོན་དུ་མཎྜལ་འབུལ་ཞིང་༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ མ་བཅོས་དྲི་མེད་ཤེལ་གོང་འདི༔ གསལ་ཞིང་དག་ལ་རྙོག་པ་མེད༔ དཔེ་ནི་ཆོས་དབྱིངས་ཡེ་ཤེས་མཚོན༔ དོན་ནི་རང་རིག་ངོ་བོར་ལྟོས༔ དཔེ་དོན་བརྡ་ཡིས་དབང་བསྐུར་བས༔ ཤིན་ཏུ་སྤྲོས་མེད་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་སྙིང་གར་བསྐུར་ཞིང་འོད་ལ་ལྟ་རུ་བཅུག༔ དེ་ནས་མཚན་ལྡན་མ་སྦྱིན་ཞིང་༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་བདེ་བའི་ལམ༔ རྡོ་རྗེ་ཐེག་མཆོག་ལམ་གྱི་གྲོགས༔ མཚན་ལྡན་མུ་ཊས་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར་མུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་རིག་མའི་ཞབས་སློབ་བུའི་སྤྱི་བོར་བླང་ཞིང་དུང་ཆོས་ཀྱི་བྱང་སེམས་སྦྱིན༔ ཡོངས་སུ་སྤྲོས་མེད་ཀྱི་དབང་གི་དོན་དུ་མཎྜལ་འབུལ་ཞིང་ཆོས་བདུན་བཅས་ཏེ་ཉན༔ ཐོད་རྔ་འཁྲོལ་ཞིང་བླ་མས་འདི་སྐད་དོ༔ ཧཱུྃ༔ དང་པོ་རྒྱུ་ལས་མ་སྐྱེས་ཀྱང་༔ སྣ་ཚོགས་རྒྱུ་ནི་སེམས་ཀྱིས་བྱས༔ བར་དུ་རྐྱེན་ལས་མ་གྲུབ་ཀྱང་༔ རིགས་དྲུག་ལས་འབྲས་སེམས་ལས་འཕེལ༔ ཐ་མ་ངོ་བོར་མཐོང་མེད་ཀྱང་༔ འགྱུ་བ་བར་སྣང་གློག་ལས་མྱུར༔ ཐོག་མ་བར་དང་ཐ་མ་དང་༔ ད་ལྟ་རིག་པ་སོ་སོར་ཕྱེས༔ བརྟག་ཅིང་དཔྱོད་ལ་ངོ་བོར་ལྟོས༔ མ་མཐོང་རྩ་ན་མཉམ་པར་ཞོག༔ ཡང་ལྟོས་ཡང་ལྟོས་ལེགས་པར་ལྟོས༔ ལྟ་ཡུལ་མ་རྙོག་ལྟ་མཁན་ཚོལ༔ ཚོལ་བྱེད་མཁན་པོ་ལོགས་ན་མེད༔ ཡོད་ནས་བཙལ་ཏེ་མ་རྙེད་མིན༔ མེད་ན་འཁོར་འདས་སེམས་ཀྱིས་བྱས༔ སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་ནི༔ ནམ་མཁའི་བྱ་ལམ་རྗེས་མེད་ལྟར༔ དུས་གསུམ་སྐྱེ་འགག་མེད་པར་གནས༔ གཞི་མེད་རྩ་བྲལ་སྐྱེ་རྒྱུན་ཆོད༔ འཁོར་བའི་གྲོང་ལས་བཟློག་པའོ༔ མ་ཡེངས་མི་བསྒོམ་སྣང་སེམས་བསྲེ༔ བསྒོམ་པ་བླ་མེད་འཕགས་པའི་ལམ༔ སྣ་ཚོགས་རྐྱེན་དང་ཐུགས་ཕྲད་བསྲེ༔ བག་ཆགས་རང་གྲོལ་སྤྱོད་པའི་མཆོག༔ སྙིང་པོ་ཁྲེགས་ཆོད་ལམ་ཐོད་རྒལ༔ འབྲས་བུ་ཆོས་ཟད་རང་ངོར་རྫོགས༔ དེ་ཕྱིར་མ་འཁྲུལ་རིགས་ཀྱི་བུ༔ མ་ནོར་ཐིག་མཆོག་སྙིང་ལ་ཤར་༔ ཟབ་མོ་དོན་གྱི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཛྙཱ་ནཱ་ཨ་བྷི་ཥཉྩ་ཧཱུྃ༔ ཅེས་སློབ་དཔོན་གྱིས་དགོངས་པ་ཡང་དག་པའི་ཏིང་ངེ་འཛིན་གྱིས་དྲོད་གཏད༔ དཔལ་གྱི་གཏོར་མ་མགོར་བཞག༔ བརྒྱུད་པའི་བཀའ་གཏད་བྱ༔ བཀའ་བསྲུང་གཏོར་མ་ལག་ཏུ་བྱིན་ལ་སྒྲུབ་པའི་དམ་བཅའ་འབོགས༔ ཉམས་ཁྲིད་རྣམས་རིམ་གྱིས་གདམས་ཤིང་ཟབ་དོན་གྱི་ལྟ་སྒོམ་ངོ་འཕྲོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགའ་སྟོན་ཚོགས་ལ་རོལ་ཞིང་རྗེས་སྐྱང་༔ རང་གི་ཆུང་མ་བུ་དང་ནོར་རྫས་ལ་སོགས་ཕངས་སྲི་མེད་པའི་བཀའ་དྲིན་གཏང་རག་གི་མཎྜལ་འབུལ་ཞིག་སྐྱེམས་ཆང་འདྲེན༔ བླ་མ་ཡབ་ཡུམ་མཆེད་དང་ལྕམ་དྲལ་གྱི་དམ་ཚིག་མིག་འབྲས་ལྟར་བསྲུང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དེ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོངས་ནས་གདན་དྲངས་ཤིང་ཤོག་སེར་ལས་མགྱོགས་པར་དཀྱུས་སུ་བྲིས་པའོ། །མངྒ་ལཾ།། །།

སྔོན་འགྲོའི་རྒྱུག་བྱང་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ སྔོན་འགྲོའི་རྒྱུག་བྱང་ཡིད་བཞིན་ནོར་བུ་བཞུགས་སོ༔ ཨཱོཾ་ན་མོ་ཧཱུྃ༔ ནམ་མཁའ་རྣམ་དག་ཆོས་དབྱིངས་འོད་ཀློང་དུ༔ རྒྱལ་བ་ཀུན་འདུས་དཔལ་ལྡན་བླ་མ་ལ༔ ཕྱོགས་བཅུའི་སངས་རྒྱས་སྐྱབས་གྱུར་ཀུན་གྱིས་བསྐོར༔ ཐུགས་རྗེའི་ཀློང་ནས་དཔག་མེད་སྤྲིན་ལྟར་འཁྲིག༔ ཨཱོཾ་ན་མོ་ཧཱུྃ༔ དཀོན་མཆོག་རིན་ཆེན་སྐྱབས་གནས་རྩ་བ་གསུམ༔ ཁྱད་པར་དྲིན་ཅན་རྩ་བའི་བླ་མ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་སོགས་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ ཨཱོཾ་ན་མོ་ཧཱུྃ༔ བསམ་བརྗོད་བྲལ་བའི་རང་རིག་ཡེ་ཤེས་ལ༔ མ་རིག་འཛིན་པས་སྲིད་པར་འཁྱམས་པ་ཡི༔ འགྲོ་རྣམས་གཞོན་ནུ་བུམ་སྐུར་གྲོལ་བའི་ཕྱིར༔ རིམ་གཉིས་སྣང་སྟོང་ཁྱབ་བརྡལ་ཟུང་དུ་འཇུག༔ ཨཱོཾ་ན་མོ་ཧཱུྃ༔ རང་རིག་དག་པ་ཆེན་པོར་ཕྱག་འཚལ་ལོ༔ འཁོར་འདས་ཡོངས་གྲོལ་སྤང་བླང་བྲལ་བས་མཆོད༔ རེ་དོགས་དགེ་སྡིག་འཛིན་པས་བཅིང་བ་བཤགས༔ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཡི་རང་ངོ་༔ སྟོང་གསལ་རང་བྱུང་དག་པའི་ཆོས་འཁོར་བསྐོར༔ དག་པ་རབ་འབྱམས་ཀློང་དུ་བཞུགས་སུ་གསོལ༔ ཀུན་བཟང་དགོངས་པའི་དབྱིངས་སུ་གྲོལ་བར་ཤོག༔ ཨཱོཾ་ན་མོ་ཧཱུྃ༔ སྤྱི་གཙུག་འོད་དཀར་ལས་གྲུབ་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་རྡོར་དྲིལ་བསྣམས༔ ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར༔ ཧཱུྃ་མཐར་སྔགས་ཕྲེང་འོད་ཀྱིས་སྒྲིབ་གཉིས་སྦྱངས༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགས༔ ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཨཱོཾ་ན་མོ་ཧཱུྃ༔ རིན་ཆེན་མཎྜལ་ཕྱི་ནང་མཆོད་པའི་སྤྲིན༔ རང་བྱུང་སྙིང་པོས་བརྒྱན་ཏེ་སྐུ་གསུམ་གྱི༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་མཎྜལ་པཱུ་ཙ་མེ་གྷ་ཨཱཿཧཱུྃ༔ ཨཱོཾ་ན་མོ་ཧཱུྃ༔ རྡོ་རྗེ་སེམས་དཔའ་འོད་ཞུ་རང་ལ་ཐིམ༔ རང་ཉིད་ཡི་དམ་ལྷ་གྱུར་སྤྱི་བོའི་གཙུག༔ བླ་མ་ཧེ་རུ་ཀ་དཔལ་ཡབ་ཡུམ་ལ༔ རྩ་གསུམ་ལྷ་ཚོགས་བརྒྱུད་པའི་བླ་མས་བསྐོར༔ ཆོས་ཉིད་རྟོགས་པར་གསོལ་བ་སྙིང་ནས་འདེབས༔ འདིར་བརྒྱུད་པའི་གསོལ་འདེབས་འདོན༔ ཨཱོཾ་ན་མོ་ཧཱུྃ༔ རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས༔ ཐུགས་རྗེའི་དབང་གིས་རྩ་གསུམ་བརྒྱུད་པར་བཅས༔ ལྷ་ཚོགས་བླ་མ་འོད་ཞུ་རང་ལ་ཐིམ༔ དབང་བཞིའི་གདེང་རྙེད་དབྱིངས་རིག་ཚད་ལ་ཕེབས༔ རིགས་བདག་བླ་མའི་གོ་འཕང་མངོན་དུ་གྱུར༔ ཆོས་ཟད་ཀློང་དུ་རང་སེམས་མངོན་སངས་རྒྱས༔ འཁོར་གསུམ་དག་པའི་མཐུ་ཡིས་འགྲོ་བ་རྣམས༔ སྐུ་གསུམ་བླ་མེད་རྫོགས་པའི་ས་ཐོབ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ།། །།

གསོལ་འདེབས་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ གསོལ་འདེབས་ཡིད་བཞིན་ནོར་བུ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་རྣམས༔ སྤྱི་བོར་བླ་མའི་རྣལ་འབྱོར་སྒོམས༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ བླ་མའི་ཡོན་ཏན་དྲན་པར་བྱ༔ དད་པའི་ཤུགས་བསྐྱེད་གདུང་དབྱངས་ཀྱིས༔ ཉིན་མཚན་དུས་དྲུག་གསོལ་བ་འདེབས༔ ན་མོ༔ མ་ཧཱ་གྷུ་རུ་དྷེ་ཝ་ཌཱ་ཀི་ནི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གདོད་ནས་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ ཀ་དག་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ རྩོལ་མེད་རང་བྱུང་ངང་ནས་གསོལ་བ་འདེབས༔ ཆོས་སྐུ་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ནས༔ ལོངས་སྐུ་རྟོག་བྲལ་རྡོ་རྗེ་སེམས་དཔའ་ལ༔ མཚོན་བརྗོད་བྲལ་བའི་ངང་ནས་གསོལ་བ་འདེབས༔ བརྗོད་མེད་བློ་འདས་རྟོགས་པར་བྱིན་གྱིས་རློབས༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ འཇའ་ལུས་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ༔ ཡིད་དཔྱོད་བྲལ་བའི་ངང་ནས་གསོལ་བ་འདེབས༔ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས༔ དུར་ཁྲོད་སོ་ས་གླིང་གི་གཞལ་ཡས་ནས༔ ཧེ་རུ་ཀཿདཔལ་ཤྲཱི་སིངྷ་ལ༔ གནས་ལུགས་རྟོགས་པའི་ངང་ནས་གསོལ་བ་འདེབས༔ སྣང་བཞི་མཐར་རུ་ཕྱིན་པར་བྱིན་གྱིས་རློབས༔ དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་ནས༔ པདྨ་སམྦྷ་མཚོ་སྐྱེས་རྡོ་རྗེ་ལ༔ ཅིར་སྣང་རང་གྲོལ་ངང་ནས་གསོལ་བ་འདེབས༔ རང་རིག་བླ་མར་རྟོགས་པར་བྱིན་གྱིས་རློབས༔ གཞོ་སྟོད་གཏེར་སྒྲོམ་མཁའ་འགྲོའི་ཚོགས་ཁང་ནས༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ བདེ་སྟོང་དགའ་བཞིའི་ངང་ནས་གསོལ་བ་འདེབས༔ ཐབས་ཤེས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས༔ ཡེར་པ་ལྷ་རི་སྙིང་པོའི་གཞལ་ཡས་ནས༔ བསྐྱེད་རྫོགས་མཐར་ཕྱིན་ཀླུ་ཡི་དབང་པོ་ལ༔ རྩེ་གཅིག་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ སྨོན་ལམ་མཐར་ཕྱིན་ཟབ་གཏེར་ཕོ་བྲང་ནས། །འཁྲུལ་སྣང་རང་གྲོལ་ཉི་མ་གྲགས་པ་ལ། །མོས་གུས་ལྟེམ་རྐྱང་མེད་པར་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བར་བྱིན་གྱིས་རློབས། །ལུང་རྟོགས་ཆོས་ཀྱིས་ཕྱུག་པའི་ཕོ་བྲང་ནས། །རྒྱལ་བའི་སྲས་མཆོག་མཚུངས་མེད་དམ་པ་ལ། །ཞེན་འཛིན་བྲལ་བའི་ངང་ནས་གསོལ་བ་འདེབས། །སྣང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཟབ་རྒྱས་སྨིན་གྲོལ་གདམས་པའི་གན་མཛོད་འཆང་། །བཀའ་དྲིན་སུམ་ལྡན་རྡོ་རྗེ་འཛིན་པ་ལ། །ཟོལ་མེད་ཤུགས་འབྱུང་ངང་ནས་གསོལ་བ་འདེབས། །ཉམས་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཀུན་བཟང་བདེ་བ་ཆེན་པོའི་ཕོ་བྲང་ནས། །དྲིན་ཅན་བླ་མ་པད་མའི་མཚན་ཅན་ལ། །མོས་གུས་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས། །གདོད་མའི་རང་ཞལ་མཇལ་བར་བྱིན་གྱིས་རློབས། །ཤཱཀྱའི་ཞིང་ཁམས་རྒྱ་བོད་གནས་མཆོག་ནས། །དུས་གསུམ་རྣལ་འབྱོར་རིག་འཛིན་ཕོ་མོ་ལ། །དག་སྣང་ཕྱོགས་མེད་ངང་ནས། བསྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གནས་མཆོག་སྲིང་མོ་རྫོང་གི་གཞལ་ཡས་ནས། །རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིགས་ལ། །ཚེ་འདི་བློས་བཏང་ངང་ནས་གསོལ་བ་འདེབས། གསང་སྔགས་སྙིང་པོ་ལོན་པར་བྱིན་གྱིས་རློབས། ཐུགས་རྗེ་འདུ་འབྲལ་མེད་པའི་ཕོ་བྲང་ནས༔ གསང་འདུས་རྡོར་འཆང་བླ་མའི་ལྷ་ཚོགས་ལ༔ རང་རིག་འགྱུར་མེད་ངང་ནས་གསོལ་བ་འདེབས། འཁོར་འདས་རང་གྲོལ་རྟོགས་པར་བྱིན་གྱིས་རོབས། དབང་དྲག་ཁྲོས་བའི་གཞལ་ཡས་ཆེན་པོ་ནས།༔ རྟ་མཆོག་ཡི་དམ་དབང་གི་ལྷ་ཚོགས་ལ༔ བསྙེན་བསྒྲུབ་གདེང་ཐོབ་ངང་ནས་གསོལ་བ་འདེབས། མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། མཁའ་སྤྱོད་གནས་ཡུལ་དག་པའི་ཕོ་བྲང་ནས༔ ཡེ་ཤེས་མཁའ་རྡོ་རྗེ་ཕག་མོ་ལ༔ རྩ་རླུང་ཐིག་ལེའི་ངང་ནས་གསོལ་བ་འདེབས། འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། བཀའ་བཞིན་འཕྲིན་ལས་བསྒྲུབ་པའི་གཞལ་ཡས་ནས༔ རྫོགས་ཆེན་བཀའ་བསྲུང་གཏེར་གྱི་བདག་པོ་ལ༔ གཡར་དམ་གཅིག་པའི་ངང་ནས་གསོལ་བ་འདེབས༔ འཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ རྡོ་རྗེ་ཕུང་བོ་འོད་ཀྱི་སྐུ་རུ་གྲོལ༔ སྣང་བཞི་མཐར་ཕྱིན་རིག་པ་ཚད་ལ་ཕེབས༔ ཆོས་ཉིད་ཟད་པའི་དབྱིངས་རིག་མ་བུ་འདྲེས༔ ཀུན་བཟང་གདོད་མའི་མགོན་པོ་མངོན་གྱུར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ལྟ་བའི་གདེང་བསྐྱེད༔ སྒོམ་པའི་གཟེངས་བསྟོད༔ ཉམས་རྟོགས་ཀྱི་ཁ་སྤར༔ མོས་གུས་ཀྱི་ཤུགས་ཕྱུངས༔ དད་པའི་རྒྱལ་མཚན་སྒྲེང་༔ བརྩོན་འགྲུས་ཀྱི་གོ་གྱོན༔ ཤེས་རབ་ཀྱི་སྒྲོན་མེ་སྤར༔ ཐོས་བསམ་བསྒོམ་གསུམ་གྱི་སྣ་ཐག་མ་ཤོར་བར་བྱས་ནས༔ གསོལ་བ་ཚུལ་བཞིན་བཏབ་པས་དངོས་གྲུབ་རྣམ་པ་གཉིས་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ༔ ཅེས་པ་འདི་ཡང་སློབ་དཔོན་ཆེན་པོའི་བཀའ་བཞིན་དུ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཟབ་ཤོག་གསང་བའི་ངོས་ལ་མཁའ་འགྲོའི་བརྡ་ཡིག་ཏུ་བཏབ་ཏེ༔ མ་འོངས་པའི་སྐྱེས་བུ་རྣམས་ཀྱི་དོན་དུ༔ རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡེ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་གནས་མཆོག་ནས་ཤིང་ཕོ་སྟག་གི་ལོ་ལ་གཏེར་ནས་གདན་དྲངས་ཤིང་། ལྕགས་སྤྲེལ་ཧོར་ཟླ་བཅུ་བར་ཨོ་རྒྱན་སྒྲུབ་ཕུག་ཆགས་རུ་ཕུག་ནག་ཏུ་མཁའ་འགྲོའི་གསང་བའི་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། མངྒ་ལཾ།། །།

རྩ་གསུམ་ལས་བྱང་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རྩ་གསུམ་ལས་བྱང་ཡིད་བཞིན་ནོར་བུ་དོན་གྱི་ཕྲིན་ལས་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་དོན༔ རྩ་གསུམ་འདུས་པའི་ལས་བྱང་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་དང་སྒྲུབ་པ་ཚོགས་འཁོར་སོགས༔ འཕྲིན་ལས་རང་གཞུང་དཀྱིལ་འཁོར་ལྟར༔ ཡང་ན་རྡུལ་ཚོན་རས་བྲིས་སམ༔ འབྲུ་ཚོམ་ལྷ་གྲངས་མཉམ་པ་བཀོད༔ སྨན་རཀ་གཏོར་ཚོགས་མཆོད་པ་བཤམས༔ སྐུ་གསུང་ཐུགས་རྟེན་ཡིད་འོང་བཀྲམ༔ རོལ་མོ་དབྱངས་བཅས་འདི་སྐད་དོ༔ ཧཱུྃ༔ མ་རིག་འཁྲུལ་བ་ལས་བྱུང་འདྲེ༔ གཉིས་འཛིན་སྣང་བའི་བག་ཆགས་བགེགས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ རེ་དོགས་གཉིས་འཛིན་ཕྱིར་དེངས་ཤིག༔ ཆོས་ཉིད་བཀའ་ལ་འདའ་མ་བྱེད༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་མ་ཏྲཾ་ཀ་རུ་ཊ་མཱ་ར་ཡ་ཕཊ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ གདོད་ནས་དག་པའི་མཚམས་བཅད་དོ༔ ནང་བཅུད་སྐྱེ་འགྲོ་ལྷ་ཡི་ངང་༔ དུག་ལྔ་རང་གྲོལ་མཚམས་བཅད་དོ༔ རེ་དོགས་སྤང་བླང་བྲལ་བ་ཡི༔ དགེ་སྡིག་གཉིས་འཛིན་མཚམས་བཅད་དོ༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་མཆོད་པ་གསང་སྔགས་སྤྱི་འགྲོས་ལྟར་བྱིན་གྱིས་བརླབ༔ སྐད་ཅིག་གིས་རང་ཉིད་ལྷར་བསྐྱེད་པ་འདི་སྐད་དོ༔ ཧཱུྃ༔ ཁྲེགས་ཆོད་ཀ་དག་ནམ་མཁའི་ཀློང་༔ འགྱུ་བ་མི་དམིགས་རྒྱ་གྲམ་རླུང་༔ རྣམ་དག་དབྱིངས་ཀྱི་རྒྱ་མཚོ་འཁྱིལ༔ ཐིག་ལེ་ཐིག་ཕྲན་ཀེང་རུས་རི༔ རྩིབ་ཤར་གྱེན་འགྲེངས་མདའ་མདུང་མེ༔ རྡོ་རྗེ་ལུག་རྒྱུད་གཞལ་ཡས་ཁང་༔ དབྱིངས་རིག་འབྲལ་མེད་ཀ་གདུང་རྒྱན༔ རེ་ལྡེ་ཉ་མིག་ཟ་ར་ཚག༔ སྣང་བཞི་སྒོ་གྲུ་རྟ་བབས་ལྡན༔ ཆགས་མེད་པདྨའི་མུ་ཁྱུད་ལ༔ ཞེན་མེད་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ འགྱུར་མེད་རྡོ་རྗེའི་ཕྲེང་བས་མཚན༔ འོད་ལྔ་རྣམ་དག་ཡེ་ཤེས་མེ༔ རིག་པ་གདུགས་ཏོག་ཆོས་འཁོར་མཛེས༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ༔ ཧཱུྃ༔ གདོད་ནས་རང་དག་ཕོ་བྲང་དབུས༔ སྐྱེ་མེད་གཉུག་མའི་པད་འདབ་བརྡལ༔ འཁོར་འདས་ཐབས་ཤེས་ཉི་ཟླའི་སྟེང་༔ ཡེ་ཤེས་རང་རིག་རྡོ་རྗེ་ཧཱུྃ༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྩེ་ལྔ་ནམ་མཁར་འཕྱར༔ གཡོན་པས་སྡིགས་མཛུབ་ཡུམ་ལ་འཁྱུད༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང་༔ རུས་རྒྱན་རྩེ་བྲན་ཐོད་ཕྲེང་གསོལ༔ ཁྲོ་འཛུམ་སྤྱན་གསུམ་གཟི་བརྗིད་འབར༔ མཚོ་རྒྱལ་དཀར་མོ་འཁྲིལ་སྦྱོར་རོལ༔ གྲོ་ཐོད་ཕྱག་རྒྱ་བདེ་སྟོང་འབར༔ ཧཱུྃ༔ སྤྱི་བོའི་གཙུག་ན་ཀུན་བཟང་མཐིང་༔ གཅེར་བུ་མཉམ་གཞག་སྐྱིལ་ཀྲུང་དཀྱིལ༔ ཀུན་བཟང་དཀར་མོ་ཡུམ་དང་སྦྱོར༔ མགྲིན་པར་རྡོར་སེམས་སྐུ་མདོག་དཀར༔ མཚན་དཔེ་ཡོངས་རྫོགས་རྡོར་དྲིལ་བསྣམས༔ ཡུམ་མཆོག་རྡོ་རྗེ་སྙེ་མ་དཀར༔ འཁྲིལ་སྦྱོར་རྡོར་དྲིལ་འཛིན་པས་འཁྱུད༔ ཞབས་གཉིས་རོལ་པའི་སྟབས་གྱིས་བཞུགས༔ ཐུགས་ཀར་དགའ་རབ་རྡོ་རྗེ་དཀར༔ གཡས་པས་ཐུགས་ཀར་རྡོ་རྗེ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ གཙུག་ཏོར་མཚན་བཟང་སྐྱིལ་ཀྲུང་བཞུགས༔ མཁའ་འགྲོ་རྡོ་རྗེ་དབང་ཕྱུག་དཀར༔ རྡོ་རྗེ་ཚེ་བུམ་བསྣམས་ནས་འཁྱུད༔ ལྟེ་བར་ཤྲཱི་སེངྷ་སྨུག༔ མཉམ་གཞག་སྐྱིལ་ཀྲུང་རྣལ་འབྱོར་ཚུལ༔ དུར་ཁྲོད་དྷཀྐཱི་དྷེ་ཝ་མཚོ༔ ཌཱ་རུ་ཐོད་ཁྲག་བསྣམས་པ་འཁྲིལ༔ གསང་གནས་རྩ་བའི་བླ་མ་ལ༔ བརྒྱུད་པའི་བླ་མ་སྤྲིན་ལྟར་གཏིབ༔ ཀུན་ཀྱང་རྣལ་འབྱོར་ཚུལ་དུ་བསྒོམ༔ ཧཱུྃ༔ ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་རྡོ་རྗེ་དབང་ཆེན་མཐིང་༔ ཕག་མོ་དཀར་མོ་ཡུམ་དང་སྦྱོར༔ ལྷོ་རུ་རཏྣ་དབང་ཆེན་སེར༔ ཕག་མོ་སེར་མོ་ཡུམ་དང་སྦྱོར༔ ནུབ་ཏུ་པདྨ་དབང་ཆེན་དམར༔ ཕག་མོ་དམར་མོ་ཡུམ་དང་སྦྱོར༔ བྱང་དུ་ཀརྨ་དབང་ཆེན་ལྗང་༔ ཕག་མོ་སྔོན་མོ་ཡུམ་དང་སྦྱོར༔ ཐམས་ཅད་རང་རྟགས་གྲི་གུག་གཡས༔ གཡོན་རྣམས་བྷནྡྷ་ཁྲག་བཀང་བསྣམས༔ ཀུན་ཀྱང་ཁྲོ་གཏུམ་སྤྱན་གསུམ་འབར༔ སྤྱི་བོར་རྟ་གདོང་ཕག་ཞལ་མཚན༔ དུར་ཁྲོད་ཆས་ལྡན་དོར་སྟབས་བགྲད༔ ཧཱུྃ༔ ཕོ་བྲང་སྒོ་བཞིའི་གཞལ་ཡས་སུ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དཀར་སེར་དམར་ལྗང་གྲི་ཐོད་ཅན༔ བསྐྱང་བསྐུམ་ཁ་ཊྭཱཾ་རུས་པས་བརྒྱན༔ རིགས་བཞི་མཁའ་འགྲོའི་སྐུ་རུ་བསྒོམ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་གཤེགས་སུ་གསོལ༔ དུར་ཁྲོད་མེ་རི་འབར་བ་ནས༔ རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ དགའ་རབ་རྡོ་རྗེ་གཤེགས་སུ་གསོལ༔ སོ་ས་གླིང་གི་དུར་ཁྲོད་ནས༔ ཤྲཱི་སིངྷ་གཤེགས་སུ་གསོལ༔ ཐུགས་རྗེའི་གདུང་འཚོབ་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ དབང་ཆེན་རོལ་བའི་དུར་ཁྲོད་ནས༔ དཔའ་བོ་རྒྱ་མཚོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ དཔའ་མོ་རྒྱ་མཚོ་གཤེགས་སུ་གསོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ འབུམ་ཕྲག་མཁའ་འགྲོ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མ་བཅོས་ལྷུན་གྲུབ་གཞལ་ཡས་འདིར༔ དབྱིངས་དང་རིག་པ་གཉིས་མེད་པར༔ སྐུ་དང་ཡེ་ཤེས་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་གཟུགས་སྒྲ་དྲི་རོ་རེག༔ དཀར་དམར་མདངས་ལྡན་བྷ་ལིངྟ༔ རྒྱུ་དྲུག་བསྒྲལ་བའི་རཀྟ་དང་༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་རྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ༔ བཛྲ་སརྦ་པཱུ་ཙ་མེ་གྷ་རཱུ་པ་ཤཔྟ་གྷནྡྷེ་ར་ས་པཪྴེ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་དབུས༔ མདངས་ལྡན་པདྨའི་སྙིང་པོ་ཟེའུ་འབྲུའི་སྟེང་༔ མ་ཆགས་སྐྱོན་བྲལ་འཇིགས་མེད་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་སྐུ་ལ་འཁྲིལ་བའི་མཁའ་འགྲོ་མ༔ དཀར་མོ་མདངས་ལྡན་གཞོན་ནུ་བཅུ་དྲུག་ཚུལ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ཡེ་ཤེས་འབར༔ ཛྙཱ་ན་དྷཀྐིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡེ་ཐོག་དང་པོའི་སངས་རྒྱས་ཆོས་ཀྱི་སྐུ༔ མ་བཅོས་ལྷུན་གྲུབ་མཉམ་ཉིད་འདུས་མ་བྱས༔ སྣང་སྟོང་གཉིས་མེད་ཀུན་བཟང་ཡུམ་དང་སྦྱོར༔ རྒྱལ་བ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། ཡེ་ཤེས་འགག་མེད་མཚན་དང་དཔེ་བྱད་འབར༔ ལྔ་ལྡན་ལྷུན་རྫོགས་གསང་ཆེན་དཀྱིལ་འཁོར་གཙོ༔ སྙེ་མ་དཀར་མོ་ལུས་དང་གྲིབ་མའི་ཚུལ༔ རྡོར་སེམས་ལོངས་སྐུའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱ་མཚོའི་གླིང་ན་ཡབ་མེད་སྤྲུལ་སྐུར་བལྟམས༔ འགྲན་གྱི་དོ་མེད་མཚན་དང་དཔེ་བྱེད་རྫོགས༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་བདེ་བའི་ཡུམ༔ དགའ་རབ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ འཕགས་པས་ལུང་བསྟན་རིག་འཛིན་ཧེ་རུ་ཀ༔ དུར་ཁྲོད་ཉུལ་ཞིང་བརྟུལ་ཞུགས་སྤྱོད་པ་མཛད༔ བདེ་བའི་དྷཀྐི་ཟུང་འཇུག་སྦྱོར་བའི་ཡུམ༔ ཤྲཱི་སིངྷའི་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རིག་འཛིན་བསྟན་བདག་དཀྱིལ་འཁོར་གཙོ༔ མ་ལུས་འདུས་པའི་དབང་ཕྱུག་འགྲོ་བའི་མགོན༔ བརྒྱུད་ལྡན་རིག་འཛིན་བླ་མ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ རབ་འཇིགས་ཁྲོ་པོའི་ལུས་ཀྱིས་གདུག་པ་འདུལ༔ དབང་ཆེན་ཉི་མ་དབང་མཛད་དབང་གི་རྒྱལ༔ ཕག་མོ་རིགས་བཞི་བདེ་བའི་ཡུམ་དང་བཅས༔ རྟ་ཕག་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་དཀྱིལ་འཁོར་མུ་རན་བཀའ་སྐྱོང་ཞིང་༔ གསང་སྔགས་བླ་མེད་བསྟན་པའི་བྱ་ར་མཛད༔ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོ༔ དྷཀྐི་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཛབ་དགོངས་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ སྐྱེ་འགྲོ་ལྷ་དང་ལྷ་མོའི་དཔལ༔ འཁོར་འདས་སྐུ་གསུམ་ཆོས་ཀྱི་དབྱིངས༔ སྡུག་བསྔལ་སྣ་ཚོགས་བདེ་བ་ཆེ༔ ཨཱོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བཛྲ་འཇིགས་མེད་གསང་བ་འདུས༔ གྷུ་རུ་བླ་མེད་བླ་མ་མཆོག༔ ཧ་རི་ནི་ས་མཁའ་འགྲོ་འབུམ༔ ཧྱ་གྷྲཱི་ཝ་རྟ་མགྲིན་དབང་༔ ར་ཙ་ཧྲི་ཡ་དཔའ་བོ་འབུམ༔ སརྦ་མཆོག་དང་ཐུན་མོང་གཉིས༔ སིདྡྷི་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ་ཕཊ་འོད་ཟེར་སྤྲོ་དང་བསྡུད༔ འཛབ་ཀྱི་སྙིང་པོ་བྱང་ཆུབ་སེམས༔ ལྟ་བ་མཐའ་གྲོལ་ནམ་མཁའི་ཀློང་༔ སྒོམ་པ་རྩོལ་མེད་རང་བྱུང་ངང་༔ སྤྱོད་པ་སྤང་བླང་དགག་སྒྲུབ་བྲལ༔ འབྲས་བུ་ཡེ་གྲོལ་རང་སངས་རྒྱས༔ རང་བྱུང་དགོངས་པ་གསལ་གདབ་ཅིང་༔ སྙིང་པོ་དོན་གྱི་འཛབ་འདི་བཟླ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ བསྐུལ་བ་ནི༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཏེ༔ ང་ནི་གསང་འདུས་ཡབ་ཡུམ་སྐུ༔ ང་ནི་ཡེ་ནས་རང་བྱུང་ལྷ༔ ང་ནི་ཀུན་བཟང་དོན་གྱི་ལྷ༔ ང་ནི་དུས་གསུམ་སངས་རྒྱས་ཏེ༔ འཁོར་འདས་ཐམས་ཅད་ཆོས་དབྱིངས་ཡིན༔ དོན་ལ་བསྐུལ་བྱ་མ་མཆིས་ཀྱང་༔ འགྲོ་བ་འདུལ་བའི་སྣང་ངོ་རུ༔ ཨོ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ པདྨ་འབྱུང་གནས་ཐུགས་དམ་བསྐུལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐུལ༔ དུར་ཁྲོད་མེ་རི་འབར་བ་ནས༔ རྡོར་སེམས་ཡབ་ཡུམ་ཐུགས་དམ་བསྐུལ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ དགའ་རབ་རྡོ་རྗེའི་ཐུགས་དམ་བསྐུལ༔ སོ་ས་གླིང་གི་དུར་ཁྲོད་ནས༔ ཤྲཱི་སིདྷའི་ཐུགས་དམ་བསྐུལ༔ འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ རིག་འཛིན་བརྒྱུད་པའི་ཐུགས་དམ་བསྐུལ༔ པདྨ་དབང་གི་གཞལ་ཡས་ནས༔ རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐུལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ ཕག་མོ་རིགས་བཞིའི་ཐུགས་དམ་བསྐུལ༔ ཤར་ལྷོ་ནུབ་བྱང་དུར་ཁྲོད་ནས༔ མཁའ་འགྲོ་རིགས་བཞིའི་ཐུགས་དམ་བསྐུལ༔ གནས་དང་ཡུལ་གྱི་ཕོ་བྲང་ནས༔ དཔའ་བོ་དཔའ་མོའི་ཐུགས་དམ་བསྐུལ༔ ཆོས་ཉིད་རོལ་བའི་གཏོར་མ་ལོངས༔ ཞེ་སྡང་འདུལ་བའི་དུས་ལ་བབས༔ བདག་འཛིན་རྟོག་མེད་དབྱིངས་སུ་ཟློག༔ ཡེ་ཤེས་རྟོགས་པའི་འཕྲིན་ལས་མཛོད༔ མཉམ་ཉིད་རང་གྲོལ་གཏོར་མ་ལོངས༔ ང་རྒྱལ་འདུལ་བའི་དུས་ལ་བབས༔ གཟུང་འཛིན་སྐྱེ་མེད་དབྱིངས་སུ་ཟློག༔ མཉམ་ཉིད་རྟོགས་པའི་ཕྲིན་ལས་མཛོད༔ སོར་རྟོགས་རང་གྲོལ་གཏོར་མ་ལོངས༔ འདོད་ཆགས་འདུལ་བའི་དུས་ལ་བབས༔ སྲེད་འཛིན་འགག་མེད་དབྱིངས་སུ་ཟློག༔ སོ་སོར་རྟོགས་པའི་ཕྲིན་ལས་མཛོད༔ བྱ་གྲུབ་རང་གྲོལ་གཏོར་མ་ལོངས༔ ཕྲག་དོག་འདུལ་བའི་དུས་ལ་བབས༔ གཉིས་འཛིན་ཆགས་མེད་དབྱིངས་སུ་ཟློག༔ བྱ་གྲུབ་རྟོགས་པའི་ཕྲིན་ལས་མཛོད༔ ཆོས་དབྱིངས་རང་གྲོལ་གཏོར་མ་ལོངས༔ གཏི་མུག་འདུལ་བའི་དུས་ལ་བབས༔ ལོག་འཛིན་འཁྲུལ་མེད་དབྱིངས་སུ་ཟློག༔ ཆོས་སྐུ་རྟོགས་པའི་འཕྲིན་ལས་མཛོད༔ མ་རིག་འཁྲུལ་བ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ འཁོར་བའི་ཆགས་ཞེན་ལས་བྱུང་བའི༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་འཛིན་ཆགས་སྡང་ལས་བྱུང་བའི༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ འཁྲུལ་འཛིན་ཉོན་མོངས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ རྣམ་རྟོག་བདག་འཛིན་ལས་བྱུང་བའི༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ ཨ་འཐས་སྲེད་འཛིན་ལས་བྱུང་བའི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ འཁོར་བ་མྱ་ངན་འདས་པར་ཟློག༔ ཡར་བདུད་སངས་རྒྱས་རེ་བ་ཟློག༔ མར་བདུད་ངན་འགྲོར་དོགས་པ་ཟློག༔ ཐམས་ཅད་སྐྱེ་མེད་ཆེན་པོར་ཟློག༔ འགག་མེད་རང་གྲོལ་ས་ལེར་ཐོང་༔ སྐྱེ་མེད་ཆོས་སྐུར་ཁྲོ་ལེར་ཐོང་༔ ས་མ་ཡཱ་རཱུ་ཊ་བྷྱོ་བྷྱོ་ཟློག་ཟློག༔ དེ་ནས་ཚོགས་བྱ་བ་ནི། ཨཱོཾ་ཨཱཿཧཱུྃཿ རང་ཉིད་གདོད་ནས་དག་པ་ལྷ་ཡི་སྐུ༔ སྒྲ་གྲགས་རང་བྱུང་དག་པ་སྔགས་ཀྱི་སྒྲ༔ དྲན་རྟོག་རང་གྲོལ་ཡེ་ནས་རྒྱལ་བའི་ཐུགས༔ བརྗོད་མེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྱོགས་ལྷུང་བྲལ་བའི་ཡེ་ཤེས་འོད་ཟེར་འཕྲོས༔ ཚོགས་ཀྱི་འབགས་རྩོག་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ མཆོད་པ་ནི༔ ཧཱུྃ ཿ ཆོས་སྐུ་འགྱུར་མེད་གསང་འདུས་ལྷ་ཡི་ཚོགས༔ གདོད་ནས་འབྲལ་མེད་རང་བྱུང་རང་ལས་ཤར༔ དུས་འདིར་རང་རིག་རང་ངོར་གསལ་བའི་ལྷ༔ ཟག་མེད་ཉམས་མྱོང་ཚོགས་མཆོད་འདི་བཞེས་ལ༔ སྣང་བཞི་མཐར་ཕྱིན་ཆོས་ཟད་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་གྷ་ན་པཱུ་ཙ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ གཏོར་ལེན་མ་དང་མཁའ་འགྲོའི་ཚོགས༔ ཡེ་ཤེས་ནམ་མཁའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་སྤྲུལ་སྒྱུར་གར་དུ་བསྒྱུར༔ མ་རིག་འཁྲུལ་སྣང་ལྷག་མ་འདི༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བཞེས༔ གཟུང་འཛིན་བག་ཆགས་ལྷག་མ་འདི༔ འགག་མེད་ལོངས་སྐུའི་ཀློང་དུ་བཞེས༔ རེ་དོགས་གཉིས་འཛིན་ལྷག་མ་འདི༔ སྣ་ཚོགས་སྤྲུལ་སྐུའི་ཀློང་དུ་བཞེས༔ བཟའ་བཏུང་ཚོགས་ཀྱི་ལྷག་མ་འདི༔ དམ་ཚིག་བསྲུང་བའི་རྫས་སུ་བཞེས༔ ཨཱ་ཧ་རི་ནི་ས་གྷ་ན་ཙཀྲ་སརྦ་པཱུ་ཙ་ཁ་ཧི་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཐམས་ཅད་ཀྱི༔ འོག་མིན་མཁའ་སྤྱོད་གནས་ཡུལ་དུར་ཁྲོད་དུ༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་རྟོགས་ཤིང་༔ རང་བྱུང་སྐྱེ་མེད་ཆོས་སྐུར་སངས་རྒྱས་ཚེ༔ ཁམས་གསུམ་ཆེ་བཙན་ལྷ་ཀླུ་གནོད་སྦྱིན་དང་༔ དཔའ་བོ་དཔའ་མོ་ཞིང་སྐྱོང་དུར་ཁྲོད་བདག༔ དབང་ནོས་ལུང་བསྟན་བྲན་དུ་ཁས་བླངས་པའི༔ དམ་ཚིག་ཅན་རྣམས་དམ་རྫས་གཏོར་མ་བཞེས༔ མཆོག་ཐུན་ཀུན་ཏུ་སྤྱོད་པའི་སྡོང་གྲོགས་མཛོད༔ གཏོར་གཞོང་ཁ་སྤུབ་ཅིང་༔ ཧཱུྃ༔ སྣང་སྟོང་སྐུ་ཡི་གཏོར་གཞོང་འོག༔ གཟུགས་སྣང་བག་ཆགས་དགྲ་བགེགས་གནོན༔ གྲགས་སྟོང་གསུང་གི་གཏོར་གཞོང་འོག༔ འདོད་ཆགས་ལོག་རྟོགས་དགྲ་བགེགས་གནོན༔ དྲན་རྟོགས་ཐུགས་ཀྱི་གཏོར་གཞོང་འོག༔ ཆགས་སྡང་མི་དགེའི་དགྲ་བགེགས་གནོན༔ སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་པས༔ བྱང་ཆུབ་སེམས་མཆོག་མ་སྐྱེས་པར༔ ནམ་ཡང་ཐར་པའི་དུས་མེད་དོ༔ ཨཱོཾ་ཨཱཿཧཱུྃ་སྟམ་བྷ་ཡ་ནན༔ མཱ་ར་ཡ་ནན་སྭཱ་ཧཱ༔ བཀྲ་ཤིས་ནི༔ ཧཱུྃ༔ རྒྱལ་བའི་རྒྱལ་ཚབ་འགྲོ་བ་འདྲེན༔ རྡོ་རྗེ་སློབ་དཔོན་བཀྲ་ཤིས་ཤོག༔ བསྐྱེད་རྫོགས་ཟུང་འཇུག་དངོས་གྲུབ་སྩོལ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྟེན་ཅིང་འབྲེལ་འབྱུང་འཕྲིན་ལས་བསྒྲུབ༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་སྟེ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གཉིས་མེད་ལྟ་བའི་གདེང་བསྐྱེད་ཅིང་༔ འཕྲིན་ལས་སྨོན་འཇུག་སེམས་བསྐྱེད་ངང་༔ གསང་བ་སྙིང་ཐིགས་ཡིད་ལ་གཅགས༔ རིག་པ་ཆོས་ཟད་ཀློང་དུ་བསྐྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ལྟ་བའི་མ ཐར་ཐུག་མཆོག༔ སྒོམ་པ་མི་འགྱུར་ལམ་གྱི་སྒྲོན༔ སྤྱོད་པ་རང་གྲོལ་མཐར་ཕྱིན་འབྲས༔ ཐིག་ལེ་གསང་བའི་ཉིང་ཁུ་རྣམས༔ གྱེར་སྒོམ་དོན་གྱི་གསལ་འདེབས་སུ༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ མ་འོངས་བཀའ་དང་རྒྱུད་ལུང་འཆལ༔ རང་བཟོའི་གྲུབ་མཐས་བོད་ཡུལ་ཁེངས༔ ཆོས་རྣམས་ཚོང་འདུས་འོ་མ་འདྲ༔ བདུད་ཀྱི་བསྟན་པ་ཤར་པའི་ཚེ༔ གྲུབ་མཐའ་མི་གཅིག་བཅོ་བརྒྱད་འབྱུང་༔ །གཅིག་བསྟན་གཅིག་གིས་བརླག་པར་བྱེད༔ བོད་ཀྱི་སྐྱབས་མགོན་མཐའ་མིས་བྱེད༔ བདུད་སྤྲུལ་མངའ་ཐང་ཆེས་ཆེར་རྒྱས༔ ཟོག་པོ་བསྟན་བཤིག་ཆུ་ལྟར་འཁྲུག༔ གཤིན་རྗེའི་དགེ་བཤེས་བོད་ཁམས་ཁེངས༔ ལྟར་སྣང་ལེགས་ཤིང་སྤྱོད་ལམ་མཛེས༔ དུག་ལ་མེ་ཏོག་རྒྱས་པ་འདྲ༔ བཟང་དགུ་ནུབ་ཅིང་ངན་དགུ་དར༔ གཡོ་དང་དུག་སྦྱོར་རྩལ་འགྲན་བྱེད༔ མནའ་ཟ་ཆད་སྟོངས་གཏའ་མ་ལེན༔ ལོངས་སྤྱོད་མཚོན་ཆ་སྔར་མེད་མང་༔ དེ་ཚེ་འགྲོ་བ་བདུད་དབང་བསྒྱུར༔ མི་དགེའི་ལས་ལ་འབུང་གསུམ་འདོན༔ ཐམས་ཅད་ངན་སོང་ཁྱུ་དེད་འཁྱམས༔ དེ་དུས་ང་ཡི་ཐུགས་སྤྲུལ་ཞིག༔ ཟབ་མོའི་ཆོས་འདི་དང་འཕྲད་ནས༔ འགྲོ་བ་འགའ་ཞིག་ཐར་ལམ་འཁྲིད༔ དེ་ཕྱིར་ཟབ་མོའི་གཏེར་དུ་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ།། །། མངྒ་ལཾ། །

ཚེ་སྒྲུབ་བར་ཆད་ཀུན་སེལ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཚེ་སྒྲུབ་བར་ཆད་ཀུན་སེལ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ གསང་བ་དོན་གྱི་རྣལ་འབྱོར་པས༔ ཚེ་ཡི་བར་ཆད་ཞི་འདོད་ན༔ སྒོ་མ་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྤྲུལ་པ་ཉི་ཁྲིི་ཆིག་སྟོང་འཕྲོས༔ འཁོར་འདས་ཀུན་གྱི་ཚེ་བསོད་དཔལ༔ ཐམས་ཅད་མ་ལུས་དབང་བསྡུས་ནས༔ རྣལ་འབྱོར་རང་གི་ལུས་ལ་བསྟིམ༔ སྟོབས་དང་གཟི་བརྗིད་ཉམས་རྟོགས་རྒྱས༔ ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ རྩ་སྔགས་ཤམ་བུར་འདི་བཏགས་བཟླ༔ ཨཱོཾ་ཚེ་བྷྲུཾ་ཧྲཱི་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར༔ སྐབས་སུ་ཚེ་འགུགས་འདི་སྐད་བརྗོད༔ ཧཱུྃ༔ ཤར་ཕྱོགས་ཤེལ་གྱི་གཞལ་ཡས་ནས༔ རྡོ་རྗེ་མཁའ་འགྲོ་དཀར་མོ་འབུམ༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་དང་༔ འཁོར་འདས་ཀུན་གྱི་ཚེ་བསོད་བསྡུས༔ རྣལ་འབྱོར་བདག་གི་ལུས་ལ་སྟིམས༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ ལྷོ་ཕྱོགས་གསེར་གྱི་གཞལ་ཡས་ནས༔ རིན་ཆེན་མཁའ་འགྲོ་སེར་མོ་འབུམ༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་དང་༔ འཁོར་འདས་ཀུན་གྱི་ཚེ་བསོད་བསྡུས༔ རྣལ་འབྱོར་བདག་གི་ལུས་ལ་སྟིམས༔ རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ ནུབ་ཕྱོགས་པདྨའི་གཞལ་ཡས་ནས༔ པདྨ་མཁའ་འགྲོ་དམར་མོ་འབུམ༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་དང་༔ འཁོར་འདས་ཀུན་གྱི་ཚེ་བསོད་བསྡུས༔ རྣལ་འབྱོར་བདག་གི་ལུས་ལ་སྟིམས༔ པདྨ་ཚེ་ཡི་དངོས་སྒྲུབ་སྩོལ༔ ཧཱུྃ༔ བྱང་ཕྱོགས་ཨིཎྜའི་གཞལ་ཡས་ནས༔ ལས་ཀྱི་མཁའ་འགྲོ་ལྗང་མོ་འབུམ༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་དང་༔ འཁོར་འདས་ཀུན་གྱི་ཚེ་བསོད་བསྡུས༔ རྣལ་འབྱོར་བདག་གི་ལུས་ལ་སྟིམས༔ ཀརྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ དབུས་ཕྱོགས་མཐིང་གི་གཞལ་ཡས་ནས༔ སངས་རྒྱས་མཁའ་འགྲོ་མཐིང་ག་འབུམ༔ དབུས་ཕྱོགས་སྟོང་གི་འཇིག་རྟེན་དང་༔ འཁོར་འདས་ཀུན་གྱི་ཚེ་བསོད་བསྡུས༔ རྣལ་འབྱོར་བདག་གི་ལུས་ལ་སྟིམས༔ བྷུདྡྷ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ སྔོན་གྱི་ཐུགས་དམ་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རང་རིག་སྐྱེ་འཆི་མེད་པ་འདིར༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་སྟོང་ངོ་བོར་རྫོགས་པའི་ཕྱིར༔ ནད་མེད་ཚེ་ཡི་དངོས་གྲུབ་སྩོལ༔ གཞོན་ནུ་བུམ་སྐུར་བཞུགས་པའི་ཕྱིར༔ རྒས་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཁོར་འདས་ཡོངས་ལ་ཁྱབ་པའི་ཕྱིར༔ འཁོར་འདས་ཚེ་ཡི་དངོས་གྲུབ་སྩོལ༔ ཐིག་ལེ་གཅིག་ལ་རྫོགས་པའི་ཕྱིར༔ ཡོངས་རྫོགས་ཚེ་ཡི་དངོས་གྲུབ་སྩོལ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཕྱིར༔ སྐུ་གསུམ་ཚེ་ཡི་དངོས་གྲུབ་སྩོལ༔ དབྱིངས་རིག་འདུ་འབྲལ་མེད་པའི་ཕྱིར༔ ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་བློ་བྲལ་རྗེན་པ་བསྐྱངས༔ ཁྲེགས་ཆོད་བསྒོམ་ཞིང་ཐོད་རྒལ་བལྟ༔ བདེ་སྟོང་སྤེལ་ཞིང་ཉམས་རྟོག་སྤར༔ ཚེ་ཡི་བར་ཆད་ཀུན་བྱང་ནས༔ ཚེ་ཉིད་མཐའ་རུ་ཕྱིན་པར་བྱེད༔ དེ་ཕྱིར་གཅེས་པར་ཉམསསུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འཁྲུལ་སྣང་རང་གྲོལ་རྩལ་གྱིས་ཁམས་སྲིང་མོ་རྫོང་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ བོད་སྐད་དུ༔ སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ སྔོན་འགྲོའི་འཁྲིད་ཀྱི་གདམས་པ་འདི༔ མཚོ་རྒྱལ་བརྩོན་པས་ཉམས་སུ་ལོངས༔ མ་འོངས་དོན་དུ་ཡི་གེར་ཐོབ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྩ་གསུམ་གསང་བ་སྙིང་་ཐིགས་ཀྱི་སྔོན་དུ་འགྲོ་བའི་ཁྲིད་ཀྱི་རིམ་པ་འདི་དོན་རྣམ་པ་གསུམ་སྟེ༔ ཕྱིའི་སྔོན་འགྲོ་དང་༔ ནང་གི་སྔོན་འགྲོ་དང་༔ གསང་བའི་སྔོན་འགྲོའོ༔ དང་པོ་ཕྱིའི་སྔོན་འགྲོ་ནི་བདུན་སྟེ༔ ཆོས་སྟོན་པའི་སྣོད་བསྟན་པ༔ གནས་བསྟན་པ༔ དུས་བསྟན་པ༔ གྲོགས་བསྟན་པ༔ ཡོ་བྱད་བསྟན་པ༔ ལོ་རྒྱུས་བཤད་པ༔ དབང་བསྐུར་བ་དང་བདུན་ནོ༔ དང་པོ་སྣོད་བསྟན་པ་ནི༔ སྐྱེས་བུ་དབང་པོ་ཚང་ཞིང་ཆོས་ལ་དད་པ༔ ཤེས་རབ་ཆེ་ཞིང་བརྩོན་འགྲུས་དང་ལྡན་པ༔ དམ་ཚིག་གཙང་ཞིང་སྒྲུབ་ལ་བརྩོན་པ༔ གཏོང་ཕོད་ཆེ་ཞིང་འཛིན་ཆགས་མེད་པ༔ སྐྱོ་ཤས་བཟང་ཞིང་སྡུག་བསྲན་ཚུགས་པ༔ བླ་མེད་ཀྱི་ཆོས་ལ་མོས་ཤིང་གསང་ཐུབ་པ༔ དད་པའི་རི་བོ་བརྟན་ཅིང་མོས་གུས་ཀྱི་རྒྱ་མཚོ་ཁ་ལུད་པ་ཞིག་དགོས་པའོ༔ དེ་དག་ལས་ལོག་པར་གྱུར་པ་རྣམས་ལ་ནི་རླུང་ཕྱོགས་ཙམ་དུ་ཡང་གསང་བར་བྱའོ༔ གནས་ནི་གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་ལ་སོགས་པ་སྟེ༔ ཤིན་ཏུ་དྭངས་ལ་དབེན་ཞིང་ཉམས་ཡངས་སར་འཁྲིད་འདི་སྟོན་ཞིང་ཉམས་སུ་ལེན་པར་བྱའོ༔ ཕྱིའི་དུས་ནི་དབྱར་མ་སྟོན་གྱི་དུས་དང་༔ དགུན་ཟླ་ཐ་ཆུང་ངམ་དཔྱིད་ཟླ་བ་ཁམས་བུའི་མེ་ཏོག་རྒྱས་པའི་དུས་སོ༔ ནང་གི་དུས་ནི་ཟེར་གཉིས་ཀྱི་དུས་སུའོ༔ གསང་བའི་དུས་ནི་གཟའ་དང་རྒྱུ་སྐར་བཟང་ཞིང་རྒྱུ་བ་ངན་པ་སོགས་མེད་པའི་ཉི་མ་ལའོ༔ གྲོགས་བསྟན་པ་ནི༔ ངང་རྒྱུད་རིང་ཞིང་དད་པ་དང་དག་སྣང་ཆེ་བ༔ ཁོང་ཡངས་ཤིང་བློ་བརྟན་པ༔ གཞན་ལ་སྙིང་རྗེ་དང་ལྡན་ཞིང་དུག་ལྔ་ཤུགས་ཀྱིས་ཆུང་བ་ཞིག་དགོས་པའོ༔ ཡོ་བྱད་ནི་རང་གི་ཆོས་བཞིན་ཉམས་སུ་ལེན་པའི་དུས་དེར་མཁོ་བའི་ཁམས་ཀྱི་གཉེན་པོ་དང་༔ དབང་གི་མཎྜལ་དཀྱིལ་འཁོར་ལ་འབུལ་བའི་མེ་ཏོག༔ ཚོགས་ཀྱི་འཁོར་ལོ་གཏོར་མའི་ཡོ་བྱད་རྣམས་ཚུལ་དང་མཐུན་པར་བསྒྲུབ་དགོས་པའོ༔ ལོ་རྒྱུས་ནི༔ རྫོགས་ཆེན་སྤྱི་དང་བྱེ་བྲག་གི་རིམ་པ་གསལ་ལ་དག་པས་སློབ་མ་ཡིད་ཆེས་པར་བྱའོ༔ དབང་ནི༔ སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཡོངས་སུ་སྤྲོས་པ་མེད་པའི་རིམ་པས༔ སྐལ་ལྡན་རྣམས་རྒྱུད་ཚུལ་བཞིན་དུ་སྨིན་པར་བསྐུར་བར་བྱའོ༔ གཉིས་པ་ནང་གི་སྔོན་འགྲོ་ནི་ལྔ་སྟེ༔ དལ་འབྱོར་རྙེད་དཀའི་ལམ་འཁྱེར༔ འཆི་བ་མི་རྟག་པའི་ལམ་འཁྱེར༔ ལས་འབྲས་མི་བསླུ་བའི་ལམ་འཁྱེར༔ འཁོར་བ་སྡུག་བསྔལ་གྱི་ལམ་འཁྱེར༔ བྱང་ཆུབ་དད་པའི་ལམ་འཁྱེར་དང་ལྔའོ༔ དང་པོ་དལ་འབྱོར་རྙེད་དཀའི་ལམ་འཁྱེར་ནི༔ གཞི་ཀ་དག་གི་རང་ངོ་མ་ཤེས་པ་ལ་བརྟེན་ནས༔ ལམ་ཁམས་གསུམ་གྱི་གྲོང་ཁྱེར་ཆེན་པོ་འདིར་ཟོ་ཆུའི་འཁྱུད་མོ་ལྟར་འཁོར་ཞིང་འཁྱམས་པའི་ཚེ༔ ལུས་བྱང་ཆུབཀྱི་འབྲསབུ་ཅན་ཞེས་བྱ་བ༔ དལ་འབྱོར་གྱིས་ཡང་དག་པར་བརྒྱན་པའི་ཆོས་ལྡན་གྱི་མི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་སྟེ༔ མི་ལུས་ཆོས་བཞིན་སྤྱོད་པའི་སྐལ་ལྡན་ཞིག་ཐོབ་པ་ལ༔ རྒྱུ་བསོད་ནམས་དང་ཡེཤེས་ཀྱི་ཚོགས་གཉིས་བསགས་པ་ལས་ཐོབ་དགོས་པས་ན༔ ལུས་རྙེད་པར་དཀའ་བར་བསམ་ཞིང་༔ ཆོས་སྤྱོད་པའི་རྟེན་དང་གྲོགས་སུ་ལམ་དུ་འཁྱེར་བར་བྱའོ༔ གཉིས་པ་འཆི་བ་མི་རྟག་པ་ནི༔ ནམ་ཞིག་གི་དུས་སུ་སྔོན་ལས་ཀྱི་འབྲས་བུའམ༔ འཕྲལ་རྐྱེན་ངན་པ་ཞིག་གི་མཚམས་སྦྱར་ནས་འཆི་བ་མི་རྟག་པ་ཞེས་རང་རྒྱུད་ལ་འབྱུང་ཚེ་ཐབས་དང་བྱེད་པའི་སྟོབས་གང་གིས་ཀྱང་མི་བལྟོས་ཤིང་༔ འཇིག་རྟེན་ཕ་རོལ་དུ་དུས་འདའ་བ་ལས་འོས་མེད་པ་རྒྱུད་ལ་བསམ་ཞིང་དཔྱད་ནས༔ ཚེ་གང་ཆོས་ཀྱིས་འདའ་བའི་ལམ་འཁྱེར་ལ་སྦྱོར་བར་བྱའོ༔ གསུམ་པ་ལས་འབྲས་ནི༔ ཀུན་གཞི་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ལས་ཀྱི་འབྲས་བུ་ཁོ་ནས་བྱས་ཤིང་༔ ལས་ཀྱི་རང་བཞིན་ལས་ཤར་བ་ཡིན་པས༔ ལས་ཀྱི་འབྲས་བུ་ནི་མི་བསླུ་བ་ཉིད་དེ༔ ལས་ལ་ཡིད་ཆེས་པས་འབྲས་བུ་དགེ་སྡིག་གི་འདོར་ལེན་ལ་སྤྱོད་པ་ལམ་འཁྱེར་དུ་བརྩོན་པར་བྱའོ༔ བཞི་བ་འཁོར་བ་སྡུག་བསྔལ་ནི༔ དེ་ལྟར་མ་རིག་པ་ལས་བྱུང་བའི་འཁོར་བ་དེ་ཐམས་ཅད་བདེ་བ་འདོད་བཞིན་སྡུག་བསྔལ་ལ་སྤྱོད་པ་ཁོ་ན་ཉིད་དེ༔ བདེ་བ་ནི་གང་དུའང་མེད་ཅིང་༔ སྡུག་བསྔལ་འབུམ་ཕྲག་དུ་མས་ཤེས་རྒྱུད་ཡོངས་སུ་མནར་བ་ཅན་ཏེ༔ བདེ་སྡུག་གི་རྐྱེན་ཁར་མི་བཏང་བར་ལམ་དུ་འཁྱེར་ཞིང་འབྲས་བུའི་ཆོས་ལ་སྤྱོད་པར་བྱའོ༔ ལྔ་བ་བྱང་ཆུབ་དད་པ་ནི༔ དེ་ཡང་གང་དད་པར་གྱུར་པ་དེ་ནི་འཁོར་བ་ལས་ཡོངས་སུ་བརྒལ་ཞིང་༔ བྱང་ཆུབ་ཀྱི་ཞིང་དུ་མངོན་པར་སྤྱོད་པ་སྟེ༔ ལམ་གྱི་སྟོན་པ་བླ་མ༔ གྲོགས་མཆེད་ལྕམ༔ ལམ་གྱི་རིམ་པ་ཐེག་པ་ཆེན་པོ་ལ་སོགས་པ་རྣམས་ལ༔ དད་པ་དང་མོས་པ་དང་སྲི་ཞུས་བསྟེན་ཅིང་མཆོད་པར་བྱ་བ་སྟེ༔ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྐྱེད་བའི་གཞི༔ ཡོངསསུ་སྨིན་པའི་གཞི༔ ཡོངས་སུ་རྣམ་པར་རྒྱས་པའི་གཞི་འབྲས་བུ་ལམ་དང་བཅས་པ་དད་པ་ཁོ་ནའི་ཡོན་ཏན་ལས་བྱུང་བས༔ རྩེ་གཅིག་འདེམ་རྐྱང་མེད་པའི་ངང་ནས་ལམ་དུ་འཁྱེར་བར་བྱའོ༔ གསུམ་པ་གསང་བའི་སྔོན་འགྲོ་ལ་བདུན་ཏེ༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ ཡན་ལག་བདུན་པ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས༔ མཎྜལ་འབུལ་བ༔ བླ་མའི་རྣལ་འབྱོར༔ དབང་བཞི་ལེན་ཞིང་བསྔོ་སྨོན་ནོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ མདུན་གྱི་ནམ་མཁའ་འདི་ཡེ་ནས་རྣམ་པར་དག་པ་ལ༔ གདོད་མ་ནས་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་དུས་གསུམ་འཕོ་འགྱུར་མེད་པའི་ཀློང་ཆེན་པོའི་ཀློང་དུ༔ ཟག་མེད་ཡེ་ཤེས་ཀྱི་འོད་ལྔ་འཁྲིགས་པའི་དབུས་སུ་རྒྱལ་བ་ཀུན་གྱི་མངའ་བདག༔ དཔལ་ལྡན་མཚུངས་པ་དང་བྲལ་བའི་རྩ་བའི་བླ་མ་ལ༔ ཕྱོགས་བཅུའི་སངས་རྒྱས་སྐྱབས་གནས་ངོ་བོར་གྱུར་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་༔ ཐུགས་རྗེ་དང་ཡེ་ཤེས་ཀྱི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དད་པའི་སྐྱེས་བུ་རྣམས་ཀྱི་སྣང་ངོར་འཁྲིགས་པར་དམིགས་ཤིང་༔ དུས་ད་ནས་བཟུང་སྟེ་ཇི་སྲིད་འཁོར་བ་ལས་མ་འདས་ཀྱི་བར་དུ༔ ངེས་པར་སྙིང་ནས་སྐྱབས་སུ་འགྲོ་ཞིང་བློ་ལུས་ངག་གི་འདུན་པ་དྲག་པོ་རྩེ་ཅིག་ཏུ་ཁྱེད་རྣམས་ལ་བཅའ་བས༔ བདག་འཁོར་བ་ལས་བསྒྲལ་ཏེ་ཚེ་འདི་ཉིད་ལ་བྱང་ཆུབ་མངོན་དུ་མ་གྱུར་ཀྱི་བར་དུ༔ མི་མཐུན་པའི་ཚོགས་ལས་སྐྱབ་ཏུ་གསོལ༔ མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྩོལ་ཅིག་བསམ་པའི་སྒོ་ནས་སྐྱབས་སུ་འགྲོ་བར་བྱའོ༔ གཉིས་པ་སེམས་བསྐྱེད་པ་ནི༔ སྐྱབས་གནས་དམ་པ་བསླུ་བ་མེད་པའི་བླ་མ་སངས་རྒྱས་ཀྱི་ཚོགས་དེ་རྣམས་ལ་བློ་ཁྱེད་ཤེས་ཀྱི་འདུན་པ་རྩེ་གཅིག་ཏུ་གཏད་པའི་ངང་ནས༔ འཁོར་བ་སྡུག་བསྔལ་དུ་ཤེས་པའི་ངེས་འབྱུང་དྲག་པོས་ཀུན་ནས་བ སླངས་ཏེ༔ བདག་དང་མཐའ་ཡས་པའི་སེམས་ཅན་འདི་རྣམས་ཐམས་ཅད་ཀྱིས༔ རང་རིག་པའི་ངོ་བོ་རང་བྱུང་གི་ཡེ་ཤེས་རང་ངོ་མ་ཤེས་པར་གཉིས་སུ་འཛིན་པའི་ཤེས་པས་ཁ་བརྒྱུད༔ བག་ཆགས་དྲག་པོ་ཨ་འཐས་ཏེ་སྲིད་པ་ཆེན་པོ་འགྲོ་བ་དྲུག་གི་ཁམས་གསུམ་དུ་འཁྱམས་ཤིང་༔ ཡོངས་སུ་འཁོར་ཏེ་འཁྲུལ་པ་འདི་རྣམས་སྙིང་རེ་རྗེ༔ ད་འདི་རྣམས་འཁོར་བའི་སྡུག་བསྔལ་དྲག་པོ་འདི་ལས་སྒྲོལ་ཞིང་༔ ཡེ་ནས་འཕོ་འགྱུར་དང་བགྲེས་རྒུད་མི་མངའ་བ་གཞོན་ནུ་བུམ་པའི་སྐུ་རུ་གྲོལ་བར་བྱ་བའི་ཕྱིར་དུ༔ རིམ་པ་གཉིས་ཀྱི་ཆོས་ཚུལ་གྱི་བློ་སྦྱངས་ཤིང་༔ སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་གནད་གཟིར་བར་བྱ་སྙམ་དུ་སེམས་བསྐྱེད་པར་བྱའོ༔ གསུམ་པ་ཡན་ལག་བདུན་པ་ནི༔ དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བདག་དང་གཞན་གྱི་དོན་བྱེད་པར་དམ་བཅས་ནས༔ བློ་བཏང་སྙོམས་སུ་མ་སོང་བར་བྱ་ཞིང་ཚོགས་ཀུན་ཏུ་གསོག་པ་དང་༔ སྒྲིབ་པ་ཀུན་ཏུ་སྦྱང་བར་བྱའོ་སྙམ་པའི་བློ་རྩེ་གཅིག་གི་ངང་ནས༔ རང་རིག་དམ་པ་མ་ནོར་མ་བཅོས་དེ་བཞིན་ཉིད་ཆེན་པོ་ཆོས་ཀྱི་སྐུ་འཕོ་འགྱུར་དང་བྲལ་བ་ལ༔ འདུ་འབྲལ་མེད་པའི་ཕྱག་འཚལ་ཞིང་༔ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྤང་བླང་དགག་བསྒྲུབ་དང་བྲལ་བས་འཛིན་མེད་བློ་གཟུང་མེད་པར༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རོལ་པ་ལས་རང་ཤར་བ༔ རང་གྲོལ་དུ་མཆོད་པར་འབུལ༔ ཡར་མྱ་ངན་ལས་འདས་པའི་སར་རེ་བ༔ མར་ངན་སོང་གསུམ་གྱི་གྲོང་ཁྱེར་ལ་དོགས་པ་གཉིས་སུ་འཛིན་པ་ལས་འཁྲུལ་པའི༔ དགེ་བ་དང་སྡིག་པ་བར་མ་དོར་བཟུང་བའི་འཛིན་པ་ཡོངས་སུ་ཞུགས་པའི་རྨོངས་པ་རང་རྒྱུད་པར་འཁྲུལ་པ་ཐམས་ཅད་ལྷག་མ་མ་ལུས་པར་བཤགས༔ སྐྱེ་འགག་གནས་གསུམ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ༔ བློ་བྲལ་དགེ་སྡིག་གི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་རང་ངོར་གསལ་ཞིང་རང་བྱུང་དུ་ལྷུན་གྱིས་གྲུབ་པ༔ སྐུ་གསུམ་འདུ་འབྲལ་མེད་པའི་དོན་དམ་པའི་དོན་དམ་མཆོག་གི་ཡེ་ཤེས་རང་གསལ་བ་ལ་ཁ་གཏིང་མེད་པར་རྗེས་སུ་ཡི་རང་བར་བྱའོ༔ དེ་ལྟར་ངོ་བོ་ཉིད་ཀྱི་ཆོས་ཉིད་དེའི་ངང་ལས་མ་བཅོས་པར་སོ་མ༔ རང་བྱུང་དུ་རྣལ་མར་དུས་གསུམ་རྒྱུན་ཆད་མེད་པར་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཁོར་ལོ་ཆད་མེད་དུ་ཡང་དག་པར་བསྐོར་ཞིང་༔ གདོད་མ་ནས་ངོ་བོ་ཉིད་ཀྱི་དག་པའི་ཀློང་༔ རབ་འབྱམས་འཁོར་ལོའི་ཞིང་མཆོག་མཐའ་དང་དབུས་མེད་པར་ཀུན་ཏུ་བརྡལ་བ་ཆེན་པོར་དུས་གསུམ་དུས་མེད་ཀྱི་ཡེ་ཤེས་ཆེན་པོའི་ཏིང་འཛིན་དམིགས་པ་ཐམས་ཅད་དང་བྲལ་བར་རྟག་པ་རྒྱུན་གྱི་འཁོར་ལོ་འདུ་འབྲལ་མེད་པར་བཞུགས་ཤིང་༔ ཀུན་ཏུ་བཟང་པོ་གདོད་མ་ཉིད་ནས་རང་བྱུང་གི་སངས་རྒྱས་ཆེན་པོ་རང་གྲོལ་བར་གདེང་བཅའ་པར་བྱའོ༔ བཞི་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ རང་གི་ལུས་དྲང་པོར་བསྲང་བའི་སྤྱི་བོར་སྣང་ལ་རང་བཞིན་མ་གྲུབ་པའི་འོད་དཀར་པོ་ལས་རང་གསལ་བ༔ བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ ཆོས་སྐུ་ཉག་གཅིག་མཚོན་པའི་ཕྱིར་སྐུ་ཞལ་གཅིག༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་ཅན༔ འཁོར་འདས་མཉམ་ཉིད་དུ་བརྡལ་བའི་ཕྱིར་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ ཆོས་ཀྱི་སྒོ་མ་འགགས་པས་ཐེག་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པའི་ཕྱིར་ལོངས་༁ྃ༔ སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན་པ༔ སྒྲིབ་གཉིས་ཀྱི་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཡིད་ལ་དྲན་པ་ཙམ་ཀྱིས་ཡོངས་སུ་འཇོམས་ཤིང་དྲུང་ནས་ཕྱུང་བའི་བརྡར༔ སྐུ་ཤིན་ཏུ་དཀར་ལ་ཕྱི་ནང་མེད་པར་ཟང་ཐ་ལེར་གསལ་ཞིང་འོད་ཟེར་དང་ལྡན་པ་ཞིག་ཏུ་བསྒོམས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཅིག་གི་དཀྱིལ་དུ་ཐུགས་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུྃ་དཀར་ལ་འཚེར་བ་གཅིག་གི་མཐར༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་གཟུངས་སྔགས་ཡི་གེ་བརྒྱ་བའི་ཕྲེང་བ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་གཡས་སྐོར་དུ་འཁོར་བ་ལས༔ འོད་ཟེར་གྱི་རྟ་ལ་ཞོན་ནས་ཡེ་ཤེས་ཐུགས་རྗེའི་བདུད་རྩིའི་རྒྱུན་དཀར་པོ་འོ་མ་བུམ་མཆུ་ནས་རྩལ་བ་ལྟར་སྤྱི་བོའི་ཚངས་བུག་གི་ལམ་ནས་བབས༔ ལུས་ཕྱི་ནང་གསང་གསུམ་དུ་ཁྱབ་པས༔ ཁམས་གསུམ་གྱི་འཁོར་བ་འདིར་ཐོག་མ་མེད་པ་ནས་འཁྱམས་པའི་སེམས་ཅན༔ བདག་མེད་པ་ལ་བདག་ཏུ་བཟུང་ཞིང་༔ ང་མེད་པ་ལ་ངར་བརྟགས་པའི་རིགས་དྲུག་གི་ཚོགས་ཐམས་ཅད་ཀྱི་སྒོ་གསུམ་གྱིས་དུས་གསུམ་དུ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་བསགས་པའི་དམ་ཚིག་ཉམས་ཆག་རྟོག་སྒྲིབ་མདོར་ན་མི་དགེ་པའི་ལས་སུ་གྱུར་བ་ཅི་བསགས་པ་ཐམས་ཅད་སྦྱངས་ཤིང་༔ འོག་སྒོ་དང་རྐང་མཐིལ་གྱི་ལམ་བརྒྱུད་ནས་ནག་ནུར་གྱིས་དབང་ཆེན་གསེར་གྱིི་ས་གཞི་ལ་ཐིམ༔ རང་ལུས་ཆུ་ཤེལ་གྱི་བུམ་པ་དྲི་མ་མེད་པ་འོ་མས་བཀང་བ་ལྟར་ཁེངས་པས༔ དངོས་གྲུབ་ཐམས་ཅད་དམ་དབང་བཞིའི་ཡེ་ཤེས་མངོན་སུམ་དུ་རང་རྒྱུད་ལ་སྐྱེ་བར་བསམས་ཤིང་༔ གཟུངས་སྔགས་བརྒྱ་སྟོང་ཁྲི་འབུམ་བཟླས་པའི་མཐར་བླ་མ་རྡོ་རྗེ་སེམས་དཔས་ཞལ་གྱི་འཛུམ་མདངས་སུ་བཞད་ཅིང་༔ རིགས་ཀྱི་བུ་སྒྲིབ་གཉིས་དག་ནས་ཚོགས་གཉིས་རྫོགས་ཏེ༔ སྐུ་དང་ཞིང་ཁམས་ཐམས་ཅད་རང་སྣང་གི་ཡེ་ཤེས་གོ་མ་འགགས་པའི་རོལ་པ་ལ་སྤྱོད་པར་གྱུར་ཅིག༔ ཅེས་གསུངས་ནས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ལམ་ལམ་ཞུ་ཞིང་རང་ལ་ཐིམ་པར་བསྒོམ་མོ༔ ལྔ་བ་མཎྜལ་འབུལ་བ་ནི༔ ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་བྱེ་བ་ཕྲག་ས་ཡ་རི་རབ་གླིང་བཞི་གླིང་ཕྲན་གསེར་རི་རོལ་མཚོ༔ ཉི་ཟླ་རྒྱུ་སྐར་གྱི་ཚོགས་རྣམས་དང་༔ ནང་བཅུད་འགྲོ་བའི་དཔལ་འབྱོར་དབང་ཐང་རྩི་བཅུད་སྨན་སྤོས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུང་པོ་ཁམས་དང་སྐྱེ་མཆེད༔ གསང་བ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས༔ གདོད་མ་ནས་སུས་ཀྱང་མ་བྱས་ཤིང་འཁོར་འདས་ལམ་གསུམ་གྱི་འཆར་སྒོ་གོ་མ་འགགས་པའི་མངའ་བདག༔ ངོ་བོ་ཀ་ནས་དག་ཅིང་གསལ་རིག་རྒྱུད་ཆད་མེད་པའི་ཆོས་ཉིད་ཀྱིས་སྙིང་པོས་བརྒྱན་ཏེ༔ རང་རིག་གི་གསལ་སྣང་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་པ༔ རྩ་གསུམ་གྱི་ལྷ་ཚོགས་མདོར་ན་མཆོད་འོས་སྐྱབས་གྱུར་ཐམས་ཅད་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་པར་སྤྲུལ་ཏེ་ཡོངས་སུ་དབུལ་བར་བགྱིའོ༔ དྲུག་པ་བླ་མའི་རྣལ་འབྱོར་ནི་རང་ཉིད་སྐད་ཅིག་གིས་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་དུ༔ ཐོད་པ་སྐམ་རློན་འབར་བའི་གཞལ་ཡས་ཁང་༔ གྲུ་བཞི་རྟ་བབས་དང་ལྡན་པ་ལ་གཞལ་ཡས་ཁང་གི་བཀོད་པས་ཡོངས་སུ་བརྒྱན་པའི་དབུས་སུ༔ རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའི་སྟེང་དུ༔ ཉི་ཟླ་པདྨ་དང་བམ་རོའི་གདན་སྟེང་དུ་ཐུགས་ཀྱི་ས་བོན་ཡི་གེ་ཧཱུྃ་ཧྲཱི་གཉིས་ཡོངས་སུ་གྱུར་པ་ལས༔ ཡི་དམ་པདྨ་རྟ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་དུ་གསལ་བར་བསྐྱེད་ཅིང་༔ དེའི་སྤྱི་བོར་བླ་མ་པདྨ་འབྱུང་གནས་མཚོ་རྒྱལ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ་ལ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་ལ་སོགས་པའི་བརྒྱུད་ལྡན་བཀའ་བབས་ཀྱི་བླ་མ་རྣམས་ཀྱང་མངོན་སུམ་དུ་ཐོད་བརྩེགས་པའི་རྣམ་པར་བཞུགས་པ་ལ༔ སྟེང་གི་ཆ་ལ་བླ་མ་རྒྱ་མཚོ༔ བར་གྱི་ཆ་ལ་ཡི་དམ་རྒྱ་མཚོ༔ འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་མངོན་སུམ་དུ་ཁྲ་ཤིགས་སེ་འོད་ཁྱིམ་མེར་བསྐོར་ནས་བཞུགས་པར་དམིགས་ཤིང་ཡིད་ཁྱེད་ཤེས་ཀྱི་བློ་བཀལ༔ སེམས་མོས་གུས་ཀྱི་གདུང་ཤུགས་བསྐྱེད༔ ངག་སྨྲེ་སྔགས་ཀྱི་གདུང་བས་གསོལ་འདེབས་སུ་འབོད་དེ་ལུས་བ་སྤུ་གཟེངས་མིག་མཆི་མ་འཁྲུག་པའི་ངང་ནས༔ ཚེ་འདི་ལ་བལྟོས་པ་མེད་པའི་ཉམས་དང་༔ བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་མ་སྐྱེས་ཀྱི་བར་དུ་གསོལ་བ་ཕུར་ཚུགས་སུ་གདབ་པར་བྱའོ༔ བདུན་པ་དབང་བཞི་ལེན་ཅིང་བསྔོ་སྨོན་གྱིས་རྒྱས་འདེབས་པའི་རིམ་པ་ནི༔ ལྷ་ཚོགས་བླ་མ་དང་བཅས་པ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ རང་གི་ལུས་ལ་ཕོག༔ སྐུའི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་བསམས༔ གསུང་ལས་འོད་ཟེར་དམར་པོ་འཕྲོས༔ རང་གི་ངག་ལ་ཕོག༔ གསུང་གི་དབང་ཐོབ༔ ངག་གི་སྡིག་སྒྲིབ་དག་འབྲས་བུ་ལོངས་སྐུ་ཐོབ་པར་བསམས༔ ཐུགས་ལས་འོད་ཟེར་མཐིང་ག་འཕྲོས༔ རང་གི་ཡིད་ལ་ཕོག༔ ཐུགས་ཀྱི་དབང་ཐོབ་སེམས་ཀྱི་སྡིག་སྒྲིབ་དག་ཆོས་ཀྱི་སྐུ་ཐོབ་པར་བསམས༔ དེ་ནས་ལྷ་ཚོགས་བླ་མ་ཡབ་ཡུམ་དང་བཅས་པ་ཐམས་ཅད་གཅིག་ནས་གཉིས་སུ་ཐིམ་ཞིང་༔ འོད་དུ་ཞུ་ཏེ་རང་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པའམ༔ འོ་མ་ལ་འོ་མ་ཐིམ་པ་ལྟར་དབྱེར་མེད་གཅིག་ཏུ་གྱུར་ནས༔ བླ་མའི་ཐུགས་ཡེ་གདོད་མ་ནས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་ཆེན་པོ་དང་༔ རང་གི་སེམས་གཉིས་འཛིན་གྱི་བག་ཆགས་ལ་ཞེན་པའི་ཨ་འཐས་ཅན་གཉིས༔ འོད་གསལ་ཉམས་སྣང་གི་མ་བུ་དབྱིངས་སུ་འདྲེས་པས༔ རང་རིག་པའི་ངོ་བོ་བླ་མ་ཀུན་ཏུ་བཟང་པོ་ལྟར་སངས་རྒྱས་པར་བསམས་ཞིང་༔ མ་ཡེངས་པའི་ངང་ནས་ལྷོད་དེ༔ མ་བཅོས་པའི་ངང་དུ་ཆམ་མེ༔ བློ་འདས་ཀྱི་ངང་དུ་འཁྱིལ་ལེར་བཞག་ཅིང་༔ མཐར་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བྱུང་རྣལ་མ་ཡེ་གྲོལ་རྫོགས་པ་ཆེན་པོའི་དགོངས་པ་འདི་རང་ལ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་ཀྱང་༔ གཉིས་འཛིན་བག་ཆགས་ཀྱིས་ཁ་འཁོར་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྡུག་བསྔལ་བདེ་བ་ཆེན་པོར་རང་ཤར་རང་གྲོལ་ནས༔ སྐུ་གསུམ་བླ་ན་མེད་པ་ཀུན་བཟང་གདོད་མའི་ས་ཐོབ་པར་གྱུར་ཅིག་སྙམ་པའི་བསྔོ་སྨོན་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

ཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ བྷུདྡྷ་ཡ་ན་ཏྲི་ན་མ༔ བོད་སྐད་དུ༔ ཐུགས་ཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཐུགས་ཁྲིད་ཡིད་བཞིན་ནོར་བུ་འདི༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་མ༔ མ་འོངས་དོན་དུ་ཡི་གེར་ཐོབ༔ རིན་ཆེན་ས་ལ་གཏེར་དུ་སྦོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དེ་ཡང་ལས་ལྡན་སྐྱེས་བུ་རབ་ཚེ་འདིར་འཚང་རྒྱ་བ༔ འབྲིང་བར་དོ་ཐ་མའང་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བར་བྱེད་པའི་གདམས་པ་འདི་དོན་གསུམ་སྟེ༔ སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་ནས་རྣལ་དུ་དབབ་པ༔ དངོས་གཞི་ངོ་སྤྲོད་ཀྱིས་རང་རིག་ཆོས་སྐུ་གཅེར་མཐོང་དུ་བསྟན་པ༔ རྗེས་སྣང་གི་འཆར་ཚུལ་ཉམས་སུ་ལེན་ཐབས་བསྟན་པ་དང་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་འཁོར་བ་ལ་བློ་ལོག་ཅིང་ངེས་པར་འབྱུང་བའི་ཐབས་བསྟན་པ་གཞན་ལྟར་ལ༔ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སེམས་ཉིད་ཀྱི་གནས་ལུགས་གཏན་ལ་དབབ་པ་ལ་བཞི་སྟེ༔ རུ་ཤན་དབྱེ་བ༔ སྒྲིབ་པ་སྦྱང་བ༔ སྔོན་དུ་འགྲོ་བ༔ རྣལ་དུ་དབབ་པའོ༔ དང་པོ་རུ་ཤན་དབྱེ་བ་ནི༔ མི་མེད་ཀྱི་ལུང་སྟོང་དབེན་ཞིང་དངས་ལ་ཉམས་དགའ་བའི་གནས་སུ་སོང་སྟེ༔ གཞི་བདག་ལ་གཏོར་མ་བྱིན་ནས༔ བདེན་པའི་བཀའ་བསྒོ༔ ད་ནི་འཁོར་འདས་རུ་ཤན་དབྱེ་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད༔ རང་གི་ལུས་འདི་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་བ་མེ་དཔུང་འུ་རུ་རུ་འབར་བ༔ ཚྭ་ཚྭ་ཐོར་རོ་རོ་འཐོར་བ་གཅིག་ཏུ་གསལ་བའི་སྤྱི་བོར་བླ་མ་བསྒོམ་ཞིང་༔ བློ་ཁྱེད་ཤེས་ཀྱི་གསོལ་བ་གདབ༔ བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ལ༔ མ་བཅོས་བར་དར་ཅིག་བཞག་པའི་ངང་ནས༔ འགྲོ་བ་རིགས་དྲུག་གི་སྤྱོད་པ་རིམ་བཞིན་ཡིད་ལ་དྲན་ཚད་དུ་བྱ་བ་སྟེ༔ ལྷ་འཆི་འཕོ་ལྟུང་བའི་གདུང་བ་གླུ་གར་ལ་སོགས༔ མི་སྐྱེ་རྒ་ན་འཆི་དགྲ་འདུལ་གཉེན་སྐྱོང་བ༔ ལྷ་མ་ཡིན་འཐབ་རྩོད་དང་གསོད་གཅོད་དམག་འགྱེད་པ་གཡུལ་འཁྲུག་པ༔ དུད་འགྲོ་གླེན་ལྐུག་བཀོལ་སྤྱོད༔ ཡི་དྭགས་བཀྲེས་སྐོམ་གྱིས་གདུང་བ༔ དམྱལ་བ་ཚ་གྲང་གི་ལས་རྣམས་ཏེ་མདོར་ན་དེ་རྣམས་ཀྱི་སྤྱོད་པ་སྣ་ཚོགས་པར་སྤྱོད་ཅིང་༔ རིགས་དྲུག་སྡུག་བསྔལ་དེ་དག་རྣམས་ཀྱིས་རང་རྒྱུད་ཡོངས་སུ་མནར་བར་བསམ་ཤིང་༔ དེ་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟར་མ་འབྱོངས་བར་དུ་སྦྱང་བར་བྱའོ༔ དེ་དག་གི་མཐར་ཞི་ཁྲོ་དམ་པ་རིགས་བརྒྱའི་བཞུགས་སྟངས་བྱའོ༔ ངག་འཁོར་འདས་རུ་ཤན་དབྱེ་བ་ནི༔ འགྲོ་བ་དྲུག་པོ་ཐམས་ཅད་ཀྱི་སྒྲ་སྐད་སྣ་ཚོགས་པ་དང་༔ འབྱུང་བ་བཞིའི་སྒྲ་དང་༔ ཧཱུྃ་ཕཊ་ལ་སོགས་ཅི་མང་བརྗོད་པའི་མཐར༔ འགྲོ་བ་དྲུག་གི་ཁམས་ཐམས་ཅད་ཀྱིས་ཐོས་པར་བསམས་ཤིང་ཆོས་བཤད་ཅི་མང་བྱའོ༔ སེམས་འཁོར་འདས་རུ་ཤན་དབྱེ་བ་ནི༔ འགྲོ་བ་དྲུག་གི་བདེ་སྡུག་དང་༔ ཚོང་དང་ཁེ་སྤོགས་འཁྲུག་པ་འཐབ་འཛིང་༔ ཉོན་མོངས་པ་ཆོས་དང་ཆོས་མིན་གྱི་དྲན་བསམ་སྣ་ཚོགས་ཡིན་ཡིན་ལྟར་ལྟར་བརྟན་བརྟན་དུ་སྤྲོས་པའི་མཐར༔ རང་གི་ཡི་དམ་གང་ཡིན་པའི་བསྐྱེད་རིམ་མམ་དམ་པ་རིགས་བརྒྱ་རེ་རེ་བཞིན་དུ་རང་བསྒོམ་ཞིང་༔ རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་རེ་དང་༔ ཡིད་ཀྱིས་བསྟོད་པ་རེ་བྱས་པའི་མཇུག་ཏུ་བསྐྱེད་རིམ་བསྡུ་ཞིང་རིམ་བཞིན་བསྒོམ་པར་བྱའོ༔ དེ་ནས་སྤྱོད་པ་གསུམ་པོ་དེ་ཆུན་གཅིག་ཏུ་སེམས་ལ་བསམས་ཤིང་ངག་ནས་བརྗོད་དེ༔ ལུས་ཀྱི་སྤྱོད་ཚུལ་དེ་དང་འདྲ་བར་བྱ་ཞིང་༔ མཚན་མོ་ལུས་མི་གཡོ༔ ངག་མི་བརྗོད་སེམས་མི་རྟོག་པའི་ངང་ལ་རྣལ་དུ་དབབ་པར་བྱའོ༔ དགོས་པ་ནི་ལུས་ངག་ཡིད་གསུམ་གྱི་མངོན་ཞེན་གྱི་རྟོག་པ་ཐམས་ཅད་ལྡོག་པ་དང་༔ འགྲོ་བ་དྲུག་གི་འཇིག་རྟེན་ཐམས་ཅད་འཁྲུལ་བའི་བློས་བཟུང་དུ་གོ་སྟེ་སྡིག་སྒྲིབ་རྣམས་སྲབ༔ མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་འཚང་རྒྱ་བའི་དགོས་པ་ཡོད་དོ༔ གཉིས་པ་སྡིག་སྒྲིབ་སྦྱང་བ་ནི༔ རང་གི་སྤྱི་བོར་ཨ་དཀར་ནག་ལ་ལྷའི་བག་ཆགས་དང་ང་རྒྱལ༔ མགྲིན་པར་སུ་སེར་ནག་ལ་ལྷ་མ་ཡིན་གྱི་ཕྲག་དོག༔ སྙིང་གར་ནྲི་སྔོ་ནག་ལ་མིའི་འདོད་ཆགས༔ ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་གཏི་མུག༔ གསང་བར་པྲེ་ལྗང་ནག་ལ་ཡི་དྭགས་ཀྱི་སེར་སྣ༔ རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་ཞེ་སྡང་སྟེ༔ མདོར་ན་མིའི་ལུས་འདི་རིགས་དྲུག་གི་ས་བོན་ཐམས་ཅད་ཀྱི་རྩ་བ་ཡིན་པ་བཞིན༔ ཡིག་འབྲུ་དེ་དག་རྣམས་ཀྱང་རྩ་འཁོར་དུ་གནས་དེ་རྣམས་སུ་ཡོད་པར་གསལ་གདབ་ཅིང་༔ སླར་སྤྱི་བོར་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འདུས་པའི་ཡི་གེ་ཨཱོཾ་དཀར་པོ༔ མགྲིན་པར་གསུང་གི་བྱིན་རླབས་འདུས་པའི་ཡི་གེ་ཨཱཿདམར་པོ༔ སྙིང་གར་ཐུགས་ཀྱི་བྱིན་རླབས་འདུས་པའི་ཧཱུྃ་མཐིང་ག་གསུམ་གསལ་ཞིང་༔ རང་གི་ངག་ནས་ཨཱོཾ་ཨཱཿཧཱུྃ་ཞེས་བཟླས་པའི་དུས་སུ༔ ཡེ་ཤེས་ཀྱི་མེ་ཁ་དོག་གསུམ་ལྡན་དུ་འབར་བས༔ ཡི་གེ་དྲུག་བག་ཆགས་དང་བཅས་པ་བསྲེགས་ནས༔ ལས་དང་ཉོན་མོངས་པ་འཁོར་བའི་དུཿཁ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་བསྲེགས་ཏེ༔ ལུས་ཤེལ་གོང་ལྟར་བསམ་ཞིང་འབྲུ་གསུམ་རྒྱལ་བའི་ཡང་སྙིང་བཟླ་པར་བྱའོ༔ དགོས་པ་ནི་ཐུན་མོང་དུ་སྒོ་གསུམ་གྱི་སྡིག་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་འདག་པ་དང་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ༔ ཁྱད་པར་དུ་ཞེན་པ་ལྡོག་པས་ཕྱིས་འཁོར་བར་མི་འཇུག་ཅིང་མཐར་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་འཐོབ་པར་འགྱུར་རོ༔ གསུམ་པ་སྔོན་དུ་འགྲོ་བ་ལ༔ དང་པོ་ལུས་ཀྱི་སྔོན་དུ་འགྲོ་བ་ནི༔ རྐང་པའི་མཐིལ་གཉིས་སྤྲད༔ ལག་པ་སྤྱི་བོར་ཐལ་མོ་སྦྱར་ནས་རྡོ་རྗེ་རྩེ་ལྔ་བ་མེ་ཆེན་པོ་འུ་རུ་རུ་འབར་བ་གཅིག་ཏུ་བསམས་ཤིང་བསྒོམས་པས༔ ལུས་ཁང་ཧྲུལ་ཞིག་བའི་རྣམ་པ་ལྟ་བུ་དང་༔ ཁོལ་བུར་ན་བ་དང་༔ དྲོད་སྐྱེ་བ་དང་༔ སེམས་མི་རྟོག་པར་གནས་པ་རྣམས་ནི་ཚད་དོ༔ དགོས་པ་ནི༔ ཐུན་མོང་དུ་སྡིག་སྒྲིབ་ཐམས་ཅད་འདག༔ བར་ཆད་ཞི༔ ལུས་ཀྱི་མངོན་ཞེན་ཟློག༔ ཁྱད་པར་དུ་ལུས་འཁོར་བར་མི་ལྡོག་ཅིང་སྤྲུལ་སྐུར་གྲོལ་ཏེ་སྐུ་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ༔ གཉིས་པ་ངག་གི་སྔོན་དུ་འགྲོ་བ་ཡང་རྒྱས་གདབ་པ༔ རྩལ་སྦྱང་བ༔ གཉེན་བཙལ་བ༔ ལམ་དུ་ཞུགས་པ་བཞི་ལས༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ལ༔ ཧཱུྃ་སྒྲ་སྙན་ལ་རིང་བར་བླངས་པས༔ སྣང་བའི་ཁམས་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་མེ་རེ་རེ་བསམ་མོ༔ ཕྱིའི་སྣང་བ་སྣ་ཚོགས་ཧཱུྃ་དུ་རོང་རོང་དུ་བྱུང་བ་ནི་ཚད་དོ༔ ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ ཧཱུྃ་དབྱངས་སུ་ཕྱིའི་ཧཱུྃ་དེ་དག་ཁ་སྣའི་སྒོ་ལ་ཞུགས་ཏེ༔ རང་གི་ལུས་ནང་དུ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ ལུས་མི་བདེ་བ་སྙམ་པ་དང་༔ ཧཱུྃ་གིས་ཁོག་པ་གང་སྙམ་པ་ནི་ཚད་དོ༔ དགོས་པ་ནི་ཕྱི་ནང་གི་སྣང་བ་ཐམས་ཅད་རང་བཞིན་མེད་པར་འགྱུར་བའོ༔ རྩལ་སྦྱང་བ་ནི༔ ཕྱི་སྣང་བ་ལ་རྩལ་སྦྱང་བ་ཞེས་བྱ་བ༔ ཧཱུྃ་མཐིང་ནག་མེ་འབར་ཚྭ་ཚྭ་ཁོལ་བ་གཅིག་གི་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ཐམས་ཅད་ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་ཕུག་བར་བསམས་ཤིང་༔ ཧཱུྃ་དབྱངས་དྲག་ལ་ངར་གྱིས་བཟླའོ༔ གཟུགས་སྣང་གི་དངོས་པོ་ཐམས་ཅད་སང་སེང་ཁྲལ་ཁྲོལ་དུ་སོང་བ་སྙམ་པ་ནི་ཚད་དོ༔ ནང་ཕུང་པོ་ལ་རྩལ་སྦྱང་བ་ནི༔ དམིགས་པ་སྔ་མའི་ངང་ལས་རང་གི་ལུས་ཐམས་ཅད་རྟ་རྔའི་ཉ་ཚགས་ལྟ་བུར་བར་མཚམས་མེད་པར་ཕུག་པར་བསམ་མོ༔ རང་གི་ལུས་མེད་པ་སྙམ་བྱེད་པའམ༔ སྣང་བརྙན་ཆུ་ཟླ་ལྟ་བུའི་ཉམས་སྐྱེ་བ་ནི་འབྱོངས་པའི་ཚད་དོ༔ དགོས་པ་ནི་ཕྱི་ནང་གི་གདོས་བཅས་ཀྱི་ཚོགས་ཐམས་ཅད་འོད་ལུས་སུ་གྲོལ་བའི་དགོས་པ་ཡོད་དོ༔ མཉེན་བཙལ་བ་ནི༔ རང་གི་མདུན་དུ་ཤིང་རིང་བཙུགས་པ འམ༔ ཤིང་རིང་སྐྱེས་པའི་དྲུང་དུ་ཕྱིན་ཏེ༔ རང་གི་ཞལ་ནས་ཧཱུྃ་བཟླས་པ་ལྟར་རང་སྒྲ་དི་རི་རི་བར་དག་མ་ཆད་པར༔ ཤིང་གི་རྩེར་ཐོན་པར་འཁྲིས་ཤིང་སོང་ནས༔ རྩེ་མོར་སླེབ་དུས་ཕྱིར་གྲོལ་བ་ལ་ཤེས་པ་གཏད་ནས་ཧཱུྃ་རིང་བརྗོད་པས༔ ཤེས་པ་གར་གཏད་གྱི་སར་ལྷན་ནེར་སྡོད་པ་ནི་ཚད་དོ༔ དགོས་པ་ནི་དམིགས་པ་གར་གཏད་དུ་བསྒྱུར་ཐུབ་པའི་དགོས་པ་ཡོད་དོ༔ ལམ་དུ་ཞུགས་པ་ནི༔ རང་གིས་ཧཱུྃ་བཟླས་པ་བཞིན་དུ་བར་དག་མ་ཆད་པར༔ འཁྱོག་པོ་དང་དྲང་མོ་དང་སྒོར་མོ་དང་ཟུར་གསུམ་པ་དང་གྲུ་བཞི་ཟླ་གམ་ལ་སོགས་ཀྱི་རྣམ་པར་རྒྱ་མཚོའི་བར་རམ་རི་བོའི་རྩེ་ལ་སོགས་ལ་མ་ཐུག་བར་སོང་བར་བསྒོམ་ཞིང་༔ ཧཱུྃ་དབྱངས་ཏེ་མཐར་མེད་པའི་བར་དུ་ལ་བཟླ་ཞིང་སེམས་གཏད་པས་དགའ་བ་དང་༔ སྐྱོ་བ་ལ་སོགས་སྐྱེས་པ་ནི་འབྱོང་བའི་ཚད་དོ༔ དེས་ནི་ལུས་ངག་ཡིད་གསུམ་ཡང་དག་པའི་ལམ་ལ་ཚུད་པའི་དགོས་པ་ཡོད་དོ༔ ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་ཡོན་ཏན་འཐོབ༔ ངག་གི་མངོན་ཞེན་བཟློག༔ ཕྱིས་ངག་འཁོར་བ་ལ་མི་འཇུག་ཅིང་ལོངས་སྐུར་གྲོལ་ཏེ༔ གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ༔ གསུམ་པ་སེམས་ཀྱི་སྔོན་འགྲོ་ལ༔ དང་པོ་རྩད་བཅད་པ༔ བར་དུ་མཚིང་བཙལ་བ༔ ཐ་མར་གནས་ལུགས་ལ་བརྟག་པ་གསུམ་ལས༔ དང་པོ་རྩད་བཅད་པ་ནི༔ རང་གི་ལུས་ངག་ཡིད་གསུམ་པོ་འདི་བདེ་སྡུག་གི་ཚོར་བ༔ བཟང་ངན་གྱི་སྤང་བླང་ཐམས་ཅད་ཀྱི་བྱེད་པ་པོ་གང་གཙོ་བོར་འདུག་བརྟགས་པས༔ སེམས་གཙོ་བོར་ངོས་ཟིན་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུའོ༔ འཚང་བཙལ་བ་ནི༔ རང་གི་སེམས་དང་དེའི་ཡུལ་སྣང་གཉིས་གཅིག་གམ་ཐ་དད་ལ་བརྟགས་པ་སྟེ༔ དེ་ལ་ལུས་ངག་ཡིད་གསུམ་པོ་གཅིག་གམ་ཐ་དད༔ གཅིག་ན་ལུས་ངག་ལྟར་སེམས་ཀྱང་མཐོང་ཐོས་སུ་འགྱུར་ལ༔ སེམས་ལྟར་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་ངོ་༔ ཐ་དད་ན་ལུས་རྡུལ་ཕྲན་ཆ་མེད༔ ངག་རྗེས་མེད་གཏད་ཡལ༔ སེམས་བྱ་ལམ་རྗེས་མེད་དུ་སོང་ཚེ་གཅིག་གམ་ཐ་དད་དུ་འདུག་གམ༔ དཔྱད་ན་འབྲེལ་བ་མ་གྲུབ་པའི་ཕྱིར༔ གཅིག་དང་ཐ་དད་མ་ཡིན་ནོ༔ དེ་ལྟར་ན་གཉིས་ཡིན་དང་གཉིས་མ་ཡིན་གྱི་ཕུང་པོ་གསུམ་ཀྱང་ཞར་ལ་ཁེགས་པས༔ གཅིག་དང་ཐ་དད་དུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ༔ དེ་བཞིན་དུ་ཕྱི་གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ ནང་སེམས་ལ་སེམས་ཀྱིས་འཛིན་དུས་ན༔ གཟུང་ཡུལ་སྣང་བ་དང་༔ འཛིན་བྱེད་ཤེས་པ་གཉིས་གཅིག་དང་ཐ་དད་ལ་བརྟགས་པས༔ ཡུལ་མེད་རྟེན་འབྲེལ་གཅིག་ཏུ་རྟོགས་ཏེ༔ གཟུང་འཛིན་གྱི་རྩ་བ་ཆད༔ གཉིས་འཛིན་གྱི་མཁར་འགྱེལ༔ བདག་གཞན་གྱི་སྣང་བ་ནུབ༔ དགྲ་གཉེན་གྱི་འཁྲུལ་འཛིན་ཞིག༔ དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས༔ ཆོས་ཉིད་ནམ་མཁའ་ལྟ་བུའི་དགོངས་པ་ལ་ཕྱིན་པའོ༔ གནས་ལུགས་ལ་བརྟགས་པ་ནི་གསུམ་ལས༔ དང་པོ་འ བྱུང་ཁུངས་བརྟགས་པ་ནི༔ རང་གི་སེམས་འདི་ཡུལ་ལས་ཤར་དུས་ན༔ ཡུལ་ལས་སེམས་བྱུང་ངམ་སེམས་ལས་ཡུལ་བྱུང་༔ ཡུལ་ལས་སེམས་བྱུང་ན་ཡུལ་དེ་རྡུལ་ཕྲན་ཆ་མེད་དུ་གསིལ་བས་མ་གྲུབ་པ་དེའི་ཚེ༔ འབྱུང་པའི་ཡུལ་མེད་པས་དེ་ལས་བྱུང་བའི་སེམས་གྲུབ་པ་མེད་དོ༔ ཡུལ་རགས་པ་རྣམས་མ་ཡིན་པའི་ཆ་ཕྲ་བ་ལས་བྱུང་ཞེ་ན༔ ཁ་དོག་དབྱིབས་དང་ཆ་ཤས་ལ་བརྟགས་པས་མི་རྙེད་དོ༔ སེམས་རང་ལས་སེམས་བྱུང་ན་སྐད་ཅིག་མའི་དུས་ན་སེམས་ཆ་གཉིས་སུ་འགྱུར་དགོས་ཏེ༔ བྱུང་ས་དང་བྱུང་མཁན་གཉིས་སུ་མེད་པའི་ཕྱིར་རོ༔ དེ་ལྟར་ན་སེམས་སྐད་ཅིག་མ་ལ་གཉིས་སུ་མེད་པས་སེམས་ལས་སེམས་བྱུང་བ་ནི་མ་གྲུབ་བོ༔ ཅི་ཡང་མི་འདུག་པས་སེམས་ལས་སེམས་བྱུང་ངོ་སྙམ་ན༔ ད་ལྟར་གྱི་སྣང་བ་འདི་མུན་པའོ་སྨྲ་དུས་མུན་པར་འགྲོ་འམ༔ དེས་ན་བློས་བཀོད་པ་འདི་སྒྲོ་བཏགས་ཡིན་པས་རང་བཞིན་མ་གྲུབ་པ་སྟེ༔ དེ་ལྟར་མ་ཡིན་པའི་སྐྱེ་བ་དང་སྐྱེ་མཁན་གཞན་དུ་མེད་པས༔ རང་སེམས་འདི་དང་པོར་སྐྱེ་བ་མེད་པར་གཏན་ལ་ཕེབས་ནས༔ ཆོས་སྐུ་བློ་བྲལ་ཆེན་པོར་ཐག་གཅོད་པའོ༔ བར་དུ་གནས་ས་གནས་མཁན་ལ་བརྟགས་པའང་དེ་དང་འདྲ་སྟེ༔ ཡུལ་དྲུག་གི་རང་བཞིན་ལ་བརྟགས་པས་གཞི་མེད་ནམ་མཁའ་ལྟར་ཏེ༔ གནས་སའི་ཡུལ་མེད༔ གནས་མཁན་རང་གི་སེམས་ལ་བརྟགས་པས༔ ཁ་དོག་དང་དབྱིབས་དང་ངོ་བོ་ངོས་བཟུང་མ་རྙེད་པས༔ འཛིན་བྱེད་ཀྱི་ཤེས་པ་རང་བཞིན་མ་རྙེད་དེ༔ གཟུང་འཛིན་སེམས་ཀྱི་འཁྲུལ་པ་སྟོངས་ནས༔ གནས་དང་མི་གནས་ཀྱི་མཐའ་ལས་འདས་པ༔ ལོངས་སྐུ་གཞི་བྲལ་གསལ་དག་ཆེན་པོ་ཆོས་ཉིད་རང་བབས་ཀྱི་ཁོར་ཡུག་ཏུ་རྣལ་མར་ཐག་བཅད་དོ༔ ཐ་མ་འཕྲོ་མཁན་ལ་བརྟགས་པ་ནི༔ ཡུལ་ཐོག་ཏུ་ཤར་བའི་སེམས་ཞེས་མ་གྲུབ་པས༔ དང་པོ་མ་སྐྱེས་བར་དུ་མི་གནས་པས་ཐ་མ་འགག་པ་མེད་དེ༔ སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད༔ ཤར་གནས་རིས་མེད་མཉམ་པ་ཆེན་པོར་ལ་བཟླས་ཏེ༔ རིག་སྟོང་འདི་རང་གྲོལ་གྱི་སྤྲུལ་སྐུར་ཐག་བཅད་པའོ༔ དེ་ལྟར་སེམས་ཀྱི་སྔོན་འགྲོ་བྱས་པའི་དགོས་པ་ནི༔ ཐུན་མོང་དུ་སེམས་ཀྱི་སྡིག་སྒྲིབ་འདག༔ སེམས་ཀྱི་མངོན་ཞེན་ལྡོག་ཡོན་ཏན་དུ་མ་སྐྱེ༔ ཁྱད་པར་དུ་ཕྱིས་འཁོར་བ་ལ་མི་འཇུག་ཅིང་ཆོས་ཀྱི་སྐུར་གྲོལ་ཏེ༔ མཐར་ཐུག་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ༔ བཞི་པ་རྣལ་དུ་དབབ་པ་ནི༔ བདེ་བའི་མལ་དུ་ལུས་པོ་འགུལ་སྐྱོད་དང་བྲལ་བ༔ ངག་སོ་མ་སྨྲ་བརྗོད་དང་བྲལ་བ༔ ཡིད་སོ་མ་དྲན་རྟོག་དང་བྲལ་བར་ལྷོད་ཀྱིས་གློད་ལ་རང་བབས་སུ་ཉལ་ལོ༔ དགོས་པ་ནི༔ ཐུན་མོང་དུ་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུག་ཅིང་༔ ནད་མེད་པ་དང་ལུས་ངག་ཡིད་གསུམ་ལ་བདེ་བའི་ཉམས་མང་པོ་སྐྱེ་ཞིང་༔ ཏིང་འཛིན་རང་བབས་སུ་འཆར༔ མཐར་སྒོ་གསུམ་གྱི་འཛིན་པ་རང་གྲོལ་དུ་འགྲོའོ༔ ཐུན་མོང་མ་ཡིན་པ་ཁྱད་པར་ཅན་གྱི་སྔོན་འགྲོ་རྣམས་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིག་པ་རང་ངོ་སྤྲད་པ༔ འོད་གསལ་ཆོས་སྐུ་གཅེར་མཐོང་དུ་བསྟན་པ་ལ༔ ངོ་སྤྲད་པ༔ རྩལ་སྦྱོང་བ༔ བོགས་དབྱུང་པ་གསུམ་ལས༔ དང་པོ་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་སོགས་རྒྱས་པར་བཤམས༔ བཀའ་སྲུང་ལ་གཏོར་མ་འབུལ༔ བརྒྱུད་པའི་བླ་མ་དང་ཁྱད་པར་རང་གི་བླ་མ་ཆོས་ཀྱི་སྐུ་མངོན་སུམ་དུ་བསྒོམ་ལ༔ མོས་གུས་ཀྱི་གདུང་བ་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ༔ དཔོན་སློབ་ཐམས་ཅད་ལུས་གནད་དྲང་ཐ་ལེར་སྲང་༔ དར་ཅིག་བརྗོད་མེད་དུ་ཆམ་མེར་བཞག་ཅིང་༔ བླ་མས་སློབ་བུ་རྣམས་ལ་སྟོང་ཉིད་ཀྱིས་རྒྱས་འདེབས་ཤིང་༔ སློབ་བུ་རྣམས་ཀྱིས་བླ་མ་དང་ཐུགས་ཡིད་བསྲེ༔ དབང་བཞི་ལེན༔ དེ་ནས་བླ་མས་འདི་སྐད་དོ༔ ཀྱེ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ད་ལྟའི་རིག་པ་རང་གསལ་རྗེན་ནེ་བ་འདི་ལ་ལྟོས་དང་༔ རྟོག་པ་མ་སྤྲོོ༔ རྩེ་གཅིག་ཏུ་མ་བཟུང་༔ སྤང་བླང་དང་རེ་དོགས་ཀྱིས་མ་བསླད༔ གསལ་ལ་འཛིན་པ་མེད་པ༔ དངས་ལ་ཕྱི་ནང་མེད་པ༔ ཡངས་པ་ལ་ཕྱལ་བར་མ་སོང་བ༔ ངང་དྭངས་ལ་ངོས་བཟུང་མེད་པ༔ ཟང་ཐལ་ལ་ཆམ་བརྡལ་བ༔ རང་བབས་རྗེན་པ་འདི་ཉིད་རང་གི་སེམས་ཉིད་རང་བཞིན་གྱི་འོད་གསལ་བ༔ ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ༔ རང་མདང་འཛིན་མེད་ཆེན་པོར་སྐྱོངས་ཤིག༔ དྲི་མེད་དག་པའི་སངས་རྒྱས་རང་རིག་ཆོས་སྐུ་འགྱུར་བ་མེད་པ༔ ས་ལེ་སིང་ངེ་ཝ་ལེ་རྗེན་ནེ་བ་འདི་ཡིན་པས༔ གང་ལྟར་གནས་ཀྱང་རིག་པའི་ངང་ལ་ཞོག་ཅིག༔ གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་པས་མ་བཅོས་པར་ཞོག་ཅིག༔ འཕྲོ་ན་རང་རིག་དྭངས་སངས་ཕྱེད་པར་ཞོག་ཅིག༔ ཇི་ལྟར་བྱ་རྣམས་གང་དུ་འཕུར་ཡང་ནམ་མཁའི་དབྱིངས་ལས་མ་འདས་པ་ལྟར༔ རྩལ་ཇི་ལྟར་ཤར་ཡང་སེམས་ཉིད་སྟོང་པ་ལས་མ་འདས་པས༔ ཆོས་རྣམས་ཐམས་ཅད་རང་གསལ་གཡོ་བ་མེད་པར་ཞོག་ཅིག༔ ཅེས་ནན་ཏན་དུ་ངོ་སྤྲད་དོ༔ གཉིས་པ་རྩལ་སྦྱང་བ་ནི༔ རང་བཞིན་བསམ་གཏན་ལ་རྩལ་སྦྱང་བ་དང་༔ རང་མདངས་ཡེ་ཤེས་ཀྱི་རོལ་བར་རྩལ་སྦྱང་བའོ༔ དང་པོ་རང་གནས་ཀྱི་བསམ་གཏན་ངོས་བཟུང་པ་དང་༔ མཉམ་རྗེས་བསྲེ་བའི་ཐབས་བསྟན་པ་གཉིས་ལས༔ དང་པོ་ནི་སྐྱིལ་ཀྲུང་བཅས་ལ༔ མིག་མི་འགུལ་བར་ཅུང་ཟད་ཐུར་དུ་བལྟས་ནས༔ སེམས་དངས་ལ་མི་རྟོག་པའི་ངང་དེ་ཉིད་ཀྱི་དུས་ན༔ མིག་ཐད་དྲང་དུ་ཧ་རེ་གཏད་པས༔ སྔར་གྱི་མི་རྟོག་པ་དངས་པ་དེ་ཞིག་ཀྱང་༔ བྱུང་ཚོར་ཀྱི་རྟོག་པ་དང་༔ དྲན་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་ལ༔ གཞི་ཕྱལ་པ་ཞིག་འཆར་ཏེ༔ དེ་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་དུ་ཤེས་པ་བྱའོ༔ དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་གནས་སམ༔ འཕྲོའམ་དགག་སྒྲུབ་དང་ཉོན་མོངས་པ་དང་༔ མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་སོགས་པ་གང་གི་དུས་སུའང་༔ རང་རིག་རང་གསལ་ལ་གཅེར་གྱིས་བལྟས་པས༔ འཛིན་མེད་རང་གནས་ཀྱི་བསམ་གཏན་དེ་རྗེན་སངས་ཀྱིས་འཆར་ཏེ༔ དེ་ཁོ་ན་ཉིད་མ་བྱས་ལྷུན་གྲུབ་གྱི་སྒོམ་ཆུ་བོ་ལྟ་བུ་ཡིན་ནོ༔ དེ་ངོ་མ་འཕྲོད་ན་རྐྱེན་རེ་འགའ་བའི་སྒོམ་པས་རྐྱེན་བཟང་ངན་གང་ཡང་མི་ཐུབ་ཅིང་༔ བར་དོའི་བསམ་གཏན་སོགས་ངོས་མི་ཟིན་ནོ༔ གནད་དམ་པ་འདི་ནི་ཆོས་འདི་པའི་ཡང་དག་པའི་མན་ངག་སྟེ༔ རང་བྱུང་ངོ་སྤྲོད་ཀྱི་བྱིན་རླབས་ལས་རང་བབ་པས་ཤེས་པ་ཡིན་ནོ༔ མཉམ་རྗེས་བསྲེ་བའི་ཐབས་ནི༔ དེའི་ངང་ལས་ཅུང་ཟད་བརྟན་པ་ཐོབ་ནས༔ ཁྲོ་བོའི་འགྱིང་བག་གྱད་ཀྱི་འདོར་སྟབས༔ སེང་གེའི་འཆོང་སྟབས་གསུམ་ལ་བསླབ་པ་སྟེ༔ དང་པོ་ཁྲོ་བོའིའགྱིང་བག་ནི༔ བསམ་གཏན་གྱི་ངང་ནས་ལངས་ཏེ༔ གཡས་གཡོན་བརྐྱང་སྐུམ་དུ་བྱེད་ཅིང་༔ ལག་པ་ཡང་བརྐྱང་ཞིང་ཁ་གདང་ལྕེ་འདྲིལ་མིག་བསྒྲིལ་ཞིང་བསམ་གཏན་དང་བསྲེའོ༔ དེ་ལ་བརྟན་པ་ཐོབ་པ་དང་བསམ་གཏན་གྱི་ངང་མ་ཤོར་བར་ལངས་ཏེ༔ གྱད་ཀྱི་དོར་སྟབས་ཞེས་གོམ་པ་དལ་བུས་གྱ་ཚོམ་དུ་འདོར་ཞིང་བསམ་གཏན་དང་བསྲེའོ༔ དེ་ནས་སེང་གེའི་འཆོང་སྟབས་ནི༔ བསམ་གཏན་གྱི་ངང་མ་ཤོར་བར་དྲག་དུ་འགྲོ་ཞིང་རྒྱང་དུ་འཆོང་བ་དང་༔ དལ་བུས་འགྲོ་ཞིང་ས་ལ་སྡོད་པ་དང་༔ ཡང་ལངས་ཡང་འདུག་ཅ་ཅོར་སྒྲོགས་པ་དྲན་བསམ་སྣ་ཚོགས་སུ་སྤྲོ་ཞིང་རྟོག་མེད་དུ་འཇོག་པ་སོགས་ལ་བསླབ་པས༔ སྤྱོད་ལམ་ཐམས་ཅད་རང་བཞིན་གྱི་བསམ་གཏན་དང་འདྲེས་ནས༔ བྱ་བྱེད་སྨྲ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་བཞག་དང་རྗེས་ཐོབ་ཀྱི་རིས་མེད༔ ཉིན་མཚན་གྱི་བར་མེད༔ བླང་དོར་གྱི་ཆོས་མེད༔ བསྒོམ་བྱའི་བློ་མེད༔ ཡིན་མིན་གྱི་རྩིས་མེད་པར་རིག་པའི་ངང་དང་རོལ་པ་གཅིག་ཏུ་འདྲེས་ཏེ༔ རྒྱ་ཡན་ནམ་མཁའ་ལྟ་བུར་སོང་ཡང་ཕྱལ་བར་མ་ཤོར་བ༔ ཆེད་དུ་མ་སྒོམས་ཀྱང་ཏིང་ངེ་འཛིན་དང་མི་འབྲལ་བར་དུས་གསུམ་དུས་མེད་དུ་སོང་བ་ནི༔ ཆོས་ཉིད་ཟད་པའི་དགོངས་པ༔ དགེ་སྡིག་བླང་དོར་ལས་འདས་པ་ལྟ་སྒོམ་སྤྱོད་འབྲས་ཀྱིས་ཕན་གནོད་མེད་པར་རྟོགས་པས༔ སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་རང་བཞིན་གྱིས་གནས་པར་འགྱུར་རོ༔ གཉིས་པ་གནས་པ་སེམས་ཀྱི་རྒྱན་དུ་ཤར་བ༔ འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ༔ གཉིས་མེད་མཉམ་པའི་ངང་དུ་གནས་པ་གསུམ་ལས༔ དང་པོ་ནི་ལུས་ངག་ཡིད་གསུམ་ཁོང་གློད་ལ་སོས་དལ་ཏེ་བརྟན་པར་གནས་པའི་ཚེ༔ དགག་སྒྲུབ་ཀྱི་རྟོག་པ་སྣ་ཚོགས་སུ་འཕྲོར་བཅུག་ལ༔ ཆམ་གྱིས་བཞག་ལ་ཅེར་གྱིས་བལྟས་པའི་ཚེ༔ རྒྱ་མཚོའི་རླབས་ལྟར་འཕྲོ་མཁན་གྱི་ཤེས་པ་དང་༔ འཕྲོ་བྱའི་ཡུལ་གཉིས་སུ་མ་གྲུབ་པར་སེམས་གཞི་མེད་རྩ་བ་དང་བྲལ་བ༔ རང་བཞིན་གཞིའི་ངང་དུ་རང་བབས་སུ་གནས་པ་ནི༔ གདོད་མ་ཀ་དག་གི་གནས་ལུགས༔ ཆོས་སྐུ་འཕོ་འགྱུར་མེད་པའི་དགོངས་པ་ལ་ངོ་སྤྲོད་པའོ༔ གཉིས་པ་སེམས་ཉིད་ཀྱི་ངང་ལས་སྣ་ཚོགས་ཀྱི་རྟོག་པ་སྤྲོས་ལ༔ དགག་སྒྲུབ་དང་རེ་དོགས་མེད་པར་གང་ཤར་གྱི་རྟོག་པ་དེར་འཛིན་མེད་པར་ཡན་དུ་བཅུག་ལ༔ སྔ་ཕྱི་དྲན་བསམ་གྱི་འདུན་པ་བོར་ལ༔ ད་ལྟའི་རིག་པ་ཐོལ་སྐྱེས་ཐོལ་ནུབ་ཏུ་འགྲོ་བ་གཤིས་ཀྱི་གནས་ལུགས་ཇི་ལྟར་འཕྲོས་ཀྱང་༔ ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བ༔ རྒྱ་མཚོ་ཆེན་པོ་ལས་རྦ་རླབས་ཇི་ལྟར་ཤར་ཡང་༔ ཉིད་ལས་ཤར་ཞིང་རྒྱ་མཚོ་ཉིད་ཀྱི་ཀློང་དུ་གྲོལ་བ་ལྟར༔ རང་ཤར་རང་གྲོལ་གྱི་ངོ་བོ་ཐུགས་རྗེ་འགག་པ་མེད་པའི་དགོངས་པ་ལ་ངོ་སྤྲད་པའོ༔ གསུམ་པ་འཕྲོ་གནས་གཉིས་སུ་མེད་པ་སྟེ༔ གནས་བདོའི་དུས་ན་མིག་སྒྲིལ་བས་འཕྲོ༔ ཡང་རང་བབས་སུ་བཞག་པས་གནས་ལ༔ འཕྲོ་བདོའི་དུས་ན་མིག་མི་འགུལ་བར་ཆམ་གྱིས་བཞག་པས་གནས་ལ༔ འཕྲོ་བ་དང་གནས་པ་རྒྱ་མཚོའི་རླབས་ལྦུ་བར་ཤར་བ་ཉིད་རྒྱ་མཚོར་ཞི་བ་ལྟ་བུའི་ངང་ལ་བཞག་གོ༔ དེ་ཡང་གནས་པ་མི་སྲིང་༔ འཕྲོ་བ་མི་དགག༔ མཉམ་པ་ཉིད་ཀྱང་མི་སྒྲུབ༔ སེམས་ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པར༔ དགག་སྒྲུབ་བླང་དོར་རེ་དོགས་ལས་འདས་པའི་ཆོས་ཉིད་ཡེ་གྲོལ་རང་བཞིན་ལྷུན་གྲུབ་འོད་གསལ་གྱི་དགོངས་པ་ལ་ངོ་སྤྲད་དོ༔ དེ་ལྟར་ན་རང་ཤར་དུ་འདུག་པས་རང་སར་གྲོལ༔ ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ༔ ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ༔ ཐོག་བབས་སུ་འདུག་པས་གཅེར་ཕོག་ཏུ་གྲོལ༔ ཤར་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ༔ རྣམ་པར་རྟོག་པའི་ཚོགས་ཐམས་ཅད་མ་སྤངས་གཞི་ནས་གྲོལ་བས༔ སྐྱར་ནས་གྲོལ་བའི་འབད་རྩོལ་ཞིག་པའི་གདེང་ཆོས༔ གང་ཤར་གྱི་རྣམ་རྟོག་རང་སར་གྲོལ་བས༔ དྲན་འཛིན་གཉེན་པོ་ལ་མི་བལྟོས་པའི་གདེང་ཆོས༔ ཡུལ་དྲུག་གཅེར་མཐོང་དུ་གྲོལ་བས༔ སྔ་ཕྱིར་མི་འཛིན་པའི་ཤེས་པ་དང་བྲལ་བའི་གདེང་ཆོས༔ བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་དང་བྲལ་བའི་གདེང་ཆོས༔ མདོར་ན་གང་ཤར་གྱི་རིག་པ་བཅིངས་གྲོལ་ལས་འདས་པའི་རང་བཞིན་འགྲོ་འོང་དང་བྲལ་བར་གཏན་ལ་ཕེབས་ཏེ༔ རང་སེམས་གྲོལ་བ་ཞེས་བྱ་བ༔ གཅིག་ནས་གཅིག་ཏུ་སོང་བ་ཡང་མེད་ལ༔ གང་གིས་བཀྲོལ་བ་ཡང་མེད་པ་རང་གི་སེམས་ཡིན་ཏེ༔ གཞི་ནས་རྫོགས་པས་འགྲོ་འོང་མེད་པ་ལ༔ བརྟགས་པས་མ་རྙེད་ཅིང་རྡུལ་མཚན་མེད་པ༔ གཞི་རྩ་ཐམས་ཅད་དང་བྲལ་བས་སྟོང་གསལ་དུ་གནས་པའི་སེམས་དེ་ནི༔ གནད་ཀྱིས་གྲོལ་བས་ཕྱོགས་རིས་ཀྱང་མེད་ཅིང་༔ དུས་ཀྱིས་གྲོལ་བས་ལྟོས་པའི་གཞི་ཡང་མེད་པར༔ འབད་མེད་གྲོལ་བས་བརྩོན་འགྲུས་དང་ཡང་བྲལ་ཏེ༔ རང་གིས་གྲོལ་བས་ཕ་རོལ་གྱི་གཉེན་པོ་ལ་སོགས་པ་ཡང་མེད་བཞིན༔ ཡེ་ནས་གྲོལ་བས་བསྐྱར་གཞི་དང་བྲལ་ཏེ༔ ཅེར་གྱིས་གྲོལ་བས་མཐོང་སར་ཡལ་ཞིང་༔ ཡོངས་སུ་གྲོལ་བས་འབད་རྩོལ་མེད་པའོ༔ ཞེས་ངོ་སྤྲོད་པར་བྱའོ༔ གསུམ་པ་རང་གྲོལ་གསུམ་གྱི་ངོ་སྤྲོད་ནི༔ དང་པོ་དུག་ལྔ་རང་གྲོལ་ཏེ༔ ཕྱི་ནང་གི་འདོད་ཆགས་མི་བཟོད་པ་ཞིག་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་རང་སར་གྲོལ་བའོ༔ དེ་བཞིན་དུ་ཞེ་སྡང་རགས་པ་ཞིག་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས༔ གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་རང་གྲོལ་བའོ༔ གང་ཡང་མི་རྟོག་པའི་ཤེས་པ་ལུང་མ་བསྟན་དང་༔ རྨུགས་པ་དང་འཐིབས་པ་ལ་སོགས་བྱུང་དུས་གཏི་མུག་གི་ངོ་བོ་དེ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་སྟེ༔ གནས་པའི་ཞི་གནས་དེ་ཡང་བཤིག་ལ་རང་གྲོལ་ལ་ཆམ་གྱིས་བཏང་བ་ནི༔ ཆོས་སྐུ་གཞི་བྲལ་གྱི་ཡེ་ཤེས་སུ་རང་གྲོལ༔ ང་རྒྱལ་དང་ཕྲག་དོག་གི་ངོ་བོ་ལ་ཡང་དེ་བཞིན་དུ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས༔ རང་གནས་གཉུག་མའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གྲོལ༔ གཉིས་པ་སྒོ་ལྔ་རང་གྲོལ་ནི༔ མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་འཛིན་པ་གང་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱི་བཞག་པའི་དུས་སུ་ཆོས་སྐུ་ཀ་དག་ཆེན་པོར་རང་གྲོལ༔ གསུམ་པ་ཚོགས་དྲུག་རང་གྲོལ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཀྱི་བྱུང་ཚོར༔ དྲན་རིག་གི་དགག་སྒྲུབ་ཆགས་སྡང་ཅི་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་བཟླ་བ་ཏེ༔ གནས་ལུགས་སྟོང་གསལ་ཆེན་པོར་ལྷུན་གྱིས་གྲུབ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་སྙིང་ཐིགས་གསང་བའི་ཡང་ཞུན་འདི༔ རྫོགས་ཆེན་གསང་བའི་སྙིང་པོ་དམ་པ་སྟེ༔ ཡིད་ཀྱིས་བརྣག་པ་ཡིན་ནོ་སྐལ་ལྡན་མ༔ ཡིད་བཞིན་ནོར་བུ་རྙེད་ལྟར་གཅེས་པར་ཆོངས༔ གདམས་པའི་མཐར་ཐུག་ཡིད་བཞིན་ནོར་བུ་འདི༔ མ་འོངས་ཚེ་ལོ་སུམ་ཅུ་ཁ་རལ་དུས༔ གདམས་པ་མང་ལ་མི་དད་ཉུང་ལ་སྐྱོ༔ བརྩོན་འགྲུས་ལོག་བསྒྲུབ་ཡིག་སྣ་མི་འཛོམ་ཞིང་༔ ཟབ་བཤད་རྒྱས་པར་མི་སྤྲོ་དོན་མགོ་འཁོར༔ དེ་དུས་གནད་འདུས་དོན་ཟབ་ཚིག་ཉུང་ཞིང་༔ གོ་བདེ་འཁྱེར་སླ་ཉམས་འཁྲིད་ལྷུག་པའི་ཆོས༔ ཐུགས་ཁྲིད་ཡིད་བཞིན་ནོར་བུའི་གདམས་པ་འདི༔ ཐུགས་སྲས་སྦས་ཚུལ་མ་ངེས་སྤྱོད་པ་ཅན༔ ཕྱི་ལྟར་བྲམ་ཟེ་ནང་ལྟར་ཁྱི་ཕག་སྤྱོད༔ གཏི་མུག་ལས་ཀྱི་ལྷག་རོལ་ལྡན་པའི་བུ༔ ཁམས་པ་ཉི་མ་གྲགས་པ་རྩལ་འཕྲད་ནས༔ གསང་བ་ཡིད་བཞིན་ནོར་བུའི་དོན་རྟོགས་ཏེ༔ མཐར་ཕྱིན་ས་ལ་འགྲོ་ཀུན་འཁོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་གནས་མཆོག་ཆེན་པོ་ནས། ཤིང་ཕོ་སྟག་གི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་གུང་གཏེར་ནས་གདན་དྲངས་ཤིང་ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བཅུ་བར་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

ཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཐོད་རྒལ་ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགས་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ ཛྙཱ་ན་མནྟྲ་དྷི་ནཱ་མ༔ བོད་སྐད་དུ༔ ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགས་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཐུགས་ཁྲིད་ཆོས་སྐུ་མཛུབ་བཙུགས་འདི༔ ཐུགས་ཀྱི་གསང་བའི་མཛོད་འཛིན་མ༔ མཁའ་འགྲོ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོང་ལ་ཡི་གེར་ཐོབ༔ མ་འོངས་དོན་དུ་གཏེར་དུ་སྦ༔ ལན་ཅིག་ལྔ་བརྒྱའི་ཡང་མཐའ་ལ༔ འགྲོ་འདྲེན་ཐུགས་ཀྱི་སྲས་གཅིག་འབྱུང་༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཟག་མེད་དོན་གྱི་ཡེ་ཤེས་མངོན་སུམ་དུ་ཉམས་སུ་ལེན་པའི་གདམས་པ་ཟབ་མོ་འདི་སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་འགྲོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་ཁྱད་པར་གྱི་སྔོན་འགྲོའོ༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི་སྔོན་འགྲོ་ལྟར་བྱ༔ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི༔ ཁྲེགས་ཆོད་ཀྱི་ཁྲིད་ཡིག་ལྟར་བྱ༔ དེ་ནས་གཞི་ཁྲེགས་ཆོད་ཀྱི་བདེན་པ་མཐོང་ཞིང་ཆོས་ཉིད་ལ་ངེས་པ་རྙེད་པའི་ལས་དང་སྐལ་བར་ལྡན་པའི་བུ་ལྔ་གསུམ་བདུན་ལས་མི་མང་བ་ལ༔ འོད་གསལ་ཆོས་སྐུ་མཛུབ་བཙུགས་ཀྱི་ཐུགས་ཁྲིད་འདི་སྟོན་པའི་ཐོག་མར༔ ཁྱད་པར་གྱི་སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་བྱ་བ་བཏང་ཚུལ༔ སྒོ་གསུམ་གྱི་གནད་གཟིར་ཚུལ༔ གསང་བའི་ལམ་ནས་ཡེ་ཤེས་མངོན་སུམ་དུ་སྣང་ཚུལ་སྟོན་པ་དང་གསུམ་མོ༔ དང་པོ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བར་བྱ་སྟེ༔ ལུས་ཕྱིའི་བྱ་བ་འཇིག་རྟེན་བའི་སྤྱོད་པ་རྣམས་དང་༔ ནང་གི་བྱ་བ་རྣམ་གཡེང་འདུ་འཛི༔ གསང་བའི་བྱ་བ་ཕྱག་སྐོར་བ་ལ་སོགས་དམན་པའི་ཆོས་སྤྱོད་རྣམས་སྤངས་ཏེ་བྱར་མེད་ལྷུག་པར་གནས་པར་བྱའོ༔ ངག་ཕྱིའི་བྱ་བ་འཇིག་རྟེན་པའི་འཁྲུལ་གཏམ༔ ནང་གི་བྱ་བ་ཆོས་ཀྱི་གླེང་མོ༔ གསང་བའི་བྱ་བ་ཁ་ཏོན་བཟླས་བརྗོད་རྣམས་སྤངས་ཏེ་ལྐུགས་པ་ལྟར་གནས་པར་བྱའོ༔ ཡིད་ཕྱིའི་བྱ་བ་འཇིག་རྟེན་པའི་འཁྲུལ་རྟོག༔ ནང་གི་བྱ་བ་དྲན་རིག་གི་འགྱུ་བ༔ གསང་བའི་བྱ་བ་བསྐྱེད་རྫོགས་ལ་སོགས་སྤངས་ཏེ་རྟོག་པ་མེད་པར་གནས་པར་བྱའོ༔ དགོས་པ་ནི༔ གནས་སྐབས་བྱ་བ་བཏང་པས་འཁྲུལ་པའི་བྱ་བ་ཐམས་ཅད་རྒྱུན་འཆད༔ མཐར་ཐུག་ཟག་མེད་ཀྱི་ཡེ་ཤེས་མངོན་དུ་འཆར་བའི་དགོས་པ་ཡོད་དོ༔ གཉིས་པ་ལུས་ཀྱི་གནད་བཞུགས་སྟངས་གསུམ་ལ་བསླབ་པ་ནི༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ཞེས་བྱ་བ༔ ཙོག་པུ་རྐང་མཐིལ་གཉིས་སྤྲད་ལག་མཐིལ་བརླའི་ནང་དུ་བཙུག་པའི་མཐེ་བོང་བཅང་ནས་མགྲིན་པ་ཡུད་ཙམ་གྱེན་དུ་བསྟོད་དེ༔ མིག་མི་འགུལ་བ་སྨིན་ཕྲག་གི་ནམ་མཁའ་ལ་བལྟའོ༔ ལོངས་སྐུའི་བཞུགས་སྟངས་གླང་ཆེན་འཕྲེད་ཉལ་ནི༔ ཁ་སྦུབ་པུས་མོ་གཉིས་བྲང་ལ་སྦྱར་གྲུ་མོ་གཉིས་ས་ལ་བཙུགས་ཏེ༔ ལག་མཐིལ་གཉིས་ཀྱིས་ཨོལ་ལྐོག་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར་ཞིང་༔ རྒལ་ཚིག་བསྲང་ཏེ༔ མིག་ནམ་མཁའ་ལ་ཟུར་གྱིས་ཧྲིལ་པོར་བལྟའོ༔ སྤྲུལ་སྐུའི་བཞུགས་ལྟངས་དྲང་སྲོང་ཙོག་པུ་ནི༔ ཙོག་པུ་ལོང་བུ་གཤིབས་ཏེ་ལག་པ་གཡས་གཡོན་གྱི་གྲུ་མོ་ནས་གླན་ཏེ༔ མིག་བར་སྣང་ལ་ཟིམ་བུས་བལྟའོ༔ དགོས་པ་ནི༔ བཞུགས་སྟངས་དང་པོ་བྱས་པས༔ ཕྱི་ནང་གི་འབྱུང་བ་རྣམས་དྭངས་སྙིགས་ཕྱེད༔ གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན༔ གསུམ་པས་དྲོད་སྐྱེ་ཞིང་འབྱུང་བ་སྙོམས༔ མཐར་ཐུག་ཀ་དག་གི་དོན་རྟོགས༔ ལྷུན་གྲུབ་ཀྱི་འོད་འཆར༔ འཁྲུལ་སྣང་ཞིང་ཁམས་སུ་གྲོལ་བའི་དགོས་པ་ཡོད་དོ༔ ངག་གི་གནད་དང་པོ་འཁྲུལ་གཏམ་བཀག་པ༔ གཉིས་པ་སྨྲ་བ་གཅོད་པ༔ གསུམ་པ་བཟླས་བརྗོད་སྤང་བའོ༔ དགོས་པ་ནི༔ གནས་སྐབས་སུ་འཁྲུལ་པ་མི་འཕེལ༔ མཐར་རིག་པའི་དོན་མཐོང་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཀློང་དུ་མྱ་ངན་ལས་འདའོ༔ སེམས་གནད་ནི༔ ནམ་མཁའ་སྤྲིན་དང་བྲལ་བ་ལ་སེམས་མ་ཡེངས་པར་གཏད་པས༔ ཡུལ་སྟོང་པ་ལ་རིག་པ་སྟོང་པར་འཆར་བའོ༔ དགོས་པ་ནི༔ གནས་སྐབས་རིག་པ་མངོན་སུམ་དུ་མཐོང་ལ༔ མཐར་ཐུག་ལྷག་མེད་དུ་གྲོལ་བའི་དགོས་པ་ཡོད་དོ༔ གསུམ་པ་གསང་བའི་ལམ་ནས་ཡེ་ཤེས་མངོན་སུམ་སྣང་ཚུལ་སྟོན་པ་ནི༔ སྙིང་ནས་མིག་གི་བར་དུ་རྩ་ཀ་ཏི་ཤེལ་སྦུག་ཅན་ཞེས་བྱ་བ༔ ཡེ་ཤེས་མཐོང་ཞིང་འཆར་བའི་ལམ་མཆོག་ཏུ་གྱུར་པ་བཞུགས་པས༔ མིག་གི་གནད་གཟིགས་སྟངས་གསུམ་སྟེ༔ ཆོས་སྐུའི་གཟིགས་སྟངས་གྱེན༔ ལོངས་སྐུའི་གཟིགས་སྟངས་ཟུར་ལ་དལ་གྱིས་སྙོམས་པར༔ སྤྲུལ་སྐུའི་གཟིགས་སྟངས་ཕབ་ལ་ཕྱེད་བཙུམ་དུ་གཟིར་ནས་བལྟའོ༔ རླུང་གནད་མཆུ་དང་སོ་མ་རེག་ཙམ་ལ་ཁ་ནས་དབུགས་རབ་ཏུ་དལ་བར་བཏང་ངོ་༔ རིག་པའི་གནད་ནི་ལུ་གུ་རྒྱུད་ཤར་བ་ལ་མི་འགུལ་བར་བལྟ་བའོ༔ དགོས་པ་ནི༔ གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་ཡུལ་དུ་གསལ་བ་ལ་མཐར་སྣང་བ་བཞི་ཟད་ལྷག་མེད་མངོན་དུ་བྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ངོ་སྤྲོད་པའི་རིམ་པ་ནི༔ རི་མཐོ་ཞིང་དྭངས་ལ་ཉམས་དགའ་བའི་གནས་སུ་སློབ་བུ་རྣམས་ཁྲིད༔ སྐྱ་རེངས་ཤར་བའི་དུས་སུ་ཁྲུས་ནས་ཕྱུང་༔ ཚོགས་ཀྱི་འཁོར་ལོ་བསྐོར༔ མཎྜལ་ཁྱད་པར་ཅན་དབུལ༔ བརྒྱུད་པའི་གསོལ་འདེབས་འདོན༔ རིག་པའི་རྩལ་དབང་བསྐུར༔ དེ་ནས་གོང་གི་གནད་རྣམས་གཟིར་ཞིང་༔ ཟེར་དང་པོའི་དུས་སུ་སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་དེ་འབེན་དུ་བཙུགས་ནས༔ ཀྱེ་རིགས་ཀྱི་བུ་རྣམས་མ་ཡེངས་པར་ལྟོས་ཤིག༔ འདི་ལྟར་གནད་ཀྱི་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ སྐུ་དང་ཡེ་ཤེས་ཀྱི་རང་མདངས་འོད་དང་ཐིག་ལེར་སྣང་བ་འདི༔ འོད་གསལ་འགྱུར་བ་མེད་པས་མི་བསྐྱོད་པ༔ དེ་ཉིད་འཕེལ་བ་དང་བཅས་པས་རིན་འབྱུང་༔ སྣང་བ་ནི་ཚད་མེད་པས་སྣང་བ་མཐའ་ཡས༔ འོད་ལྔ་པོ་འདི་ལྷུན་གྲུབ་ཏུ་རང་ཤར་བས་དོན་ཡོད་གྲུབ་པ༔ དེ་དག་རྣམས་ཀྱང་གསལ་ལ་སྟོང་ཞིང་སྟོང་ལ་གསལ་བ་གསལ་སྟོང་གཉིས་སུ་མེད་པ་རྣམ་པར་སྣང་མཛད་དེ་སྐུ་ལྔའི་རང་བཞིན་དུ་ཡེ་ནས་གསལ་ཞིང་འདུ་འབྲལ་མེད་པར་བཞུགས་པའོ༔ གཞི་དེའི་ངང་ལས་སྣང་བ་གཟུང་འཛིན་དང་བྲལ་བ་གསལ་སྟོང་དུ་བསྒོམ་པ་ལམ༔ རིགས་ལྔ་སོ་སོའི་སྐུར་གསལ་དུས་འབྲས་བུའོ༔ དེ་བཞིན་དུ་འོད་གསལ་བ་དེ་རྣམས་དྲི་མ་དང་བྲལ་ཞིང་སྐུ་རྣམས་ཀྱི་འཆར་གཞི་བྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས༔ དེ་ཉིད་བྱར་མེད་པས་མཉམ་ཉིད་ཡེ་ཤེས༔ བློའི་བྱེ་བྲག་སོ་སོར་འཆར་བས་སོར་རྟོག་ཡེ་ཤེས༔ དེ་ཉིད་མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས༔ དེ་ཐམས་ཅད་གཞི་མེད་སྟོང་པ་རྩ་བ་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ༔ ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའོ༔ གཞི་དེའི་ངང་ལས་མངོན་སུམ་ས་ལེ་སེང་ངེར་བསྒོམ་པ་ལམ༔ དེ་མཐར་ཕྱིན་ནས་སྣང་སྲིད་འོད་གསལ་དུ་ཤར་བ་འབྲས་བུའོ༔ དེ་བཞིན་དུ༔ འོད་གསལ་བའི་ཡེ་ཤེས་དེ་དེ་བཞིན་གཤེགས་པའི་ལམ་ཡིན་པས་དེ་བཞིན་གཤེགས་པའི་རིགས༔ དེ་ཉིད་ལ་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས༔ ཡོན་ཏན་དུ་མ་མངོན་དུ་བྱེད་པས་རིན་པོ་ཆེའི་རིགས༔ སྐྱོན་གྱིས་མ་གོས་པས་པདྨའི་རིགས༔ དེ་ཉིད་ལ་གོམས་ནས་ལྷག་མེད་གྲུབ་པས་ལས་ཀྱི་རིགས་ཏེ༔ གཞི་དེའི་ངང་ལས་ས་ལེ་ཧྲིག་གེར་བསྒོམ་པ་ལམ༔ མཐར་ཕྱིན་ནས་ཕྱིར་མི་ལྡོག་པ་འབྲས་བུའོ༔ དེ་བཞིན་དུ་འོད་གསལ་བའི་ཡེ་ཤེས་དེ་རྣམས་དྲི་མ་མེད་པས་དཀར་པོ༔ རྩལ་མ་འགགས་པས་སེར་པོ༔ རང་བཞིན་དུ་རང་སྣང་བས་དམར་པོ༔ བྱ་བ་དང་བྲལ་བས་ལྗང་གུ༔ འགྱུར་བ་མེད་པས་མཐིང་གའོ༔ གཞི་དེའི་ངང་ལས༔ ཁ་དོག་སྣང་འཛིན་དང་བྲལ་བར་བསྒོམ་པ་ལམ༔ འབྱུང་བའི་ཁམས་རྣམས་དབྱིངས་སུ་དག་པ་འབྲས་བུའོ༔ དེ་བཞིན་དུ༔ འོད་གསལ་དེ་ཉིད་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་མཉམ་གྱི་རླུང་༔ འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་པའི་རླུང་༔ དེ་ལས་གོམས་པས་འཁོར་འདས་སོ་སོར་དབྱེ་བས་དངས་སྙིགས་འབྱེད་པའི་རླུང་༔ དག་པ་དང་མ་དག་པ་ཐམས་ཅད་ཡོངས་སུ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་༔ དེ་ཉིད་མཐར་ཕྱིན་པར་འབད་པས་འཁོར་བའི་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བར་བྱེད་པས་སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ངོ་༔ གཞི་དེའི་ངང་ལས༔ མ་བཅོས་པར་རང་བྱུང་དུ་བསྒོམ་པ་ལམ༔ མཐར་ཕྱིན་པ་འབྲས་བུའོ༔ དེ་བཞིན་དུ་ཐིག་ལེ་དང་ཐིག་ཕྲན་འོད་དང་ཟེར་ལ་སོགས་སྣ་ཚོགས་སུ་རང་སྣང་བ་ལོངས་སྐུ༔ རྩལ་སྣ་ཚོགས་སུ་འཆར་ཞིང་འཕྲོ་བ་སྤྲུལ་སྐུ༔ དེ་གཉིས་ཆར་གྱི་ངོ་བོ་སྣང་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བ་བླ་མ་ཆོས་ཀྱི་སྐུ་སྟེ༔ སྐུ་གསུམ་འདུ་འབྲལ་མེད་པར་ཡེ་ནས་བཞུགས་པའོ༔ གཞི་དེའི་ངང་ལས༔ ཆོས་སྐུ་ལ་མི་ཞེན༔ ལོངས་སྐུ་ལ་མི་འཛིན༔ སྤྲུལ་སྐུ་ལ་མི་འགག་པར༔ བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ངོ་བོ་མ་བཅོས་སྐུ་གསུམ་དབྱེར་མེད་པར་བསྒོམ་པ་ལམ༔ དབྱིངས་རིག་ཐམས་ཅད་ཀྱི་སྣང་བ་ཆོས་ཉིད་དུ་གྲོལ་བ་འབྲས་བུའོ༔ དེ་བཞིན་དུ༔ ཕྱིའི་དབྱིངས་བསྐྱེད་པ༔ ནང་གི་ཐིག་ལེ་ལུང་༔ གསང་བའི་ལུག་རྒྱུད་རྫོགས་པ་ཆེན་པོའོ༔ གཞི་དེའི་ངང་ལས༔ བསྐྱེད་རྫོགས་གཉིས་སུ་མེད་པར་བསྒོམ་པ་ལམ༔ ཡི་དམ་གྱི་ལྷ་འོད་སྐུར་ཞལ་མཇལ་བ་འབྲས་བུའོ༔ དེ་བཞིན་དུ༔ འོད་མཐིང་ག་སངས་རྒྱས་མཁའ་འགྲོ༔ དཀར་པོ་རྡོ་རྗེ་མཁའ་འགྲོ༔ སེར་པོ་རིན་ཆེན་མཁའ་འགྲོ༔ དམར་པོ་པདྨ་མཁའ་འགྲོ༔ ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ༔ ཆོས་དབྱིངས་ཀྱི་གོ་མ་འགགས་པར་ཤར་བ་མ་ཡེངས་པར་སྒོམ་པ་ལམ༔ ཤེས་རབ་ཀྱིས་རྟོག་ཚོགས་ཀྱི་སྣང་བ་མཐར་ཕྱིན་པ་འབྲས་བུའོ༔ དེ་ལྟར་གསང་བ་བླ་མེད་ཀྱི་དགོངས་པ་དམ་པ་དེ་རྗེས་ཀྱི་རིམ་པ་རྣལ་འབྱོར་བཞིའི་ཉམས་སུ་བླང་ཚུལ་ལ༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་རྒྱུན་འཁྱེར་དུ་བྱེད་པའི་རྣལ་འབྱོར་བཞི་ལས༔ དང་པོ་ནི༔ འོད་གསལ་གྱི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་མེད་དུ་འཆར་བ་དེ་ཉིད་མཉམ་བཞག་གི་ལྟ་བ༔ རྗེས་སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་རྟོགས་པ་རྗེས་ཐོབ་ཀྱི་ལྟ་བ༔ དེ་ཉིད་ཀྱི་ངང་ལས་གསལ་སྟོང་སྤྲོས་པ་དང་བྲལ་བར་བསྒོམས་པས་སྒོམ་པ༔ དེའི་ཚེ་གང་ལའང་གཟའ་གཏད་ཆེད་འཛིན་ཞིག་པ༔ རང་བཞིན་སྨྱོན་པ་ལྟར་བླང་དོར་དང་རེ་དོགས་བྲལ་བར་སྤྱོད་པས་སྤྱོད་པ༔ གོམས་པ་ཀློང་དུ་གྱུར་བས་སྣང་སྟོང་འོད་གསལ་ཀྱི་འཆར་ཚུལ་ལ་དགག་སྒྲུབ་རེ་དོགས་ཐམས་ཅད་དང་བྲལ་བས་རང་ཤར་རང་གྲོལ་དུ་སོང་བ་འབྲས་བུའོ༔ དེ་ལྟར་ངོ་སྤྲད་པའི་དགོས་པ་ནི༔ གནས་སྐབས་ཆོས་ཉིད་ཀྱི་ངོ་བོ་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་བས་རེ་དོགས་ཀྱི་འཛིན་པ་ལས་གྲོལ་བ་དང་༔ མཐར་དགེ་སྡིག་གཉིས་འཛིན་ལས་འདས་པའི་དགོངས་པ་དེ་ཀློང་དུ་འགྱུར་ཞིང་མི་གཡོ་ཆོས་ཀྱི་སྐུར་འཚང་རྒྱའོ༔ དེ་ལྟར་དོན་དང་ལྡན་པའི་སྐྱེས་བུ་དེ་དགོངས་པ་ཀློང་དུ་མ་འཁྱོལ་ཞིང་༔ གནས་སྐབས་ཚེ་ཡི་བར་ཆད་ཀྱང་༔ རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་གདོན་མི་ཟའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དོན་གསུམ་པ་རྗེས་ནི༔ སྣང་བཞིའི་འཆར་ཚུལ་ངོས་བཟུང་བ༔ མཐའ་བརྟེན་བཞིའི་རང་བཞིན་གོམས་ཚུལ༔ གྲོལ་བའི་རང་ས་ཟིན་ལུགས་དང་གསུམ་མོ༔ དང་པོ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ༔ ཉམས་གོང་འཕེལ་གྱི་སྣང་བ༔ རིག་པ་ཚད་ཕེབས་ཀྱི་སྣང་བ༔ ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས༔ དང་པོ་ངོ་སྤྲད་པའི་འོད་གསལ་གྱི་སྣང་བ་དེ་སྒྲོན་མ་བཞི་སྟེ༔ རྒྱང་ཞགས་ཆུའི་སྒྲོན་མ་ལས་༔ དབྱིངས་རྣམ་དག་གི་སྒྲོན་མ་སྤྲིན་མེད་ཀྱི་ནམ་མཁའ་སྟོང་བ་ཤར་བའི་དབུས་སུ༔ ཐིག་ལེ་སྟོང་བའི་སྒྲོན་མ་རང་སྣང་བའི་ནང་དུ༔ རིག་པ་ལུ་གུ་རྒྱུད་གསལ་བ་ལ་མ་ཡེངས་པར་བལྟས་པས༔ གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གེ་སྐྱེས་པའི་ངང་ལ་མི་གཡོ་བར་མཉམ་པར་འཇོག་པའི་ཤེས་པ་གསལ་ལ་དྭངས་པ༔ ཀ་དག་དང་ལྷུན་གྲུབ་གཉིས་སུ་མེད་པ་དེ་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་སྟེ༔ གདོད་མའི་གཞི་ལ་ད་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ༔ གཞིའི་སྣང་ལུགས་ཉིད་འབྲས་བུ་ཡེ་གྲོལ་དུ་སྨིན་པར་བྱེད་པའི་ཤེས་རབ་ཞེས་བྱ་བ་སྟེ༔ གཞི་འབྲས་བུར་སྨིན་པའམ༔ ཤེས་རབ་སྐུ་རུ་སྨིན་པའོ༔ དོན་དེ་ལྟར་ཉམས་སུ་བླངས་པས་དབྱིངས་ཀྱི་ར་བར་རིག་པ་ཚུད་ནས༔ ཐིག་ལེ་སུམ་འབྲེལ་གྱི་སྣང་བ་དབང་པོའི་ཡུལ་དུ་མངོན་སུམ་དུ་རང་སྣང་བའོ༔ དེ་ཡང་ཙིཏྟ་རིན་པོ་ཆེའི་སྦུབས་ན་གདོད་མའི་སངས་རྒྱས་འོད་མི་འགྱུར་བ་ཆེན་པོ༔ དབྱིངས་གདོད་མ་ནས་དག་པའི་དཀྱིལ༔ འོད་ཟེར་དུ་མ་འཁྲིགས་པའི་དབུས་ན་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་རིག་པའི་སྙིང་པོ་ཅན༔ རྨ་བྱའི་སྒོ་ང་ལྟར་ཐུགས་རྗེ་ནང་གསལ་དུ་བཞུགས་པའི་མདངས་ལ༔ ཞི་ཁྲོའི་སྣང་བ་སྐུ་དང་ཐིག་ལེ་ཞིང་ཁམས༔ འོག་མིན་དང་དབྱིངས་ཀྱི་ཕོ་བྲང་ཆེན་པོར་ལྷུན་གྲུབ་ཏུ་སྣང་བས༔ སྒྱུ་མ་ལུས་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ཞིང་ཁམས་མ་ལུས་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་༔ དཔའ་བོ་མཁའ་འགྲོའི་རང་བཞིན་གྱིས་གང་ཞིང་༔ ཆོས་དང་འཁོར་དང་གནས་དང་དུས་དང་༔ སྟོན་པ་ཕུན་སུམ་ཚོགས་པའི་ཚུལ་རྒྱ་མཚོ་ལ་དབང་འབྱོར་བའི་ཚུལ་རྒྱ་མཚོ་སྙེད་ལ༔ སྐལ་ལྡན་གྱི་རྣལ་འབྱོར་བས་ནམ་དབང་ཐོབ་པ་ན༔ བདེ་ཆེན་མཁའ་སྤྱོད་ཀྱི་གནས་འོག་མིན་ཆེན་པོར་གཤེགས་ཏེ༔ སངས་རྒྱས་པ་ཞེས་ཀྱང་བྱ༔ རང་བཞིན་གདོད་མ་ནས་དག་པའི་ཞིང་ཁམས་སུ་དབང་ཐོབ་པ་ཞེས་ཀྱང་བྱ་སྟེ༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁང་བུའི་རང་མདངས་གསང་བ་དོན་གྱི་ལམ་མཆོག་ཆུའི་སྒྲོན་མ་ལ་སྣང་བ༔ ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ཤར་བའི་ཚེ༔ དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་རྣམ་པར་དག་པའི་སྒྲོན་མའི་ནང་ན༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ་སྟོང་བའི་སྒྲོན་མ་དང་༔ ཐིག་ཕྲན་གྲངས་མེད་པ་སྣང་བའི་དབུས་སུ་སྐུའི་རྟགས་སུ་ལུ་གུ་རྒྱུད་ཤར་བ་ལ་བལྟས་པས༔ ཐུགས་རྗེའི་རྟགས་ཤེས་པ་རང་གསལ་ཆེན་པོ་ཉིད༔ ངོ་བོའི་རྟགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པས་མཉམ་པ་ཉིད་ཆོས་སྐུ་གཞི་རྫོགས་ཆེན་པོ་གདོད་མ་ཀ་ནས་དག་པའི་ངང་དུ་བརྡའ་ཐིམ་མོ༔ ཤིན་ཏུ་གསང་བའི་དོན་མངོན་སུམ་དུ་བསྟན་པའོ༔ དེ་ལྟར་མངོན་སུམ་གྱི་སྣང་བ་མཐོང་བའི་དགོས་པ་ནི༔ གནས་སྐབས་ཆོས་ཉིད་ཡིད་དཔྱོད་དང་བྲལ་ལ༔ མཐར་གདོད་མའི་ཟད་སར་འགྲོ་བའོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ ཤེས་ཉམས་བདེ་གསལ་མི་རྟོག་ལ་སོགས་པ་སྣ་ཚོགས་ཀྱང་མི་བརྟན་པས༔ ལམ་གྱི་ཚད་ངེས་པར་མི་བསླུ་བ༔ ཡེ་ཤེས་སྣང་བའི་ཉམས་ཕྱིར་ཤར་བས༔ རིག་པ་ནང་དུ་གྲོལ་བའི་ཚད་ཟིན་པ་ནི༔ ཐེག་པ་འདིའི་ཁྱད་པར་གྱི་དགོངས་པ་ཟབ་མོ་སྟེ༔ ཤིན་ཏུ་གསང་བའི་ལམ་མཆོག་ཆེན་པོའོ༔ དེའང་སྔ་མའི་དོན་ལ་རིམ་བཞིན་བརྩོན་འགྲུས་དང་ལྡན་པས་ཉམས་སུ་བླངས་པས༔ དབྱིངས་རིག་ཀྱང་རེས་གསལ་རེས་མི་གསལ་རེས་འགྲིབ་པ་ཙམ་ལ༔ ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པས༔ དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ༔ དབང་པོའི་མངོན་སུམ་དུ་གསལ་ལོ༔ ཐིག་ལེ་རྣམས་ཀྱང་སྲན་མ་ཙམ་དུ་སྣང་ཞིང་༔ དབྱིངས་ཀྱང་ཁྲུ་གང་ཙམ་དུ་སྣང་བ་སྟེ༔ རིག་པ་ལུ་གུ་རྒྱུད་ཀྱང་སྐར་མདའ་འགྲོ་བ་ཙམ་མོ༔ དེ་བཞིན་དུ་ཉམས་སུ་བླངས་པས༔ འོད་ལྔའི་དབྱིངས་སྣང་དུམ་བུ༔ གྱེན་འགྲེང་དང་༔ རྩིབས་ཤར་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེའི་རྣམ་པ་ཙམ་ཀྱི་རང་གི་མདུན་ཕྱོགས་ཁྱབ་པར་འཆར་བའི་ནང་དུ་༔ ཐིག་ལེ་ཡང་མེ་ལོང་ཙམ་ལ༔ རིག་པ་ཡང་འདབ་ཆགས་འཕུར་རྐྱེན་པ་ཙམ་དུ་སྣང་ངོ་༔ དེ་བཞིན་ཉམས་སུ་བླངས་པས༔ དབྱིངས་ཀྱི་སྣང་བ་དེ་དག༔ རིན་པོ་ཆེ་དང་༔ འོད་གསལ་གྱི་དྲ་བ་དྲ་ཕྱེད་དང་༔ མིག་མང་རིས་དང་༔ མིག་ཚགས་དང་༔ མདུང་རྩེའི་རྣམ་པ་དང་༔ མདའ་དང་༔ པདྨ་སྟོང་ལྡན་དང་༔ ཉི་མ་དང་༔ ཟླ་བ་དང་༔ མཁར་ཐབས་དང་༔ རལ་གྲི་དང་༔ རྡོ་རྗེ་དང་༔ གྲི་གུག་དང་༔ མེ་ལྕེ་དང་ཉ་མིག་གི་རྣམ་པ་ལྟ་བུར་འཆར་ཞིང་༔ སྣང་བ་དེས་རང་གནས་པའི་ལུང་པ་དེ་འགེང་བར་འགྱུར་རོ༔ ཐིག་ལེ་ཡང་ཁམ་ཕོར་ཙམ་ལ༔ རིག་པ་ནི་རི་དྭགས་སྤང་རྩིབ་ལ་རྒྱུག་པ་ཙམ་མོ༔ དེ་ནས་ཡང་ཉམས་སུ་བླངས་པས༔ འོད་ནི་ཡུལ་ཁམས་ཙམ་དུ་སྣང་ཞིང་༔ ཐིག་ལེ་ནི་བསེ་ཕུབ་ཙམ༔ རིག་པ་རི་དྭགས་དལ་གྱིས་འགྲོ་བ་ཙམ་མོ༔ དེ་བཞིན་ཉམས་སུ་བླངས་པས༔ འོད་ནི་སྟོང་གསུམ་གང་དུ་བལྟས་ཚད་ཁྱབ་ཅིང་༔ དབྱིངས་རིག་ཉིན་མཚན་མེད་པར་གསལ་ཏེ༔ ཐིག་ལེའི་ནང་དུ་སྐུ་རྐྱང་པ་རེ་སྣང་ལ༔ རིག་པའི་བར་དུ་རིགས་ལྔའི་སྐུ་ཕྲ་མོ་འབྱུང་ཞིང་༔ དེ་ལ་འགུལ་འཁྲིག་མེད་པར་གཏད་དེ་བསྒོམས་པས༔ བར་དོའི་སྣང་བ་མཐོང་བ་སྟེ༔ ཕྱིས་བར་དོ་མེད་དོ༔ དེ་ལྟར་ཉམས་སྣང་གོང་དུ་འཕེལ་བས་གནས་སྐབས་སུ་ཉམས་སྣང་གི་ཡོན་ཏན་འཐོབ་ལ༔ མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའི་དགོས་པ་ཡོད་དོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ དབྱིངས་ཀྱི་སྣང་བས་ཐམས་ཅད་དུ་ཁྱབ་པས༔ ས་ཆུ་མེ་རླུང་གི་སྣང་བ་གང་ཡང་མེད་ཅིང་༔ ཐིག་ལེ་རྣམས་དང་རིག་པའི་ནང་དུ་རྣམ་པར་སྣང་མཛད་དང་༔ དབྱིངས་ཀྱི་དབང་ཕྱུག་མ་དང་༔ རྡོ་རྗེ་སེམས་དཔའ་དང་མཱ་མ་ཀི་དང་༔ རིན་ཆེན་འབྱུང་ལྡན་དང་༔ སངས་རྒྱས་སྤྱན་མ་དང་༔ སྣང་བ་མཐའ་ཡས་དང་༔ གོས་དཀར་མོ་དང་༔ དོན་ཡོད་གྲུབ་པ་དང་༔ དམ་ཚིག་སྒྲོལ་མ་སྟེ༔ སྟེང་ཕྱོགས་སུ་རྣམ་སྣང་གིས་གཙོ་བྱས་པའི་ལྔ་ཚན་ནས༔ ཕྱོགས་བཞིར་རིགས་བཞིས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་འབུམ་ཕྲག་བརྗོད་ལས་འདས་པ༔ ནམ་མཁའི་མཐའ་ཁྱབ་པར་འཆར་ཞིང་༔ རང་ཉིད་ཀྱང་པད་སྡོང་ཆེན་པོའི་སྟེང་དུ་འོད་གསལ་བའི་སྤྱི་བོ་ནས༔ ཡར་ཐིག་ལེ་འཁར་གཞོང་བརྩེགས་པ་ལྟ་བུ་ལྔའམ་དགུ་གྱེན་དུ་སྣང་ཞིང་༔ རང་དང་ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀར་འོད་ཀྱི་ཟེར་ཐག་སྣལ་ཚོན་ལྔ་སྒྲིལ་ལྟ་བུར་འབྲེལ་ནས༔ རང་ལུས་གདོས་བཅས་སུ་སྣང་བ་མེད་པར་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུར་གྲོལ་བའོ༔ དེའི་ཚེ་སྣང་བ་འོད་གསལ་དུ་གྲོལ་བས༔ གདོས་བཅས་ས་རྡོའི་སྣང་བ་རང་སར་ནུབ༔ ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས༔ ཤ་ཁྲག་གི་ཕུང་པོ་རང་སར་ནུབ༔ གསང་བ་ཉོན་མོངས་འོད་གསལ་དུ་གྲོལ་བས༔ སྒྲིབ་གཉིས་ཀྱི་སྣང་བ་རང་སར་ནུབ༔ ཡང་གསང་སྐུ་དང་ཡེ་ཤེས་སུ་སྣང་བས༔ འོག་མིན་དེ་བཞིན་ཉིད་ཀྱི་ཞིང་ཁམས་སུ་རང་སྣང་ཞིང་༔ བླ་མེད་མཁྱེན་པའི་ཡེ་ཤེས་རྒྱས་པས༔ ཤེས་བྱའི་དཀྱིལ་འཁོར་རང་གསལ་ལོ༔ དེ་ལྟ་རིག་པ་ཚད་ལ་ཕེབས་པས༔ གནས་སྐབས་སུ་མ་བསྒོམས་ཀྱང་ཆོས་ཉིད་ཟང་ཐལ་དུ་ཁོ་ར་ཁོར་ཡུག་ཏུ་རྣལ་མར་འབྱུང་ཞིང་༔ མཐར་ལོངས་སྐུ་ངོས་ཟིན་པས་སྐུའི་འཛིན་པ་རང་སར་གྲོལ་ལོ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ ཕྱི་ཉམས་སྣང་གི་འཕེལ་ཟད༔ ནང་སྒྱུ་ལུས་ཀྱི་ཆོས་ཟད༔ གསང་བ་རྟོག་ཚོགས་ཀྱི་སེམས་ཟད༔ ཚིག་དང་འཁྲུལ་པ་ཐམས་ཅད་རང་ཟད་དེར་སྣང་དུ་འཛིན་པའི་བློ་ཟད་ནས༔ འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས༔ འཁོར་འདས་ཀྱི་འདུ་ཤེས་བྲལ་ཏེ༔ སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་བོ༔ དེའི་ཚེ་འབྱུང་བའི་གནོད་པས་མི་ཚུགས༔ ཉི་ཟླའི་སྣང་བ་མེད༔ འགྲོ་འདུག་གི་འདུ་ཤེས་ནུབ༔ དྲན་པ་འལ་པོ་རྗེས་མེད་ཅིང་༔ མངོན་པར་ཤེས་པ་ཐོགས་པ་མེད༔ ཐུགས་རྗེའི་ཆ་གསལ་བ་ཙམ་དུ་གནས་པའོ༔ དེ་ལྟར་ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་དགོས་པ་ནི༔ གནས་སྐབས་སུ་སྣང་བའི་ཚད་ཟིན་པས་སོ་མཚམས་ཕྱེད་ལ༔ མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་ཐག་ཆོད་པའོ༔ གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ལ༔ མི་འགུལ་བ་གསུམ་ལ་གཞི་བཅའ་བ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ༔ ཐོབ་པ་གསུམ་གྱིས་གཟེར་གདབ་པ༔ གདེང་བཞིའི་གྲོལ་ཚད་བསྟན་པ་བཞི་ལས༔ དང་པོ་བཞུགས་སྟངས་གསུམ་ལ་རྒྱུན་དུ་གནས་པ་སྟེ༔ ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ༔ མིག་མི་འགུལ་བས་རླུང་མི་འགུལ༔ རླུང་མི་འགུལ་བས་སེམས་མི་འགུལ༔ དེ་ཉིད་ཀྱི་འགྱུ་བྱེད་རྒྱུན་ཆད་ནས་རིག་པ་གཡོ་འགུལ་མེད་པར་གནས་པའི་དགོས་པ་ཡོད་དོ༔ གཉིས་པ་མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ༔ དེ་ཡང་རིག་པའི་གནད་རྩ༔ རྩའི་གནད་སྒོ༔ སྒོའི་གནད་སྒྲོན་མའོ༔ རྩ་མི་འགུལ་བས་མིག་མི་འགུལ༔ མིག་མ་འགུལ་བས་སྒྲོན་མ་མི་འགུལ༔ སྒྲོན་མ་མ་འགུལ་བས་སེམས་མི་འགུལ༔ སེམས་མ་འགུལ་ཕྱིན་ཆད་རྟོག་ཚོགས་ཀྱི་འདུ་འཕྲོ་འབྱུང་མི་སྲིད་དོ༔ དེས་ནི་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ༔ དེའང་རྟོག་ཚོགས་ནི་བརྟགས་ན་ཡེ་ཤེས་ཀྱི་རྩལ་ཡིན་ཡང་༔ རང་ངོ་མ་ཤེས་པས་འཁོར་བའི་ངོ་བོ་སྟེ༔ མེད་བཞིན་སྣང་བ་གཟུགས་བརྙན་དང་འདྲའོ༔ ཐུགས་རྗེའི་རིག་པ་མེ་ལོང་གི་ངོས་ལྟ་བུ༔ དེ་ཕྱིར་གསལ་དུ་ཡོད་རིང་ལ༔ ཡུལ་སྣ་ཚོགས་ཀྱི་རྐྱེན་གྱིས་གཟུགས་བརྙན་མི་འགག་པར་འཆར་བས་བློས་ཡོད་མེད་དུ་གཟུང་ན་འཆིང་ལ༔ མ་བཟུང་ན་གྲོལ་ཞིང་༔ གཟུང་ན་ལྟ་སྒོམ་དགེ་བས་ཀྱང་འཆིང་སྟེ༔ གཟུགས་མ་བསྡུས་བར་དུ་གཟུགས་བརྙན་སྣང་བ་བཞིན༔ མ་བཟུང་ན་ཉོན་མོངས་དུག་ལྔས་ཀྱང་གྲོལ་ཏེ༔ གཟུགས་བརྙན་གྱི་གནད་ཤེས་པས་མེ་ལོང་ལས་མི་གཡོ་བ་བཞིན་ནོ༔ ཐུགས་རྗེ་ནང་དུ་ཐིམ་དུས་མེ་ལོང་གི་རྒྱབ་ཕྱིར་བསྟན་པ་བཞིན་བཟང་ངན་གྱི་གཟུགས་བརྙན་གང་ཡང་མི་སྣང་ལ༔ མེ་ལོང་ནང་གསལ་གྱི་ངོས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཉག་གཅིག་མི་གཡོ་བར་བཞུགས་སོ༔ གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ དབྱིངས་རིག་ལ་རྒྱུན་རིང་པོར་གནས་པས་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ༔ ཕྱི་སྣང་བ་བསྐྱོད་པའི་རླུང་ཟད་པས་དབྱིངས་དང་རིག་པ་འགྲོ་འོང་མེད་པར་སྡོད༔ ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད༔ གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས༔ རྣམ་རྟོག་རང་ཡལ་རང་ཞི་ལ་སྡོད་པའོ༔ སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང་༔ རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་ཏེ༔ བརྩོན་འགྲུས་རབ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་འཆད༔ འབྲིང་འོད་གསལ་བདེ་བ་ཆེན་པོར་འཆར༔ ཐ་མ་རྨི་ལམ་རྨི་ལམ་དུ་ཤེས་པས་ཟིན་པ་འབྱུང་ངོ་༔ རྟགས་སྒོ་གསུམ་ལ་འཆར་བ་ནི༔ སྣང་བ་བཞི་གསུམ་བཅུ་གཉིས་ལས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི༔ ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར༔ བྱ་བྱེད་གཡོ་འགུལ་མེད་པར་འདུག་ཚུགས་པ་དང་༔ ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་འཕྲོ་བར་སྣང་ཡང་གར་གཏད་ལ་ཟིན་པའོ༔ ཉམས་གོང་འཕེལ་གྱི་རྟགས་གསུམ་ནི༔ ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟར༔ བྱི་དོར་དང་རྒྱན་ཆའི་སྒེག་ཆོས་དང་བྲལ༔ ངག་སྨྱོན་པ་ལྟར་གཏམ་ཐམས་ཅད་དོན་མེད་ཆལ་ཆོལ་དུ་སྨྲ༔ སེམས་སྐྱེས་བུ་རྩི་དུག་གིས་ཟིན་པ་ལྟར༔ ཁམས་གསུམ་དུ་ཕྱིར་མི་ལྡོག་པའོ༔ རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར༔ སྐད་ཅིག་མ་ལ་འབྱུང་བ་ལྔ་ལ་ཟང་ཐལ་དུ་འགྲོའོ༔ ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར༔ ཅི་སྨྲས་གཞན་ལ་ཕན་ཅིང་དད་པའི་རྒྱུ་བྱེད༔ སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར༔ ཕྱིས་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ༔ ཆོས་ཉིད་ཟད་པའི་རྟགས་གསུམ་ནི༔ ལུས་དུར་ཁྲོད་ཀྱི་མི་རོ་ལྟར་གཤེད་མ་ལྔ་བརྒྱས་བསྐོར་ཡང་ཡ་ང་བ་དང་བག་ཚ་བ་མེད་ཅིང་༔ ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་དེ༔ གཞན་གྱི་རྗེས་ཟློས་བྱེད༔ སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་མ་ལ་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱའོ༔ གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ལ་གསུམ་སྟེ༔ དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི༔ འདིའི་དུས་སུ་ཕུང་པོའི་སྣང་བ་འགག་ནས་རྡོས་བཅས་མི་སྣང་བའི་ཚེ༔ སེམས་ཅན་གྱི་དོན་བྱ་བར་འདོད་ན་རང་གི་ལག་སོར་ལ་གཏད་ཅིང་བལྟས་པས༔ སྣང་བ་དེ་ཀུན་རང་ལོག་སྟེ༔ སྣང་བྱེད་ཆུའི་ཟླ་བ་ལྟ་བུའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པས༔ མི་ལ་སོགས་པའི་སེམས་ཅན་ལ་རིག་པ་བཅུག་ན༔ མཚམས་མེད་པ་ལྔ་བྱས་བ་ཡིན་ནའང་༔ སྐད་ཅིག་དེ་ཉིད་ལ་འབྱུང་བ་ལྔ་རང་དག་ནས་འཚང་རྒྱ་སྟེ༔ དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་གནས་པའི་གནད་ཀྱིས་སོ༔ དེའི་ཚེ་བེམ་བོ་ལ་རིག་པ་བཅུག་ཀྱང་འགུལ་བ་དང་༔ སྐད་སྨྲ་ནུས་པ་སོགས་ངེས་པར་འོང་ངོ་༔ གཉིས་པ་འཇུག་པ་ལ་དབང་ཐོབ་པ་ནི༔ སོར་མོ་ལ་རིག་པ་གཏད་ནས་ལུས་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ༔ གསུམ་པ་རླུང་སེམས་ལ་དབང་ཐོབ་པ་ནི༔ རླུང་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་༔ སེམས་ཅན་གཞན་ཚེ་འཕོས་པའི་དུས་སུ༔ དེ་ལ་རང་གི་རིག་པ་བཅུག་པས༔ དེས་མཚམས་མེད་པ་ལྔ་བྱས་ཀྱང་རང་དང་མཉམ་པོར་འཚང་རྒྱ་སྟེ༔ ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ༔ བེམ་པོ་ལའང་ཐོགས་མེད་དུ་ཟང་ཐལ་ཞིང་༔ མངོན་པར་ཤེས་པ་ཕྱོགས་མེད་དུ་འཆར་རོ༔ བཞི་པ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི༔ ཡར་གྱི་གདེང་གཉིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོབ་ཀྱང་༔ ཐོབ་དུ་རེ་བ་དང་མ་ཐོབ་ཀྱི་དོགས་པའི་སེམས་མེད་དེ༔ རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པས་ཐག་ཆོད་པའི་ཕྱིར་རོ༔ མར་གྱི་གདེང་གཉིས་ནི༔ འགྲོ་བ་དྲུག་གི་སྡུག་བསྔལ་མངོན་སུམ་དུ་མཐོང་ཡང་འཁོར་བར་ལྟུང་གིས་དོགས་པ་དང་༔ མི་ལྟུང་དུ་རེ་བ་གཉིས་མེད་པ་སྟེ༔ རྣམ་རྟོག་དབྱིངས་སུ་ཐིམ་པས་འཁོར་བར་ལྟུང་བའི་གཞི་རྩ་དང་བྲལ་བར་ཐག་ཆོད་པའི་ཕྱིར་རོ༔ དགོས་པ་ནི༔ གནས་སྐབས་སོ་སོའི་དགོས་པ་འགྲུབ་ལ༔ མཐར་གོང་མའི་རྒྱབ་རྟེན་བྱས་ན་ལྷག་མེད་དུ་འཚང་རྒྱ་བའོ༔ གསུམ་པ་གྲོལ་ས་ཆེན་པོའི་རང་ས་ཟིན་ལུགས་ནི༔ དེ་ལྟར་སྣང་བ་བཞི་རྫོགས་ནས་གདོད་མའི་ཀ་དག་ཆེན་པོར་རང་གྲོལ་བ་ནི༔ དཔེར་ན་ཤེལ་གོང་དྲི་མ་ཅན་སྦྱངས་པ་ལས་འོད་འབྱུང་སྟེ༔ ཉི་ཟེར་ཀྱི་རྐྱེན་དང་བྲལ་མ་ཐག་འོད་ལྔ་ནང་གསལ་དུ་ཐིམ་ནས་གནས་པ་ལྟར༔ དང་པོའི་ཀ་དག་ལས་ཕྱི་གསལ་དུ་ཤར་བ་རང་ངོ་མ་ཤེས་པས༔ གཟུང་འཛིན་འཁྲུལ་པའི་འདམ་གྱིས་གོས་ཀྱང་༔ སྣང་བ་བཞིའི་གདམས་པ་ཉམས་སུ་བླངས་པས་ཀ་ནས་གྲོལ་ཏེ༔ འོད་ལྔ་རང་ཤར་བ་ལྟར་ཚད་མེད་ཀྱི་སྣང་བ་ཤར་ནས༔ ཆོས་ཐམས་ཅད་ཟད་པ་ལ་ཐུག་སྟེ༔ སླར་ཡང་འོད་ལྔ་ནང་དུ་ཐིམ་པ་ལྟར༔ གདོད་མའི་གཞི་ཐོག་དེ་ཉིད་དུ་ཐིམ་དུས༔ གཞོན་ནུ་བུམ་པའི་སྐུ་བརྙེས་པ་ཞེས་བྱ་སྟེ༔ ཐིམ་པ་ལ་མ་རྨུགས་པ༔ གསལ་བ་ལ་མི་འཕྲོ་བ༔ རིག་པ་ལ་མི་རྟོག་པ་ཉིད་དུ་ལྷུན་གྱིས་གྲུབ་ནས༔ ངོ་བོ་སྟོང་བ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལོངས་སྐུ༔ ཐུགས་རྗེའི་རིག་པ་སྤྲུལ་བའི་སྐུ་སྟེ༔ སྐུ་གསུམ་ཡེ་ཤེས་དང་བཅས་པ་འདུ་འབྲལ་མེད་པར་ལྷུན་གྱིས་གྲུབ་པའོ༔ སླར་ཡང་སེམས་ཅན་གྱི་དོན་དུ༔ ཆོས་སྐུ་དེ་ཉིད་ལས་མ་གཡོས་བཞིན་དུ༔ ལོངས་སྐུ་དང་སྤྲུལ་སྐུའི་སྣང་བས་གང་ལ་གང་འདུལ་དུ་སྐད་ཅིག་གིས་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས༔ འཁོར་བ་མ་སྟོངས་ཀྱི་བར་དུ་དུས་གསུམ་མཉམ་པ་ཆེན་པོས་འགྲོ་བའི་དོན་སྣ་ཚོགས་སུ་མཐར་ཕྱིན་པར་འབྱུང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཡང་ཟབ་སྙིང་པོའི་མཐར་ཐུག་ཆོས༔ སྡེ་སྣོད་ཐེག་རིམ་གང་དུའང་མ་བསྟན་པའི༔ མངོན་སུམ་ཆོས་སྐུ་མཛུབ་བཙུགས་གདམས་པ་འདི༔ གྲོགས་ཀྱི་མཆོག་གྱུར་སྒྲུབ་ཟླ་མཚོ་རྒྱལ་ལ༔ བླ་མེད་རྒྱུད་ཀྱི་སྙིང་བཅུད་སྙིང་གི་ཐིག༔ ཤྲཱི་སིདྷའི་ཞལ་གདམས་ཐུགས་ཀྱི་བཅུད༔ པདྨ་བདག་གི་ཉམས་མྱོང་གསུམ་དྲིལ་ནས༔ ཁོང་པའི་སྙིང་ཕྱུངས་ལག་མཐིལ་བཀོད་ནས་གཏད༔ བོད་ཁམས་རྒྱལ་པོ་རྗེ་འབངས་མཚོ་རྒྱལ་སོགས༔ ཀུན་ལ་རྫོགས་ཆེན་ཟབ་ཁྲིད་མང་བསྟན་ཡང་༔ ཉམས་ཁྲིད་ལྷུག་པ་གབ་སྦས་འཁྲུགས་མེད་པའི༔ ལན་གྲངས་བཅུ་དྲུག་བཞུས་པའི་གསེར་འདྲ་འདི༔ ད་ལན་མ་གཏོགས་གང་དུའང་བསྟན་པ་མེད༔ འདི་ནི་སྙིང་ཐིག་ཀུན་གྱི་ནོར་བུ་སྟེ༔ འདི་ནི་སྙིང་ཐིག་གསང་བའི་སྲོག་ཐིག་ཡིན༔ ཉམས་སུ་ལོངས་ཤིག་ཐུགས་ཀྱི་བདེ་སྟེར་མ༔ མ་འོངས་རྩོད་ལྡན་ཕྱི་མའི་འགྲོ་དོན་དུ༔ ཟབ་ཤོག་ལོགས་ལ་བརྡ་ཡི་ཡི་གེར་ཐོབ༔ སངས་རྒྱས་བསྟན་པ་དར་ལ་མ་སྨིན་ཞིང་༔ ཆས་གསུམ་འགོང་པོའི་བསྟན་པས་བོད་ཁམས་གཡོ༔ ཆོས་མེད་བདུད་སྤྲུལ་གོས་སེར་གྱོན་པ་མང་༔ ཧོར་སོག་དུ་རུ་ཀ་རྣམས་དར་བའི་ཚེ༔ བོད་འདིར་ལྟ་ལོག་ཉམས་འཁྲིད་ཉན་བཤད་དང་༔ རང་སྣང་འཁྲུལ་བར་ཆོས་སྐུའི་ངོ་སྤྲོད་འདེབས༔ ལྟ་སྒོམ་བཟང་དུ་རློམས་ཀྱང་བར་དོར་འཁྲུལ༔ བརྩོན་པས་ཉམས་ལེན་འབད་ཀྱང་ཁམས་གསུམ་འཁོར༔ སྒྱུ་མའི་ནོར་དང་དམ་ཆོས་ཉོ་ཚོང་བྱེད༔ བཀའ་འདས་ཁྲིམས་ཉམས་དམ་ཉམས་ལ་ལུང་ཁེངས༔ དེ་དུས་འགྲོ་བ་ངན་སོང་ཁྱུ་དེད་འཁྱམས༔ འོན་ཀྱང་ང་ཡི་ཐུགས་ཀྱི་སྤྲུལ་པ་ལས༔ སྦས་ཚུལ་མ་ངེས་འགྲོ་བའི་སྐྱབས་མགོན་ཞིག༔ ཁམས་ཀྱི་ཡུལ་ནས་ཉི་མ་གྲགས་པ་འབྱུང་༔ ཆོས་འདི་ཉམས་ལེན་སྣང་བཞི་མཐའ་རུ་ཕྱིན༔ མཐོང་ཐོས་འགྲོ་བ་ཕྱིར་མི་ལྡོག་པར་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཁ་ཐམ་གྷུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་གདན་དྲངས་ཤིང་ལྕགས་ཕོ་སྤྲེའུ་ལོ་སྟོན་ཟླ་ར་བར་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།

བར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བར་དོའི་ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ ཨི་ན་སདྡྷ་པྲ་ཝ་ཤ་ཏྲ་ནཱ་མ༔ བོད་སྐད་དུ༔ ཐུགས་ཁྲིད་འཁྲུལ་སྣང་རང་གྲོལ་ཞེས་བྱ་བ༔ རྩ་གསུམ་དོན་གྱི་ལྷ་ལ་འདུད༔ བླ་མེད་སྙིང་པོའི་རྣལ་འབྱོར་པ༔ བརྩོན་འགྲུས་དམན་དང་ལེ་ལོས་ཁྱེར༔ ཡང་ན་ཚེ་ཡི་བར་ཆད་ཅིང་༔ ཉམས་རྟོགས་མཐར་མ་ཕྱིན་པ་རུ༔ བར་དོའི་སྣང་བ་ཤར་བ་ན༔ གདམས་པ་ཟབ་མོའི་མན་ངག་གིས༔ མྱུར་ལམ་སངས་རྒྱས་འཐོབ་པའི་ཐབས༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོངས་ལ་ཡི་གེར་ཐོབ༔ ཕྱི་མའི་དོན་དུ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གསང་བ་མཆོག་གི་རྣལ་འབྱོར་པ་གོམས་པ་ཆུང་བའི་རིགས་སམ༔ བརྩོན་འགྲུས་དམན་པའམ༔ ཚེ་ལ་བར་ཆད་བྱུང་བ་ལ་སོགས་བར་དོར་འཚང་རྒྱ་བའི་གདམས་པ་འདི་དོན་བཞི་སྟེ༔ སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དེད་དཔོན་གསེར་གླིང་ན་ཕྱིན་པ་ལྟ་བུའི་གདམས་ངག༔ འཆི་ཁ་བར་དོ་ལ་གསལ་གདབ་པ་རྒྱལ་པོས་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག༔ ཆོས་ཉིད་ཀྱི་བར་དོ་ངོ་འཕྲོད་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག༔ སྲིད་པ་བར་དོར་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་ཁ་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ༔ དང་པོ་ནི༔ དེད་དཔོན་ཞིག་ཏུ་གྱུར་ནས༔ རྒྱ་མཚོ་ཆེན་པོར་བགྲོད་པའི་ཕྱི་ནང་གི་རྐྱེན་ཐུབ་པའི་བྱ་བ་གལ་པོ་ཆེ་མང་པོ་དང་དུ་བླངས་ཏེ་བསྒྲུབས་ནས༔ མི་མཐུན་པའི་ཉེས་ཚོགས་ཐམས་ཅད་བཟློག་ནས་གེགས་མེད་དུ་འགྲོ་བ་ལྟར་ཐེག་པ་ཆེན་པོའི་ཆོས་ལ་གོམས་འདྲིས་ལེགས་པར་བྱས་ནས༔ བར་དོའི་གདམས་པ་ཟབ་མོ་ལ་འཇུག་པ་སྟེ༔ དེ་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལས༔ དབང་པོ་རབ་སྦྲུལ་མདུད་ནམ་མཁའ་ལ་བོར་བ་ལྟར་གྲོལ་བ་དང་༔ འབྲིང་མཚོ་ནང་དུ་ཁ་བ་བབས་པ་ལྟར་གྲོལ་བ་དང་༔ ཐ་མ་ཆབ་རོམ་ཆུར་ཞུ་བ་ལྟར་གྲོལ་བའོ༔ དང་པོ་ནི་གདམས་པ་ཟབ་མོ་བཏབ་པ་ཙམ་གྱིས༔ ཡེ་ཐོག་ཀུན་བཟང་གི་གཞི་ལ་རྩོལ་མེད་དུ་རང་གྲོལ་བའོ༔ གཉིས་པ་ནི༔ ཟབ་མོའི་གདམས་པ་ཉམས་སུ་བླངས་པས༔ ཉོན་མོངས་ཀྱི་ཚོགས་ཐམས་ཅད་ཆོས་ཉིད་རོ་གཅིག་ཏུ་གནས་གྱུར་ནས་རང་གྲོལ་བའོ༔ གསུམ་པ་ནི༔ གདམས་པ་ངོ་སྤྲད་པ་རྣམས་ཉམས་སུ་བླངས་པས༔ སེམས་ཀྱི་འཁྲུལ་པ་རང་སྣང་དུ་ངོ་ཤེས་ཏེ་རང་གྲོལ་བའོ༔ གཉིས་པ་འཆི་ཁའི་བར་དོ་ནི༔ འཆི་ནད་ཀྱིས་ཐེབས་པའི་ཚེ༔ སྒེག་མོས་མེ་ལོང་བལྟས་པས་བྱད་མི་སྒྲིབ་པར་གསལ་བའམ༔ རྒྱལ་པོས་བཀའ་འཕྲིན་བསྐུར་བ་ཁྲིམས་ལ་འཇིགས་ནས་མི་བརྗེད་པ་ལྟར༔ བར་དོའི་གདམས་པ་གསལ་གདབ་པས་རང་ཉིད་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་མི་བརྗེད་པ་སྟེ༔ སྐྱེས་བུ་འབྲིང་གི་རབ་སྙིང་སྡུག་གི་མཛའ་བོ་མཐོང་བ་ལྟ་བུ༔ འབྲིང་གི་འབྲིང་མེ་ལོང་དུ་བྱད་གསལ་བ་ལྟ་བུ༔ འབྲིང་གི་ཐ་མ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུའོ༔ དང་པོ་འཆི་ལྟས་ཚང་བའི་དུས་སུ་ཚེ་འདིའི་ཞེན་པ་དང་འཛིན་སྣང་གི་འཁྲུལ་པ་མེད་པར༔ བླ་མ་དང་གདམས་པ་ཟབ་མོའི་དོན་ཡིད་ལ་དུང་དུང་གསལ་ཞིང་མ་བརྗེད་པར་འདུག་ན་དེས་ཆོག་པའོ༔ གཉིས་པ་ནི༔ འཆི་ཀའི་དུས་དེར་བླ་མའམ་མཆེད་གྲོགས་བརྩེ་ཞིང་འདྲིས་ཆེ་བ༔ དམ་ཚིག་ལ་སེལ་མེད་པས་རྣ་བར་མཆུ་བཙུགས་ཏེ༔ ཨེ་མ་རིགས་ཀྱི་བུ་ཁྱོད་མ་ཡེངས་མ་འཁྲུལ་བར་གདམས་པ་ཟབ་མོ་གསལ་འདེབས་པ་འདི་ལ་ཉོན༔ ཁྱོད་འཆི་ཀ་མའི་དུས་ཐེམས་འདུག་པས༔ ཚེ་འདིའི་སྣང་བ་ལ་མ་ཆགས༔ ཆོས་ཉིད་ཀྱི་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བས་དེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ལན་མང་དུ་བརྗོད་དེ༔ གསལ་འདེབས་ལོང་མེད་པར་དབུགས་སོང་འདུག་ན༔ ཁོའི་ཁ་སྣ་དང་རང་གི་ཁ་སྣ་བཏུགས་ཏེ༔ རང་གི་ཁ་ནང་གི་དབུགས་ཨཱོཾ་ཨཱཿཧཱུྃ་གི་རྣམ་པར་རྒྱངས་ཀྱིས་ཁོའི་ཁོང་པར་སོང་བར་བསམས་ལ་ཧ་ཞེས་འཕངས་པས་མིག་ཧྲིག་གི་བྱུང་བ་དང་གདམས་པ་བཏབ་བོ༔ གསུམ་པ་ནི་བར་དོའི་གདམས་པ་སྐད་ཅིག་ཀྱང་མ་ཡེངས་པར་བསྒོམ་དགོས་པའོ༔ དེ་ཡང་ས་ལ་ས་ཐིམ་པས་ལུས་ལྕི་ཞིང་ལྡང་མི་ནུས༔ ཆུ་ལ་ཆུ་ཐིམ་པས་ཁ་ཆུ་སྣ་ཆུ་འཛག༔ མེ་ལ་མེ་ཐིམ་པས་ལུས་དྲོད་བསྡུད་ཅིང་ཁ་སྣ་སྐམ༔ རླུང་ལ་རླུང་ཐིམ་པས་མིག་གྱེན་ལ་ལྡོག་ཅིང་དབུགས་ངར་ངར་རྐང་ལག་གཡབ༔ དེའི་ཚེ་འདེགས་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག༔ སྒྱིད་པ་ལུག་ཅིང་ཡན་ལག་རྣམས་མི་འདུ༔ སྨྲ་བ་ཤིན་ཏུ་དཀའ་བ་འབྱུང་ངོ་༔ བཀྲག་མདངས་སྐྱེད་བྱེད་ཀྱི་རླུང་བྲོས་པས་ལུས་དང་ཁ་སྣའི་སྒོར་བལ་དུད་ཆགས༔ ཁ་སྐོམ་གཤིན་དྲི་མནམ༔ དྭངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་མི་ལེན་ལུས་སྟོབས་འཆོར༔ མེ་ཉམས་ཀྱི་རླུང་བྲོས་པས་ལུས་ཀྱི་དྲོད་རྣམས་རིམ་གྱིས་མཐའ་ནས་དབུས་སུ་སྡུད༔ བསྐལ་པ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟ་ཟི་ཕྱད་ཕྱོད་བྱེད་ཅིང་༔ རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩའི་ནང་ན་འདུའོ༔ དེའི་ཚེ་ཕྱིའི་སྣང་བ་བྲོས་པས་ལྕི་ཐིབ་ཀྱི་སོང་༔ རིག་པ་སྙིང་གི་དཀྱིལ་དུ་འདུས་ནས་དྲན་པ་ཉམས་དུས་དེར༔ སྲོག་རྩའི་ནང་ནས་ཁྲག་ཐིགས་གཅིག་སྙིང་དཀྱིལ་དུ་རྒྱབ་པས༔ མིག་སྐྱ་ལོག་གེ་འགྲོ༔ གཉིས་རྒྱབ་པའི་ཚེ་མགོ་ཁུག་པ་ཞིག་ཡོང་ནས་དབུགས་ཕྱིར་ཧ་ཞེས་མདའ་གང་དུ་འཕེན༔ ཐིགས་པ་གསུམ་རྒྱབ་པས་ཨིག་ཅིང་དབུགས་འདོམ་གང་དུ་འཕོ་ཞིང་ཕྱི་དབུགས་འཆད༔ དེ་དུས་རིག་པ་སྙིང་དཀྱིལ་དུ་ཁྲག་གིས་བརྒྱལ་ནས༔ མི་གཅིག་ཟན་ཟ་བའི་ཡུན་ཙམ་དུ་དྲན་པ་དང་རྟོག་ཚོགས་གང་ཡང་མེད་དོ༔ གསུམ་པ་ཆོས་ཉིད་ཀྱི་བར་དོ་ནི༔ ལ་འཕྲང་གི་དགྲ་རང་གི་གྲོགས་སུ་ཤེས་པས་འཇིགས་པ་མེད་པའམ༔ མ་བུ་འཕྲད་པས་ཡིད་ཆེས་པ་ལྟར་དབང་པོའི་བྱེ་བྲག་གི་ཐ་མའི་རབ་བུམ་པ་ཆག་པ་ལྟ་བུ་ནི༔ དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་འཆད༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པས་སེམས་དབྱིངས་སུ་ཐིམ་སྟེ༔ དར་ཅིག་བརྒྱལ་བ་དེ་སངས་མ་ཁད་ལ༔ ཞི་བ་ཆོས་ཀྱི་སྐུའི་ནམ་མཁའ་ཞེས་བྱ་བ༔ དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུར་འཆར་ཏེ༔ དེ་ཉིད་ངོས་ཟིན་པ་ཙམ་གྱིས་ཀ་དག་གི་གཞི་ལ་རང་གྲོལ་བའོ༔ དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བ༔ རང་གི་མིག་གཉིས་ནས་འོད་ཀྱི་ཟེར་ཐག་ནམ་མཁའི་མཐོངས་སུ་ཤར་བ་ནི༔ མིག་ཐུགས་རྗེ་རྒྱུན་མི་འཆད་ཀྱི་ཐག་པ་ཞེས་བྱ་སྟེ༔ དེ་ལ་རིག་པ་གཏད་པས་ཡར་གྱི་ཟང་ཐལ་ཀ་དག་གི་ངང་དུ་རང་གྲོལ་ལོ༔ དེ་ངོས་མ་ཟིན་ན་དེ་ལས་མཆེད་པའི་དུས་མ་འགྱུར་བར་སྣང་བ་འགྱུར་ཏེ༔ འོད་གསལ་གྱི་ཞིང་ཁམས་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟར་སྣང་བ་ནི༔ ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་ལ་སོགས་པའི་སྣང་བ་རྣམས་ནུབ་ནས༔ ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་རྣམ་པར་དག་པ་ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་བཀྲ་ཞིང་ཉམ་ང་ལ༔ ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟར་ནམ་མཁའི་མཐའ་ཁྱབ་པར་ཀུན་ཏུ་མེ་རེ་རེ་ཤར་བས༔ སྣང་སྲིད་འོད་དང་ཟེར་གྱི་ཕུང་པོར་འབར་བ༔ བཏེག་ན་འཕར་ཞིང་མནན་ན་ནེམ་ཞེས་བྱེད་པ་ན༔ རང་ཉིད་སྣང་བྱེད་འོད་ཀྱི་ལུས་སུ་གསལ་ཞིང་༔ ཕྱོགས་ཀུན་ཏུ་འོད་ཟེར་རྣམ་པ་ལྔའི་དྲ་བ་ར་བས་ཡོངས་སུ་ཁྱབ་པར་སྣང་བ་ཐམས་ཅད་ལྷུན་གྲུབ་ལྟ་ན་སྡུག་ཅིང་དམིགས་པས་མི་ལོངས་པར་ཡོངས་སུ་འཆར་རོ༔ དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་དུ་ངོ་ཤེས་པས་རང་གྲོལ་ལོ༔ དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ༔ སྣང་བ་དེ་རྣམས་ཞི་ཁྲོའི་ཚོམ་བུར་འཆར་བར་འགྱུར་རོ༔ དེའི་ཚེ་ཐ་མའི་འབྲིང་སེང་གེའི་གསོབ་མཐོང་བ་ལྟ་བུའི་གྲོལ་ལུགས་འབྱུང་སྟེ༔ སྐད་ཅིག་གི་གདངས་ལས་ཤར་པའི་སྐུ་རྣམས་འཕྲོ་བས་སྒྲ་འོད་ཟེར་གསུམ་གྱི་རྣམ་པས༔ ཞི་ཁྲོའི་དཀྱིལ་འཁོར་རིམ་གྱིས་ཤར་བའི་ཚེ༔ སྔར་ནས་གོམས་པའི་གདམས་པ་གཞིའི་འོད་གསལ་དང་༔ ཕྱིས་སུ་ཤར་བ་ལྟ་བུ་རང་བྱུང་གི་འོད་གསལ་གཉིས་མ་བུ་འདྲེས་ཏེ་རང་ཤར་རང་སྣང་དུ་གྲོལ་བའོ༔ དེ་ནས་ཟུང་འཇུག་གི་སྣང་བ་ཞེས་བྱ་བ༔ སྙིང་གའི་ཞི་བའི་ཚོམ་བུ་ལྔ་ཚན་ལྔ་རིམ་གྱིས་འཆར་བས༔ ཞག་དང་པོ་ལ་འབྱུང་བ་ནམ་མཁའ་རྣམ་པར་དག་པའི་གདངས་མཐིང་གའི་དབུས་སུ༔ རྣམ་པར་སྣང་མཛད་ཀྱིས་གཙོ་བྱས་རིགས་ལྔའི་ཚོམ་བུ་འབུམ་ཕྲག་གྲངས་མེད་པར་འཆར་ཏེ༔ རང་སྣང་དུ་ཤེས་པས་རྣམ་སྣང་གི་ངོ་བོར་གྲོལ་བའོ༔ དེ་བཞིན་དུ་ཞག་ལྷག་མ་བཞི་ལ་རིམ་བཞིན་རིགས་བཞིའི་ཚོམ་བུ་ཕྱོགས་ཀྱི་སེམས་དཔའ་དང་སྒོ་བར་བཅས་པ་སྟེ༔ ཚོམ་བུའི་དཀྱིལ་འཁོར་ལྔ་ཚན་འབུམ་ཕྲག་བརྗོད་དུ་མེད་པས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རིགས་ལྔ་ལྡན་དང་༔ ཡུམ་དང་བཅས་པ་བཅུ་ལྡན་དང་༔ དེ་ཉིད་ཀྱང་འབྱུང་བ་ཡེ་ཤེས་ཀྱི་དབྱེ་བ་རེ་རེས་ཞིང་བཅུ་བཅུ་སྟེ་བརྒྱ་ལྡན་དང་༔ དེ་ཉིད་ཕྱོགས་བཅུར་བརྒྱ་ཕྲག་བཅུར་སྣང་བས་སྟོང་ལྡན་དང་༔ དེ་ཉིད་ཀྱི་གདངས་ལས་ཡང་ཕྱོགས་བཅུར་དེ་ཉིད་དེ་སྙེད་སྣང་བས་འབུམ་ལྡན་དང་༔ དེ་ཉིད་སྣང་བ་ལས་མཆེད་པའི་སངས་རྒྱས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ཁྱབ་པ་ཀུན་ཏུ་གསལ་བ༔ འོད་དང་འོད་ཟེར་འཚེར་བ༔ ལྷུན་གྲུབ་ལྟ་ན་སྡུག་པ་དཔང་མཐོ་ཞིང་བཀོད་པ་ལེགས་པས་བརྒྱན་པ་འཆར༔ དེའི་ཚེ་གནད་གསུམ་གྱི་གདམས་པ་དྲན་པར་བྱ་སྟེ༔ འཇུག་པ་ཤེས་པའི་གནད༔ གྲོལ་བ་ལུས་ཀྱི་གནད༔ མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ༔ དང་པོ་ལའང་གཉིས་ལས༔ རིག་པ་འོད་གསལ་ལ་ཕར་འཇུག་པ་ནི༔ རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་སྣལ་ཚོན་ཤིན་ཏུ་ཕྲ་བ་ལྔ་དྲིལ་ལྟ་བུ་ཞིག༔ ཚོམ་བུའི་ལྷ་རྣམས་ཀྱི་ཐུགས་ཀར་འབྲེལ་ཏེ༔ ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པར་འཆར་རོ༔ དེའི་ཚོམ་བུའི་ཐུགས་ཀར་རིག་པ་གཏད་དེ་གསལ་སྟོང་གི་ངང་ལ་བཞག་པས༔ ཚོམ་བུའི་སྐུ་དང་གཉིས་སུ་མེད་པར་གྲོལ་ལོ༔ གཉིས་པ་འོད་རིག་པ་ལ་ཚུར་འཇུག་པ་ནི༔ ཚོམ་བུའི་ཐུགས་ཀ་ནས་ཀྱང་འོད་ཀྱི་ཟེར་ཐག་ཤར་བ་ལ་སླར་འདུས་ཏེ༔ སྐད་ཅིག་མ་ལ་རང་གི་སྙིང་གར་ཐིམ་མོ༔ དེའི་ཚེ་རང་ཤར་རང་ལ་ཐིམ་པ་བུ་ཆུང་མའི་པང་དུ་འཇུག་པ་ལྟ་བུའི་གདམས་པས་གསལ་སྟོང་གི་ངང་དུ་བཞག་པས་གྲོལ་ལོ༔ དེ་ནས་ཡང་དེ་ཉིད་ལ་གདེང་མ་ཐོབ་ན༔ ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ༔ རང་གི་སྙིང་ག་ནས་སྟེང་གི་ནམ་མཁར་འོད་ཁ་དོག་བཞིའི་ཐག་པ་ཟུག་སྟེ༔ མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ༔ རྒྱུ་སྐར་གྱི་ཉི་ཞུར་ལྟ་བུ་བཞི་བརྩེགས་པའིི་སྟེང་རྣམས་ན༔ རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གདངས་དང་བཅས་པ་གསལ་ལ་འཚེར་བ༔ རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ༔ དེ་ཡང་དང་པོ་མཐིང་གའི་སྣམ་བུའི་སྟེང་ན་ཐིག་ལེ་མཐིང་ཤུན་མུ་མེན་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུ་ལ༔ རང་བཞིན་གྱི་ཐིག་ལེ་ལྔས་བརྒྱན་པའོ༔ དེའི་སྟེང་དུ་དཀར་པོའི་སྣམ་བུ་ལ་ཐིག་ལེ་དཀར་པོ་དང་༔ དེའི་སྟེང་དུ་སེར་པོའི་སྣམ་བུ་ལ༔ ཐིག་ལེ་སེར་པོ་དང་༔ དེའི་སྟེང་དུ་དམར་པོའི་སྣམ་བུ་ལ་ཐིག་ལེ་དམར་པོས་བརྒྱན་པའོ༔ དེའི་སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་ལྟ་བུར་འཆར་རོ༔ དེ་ནི་སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བའི་སྣང་བའོ༔ སྔ་མ་བཞི་ནི་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ༔ དེའི་དུས་སུ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་པ་དྲན་པར་བྱའོ༔ སྐྱེས་བུའི་སྙིང་ལ་ཆུ་ཞུགས་ན་གསེར་གྱིས་ཐུར་མས་ཡིད་གཞུང་ཏེ་འདྲེན་པ་ལྟར༔ འོད་སྣང་གི་སྣམ་བུ་ལ་མ་ཡེངས་པར་རང་སྣང་དུ་ཤེས་ནས་བལྟས་པས་ཆུ་བོ་རྒྱུན་གྱི་ཏིང་འཛིན་སྐྱེའོ༔ དེ་ཉིད་དུ་གྲོལ་བ་ཡིན་ནོ༔ གསུམ་པ་མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་ནི༔ དེའི་ཚེ་སྔར་གྱི་སྣང་བ་དེ་རྣམས་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟར་དྲན་པས་གྲོལ་བ་དང་༔ སྔར་འདྲིས་ཀྱི་མི་ཕྱིས་མཐོང་བས་སྒྲོ་འདོགས་ཆོད་པ་ལྟར༔ སྔར་གྱི་གདམས་པའི་དོན་ངོ་ཤེས་པས་གྲོལ་བ་དང་༔ མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུས་མ་ཡེངས་པར་རང་སྣང་གི་ཏིང་ངེ་འཛིན་ལ་གནས་པས་གྲོལ་བའོ༔ དེ་ནས་ཕྱིར་མི་ལྡོག་པ་རྩལ་པོ་ཆེས་གཞུ་རྒྱུད་ལ་སྤྲེངས་ནས་མདའ་བསྐྱུར་བ་ལྟར་རིག་པ་ལྷུན་གྲུབ་ཆེན་པོའི་སྐུ་ལ་ཐིམ་པའི་ཚེ༔ ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་སྟེ༔ རང་སྣང་བ་སྟོན་ཀའི་ནམ་མཁའ་ལྟར་དག་པའི་ཐ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི༔ རང་གི་དབང་པོའི་ཡུལ་ཐམས་ཅད་ཁྱབ་པར་འཆར་རོ༔ དེའི་ནང་དུ་ཞི་བ་དང་ཁྲོ་བོའི་སྐུ་སྣང་ལ་རང་བཞིན་མེད་པ་གྲངས་མེད་མང་པོ་ཀུན་ཏུ་སྣང་ངོ་༔ དེའི་སྟེང་ན་འོད་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་རེ་འཆར་རོ༔ དེའི་ཚེ་ཡར་སངས་རྒྱས་ཀྱི་ཞིང་ཁམས་སྣང་ལ༔ ཐད་ཀར་རང་བཞིན་སྤྲུལ་བའི་སྣང་བ་འཆར་ཞིང་༔ མར་འགྲོ་བ་རིགས་དྲུག་གི་འཇིག་རྟེན་ལྟར་སྣང་བ་ཐམས་ཅད་ཀྱང་༔ གཟུགས་དང་སྒྲ་སྐད་སྣ་ཚོགས་པ་སྣང་ལ་ངོས་བཟུང་དང་བྲལ་བར་འཆར་རོ༔ དེ་ལྟར་སྣང་བ་ཐམས་ཅད་འཆར་ལུགས་བརྒྱད་དེ༔ ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད༔ འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་གསལ༔ སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར༔ ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ༔ གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས༔ མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ འང་མི་གནས༔ མ་དག་པ་སྲིད་པའི་སྒོ་ལྟར་ཤར་བས་སྲིད་པའི་འབྱུང་ཁུངས་མི་འགག༔ དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུར་འབྲེལ་བའོ༔ ཡང་དེའི་ཚེ་དབང་པོ་དང་སེམས་ལས་སུ་རུང་ཞིང་ཤེས་རབ་ལ་དབང་ཐོབ་པ་དང་༔ ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་དང་༔ ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང་༔ སངས་རྒྱས་ཀྱི་གཟིགས་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་སྟེ༔ དྲུག་ཕྲག་དྲུག་འཆར་རོ༔ ཡང་སྐུ་གསུང་ཐུགས་ཀྱི་མངོན་པར་ཤེས་པ་དགུ་སྐད་ཅིག་ལ་འཆར་ཏེ༔ སྐུའི་གསུམ་ནི་ཡར་གྱི་ཆོས་སྐུ་སྐྱེ་བ་མེད་པར་ཤེས༔ བར་ལོངས་སྐུའི་ཚོམ་བུ་རང་གསལ་དུ་ཤེས༔ མར་སྤྲུལ་སྐུ་དང་རིགས་དྲུག་གི་སྐྱེ་གནས་ཤེས་པའོ༔ གསུང་གི་གསུམ་ནི༔ ཡར་ཆོས་སྐུའི་གསུང་བརྗོད་མེད་ཆེན་པོར་ཤེས༔ བར་ལོངས་སྐུའི་གསུང་གསལ་མདངས་ཆེན་པོར་ཤེས༔ མར་སྤྲུལ་སྐུའི་གསུང་རིགས་དྲུག་གི་སྒྲ་སྐད་སྣ་ཚོགས་སུ་ཤེས་པའོ༔ དེ་ལྟར་དངོས་པོ་གཤིས་ཀྱི་འདུག་ཚུལ་རྟོགས་པ་ནི་རྗེས་སུ་དྲན་པ་ལས་བྱུང་སྟེ༔ བླ་མ་རྗེས་སུ་དྲན་པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར༔ གདམས་པ་རྗེས་སུ་དྲན་པས་བར་དོ་རང་སྣང་གི་ཆོས་ཉིད་ལ་དབང་བསྒྱུར༔ ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེངས་སུ་ཐག་ཆོད༔ སྒོམ་པ་རྗེས་སུ་དྲན་པས་ཞག་ལྔ་རང་བཞིན་གྱི་བསམ་གཏན་ལ་གནས༔ སྤྱོད་པ་རྗེས་སུ་དྲན་པས་སྔར་འདྲིས་གྱི་མི་དང་འཕྲད་པ་བཞིན་དག་པའི་ཡེ་ཤེས་ལ་སྤྱོད༔ ལྷ་རྗེས་སུ་དྲན་པས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་དུ་གྲོལ༔ སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའོ༔ དེ་ནས་མི་བརྗེད་པའི་གཟུངས་དང་ཏིང་འཛིན་ལ་དབང་ཐོབ་པས་འཁོར་བར་མི་ལྡོག་ངེས་སོ༔ དེ་ནས་ལྷུན་གྲུབ་ལ་གདེང་ཐོབ་པའི་ཚེ༔ ཐིམ་ལུགས་བརྒྱད་འབྱུང་བ་ནི༔ སྔར་ཀྱི་ཕྱིར་ཤར་ལུགས་བརྒྱད་ཅེས་བྱ་བ་ནང་དུ་ཐིམ་པ་སྟེ༔ ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ཉི་མ་ནུབ་ཁའི་ཟེར་འདུ་བ་ལྟ་བུའོ༔ ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་མ་པང་དུ་བུ་འཇུག་པ་ལྟ་བུའོ༔ འོད་འོད་ལ་ཐིམ་པ་ནམ་མཁར་འཇའ་ཚོན་ཡལ་བ་ལྟ་བུའོ༔ སྐུ་སྐུ་ལ་ཐིམ་པ་བུམ་ནང་གི་སྐུ་ལྟ་བུའོ༔ གཉིས་མེད་གཉིས་མེད་ལ་ཐིམ་པ་ཆུ་བོ་ལ་ཆུ་བོ་ཐིམ་པ་ལྟ་བུའོ༔ མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་བུམ་པ་ཆག་པའི་ནང་གི་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ༔ མ་དག་པ་འཁོར་བའི་སྒོ་རིགས་དྲུག་གི་སྣང་བ་དེ་རྣམས༔ རྣམ་པར་དག་པའི་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་སྦྲའི་ཆོན་ཐག་བསྡུས་པ་ལྟ་བུའོ༔ དག་པ་ཡེ་ཤེས་ཀྱི་སྒོ་སྤྲུལ་སྐུ་དང་ལོངས་སྐུའི་སྣང་བ་དེ་རྣམས༔ ངོ་བོ་ཉིད་ཀྱི་སྐུ་ཀ་དག་ཆེན་པོའི་ནང་དུ་སེང་གེས་གངས་ཟིན་པ་ལྟ་བུའོ༔ དེའི་ཚེ་གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱ་བ༔ ཕྱིར་གསལ་དུ་མེད་ཅིང་ནང་གསལ་དུ་ཕྲ་མོར་ཡོད་པ༔ གདོད་མའི་ས་ལ་སངས་རྒྱས་ཏེ་བྱང་ཆུབ་ནས་ཕྱིར་མི་ལྡོག་པས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་སོ༔ འདིའི་དབང་པོ་ཐ་མ་ནི་འདི་ལ་གྲོལ་བའི་གདེང་མ་རྙེད་པས༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་སྐྱེ་ལ༔ འགྲོ་བ་ཕལ་མོ་ཆེ་ལ་སྲིད་པ་བར་དོའི་སྣང་བ་འཆར་རོ༔ བཞི་བ་སྲིད་པ་བར་དོ་ལ་ལས་བཟང་ངན་གྱི་འཕྲོ་འཐུད་པ་ཡུར་བ་ཁ་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་པ་ནི༔ དེ་ལྟར་ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས༔ སྲིད་པ་བར་དོ་རྨི་ལམ་གྱི་སྣང་བ་ལྟར་དབང་པོ་ཚང་ཞིང་རྫུ་འཕྲུལ་དང་ལྡན་པ༔ ཀུན་ཏུ་རྒྱུ་ཞིང་འཇིགས་པ་དང་ལྡན་པས༔ བར་དོ་ཇི་ཙམ་གནས་པའི་ཕྱེད་སྔ་མའི་གཟུགས་དང་བག་ཆགས་སུ་སྣང་ལ༔ ཕྱེད་ཕྱི་མ་གང་དུ་སྐྱེ་བའི་གཟུགས་དང་སྣང་བར་འཆར་ཏེ༔ ལྷ་མི་གཉིས་སུ་སྐྱེ་ན༔ འོད་དཀར་པོ་འདོམ་གང་བས་བརྒྱན་པ་མགོ་བོ་གྱེན་དུ་བསྟན་ལ༔ ལྷ་མ་ཡིན་དང་དུད་འགྲོར་སྐྱེ་ན་འོད་སེར་པོའི་སྣང་བས་མགོ་འཕྲེད་དུ་བལྟ་སྟེ༔ དམྱལ་བ་དང་ཡི་དྭགས་ནག་པོར་སྣང་བས་མགོ་ཐུར་དུ་བལྟ་ནས་འགྲོ་བ་སྙམ་བྱེད་པའོ༔ ཡང་སྐྱེ་གནས་སོ་སོར་འཇུག་དུས༔ ལྷ་ཁང་དང་སྐྱེད་མོས་ཚལ་ནི་ལྷའི་སྐྱེ་གནས༔ འོད་ཀྱི་འཁོར་ལོ་ནི་ལྷ་མ་ཡིན༔ གནམ་རྨུག་པ་མི་ལུས་ཙམ་པོ་བ༔ སྐྱེ་བོ་མང་པོའི་དབུས་མི་ལུས་རིན་པོ་ཆེ༔ ས་ཕུག་སྤྱིལ་བུ་བྱོལ་སོང་༔ གྲོག་པོ་སྟོང་པ་དང་ཕུག་རྡུགས་ཡི་དྭགས༔ མུན་ནག་ཆར་མུན་དྲག་པོ་དམྱལ་བའི་སྐྱེ་གནས༔ མུན་ནག་འཐུག་ཅིང་བུ་ཡུག་གིས་བདས་པ་གྲང་དམྱལ་རྣམས་སོ༔ འདིའི་དབང་པོ་གསུམ་གྱི་ན་རིམ་ལྟར༔ མིའི་མངལ་སྒོ་ལ་སོགས་པ་བདེན་མེད་དུ་ཤེས་པའམ༔ ཞེན་ལོག་གིས་བཀག་ནས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་ཞིང་ཁམས་ཡིད་ལ་བྱས་པས༔ འགྲོ་དྲུག་གི་མངལ་དུ་མི་འཇུག་པར་དགག་པས་དག་པའི་ཞིང་དུ་པདྨ་ལས་བརྫུས་ཏེ་སྐྱེའོ༔ ཐ་མའི་འབྲིང་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གསལ་གདབ་པས་ཁ་ཅིག་ཡི་དམ་ཀྱི་ལྷ་རུ་གྲོལ་ལ༔ མངལ་སྣོད་ཆོས་འབྱུང་དུ་གསལ་བའི་ནང་ན་པདྨ་ཉི་ཟླའི་གདན་སྟེང་དུ༔ ཨཱོཾ་ཨཱཿཧཱུྃ་སོགས་ཀྱི་ས་བོན་དུ་གསལ་གདབ་ནས༔ ཕ་མ་ཡི་དམ་ཡབ་ཡུམ་དུ་ཤེས་པའི་ངང་ནས་མངལ་དུ་ཞུགས་པས༔ མི་ལུས་ཡིད་བཞིན་ནོར་བུ་ལྟ་བུ་ཐོབ་སྟེ༔ ཐེག་པ་ཆེན་པོ་སྤྱོད་པའི་དགེ་བའི་གཤེས་གཉེན་དང་མཇལ་ཞིང་༔ ཐེག་པ་ཆེན་པོའི་ལྟ་སྒོམ་རྣམས་ལ་ཚུལ་བཞིན་ཉམས་སུ་བླངས་པས་གྲོལ་བར་འགྱུར་རོ༔ ཐ་མའི་ཐ་མ་སྐྱབས་འགྲོ་ཟློ་བ་ནི༔ སྣང་བ་དེ་རྣམས་ཤར་བའི་ཚེ་བླ་མ་དང་ཕྱོགས་བཅུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་པས༔ སྐྱེ་གནས་ངན་པ་ལས་བཟློག་སྟེ་མཐོ་རིས་ལྷ་མིའི་ལུས་ལེན་ནས༔ དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་ལྡན་དུ་གྱུར་ནས་དམ་པའི་ཆོས་ལ་སྤྱོད་པར་འགྱུར་རོ༔ དེ་དག་ནི་ཐ་མལ་གྱི་འགྲོ་བ་ལྟར་བསྟན་པའོ༔ དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་སྟེ༔ བར་དོ་མེད་པར་གྲོལ་བའི་གདམས་པ་ནི༔ འདིར་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་ཡང་བསྒོམ་ལོང་མ་བྱུང་སྟེ༔ བར་དོའི་གྲོལ་ཚད་མི་ཟིན་པ་རྣམས༔ ཆོས་ཉིད་ཀྱི་བར་དོ་ཤར་ཡང་གོམས་འདྲིས་ཆུང་བས་ངོས་མ་ཟིན་ཏེ༔ སྲིད་པ་བར་དོ་རྨི་ལམ་གྱི་ཆ་ཙམ་སྣང་བ་ལས༔ ཆོས་ཉིད་མཐོང་བའི་བདེན་པའི་མཐུ་དང་༔ བླ་མའི་བྱིན་རླབས་ལས་སྐད་ཅིག་མ་ལ་རྨི་ལམ་སད་པའི་ཆ་ཙམ་ལས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་སྐྱེའོ༔ ཞིང་ཁམས་དམ་པ་དེ་ཡང་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ༔ ཆོས་ཀྱི་རྒྱལ་མཚན་དང་གདུགས་དང་བ་དན་དང་བླ་རེས་ཡོངས་སུ་ཁྱབ་པར་བྲེས་པའི་དབུས་ན༔ དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་རྡོ་རྗེའི་རིགས་ཀྱི་འཁོར་བྱེ་བ་འབུམ་ཚོ་མང་པོས་ཡོངས་སུ་བསྐོར་ཞིང་༔ མཆོད་པའི་ལྷ་མོ་རྣམས་ཀྱིས་འདོད་ཡོན་རྣམ་པ་ལྔའི་ཆར་ཆེན་པོས་ཞིང་ཁམས་དེ་ཡོངས་སུ་ཁྱབ་པར་མཆོད་ཅིང་༔ དཔག་བསམ་གྱི་ཤིང་ཆེན་སྤྲུལ་པའི་བྱ་ཚོགས་གསུང་སྙན་ཆོས་ཀྱི་སྒྲ་རང་བཞིན་དུ་སྒྲོག་ཅིང་༔ མནན་ན་ནེམ་བྱེད་པ་བཏེག་ན་འཕར་བྱེད་པར་ས་གཞི་ཐམས་ཅད་འཇམ་ཞིང་བརྡལ་ལ་ཁོད་སྙོམས་པ་ཆེན་པོ་དེར༔ སྟོན་པས་ཆོས་འཁོར་བསྐོར་བའི་སྒྲ་ཐོས་པ་ཙམ་གྱིས༔ མེ་ཏོག་གི་སྡོང་པོ་དེ་ཁ་བྱེ་བའི་དབུས་སུ་རང་ཉིད་རྡོ་རྗེ་རིགས་ཀྱི་སེམས་དཔའ་དཀར་པོ་ལྟ་ན་སྡུག་པ་ཞིག་དུ་གྱུར་ནས༔ ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱི་ངང་ནས་དག་སྟེ༔ ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས༔ སྐད་ཅིག་གིས་ལྷོ་ཕྱོགས་དཔལ་དང་ལྡན་པའི་འཇིག་རྟེན་དུ་སྐྱེ་སྟེ༔ ཞིང་ཁམས་སེར་པོ་རིན་པོ་ཆེ་གསེར་ལས་གྲུབ་པའིདབུས་སུ༔ ལྟ་ན་སྡུག་པའི་ཕོ་བྲང་སྒོ་གྲུ་རྟ་བབས་རིན་ཆེན་གསེར་གྱི་མཆོད་རྟེན་ལ་གསེར་གྱི་དྲིལ་བུའི་ཕྲེང་བས་བརྒྱན་པའི་དབུས་སུ༔ དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱིས༔ རིན་ཆེན་རིགས་ཀྱི་འཁོར་ཚོགས་དཔག་ཏུ་མེད་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའི་ཞིང་ཁམས་ཡོན་ཏན་དུ་མས་བརྒྱན་པ་དེ་ཉིད་དུ༔ རང་ཉིད་རིན་ཆེན་རིགས་ཀྱི་སེམས་དཔར་འགྱུར་ཏེ༔ སྟོན་པས་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་དང་གཏི་མུག་དག་ནས༔ ལོ་བརྒྱ་ཉི་ཤུའི་སྟེང་དུ་སྐད་ཅིག་གི་ནུབ་ཕྱོགས་པདྨ་བཀོད་པའི་ཞིང་ཁམས་སུ་པདྨ་རིགས་ཀྱི་སེམས་དཔར་སྐྱེ་སྟེ༔ དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ལུང་བསྟན་ནས༔ ཉོན་མོངས་པ་འདོད་ཆགས་དག་སྟེ་ལོ་བརྒྱ་ཉི་ཤུ་གནས་པ་ལས༔ སྐད་ཅིག་གིས་བྱང་ཕྱོགས་ལས་རབ་རྫོགས་པར་ལས་ཀྱི་རིགས་ཀྱི་སེམས་དཔར་སྐྱེ་སྟེ༔ དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པས་དབུགས་དབྱུང་ནས༔ ཉོན་མོངས་པ་ཕྲག་དོག་དག་ཅིང་༔ ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་པ་ལས༔ སྐད་ཅིག་གི་སྟེང་གི་ནམ་མཁའ་ལ་དུར་ཁྲོད་མེ་རི་འབར་བའི་གནས་སུ༔ ཁྲོ་བོའི་ཞིང་ཁམས་རྣམས་མཐོང་ནས་སྐད་ཅིག་དེ་ཉིད་ལ་གདོད་མའི་གཞི་ལ་གྲོལ་ནས༔ ནང་གསལ་སྐུ་དང་ཡེ་ཤེས་འཕོ་འགྱུར་མེད་པའི་དགོངས་པ་ལ་དུས་གསུམ་འདུ་འབྲལ་མེད་པར་བཞུགས་ནས༔ ནམ་མཁས་ཁྱབ་པའི་སེམས་ཅན་རྣམས་ཀྱི་དོན་དུ་གང་ལ་གང་འདུལ་གྱི་སྐུར་སྣང་ཏེ༔ ཁམས་གསུམ་ཀྱི་འཁོར་བ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དུ༔ ཡིད་བཞིན་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟར༔ ཐུགས་རྗེ་འཛད་པ་མེད་པའི་འཕྲིན་ལས་ཀྱིས༔ འགྲོ་བའི་ཡིད་སྣང་དང་མཐུན་པར་མཐར་ཐུག་གདོད་མའི་ས་ལ་འགོད་པར་མཛད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་སྙིང་པོའི་མན་ངག་འདི༔ གསང་སྔགས་བླ་མེད་ཏནྟྲ་མང་པོའི་བཅུད༔ ཆིག་དྲིལ་ཉམས་ལེན་དམར་ཐག་གདམས་པའི་མཆོག༔ ཐུགས་ཀྱིས་བརྣག་པ་ཐུགས་ཁྲིད་གདམས་པ་འདི༔ མ་འོངས་ཕྱི་མ་རྩོད་ལྡན་ཐ་མ་ལ༔ འཁྲུལ་སྣང་རང་གྲོལ་ཐུགས་ཀྱི་སྲས་འཕྲད་ནས༔ ཀུན་བཟང་གདོད་མའི་གཞི་ལ་གྲོལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁ་ཐམ་གྷུ་ཧྱ༔ རྒྱ་རྒྱ་རྒྱ༔

མུན་ཁྲིད་ཡེ་ཤེས་རང་སྣང་།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ མུན་ཁྲིད་ཡེ་ཤེས་རང་སྣང་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ མནྚ་གྷརྟི་ཡ་ཏྲི་ན་མ༔ བོད་སྐད་དུ༔ མུན་ཁྲིད་ཆོས་དབྱིངས་རང་སྣང་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བོགས་འདོན་མུན་ཁྲིད་ཡེ་ཤེས་ལམ༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ མ་འོངས་དོན་དུ་ཡི་གེར་ཐོབ༔ རིན་ཆེན་ས་ལ་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་མུན་པའི་རྣལ་འབྱོར་གྱི་ཡེ་ཤེས༔ བོགས་འདོན་བའི་ཁྲིད་འདི་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ དབེན་ཞིང་དྭངས་ལ་ཕྱི་ནང་གི་རྐྱེན་དང་འཚེ་བ་མེད་པའི་གནས་སུ༔ སྒྲུབ་ཁང་གྲུ་བཞི་འདོམ་འཁོར་མ་གས་པ་དང་སྲུབས་མེད་པ༔ ཞལ་ཞལ་གྱིས་ལེགས་པར་བརྒྱན་པའི་ཉིས་རིམ་མམ་སུམ་རིམ་གང་རུང་ཞིག་བཟོ་ཞིང་༔ བླ་མ་མཚན་ཉིད་དང་ལྡན་པས༔ སློབ་མ་སྣོད་དང་ལྡན་པ་ལ་གཞི་ཁྲེགས་ཆོད་དང་༔ ལམ་འོད་གསལ་ཐོད་རྒལ་གྱི་ངོ་སྤྲོད་ཁྲིད་ཀ་རྣམས་ལོ་ལྔ་གསུམ་བདུན་ལ་སོགས་པ་ལེགས་པར་བཏབ་ནས་ཉམས་སུ་ཚུལ་བཞིན་ལེན་ངེས་ཤེས་པའི་སྐྱེས་བུ་གོམས་པ་དང་ལྡན་པ་ཞིག་ལ༔ ཡེ་ཤེས་རང་སྣང་དུ་སྤྱོད་པའི་བོགས་འདོན་གྱི་གདམས་པ་འདི་དམར་ཁྲིད་དུ་བསྩལ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་དབང་འཁྲིད་གདམས་པ་རྣམས་ཡོངས་སུ་རྫོགས་ཤིང་ཉམས་རྟོགས་ཀྱི་དྲོད་ཐོབ་ངེས་ཤེས་པ་ཞིག་ལ་བོགས་འདོན་འདི་ལྟར་བསྟན་པར་བྱ་སྟེ༔ སྒྲུབ་ཁང་གི་ནང་དུ་དཔོན་སློབ་གཉིས་ཆར་ཕྱིན་ཅིང་༔ གུ་གུལ་གྱི་དུད་པ་གཏོང་༔ ཡུངས་ཀར་གྱི་ཐུན་གྱིས་བྲབ་ཅིང་ཡི་དམ་གྱི་དྲག་སྔགས་བརྗོད༔ གདོན་བགེགས་འབྱུང་པོ་ཐམས་ཅད་དཔག་ཚད་དང་རྒྱང་གྲགས་སུ་མི་གནས་པར་བསྐྲད༔ ཡེ་ཤེས་ལྔའི་རང་རྩལ་ལས་རང་ཤར་བའི་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་མེ་རི་ལ་སོགས་ཀྱིས་མཚམས་བཅད༔ སློབ་བུ་ནང་ཚངས་ཅན་གྱི་གདན་ཁར་བཞག་ཅིང་༔ སྐྱབས་འགྲོ་སྔོན་དུ་བརྐྱང་བའི་མཇུག་ཏུ༔ འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་འགོད་པའི་ཆེད་དུ༔ འོད་གསལ་རྡོ་རྗེ་སྙིང་པོ་མཆོག་གི་ལམ་བོགས་འདོན་མུན་པའི་རྣལ་འབྱོར་ལ་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་ཚར་གཅིག་བསྒོམས་པའི་མཐར་དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ༔ གསོལ་བ་ཕུར་ཚུགས་སུ་གདབ་ཅིང་༔ ཆོས་ཉིད་མུན་པ་ལམ་བྱེད་ཀྱི་རྣལ་འབྱོར་ལ་བརྟེན་ནས༔ ཟག་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལ་སྤྱོད་ཅིང་དབྱིངས་དང་རིག་པ་འོད་གསལ་མ་བུ་འདྲེས་ཏེ༔ སྐད་ཅིག་ཉིད་ལ་ཆོས་སྐུ་བློ་འདས་ཀྱི་རྟོགས་དགོངས་ཐམས་ཅད་མཐར་ཕྱིན་པར་གྱུར་ཅིག་སྙམ་པའི་སྨོན་ལམ་བྱ༔ དེ་ནས་དྲང་སྲོང་ཙོག་པུའི་འཁྲུལ་འཁོར་བཅས་ཏེ༔ པུས་མོའི་སྟེང་དུ་གྲུ་མོ་བཙུགས་ལ༔ གུང་མོ་གཉིས་ཀྱིས་སྒྲོན་མའི་སྟེང་དུ་ཆིལ་གྱིས་ལྟེམས་པས༔ ལུ་གུ་རྒྱུད་འོད་གསལ་གྱི་ཐིག་ལེ་ཁྲ་ཆེམ་གྱིས་འབྱུང་ཞིང་༔ ཟ་འོག་གི་བེར་ཁྱིམ་བལྟས་པ་ལྟར༔ དྲ་བ་དང་དྲ་མིག་གི་ཚོགས་བསམ་གྱི་མི་ཁྱབ་པར་འཆར་བར་འགྱུར་རོ༔ ནན་གྱིས་བལྟས་པས་ཐིག་ལེ་ཉ་མིག་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཆར་བར་འགྱུར་རོ༔ དེའི་ཚེ་མིག་ཕྱེ་སྟེ་ཐད་དྲང་པོར་མིག་མི་འགུལ་བར་བལྟས་པས༔ འོད་ཟེར་ཁ་དོག་ལྔ་དང་ལྡན་པ་བསམ་གྱིས་མི་ཁྱབ་པར་འཆར༔ དེའི་ཚེ་གང་ཤར་བའི་འོད་གསལ་བའི་ཉམས་ཀྱི་ལམ་དེ་ལ༔ སེམས་ཀྱི་འཛིན་པ་མ་ཞུགས་པར་ཁྲེགས་ཆོད་ལྟ་བའི་གདེང་བསྐྱེད༔ འོད་གསལ་སྒོམ་པའི་ལམ་ཡངས་སར་བརྩོན་འགྲུས་ཀྱིས་ཉམས་སུ་བླངས་པས་ཞག་ལྔ་གསུམ་བདུན་གྱི་སྟེང་ནས༔ སྐྱེས་བུའི་མཛུབ་མོའི་རྩོལ་བ་མི་དགོས་པར་རྩོལ་མེད་དུ་འཆར་བར་འགྱུར་རོ༔ དེའི་ཚེ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས༔ རླུང་གནད་ཁ་ནས་དབུགས་ཤིན་ཏུ་དལ་བར་ཐོད་རྒལ་དང་མཐུན་པར་གཏོང་ཞིང་༔ མིག་དབྱིངས་ལ་འབྲལ་མེད་དུ་བལྟས་པས༔ དབྱིངས་དེ་བརྟན་པར་འདུག་ན་ཐད་ཀར་སྒྲིལ་ཏེ་བལྟ༔ ཅུང་ཟད་མི་བརྟན་པར་འདུག་ན༔ འདེ་གུའི་སྦྱོར་བ་དང་བསྟུན་ཏེ་བལྟ༔ དབྱིངས་ཀྱི་ངོ་བོ་ནི་སྣང་ལ་རང་བཞིན་མ་གྲུབ་པའི་བདག་ཉིད་དེ༔ རྩ་དབུ་མ་དྭངས་ཤིང་རོ་རྐྱང་གི་རླུང་ཟིན་པའི་དུས་སུ་དང་པོ་དུ་བ་ལྟ་བུ་དང་༔ མེ་སྟག་ལྟ་བུའམ༔ སྲིན་བུ་མེ་ཁྱེར་རམ༔ འོད་ཁྱིམ་ལྟ་བུ་གྱ་གྱུ་ཟ་ཟི་ཙམ་དུ་སྣང་༔ དེ་ནས་ཉམས་སུ་བླངས་པས༔ ཞག་བཞིའམ་ལྔ་ནས་འོད་གསལ་དུ་ཁྲ་ཆེམ་གྱིས་འགྲོ༔ དེ་ནས་སྒོམ་ཁང་གི་ནང་ཁེང་ཞིང་དངོས་པོ་ཐམས་ཅད་གསལ་བར་འགྱུར་རོ༔ དེ་ནས་ཉིན་མོ་ཐོད་རྒལ༔ མཚན་མོ་མུན་པའི་འོད་གསལ་དྭངས་སུ་གཞུག་ཅིང་༔ སྐབས་སུ་རྒྱ་མཚོ་ཨར་ལ་གཏད་པས་གཉིས་ཀའི་བོགས་ཤིན་ཏུ་ཐོན་པར་འགྱུར་རོ༔ ཡང་ན་ཉིན་པར་གྱི་དུས་སུ་འདེ་གུའི་སྦྱོར་བ་དང་༔ མཁལ་རྩ་བཙན་ཐབས་ཀྱི་ཉམས་ལེན་ལ་འབད་པར་བྱའོ༔ མཚན་མོ་མགྲིན་པའི་རྩ་འདབ་དང་ཨར་གཏད་ཀྱི་གདམས་པ་ཉམས་སུ་བླངས་པས༔ འོད་གསལ་གྱི་གདམས་པ་སྐད་ཅིག་ལ་འཆར་བར་ཐེ་ཚོམ་མེད་དོ༔ དེ་ནས་རིམ་བཞིན་ཉམས་སུ་བླངས་པས༔ རང་གང་དུ་གནས་པའི་ལུང་པ་དེ་འོད་གསལ་གྱི་སྣང་བས་ཁེངས་པ་དང་༔ ཡུལ་གྲུ་ཙམ་དུ་འཕེལ་བ་དང་༔ དེ་ནས་ཡུལ་ཁམས་ཐམས་ཅད་འོད་གསལ་གྱི་སྣང་བ་འབའ་ཞིག་ཏུ་འགྲོའོ༔ དེའི་ཚེ་རྨི་ལམ་དབྱིངས་སུ་ཐིམ་སྟེ་ཡེ་ནས་མི་འཁྲུལ་བ་དང་༔ འཁྲུལ་བ་འོད་གསལ་དུ་ཤར་སྟེ་དབྱིངས་སུ་གྲོལ་བ་དང་༔ རྨི་ལམ་གྱི་འཁྲུལ་པ་རྨི་ལམ་དུ་ངོས་ཟིན་པ་འབྱུང་ཞིང་༔ ཉམས་ལེན་ལ་འབད་པས་འོད་ཀྱང་རྒྱ་ཆེ་རབ་འབྱམས་སུ་འགྲོ་ཞིང་༔ སྟོང་གསུམ་ཀུན་ཏུ་ཁྱབ་ཅིང་གསལ་བ་སོགས་འབྱུང་༔ དེའི་ཚེ་ཤར་ཕྱོགས་མངོན་པར་དགའ་བ་དང་༔ ལྷོ་དཔལ་ལྡན་ནུབ་བདེ་བ་ཅན་བྱང་ལས་རབ་རྫོགས་པ་དབུས་སྟུག་པོ་བཀོད་པ་ལ་སོགས་ཀྱི་ཞིང་ཁམས་རྣམས་སུ༔ ཞག་གཅིག་ནས་གཉིས་སུ་རིམ་གྱིས་རིགས་ཀྱི་བདག་པོ་རྣམས་ལ་ཆོས་ཞུ་བ་དང་ཞལ་མཇལ་བའི་འདུན་པ་གཏད་དེ༔ དང་པོ་ཨར་ལ་གཏད༔ དེ་ནས་དྭངས་སུ་གཞུག༔ ཁྲེགས་ཆོད་ཀྱིས་རྒྱས་འདེབས༔ རང་རིག་ནམ་མཁའ་དང་བསྲེ་སྟེ་ནུབ་དང་པོ་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དང་སྟོན་པ་ཡིད་ལ་བཀོད་བཞིན༔ གཉིད་དུ་རྣལ་བས་འོད་གསལ་ཉམས་ཀྱི་སྣང་བའི་ངང་ནས༔ ཞིང་ཁམས་དེ་ཉིད་དུ་བགྲོད་དེ༔ རིགས་ཀྱི་བདག་པོ་ལ་ཆོས་ཀྱི་གླེང་སློང་བར་ཐེ་ཚོམ་མེད་དོ༔ དེ་ལྟར་ཞིང་ཁམས་གཞན་བཞི་དང་༔ དག་པའི་ཞིང་ཁམས་རྣམས་ལའང་དེ་ལྟར་འབྱོངས་རིམ་བཞིན་སྦྱང་བར་བྱའོ༔ ཡང་ན་སྒྲུབ་ཁང་འོད་གསལ་གྱི་སྣང་བ་ཤིགས་སེར་སོང་བའི་དུས་སུ༔ རང་གི་གཟུགས་ཕུང་གི་སྤྱི་བོ་དང་རྐང་མཐིལ་གྱི་བར་ཐམས་ཅད་མིག་གི་རང་བཞིན་དུ་ཁྲ་ཤིགས་སེར་སོང་བར་བསམ་ཤིང་༔ འོད་ཟེར་གྱི་དྲ་བར་འབྲེལ་བའི་ཕྱི་ནང་ཐམས་ཅད་དབྱེར་མེད་དུ་ཆེམ་ཆེམ༔ ཟང་ཐལ་དུ་ལམ་ལམ་པ་ལ་ཤེས་པ་མ་བཅོས་པའི་ངང་ནས་གཏད་དེ་མིག་གནད་ཐུར་དུ་ཕབ་ནས་བསྒོམ་པར་བྱའོ༔ དེ་འབྱོངས་པ་དང་དབྱིངས་ཀྱི་ནང་དུ་རིགས་དྲུག་གི་སྣང་བ་ཟ་ཟི་བན་བུན་ལང་ལོང་དུ་འབྱུང་ངོ་༔ དེ་ནས་རང་གི་སྙིང་ཙིཏྟ་རིན་པོ་ཆེ་མཆོང་གུར་སྨུག་པོའི་དབུས་སུ༔ ཉི་ཟླའི་དཀྱིལ་འཁོར་ཀྱི་སྟེང་དུ་རྒྱལ་བ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ༔ མཉམ་བཞག་གི་ཕྱག་རྒྱ་ཅན༔ གཅེར་བུ་འོད་ཟེར་འབུམ་ཕྲག་དུ་མ་འཕྲོ་བ་ཞིག་བསྒོམ་ཞིང་༔ རང་གི་གཟུགས་ཕུང་ཤ་ཁྲག་གི་སྣང་བ་ཐམས་ཅད་ཀྱང་འོད་ཕུང་དུ་བུན་ནེར་གསལ་བ་ལ་ཤེས་པ་གཏད་ཅིང་༔ མིག་གནད་ཐད་དྲང་པོར་བལྟས་ཤིང་བསྒོམས་པས༔ འབྱོངས་པའི་ཚེ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མངོན་སུམ་དུ་བཀྲ་ལམ་ལམ་དུ་འཆར་ཞིང་༔ བུན་བུན་དུ་ཡལ་ཏེ་ལྷན་ལྷན་གསལ་བ་འོང་ངོ་༔ དེ་ནས་རང་གི་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ༔ འོད་མཐིང་གའི་ཐིག་ལེ་ལ་འོད་ཟེར་ལྔ་ལྡན་ཤིན་ཏུ་འཚེར་བས་བསྐོར་བར་བསྒོམ་ཞིང་༔ མིག་གནད་སྨིན་ཕྲག་གི་མཁའ་ལ་གཟིར་ཏེ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་ཉམས་སུ་བླངས་བས༔ རིགས་དྲུག་གི་སྣང་བ་དང་བར་དོའི་སྣང་བ་ཐམས་ཅད་འགགས་ནས༔ སྐུ་དང་ཞིང་ཁམས་འབའ་ཞིག་ཏུ་འགྲོ་ཞིང་༔ མཐར་འབྱོངས་པའི་ཚེ་ཕྱི་རོལ་གྱི་རྐྱེན་ལ་མ་བརྟེན་པར༔ འོད་གསལ་ཀྱི་ཁོར་ཡུག་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་འགྱུར་རོ༔ དེ་ལྟར་ཉམས་སུ་བླངས་པས་ཟད་པ་མཐར་ཕྱིན་གདོད་མའི་ས་ལ་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་གསལ་བླ་ན་མེད་པའི་ཟབ་གནད་སྙིང་ཐིག་གཞན་ལ་མ་གྲགས་པའི་གདམས་པ་ཡང་དག་པ་ཡིན་པས༔ གསང་བའི་སྙིང་པོ་འདི་ཙིཏྟའི་དཀྱིལ་དུ་སྦོས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ འདི་ལྟར་ཉམས་སུ་ལེན་པའི་ཚེ༔ ཁམས་དང་མི་འཕྲོད་པའི་ཟས་སྤང་༔ ཡིད་དང་མི་མཐུན་པའི་གྲོགས་སྤང་༔ ཡེ་ཤེས་རང་སྣང་འོད་གསལ་ཀྱི་འཆར་སྒོ་ནི་སྣ་ཚོགས་སུ་འོང་བས༔ གང་ལའང་བཟང་ངན་གྱི་རེ་དོགས་དང་འཛིན་པ་མ་ཞུགས་པ་གལ་ཆེ༔ ཉམས་འཐིབ་ན་རིག་པ་བསེང་༔ བྱིང་ན་ཀློད༔ ཡིད་གཉིས་ཀྱི་འཛིན་པ་སྣ་ཚོགས་སུ་འཕྲེང་ན་ཁྲེགས་ཆོད་བློ་འདས་ཀྱི་དོན་ལ་མཉམ་པར་བཞག༔ ཞག་བདུན་བཅུ་བཞི་ཉེར་གཅིག་ཟླ་བ་ལ་སོགས༔ ཁམས་དང་ཉམས་རྟོགས་ཀྱི་འཆར་སྒོ་གང་ཟག་གི་རིགས་ལ་བརྟགས་ཏེ་ཉམས་སུ་བླང་བར་བྱའོ༔ ལར་ཁྲེགས་ཆོད་ལྟ་བའི་ཕུ་ཐག་ཆོད་པའི་ངང་ནས༔ ཐོད་རྒལ་ལམ་གྱི་རྩལ་སྣང་བོགས་འདོན་ཟབ་མོ་འདི་དང་༔ རླུང་སྦྱོར་བཅུད་ལེན་བདེ་སྟོང་གི་བོགས་འདོན་ཟུང་འཇུག་གི་ཉམས་སུ་བླངས་པས༔ ཟག་བཅས་ཐམས་ཅད་ཟག་མེད་ཀྱི་ཀློང་དུ་གྲོལ་བར་འགྱུར་ཞིང་༔ བརྩོན་འགྲུས་ཀྱི་གོ་རིམ་ལྟར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ ཡེ་ཤེས་ཀྱི་སྣང་བ་འདི་མཐོང་བ་ཙམ་གྱིས་བར་དོ་མེད་པར་གྲོལ་ཞིང་༔ རིགས་དྲུག་གི་ཡུལ་ལས་རྒྱབ་གྱེས་ཏེ༔ དག་པའི་ཞིང་དུ་སྐྱེ་བ་ནི་གང་ཟག་ཐ་མ་ཡིན་ཀྱང་གདོན་མི་ཟའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་སྔགས་སྙིང་པོའི་བཅུད༔ རྫོགས་ཆེན་གསང་བའི་ཡང་ཏིག་འདི༔ ལྕེ་ཡི་དབང་པོས་བརྗོད་དཀའ་ཡང་༔ མཚོ་རྒྱལ་ནན་ཆགས་ཆེ་བ་དང་༔ མ་འོངས་འགྲོ་བ་ཚེ་ཐུང་རྨོངས༔ བརྩོན་འགྲུས་ཆུང་ཞིང་ལེ་ལོས་གཡེལ༔ གསང་སྔགས་དར་ལ་མ་སྨིན་དུས༔ ལོངས་སྤྱོད་འདུ་འཛི་ཆེ་བའི་ཚེ༔ ཉམས་ཁྲིད་ལྷུག་པར་བསྟན་པའི་ཆོས༔ རྫོགས་ཆེན་གསང་བའི་སྙིང་པོ་འདི༔ ང་ཡི་ཐུགས་སྲས་གཅིག་དང་འཕྲད༔ དེས་ཀྱང ཚུལ་བཞིན་ཉམས་བླངས་ན༔ ཚེ་འཕྲང་གྲོལ་ཞིང་འོད་ལུས་འགྲུབ༔ གཏེར་གནས་གཉན་པོའི་བྱང་ཤར་དུ༔ རི་བོ་བྱ་ཁྱུང་འདྲ་བའི་ཞོལ༔ ས་ཕོ་རྟ་ཡི་ལོ་ཤར་ཚེ༔ བཅུ་གསུམ་སྒྲུབ་སྡེ་ཚུགས་པ་ན༔ མདོ་ཁམས་གླིང་དྲུག་སྒང་རྣམས་སུ༔ གསང་སྔགས་སྒྲུབ་སྡེ་བརྒྱ་རྩ་འབྱུང་༔ སྙིང་པོ་དོན་གྱི་ཉི་མ་འཆར༔ ལོ་སྟོང་བསྟན་པའི་རྒྱལ་མཚན་འཛིན༔ དམ་སྲི་འགོང་པོའི་བར་ཆད་ཀྱིས༔ ཕྱི་ནང་རྟེན་འབྲེལ་དེ་ཉམས་ན༔ གནམ་ས་ཟླ་གམ་ཕྱེད་འདྲའི་ལུང་༔ རི་བོ་རྒྱལ་བློན་ཚོགས་འདྲའི་མདུན༔ སྐུ་གསུང་ཐུགས་ཀྱི་ལྷ་ཁང་དང་༔ སྒྲུབ་པའི་གང་ཟག་བདུན་སྡེ་ཚུགས༔ རྟེན་འབྲེལ་དེ་ཡི་ལེགས་ཚོགས་ཀྱིསཿ དངོས་གྲུབ་ཐོབ་པའི་གང་ཟག་བརྒྱ༔ ཆོས་འདིས་གྲོལ་ཞིང་སངས་རྒྱས་འཐོབ༔ ཐ་མ་ས་གནས་རིག་པ་འཛིན༔ འོད་གསལ་རཏྣ་དཔལ་གྱི་མིང་༔ གང་ཟག་གསུམ་ལ་ཆོས་འདི་སྤྲོད༔ ནམ་སྙིང་རྩེ་མང་ཡེ་ཤེས་སྤྲུལ༔ མི་རབ་བཅུ་གསུམ་མ་རྫོགས་པར༔ དངོས་གྲུབ་ཐོབ་པ་བཅུ་གསུམ་གསུམ༔ ཆོས་འདི་སྤེལ་བའི་དུས་རྟགས་སུ༔ དུག་སྦྲུལ་འཁྱུག་འདྲའི་རི་སྣ་ལ༔ ཤིང་སྡོང་སྐམ་པོ་རྩེ་གསུམ་འབྱུང་༔ གས་འཁྲུག་གཡོ་འགུལ་འགྱེལ་ལམ་ཆག༔ གང་བྱུང་རྟགས་བལྟ་སྤེལ་མཁས་བྱ༔ རྟའམ་སྤྲེལ་དང་བྱི་ཕག་ཁྱི༔ ལོ་ཟླ་ཉི་ཁྱིམ་ཆུ་ཚོད་དུས༔ ཕྱག་རྟེན་དཀར་སེར་དམར་ལྗང་མཐིང་༔ ལས་འཕྲོ་སད་པའི་སྐལ་ལྡན་འོང་༔ ཆོས་བཀའ་སྤེལ་བའི་ཕྱི་ནང་རྟགས༔ གསང་རྒྱ་སྡོམས་ལ་གསང་བར་སྤེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་གྱིས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།

རླུང་ཁྲིད་བདེ་སྟོང་ཟག་མེད།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རླུང་ཁྲིད་བདེ་སྟོང་ཟག་མེད་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ མ་ཡ་ཙནྜ་ན་མ༔ བོད་སྐད་དུ༔ རླུང་ཁྲིད་བདེ་སྟོང་ཟག་མེད་ཅེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་དང་༔ ཁྱད་པར་མཁའ་འགྲོ་མཚོ་རྒྱལ་མས༔ གདམས་པ་འདི་བཞིན་ཉམས་སུ་ལོང་༔ མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ༔ ཡིད་དཔྱོད་མ་སྨོན་བརྩོན་འགྲུས་འབུངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དེ་ཡང་དབེན་པའི་གནས་གཡའ་རི་གངས་རི་ལ་སོགས་འཇིག་རྟེན་པའི་རྣམ་གཡེང་དང་འཚེ་བ་མེད་པའི་སར༔ མཚམས་ཁང་དབེན་ར་དང་བཅས་པ་བྱས་ལ༔ ཐུན་མོང་གི་སྔོན་འགྲོ་རྣམས་ཁྲིད་གཞུང་ལྟར་ཉམས་སུ་བླང་ས༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི༔ བདེ་བའི་གདན་ལ་རྐང་བ་སྐྱིལ་ཀྲུང་ལག་པ་མཉམ་བཞག་གམ་པུས་སྟེང་དུ་བཀབ༔ མགྲིན་པ་ཡུད་ཙམ་འགུགས༔ མིག་སྣ་རྩེའི་ཐད་སོར་བཞི་ཙམ་གྱི་ནམ་མཁའ་ལ་བལྟ༔ རྒལ་ཚིགས་མ་ཡོ་བར་བསྲང་༔ ལྕེ་ཡ་སོའི་དྲུང་དུ་བཞག༔ ངག་གི་སྨྲ་བ་རྒྱུན་བཅད་ཅིང་སེམས་མ་ཡེངས་པའི་ངང་ནས༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་བ་ཉིད་དུ་འགོད་པར་བྱ་བའི་ཆེད་དུ༔ བདག་གིས་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ཁྱད་པར་ཅན་བསྐྱེད་དེ༔ གདམས་པ་ཟབ་མོ་འདི་ཉམས་སུ་ལེན་པར་བྱའོ་སྙམ་པའི་སེམས་ལན་མང་དུ་བསྐྱེད༔ དེ་ནས་སྐད་ཅིག་གིས་རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀའི་ཆ་ལུགས་སུ་བཞུགས་པ་ལ༔ རྫོགས་ཆེན་བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་ནས་མངོན་སུམ་དུ་བཞུགས་པར་དམིགས་ཤིང་༔ རླུང་སེམས་ལས་སུ་རུང་ནས་ཟག་བཅས་འོད་སྐུར་གྲོལ་ཏེ༔ སྐད་ཅིག་ཉིད་ལ་མཆོག་གི་དངོས་གྲུབ་འཐོབ་པའི་གསོལ་བ་ཞེ་ཐག་པ་ནས་གདབ༔ མཐའ་ཏིང་ངེ་འཛིན་གྱིས་དབང་བཞི་ལེན་ཞིང་བླ་མ་འོད་དུ་ཞུ་ནས་རང་དང་དབྱེར་མེད་དུ་བསམས་ཤིང་མ་བཅོས་པར་དར་ཅིག་བཞག་གོ༔ དེ་དག་རྣམས་ནི་སྔོན་འགྲོའི་རིམ་པའོ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཆོས་ཐམས་ཅད་མི་དམིགས་ཀ་དག་སྟོང་པ་ཉིད་ཀྱི་ངང་ལས༔ ཡེ་ཤེས་ཀྱི་གསལ་ཆ་མ་འགགས་པའི་ཐིག་ལེ་ཉག་གཅིག་གི་ཀློང་ནས་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་དྭངས་པའི་མདངས་དང་ལྡན་པ༔ ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བརྒྱན་པ༔ སྣང་ལ་རང་བཞིན་མ་གྲུབ་པ༔ ལྷུན་གྲུབ་འོད་ཀྱི་སྐུ་རུ་ལམ་མེ༔ སྟོང་གསལ་འཛིན་པ་མེད་པར་ཤིགས་སེ༔ གསལ་ལ་ཕྱོགས་ལྷུང་མེད་པར་འཁྱིལ་ལེར་དར་ཅིག་སེམས་བཟུང་༔ དེའི་ངང་ལས་རོ་རྐྱང་ལ་སོགས་པའི་རླུང་རོ་ངན་པ་དགུ་ཕྲུགས་སུ་འབུད་པར་བྱའོ༔ དེ་ནས་ཙིཏྟ་རིན་པོ་ཆེའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་དུ་རང་རིག་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་ལྷམ་མེར༔ ཉི་ཟླའི་འོད་ཀྱི་ཧཱུྃ་ཡིག་གསལ༔ ཧཱུྃ་གི་འོད་ཟེར་གྱིས་ཉི་ཟླ་གསལ་བ་ལ་སེམས་བཟུང་སྟེ༔ སྟེང་རླུང་ཁ་ནས་རྔུབ་ཅིང་འོག་རླུང་བསྡམས༔ རླུང་ཁ་སྦྱོར་དུ་བཟུང་བ་ལ་དམིགས་པ་མ་ཡེངས་པར་བྱའོ༔ རླུང་མི་ཐུབ་པ་དང་དབུ་མའི་ལམ་ལས་སྤྱི་བོའི་གཙུག་ཏུ༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལ༔ རླུང་དང་རིག་པ་དབྱེར་མེད་དུ་ཐིམ་པར་བསམ་མོ༔ ཡུན་ཅི་ཐུབ་ཏུ་ཕྱིར་འཛིན་བྱེད༔ ཕྱིར་འཛིན་མི་ཐུབ་པ་དང་༔ ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་མར་བབས༔ ཡེ་ཤེས་ཀྱི་རླུང་རིག་དེ་རང་གི་སྤྱི་བོའི་གཙུག་ནས་དབུ་མའི་ལམ་བརྒྱུད༔ སྙིང་གའི་ཧཱུྃ་ལ་ཐིམ་པར་བསམས་ཏེ༔ རླུང་ཁ་སྦྱོར་དུ་བཟུང་ཞིང་༔ ཙིཏྟ་རིན་པོ་ཆེའི་ཉི་ཟླའི་གའུ་ཁ་སྦྱོར་གྱི་འོད་ཟེར་ཧཱུྃ་ཡིག་ལ་ཕོག༔ ཧཱུྃ་ཡིག་ལས་འོད་ཟེར་ལྔ་ལྡན་འཕྲོས་པས༔ ལུས་ཀྱི་ནང་གི་རྩ་འཁོར་ལོ་བཞི་ཐམས་ཅད་འོད་ཟེར་ལྔ་ལྡན་དུ་ཤིགས་ཤིགས་འདུག་པ་ལ་སེམས་བཟུང་སྟེ༔ སླར་རྔུབ་ཆུང་གཅིག་དང་སྦྲགས་ཏེ་རླུང་ཁ་སྦྱོར་དུ་ནེམ་པར་མནན་པར་བྱའོ༔ མི་ཐུབ་པ་དང་རླུང་རིག་སྔ་མ་ལྟར་སྤྱི་བོའི་ཀུན་བཟང་ཡབ་ཡུམ་ལ་དམིགས་པ་གཏད༔ ཕྱིར་འཛིན་མི་ཐུབ་པ་དང་སླར་ལོག་སྟེ་སྔ་མ་ལྟར༔ ལུས་ནང་གི་རྩ་འཁོར་ལོ་བ་སྤུའི་བུ་ག་ཚུན་ཐམས་ཅད་འཇའ་འོད་ཐིག་ལེ་ལྔ་ལྡན་དུ་འདུག་པར་དམིགས་ཤིང་སེམས་བཟུང་༔ རླུང་ཁ་སྦྱོར་དུ་དགང་བ་དང་༔ རྡོ་རྗེ་རྦ་རླབས་ཀྱི་རྒྱན་དང་བསྟུན་ཏེ་རླུང་རྔུབ་ཆུང་གཅིག་གིས་དགང་བར་བྱའོ༔ མི་ཐུབ་པ་དང་སྔར་བཞིན་ཕྱིར་དབྱུང་ངོ་༔ སླར་ཡང་སྔར་བཞིན་ལོག་ཏེ་རླུང་ཁ་སྦྱོར་དྲག་པོའི་ཚུལ་གྱིས་དགང་༔ དམིགས་པ་ནི་ཙིཏྟའི་ཉི་ཟླ་གའུ་ཁ་སྦྱོར་ཧཱུྃ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས༔ ལུས་ཀྱི་ཤ་ཁྲག་རུས་པ་ལ་སོགས་པ་འཇའ་འོད་ཐིག་ལེ་ལྔ་ལྡན་དུ་འོད་དུ་ཞུ༔ འོད་ཀྱི་རང་བཞིན་དུ་མེར་མེར་འདུག་པ་ལ་སེམས་བཟུང་ཞིང་རླུང་རྔུབ་ཆུང་གཅིག་གིས་དགང་༔ མི་ཐུབ་པ་དང་སྔར་བཞིན་བཏང་ངོ་༔ དེ་ལྟར་རྔུབ་ཆུང་གཅིག་དང་བཅས་པའི་རླུང་ཁུག་རབ་བརྒྱ་རྩ་བརྒྱད༔ འབྲིང་ལྔ་བཅུ་ཐ་ནའང་སུམ་ཅུ་རེ་ཆག་མེད་བྱས་ནས༔ བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་པས་ཚེ་འདི་ཉིད་ལ་མཁའ་སྤྱོད་འགྲུབ་པར་ཐེ་ཚོམ་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཉམས་སུ་བླངས་པའི་ཚེ༔ ལུས་ལ་ངལ་དུབ་མེད་པ་དང་༔ རྟ་ལྟར་མགྱོགས་ཤིང་རླུང་ལྟར་འཕྱོ༔ མཁའ་ལ་འགྲོ་དང་ཆུར་མི་འབྱིང་༔ སྤྱི་བོར་གཙུག་ཏོར་མངོན་པའི་ཚེ༔ ཟག་བཅས་ཕུང་པོ་ཟག་མེད་གྲོལ༔ རྡོ་རྗེ་ལུས་ཀྱི་མཁའ་སྤྱོད་འགྲུབ༔ ངག་ནི་སྨྲ་བརྗོད་དབྱིངས་སུ་ཟད༔ ཅི་སྨྲ་དམ་པའི་ཆོས་སུ་ཡོང་༔ རླུང་གི་འབྱུང་འཇུག་དབུ་མར་དངས༔ དེ་ཚེ་ངག་གི་མཁའ་སྤྱོད་འགྲུབ༔ མི་རྟོག་ཏིང་འཛིན་ཤུགས་ཀྱིས་འཆར༔ སྣང་བ་ལྔ་ལྡན་ཐིག་ལེས་གང་༔ གཟུགས་སྣང་འཇའ་འོད་གང་སྙམ་འཆར༔ དེ་ཚེ་སྤྱི་བོ་ཟ་ཞིང་གཡའ༔ མི་རྟོག་སེམས་ཀྱི་མཁའ་སྤྱོད་འགྲུབ༔ ཏིལ་གྱི་མར་ཁུས་ལུས་དང་མགོ༔ བསྐུ་མཉེ་མནན་པའི་འཁྲུལ་འཁོར་གཅུན༔ འདི་ནི་ཡེ་ཤེས་མཆོག་གི་རླུང་༔ ཟག་བཅས་ཟག་མེད་རང་བཞིན་གྲོལ༔ མཁའ་སྤྱོད་སྒྲུབ་པའི་རླུང་སྦྱོར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

བདེ་སྟོང་བོགས་འདོན་ཟག་མེད་རྡོ་རྗེ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བདེ་སྟོང་བོགས་འདོན་ཟག་མེད་རྡོ་རྗེ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ དྷཀྐི་མནྚ་དྷརྟུ་ན་མ༔ བོད་སྐད་དུ༔ བོགས་འདོན་ཟག་མེད་རྡོ་རྗེ་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ བོགས་འདོན་ཟག་མེད་རྡོ་རྗེ་འདི༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་མ༔ ཟབ་ཕྱིར་གསང་ཤོག་ལོགས་སུ་ཐོབ༔ མ་འོངས་དོན་དུ་གཏེར་དུ་བཅོལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་བོགས་འདོན་རླུང་གི་ཟབ་ཁྲིད་འདི༔ ཉམས་སུ་ལེན་པ་ལ་དོན་རྣམ་པ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ མི་མེད་ཀྱི་ལུང་སྟོང་ངམ་གོང་མས་ཞབས་ཀྱིས་བཅགས་པའི་གནས་སུ༔ མཚན་ཉིད་དང་ལྡན་པའི་བུ་མོ་ལོ་བཅོ་ལྔ་ནས་ཉེར་ལྔའི་བར་དུ་གནས་པའི་རིགས་བརྒྱུད་ཆོས་ལ་མོས་ཤིང་གསང་བའི་དམ་ཚིག་ཐུབ་པ༔ གསང་སྤྱོད་སྦྱོར་བ་ལ་མཁས་ཤིང་བདེ་བ་ཆེན་པོ་དང་ལྡན་པ་ཡིད་དུ་འོང་བ་ཞིག་བཙལ་ནས༔ དྲང་དོན་དང་ངེས་དོན་སོགས་ཀྱི་ཆོས་ཀྱི་བློ་ཁ་ཡང་དག་པར་བསྒྱུར་ཞིང་༔ གསང་སྔགས་ཀྱི་ཕན་ཡོན་བཤད་དབང་བསྐུར༔ ཁམས་བཅུད་འཕེལ་བའི་ཟས་བསྟེན་ཞིང་ཡབ་ཡུམ་གཉིས་ཀ་བསྐུ་མཉེ་དང་རླུང་སྦྱོར་འབད༔ ནང་ཚངས་ཅན་གྱི་གདན་གྱི་ཁར་ཡུམ་ཁ་ཤར་ནས་ནུབ་ཏུ་བལྟ༔ ཡབ་ནུབ་ནས་ཤར་དུ་བལྟ་སྟེ་ཕྱེད་སྐྱིལ་དུ་འདུག་ཅིང་༔ ཕན་ཚུན་བལྟ་རེས་དང་འོ་བྱེད་གཡའ་སྒོག་གསང་གནས་དང་ནུ་མ་མཉེ༔ ཆགས་པའི་གཏམ་བྱ་ཞིང་རྡོ་རྗེ་དང་པདྨ་ལས་སུ་རུང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ རང་ཉིད་བླ་མ་གསང་བ་འདུས་པ་སྐུ་མདོག་མཐིང་ནག༔ རྗོ་རྗེ་འཆང་གི་ཆ་ལུགས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞིག་ཏུ་བསྐྱེད་པའི་པང་དུ༔ ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་པ་ཞིག་ཏུ་བསྒོམ་ཞིང་༔ ཡབ་ཀྱི་རྡོ་རྗེ་དེ་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ༔ ཡུམ་གྱི་པདྨ་དེ་པདྨ་དམར་པོ་འདབ་མ་བཞི་པ་ཟེའུ་འབྲུ་ལ་ཨས་མཚན་པར་གསལ༔ ཡབ་ཡུམ་གཉིས་ཀྱི་གནས་ལྔར་རྒྱལ་བ་ཀུན་ཏུ་བཟང་པོ་ནས༔ གྷུ་རུ་ཤྲཱི་སིངྷའི་བར་གྱི་བསྐྱེད་རིམ་སྒྲུབ་པ་ལས་བྱང་ལྟར་གསལ་ཞིང་༔ གཞན་ཡང་བ་སྤུའི་འོད་ཀློང་རེ་རེ་བཞིན་དཔའ་བོ་དཔའ་མོ་གྲངས་མེད་དཔག་ཏུ་མེད་པ་ཐམས་ཅད་བདེ་བ་གཡོ་བའི་རྣམ་འགྱུར་ལིང་ལིང་ཡོད་པར་བསམས་ལ༔ བདེ་སྟོང་ལས་སུ་རུང་བར་བྱིན་གྱིས་རློབས༔ ཟག་མེད་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ ཅེས་པས་གསོལ་བ་ལན་ཅི་མང་དུ་བཏབ་ནས༔ ཡུམ་གྱི་པདྨའི་ཟེ་འབྲུ་ཨའི་སྟེང་དུ༔ ཡབ་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་ཡིག་གིས་མཚན་པ་དེ་བསྣུན་ཏེ༔ བསྐྱེད་པའི་ལྷ་ཚོགས་ཐམས་ཅད་ཀྱང་སྙོམས་པར་ཞུགས་པར་དམིགས་ཏེ༔ དར་ཅིག་མ་བཅོས་པའི་ངང་ལ་མཉམ་པར་བཞག༔ དེ་ནས་བདེ་བ་ཡལ་བ་དང་ཅུང་ཟད་སྤྱོད༔ བདེ་ཆིལ་བྱུང་བ་དང་༔ སྙིང་གའི་འོད་གསལ་བའི་རང་སྣང་ལས་གྲུབ་པའི་བླ་མ་ཡབ་ཡུམ་སྙོམས་འཇུག་ཏུ་སྤྱོད་པ་ལས་འོད་འཕྲོས༔ སྤྱི་བོའི་བླ་མ་ཡབ་ཡུམ་ལ་ཕོག༔ བླ་མ་ཡབ་ཡུམ་རྩ་འཁོར་དང་བཅས་པ་འོད་དུ་ཡ་ལེར་བསྒོམ་ཞིང་དར་ཅིག་སེམས་བཟུང་༔ ལུས་སེམས་ཁོང་ཀློད་དེ་མ་བཅོས་པར་བཞག༔ དེ་ནས་བདེ་བ་ཡལ་བ་དང་༔ དར་ཅིག་སྤྱོད་དེ་བདེ་ཆིལ་བྱུང་བ་དང་སྤྱི་བོའི་འོད་ཟེར་འཕྲོས༔ མགྲིན་པའི་བླ་མ་ཡབ་ཡུམ་རྩ་འདབ་རྣམས་འོད་དུ་འཚེར་བ་ལ་སེམས་བཟུང་༔ ལུས་སེམས་ཁོང་ཀློད་ནས་མ་བཅོས་པར་བཞག༔ དེ་ནས་ཡང་བདེ་བ་ཡལ་བ་དང་༔ ཅུང་ཟད་རེ་སྤྱོད་པས་བདེ་ཆིལ་ལེ་བྱུང་བ་དང་༔ མགྲིན་པ་ལས་འོད་ཟེར་འཕྲོས༔ སྙིང་གའི་བླ་མ་ཡབ་ཡུམ་གཞི་གནས་ཀྱི་འོད་གསལ་དང་བཅས་པ་ལ་ཕོག༔ སྙིང་གའི་རྩ་འཁོར་ལོ་འོད་གསལ་གྱི་ཡེ་ཤེས་སུ་གསལ་བ་ལ་སེམས་བཟུང་༔ ལུས་སེམས་ཀློད་ཅིང་མ་བཅོས་པར་དར་ཅིག་བཞག༔ བདེ་བ་ཡལ་བ་དང་ཅུང་ཟད་རེ་སྤྱོད༔ བདེ་ཆིལ་བྱུང་བ་དང་སྙིང་གའི་འོད་གསལ་ལས་འོད་ཟེར་ལྔ་ལྡན་དུ་བབས༔ ལྟེ་བའི་བླ་མ་ཡབ་ཡུམ་རྩ་འཁོར་ལོ་འོད་དུ་གསལ་བ་དང་བཅས་པ་ལ་སེམས་བཟུང་༔ ལུས་སེམས་དལ་བར་ཀློད་ཅིང་མ་བཅོས་པར་བྱ༔ བདེ་བ་ཡལ་བ་དང་ཅུང་ཟད་རེ་སྤྱོད་པས་བདེ་ཆིལ་བྱུང་བ་དང་༔ གསང་གནས་ཀྱི་བླ་མ་ཡབ་ཡུམ་རྩ་འཁོར་ལོ་འོད་དུ་འཚེར་བ་ལ་སེམས་བཟུང་༔ ལུས་སེམས་ཁོང་ཀློད་མ་བཅོས་པར་བཞག༔ བདེ་བ་ཡལ་བ་དང་ཅུང་ཟད་རེ་སྤྱོད༔ རང་གི་ལུས་ཕུང་ཁམས་བསྐྱེད་པའི་ལྷ་ཚོགས་དང་བཅས་པ་ཐམས་ཅད་༔ སྟོང་གསལ་འཇའ་འོད་ལྔ་ལྡན་དུ་ལམ་ལམ་འོད་དུ་བུན་བུན་བསམ་ཞིང་སེམས་བཟུང་༔ ལུས་སེམས་ཁོང་ཀློད་མ་བཅོས་པར་བཞག༔ བདེ་བ་ཡལ་བ་དང་ཅུང་ཟད་རེ་སྤྱོད་ཅིང་༔ རང་ལུས་འོད་ཕུང་དུ་འཚེར་བ་དེ་ལས་འོད་ཟེར་འཕྲོས༔ ཡུམ་ལ་ཕོག༔ ཡུམ་གྱི་ཤ་ཁྲག་རྡོས་བཅས་ཀྱི་ལུས་སུ་གྲུབ་པ་ཐམས་ཅད་འོད་ཟེར་ཐིག་ལེ་ལྔ་ལྡན་གྱི་ཀློང་དུ་ཞུ༔ འོད་ཀྱི་རང་བཞིན་དུ་གྱུར་པ་དེ་རྣམས་ཡབ་ཀྱི་རྡོ་རྗེའི་སྦུ་གུ་ནས་བརྒྱུད༔ ཡབ་ཀྱི་འོད་ཟེར་ཐབས་ཀྱི་རང་བཞིན་དང་༔ ཡུམ་གྱི་འོད་ཟེར་ཤེས་རབ་ཀྱི་རང་བཞིན་གཉིས་མེད་འདྲེས༔ ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཟག་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་ཀློང་དུ་ཐིམ་ཞིང་གྲོལ༔ ཡེ་ཤེས་རྡོ་རྗེ་ལྟ་བུ་དམིགས་སུ་མེད་པའི་ཡེ་ཤེས་དེའི་ཆ་འཛིན་པའི་འོད་ལྔ་ལྡན་ཞིག་ཤར༔ དེ་ཡང་ཀུན་བཟང་ཡབ་ཡུམ་ལ་གཉིས་སུ་མེད་པའི་ངང་ནས་ཐིམ་ཞིང་༔ རིས་སུ་མ་གྲུབ་པའི་ངང་ནས་ཆམ་གཅིག་ཏུ་བློ་ལས་འདས་པར་བཞག་པར་བྱའོ༔ འདི་དག་རྣམས་ཀྱི་མཚམས་མཚམས་སུ་གཡང་མོའི་རྩ ལ་སྤྲུག་རེ་བྱ༔ རླུང་གནད་ཕྱིར་འཛིན་ཁོ་ན་གཅེས་སོ༔ དེ་ནས་ཡབ་ཡུམ་བྲལ་མ་ཁད་ཧ་ཡིས་སྤྲུག་ཅིང་འབེབས་ཆུང་བརྒྱག༔ ཡན་ལག་ལྔ་སྦྱོང་གཞན་ལྟར་འབད༔ ཟག་མེད་ཉམས་རྟོགས་ཡེ་ཤེས་ཀྱི༔ བསོད་ནམས་ཟག་བཅས་འགྲོ་ལ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ཕན་ཡོན་བསྟན་པ་དང་དམ་ཚིག་གོ༔ དང་པོ་ཕན་ཡོན་ནི༔ གཞུང་འདི་ལྟར་ཚུལ་བཞིན་ཉམས་སུ་བླངས་པའི་ཚེ༔ ལུས་ངག་ཡིད་གསུམ་གྱི་ཞེན་པ་རང་སར་གྲོལ་ཞིང་བདེ་དགའི་ཡེ་ཤེས་ཟག་མེད་རྡོ་རྗེ་ལྟ་བུ་མངོན་དུ་བྱེད༔ ཟག་བཅས་ཀྱི་ལས་རླུང་འབྱུང་བའི་ཕུང་པོ་དང་བཅས་པ་ཟག་མེད་དུ་གྲོལ༔ རབ་ཚེ་འདིར་མཁའ་སྤྱོད་དུ་འོད་ལུས་ལ་གཤེགས༔ འབྲིང་ཆོས་ཉིད་འོད་གསལ་མ་བུ་འདྲེས་པས་བར་དོར་འཚང་རྒྱ༔ ཐ་མའང་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་མེ་ཏོག་ལས་རྫུས་ཏེ་སྐྱེས་ནས༔ ལྷ་ཡབ་ཡུམ་གྱི་ཚུལ་དུ་མངོན་པར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ གནས་སྐབས་སུའང་ལས་རླུང་རང་སོར་རྒྱུ་ཞིང་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་ཕྱགས་མས་དེད་པ་ལྟར་འགྱུར་རོ༔ གཉིས་པ་དམ་ཚིག་ནི༔ ཉོན་མོངས་པའི་དབང་ཁོ་ནར་ཤོར་ནས༔ གདམས་པའི་ཉམས་རྟོགས་ལ་སོགས་གོལ་ཤོར་བསྒྲིབས་ཏེ་ཁམས་ཀྱི་དངས་མ་ལ་སོགས་ཉམས་ན༔ ཚེ་འདིར་ཡང་མི་རུང་བ་སྣ་ཚོགས་འབྱུང་ཞིང་༔ ཕྱི་མ་དམྱལ་བར་སྐྱེ་བས་ཤིན་ཏུ་ཉེས་ཆེ་བས་ལྟ་སྒོམ་ཀློང་དུ་གྱུར་པའི་རྣལ་འབྱོར་བ་མ་གཏོགས༔ སོ་སོའི་ཐུན་མོང་མ་ཡིན་པས་སྐལ་མེད་ལ་གསང་ཞིང་༔ ཚུལ་བཞིན་སྤྱོད་པའི་རྣལ་འབྱོར་པས་ཀྱང་དམ་ཚིག་གི་རིམ་པ་གསང་སྔགས་སྤྱི་ལྟར་བསྲུང་བ་གཅེས་སོ༔ འདིའི་གྲོགས་སུ་བཙལ་བའི་ཡུམ་དེ་ཡང་གསང་སྒོ་འཆལ་བ་དང་༔ དམ་ལས་འདས་ན་འདོད་ཆགས་འབར་བའི་དམྱལ་བར་སྐྱེ་བར་འགྱུར་བས་དམ་ཚིག་ཏུ་ཡང་དག་པར་གནས་པར་བྱའོ༔ སྐལ་མེད་འགྲོ་ལ་ཨ་ཐམ་རྒྱ༔ སྐལ་ལྡན་མཆོག་གི་རྣལ་འབྱོར་ལ༔ ཆིག་བརྒྱུད་གདམས་པ་སྙན་དུ་སྐྱུགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གྷུ་ཧྱ༔ གསང་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་སྤྲང་བན་དེས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།

གེགས་སེལ་ལམ་གྱི་སྒྲོན་མེ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ གེགས་སེལ་ལམ་གྱི་སྒྲོན་མེ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ འོད་གསལ་བསྒོམ་པའི་རྣལ་འབྱོར་དོན༔ གེགས་སེལ་གསང་བའི་མན་ངག་ཅིག༔ ཁོ་མོས་ཤོག་སེར་ལོགས་ལ་འདེབས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འོད་གསལ་བསྒོམ་པའི་རྣལ་འབྱོར་བ་ནི༔ རྫོགས་ཆེན་སྤྱི་འབྱམས་ནས་བཤད་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་གང་ཟག་ཅིག་དགོས་པ་ཡིན་གྱིས༔ སུ་ཐོད་ཐོད་ཀྱི་ནི་སྤྱོད་ཡུལ་མིན་ཏེ༔ ཅིའི་ཕྱིར་ཞེ་ན༔ ཡང་གསང་བླ་ན་མེད་པའི་ཆོས་འདིའི་འབྲས་བུ་ཚེ་འདི་ཉིད་ལ་ལོ་དང་ཟླ་བ་བགྲངས་ནས་སངས་རྒྱས་ཀྱི་ཞིང་ལ་ཉིན་རྒྱུག་བྱེད་པ་ལས༔ སྐྱེ་བ་བརྒྱུད་པ་དང་སྦྱངས་བགྲོད་ལ་སོགས་ཀྱི་མཐར་འཚང་རྒྱའོ་ཞེས་པའི་ཐེག་པ་གཞན་རྣམས་དང་མི་འདྲ་སྟེ༔ མྱུར་ལམ་འོད་གསལ་མཆོག་གི་གདམས་པ་འདི་སྐལ་བ་མེད་པའི་མི་དང་མི་འཕྲད་ཅིང་༔ གལ་སྲིད་འཕྲད་ཀྱང་ཉམས་སུ་ལོན་པ་མི་འོང་སྟེ༔ བསྐལ་པ་སྔོན་མ་ནས་སྦྱངས་བགྲོད་ཀྱི་མཐར་ཕྱིན་པའི་སྐྱེས་བུ་ཞིག་མ་གཏོགས་ཐེག་པ་ཟབ་མོ་འདི་དང་མི་མཇལ་ཞིང་ཉམས་སུ་ལེན་པའི་སྐལ་བ་དང་མི་ལྡན་པའོ༔ འོན་ཀྱང་མ་འོངས་ཀྱི་དུས་སུ་སངས་རྒྱས་འཐོབ་འདོད་ཀྱི་དད་པ་ཅན་ཆོས་ལ་གོམས་འདྲིས་ཆུང་བའི་རིགས་ཀྱི་གང་ཟག་དང་༔ བློ་དམན་ཤེས་རབ་བརྟུལ་བའི་རིགས་འགའ་ཆོས་མཆོག་འོད་གསལ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལྟ་སྒོམ་ཐོས་ཀྱང་ཉམས་མྱོང་རྒྱུད་ལ་མ་སྐྱེས་ཤིང་ཐོས་ཆུང་རང་རྒྱུད་རྨོངས་པ་རྣམས༔ འོད་གསལ་མུན་ཁྲིད་ཀྱི་ཉམས་ལེན་ལ་ཞུགས་ནས༔ གཟེར་ཞིང་འཁུན་ཏེ་ན་བ་དང་༔ རེངས་ཏེ་བརྒྱལ་འབོག་ལ་སོགས་འབྱུང་བ་དང་༔ ནད་གཞི་རྙིང་པ་ལངས་ནས་བརྙེར་བ་རྣམས་ལ༔ བླ་མས་ཁྲེགས་ཆོད་ཀྱི་དགོངས་པ་ཡང་ཡང་དུ་ཉམས་ལེན་ངོ་སྤྲོད་བྱེད༔ སྒོ་གསུམ་སོས་དལ་དུ་འཇུག་ཅིང་ཉི་མ་ལ་བསྲོ༔ བྱུག་པ་འགྲོ་བའི་བརྒྱལ་ནད་དང་༔ གྲང་བ་ཆུ་སེར་ལ་སོགས་ཀྱི་རིགས་ལ་བྱུག་བ་བྱེད་ཅིང་༔ རླུང་གི་སྦྱོར་བ་ཡང་ཆུ་སེར་གྱི་རིགས་གྲང་བ་རྣམས་ལ་མེ་དམིགས་དང་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་འདུག་སྟངས་དྲང་སྲོང་ཙོག་པུ་སོགས་བྱ༔ བརྒྱལ་ནད་སྨྱོ་འབོག་རེངས་བ་སོགས་ལ་རླུང་གནད་ཧ་སྤྲུག་དང་འཁྲུལ་འཁོར་འབེབས་ཆུང་འདུག་སྟངས་གང་བདེ་ལ་བསླབ༔ སྨན་མར་སོགས་བསྟེན་པ་དང་རླུང་བསྲང་བརྡུང་༔ རུས་ཁུ་སྲེ་ལོང་སོག་ཡུ་སོགས་ཀྱི་ཐང་བཏང་རླུང་མཁྲིས་བད་ཀན་འདུས་པ་སོགས་ཀྱི་རིགས་ལ༔ རབ་ཀྱིས་ནད་ཐོག་ཏུ་རོ་སྙོམས་ཆོས་ཉིད་ཀྱི་ངང་དུ་བསྲེ་དེས་སེལ་ལོ༔ འབྲིང་གང་ན་སར་བླ་མ་བསྒོམ་ཞིང་གསོལ་བ་ཕུར་ཚུགས་སུ་གདབ་དེས་སེལ་ལོ༔ ཐ་མས་སྨན་སྦྱོར་དང་ཕན་བྱའི་རིགས་གང་འོས་སུ་བྱའོ༔ གཉིད་གཡེར་ཞིང་ཤེས་པ་རྒོད་ན་སྒོ་གསུམ་རྣལ་དུ་དབབ༔ ཐུན་ཆུང་གྲངས་མང་དུ་བྱས་ཏེ་སྒོམ༔ ལུས་བྱིང་ཁམས་ཉོག་ཤེས་པ་འཐིབ་ན༔ རླུང་ལན་གསུམ་འབུད༔ གོས་བསྲབ་པར་བྱ༔ ལུས་ལི་ཁྲི་ལྟར་སྒྲིམ༔ ལུས་སྟོད་ཀྱི་ཚོགས་ན་བ་དང་༔ གཟེར་བ་བྱུང་ན་ཧཱུྃ་རིང་དང་ཧས་སྤྲུག༔ རོ་སྟོད་གསིག་ཅིང་གཅུན༔ མགོ་བོ་ན་ན་སྒྲིལ་ཞིང་བསྐོར༔ ལུས་ཁོལ་བུར་ན་ན་རླུང་བཟུང་དྲག་ཏུ་ཕུར༔ སྨད་ན་ན་བསྐོར་ཞིང་གདབ༔ སྦོས་ཤིག་འཁྲོག་ན་རྒྱ་མཚོ་བསྐོར་ཞིང་བཅག༔ འོག་སྒོ་གློད་པ་དང་འབེབས་ཆུང་མང་དུ་བྱ༔ བདེ་བ་རྒྱས་ན་རང་ཉིད་དབང་ཆེན་རྟ་མགྲིན་ཏུ་བསྒོམ་ཞིང་༔ ཡུམ་རྡོ་རྗེ་ཕག་མོ་ལ་སྙོམས་འཇུག་སྤྱད་པས་བདེ་སྟོང་ཡེ་ཤེས་ཀྱི་ཚོགས་སུ་ལམ་ལམ་བསམས་ཤིང་རླུང་བཟུང་༔ འབར་འཛག་སྦྱང་༔ ཧཱུྃ་གིས་འདྲེན་ཧས་སྤྲུག་ཕཊ་ཀྱིས་དགྲམ་ཞིང་མཐར་ཡན་ལག་ལྔ་སྦྱོང་རེ་བྱ༔ ཐིག་ལེ་ཟགས་ན་མེ་ཏོག་ལུག་མིག་གྲིབ་སྐམ་བྱས་པའི་ཕྱེ་མ༔ རྩྭ་རྟག་ངུ་༔ པདྨ་རཀྟ་རྣམས་བུར་དཀར་གྱིས་རྟ་བྱས་ཏེ་ནང་རེ་བཞིན་བསྟེན་པས་སེལ་ལོ༔ གདོན་གྱིས་འཛག་པ་ན༔ དུད་པ་རལ་བ་གྲི་ཁྲག་པདྨ་རཀྟ་རྣམས་སྦྱར་ཏེ་རྡོ་རྗེའི་རྩེ་མོ་ལ་བྱུག་པས་སེལ་ངེས་སོ༔ མཚམས་ལ་ཞུགས་ཚེ་ལོག་རྟོག་མང་པོ་འཕྲོ་ན༔ བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་གདབ༔ དམ་བཅའ་དྲག་པོའི་ངང་ནས་ཉམས་ལེན་ལ་བརྩོན་པར་བྱའོ༔ བར་དོའི་སྣང་བ་དང་རིགས་དྲུག་གི་གནས་སྣང་ཤར་དུས་ཐོས་ཆུང་ཤེས་རྒྱུད་རྨོངས་པ་རྣམས་དངངས་སྐྲག་སྐྱེ་ཞིང་འཇིགས་ན༔ ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་གསལ་ཞིང་བླ་མས་སྣང་བའི་ཡུལ་གྱི་མངོན་སྣང་དུ་ཤར་བ་འདི་ཐམས་ཅད་བློ་འདས་སྟོང་བ་ཉིད་ལ་ངོ་སྤྲོད་འདེབས༔ དབྱིངས་རིག་གི་འོད་གསལ་ལ་ཞེན་འཛིན་ཤར་ན་ཁྲེགས་ཆོད་སྐྱེ་བ་མེད་པའི་རང་མདངས༔ ལྷུན་གྲུབ་ཀྱི་ངོ་བོ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་མཐའ་གཉིས་དང་བྲལ་བ་ལ་ངོ་སྤྲོད་འདེབས༔ ཁྲེགས་ཆོད་ཀ་དག་ཆེན་པོའི་ཏིང་འཛིན་ཁོ་ན་ལ་འབྱམས་ན༔ ལྷུན་གྲུབ་འོད་གསལ་གྱི་སྣང་བ་མི་ཟིན་པའི་དོགས་ཡོད་པས༔ དེ་ལ་ཤར་གྱི་སྐར་ཁུང་ཅུང་ཟད་རེ་ཕྱེ་ལ༔ ཉི་ཟེར་ལ་ལྟ་བ་དང་རྒྱ་མཚོ་ཨར་ལ་གཏད༔ ཐུན་ཉུང་ལ་གྲངས་མང་བར་བྱའོ༔ ལར་གེགས་འབྱུང་བའི་རྒྱུ་ནི་སྔོན་ལས་དང་འཕྲལ་རྐྱེན་གཉིས་ཡིན་ཏེ༔ སྔོན་ལས་ཀྱི་སྡིག་སྒྲིབ་ཚབས་ཆེ་ཞིང་དགེ་བའི་བསགས་རྒྱབ་ཆུང་བའི་རིགས་ཀྱི་འགྲོ་བ༔ གསང་སྔགས་ཟབ་མོའི་ཆོས་དང་མི་མཇལ༔ གལ་སྲིད་མཇལ་ཀྱང་གེགས་ལ་སོགས་པ་མདོར་ན་ཆོས་དེ་ཉམས་སུ་ལེན་པ་ལ་བར་གཅོད་མང་དུ་འོང་བ་ཡིན་པས༔ གེགས་དེ་བསལ་བའི་ཐབས་ནི༔ སྐྱབས་འགྲོ་དང་སེམས་བསྐྱེད་གཙོ་བོར་འདོན་ཞིང་ཚོགས་གསོག་སྒྲིབ་སྦྱང་ལ་འབད༔ ང་འཁོར་བ་ཐོག་མ་མེད་པ་ནས༔ སྡིག་སྒྲིབ་ཀྱིས་གཉའ་མནན་ཏེ་འཁོར་བར་འཁྱམས༔ ལས་ངན་གྱི་ཁ་བརྒྱུད༔ ལུས་ངན་གྱི་གཟུགས་བཟུང་༔ སྡུག་བསྔལ་གྱི་འདམ་དུ་ཚུད་སྐྱེ་འཆིའི་ཁ་ལོ་སྒྱུར༔ ད་ལམ་མུན་ནག་གི་ནང་དུ་ཤིང་ལོ་མེར་བསྲེགས་པ་ཙམ་གྱི་གསལ་སྐབས༔ མི་ལུས་ཀྱི་ཕུང་པོ་འདི་ཐོབ་པའི་ངང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་ལྟ་བུ་ཐོས་པའི་སྐལ་ལྡན་དུ་གྱུར་ཀྱང་༔ ཉམས་ལེན་གྱི་སྐལ་བ་དང་མི་ལྡན་པར་གེགས་དང་གོལ་ལམ་འདི་འདྲ་བ་འོང་འདུག་པ་ལས་ངན་གྱི་དབང་གིས་བྱས་པ་ཡིན་འདུག་པས༔ སྙིང་རྩ་ལ་མདུད་པ་བོར་ཏེ་ལུས་དང་སྲོག་ལའང་མི་བལྟ་བར༔ སྐྱབས་སེམས་སྒྲིབ་སྦྱང་སྔོན་དུ་འགྲོ་བའི་ངང་ནས༔ སྙིང་པོ་མཆོག་གི་ཉམས་ལེན་འདི་མཐར་མི་སྐྱེལ་རེ་སྙམ་པའི་དམ་བཅའ་དྲག་པོ་རྒྱུད་ལ་འདེབས་ཤིང་༔ དར་དྲག་ལ་ཡུན་རིང་བར་བརྩོན་འགྲུས་ཆོས་ལ་བརྩམ་མོ༔ འཕྲལ་གྱི་རྐྱེན་ཞེས་པ་རྟེན་འབྲེལ་ཐམས་ཅད་ཀྱི་འབྱུང་གནས༔ བྱིན་རླབས་དང་ཉམས་རྟོགས་ཐམས་ཅད་ཀྱི་རྩ་བ༔ ལུང་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་སྐྱེ་མི་སྐྱེ་གདམས་པ་དང་བླ་མ་ལ་དད་པ་ཆེ་ཆུང་གི་ན་རིམ་ལས་འབྱུང་བ་ཡིན་ཏེ༔ སངས་རྒྱས་དང་ཆོས་དང་སྐུ་དང་ཞིང་ཁམས་ཐམས་ཅད་འདུས་པའི་བདག་ཉིད་བླ་མ་ཁོ་ན་སྟེཿ གང་གིས་བླ་མ་དེ་ཆོས་ཀྱི་སྐུ་རུ་མཐོང་ཞིང་ཡང་དག་པའི་དད་མོས་ཀྱི་གདུང་བ་མཆོག་དང་ལྡན་པ་རྣམས་ལ་ནི༔ ཉམས་རྟོགས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་རྩོལ་མེད་དུ་རྒྱུད་ལ་སྐྱེ་བར་འགྱུར་བ་གདོན་མི་ཟ༔ དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལ་སོགས་ཀྱི་རྣམ་པའམ༔ སྐུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཏུ་ཤེས་པའི་དད་པ་ཐུན་མོང་མ་ཡིན་པའི་ངང་ནས༔ བླ་མའི་རྣལ་འབྱོར་སྙིང་ནས་བསྒོམ་ཞིང་གསོལ་བ་ཡང་དག་པར་གདབ༔ བླ་མ་མཆེད་གྲོགས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་ཀྱི་དམ་ཚིག་ཉམས་ཆག་ཡོད་ན་གེགས་སྣ་ཚོགས་འབྱུང་བས༔ བསྐང་བཤགས་བྱ་ཚོགས་འཁོར་བསྐོར་དབང་ཞུ༔ མདོར་ན་དད་པ་དང་དག་སྣང་ངེས་འབྱུང་སྐྱོ་ཤས་སུ་བཟང་བ་ལ་གེགས་དང་བར་ཆད་ཐམས་ཅད་བྲལ༔ དེ་རྣམས་རྒྱུད་ལ་མི་ལྡན་ཕྱིན་ཆད་ཆོས་འདིའི་སྣོད་དུ་མ་གྱུར་པས་གེགས་ཀྱི་དབང་དུ་མི་འགྲོ་བ་ཀ་མེད༔ ཁྱད་པར་དུ་འོད་གསལ་བསྒོམ་པའི་རྣལ་འབྱོར་པ་ལ༔ གེགས་ཀྱི་ཆེ་བ་ནི་གསལ་བྱེད་ཆུའི་སྒྲོན་མ་ལ་འབྱུང་དོགས་པས༔ གེགས་དང་བར་ཆད་བྱུང་ན་འགྲོལ་བའི་གདམས་པ་ནི༔ རྩྭ་ཨ་ཝ༔ བྲག་ཞུན༔ ཅོང་ཞི༔ སྦྲུལ་སྔོན་པོའི་ཤ༔ འབྲས་བུ་གསུམ༔ དོམ་མཁྲིས༔ ཁྱི་ནག་པོའི་མཁྲིས་པ༔ སྤྲེའུ་ཡི་མཁྲིས་པ༔ རྟ་ནག་པོའི་མཁྲིས་པ༔ སྐྱེས་དར་མ་ནད་གཅོད་ཡུན་རིང་གིས་མ་མནར་བའི་མཁྲིས་པ༔ འུག་པའི་མཁྲིས་པ༔ སྔོ་རྟག་ངུ་རྣམས་སྦྲང་ཀར་དང་སྦྱར་ཏེ་རྩ་སྟོང་ཐོ་རེངས་ཀྱི་ཆར་ཟླ་བ་གསུམ་བསྟེན་ན༔ ཤའི་སྤྱན་འཐོབ་ཅིང་འོད་གསལ་གྱི་སྣང་བ་ཆེས་ཆེར་འཕེལ་བར་འགྱུར་རོ༔ སྲིན་བུ་མེ་ཁྱེར༔ ལྷང་མ་ལྷང་འཚེར༔ བྱ་མོ་ནག་མོའི་སྒོ་ངའི་སེར་ཐིག་དང་སྦྱར་ཏེ༔ རང་གི་མིག་ལ་གླན་ཏེ་འོད་གསལ་བསྒོམས་པས་འོད་ཀྱིས་ཡུལ་གྲུ་ལུང་པ་སོགས་ཁེངས་པ་འཆར་རོ༔ མིག་ཚག་པ་དང་༔ ཚ་བ་དང་༔ འབྱར་བ་དང་༔ འགྲིབ་པ་ལ་མཚལ་དཀར༔ སྤང་མ༔ མཐིང་ཤུན་གསུམ་མཉམ་ལ་ཁྱེའུ་ནུ་འཐུང་གི་འོ་མ་དང་སྦྱར་ལ་བྱུག་པས་སེལ་ལོ༔ ཡང་ཚ་བ་ཤས་ཆེ་ན་དཔྲལ་བའི་མིག་རྩ་འཕྲེད་ཉལ་གྱི་སྟེང་དུ་ག་པུར་དང་ཙན་དན་དཀར་པོའི་འདེ་གུས་བྱུག༔ གྲང་ཤས་ཆེ་ན་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭའི་འདེ་གུས་བྱུག་གོ༔ ཡང་སྐྱེར་པའི་ཁཎྜ་དང་༔ གཟི་ནག་ཁྲའི་ཕྱེ་མ་བྱ་མོ་ནག་མོའི་སྒོ་ངའི་སེར་མོ་དང་གསུམ་རའི་འོ་མར་སྦྱར་ཏེ༔ ཚེས་གཅིག་གནམ་སྟོང་ཉའི་ནང་པར་སྔ་མོ་ཆུ་གྲང་མོར་དཀྲུགས་ལ་རང་གི་མིག་ཏུ་བྱུག་པས་མིག་གསལ་ལོ༔ ཡང་རྡོ་སྦུར་ལེན་གྱི་ཕྱེ་མ༔ སྦྲང་དཀར་དང་སྦྱར་བ་བྱུག་པས་སྐྱ་རིབ་ལ་སོགས་འགྲིབ་པ་ཀུན་སེལ༔ ཡང་ཤེལ་དང་༔ ཐོད་ལེ་སྐོར་དང་༔ ག་པུར་དང་༔ གླ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ཏེ་བྱུག་ན་འོད་འཕེལ་ལོ༔ ཡང་རྡོ་སྨུག་པོ་སྦལ་རྒྱབ་དང་༔ རམ་པའི་རྩ་བ་དང་༔ ཞུན་ཐིག་ལེ་དང་༔ ས་རམ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ཏེ་བྱུག་ན༔ མིག་བསྒྲིབས་པ་ཡང་ཞག་བདུན་ན་ཕྱེད་དོ༔ ཡང་རག་ཐལ་དང་ཐོད་ལེ་ཀོར་གཉིས་འོ་སྤྲིས་དང་སྦྱར་ནས་བྱུག་ན༔ སྐམ་ཚག་དང་༔ དམར་ཚག་དང་༔ སྐྱ་རིབ་སེལ་ལོ༔ མཚན་མོ་མར་གསར་བའི་བྱུག་པ་ལྟག་ཁུང་དང་ལྟེ་ཁུང་གཉིས་སུ་བྱུག་པས༔ མིག་ཤེད་ཆེ་ཞིང་སྐམ་ཚག་སེལ་ལོ༔ གོ་སྙོད་དང་གླ་རྩིའི་ཆུས་དགོངས་མོ་ལྟེ་ཁུང་དུ་བྱུགས་ཏེ་གང་དུ་ཕྱིན་ཀྱང་ཁ་བས་མིག་མི་འཕྱིད་དོ༔ ཡང་ཞོགས་པ་སྔ་མོ་ལག་མཐིལ་གཉིས་ཀྱིས་མིག་འཕུར་ཏེ་ཆུས་བཀྲུས་པས་སྒྲིབ་ཤ་བཅད་པ་སྟེ༔ སྐྱ་རིབ་ཀྱིས་འགྲིབ་པ་སེལ་ལོ༔ ལྟོ་སྟོང་དུ་ཟན་དྲོན་མར་ཅན་གྱི་རླངས་པ་མིག་ལ་བདུག་ནས༔ ཨཱོཾ་སྲིན་ལོང་༔ ཉེར་གཅིག་བརྗོད་ནས་ཟན་རང་གིས་ཟོས་པས་ཤ་འཛེར་ཞིའོ༔ ཡང་གླ་རྩི་ཀ་ར་ཅུ་གང་ཞུན་ཐིག་ལེ་རྣམས་བཏབ་ནས༔ ཨཱོཾ་ལིང་ལིང་ཐོག་ཐོག་ཨ་ཙ་ལི་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བཏབ་ནས༔ ཕུག་རོན་གྱི་དུངས་རུས་ཕྱགས་པས་ལིང་ཏོག་སེལ་ལོ༔ ཨཱོཾ་ཡ་མ་དན་ཏི་སྭཱ་ཧཱ༔ བདུན་བརྗོད་མིག་ལ་མཆིལ་མ་བྱུགས་ཏེ༔ ཕུར་བས་མིག་ཏུ་རྡུལ་སོང་བ་སེལ་ལོ༔ ཡང་དུས་གཉེན་ལ་ཟན་མཐེབ་སྐྱུ་རེ་སྒྲེས་ལ་བོར་བས་ལོང་བར་མི་འགྱུར་རོ༔ ལར་ནི་མིག་ནད་ཀུན་ལ་ནང་དུ་སྨན་མར་སྦྱར་ཏེ་ཟ་བ་དང་༔ སྤྱོད་ལམ་ངལ་དུབ་དྲག་ཤུལ་གྱི་ལས་དུས་བཞི་ལོག་པའི་ཟས་གོས་དང་སྤྱོད་ལམ་སོགས་སྤང་ཞིང་༔ དབྱར་ནི་རི་རྩེ་གངས་འདབས་ལ་སོགས་དྭངས་ཤིང་མཐོ་བའི་སར་བསྒོམ༔ དགུན་ནི་ས་ཕུག་ནགས་ཁྲོད་ལ་སོགས་འཐིབ་ཞིང་དྲོ་བའི་སར་བསྒོམ༔ དཔྱིད་ནི་རི་ངོས་དང་མཚོ་གླིང་ལ་སོགས་དགའ་ཞིང་སྤྲོ་བའི་སར་བསྒོམ༔ སྟོན་ཀ་སྨན་ལྗོངས་དང་ཆུ་ཀླུང་འགྲམ་དང་༔ རིའི་སྟེང་ལ་སོགས་པ་ཤིན་ཏུ་ཡིད་དང་མཐུན་པར་བསྒོམ༔ དེ་དག་རྣམས་ནི་ཕྱི་ནང་རྟེན་འབྲེལ་གྱི་ཁྱད་པར་ཆེ་བས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་འཁྲུལ་སྣང་རང་གྲོལ་གྱིས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།

ཞལ་གདམས་རིན་ཆེན་ཕྲེང་བ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཞལ་གདམས་རིན་ཆེན་ཕྲེང་བ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་དོན༔ ཁྲིད་རྒྱབ་ཞལ་གདམས་མན་ངག་ཅིག༔ སློབ་དཔོན་རྗེ་ལ་ལུང་ཞུས་ནས༔ ཁོ་མོས་ཕྱི་རབས་དོན་དུ་འདྲི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དེ་ཡང་བདེ་གཤེགས་སྙིང་པོ་བསྒོམ་པ་ཞེས་མིང་ཚིག་ཏུ་བརྗོད་པའི་ཐེག་པ་མང་ཡང་༔ དོན་མངོན་སུམ་དུ་སྟོན་ནུས་པའི་ཐེག་པ་ནི་ཡང་གསང་བླ་ན་མེད་པ་འདི་ཁོ་ན་སྟེ༔ དཔེར་ན་རིའི་རྒྱལ་པོའི་རྩེ་མོ་ལ་གང་ཟག་གཅིག་སླེབས་ན༔ གླིང་དང་གསེར་རི་རོལ་མཚོ་ལྕགས་རི་ལ་སོགས་ཀྱི་བཀོད་པ་དབང་པོའི་ཡུལ་དུ་མངོན་སུམ་དུ་གསལ་ཞིང་༔ ཡིད་གཉིས་ཀྱིས་འཛིན་པའི་ཐེ་ཚོམ་རྣམས་དང་ཡོངས་སུ་བྲལ་ཞིང་༔ བཀོད་པ་དེ་རྣམས་མངོན་སུམ་དུ་མཐོང་བས་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལྟར༔ ཐེག་པ་མཆོག་གི་སྒོ་འདིར་ཞུགས་པའི་རྣལ་འབྱོར་བ་རྣམས་ཀྱི་དབང་པོའི་ཡུལ་ཡེ་ཤེས་མངོན་སུམ་དུ་གསལ་བ་ལ༔ ཚུལ་བཞིན་ཉམས་སུ་བླངས་པས་སྐད་ཅིག་དང་པོ་ལ་བྱེ་བྲག་ཕྱེད་དེ༔ སྐད་ཅིག་གཉིས་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་མཚན་ཉིད་རྟོགས། སྐད་ཅིག་གསུམ་པ་ལ་སྣང་བ་བཞི་མཐར་ཕྱིན་ཏེ་འབྲས་བུ་ཟད་སར་འཁྱོལ་བ་སྟེ༔ གོལ་འཕྱུག་དང་སྒྲིབ་གཡོགས་ཀྱི་ཡུལ་ལས་འདས་པའོ༔ ཐེག་པ་འོག་མ་རྣམས་ནི་རི་རབ་མ་མཐོང་བའི་མིས༔ རི་རབ་དང་གླིང་བཞིའི་ཆགས་ལུགས་བཀོད་པ་རྣམས་གླེང་མོ་བྱེད་ཅིང་ཡིད་དཔྱོད་ཀྱིས་གཏན་ལ་དབབ་ཀྱང་༔ ཐེ་ཚོམ་ལས་མེད་དེ་ཇི་ལྟ་བ་བཞིན་གཏན་ལ་མི་ཕེབས་པ་དང་འདྲའོ༔ དེས་ན་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་པའི་གདམས་པ་ཟབ་མོ་འདི་ཉམས་སུ་ལེན་པའི་གང་ཟག་ལ་ཉམས་སྣང་བ་བཞི་འབྱུང་བ་ཡིན་ཏེ༔ རིག་པ་མངོན་སུམ་གྱི་སྣང་བ་དང་༔ ཉམས་གོང་འཕེལ་གྱི་སྣང་བ་དང་༔ རིག་པ་ཚད་ཕེབས་ཀྱི་སྣང་བ་དང་༔ ཆོས་ཉིད་ཟད་པའི་སྣང་བའོ༔ དེ་ལ་རིག་པ་མངོན་སུམ་མམ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ གནད་རྣམ་པ་གསུམ་གྱི་སྒོ་ནས་མཐོང་བ་ཡིན་ཏེ༔ དེ་ཡང་མངོན་ཞེས་པ་དབང་པོའི་གནད་ཕེབས་པ་ལ་ཟེར་རོ༔ གསུམ་ཞེས་པ་སྒོ་དང་ཡུལ་དང་རིག་པའི་གནད་གསུམ་ལ་བརྟེན་ནས༔ རང་རིག་ཡེ་ཤེས་ཀྱི་སྣང་བ་སྒྲིབ་གཡོགས་དང་བྲལ་བ་གསལ་ལ་རྗེན་པ་མིག་གི་ཤེས་པའི་ཡུལ་དུ་སྣང་ནུས་པའོ༔ སྣང་ཞེས་པ་ནམ་མཁའ་དང་རིག་པ་དབྱེར་མེད་སྒྲིབ་གཡོགས་དང་བྲལ་བར་སྣང་ནུས་པའོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ སྣང་བའི་ཉམས་དང་ཤེས་པའི་ཉམས་སོ༔ སྣང་བའི་ཉམས་ནི་རིམ་པར་གོང་འཕེལ་དུ་འཆར་ཞིང་༔ ཤེས་པའི་ཉམས་ནི་བློའི་འཛིན་རྟོག་དུ་གྱུར་པ་འགྱུར་བའི་རང་བཞིན་ཅན་ཡིན་ཏེ༔ སྣང་བའི་འོད་གསལ་ལ་རྩེ་གཅིག་ཏུ་བསྒོམས་པས་ཉམས་ཀྱི་སྣང་བ་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་རོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ ཐིག་ལེ་དང་ལུག་རྒྱུད་སྐུ་རུ་ཤར་བའི་ཚེ་ཡིན་ཏེ༔ འབྱུང་བཞི་འོད་གསལ་དུ་གྲོལ་བར་འགྱུར་རོ༔ བཞི་པ་ཆོས་ཉིད་ཟད་པ་ནི༔ སྐུ་གསུམ་གྱི་ཞེན་པ་ལམ་དུ་ཟད་ནས་ཡེ་ཤེས་ཀྱི་སྣང་བ་སྐུ་གསུམ་གྱི་རོལ་པར་ཤར་ཚེ་འོད་ཀྱི་གསེབ་ན་སེན་མོའི་འོད་ཙམ་སྣང་བའི་དུས་སུ་འགྲོ་བའི་དོན་བྱེད་པར་འདོད་ན༔ འོད་ལ་མ་གཏད་པར་སེན་མོ་ཉིད་ལ་གཏད་དེ་ཡུན་རིང་དུ་བསྒོམས་པས༔ སྣང་བའི་ཡེ་ཤེས་དེ་རང་ལོག་ནས་འཕོ་བ་ཆེན་པོའི་སྐུ་འགྲུབ་སྟེ་དུས་གསུམ་ཀུན་ཏུ་འགྲོ་བའི་དོན་འབྱུང་བར་འགྱུར་རོ༔ དེ་ལྟ་བུའི་གདམས་པ་དེ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གི་སྒོ་གསུམ་གྱི་བྱ་བ་བཏང་དགོས་ཤིང་༔ སྐུ་གསུམ་གྱི་བཞུགས་སྟངས་ལ་བསླབ་དགོས་པའོ༔ དང་པོ་ལུས་ཀྱི་བྱ་བ་ཚེ་འདིའི་ཉེར་ལེན་ཚོང་དང་སོ་ནམ་ཁེ་དྲག་གི་ལས་རྣམ་གཡེང་གི་བྱ་བྱེད་ཕྱག་སྐོར་ལ་སོགས་ཆོས་སྤྱོད་ཕྱི་མ་ཐམས་ཅད་བཏང་༔ གཉིས་པ་ངག་གི་བྱ་བ་ཕྱི་འཁྲུལ་པའི་ལོང་གཏམ༔ ནང་ཆོས་སྤྱོད་ཀྱི་འདོན་བརྗོད་གསང་བ་བཟླས་བསྒོམ་སྙིང་པོ་ལ་སོགས༔ དང་པོ་ཉུང་ངུ་ལ་བསླབ་ཅིང་མཐར་པི་ཝང་གི་གསང་ཐག་བཅད་པ་ལྟར་ལྐུགས་པ་སྒྲ་མེད་དུ་གནས་པར་བྱའོ༔ གསུམ་པ་སེམས་ཀྱི་བྱ་བ་ཕྱི་སེམས་དང་སེམས་བྱུང་གི་འཁྲུལ་རྟོག༔ ནང་སྒོམ་སྒྲུབ་ཀྱི་བསྐྱེད་རིམ༔ གསང་བ་ཡར་གྱི་རེ་བ་དང་མར་གྱི་དོགས་པ་རྣམས་སྨྲ་བསམ་བརྗོད་མེད་དུ་ལ་བཟླས་ཏེ་བྱ་བ་དགུ་བྲལ་དུ་གནས་པར་བྱའོ༔ གཉིས་པ་སྐུ་གསུམ་གྱི་བཞུགས་སྟངས་ནི༔ ཆོས་སྐུ་སེང་གེའི་འདུག་སྟངས་ཞེས་པ་རྐང་མཐིལ་གཉིས་ས་ལ་སྦྱར༔ ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་རྐང་པའི་མཐེ་བོའི་རྩར་ཕབ་སྟེ༔ རོ་སྟོད་སེང་གེ་ལྟར་གསིག༔ རྩལ་འགྱིང་པ་ལ་བོར་ཏེ་དབང་པོ་ཡུལ་ལ་བགྲད་དེ་བལྟ་བར་བྱའོ༔ ལོངས་སྐུ་གླང་ཆེན་ཁ་སྤུབ་ཞེས་པ་པུས་མོ་དང་བྲང་གཉིས་སྦྱར་ནས༔ རྐང་སོར་གཉིས་ཕྱིར་ཕུལ་གྲུ་མོ་ས་ལ་བཙུགས་ཏེ་འཇིང་པ་གྱེན་ལ་འདེགས་ནས་དབང་པོ་ཡུལ་ལ་འཕྲེད་དུ་བལྟ་བར་བྱའོ༔ སྤྲུལ་སྐུ་དྲང་སྲོང་ཙོག་པུ་ཞེས་བྱ་བ་རྐང་མཐིལ་གཉིས་ས་ལ་ཕབ་ནས་ལོང་བུ་གཉིས་གཤིབ༔ པུས་མོ་བྲང་ལ་སྦྱར་ཏེ་ལག་གཉིས་གཡས་གཡོན་གྱི་གྲུ་ཚིགས་ནས་བཟུང་ནས་སྒལ་ཚིགས་བསྲང་ཞིང་༔ འཇིང་པ་དགྱེ་དགུ་དྲང་པོའི་ངང་ནས་ཟིམ་བུས་ཟུར་ལ་ཕབ་ཏེ་བལྟའོ༔ དེ་ལྟར་སྒོ་གསུམ་གྱི་བྱ་བ་བཏང་ཞིང་སྐུ་གསུམ་གྱི་བཞུགས་སྟངས་ལ་བསླབས་པས་ཐབས་མང་ལ་དཀའ་བ་བྲལ་བའི་སྒོ་ནས་ཡེ་ཤེས་སྐད་ཅིག་ཉིད་ལ་འཆར་བར་འགྱུར་བ་ཡིན་ཏེ༔ ལུས་ཀྱི་འདུ་བྱེད་བོར་བས་འབྱུང་བའི་ཁམས་མི་འཁྲུག་ཅིང་ཡེ་ཤེས་འཆར་བའི་གཞི་བྱེད་པ་དང་༔ ངག་གི་བྱ་བ་བཏང་བས་ལས་རླུང་རང་སོར་རྒྱུ་ཞིང་༔ རླུང་དལ་བས་རྣལ་འབྱོར་བ་ཚེ་རིང་བ་དང་༔ རྩ་ཀ་ཏི་ཤེལ་སྦུག་ཅན་དུ་རླུང་གི་འགྱུ་བ་རན་པར་རྒྱུ་བས༔ ཡེ་ཤེས་རང་ས་མྱུར་དུ་ཟིན་པ་དང་༔ སེམས་ཀྱི་བྱ་བ་བཏང་བས་ཁྲེགས་ཆོད་རང་བབས་ཀྱིས་འཆར་བ་སྟེ༔ མདོར་ན་ཕྱིའི་ནམ་མཁའ་རྐྱེན་དང་བྲལ་བ༔ ནང་གི་ནམ་མཁའ་མིག་དང་སྙིང་དུ་འབྲེལ་བ་རྩ་དར་དཀར་གྱི་སྐུད་པ་ཙམ་འཇམ་ལ་མཉེན་པ༔ ཁྲག་དང་ཆུ་སེར་སོགས་མེད་པ༔ བ་མན་གྱི་རྭ་ལྟ་བུའི་རྩ་སྦུབས་སྟོང་བ་དང་༔ གསང་བའི་ནམ་མཁའ་སྙིང་མཆོང་གུར་སྨུག་པོའི་གཞལ་ཡས་ན་རྩ་རྒྱས་མཆོག་གསེར་གྱི་ཉི་མ་ཅན་ཞེས་བྱ་བ༔ ཆོས་སྐུ་ཡེ་ཤེས་ལྔ་ལྡན་རང་བྱུང་གི་འོད་ཟེར་དང་བཅས་པར་དྭངས་སེང་ངེར་བཞུགས་པ་རྣམས༔ རང་བཞིན་གྱིས་དྭངས་པ་དང་༔ བརྟན་པ་དང་༔ རྩོལ་མེད་དུ་ཟིན་པ་ལ་སོགས་པའི་དགོས་པ་ཡོད་ཅིང་༔ ཁྱད་པར་དུ་སྐུ་གསུམ་གྱི་བཞུགས་སྟངས་བྱས་པས༔ ཡེ་ཤེས་ཀྱི་གཞི་མཆོང་གུར་སྨུག་པོ་ལས་ལམ་ཀ་ཏི་ཤེལ་སྦུག་ཅན་ནས༔ སྒྲོན་མ་མིག་གི་ཡུལ་དུ་ཡེ་ཤེས་ཀྱི་སྣང་བ་ཕྱི་དབྱིངས་རྐྱེན་བྲལ་དུ་གསལ་བར་འགྱུར་བའི་དགོས་པ་ཡོད་པའོ༔ དེ་ལྟར་སྒོ་གསུམ་གྱི་རྩོལ་བ་ལ་བརྟེན་ནས་ཉམས་སུ་བླངས་པས༔ སྒོའི་གནད་སོ་བ་ལྟ་བུ་ལ༔ ཡུལ་གྱི་གནད་མགྲོན་པོ༔ རླུང་གི་གནད་ཇག་པ་ལྟ་བུ་དང་འདྲ་བ་ཡིན་ཏེ༔ དེ་ཡང་སོ་བས་ཐེབས་ཚེ་ཇག་པ་འཁྱུག་དབང་མེད་པ་དང་འདྲ་བ་ལྟར༔ དབང་པོའི་སྒོ་མ་འགུལ་བས་རླུང་རང་བཞིན་གྱིས་དལ་སྟེ༔ མགྲོན་པོ་རང་ཡུལ་དུ་ཕྱིན་ནས་སྡོད་པ་ལྟར༔ རིག་པ་ཡུལ་དུ་མངོན་སུམ་དུ་མཐོང་ངོ་༔ དེ་ཡང་ཡུལ་མེད་ན་གཞི་མེད༔ སྒོ་མེད་ན་ལམ་མེད༔ རླུང་མེད་ན་ཤེས་རབ་བྲལ་བས༔ དེས་ན་གནད་གསུམ་ལ་བསྣུན་པ་ཁག་ཆེའོ༔ དེ་ལྟར་གནད་གསུམ་བསྣུན་ཏེ་ཉམས་སུ་བླངས་ཚེ༔ རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ༔ འཇའ་ཚོན་ལྟ་བུའམ༔ རྨ་བྱའི་མདོངས་ལྟ་བུ་འཆར་རོ༔ དེའི་ནང་དུ་ཐིག་ལེ་སྟོང་བའི་སྒྲོན་མ་ཞེས་བྱ་བ༔ ཀོ་མོག་ཏུ་རྡོ་སྐྱུར་བ་ལྟ་བུ་དང་༔ ཕུབ་ཀྱི་སྦ་ཀོར་ལྟ་བུའི་ནང་དུ་ཐིག་ལེ་ཡུངས་འབྲུ་ཙམ་དང་སྲན་མ་ཙམ་དུ་འཆར་རོ༔ དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་རྟ་རྔ་ལ་མདུད་པ་ལྕགས་ཐག་ལྟར་བོར་བའི་རྣམ་པ་དང་༔ མུ་ཏིག་རྩ་ལ་བརྒྱུས་པ་ལྟ་བུ་དང་༔ མེ་ཏོག་གི་དྲ་བ་རླུང་གིས་སྐྱོད་པ་ལྟ་བུ་དང་བཅས་པ་ཐམས་ཅད་ཀྱང་གཉིས་འབྲེལ་དང་༔ གསུམ་འབྲེལ་ལ་སོགས་པ་འཆར་ཏེ༔ དེ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བའོ༔ དེ་ནི་དབྱིངས་རིག་འདུ་འབྲལ་མེད་པར་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་པའོ༔ དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད༔ དེ་རྣམས་གནས་ས་ཙིཏྟའི་ནང་དུ་གནས་ཤིང་༔ ལམ་ཀ་ཏི་ཤེལ་སྦུག་ནས་དབང་པོའི་ཡུལ་དུ་རྐྱེན་བྲལ་གྱི་ནམ་མཁའ་ལ་འཆར་བའོ༔ དེས་ན་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ལ་སོགས་ཏེ༔ བློས་འཛིན་པའི་ལྟ་བ་རྣམས་ཡོངས་སུ་ནུབ་པའོ༔ དེ་ནས་ཉམས་གོང་འཕེལ་ནི༔ གོང་གི་དེ་རྣམས་ཉམས་སུ་བླངས་པས༔ དབྱིངས་དང་རིག་པ་རེས་གསལ༔ རེས་མི་གསལ་བ་འབྱུང་ངོ་༔ ད་དུང་ཉམས་སུ་བླངས་པས་དབྱིངས་རིག་སྨིན་ཕྲག་ལས་བྲལ་ཏེ༔ དབང་པོའི་དངོས་པོ་དང་བྲལ་བ་འབྱུང་ངོ་༔ ཐིག་ལེ་ཡང་སྲན་མ་ཙམ་དུ་འགྲོའོ༔ ད་དུང་ཉམས་སུ་བླངས་པས་འོད་ལྔའི་སྣང་བ་དང་༔ གྱེན་འགྲེང་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེའི་རྣམ་པ་དང་༔ རྩིབ་ཤར་གྱི་རྣམ་པ་ལྟ་བུ་རྣམས་འབྱུང་ཞིང་༔ འོད་དེ་དག་གིས་རང་མདུན་ཐམས་ཅད་ཁྱབ་པར་འཆར་རོ༔ ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་རོ༔ ད་དུང་ཉམས་སུ་བླངས་པས་དབྱིངས་ཀྱི་སྣང་བ་ལ་རིན་པོ་ཆེའི་དྲ་བ་དང་༔ འོད་ཀྱི་དྲ་བ་དང་༔ དྲ་ཕྱེད་བཀྲམ་པ་ལྟ་བུ་དང་༔ མིག་ཚགས་ལྟ་བུ་དང་༔ མདུང་རྩེ་ལྟ་བུ་དང་༔ པདྨ་སྟོང་ལྡན་དང་༔ ཉི་ཟླ་མཁར་ཐབས་དང་༔ རལ་གྲི་རྡོ་རྗེ་འཁོར་ལོ་གྲི་གུག་མེ་ལྕེ་ཉ་མིག་གི་རྣམ་པ་ལྟ་བུར་འགྱུར་རོ༔ སྣང་བ་དེ་རྣམས་ཀྱིས་རང་གནས་པའི་ཡུལ་ཁེངས་པར་འཆར་རོ༔ ཐིག་ལེ་རྣམས་ཁམ་ཕོར་ཙམ་དུ་འགྱུར་རོ༔ ད་དུང་ཉམས་སུ་བླངས་པས་འོད་ཀྱང་ཉུངས་འབྲུ་ཙམ་དུ་འགྱུར་རོ༔ ཐིག་ལེ་བསེ་ཕུབ་ཙམ་དུ་འགྱུར་རོ༔ ད་དུང་ཉམས་སུ་བླངས་པས་འོད་ཀྱིས་ཡུལ་ཁམས་ཁྱབ༔ དབྱིངས་རིག་ཉིན་མཚན་མེད་པར་གསལ༔ ཐིག་ལེ་རྣམས་ཀྱི་ནང་དུ་ཐིག་ལེ་རྐྱང་པ་རེ་རེ་སྣང་༔ རིག་པའི་བར་དུ་སྐུ་ཕྲ་མོ་རེ་འབྱུང་ངོ་༔ རིག་པ་ནི་འགུལ་འཕྲིག་མེད་བར་སྡོད་པའོ༔ དེ་ལྟར་ཤར་བའི་དུས་ན་བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས༔ ཕྱིས་བར་དོ་མི་འབྱུང་ངོ་༔ དེ་ཡང་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས་པ་ནི༔ གོང་གི་ཐིག་ལེ་དེ་དག་རེ་རེའི་ནང་དུ༔ རིགས་ལྔ་ཡབ་ཡུམ་ལྔ་ལྔར་འཆར་ཞིང་༔ དེ་དག་ཀྱང་གྲངས་ལས་འདས་པ་བྲེ་ཚད་སྲང་ཚད་ལྟ་བུར་འགྱུར་བ་ཚད་ལ་ཕེབས་པ་སྟེ༔ དེས་ནི་རྣལ་འབྱོར་བ་གྲོལ་བའི་གདེངས་དང་ལྡན་པ་ཅེས་བྱ་སྟེ་མ་བསྒོམས་ཀྱང་མི་འགལ་ལོ༔ དེ་དུས་ལུས་ཀྱི་ཕུང་པོ་འོད་དུ་གྲོལ༔ འབྱུང་བའི་ཁམས་རྣམས་རང་བཞིན་གྱིས་དག༔ སྣང་བ་རང་བཞིན་མ་གྲུབ་པས་ལོངས་སྤྱོད་རྫོགས་པའི་སྐུར་རང་གྲོལ་ཏེ༔ ལོངས་སྤྱོད་རྫོགས་པའི་སྐུར་ངོས་ཟིན༔ སྐུའི་འཛིན་པ་དབྱིངས་སུ་རང་གྲོལ༔ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ དེ་ཡང་ཉམས་ཀྱི་འཕེལ་ཟད༔ སྣང་བ་དང་མི་སྣང་བའི་འཛིན་པ་མེད་པར་རང་གྲོལ་བས༔ དེ་ཚེ་ཆོས་ཉིད་ཟད་པ་ཞེས་ཐ་སྙད་དུ་བཏགས་པའོ༔ ཉམས་དང་ལུས་དང་དབང་པོ་དང་༔ རྟོག་པ་ལ་སོགས་ཚིག་དང་༔ འཁྲུལ་པར་གྱུར་པ་ཐམས་ཅད་ཟད་ནས༔ ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འགྱུར་རོ༔ དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་ནས༔ ཉམས་གོང་འཕེལ་གྱི་ཉམས་སྣང་༔ དབྱིངས་དང་རིག་པ་གོང་དུ་འཕེལ་བ་ལ་བརྟེན༔ ཚད་ལ་ཕེབས་པའི་རྟགས་རྣམས་མཐར་ཟད་སར་བསྐྱལ་བས་ཆོས་ཉིད་ཟད་པ་ཅེས་བྱའོ༔ གོང་གི་རྒྱབ་ཆོས་ཞལ་གདམས་སུ་དེ་ལྟར་གནད་དང་༔ ཡུལ་དང་རིག་པ་གསུམ་པོ་གནད་དུ་བསྣུན་པས༔ དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད་དངོས་སུ་མཐོང་བ་དེ་ཁོ་ན་གདོད་མ་གཤིས་ཀྱི་སངས་རྒྱས་ཡིན་པས༔ ཡིད་དཔྱོད་ཚིག་གི་སྒྲོས་བཏགས་སུ་མེད་པ་ལ་ཆོས་ཉིད་མངོན་སུམ་དུ་སྣང་བ་ཅེས་བྱའོ༔ དེས་ནི་སྤྲུལ་པའི་སྐུའི་སྣང་བ་རྣམས་རང་བཞིན་གྱིས་ཟིན་པའོ༔ དེ་ལྟར་ཚུལ་བཞིན་ཉམས་སུ་བླངས་པས༔ གོང་ནས་གོང་དུ་འཕེལ་ཏེ་ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་མེད་རང་བྱུང་དུ་འཆར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་ཟིན་པའོ༔ དེ་ནས་སྣང་བ་དེ་དག་འགགས་ནས་སྐུའི་སྣང་བ་ཤར་ཏེ་རང་ལུས་འོད་གསལ་དུ་སྒྲོལ་བ་ནི༔ རིག་པ་ཚད་ལ་ཕེབས་པ་ཞེས་བྱ་སྟེ༔ ཉམས་ཀྱི་འཕེལ་འགྲིབ་ཟད༔ བྲེ་ཚད་སྲང་ཚད་ལ་ཕེབས་པ་ལྟ་བུ་རིག་པ་ཚད་ལ་ཕེབས་པའི་སྣང་བ་ཟིན་པའོ༔ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ སྣང་བའི་ངོ་བོར་གྲུབ་པ་མེད་པའོ༔ དེ་དག་གི་འཛིན་པ་དང་བྲལ་བས་སྐྱོད་བྱེད་ཀྱི་རླུང་གི་གཤོག་པ་ཆག་པའི་དུས་ན༔ འབྲས་བུ་ཟད་སར་འཁྱོལ་བས་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ༔ དེ་ལས་ཡར་བརྒལ་ས་མེད་པའོ༔ དེ་ཡང་ཉམས་ལ་གཉིས་ཏེ༔ སྣང་བའི་ཉམས་དང་ཤེས་པའི་ཉམས་སོ༔ སྣང་བའི་ཉམས་ཀྱི་འོད་གསལ་ལ་གཉིས་ཏེ༔ སྣང་ཉམས་དང་ཤེས་ཉམས་སོ༔ སྣང་ཉམས་འོད་གསལ་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་འཆར་གྱི༔ ཤེས་ཉམས་ནི་ཆོས་ཉིད་ཡིད་དཔྱོད་དུ་བལྟ་བ་རྣམས་ལ་ཡང་འཆར་བས༔ ཐུན་མོང་ཞེས་བྱའོ༔ སྣང་ཉམས་ནི་ཐུན་མོང་མ་ཡིན་པའི་ཉམས་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ གདམས་པའི་མཐར་ཐུགས་འོད་གསལ་སྙིང་པོའི་ཆོས༔ ཐེག་པའི་རྩེ་རྒྱལ་གསང་བ་མཆོག་གི་ལམ༔ ཚེ་གཅིག་སངས་རྒྱས་ལག་འཆང་གདམས་པ་འདི༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་གྱི་ཕྱིར༔ བུད་མེད་བློ་དམན་བདག་གིས་ཡི་གེར་བཏབ༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་རྒན་གྱིས་སྲིང་མོ་རྫོང་གི་གནས་ནས་གདན་དྲངས་ཤིང་ཤོག་སེར་ལས་མགྱོགས་པར་ཕབ་པའོ། །མངྒ་ལཾ།། །།

རྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རྟགས་ཀྱི་ཡིག་སྣ་ཟག་མེད་ལམ་མཆོག་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་རྣམས༔ རྟགས་སུ་གསལ་བའི་དྲོད་རྟགས་རྣམས༔ ཡིག་སྣ་འདི་ལྟར་ཡིད་ལ་ཆོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དང་པོ་ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནིི༔ ལུས་ལ་གཅེས་འཛིན་བྲལ་ཞིང་བཀྲེས་སྐོམ་མེད་པ་དང་༔ གཤེད་མ་བརྒྱས་བསྐོར་ཡང་ཡ་མི་ང་བ་དང་༔ དགེ་སྡིག་གི་བྱ་བ་ཟད་པ་དང་༔ འདོད་ཆགས་ཀྱི་ཞེན་པ་བཟློག་པ་དང་༔ རང་ལུས་མེད་པ་སྙམ་བྱེད་པ་སོགས་འབྱུང་བ་ནི་ལུས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ཡིན་པས༔ རྟགས་དེ་རྣམས་མ་གསལ་གྱི་བར་དུ་ཉམས་ལེན་ལ་བརྩོན་པར་བྱའོ༔ དེ་ནས་ངག་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སྒྲ་ཚིག་ཐོས་པ་ལ་ཞེན་འཛིན་མེད་ཅིང་འཁྲུལ་སྣང་འགག་པ་དང་༔ ཅི་སྨྲ་བ་གསང་སྔགས་ཀྱི་ཆོས་ཀྱི་ཚིག་ཁོ་ནར་འབྱུང་བ་དང་༔ རྩ་བ་གསུམ་གྱི་གསུང་ཐོས་ཤིང་ལུང་བསྟན་ཐོབ་པ་སོགས་འབྱུང་ངོ་༔ དེ་ལྟར་མ་བྱུང་གི་བར་དུ་ངག་འཁོར་འདས་རུ་ཤན་ཕྱེ་བ་ལ་འབད་དོ༔ དེ་ནས་སེམས་འཁོར་འདས་རུ་ཤན་ཕྱེད་པའི་རྟགས་ནི༔ སེམས་ཕྱིའི་བྱུང་ཚོར་འགགས་པ་དང་༔ འཁོར་བའི་ཆོས་ལ་ཞེན་པ་ལོག་པ་དང་༔ དབུགས་ཀྱི་རྒྱུ་བ་མི་ཚོར་བ་དང་༔ ཕ་རོལ་གྱི་རྐྱེན་བཟང་ངན་གང་ལ་ཡང་དགག་སྒྲུབ་དང་ཁྲོ་སེམས་མེད་པ་དང་༔ འཁྲུལ་པའི་སྣང་བ་ཐམས་ཅད་ཟ་ཟི་བན་བུན་གྱུར་ནས༔ ཉམས་རྟོགས་བློ་འདས་ཀྱི་རྟོག་པ་འལ་འོལ་ཕྱོགས་མེད་དུ་འབར་བ་འབྱུང་བར་འགྱུར་རོ༔ རྟགས་དེ་རྣམས་མ་གསལ་གྱི་བར་དུ་བརྩོན་འགྲུས་བརྩམས་ཏེ་ཉམས་ལེན་ཚུལ་བཞིན་བྱའོ༔ གཞན་ཡང་ལུས་རྡོ་རྗེའི་འཁྲུལ་འཁོར་གྱི་དུས་ན་ཞིང་འཕར་ཏེ་ཁྲལ་ཁྲོལ་དུ་གས་པ་སྙམ་བྱེད་པ་རྣམས་མི་འབྱུང་ཞིང་བརྟན་ཐུབ་པ་དང་༔ ངག་ཧཱུྃ་གི་བཟླས་པའི་སྐབས་སུ་སྣང་བ་ཐམས་ཅད་ཧཱུྃ་གིས་རོང་ངེར་གང་བ་སྙམ་པ་སོགས་འབྱུང་ངོ་༔ ལུས་ངག་ཡིད་གསུམ་ཆ་མཉམ་དུ་ཕྱད་ཕྱོད་བན་བུན་གཏད་མེད་དུ་འགྲོ་བ་ལ་སོགས་འབྱུང་སྟེ༔ དེ་དག་རྣམས་སྒོ་གསུམ་རུ་ཤན་ཕྱེད་པ་ཕྱིའི་རྟགས་ཐུན་མོང་བ་སྟེ་འགྱུར་བའི་རང་བཞིན་ཅན་ཡིན་པས༔ དོན་གྱིས་ནི་ཟིན་པ་མེད་དོ༔ གཉིས་པ་ཡང་དག་པ་ནང་གི་རྟགས་ནི༔ ཆོས་ཉིད་ཀྱི་རང་གནད་བླ་མས་གཏན་ལ་ཕབ་ནས༔ འདུག་སྟངས་གསུམ་དང་གཟིགས་སྟངས་གསུམ་གྱིས་ཉམས་སུ་བླངས་པས༔ དབང་པོ་རབ་ཟླ་བ་ཕྱེད་འབྲིང་གསུམ་ཐ་མའང་ཟླ་བ་བཅུ་ནས་ཐིག་ལེ་སྟོང་བའི་སྒྲོན་མ་རྩོལ་མེད་དུ་སྣང་ཞིང་༔ རེས་སྣང་རེས་མི་སྣང་བར་གྱུར་ཚེ་འཆི་བ་ལས་གྲོལ་བའི་ཚད་དོ༔ དེ་བཞིན་ཉམས་སུ་བླངས་པས་དབང་པོའི་བྱེ་བྲག་གིས༔ ཟླ་བ་བདུན་དགུ་ཐ་མའང་བཅུ་གཅིག་གིས་དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་སྟེ༔ མཚམས་ལས་བྲལ་བར་སྣང་དེའི་ཚེ་ཟེར་གཉིས་ལ་བརྟེན་ཏེ་ཉམས་སུ་བླངས་པས༔ དང་པོ་འོད་དཀར་པོ་ལང་ལོང་དང་༔ དེ་ནས་འོད་ལྔ་དུམ་བུར་སྣང་ཞིང་༔ རབ་ཞག་གསུམ་འབྲིང་ལྔ་ཐ་མའང་བདུན་གྱི་སྟེང་ནས་འོད་ལྔའི་སྣང་བ་གྱེན་འགྲེང་དང་༔ རྩིབ་ཤར་དང་༔ མདུང་རྩེ་དང་༔ རེ་ལྡེ་ཙམ་སྣང་ངོ་༔ དེནས་རབ་ཞག་དགུ་འབྲིང་ཟླ་ཕྱེད་ཐ་མའང་ཟླ་བ་གཅིག་ནས༔ དབྱིངས་ཀྱི་ཁ་དོག་སྣ་ཚོགས་སུ་སྣང་བ་ཡིན་ནོ༔ དེ་ནས་རབ་ཟླ་བ་དགུ་འབྲིང་བཅུ་གཉིས་ཐ་མའང་ཟླ་བ་བཅོ་བརྒྱད་ནས་དབྱིངས་ཀྱི་སྣང་བ་ཡུངས་འབྲུ་ཙམ་དུ་སྣང་ཞིང་༔ མཐོང་མ་ཐག་ཏུ་དཀར་པོ་ལང་ལོང་དུ་འཆར་ཏེ༔ དེ་ནི་ཆོས་ཉིད་ལ་རང་བྱན་ཚུད་པའི་རྟགས་སོ༔ དེ་ནས་རབ་ཞག་བཅོ་བརྒྱད་འབྲིང་ཉེར་གཅིག་ཐ་མའང་ཟླ་བ་གཅིག་ནས་དབྱིངས་རིག་ཉིན་མཚན་མེད་པར་སྣང་ཞིང་༔ དབྱིངས་ཡོངས་སུ་འཕེལ་བ་ཞེས་བྱ་བས་འཁོར་བ་སྟོངས་པའི་རྟགས་སོ༔ དེ་ནས་རབ་ཟླ་བ་གསུམ་འབྲིང་དྲུག་ཐ་མའང་ཟླ་བ་བཅུ་གཉིས་ནས༔ ཐིག་ལེ་ཡུངས་འབྲུ་ཙམ་དང་སྲན་མ་ཙམ་དུ་འཕེལ་ཏེ༔ དེའི་དུས་ན་ཐིག་ལེ་འགྲོ་འོང་སྣང་བ་ཡིན་ཏེ༔ དེ་ནི་སྣང་བ་བཅུད་དུ་འགྲིལ་བའི་རྟགས་སོ༔ དེའི་དུས་སུ་ལུས་བྱ་བ་དང་བྲལ་ཞིང་སེམས་སྙིང་རྗེ་བཙན་ཐབས་སུ་སྐྱེ༔ ངག་ལྐུགས་པ་ལྟར་འགྱུར་བའོ༔ དེ་ནས་རབ་ཟླ་བ་བདུན་འབྲིང་བཅུ་ཐ་མ འང་ཟླ་བ་བཅུ་བདུན་ནས༔ ཐིག་ལེ་རྣམས་མེ་ལོང་གི་རྣམ་པ་ཅན་དུ་འགྲོ༔ འོད་ཀྱིས་རང་མདུན་ཁྱབ༔ ཟེར་ནི་རྩིབ་ཤར་དུ་འཆར་ཏེ་དེའི་ཚེ་རིག་པ་ཟིན་པའི་རྟགས་སོ༔ ལུས་ལའང་གཞོན་ཤ་ཆགས་པ་དང་སྲིན་བུ་རྣམས་ཟད༔ ལས་དགེ་སྡིག་གང་ལ འང་མི་འཇུག༔ རྩོལ་སྒྲུབ་བྲལ་ཞིང་སྐྱེ་འཆི་མེད་པའི་དོན་རྟོགས་པ་ནི་ཐར་བའི་ས་བོན་ཟིན་པའི་རྟགས་སོ༔ དེ་ནས་རབ་ཟླ་བ་གསུམ་འབྲིང་ལྔ་ཐ་མའང་ཟླ་བ་དགུའི་སྟེང་ནས་ཐིག་ལེ་ཁམ་ཕོར་ཙམ་དུ་འགྲོ༔ འོད་ཀྱིས་རང་གར་གནས་པ་འགག་པར་འཆར༔ ཟས་སྐོམ་གྱི་གདུང་བ་ཞི༔ ལུས་གཞོན་ཤ་ཆགས༔ དེའི་ཚེ་སྣང་བ་ལ་བྱན་ཆུད་པའི་རྟགས་སོ༔ ཡེ་ཤེས་ཀྱི་རླུང་ཟིན་པས་བར་སྣང་ལ་འགྲོ་བའི་ཉམས་འབྱུང་༔ སྐྱེ་འགྲོ་རྣམས་དང་འཕྲད་སྙིང་མི་འདོད༔ འཁྲུལ་གཏམ་ཟད་དེ་ངག་བློ་འདས་སུ་སོང་བའོ༔ དེ་ནས་རབ་ཟླ་བ་གསུམ་འབྲིང་ལྔ་ཐ་མའང་བདུན་གྱི་སྟེང་ནས་འོད་ཀྱིས་ཡུལ་ཁམས་ཁེངས༔ ཐིག་ལེ་རྣམས་བསེ་ཕུབ་ཙམ་དུ་འགྲོ༔ དབྱིངས་སྨིན་པས་མུ་ཁྱུད་འོད་ལྔའི་ར་བས་ཟླུམ་པོར་བསྐོར་བར་སྣང་ངོ་༔ ཕྱིའི་རྟགས་རང་ལ་རང་དགོད་བྲོ༔ ཆོས་ཀྱི་ཐེག་པ་མང་པོ་རང་བརྡོལ་དུ་འཆར༔ བླ་མའི་དྲིན་ཚོར་ཏེ་མོས་གུས་དབང་མེད་དུ་འབར༔ དགྲ་གཉེན་གྱི་འདུ་ཤེས་བྲལ་བ་སྟེ༔ གཞན་སྣང་དག་པའི་རྟགས་སོ༔ དེ་ནས་རབ་ཟླ་བ་གཅིག་འབྲིང་ཟླ་བ་གསུམ་ཐ་མའང་ཟླ་བ་ལྔ་ནས་རིག་པ་སྐུ་རུ་སྨིན་ཏེ༔ ཐིག་ལེ་རེ་རེ་བཞིན་གྱི་ནང་དུ༔ རིགས་ལྔའི་སྐུ་རེ་སྣང་ཞིང་རིག་པའི་བར་དུ་སྐུ་ཕྲ་མོ་རེ་འབྱུང་ངོ་༔ རིག་པ་ནི་ཤིན་ཏུ་བརྟན་པར་སྡོད་པའོ༔ དེ་ནས་རབ་ཟླ་བ་གཅིག་འབྲིང་གསུམ་ཐ་མའང་ཟླ་བ་དགུ་ནས་ཡེ་ཤེས་སྐུ་རུ་སྨིན་ཏེ༔ ཐིག་ལེའི་ནང་དུ་སྐུ་ལྔ་ལྔ་འཆར་ཞིང་འབྱུང་བ་འགགས་པས་གདོས་བཅས་ཤ་ཁྲག་གི་སྣང་བ་མེད༔ འདི་ནས་མ་བསྒོམས་ཀྱང་ལོངས་སྐུར་གྲོལ་ལོ༔ སྐབས་སུ་རང་གི་ལག་སོར་རྣམས་འོད་དུ་སྣང་བ་ཡིན་ཞིང་ལུས་ལ་གྲིབ་མ་མི་འབྱུང་བའོ༔ རྟགས་འདི་རྣམས་རྫོགས་ནས་རིག་པའི་འཕེལ་ཟད༔ ཕུང་པོ་འོད་གསལ་དུ་གྲོལ་ནས་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དེ་ཚེ་སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པ་སྟེ༔ རང་གི་ལག་སོར་གྱི་སྣང་བ་ལ་རྒྱུན་རིང་དུ་བལྟས་པས་སྣང་བ་རྣམས་རང་ལོག་སྟེ༔ བེམ་པོ་ཀུན་སྐབས་སུ་སྣང་སྟེ་སྒྲ་ཐོས་པ་འབྱུང་ངོ་༔ འཁྲུལ་སྣང་རང་ལོག་སྟེ་སེམས་ཅན་གྱི་དོན་བྱེད་འདོད་ན༔ སེམས་ཅན་སུམ་སྟོང་ཙམ་ལ་རིག་པ་བཅུག་ཀྱང་འབྱུང་བ་རྣམས་རང་བཞིན་དུ་དག་སྟེ༔ སངས་རྒྱས་ལ་འགོད་ནུས་པར་ཐེ་ཚོམ་མེད་དོ༔ ཕ་རོལ་གྱི་བེམ་པོར་རང་གི་རིག་པ་བཅུག་པས་འགུལ་བ་དང་སྐད་འབྱིན་ནུས་པའོ༔ འོད་གསལ་ཀྱི་ལམ་མཆོག་དམ་པ་འདིར་ཞུགས་པའི་རྣལ་འབྱོར་པ་རྣམས་ཚུལ་བཞིན་བསྒོམས་པས་གྲོལ་བའི་དུས་བསྟན་པ་ནི༔ དབང་པོ་རབ་ལོ་གསུམ་དང་ཟླ་བ་གཅིག་ནས་གྲོལ༔ འབྲིང་རྣམས་ལོ་བཞི་དང་ཟླ་བ་དྲུག་ནས་གྲོལ༔ སྐྱེས་བུ་ཐ་མ་རྣམས་ཀྱང་ལོ་བདུན་དང་ཟླ་བ་བཅུ་གཅིག་ནས་མི་གྲོལ་བ་མི་སྲིད་དོ༔ གསུམ་པ་མཐར་ཕྱིན་པའི་གདེང་དང་ལྡན་པའི་རྟགས་ནི༔ ལར་ཉམས་ལེན་ཚུལ་བཞིན་བརྩོན་པའི་རྣལ་འབྱོར་ཕོ་མོ་ལ༔ གོང་དུ་བསྟན་པའི་ས་ལམ་གྱི་ཡོན་ཏན་ལས་རང་ཤར་བའི་རྟགས་རྣམས་དང་༔ ཁྱད་པར་དུ་ཡང་ཕྱིར་མངོན་པ་འབྱུང་བའི་ཁམས་དང་ལུས་ཀྱི་དབང་པོ་ལ་སོགས་ལ་འཆར་བའི་རྟགས་དང་༔ ནང་སྐད་ཅིག་མའི་ཡེ་ཤེས་ལ་བཙན་ས་ཟིན་པ་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུ་ལ་སོགས་པའི་ཉམས་རྟོགས་ཀྱི་ཡོན་ཏན་ནི་བརྗོད་ལས་འདས་པ་འཆར་ཀྱང་༔ མཐར་ཕྱིན་པའི་རྟགས་ནི་གདེང་བཞི་རུ་འདུས་ཏེ༔ ཡར་གྱི་གདེང་གཉིས་དང་མར་གྱི་གདེང་གཉིས་སོ༔ ཡར་གྱི་གདེང་གཉིས་ནི༔ དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐོང་ཡང་རེ་བ་དང་བྲོད་པ་མི་སྐྱེ་བ་སྟེ༔ ཅིའི་ཕྱིར་ཞེ་ན༔ རང་རིག་སྐུ་གསུམ་གྱི་སངས་རྒྱས་སུ་རྟོགས་པས་རེ་དོགས་ཀྱི་བློ་ཟད་ནས༔ སངས་རྒྱས་དང་ཆོས་དང་འཕགས་པའི་སྡེ་དང་གྲུབ་པའི་མཐའ་ཐམས་ཅད་ངོ་བོ་ཉིད་ལ་རྫོགས་པར་ཐག་ཆོད་པའི་ཕྱིར་རོ༔ མར་གྱི་གདེང་གཉིས་ནི་ངན་སོང་གསུམ་གྱི་སྡུག་བསྔལ་དང་འཇིགས་སྐྲག་མཐོང་ཞིང་ཐོས་ཀྱང་འཇིགས་པ་དང་བྲལ་བ་སྟེ༔ ཅིའི་ཕྱིར་ཞེ་ན༔ རང་རིག་གཞི་མེད་རྩ་བྲལ་དུ་རྟོགས་པས༔ ངོ་བོ་ཉིད་ལ་འཁྲུལ་པའི་དྲི་མ་དང་བྲལ་ཚེ༔ འཁོར་བ་ངན་སོང་གསུམ་དུ་འཁྲུལ་མཁན་གྱི་དོགས་པ་མེད་པར་རྟོགས་པའི་རྟགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྫོགས་ཆེན་རྒྱུད་ལུང་སྙིང་པོའི་བཅུད༔ ཉམས་མྱོང་སྨར་ཁྲིད་རྟགས་ཀྱི་ཡི་གེ་འདི༔ འོད་གསལ་ཐེག་མཆོག་ཨ་ཏིའི་རྣལ་འབྱོར་དོན༔ ཉམས་རྟོགས་ས་ལམ་རྟགས་ཚད་ཡི་གེར་བཏབ༔ མ་སྤེལ་རིན་ཆེན་ས་ལ་གཏེར་དུ་སྦོས༔ ནམ་ཞིག་གསང་སྔགས་དར་ལ་མ་སྨིན་དུས༔ ཕྱག་ཆེན་ལྟ་བསྒོམ་ཕུ་ཐག་གནས་འགྱུར་གཏད༔ ད་ལྟ་འགྱུར་བའི་གསང་སྔགས་བག་ལ་ཞ༔ སྔ་འགྱུར་རྙིང་མ་ཟེར་ཏེ་ཨ་ཡ་བྱེད༔ གྲོང་ཆོག་འདྲེ་འདུལ་གསང་སྔགས་བོན་དུ་གྱེར༔ སངས་རྒྱས་ཞིང་ལ་ཉིན་རྒྱུག་བྱེད་པའི་ཆོས༔ རྫོགས་ཆེན་ཐིག་ལེ་ཕྱི་ནང་གསང་བའི་གནད༔ དུས་ངན་སེམས་ཅན་བསོད་ནམས་དམན་པའི་མཐུས༔ དར་ཆ་ཆུང་ཞིང་ཉམས་མྱོང་ལྡན་མཁན་ཉུང་༔ ཕྱག་ཆེན་ལམ་འབྲས་ཞི་བྱེད་གཅོད་ཡུལ་ཞེས༔ གསང་སྔགས་གསར་མར་གྲགས་པའི་གྲུབ་མཐའ་མང་༔ འགའ་ཞིག་བསྐྱེད་རིམ་ཁོ་ནས་གྲོལ་བར་འདོད༔ སྤྲོས་བཅས་རྐྱེན་དབང་ཤོར་ཏེ་ལམ་ལ་གོལ༔ འགའ་ཞིག་རྫོགས་རིམ་ཁོ་ནས་གྲོལ་བར་འདོད༔ བླུན་ཆོས་ཉམས་རྟོགས་མག་མོག་སྲིད་པར་འཁྱམས༔ འགའ་ཞིག་བསྐྱེད་རྫོགས་གཉིས་མེད་ཟུང་འཇུག་སྐད༔ སྣང་སེམས་གྲུབ་མཐར་ཞེན་པས་བསམ་གཏན་ལྷ༔ འགའ་ཞིག་གསང་ལམ་ཟེར་ཏེ་རྩ་རླུང་བྱེད༔ བདེ་སྟོང་ཉམས་ལ་ཆགས་པས་སྲིད་རྩེར་གོལ༔ དེ་དུས་བླ་མེད་འོད་གསལ་གསང་བའི་གནད༔ གོལ་སྒྲིབ་རེ་དོགས་བྲལ་བའི་སྙིང་ཐིགས་འདི༔ ཐུགས་སྲས་ཀླུ་ཡི་དབང་པོའི་སྐྱེ་བ་ལ༔ ཐུགས་ཀྱི་རྣལ་འབྱོར་ཐུགས་ཀྱི་རིག་པ་འཛིན༔ སྦས་ཚུལ་མ་ངེས་སྤྱོད་པ་ཆོ་ལེ་བ༔ འཁྲུལ་པ་རང་གྲོལ་སྣང་བ་ཟང་ཐལ་མཁན༔ གཏད་མེད་སྨྱོན་པ་ཞེ་འདོད་ཟད་པའི་བུ༔ འཁྲུལ་སྣང་རང་གྲོལ་ཁམས་པ་ཉི་གྲགས་ཀྱིས༔ ཆོས་འདི་རྙེད་ཅིང་གསང་སྔགས་གླུ་རུ་ལེན༔ རྟེན་འབྲེལ་འགྲིག་ཅིང་བར་གཅོད་མ་བྱུང་ན༔ སྒྲུབ་སྡེ་བརྒྱ་རྩས་མདོ་ཁམས་གླིང་དྲུག་འགེངས༔ སྐབས་ཤིག་གསང་སྔགས་བསྟན་པའི་ཉི་མ་འཆར༔ བདུན་བརྒྱུད་མི་རབས་བརྒྱ་ཡི་བར་དུ་དར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ་གྷུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་དེས་གཏེར་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།

ཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཚད་ཀྱི་ཡི་གེ་ཡེ་ཤེས་སྙིང་པོ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་རྣམས༔ ཉམས་མྱོང་ཚད་ཀྱི་ཆ་འཛིན་པའི༔ ཡིག་སྣ་འདི་བཞིན་བརྟག་མཁས་བྱ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་དང་ལྡན་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་ཚེ་འདིར་ཉམས་རྟོགས་འཆར་བའི་ཚད་དང་༔ བར་དུ་ཆད་ན་ཕྱི་མ་འབྲས་བུ་འཐོབ་ཚུལ་ལོ༔ དང་པོ་བླ་མས་ངོ་སྤྲད་པ་ནས༔ ཆོས་ཉིད་མངོན་སུམ་མཐོང་བའི་སྐྱེས་བུ་དེ་ཉིད་ཀྱིས༔ ཐིག་ལེ་སྟོང་བའི་སྒྲོན་མ་ཤར་བའི་དུས་ན༔ རང་བཞིན་རྩོལ་བ་དང་བྲལ་བའི་ཚད་ཡིན་ཏེ༔ དེའི་དུས་ཀྱི་ལྷུན་གྲུབ་སྟོང་པའི་སྒྲོན་མ་དེ་རྩོལ་སྒྲུབ་ལས་འདས་པའི་དོན་ཡིན་པས༔ དེ་དུས་རྣལ་འབྱོར་ཕོ་མོ་ཚེའི་བར་ཆད་ན༔ ཆོས་ཉིད་མངོན་སུམ་མཐོང་བའི་གནད་ཀྱིས་སྐྱེ་བ་གསུམ་བརྒྱུད་པའི་ཐ་མ་ལ་བླ་མེད་རྡོ་རྗེ་ཐེག་པའི་ཆོས་འདི་དང་མཇལ་ནས་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དབྱིངས་རིག་སྨིན་མཚམས་ནས་བྲལ་བའི་དུས་ན༔ འཁོར་འདས་རྒྱབ་གྱེས་ཏེ་ཕྱི་མ་མངལ་དུ་མི་འཇུག་པའི་ཚད་ཡིན་ཞིང་༔ དེའི་དུས་སུ་བར་ཆད་ན་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་རྫུས་ཏེ་སྐྱེས་ནས་ཞིང་ཁམས་ལྔར་རིགས་ཀྱི་བདག་པོ་ལྔས་སྨིན་པར་བྱེད་དོ༔ ལོ་ལྔ་བརྒྱ་ཕྲག་ལྔའི་སྟེང་ནས་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་ལྔ་གྱེན་འགྲེང་དང་རྩིབ་ཤར་དང་མདུང་རྩེ་དང་རེ་ལྡེའི་རྣམ་པའི་དུས་སུ༔ དབྱིངས་རང་བཞིན་གྱིས་འདུས་པའི་ཚད་ཡིན་ཏེ༔ དེའི་དུས་སུ་ཚེའི་བར་ཆད་ན་ཆོས་ཉིད་མངོན་དུ་གྱུར་པའི་གནད་ཀྱིས༔ བར་དོར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་ལྔས་རང་གི་མདུན་སྣང་ཞིང་གང་བའི་དུས་ན༔ གནམ་ས་དལ་དུ་ཤར་བའི་ཚད་ཡིན་ཏེ༔ དེའི་ཚེ་བར་ཆད་ན་བར་དོ་གསུམ་ལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དབྱིངས་ཀྱི་འོད་རྣམས་རིན་པོ་ཆེ་དང་དྲ་བ་དྲ་ཕྱེད་མིག་མང་མིག་ཚགས་ཟ་འོག་མཆོད་རྟེན་མདའ་མདུང་ཉ་མིག་སོགས་ཀྱི་དུས་ན༔ རིག་པ་ལ་དབྱིངས་ཀྱི་རྒྱན་རྫོགས་པའི་ཚད་དེ༔ བར་དོར་རང་ལོག་པ་ཡིན་ཏེ་འདི་ལ་བར་དུ་ཆད་ན༔ རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པ་དང་མཉམ་དུ་ཆོས་ཉིད་ཀ་དག་གིས་བར་དོར་གྲོལ་བར་ཐེ་ཚོམ་མེད་དོ༔ དབྱིངས་ཀྱི་འོད་རྣམས་ཐོག་མར་དཀར་ལང་ལོང་དང་རྗེས་སུ་འོད་ལྔའི་ཟེར་གྱིས་རང་གནས་པའི་ལུང་པ་དེ་འགག་པའི་དུས་ན༔ སྣང་བ་ཡུལ་ལས་གྲོལ་པའི་གནད་ཀྱིས༔ བེམ་པོའི་འཁྲུལ་པ་ལས་གྲོལ་བའི་ཚད་དོ༔ དེའི་དུས་བར་ཆད་ན་ཕྱི་དབུགས་ཆད་མ་ཐག་བར་དོ་མེད་པར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ དབྱིངས་རིག་འདུ་འབྲལ་མེད་པའི་དུས་ནི་འཁོར་འདས་གཉིས་སུ་མེད་པའི་དུས་ཡིན་ཏེ༔ ཉིན་མོ་མྱ་ངན་ལས་འདས་པའི་ས་དང་༔ མཚན་མོ་འཁོར་བའི་ས་གཉིས་འདྲེས་པས༔ འཁོར་བ་ཟད་པའི་ཚད་དོ༔ དེའི་ཚེ་རྣལ་འབྱོར་ཕོ་མོ་ཚེའི་བར་ཆད་ན༔ བར་དོ་མེད་པར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ ཚེ་ལ་དབང་བ་ལོ་ལྔ་བརྒྱ་ནས་གྲོལ་བ་ཡང་སྲིད་དོ༔ ཐིག་ལེ་སྲན་མ་ཙམ་དུ་འཕེལ་བའི་དུས་ན༔ དབྱིངས་ཀྱི་སྦུབས་སུ་རིག་པ་ཆུད་པས༔ སྙིང་པོ་རིག་པ་བཅུད་དུ་སྨིན་པའི་ཚད་དོ༔ དེའི་དུས་བར་ཆད་ན༔ ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་བར་དོར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་རྩིབ་ཤར་དང་༔ ཐིག་ལེ་མེ་ལོང་ཙམ་གྱི་དུས་ན༔ ཐིག་ལེ་འོད་ཁྱིམ་དུ་སྨིན་པའི་ཚད་དོ༔ དེའི་དུས་སུ་དབང་པོའི་ཁྱད་པར་གྱིས་རབ་ལ་བསེ་ཕུབ༔ འབྲིང་འཁར་གཞོང་༔ ཐ་མ་རྣམས་ལ་ཁམ་ཕོར་ཙམ་དུ་འབྱུང་ཞིང་༔ རིག་པ་རླུང་དང་བྲལ་བ་སྟེ༔ འདི་ནས་འཕེལ་ཟད་པ་ཡང་སྲིད༔ གྲངས་ཀྱིས་ཡུལ་ཁམས་གང་བར་འགྱུར་ཞིང་རེ་རེ་ལ་ཡང་མུ་ཁྱུད་ལྔ་ལྔས་བསྐོར་བའི་ཚེ་སྣོད་བཅུད་དུ་སྨིན་པའི་ཚད་དོ༔ འདི་ནས་བར་དུ་མི་ཆོད་པའི་སྣ་ཟིན་པའོ༔ དེ་ནས་སྐུ་རྐྱང་པ་རེ་མཐོང་བའི་དུས་ན༔ སྐུ་གསུམ་ལམ་དུ་བྱས་པའི་གནད་ཀྱིས༔ རིག་པ་དབྱིངས་ཀྱི་ངོ་བོ་སྨིན་པའི་ཚད་ཡིན་ཏེ༔ འདི་ནས་འཆི་བ་ལས་རིང་དུ་སོང་བའི་དུས་ཡིན་ཞིང་༔ སྐྱེ་འཆི་ལ་དབང་ཐོབ་པའོ༔ དེ་ནས་ཡབ་ཡུམ་ཚོམ་བུ་སྐུ་ལྔ་ཤར་བའི་ཚེ༔ སྐུ་གསུམ་གྱི་ཞེན་པ་རང་གྲོལ་ཏེ་སྐུ་གསུམ་གྱི་ཞིང་ཁམས་སུ་འཚང་རྒྱ་བའི་ཚད་ཡིན་ནོ༔ འདིའི་ཚེ་འབྱུང་བཞི་ཐོག་མའི་དབྱིངས་སུ་ཐིམ་པས༔ འབྱུང་བ་དག་པ་ཕུང་པོ་འོད་ལུས་སུ་གྲོལ་བ་འཕོ་བ་ཆེན་པོའི་སྐུ་ཞེས་བྱ་སྟེ་ལྷག་མེད་དུ་ཡལ་བ་རང་བཞིན་གྱི་ས་ལ་རང་དབང་ཐོབ་པའོ༔ འདི་ནས་ཟླ་བ་བདུན་ནམ་དགུའམ་ལོ་གཅིག་ནས་འོད་ཀྱི་དཀྱིལ་འཁོར་དུ་སྐབས་སྐབས་ལག་སོར་བཀྲམ་པ་ཙམ་ལས་མི་མངོན་ཏེ༔ ཆོས་ཉིད་ཟད་པའི་སྣང་བ་ལྷག་མ་དང་བཅས་པའི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འདི་ལྟར་ཉམས་སུ་བར་མ་ཆོད་པར་བླངས་ན་རྟགས་དང་ཚད་རྣམས་མི་འདོད་ཀྱང་ཤུགས་ཀྱིས་འབྱུང་བ་ཆོས་ཉིད་ཡིན་ཏེ༔ དཔེར་ན་ཡར་ངོའི་ཟླ་བ་བཞིན་ནོ༔ དེ་ཡང་དང་པོ་ཐིག་ལེ་སྟོང་བའི་སྒྲོན་མའི་ཚད་མེད་ན་ཐེག་པ་ཐུན་མོང་པ་རྣམས་དང་མཚུངས་སོ༔ དེ་ཡང་ཐེག་པ་ཐུན་མོང་བ་རྣམས་ཆོས་ཉིད་ཡིད་དཔྱོད་ཀྱི་ལྟ་བ་ལ་བློ་བཅའ་སྟེ་སྡོད༔ འདི་ནི་མངོན་སུམ་ཡེ་ཤེས་རང་སྣང་དུ་སྤྱོད་པའོ༔ ཐིག་ལེ་སྨིན་མཚམས་དང་བྲལ་བའི་ཚད་མེད་ན་རིགས་དྲུག་གི་གཡང་ས་མི་ཆོད༔ གྱེན་འགྲེང་དང་རྩིབ་ཤར་སོགས་ཀྱི་ཚད་མེད་ན༔ ཡིད་དཔྱོད་འཛིན་པའི་ལྟ་བ་དང་ཁྱད་མེད༔ དབྱིངས་ཀྱི་སྣང་བ་དང་རིན་པོ་ཆེ་དང་༔ དྲ་བ་དྲ་ཕྱེད་མིག་མང་རིས་དང་མིག་ཚགས་ལ་སོགས་པའི་ཚད་མེད་ན༔ འཁྲུལ་པ་རང་ཚིག་ཏུ་གོལ་བས་ཚིག་གི་རྗེས་སུ་འབྲེང་བའི་ཐེག་པ་དང་ཁྱད་མེད༔ དབྱིངས་ཀྱི་སྣང་བ་ལ་ཐོག་མར་དཀར་ལང་ལོང་དང་རྗེས་སུ་འོད་ལྔ་ལྡན་གྱིས་རང་གནས་པའི་ལུང་པ་འགགས་པའི་དུས་ཀྱི་ཚད་མེད་ན༔ ཐ་མལ་གྱི་སྣང་བ་དང་ཁྱད་མེད༔ དབྱིངས་ཉིན་མཚན་འདྲེས་པའི་ཚད་མེད་ན༔ གྲུབ་མཐའ་འཛིན་པའི་སྐྱེས་བུ་རྣམས་དང་ཁྱད་མེད༔ ཐིག་ལེ་ཉུངས་འབྲུ་དང་སྲན་མ་ཙམ་གྱི་ཚད་མེད་ན་ལས་རླུང་དང་ཁྱད་མེད༔ དབང་པོ་རབ་འབྲིང་ཐ་མའི་ཚད་ཀྱིས་བསེ་ཕུབ་འཁར་གཞོང་ཁམ་ཕོར་ཙམ་ལ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བའི་ཚད་མེད་ན༔ ཆད་ལྟ་མུ་སྟེགས་པ་རྣམས་དང་ཁྱད་མེད༔ སྐུ་རྐྱང་པ་རེ་རེ་ཤར་བའི་ཚད་མེད་ན༔ སྐུ་གསུམ་འབྲས་བུར་འདོད་པ་རྣམས་དང་ཁྱད་མེད༔ ཚོམ་བུ་ལྔ་ལྡན་དུ་ཤར་བའི་ཚད་མེད་ན༔ ཕུང་པོ་ལྔ་བདག་མེད་པར་འདོད་པ་རྣམས་དང་ཁྱད་མེད༔ དེས་ན་དུས་ངེས་པར་བསྟན་པ་འདི་ནི༔ མི་འགྱུར་བ་གསེར་ལྟ་བུ་ཡིན་ཏེ་ཤིན་ཏུ་ཟབ་པའི་གནད་དོ༔ ཡེ་ཤེས་ཁ་དོག་ལྔ་ལྡན་དུ་གསལ་བ་འདི་ནི་དབྱིངས་ཀྱི་ཚད་དོ༔ འཕེལ་འགྲིབ་མེད་པ་འདི་ནི་རིག་པའི་ཚད་དོ༔ འཇིག་རྟེན་གྱི་ཁམས་འོད་ཀྱིས་གང་བ་འདི་ནི་འོད་ཀྱི་ཚད་དོ༔ སྐུ་ལྔར་གསལ་བའི་དུས་ན་ཐིག་ལེ་མཐར་ཕྱིན་པའི་ཚད་དོ༔ ཉམས་སྣང་གི་ཟད་པ་ནི་གཞིའི་ཚད་དོ༔ རྡོས་བཅས་འོད་ཕུང་དུ་གྲོལ་བའི་ཚེ་ལམ་མཐར་ཕྱིན་པའི་ཚད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་རྣམས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསུང་བཞིན༔ ཁོ་མོ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདི་སྤྲང་བན་ཉི་མ་གྲགས་པས་གཏེར་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།

བཏགས་གྲོལ་སངས་རྒྱས་ལག་བཅང་།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བཏགས་གྲོལ་སངས་རྒྱས་ལག་བཅང་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ མ་འབད་བཞིན་དུ་གྲོལ་བའི་ཐབས༔ བཏགས་གྲོལ་སངས་རྒྱས་ལག་བཅང་གི༔ གདམས་པ་མ་འོངས་དོན་དུ་བཀོད༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡར་ངོའི་གཟའ་སྐར་བཟང་པོ་ལ༔ མཐིང་ཤོག་བཟང་པོའི་ངོས་དག་ལ༔ རིན་ཆེན་གསེར་གྱི་ཁུ་བ་ཡིས༔ ལྟེ་བར་ཧཱུྃ་ལ་སྔགས་འདིས་བསྐོར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ དེ་ཕྱིར་མུ་ཁྱུད་རྩིབས་བཞི་བཅད༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཧ་རི་ནི་ས་བཛྲ་དྷཀྐི་ནི་ཧཱུྃ༔ ཤར་གྱི་རྩིབས་ལ་འགོད་པར་བྱ༔ ཨོཾ་རཏྣ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཧ་རི་ནི་ས་རཏྣ་དྷ ཀྐི་ནི་ཧཱུྃ༔ ལྷོ་ཡི་རྩིབས་ལ་འགོད་པར་བྱ༔ ཨཱོཾ་པདྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཧ་རི་ནི་ས་པདྨ་དྷཀྐི་ནི་ཧཱུྃ༔ ནུབ་ཀྱི་རྩིབས་ལ་འགོད་པར་བྱ༔ ཀརྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཧ་རི་ནི་ས་ཀརྨ་དྷཀྐི་ནི་ཧཱུྃ༔ བྱང་གི་རྩིབས་ལ་འགོད་འཔར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བདག་ཆེ་གེ་འདི་ཞེས་བྱ་བ་ལ༔ སྣང་བ་ཆོས་སྐུར་གྲོལ་བའི་དངོས་གྲུབ་སྩོལ༔ རིག་པ་རང་ས་ཟིན་པའི་དངོས་གྲུབ་སྩོལ༔ འཁོར་བའི་སྐྱེ་རྒྱུན་ཆོད་པའི་དངོས་གྲུབ་སྩོལ༔ འབྱུང་བཞི་རང་སར་དག་པའི་དངོས་གྲུབ་སྩོལ༔ དུག་གསུམ་སྐུ་གསུམ་རྟོགས་པའི་དངོས་གྲུབ་སྩོལ༔ དུག་ལྔ་སྐུ་ལྔར་འཆར་བའི་དངོས་གྲུབ་སྩོལ༔ ཕུང་པོ་ལྷག་མེད་འགྲུབ་པའི་དངོས་གྲུབ་སྩོལ༔ སྣང་བཞི་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ༔ ཅེས་འདྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ པདྨ་ཉི་ཤུ་རྩ་ལྔའི་ནང་༔ གསང་སྔགས་རྒྱལ་པོ་གསེར་ཀྱིས་འདྲི༔ ཀརྨ་རཀྴ་གྷི་ཧཾ་ཏི༔ བྷེ་ག་ར་ན་སོ་གད་གླིང་༔ པུ་ཀཱ་རི་ལ་བྷདྷུ་ཏྲི༔ རྃ་མ་ཀ་ལ་ས་མི་ཁྱེ༔ མ་ཏང་ཕ་ཕེར་རསྨི་ཏི༔ ཁ་ཊ་རེ་ཀ་ས་མིག་རླུང་༔ ཨ་ཀེ་ར་ན་བྷེ་ཙཀ་ཤ༔ ཡ་རི་མུ་ཌ་ས་གྷུ་ལི༔ ཡ་སེང་ར་རླུང་པ་ལ་ཡཱ༔ མ་མ་ཀོ་ལུང་སཱ་མཱ་ཏ༔ གྷ་རིང་ཡཾ་པ་རི་མང་ཏི༔ བུ་ག་སིང་ཧ་ཕ་གྷ་ལ༔ ར་མི་པི་པཱི་ཁེ་ཏ་པ༔ བི་ཁུ་མ་ལ་པ་ཏཾ་ཀི༔ ས་མ་ཉི་ཁཾ་དྷེ་ར་པ༔ བཛྲ་ས་ཏྭ་དྲྀ་ཌྷོ་མེ༔ གྷེ་པ་གྷ་ཊ་སྣ་མ་ཡེ༔ དྷརྨ་བ་ཏོ་ས་གྷུ་ལི༔ ར་མི་ས་མ་ཁ་རྒད་རྩེ༔ རུ་པ་ས་མི་མ་བྷ་ལ༔ ང་ཏྲིག་པ་ཡང་ཀེ་ལེ་ས༔ ག་ཙག་པ་ལ་ས་ཡི་ཙ༔ ཀརྨ་ཨེ་ཨ་ཨ་ནུ་ས༔ སང་ཏྲི་ཡ་མ་ཀརྨ་ཏེ༔ ང་ལ་ཁེ་པ་ཏི་མི་ས༔ ཅེས་འབྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་ཅི་མང་འགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོས་ཁེངས་པར་འབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ འོད་ཟེར་ལྔ་ཡི་ར་བ་འབྲི༔ རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེ་ཞིང་༔ ལས་ཀྱི་གཞུང་བསྲང་བསྙེན་ཁ་གསོ༔ རབ་ཏུ་གནས་ཤིང་ཚོགས་འཁོར་བསྐོར༔ ཤིས་བརྗོད་གླུ་གར་མེ་ཏོག་གཏོར༔ ལྔ་ལྔ་ཉེར་ལྔའི་བུམ་སྨན་དང་༔ བདུད་རྩི་ཆོས་སྨན་ཅི་མང་དང་༔ བྲམ་ཟའི་ཤ་དང་སྐྱེ་བདུན་བཏབ༔ དར་ཚོན་སྣ་ལྔའི་ན་བཟའ་གསོལ༔ ལྟེ་བ་མ་ཉམས་ལེགས་པར་བལྟབ༔ ཟངས་སོགས་རིན་ཆེན་གབ་རྩེར་གཞུགས༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་འདུན་པ་བསྐྱེད༔ མོས་གུས་འདོད་གསོལ་གསོལ་བ་གདབ༔ སྤྱི་བོའི་གཙུག་གམ་མཆན་གཡོན་བཅང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གདམས་པ་འདི ལྡན་སྐྱེས་བུ་དེས༔ ཐོས་བསམ་སྒོམ་སྒྲུབ་དགེ་བའི་ལས༔ གང་ལྟར་འབད་པ་འབུམ་འགྱུར་འཕེལ༔ མི་དགེ་ལས་ཀྱང་དེ་དང་འདྲ༔ དེ་ཕྱིར་ཆོས་ལྡན་སྐྱེས་བུའམ༔ སྡིག་མེད་དགེ་སྤྱོད་རྒྱུན་དུ་འཆང་༔ ཡང་ན་སྡིག་ཅན་འཆི་ཀ་མོར༔ སྐེ་ལ་འདོགས་ཤིང་རོ་མཉམ་བསྲེག༔ གདུང་རིགས་ཡིག་འབྲུ་ཕྱག་མཚན་འབྱུང་༔ བར་དོ་མེད་པར་མངོན་འཚང་རྒྱ༔ བཏགས་པས་གྲོལ་བའི་གདམས་པ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བཤུས་ཏེ་བྲིས་པའོ། །མངྒ་ལཾ།། །།

བཀའ་སྲུང་དྲང་སྲོང་ཆེན་པོའི་མཆོད་ཐབས།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བཀའ་སྲུང་དྲང་སྲོང་ཆེན་པོའི་མཆོད་ཐབས་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་གྱི༔ བཀའ་ཡི་སྲུང་མ་མཆོད་འདོད་ན༔ དྲག་པོའི་སྣོད་དུ་དཔལ་བཤོས་ལ༔ འཁོར་བརྒྱད་མཐེབ་ཀྱུ་ལིང་ག་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣས་བརྒྱན༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ བྱིན་གྱིས་བརླབས་ཤིང་འདི་སྐད་དོ༔ ཧཱུྃ༔ ནམ་མཁའ་ཡངས་པའི་ད་ལ་ནས༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ གཟའ་བརྒྱད་རྒྱུ་སྐར་སྡེ་བརྒྱད་ཚོགས༔ གདོང་མོ་མཆེད་བཞི་བྲན་གཡོག་འབུམ༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དུར་ཁྲོད་དྲག་པོའི་གནས་འདིར་བཞུགས༔ རྔམ་བྱེད་ཆེན་པོ་འཇིགས་པའི་ཞལ༔ གུས་པའི་ཡིད་ཀྱིས་བསྟོད་པར་བགྱི༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ བཀའ་ཡི་བསྲུང་མ་འཁོར་བཅས་ལ༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀ༔ དགྲ་བོའི་ཤ་ཁྲག་དོན་སྙིང་དང་༔ མེ་ཏོག་ཆུ་སྣ་སྨན་སྣ་དང་༔ ཤ་སྣ་ཁྲག་སྣ་འབྲུ་སྣ་སྟོང་༔ དཀར་གསུམ་མངར་གསུམ་ཀླུ་སྨན་སྤོས༔ མཆོད་པར་འབུལ་གྱིས་བཞེས་སུ་གསོལ༔ དྲང་སྲོང་ཆེན་པོའི་ལྗགས་འོད་ཟེར་གྱི་སྦུ་གུ་ཅན་གྱིས་མཆོད་རྫས་དང་གཏོར་མ་རྣམས་གསོལ་བར་བསམས་ཤིང་༔ རཱ་ཧུ་ལ་ཨ་ཧ་ར་ཁ་བབ་ཏ་ཤེ་ཏེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་བྷ་ལིངྟ་ཁྱབ་འཇུག་ཨི་དམ་གྷྲི་ཧ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ༔ སྲིན་པོ་ཡཀྴ་ཛ་ལའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀླུ་མོ་རྡོ་རྗེ་གློག་འགྱུ་མའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཕུང་བྱེད་གཟའ་བདུད་ཆེན་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འབར་བ་དྲང་སྲོང་ཆེན་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུད་པོ་རེ་ཏི་ནག་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲང་སྲོང་བྱི་ཏྲི་པ་ཏྲའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྱི་ནུ་ར་ཙ་ཆེན་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དུ་བ་མཇུག་རིང་ཆེན་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷ་ཆེན་ཁྱབ་འཇུག་ཆེན་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲང་སྲོང་དགྲ་གཅན་ཆེན་པོའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྟག་སྲིན་ཟོར་བ་གདོང་གི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱཧི༔ བམ་སྲིན་དྲེད་མོང་གདོང་གི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀོང་སྲིན་བ་ལང་གདོང་གི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འབྲོག་སྲིན་ཆུ་སྲིན་གདོང་གི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཟའ་ཆེན་པོ་བརྒྱད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷ་ཆེན་པོ་བརྒྱད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཀླུ་ཆེན་པོ་བརྒྱད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྒྱུ་སྐར་ཉེར་བརྒྱད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་རྒྱས་བསྡུས་སྐབས་དང་བསྟུན་ཏེ་འབུལ༔ དེ་ནས་བསྐང་བ་ནི༔ ཧཱུྃ༔ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན༔ འཇིགས་པའི་གཟུགས་ལ་གཏུམ་པའི་ཞལ༔ འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན༔ ཁྱེད་རྣམས་འཁོར་བཅས་ཐུགས་དམ་བསྐང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཤ་རུལ་ཁྲག་རུལ་ཉ་རུལ་དང་༔ བཙོས་དང་རྗེན་ཤ་ར་ཡི་མཆིན༔ ཤ་སྣ་སྟོང་དང་ཁྲག་སྣ་སྟོང་༔ ཕ་ཡི་ཟས་ཀྱིས་ཐུགས་དམ་བསྐང་༔ དཀར་གསུམ་མངར་གསུམ་ཀླུ་སྨན་དང་༔ ལ་སྨན་རྩི་སྨན་ག་བུར་སྤོས༔ འབྲུ་སྣ་སྟོང་དང་སྨན་སྣ་སྟོང་༔ མ་ཡི་ཟས་ཀྱིས་ཐུགས་དམ་བསྐང་༔ སྟག་དོམ་བ་ལང་ཉ་ཡི་སྙིང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ ཤ་ཁྲག་སྙིང་སྣ་རི་ལྟར་སྤུངས༔ འཁོར་གྱི་སྡེ་བརྒྱད་ཐུགས་དམ་བསྐང་༔ དགྲ་བགེགས་ཤ་ཁྲག་སྨན་རག་གཏོར༔ དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་༔ དབང་པོ་ལྔ་ཡིས་ཐུགས་དམ་བསྐང་༔ གསུར་ཆེན་དུད་པས་ཐུགས་དམ་བསྐང་༔ ཞུན་ཆེན་མར་མེས་ཐུགས་དམ་བསྐང་༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ རྐང་གླིང་རོལ་མོས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་བར་གཅོད་བཟློག༔ མཐུ་དང་དྲག་པོའི་དངོས་གྲུབ་སྩོལ༔ ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་འབོད་སྔགས་འདི་བགྲང་ངོ་༔ ཧྲི་ཤ་རུ་རཾ་ན་ག་ཙི་ཏ་ཏྲཾ ཿ མ་མ་ཡོ་ཟ་འགྲམ༔ ཧ་ཧི་ཀེ་ཤེ་ལ་ཛ་ཛ༔ བསད་སྔགས་ནི༔ ཨོཾ་ཨ་ཀྲོ་ཏེ་ཀ་ཧྲི་ཧ་ཤེ་རུ་མ་མ་ཟ་ཀ་ལ་རྦད་ཛ་ཛ༔ སརྦ་དུཥྟན་ཤ་ཏྲུཾ་ཆ་ེགེ་མོ་མཱ་ར་ཡ་རྦད༔ བསད་སྔགས་འདི་ནི་ལས་སྦྱོར་དུས༔ མ་གཏོགས་ནམ་ནམ་བཟླས་གྱུར་ན༔ དྲང་སྲོང་རང་གི་སྲོག་ལ་འོང་༔ དེ་ནས་བསྟོད་ཅིང་བསྐུལ་བ་འདི་སྐད་དོ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ སངས་རྒྱས་བསྟན་པ་བསྲུང་བའི་མཐུ་བོ་ཆེ༔ འབར་བ་ཆེན་པོ་དྲང་སྲོང་ཁྲོས་པའི་སྐུ༔ རོ་སྟོད་སྲིན་ལ་རོ་སྨད་གདུག་པ་སྦྲུལ༔ སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར༔ ཕྱག་བཞི་རལ་གྲི་ཆུ་སྲིན་མདའ་གཞུ་འགེངས༔ གཟའ་བདུད་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཀླུ་སྲིན་ཚོགས་པའི་སྲས་མཆོག་མཐུ་སྟོབས་ཅན༔ ཤར་ནས་ཁྲོས་ཏེ་ནུབ་ཏུ་བསྐྱོད་པའི་ཚེ༔ ཉི་ཟླའི་རྗེས་གཅོད་དགྲ་བོ་ཁ་ཕུང་གཏོང་༔ དྲང་སྲོང་ཆེན་པོའི་ཐུགས་དམ་དུས་ལ་བབས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཟའ་བརྒྱད་ཀྱི་བསྐུལ་བ་ནི༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཤར་དུ་བསྐྱོད་པའི་ཚེ༔ ལྗང་སྔོན་དུད་ཁ་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་ཞགས་པ་ལྕགས་སྒྲོག་འཛིན༔ སྲིད་པའི་མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ སྤྱན་སྟོང་འབར་ཞིང་དུག་རླངས་ན་བུན་འཚུབ༔ ཤ་ཁྲག་དམར་ཀྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐོག་སེར་གྲི་ཡིས་སོད་ལ་ཤོག༔ མ་རཀྨ ོ་བཾ་ཧཱུྃ༔ ཧཱུྃ༔ ཤར་ལྷོ་མཚམས་ནས་ནུབ་བྱང་བསྐྱོད་པའི་ཚེ༔ དྲང་སྲོང་དཀར་སེར་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་ཞགས་པ་ཏྲི་ཤུལ་གཡབ༔ དགྲ་ལྷའི་རྒྱལ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ སྤྱན་སྟོང་འཁྲུག་ཅིང་ཐོག་གི་བུ་ཡུག་འཚུབ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐོག་སེར་ནད་ཀྱིས་སོད་ལ་ཤོག༔ ཙ་བད་སེ་ལེ་ཧཱུྃ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ལྷོ་རུ་བསྐྱོད་པའི་ཚེ༔ བདུད་པོ་རེ་ཏི་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་བདུད་ཞགས་ནག་པོ་འཕེན༔ བདུད་ཀྱི་དམག་ཚོགས་མང་པོའི་འཁོར་གྱིས་བསྐོར༔ སྤྱན་སྟོང་འབར་ཞིང་བདུད་དམག་བུ་ཡུག་འཚུབ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐོག་སེར་བདུད་ཞགས་ཐོབ་ལ་ཤོག༔ དི་རཾ་ཀི་ཧཱུྃ༔ ཧཱུྃ༔ ལྷོ་ནུབ་འཚམས་ནས་བྱང་ཤར་ལ་བསྐྱོད་ཚེ༔ བྱི་ཏྲི་པ་ཏྲ་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་ཨུར་མོའི་གྲི་ཆེན་འདེབས༔ མ་རུང་སྲིན་པོ་འབུམ་གྱི་འཁོར་གྱིས་བསྐོར༔ སྤྱན་སྟོང་འཁྲུག་ཅིང་ནད་མཚོན་ཆར་པ་འབེབས༔ ཤ་ཁྲག་དམར་ཀྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ནད་མཚོན་ཐོག་གིས་སོད་ལ་ཤོག༔ རཀྴ་ཏྲི་ཨ་ཧཱུྃ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ནུབ་ཏུ་བསྐྱོད་པའི་ཚེ༔ བྱི་ནུ་ར་ཙ་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་སྟག་ཆེན་མགོ་བོ་འཕྱར༔ བཙན་དམག་དམར་པོ་འབུམ་གྱི་འཁོར་གྱིས་བསྐོར༔ སྤྱན་སྟོང་འཁྲུག་ཅིང་དམར་ཡམས་གཟེར་ནད་འབེབས༔ ཤ་ཁྲག་དམར་ཀྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་གཟེར་ནད་ཐོག་གིས་སོད་ལ་ཤོག༔ ཨ་ཏྲི་རི་ཏྲི་ཧཱུྃ༔ ཧཱུྃ༔ ནུབ་བྱང་མཚམས་ནས་ཤར་ལྷོར་བསྐྱོད་པའི་ཚེ༔ དུ་བ་མཇུག་རིང་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་ཞགས་པ་ཐོད་དབྱུག་འཕྱར༔ འཆི་བདག་གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར༔ སྤྱན་སྟོང་འཁྲུག་ཅིང་གནམ་ལྕགས་བུ་ཡུག་འཚུབ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་ཚེ་སྲོག་དུས་མཐའ་སྡུས་ལ་ཤོག༔ ཡ་མ་ས་ན་ཡཾ་ཧཱུྃ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་བྱང་དུ་བསྐྱོད་པའི་ཚེ༔ ཁྱབ་འཇུག་སེར་ནག་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་སྦྲུལ་ཞགས་འདེབས་ཤིང་འཕེན༔ ཀླུ་བདུད་ནག་པོ་འབུམ་གྱི་འཁོར་གྱིས་བསྐོར༔ སྤྱན་སྟོང་འཁྲུག་ཅིང་ཐོག་སེར་བུ་ཡུག་འཚུབ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐོག་སེར་མཛེ་ནད་སྦོས་གྲིར་སོད༔ ནཱ་ག་ཤི་རི་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་མཚམས་ནས་ལྷོ་ནུབ་བསྐྱོད་པའི་ཚེ༔ བྱི་ན་ཡ་ཀ་མགོ་དགུ་མཆེ་བ་གཙིགས༔ གཡས་གཡོན་ཆུ་སྲིན་ཁྲམ་ཤིང་རྡོ་རྗེ་ཅན༔ བསྟན་སྲུང་དྲག་པོ་སྡེ་བརྒྱད་འཁོར་གྱིས་བསྐོར༔ སྤྱན་སྟོང་འཁྲུག་ཅིང་ནད་ངན་བུ་ཡུག་འཐིབ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོ་ཐོག་སེར་གཏིབ་གྲིར་སོད་ལ་ཤོག༔ ཤ་ཨེ་སེན་ཏྲི་ཧཱུྃ༔ ཅེས་བསྐུལ་དམོད་བཅོལ་གཏོར་མ་འབུལ༔ རྒྱུ་བ་དང་བསྟུན་དགྲ་ཕྱོགས་འཕེན༔ བརྣག་པའི་དགྲ་ལ་ཞེ་རེ་ཚིམ༔ ཟབ་ཆོས་བཀའ་ཡི་སྲུང་མ་འདི༔ ཆོས་སྐྱོང་ཀུན་གྱི་མཐར་ཐུག་ཡིན༔ ཕྱི་རབས་བསྟན་པའི་བཙས་སུ་ཤོག༔ ཆོས་སྐོར་མ་བུ་ཆ་ལག་རྣམས༔ ལུང་བཞིན་གསལ་ན་ཞལ་བཤུས་ལ༔ དགྲ་བོ་ཁ་ཕུང་རྗེས་མེད་ཐོང་༔ ཡང་ན་ཡང་གཏེར་སྦ་བ་དགེ༔ ཅི་ཕྱིར་དྲག་སྔགས་མཐར་ཐུག་གོ༔ སེལ་དང་འཕུང་བཤིག་ལས་མཐའ་རྣམས༔ བུ་ལ་སྤེལ་ཀྱང་མནའ་རྒྱས་ཐོབ༔ གལ་སྲིད་འཆལ་ན་རང་ལ་འོང་༔ ཤིན་ཏུ་གཉན་པས་སྤྱོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ སོ་ཕག་ཤི་ན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་བནྡྷེ་ཉི་མ་གྲགས་པས་སོག་ཤོ་འཕྲང་ནས་ས་ཕོ་རྟ་ལོ་ཧོར་ཟླ་བདུན་པའི་ཡར་ཚེས་ལ་གཏེར་ནས་སྤྱན་དྲངས་ཤིང་ཆུ་ཕག་ཧོར་ཟླ་གསུམ་པའི་ཉེར་དགུ་དང་གནམ་གང་གི་ཐུན་གཉིས་ལ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བ་འདི་ཡང་ཆགས་རུ་ཕུག་ནག་གི་ཀེའུ་ཚང་དུའོ། །མངྒ་ལཾ།། །།

གཏེར་སྲུང་ཆེན་པོའི་མཆོད་ཐབས།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ གཏེར་སྲུང་མཆོད་ཐབས་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་གྱི༔ སྲུང་མ་མཆོད་ཐབས་འདི་ལྟར་བྱ༔ སྨྱུག་རྒོད་མགུལ་དུ་དར་ཚོན་དང་༔ སྟག་གཟིག་རས་མོ་མེ་ལོང་དང་༔ སྲུང་མ་ཉིད་ཀྱི་ཙཀ་ལི་བཏགས༔ ཕུད་རྒོད་དམར་གཏོར་རྒྱན་ལྡན་བཤམས༔ བསང་སྦྱང་སྤེལ་ཞིང་བྱིན་གྱིས་བརླབས༔ གསང་འདུས་ལྷ་ཡི་བསྐྱེད་རིམ་བསྒོམ༔ མདུན་དུ་སྲུང་མ་འཁོར་བཅས་གསལ༔ རོལ་མོ་འཁྲོལ་ཞིང་སྤོས་དཀར་བདུག༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ འདིར་གཤེགས་བརྒྱན་གྱི་མཆོད་པ་བཞེས༔ དམ་བཅས་བཞིན་དུ་འཕྲིན་ལས་མཛོད༔ བདག་ཉིད་པད་མ་ཐོད་ཕྲེང་གིས༔ གསང་བ་གསུམ་གྱི་དཀྱིལ་འཁོར་དུ༔ དམ་ཚིག་ཕོག་པ་དུས་འདིར་དགོངས༔ རྒྱལ་བ་ཐོད་དཀར་གཉེན་གྱི་གཙོ༔ མཆེད་ཟླ་བརྒྱད་ལ་གཉེན་འཁོར་འབུམ༔ སངས་རྒྱས་བསྟན་པའི་བྱ་ར་བ༔ རྡོ་རྗེ་ཐེག་པའི་སྲུང་མ་མཆོག༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་དམར་པོ་ལེ་བརྒན་གསོལ༔ ཕྱག་ན་དར་མདུང་ཞགས་པ་བསྣམས༔ ལ་ཐོད་རྒོད་སྒྲོ་ལྡེམས་སེ་ལྡེམ༔ ཞལ་ནས་བཤུད་འདེབས་ཨམ་གཙིགས་བསྡམས༔ སྤྱན་གསུམ་བར་སྣང་གློག་ལྟར་འཁྱུག༔ སྨ་ར་སྨིན་མ་མེ་འོད་འཕྲོ༔ ནད་ཀྱི་ན་བུན་བསེ་དྲི་འཐུལ༔ ཆིབས་སུ་རྐྱང་རྒོད་ཞུར་པོ་བཅིབས༔ སྟག་རལ་གཟིག་ཤུབས་བསེ་ཕུབ་བརྒྱན༔ རང་འདྲའི་སྤྲུལ་པ་མང་པོས་བསྐོར༔ ཅེ་སྤྱང་བདུད་ཚོགས་ཕོ་ཉར་འགྱེད༔ དམ་ཚིག་ཉམས་པའི་བླ་ལ་འཇབ༔ ཀླུ་བཙན་ས་བདག་བྲན་དུ་བཀོལ༔ དགྲ་བོར་འཕུང་གསུམ་གཡབ་མོས་འདེབས༔ རྒྱལ་འགོང་རྣམས་དང་སྡོང་ཟླ་འདེབས༔ སྨྱོ་འབོག་བརྒྱལ་ནད་ཐོག་ལྟར་འབེབས༔ ཁྱོད་ནི་དཔལ་གྱི་ཕོ་ཉ་སྟེ༔ ཁྱོད་ནི་བཀའ་ཡི་སྲུང་མ་མཆོག༔ ཕུད་མཆོད་གཏོར་མ་འདི་བཞེས་ལ༔ དྲག་ཏུ་བསྐྱོད་ལ་མྱུར་དུ་རྒྱུག༔ དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི༔ དཔུང་པ་ཆོག་ལ་རྒྱུས་པ་ཆིངས༔ གོ་ཁྲབ་བཤུས་ལ་མཚོན་ཆ་ཕྲོག༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ དཔའ་གཏུམ་འཁྲུག་པའི་ང་རོ་ཡིས༔ དགྲ་བོའི་རྣམ་ཤེས་རྟེན་དང་ཕྲོལ༔ རྣོ་ངར་ལྡན་པའི་མཚོན་ཆ་ཡིས༔ དགྲ་བོའི་དོན་སྙིང་ཚལ་པར་ཁོས༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་གྱིས༔ དགྲ་བོའི་ཤ་ཁྲག་དོན་སྙིང་རོལ༔ འུར་འུར་ཆུམ་ཆུམ་ལས་ལ་བྷྱོ༔ བཀའ་ལས་མ་འདའ་དམ་ཚིག་ཅན༔ དམ་ལས་མ་འདའ་དགེ་བསྙེན་ཆེ༔ གནས་རྣམས་སྲུངས་ཤིག་ཞིང་སྐྱོང་མགོན༔ གཏེར་རྣམས་འཚོས་ཤིག་བྱ་ར་བ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཕུད་མཆོད་གཏོར་མ་དབུལ༔ འདི་ལྟར་བརྩམས་པའི་རྣལ་འབྱོར་ལ༔ འགོ་ཞིང་སྡོང་གྲོགས་བྱེད་པ་དང་༔ ཀ་ཅ་དཀོར་སྲུང་དམ་གཙང་བས༔ གསོལ་མཆོད་དུས་གཏོར་ཆག་མེད་གྱིས༔ ཁྱད་པར་ཆོས་འདིའི་སྲུང་མ་སྟེ༔ སུ་ཡིས་ཉམས་སུ་བླངས་པ་ལ༔ མགོན་སྐྱོབ་སྡོང་གྲོགས་ངེས་པར་བྱེད༔ གནས་འདིའི་སྲུང་མ་འདི་ཁོ་ན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཨྀཐི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྟོགས་ལྡན་འཁྲུལ་སྣང་རང་གྲོལ་རྩལ་གྱིས་ཁམས་སྲིང་མོ་རྫོང་ནས་སྟག་ལོ་ལ་གདན་དྲངས་ཤིང་སླར་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བའོ། །མངྒ་ལཾ།། །།

བཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས།

བཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས་ཉེར་མཁོ་རིག་འཛིན་ཉི་མ་གྲགས་པས་སྦྱར་བ་བཞུགས། དཔལ་གདོད་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང་པོ་དགུ་ལྡན་བརྒྱུད་པའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ལ་དང་པོ་འཁོར་བ་དང་མྱ་ངན་ལས་འདས་པ་རྒྱ་མ་བྲལ་བའི་སྔོན་རོལ་དུ་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད། དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཚེ། གཞི་ལས་འཕགས་པའི་སྐད་ཅིག་ལ་རང་སྣང་དུ་ངོ་ཤེས་པས་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གདོད་མའི་ཟད་ས་ཀ་དག་ཆེན་པོ་གཞོན་ནུ་བུམ་པའི་སྐུའི་ཞིང་ཁམས། ཆོས་ཉིད་འོད་གསལ་གྱི་གཞི་སུས་ཀྱང་འདུས་མ་བྱས་པའི་ཡོན་ཏན་ལས་རང་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་ཕོ་བྲང་དུ། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས། ཆོས་ཀྱི་སྐུའི་རང་བཞིན་དུ་བཙན་ས་ཟིན་ཏེ་སྐུ་ཞལ་ཕྱག་སོགས་ཅིའི་ཡང་ངོ་བོར་མ་གྲུབ་པར། ནམ་མཁའ་ཇི་སྲིད་པར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ། འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་ནང་གསལ་ཕྲ་བའི་ཡེ་ཤེས་གདོད་མའི་དབྱིངས་དེ་ཉིད་རྣམ་པར་དག་པའི་ཀློང་དུ་བཞུགས་པའོ། །དེའི་ཚེ་བསྟན་པ་ནི་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་ཆོས་ཀྱི་སྐུའི་རང་བཞིན་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་རྡོ་རྗེའི་གནས་ངོ་མཚར་རྨད་དུ་བྱུང་བ་ཆེན་པོའི་བདག་ཉིད་དོ། དེ་མཚོན་བྱེད་ཆོས་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བའི་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་གྲུབ་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་བཅུ་བའི་བར་གྱི་མི་རྣམས་ཀྱི་ཆག་གང་བ། སངས་རྒྱས་ཆོས་ཀྱི་སྐུའི་བསྟན་པའི་བཙས་ནམ་མཁའ་ལ་ལྷུན་གྱིས་གྲུབ་པར་སུས་ཀྱང་མ་བྱས་པར་རང་ཤར་བ་ནི་ཆོས་ཀྱི་སྐུའི་བསྟན་པ་དང་བསྟན་པའི་བཙས་ཀྱི་རིམ་པའོ། །རྒྱལ་བ་ཆོས་ཀྱི་སྐུ་དེའི་རང་མདངས་སམ་བྱིན་རླབས་ལས་རང་སྣང་སྟུག་པོ་བཀོད་པའི་ཞིང་ཁམས་ཕྱི་གསལ་འོད་ལྔས་བརྒྱན་པ་ན། རིགས་ལྔ་སོ་སོའི་སྟོན་པ་རང་སྣང་དཀྱིལ་འཁོར་གྱི་རོལ་པར་ཤར་བའི་ཚེ། བསྟན་པ་ཆོས་ཉིད་འོད་གསལ་རྫོགས་པ་ཆེན་པོའི་རང་སྣང་དུ་ལྷུན་གྱིས་གྲུབ་པའི་དུས་ན། རང་ཆས་ཀྱི་ཡེ་ཤེས་ཆེན་པོར་བཞུགས་ཏེ། ལས་དག་པའི་གདུལ་བྱ་རྣམས་ཀྱི འང་སྤྱོད་ཡུལ་ལས་འདས་པར་སྣང་བའོ། །དེ་མཚོན་བྱེད་ལོངས་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བའི་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་གྲུབ་པའི་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ཀྱི་གླེགས་བམ་ཆོས་ཀྱི་སྒྲ་རང་བྱུང་དུ་སྒྲོག་པ། སུས་ཀྱང་མ་བྱས་པར་རང་ཤར་བ་ནི་ལོངས་སྐུའི་བསྟན་པའི་བཙས་ཀྱི་རིམ་པའོ། །དེ་ནས་རིང་ཞིག་ན་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་རྩལ་ལས་འགྲོ་བ་རྨི་ལམ་གྱི་སྣང་བ་དང་འདྲ་བ། འཁྲུལ་རྒྱུ་མེད་བཞིན་འཁྲུལ་པ་ལྟར་སྣང་བ་རྣམས་གཡོ་བར་གཟིགས་ནས། བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་ནི། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལས་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་སྐུ་ནམ་མཁའ་མཐའ་ཀླས་པ་བཀོད་པའི་ཕྱག་རྣམས་ན་རིགས་ལྔའི་ཕྱག་མཚན་དུ་སྣང་བའི་ཁོང་གསེང་རྣམས་ལས་པདྨ་འཁྲུངས་པའི་ལྟེ་བའི་ཆ་ལ། ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་དང་བ་སྤུའི་ཁུང་རྣམས་ལས་སྤོས་ཆུའི་རྒྱུན་གངས་ཆེན་ཀྱི་མཚོ་འབབ་པའི་དབྱིངས་རྣམས་སུ་འབྱུང་བའི་རྡུལ་ཕྲ་རབ་ཇི་སྙེད་པའི་ཞིང་ཐམས་ཅད་ན། སངས་རྒྱས་ཀྱི་བྱིན་རླབས་དང་འགྲོ་བའི་ལས་ཀྱི་ཞིང་ཁམས་ཐ་དད་པ་སྣ་ཚོགས་པའི་གཟུགས་དང་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་པའི་ནམ་མཁའ་གང་དུ་ཁྱབ་པ་དེ་ཙམ་དུ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་སོགས་ལས་ཤར་བའི་ཞིང་གིས་ཁྱབ་པར་མཛད་ནས། གནས་ཕུན་སུམ་ཚོགས་པ་འགྲོ་དྲུག་རང་སྣང་ལ། སྣང་བ་སོ་སོ་དེ་རྣམས་སུ་སྟོན་པ་ཕུན་སུམ་ཚོགས་པ་སྤྲུལ་བའི་སྐུ་གང་ལ་གང་འདུལ་གྱིས་དུས་ཕུན་སུམ་ཚོགས་པ་ལས་དང་སྨོན་ལམ་དག་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་སོགས་ཐེག་པ་སྣ་ཚོགས་སུ་སྟོན་པར་མཛད་པའོ། །དེ་མཚོན་བྱེད་སྤྲུལ་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་བྱུང་བ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་སུས་ཀྱང་མ་བྱས་པར་རང་གྲུབ་པའི་སྐུ་གཟུགས་འགྲོ་བའི་ལུས་བོང་དང་མཉམ་པ་ཞིག་བྱུང་བ་ནི་སྤྲུལ་བའི་སྐུའི་བསྟན་པ་དང་བསྟན་པའི་བཙས་ཀྱི་རིམ་པའོ། །དེ་ལྟར་མི་གཡོ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་རྒྱ་མཚོའི་སྙིང་པོ་ཅན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀུན་ཏུ་བཟང་པོ་འཁོར་འདས་ཀུན་གྱི་བླ་མར་ཐོག་མ་མེད་པའི་དུས་སུ་བྱོན་ནས། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་བཀོད་པ་དེ་རྣམས་ལ་ཆོས་ཀྱི་སྐུའི་དུས་ན་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཞེས་བྱ་བ་དང་༔ ལོངས་སྤྱོད་རྫོགས་པའི་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ་བ་དང་། སྤྲུལ་བ་སྐུའི་དུས་ན་ཚངས་ཆེན་ཀྱི་བསྐལ་པའམ་ཞིང་ཁམས་ཞེས་བྱ་སྟེ། འབྱུང་བཞིས་གར་ཁྱབ་ཐམས་ཅད་ཚངས་ཆེན་ཀྱི་བསྐལ་པའི་ཁོངས་སུ་འདུ་ཞིང་ཞིང་དེ་རྣམས་སུ་དུས་བཞི་རྟག་པ་རྒྱུན་གྱི་འཁོར་ལོར། འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པ་ནི་ཐོག་མའི་ཀུན་ཏུ་བཟང་པོ་གཅིག་གི་གདུལ་ཞིང་དང་མཛད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ནི་རྒྱ་རབ་ཏུ་ཆེ་ཞིང་ཐོག་མའི་དུས་འདི་ཙམ་ཞིག་ནས་བྱུང་ངོ་ཞེས། ལོ་དང་བསྐལ་པ་ཞིང་གི་རྡུལ་རྒྱ་མཚོ་དཔག་པར་མི་ནུས་ཤིང་མཐར་གྱི་མཛད་པ་འདི་ཙམ་ན་རྫོགས་ཞེས་ཕྱི་མའི་མཐའ་གཞལ་བ་མི་ནུས་པ་འདིའི་དབྱིངས་ན་གླིང་དང་རི་དང་ཞིང་ཁམས་ཆེན་པོ་ན་བདེ་སྡུག་སྣ་ཚོགས་སུ་སྤྱོད་པ་རྣམས་ནི་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་འཁྲུལ་བ་ལྟར་སྣ་ཚོགས་སུ་སྣང་བ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལའང་སངས་རྒྱས་མང་པོ་ནི། །གངྒའི་ཀླུང་གི་བྱེ་མ་ཇི་ཡོད་སྙེད། རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་རྣམས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་གྱུར་མེད་དེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོར་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་བ་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་ཉམས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགེ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་བཀྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བར་སྣང་། །དེ་ཡི་གནས་ཉིད་ནའང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན།།འདོད་པའི་ཡོན་ཏན་དག་ལ་དགའ་མྱོས་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཅེས་དང་། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི་ཆེས་ཉུང་གི་ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་ཞིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཀྱང་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་ཉན་ཐོས་རྣམ་པར་ཐར་བ་བརྒྱད་ལས་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་བ་བརྒྱད་ལས་བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་གཟིགས་པའི་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་། ཞེས་སོ། །དེ་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་དེ་རྣམས་ཀྱི་ནང་ནས་ཞིང་འདིར་སྤྲུལ་པས་འགྲོ་བའི་དོན་མཛད་ཚུལ་ཡང་། སྔོན་བསྐལ་བ་བསམ་གྱིས་མི་ཁྱབ་པའི་དང་པོའི་གོང་རོལ་ནས། དཔལ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལས་སངས་རྒྱས་ཀྱི་རིམ་པ་གྲངས་མེད་བརྗོད་ལས་འདས་པས་འགྲོ་བའི་དོན་མཛད་པ་མཐའ་ཡས་པའི་ནང་ནས། བཀའ་རྫོགས་པ་ཆེན་པོ་ངེས་གསང་སྙིང་ཐིགས་ཀྱི་སྟོན་པ་རྣམས་བྱོན་ཚུལ་ཡང་། རྫོགས་པའི་སངས་རྒྱས་མངོན་འཕགས་དྲན་པ་མགོན་དང་། སྤྱི་ཕུད་སྟོང་གི་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། ཉི་མ་སྟོང་གི་རྒྱལ་བ་དང་། དྲ་བ་མགོན་གྱི་སངས་རྒྱས་དང་། འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། འཁོར་བ་འཇིག་གི་རྒྱལ་བ་ལ་སོགས་འབུམ་ཕྲག་དྲུག་ཅུ་རྩ་བཞིས་བསྐལ་བ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་ཚངས་ཆེན་དག་བཀོད་ནས། སངས་རྒྱས་ས་ཡ་ཕྲག་བཅུ་དགུས་ངེས་པ་དོན་གྱི་ཐེག་པ་འདི་བསམ་གྱིས་མི་ཁྱབ་པའི་འགྲོ་བ་བྱང་ཆུབ་ལ་བཀོད་པ་དང་། ཁྱད་པར་ད་ལྟའི་ཚངས་ཆེན་གྱི་བསྐལ་པ་འདི་ལ་རྡོ་རྗེ་འཆང་ཞེས་སྤྲུལ་པའི་སངས་རྒྱས་འདིས་ཡང་དག་ངེས་པའི་ཐེག་པས་འགྲོ་དོན་མཛད་ཚུལ་ཡང་། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །འདི་ནི་སྟོན་པ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ཅེས་པས་ཐོག་མའི་སངས་རྒྱས་དང་དབྱེ་གསལ་གཉིས་འཛིན་བྲལ་ཡང་འགྲོ་བ་འདྲེན་པའི་ཕྱིར་དུ་ཐབས་ལ་མཁས་པའི་རྣམ་གྲངས་ཀྱི་བདག་ཉིད་ཅན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱ་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་དང་། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་རྙེད་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཅེས་པ་རྒྱལ་བ་རྡོ་རྗེ་འཆང་འདི་ཉིད་ཀྱིས་སྔོན་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་དུ། ཞིང་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བར་བདེ་གཤེགས་སངས་རྒྱས་མཛེས་པ་ཆེན་པོ་ལ། གསེར་གྱི་རྡོ་རྗེ་ཕུལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད། དེ་ནས་སྐྱེ་བ་གཉིས་ན་བྱང་ཕྱོགས་རླུང་གི་གཡོ་བ་བཀོད་པ་ཞེས་བྱ་བར ། ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་བྱ་བར་གྱུར་ནས། སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་ཆོས་ཉན་ནས་འདས་པའི་འོག་རོལ་དུ་བདེ་བ་མྱོང་བའི་གླིང་དུ་གློག་གི་འོད་ཅེས་བྱ་བའི་སྲས་སུ་འཁྲུངས་ཏེ། བྲམ་ཟེ་ལེགས་སྦྱིན་ཞེས་བྱ་བར་གྱུར་ནས་སངས་རྒྱས་དགེ་བའི་བློ་གྲོས་ལ་ལོ་ལྔ་ཆོས་མཉན་ལོ་བདུན་ཏིང་ངེ་འཛིན་ལ་བཞུགས། ལོ་བདུན་ཅུ་རྩ་ལྔ་ན་ནོར་བུ་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རིའི་རྩེ་མོ་ལ། སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་ཀྱི་སྐུའི་དགོངས་པ་ལ་བསྐལ་པ་ཆེན་པོ་གཅིག་བཞུགས་སོ། དེ་ནས་འོག་མིན་སྟུག་པོ་བཀོད་པར་སྟོན་པ་རྡོ་རྗེ་འཆང་ཞེས་ཡོན་ཏན་རྫོགས་པའི་སྐུའི་རྣམ་པར་བཞེངས་ཏེ། དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་ཚེ། འཁོར་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་དང་། ས་ལ་གནས་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རང་སྣང་ཡོངས་སུ་བཀོད་པའི་ཚོགས་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུར་གསུངས་སོ། །དེ་ནས་འགྲོ་བའི་དོན་དུ་རྡོ་རྗེ་འཆང་གི་ཚངས་ཆེན་གྱི་བསྐལ་པ་བཀོད་པ་རྣམས་ཀྱི་ནང་ནས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཉེར་ལྔ་བའི་བཅུ་གསུམ་མི་མཇེད་ཐུགས་ཀྱི་འཇིག་རྟེན་འདི་ཆགས་པ་དང་། རྡོ་རྗེ་འཆང་ཉིད་ལོངས་སྐུ་ལས་སྤྲུལ་པའི་སྐུར་བཞེངས་པ་དང་། འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར་དུ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གཉིས་སུ་སྣང་བར་མཛད་པའི་ཐོག་མར། ཡུལ་དགའ་ལྡན་བརྩེགས་པར་གནས་ཕུན་སུམ་ཚོགས་པ་མེ་ཏོག་པདྨའི་ལྟེ་བ་ལ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་བསྐལ་བ་བཟང་པོ་འདིར་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་གདུལ་བའི་མཚོན་བྱེད་དུ་འོད་ཀྱི་སྣང་བའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པ་ལ། བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དཔག་ཏུ་མེད་པའི་ཚེ་གསུངས་ཏེ་ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་བསྡུ་བ་པོ་མཛད་དོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་ཁྱབ་འཇུག་ཟུར་ཕུད་ལྔ་བའི་སྐད་ཀྱིས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་ཐུབ་པའི་ཚེ་གསུངས། གསུམ་པ་ནི་གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པའི་འོད་ཀྱི་སྤུངས་པར་སྟོན་པ་ཕུན་སུམ་ཚོགས་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས་རྨ་བྱ་འཇིང་བསྣོལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། མཁའ་ལྡིང་ཟུར་ཕུད་གསུམ་པའི་སྐད་ལས་བསྒྱུར་ཏེ་དུས་ཕུན་སུམ་ཚོགས་པ་ཚེ་ལོ་འབུམ་ཐུབ་པའི་ཚེ་གསུངས། བཞི་པ་གནས་ཕུན་སུམ་ཚོགས་པ་ཆོས་འབྱུང་མངལ་དུ་སྣང་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་ཕུན་སུམ་ཚོགས་པ་གནོད་སྦྱིན་དང་བྲག་སྲིན་མོ་སྟོང་ཕྲག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་ཡན་ལག་གི་རྒྱུད་དྲུག་ཏེ་བཅུ་གཅིག། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་པའི་ཚེ་གསུངས། ལྔ་པ་གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་རབས་བདུན་དུ་སྣང་བ་རང་བཀོད་ནས། ཆོས་ཕུན་སུམ་ཚོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་པའི་ཚེ་གསུངས། དྲུག་པ་གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་མཁའ་འགྲོ་མ་དག་ལྷ་དང་ཀླུ་སོགས་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་གཞན་ཡང་རྒྱུད་སྡེ་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དྲུག་ཁྲི་པའི་ཚེ་གསུངས། བདུན་པ་གནས་ཕུན་སུམ་ཚོགས་པ་སྲིན་ཡུལ་རུ་ལུའི་སྒྲ་དང་ལྡན་པའི་ཕུག་ཏུ། སྟོན་པ་ཕུན་སུམ་ཚོགས་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་སྲིན་པོ་བྱེ་བ་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་འདུལ་བའི་རྒྱུད་ལ་སོགས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་ཐུབ་པའི་ཚེ་གསུངས། བརྒྱད་པ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར་སྟོན་པ་ཕུན་སུམ་ཚོགས་པ་གསེར་འོད་དམ་པས། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་སྟོང་ཐུབ་པའི་ཚེ་གསུངས། དགུ་པ་གནས་ཕན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་ཕུན་སུམ་ཚོགས་པ་བརྩེ་བ་རོལ་བའི་བློ་གྲོས་ཀྱིས། འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་སྒྱུ་འཕྲུལ་བདུན་པ་ལ་སོགས་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སྟོང་ཐུབ་པའི་ཚེ་གསུངས། བཅུ་པ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འོད་སྲུང་བགྲེས་པོས། འཁོར་ཕུན་སུམ་ཚོགས་པ་ཚེ་དང་ལྡན་པ་ཀརྨ་འོད་བཟང་ལ་སོགས་པ་བདུན་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་། ལུང་ཀྲི་ཡ་དང་། ལུང་ཨ་ནུ་ལ་སོགས་པ་ཁྲི་ཕྲག་བརྒྱད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་པའི་ཚེ་གསུངས། བཅུ་གཅིག་པ་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ། སྟོན་པ་ཕུན་སུམ་ཚོགས་པ་མངོན་རྫོགས་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་རིགས་གསུམ་གྱི་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་ཐེག་པ་འབའ་ཞིག དུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་བའི་ཚེ་གསུངས། བཅུ་གཉིས་པ་གནས་ཕུན་སུམ་ཚོགས་པ་ཝ་ར་ཎ་སི་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་གསུམ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་བྱང་སེམས་ལྷ་ཀླུ་ལ་སོགས་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་ཚེ་གསུངས། དེ་ཡང་ཐོག་མར་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས་དེའི་དབྱིངས་ན་ཞིང་འདི་ཆགས་པའི་གོང་དུ། ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་འགྲོ་བའི་དོན་མཛད་ཅིང་ད་ལྟ་མི་མཇེད་ཀྱི་ཞིང་འདིར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སྣང་ནས་འགྲོ་བའི་དོན་མཛད་པའང་། བསྟན་པའི་བཙས་རིན་པོ་ཆེ་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་གི་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་ཀྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔ་སྨིན། །དེ་འདས་ང་ཡིས་བཟུང་བ་ཡི། །བསྟན་པའི་སྲོག་ཤིང་དམ་པ་འདིས། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བསྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ལས་སྐྱེ་བ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་འབྱུང་། འདི་ཡི་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཅེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ་ཞིང་འདི་ཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན་བསྟན་པའི་བཙས་གསུམ་པོ་གནས་སོ། ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས་འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་འགྱུར་ཏེ། དེ་ལ་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་རྫོགས་ལྡན་དང་རྫོགས་ལྡན་ཆེན་པོ་དང་གཉིས་ལྡན་དང་གསུམ་ལྡན་དང་རྩོད་ལྡན་དང་རྩོད་ལྡན་ཆེན་པོའོ། །དེའི་བར་རྣམས་སུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས་བསྟན་པའི་བཙས་གསུམ་པོ་དེ་ཞིང་འདིར་བབས་ནས་རིམ་པ་བདུན་གྱིས་དར་ནུབ་བྱེད་དེ་མཐར་དུ་འཕར་བ་ནི། ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱི་ངེས་པར་ཕྱེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དང་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛཱི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་འཛིན་པའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་ཚངས་པ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་འབབ་སྟེ། །དགའ་བའི་དཔལ་ཞེས་བྱ་བ་ཡིས། །ལྕང་ལོ་ཅན་གྱི་རིགས་བདག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཞེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་འགྱུར། །དེ་ནས་ཤར་ཕྱོགས་བདེ་བའི་རླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འབྱུང་ངོ་། །དེ་ནས་ནུབ་ཕྱོགས་རྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གི་ཡང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིགས། །གདོལ་བའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱེད། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་འབབས་ཏེ། །རྡོ་རྗེ་གདན་ཞེས་བྱ་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ནས། །ཐ་མ་འཇིགས་པའི་དུས་འབྱུང་ངོ་། །ཅེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ་ལོ་ལྔ་བརྒྱ་ནི་ལྔ་བོ་ཆེ་སྟེ་ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་བཞིན་དུ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་ནས་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་བྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་ལེགས་ལྡན་ཤ་རིའི་བུ། །བསྟན་པ་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་པར་དལ་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་གནང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་བ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགར་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ནོར་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་འབྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ཉིད་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེར་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་འཕེན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་འདི་འབྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ན་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེས་རྒྱུ་ནི། །དེ་དག་སོ་སོའི་གནད་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེས་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། ལོ་ནི་དྲུག་ཅུའི་བར་ལ་བསྒྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ཕྱོགས། །གཟི་བརྗིད་ལྡན་པའི་རི་ཡི་རྩེར། །དགེ་སློང་གཟུགས་ལ་བྱང་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུར་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེནས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབ་ནས་ནི། །ལོ་ནི་དྲུག་ཅུར་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱིས་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོང་ཆུང་ཡན་ལག་ཆུང་བ་ཞིག །སྡེ་བ་རྩོད་ཅིང་མཚོན་ཆ་འཛིན། །འདི་འབྱུང་བས་ནི་མུན་པ་ཡང་། །ལོ་ནི་དྲུག་ཅུའི་བར་ལ་གནས། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏེ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་ལུས་ལ་དཔུང་བ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་འབྱུང་བ་སོར་བཞིའི་ཚད། །འདི་འབྱུང་བས་ནི་མུན་པ་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་བྱའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུ་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ། །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡི། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་བྱང་། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །ཁྱི་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ནི་སྐྱེས་ནས་ལོ་བཅུ་ནས། །དྲུག་ཅུ་དག་ཏུ་མུན་བར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡི། །འདིས་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་འདིར་འཕེལ་འགྲིབ་བྱེད། །ཅེས་སོ། དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་བའི་འོག་བར་ཁུག་མ་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས་མི་མཇེད་སྟོང་གི་དུས་ཡིན་ཏེ། བཙས་གསུམ་ཡངས་པ་སྐྱོབ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུད་པ་ལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ་ནུབ་ཕྱོགས་གཙུག་ཕུད་དབྱངས་ལྡན་གྱི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ། བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་ལྔར་གནས་སོ། བསྟན་པའི་བཙས་གསུམ་ནི་རྡོ་རྗེ་འཆང་གི་མཛད་པ་ཆེན་པོ་རྫོགས་པས་ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། དེ་ནས་འགྲོ་བ་དབྱིངས་ལས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ་བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས་རྒྱལ་བ་ཀུན་ཏུ་བཟང་པོའི་བྱིན་རླབས་ལས་བསྟན་པའི་བཙས་གསུམ་རང་འཆར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟང་དུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་ལྷ་ནི་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བརྟུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱི་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག། །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡི། །དེ་ལྟར་བསྟན་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཅེས་སོ། །གསང་ཆེན་ངེས་པའི་བསྟན་པ་འདིའི་སྐབས་འདིར་ཞིང་འདིའི་འགྲོ་བ་གྲོལ་ཚད་ཀྱང་། བཀོད་པོ་ཆེན་པ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ན་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུར་གྲོལ་བར་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དེ་ནི་རང་དེངས་སོ། །དེ་དག་སྔོན་འབྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་འཐོབ། །ངེས་གསང་སྙིང་པོ་ཡང་ནས་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུར་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་བྱུང་དག་ན། །འདི་ཉིད་འཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཅེས་དང་། སྐྱེ་གཉིས་མཚམས་སུ་གྲོལ་བའི་ཚད་ཀྱང་། སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་འཚང་རྒྱ་བ། །ཚེ་ལོ་བཅུ་པའི་བར་དུ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །ཅེས་སོ། །ཏིང་འཛིན་ངེས་པའི་ལུང་བསྟན་ཀྱང་། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་དེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། ཁྱིམ་བདག་རིགས་སྐྱེས་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེར་དག་གིས་འཛིན། དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་འཛིན། །དེ་རྗེས་སེངྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ན་དར། །ཅེས་སོ། དེ་ཡང་བསྟན་པ་རིན་པོ་ཆེ་འདི་ལ་དངོས་དང་གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི་འགྲོ་བའི་མོས་པ་དང་སངས་རྒྱས་ཀྱི་བྱིན་བརླབས་ཀྱིས་འགྲོ་དྲུག་གང་ནའང་ཁྱབ་པའོ། །དངོས་ཀྱི་བསྟན་པ་ལ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་ནི་སྟོན་པའི་རང་སྣང་དག་པའི་དབྱིངས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་འོད་གསལ་སྟུག་པོ་བཀོད་པ་གཉིས་ན་རྟག་པ་རྒྱུན་གྱི་འཁོར་ལོར་ཡོད་ཅིང་སྤྲུལ་པའི་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་གཉིས་ནི་ལྷ་མིའི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས། གཞན་ན་མེད་དེ་མཁའ་འགྲོ་མ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། དེ་ལ་ད་ལྟར་གྱི་ཞིང་འདིའི་ཚེ་ཡང་སྤྲུལ་སྐུའི་བསྟན་པའི་ཚད་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ་གསུང་དང་ཐུགས་ཀྱི་བསྟན་པ་ནི་ལྔ་བརྒྱ་ལྔ་སྟོང་ཕྲག་རེའོ། །དེ་ལ་ཚེ་ལོ་དཔག་མེད་ནས་ཚེ་ལོ་སྟོང་གི་བར་སྐུའི་བསྟན་པ། ཚེ་ལོ་སྟོང་ནས་བདུན་ཅུའི་བར་གསུང་གི་བསྟན་པ། ཚེ་ལོ་བདུན་ཅུ་ནས་བཅུ་བའི་བར་ཐུགས་ཀྱི་བསྟན་པའོ། དེ་ལ་སྐུའི་བསྟན་པའི་ཚེ་ན་བསྟན་པའི་བཙས་རིན་པོ་ཆེ་གསུམ་གྱི་རྡོ་རྗེ་ནི། ཨོ་རྒྱན་ཡུལ་གྱི་ལན་ཚྭ་ཅན་གྱི་རྒྱ་མཚོ་ན་བཞུགས་ཤིང་སྐབས་སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་ཅན་མང་པོའི་སྤྲུལ་པ་འབྱུང་ངོ་། །གླེགས་བམ་དང་སྐུ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་ནམ་མཁའ་ལ་བཞུགས་ཏེ་མཁའ་འགྲོ་མ་རྣམས་ཀྱིས་མཆོད་དོ། གསུང་གི་བསྟན་པའི་དུས་ན་རྡོ་རྗེ་ནི་རི་བོ་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་རྣམས་ཀྱིས་མཆོད་ཅིང་། གླེགས་བམ་ནི་རྡོ་རྗེ་གདན་གྱི་ནམ་མཁར་མཁའ་འགྲོ་མ་རྣམས་ཀྱིས་མཆོད་དོ། སྐུ་ནི་འཛམ་གླིང་ཐམས་ཅད་དུ་འཕར་ཞིང་འབྱོན་ལ། སྐབས་སྐབས་སུ་བསྟན་པ་ལ་གནོད་པ་བྱུང་ཚེ་ཞལ་ནས་ཧཱུྃ་དང་སྤྱན་ལས་མེ་འབྱུང་བས་ཟློག་གོ །ཐུགས་ཀྱི་བསྟན་པའི་ཚེ་རྡོ་རྗེ་གདན་གྱི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་མཆོད་ཅིང་། གླེགས་བམ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་པར་བཞུགས་ཤིང་མཆོད་ལ། སྐུ་ནི་སུམ་ཅུ་རྩ་གསུམ་གྱི་གནས་ལག་ན་རྡོ་རྗེའི་ཁང་བརྩེགས་ཀྱི་ཡང་ཐོག་ཏུ་བཞུགས་ཏེ་མཆོད་དོ། །རྒྱུད་ནས་ཁོལ་དུ་ཕྱུང་བ་པོ་ཉི་མ་གྲགས་པའོ།

བཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུང་བ།

བཀའ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་ཁོལ་དུ་ཕྱུངས་པ་བཞུགས། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་ཀ་དག་ཆོས་དབྱིངས་བདེ་ཆེན་ཀློང་། །རང་བཞིན་ལྷུན་གྲུབ་ཟབ་གསལ་ཟུང་དུ་འཇུག །ཐུགས་རྗེ་རང་ཤར་རང་གྲོལ་དབྱིངས་ཀྱིས་བརྒྱན། །རང་རིག་སྤྲོས་བྲལ་བླ་མའི་ཞབས་ལ་འདུད། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་ཡི། །ངོ་མཚར་རྒྱུད་ཀྱི་འགྱུར་བྱང་གསལ་བྱེད་འདི། །སྤྲུལ་པའི་ལོ་པཎ་གསུང་བཞིན་འདྲི་བ་ལ། །སྔགས་ཀྱི་སྲུང་མས་དགྱེས་བཞིན་གནང་དུ་གསོལ། །དེ་ཡང་ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་རྒྱུད་ཀྱི་འགྱུར་བྱང་མདོ་ཙམ་བཤད་པ་ལ་གཉིས་ཏེ། བཀའ་མ་དང་གཏེར་མའོ། དང་པོ་ལའང་གཉིས་ཏེ། སྒྲ་བསྒྱུར་བཻ་རོ་ཙ་ནའི་རྫོགས་པ་ཆེན་པོའི་འགྱུར་བྱང་གི་ལུགས་དང་། པཎ་ཆེན་བི་མཱ་ལ་མི་ཏྲའི་རྫོགས་པ་ཆེན་པོའི་འགྱུར་བྱང་གི་ལུགས་སོ། །དང་པོ་ནི། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཕལ་ཆེ་བ་ནི་ཨོ་རྒྱན་གྱི་གནས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཕྱག་ན་བཞུགས་པ་ཡིན་ལ། དེ་ལ་ནི་ཀློང་ཆེན་པོ་དགུ། ལེའུ་འབུམ་ཕྲག་ལྔ་བམ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དོ། ཀློང་ཆེན་པོ་དགུ་ནི། སྐྱེ་བ་མེད་པའི་ཀློང་། སྙིང་པོ་དོན་གྱི་ཀློང་། གདོད་ནས་མ་སྐྱེས་པའི་ཀློང་། ཚིག་ལས་འདས་པའི་ཀློང་། སྤྲོས་དང་བྲལ་བའི་ཀློང་། བརྗོད་དུ་མེད་པའི་ཀློང་། དེ་ཁོ་ན་ཉིད་ཀྱི་ཀློང་། མཐའ་ཀུན་དང་བྲལ་བའི་ཀློང་། གཉིས་སུ་མེད་པའི་ཀློང་། ལེའུ་འབུམ་ཕྲག་ལྔ་དང་བམ་པོ་བརྒྱད་ཁྲི་བཞི་སྟོང་ནི། སྐྱེ་མེད་ཀྱི་ཀློང་ལ་ལེའུ་འབུམ་ཕྲག་གཅིག་དང་བམ་པོ་སྟོང་ཕྲག་བརྒྱ་དང་བརྒྱད་བཞུགས་སོ། །དེ་བཞིན་དུ་ཀློང་རེ་རེ་ལའང་ལེའུ་ཁྲི་ཕྲག་ལྔ་ལྔ་དང་། བམ་པོ་སྟོང་ཕྲག་བརྒྱད་དང་ལྔ་བརྒྱ་རེ་ཀུན་ལ་བཞུགས་པས་ལེའུ་འབུམ་ཕྲག་ལྔ་དང་བམ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ཡིན་ནོ། །དེ་ཡང་སྡེ་ཚན་ནང་དུ་ཕྱེ་ན་དོན་ཚན་བཞི་སྟེ། རྫོགས་པ་ཆེན་པོ་ཕྱིའི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་རོ། དང་པོ་རྫོགས་པ་ཆེན་པོ་ཕྱིའི་སྐོར་ལ་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། རྣམ་གྲངས་ལ་དགུ་སྟེ། རྫོགས་ཆེན་རྒྱུད་སྡེ། སེམས་སྡེ། ཀློང་སྡེ། བམ་པོའི་སྐོར། མདོ་ལུང་མ་བུའི་སྐོར། མན་ངག་རྫོང་འཕྲང་གི་སྐོར། མན་ངག་སྙན་བརྒྱུད་ཀྱི་སྐོར། མན་ངག་བསམ་གཏན་གྱི་སྐོར་རྣམས་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་བཞུགས་སོ། གཉིས་པ་འགྱུར་ལུགས་ནི། སྤྱིར་ཨོ་རྒྱན་གྱི་གནས་ན་རྫོགས་པ་ཆེན་པོའི་སྤྱི་རྒྱུད་མང་ཡང་བོད་དུ་འགྱུར་བ་ལ་རྩ་བའི་རྒྱུད་ལྔ། །ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞི་སྟེ་རྒྱུད་སྡེ་ཆེན་པོ་བཅུ་དྲུག་འགྱུར་རོ། རྩ་བའི་རྒྱུད་ལྔ་ནི། བཀྲ་ཤིས་མཛེས་ལྡན་མི་འགྱུར་གནས་པའི་རྒྱུད། ཡོན་ཏན་རྫོགས་པ་རྣམ་པར་རོལ་པའི་རྒྱུད། ཡུལ་ཀུན་ལ་འཇུག་པ་རྣམ་པར་རོལ་བའི་རྒྱུད། ཐིག་ལེ་རྒྱ་མཚོར་འཇུག་པ་ལ་གནས་པའི་རྒྱུད། རིན་པོ་ཆེ་རྣམ་པར་འགྱེད་པའི་རྒྱུད་དོ། ཡན་ལག་གི་རྒྱུད་བདུན་ནི། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད། ཡེ་ཤེས་རང་ལ་དབབ་ཅིང་རང་ལ་གནས་པའི་རྒྱུད། མི་འགྱུར་གནས་པའི་རྒྱུད། བཀོད་པ་རྒྱན་གྱི་རྒྱུད། དོན་གསལ་བ་མཐར་ཕྱིན་པའི་རྒྱུད། གསལ་བ་རང་གྲོལ་རྒྱུད། དཀྱིལ་འཁོར་རྫོགས་པའི་རྒྱུད་དོ། །བཤད་པའི་རྒྱུད་བཞི་ནི། རྨད་དུ་བྱུང་བའི་རྒྱུད། །ཀུན་བྱེད་རྒྱལ་པོའི་རྒྱུད། བྱང་ཆུབ་ཡེ་ཤེས་རོལ་བ་སྟོང་བ་ཉིད་ཀྱིས་བརྒྱན་པའི་རྒྱུད། དེ་ཁོ་ན་ཉིད་སྟོན་པ་གསང་བ་རོལ་བའི་རྒྱུད་དོ། ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་དུ་གྲགས་པ་ནི། ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ཐོས་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་ལྔ་བཅུ་རྩ་བདུན་པ། རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅུ་གཉིས་པ། རྒྱུད་ཕྱི་མའི་ཕྱི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅོ་ལྔ་པ། ཀུན་བྱེད་བཤད་པའི་རྒྱུད་མདོ་བཅུ། སྤྱིའི་བཤད་རྒྱུད་འཁོར་བ་རྩད་གཅོད་དང་ལྔ། ཤྲཱི་སེང་ཧའི་རྒྱ་ཆོས་ཉི་ཤུ་རྩ་གཅིག་གི་ཐོག་མའི་རྒྱུད་བཞི་སྟེ་དགུའོ། །ཐོག་མའི་རྒྱུད་བཞི་ནི། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་བཅུ་གསུམ་པ། བསྒོམ་པ་རྒྱ་མཚོ་དང་མཉམ་པའི་རྒྱུད་ལེའུ་བདུན་པ། སྦྱོད་པ་ཉི་ཟླ་དང་མཉམ་པའི་རྒྱུད་ལེའུ་བཅུ་གཅིག་པ། འབྲས་བུ་རིན་པོ་ཆེ་དང་མཉམ་པའི་རྒྱུད་ལེའུ་བཅུ་བཞི་པའོ། །གཉིས་པ་རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་ལ་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་ནི་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་སེམས་སྡེའི་རྒྱུད་བདུན་ཅུ་རྩ་བདུན་བཞུགས་པ་ལས་བོད་དུ་འགྱུར་བ་ལ་སེམས་སྡེའི་རྒྱུད་བཅོ་བརྒྱད་སྔ་འགྱུར་ལྔ་དང་། ཕྱིས་འགྱུར་བཅུ་གསུམ་མོ། སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག །རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན། ནམ་མཁའ་ཆེའོ། །འདི་དག་བཻ་རོས་བསྒྱུར་རོ། །ཕྱིས་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་ཕྲ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། བསྒོམ་པ་དོན་འགྲུབ་དང་བཅས་པའོ། །འདི་དག་ནི་བི་མཱ་ལ་དང་། ཀུ་མཱ་ར་དང་། གཡུ་སྒྲ་སྙིང་པོ་དང་གསུམ་གྱིས་བསྒྱུར་རོ། །གསུམ་པ་རྫོགས་པ་ཆེན་པོ་ཀློང་སྡེའི་སྐོར་ལ། རྣམ་གྲངས་དང་འགྱུར་ལུགས་གཉིས་ལས། དང་པོ་ནི། ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གསང་མཛོད་ན། ཀློང་ཆེན་བཅོ་བརྒྱད་བཞུགས་པ་ལས་བོད་དུ་འགྱུར་བ་ལ། ཀློང་དཀར་པོ་ལས་རྒྱ་མཚོའི་ཀློང་མ་བུ་གཉིས། ཀློང་ནག་པོ་ལས་ཐུགས་རྗེ་ཀློང་ནག་མ་བུ་གཉིས། ཀློང་ཆེན་རབ་འབྱམས་མ་བུ་བཞི་སྟེ་ཀློང་སྐོར་གསུམ་འགྱུར་རོ། །བསྐལ་བ་དུམ་བུ་རྒྱུད་བཅོ་བརྒྱད་ཀྱང་འགྱུར་རོ། །ཀློང་སེམས་རྣལ་འབྱོར་སྤྱིའི་རྒྱུད་བྱ་བ་ཞིག་ཀྱང་རྒྱ་གར་ན་བཞུགས་པར་གྲགས་སོ། །བཞི་པ་རྫོགས་པ་ཆེན་པོ་བམ་པོའི་སྐོར་ལའང་། རྣམས་གྲངས་དང་འགྱུར་ལུགས་གཉིས་ལས། དང་པོ་ནི། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་རྫོགས་པ་ཆེན་པོ་བམ་པོའི་སྐོར་ཉི་ཁྲི་བཞུགས་པ་ལས་བོད་དུ་འགྱུར་བ་ལ་མདོ་ལུང་། མདོ་རྩ། མདོ་འགྲེལ་དང་གསུམ་བོད་དུ་འགྱུར་རོ། །དྲུག་པ་རྫོགས་པ་ཆེན་པོ་མ་བུའི་སྐོར་ལ། མ་སྟོང་པའི་ཡེ་ཤེས་དང་བུ་རིག་པའི་ཡེ་ཤེས་གཉིས་ཏེ། མ་བུ་གཉིས་བོད་དུ་འགྱུར་རོ། བདུན་པ་རྫོགས་པ་ཆེན་པོ་མན་ངག་རྫོང་འཕྲང་གི་སྐོར་ལ། བཀའ་རྫོང་དང་བསྙེན་རྫོང་གཉིས་བོད་དུ་འགྱུར་རོ། བརྒྱད་པ་རྫོགས་པ་ཆེན་པོ་མན་ངག་སྙན་རྒྱུད་ཀྱི་སྐོར་ལ། སྙན་བརྒྱུད་ཆེ་ཆུང་གཉིས་བོད་ལ་འགྱུར་རོ། དགུ་པ་རྫོགས་པ་ཆེན་པོ་མན་ངག་བསམ་གཏན་གྱི་སྐོར་ལ། །བསམ་གཏན་བརྒྱད་ཅུ་བོད་དུ་འགྱུར་རོ། །དེ་རྣམས་ནི་རྫོགས་ཆེན་ཕྱི་སྐོར་གྱི་འགྱུར་ལུགས་སོ། །སྤྱི་དོན་གཉིས་པ་རྫོགས་པ་ཆེན་པོ་ནང་སྐོར་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། །དང་པོ་ནི་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་རིག་པ་བླ་མའི་རྒྱུད་ཅེས་བྱ་བ་མ་བུ་གསུམ་བཞུགས་སོ། འགྱུར་ལུགས་ལ་དྲུག་སྟེ། རྫོགས་པ་ཆེན་པོ་བྲམ་ཟེའི་སྐོར། རིག་པའི་སྐོར། གབ་པའི་སྐོར། རྨད་དུ་བྱུང་བའི་སྐོར། སྙིང་པོའི་སྐོར། ལྡེ་མིག་གི་སྐོར་རོ། །རྫོགས་ཆེན་བྲམ་ཟེའི་སྐོར་འདི་ལ་དྲུག །ལོ་རྒྱུས་དང་བདུན། འཕྲུལ་གྱི་ལྡེ་མིག་དང་བརྒྱད། འཁོར་ལོ་གསུམ་སྟེ་བཅུ་གཅིག །རིན་པོ་ཆེ་བརྒྱན་གྱི་མན་ངག་དང་བཅུ་གཉིས་བོད་དུ་འགྱུར་རོ། །དེ་ཡང་རྒྱུད་དྲུག་ནི། རྒྱུད་ཀྱི་སྙིང་པོ་ལེའུ་ཉི་ཤུ་རྩ་བརྒྱད་པ། ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད། རྨད་དུ་བྱུང་བའི་རྒྱུད། བཀའ་ལུང་སྤྱོད་པ་དོན་ཡོད་པའི་རྒྱུད་རྣམས་སོ། །འཁོར་ལོ་གསུམ་ནི། མན་ངག་སྲོག་གི་འཁོར་ལོ། ལྟ་བ་སྤྱོད་པའི་འཁོར་ལོ། གཏན་ཚིགས་སྒྲ་ཡི་འཁོར་ལོ་དང་གསུམ་མོ། །རིན་པོ་ཆེ་རྒྱན་གྱི་མན་ངག་ནི་གནད་ལ་གདམས་པའི་སྐོར་ཞེས་བྱ་བ་ཡིན་ལ། དེ་རྣམས་ནི་རྫོགས་ཆེན་ནང་སྐོར་གྱི་འགྱུར་ལུགས་སོ། སྤྱི་དོན་གསུམ་པ་རྫོགས་པ་ཆེན་པོ་གསང་བའི་སྐོར་འདི་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་ནི་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ན་གསང་རྒྱུད་ཆེན་མོ། ཡང་ཏིག་སྤྱི་ཏིག་དང་གསུམ་བཞུགས་སྐད། འགྱུར་ལུགས་ནི། ཨ་ཏི་ཟབ་མོ་སྐོར་དགུ་བོད་དུ་འགྱུར་རོ། །དེ་ཡང་རྫོགས་ཆེན་ཉེའུ་ཚང་གི་སྐོར། རིན་པོ་ཆེ་རྒྱས་པའི་སྐོར། ཉི་མ་འཁོར་ལོའི་སྐོར། རྒྱལ་པོའི་བླ་གཏེར་གྱི་སྐོར། ཟ་འོག་བེར་ཁྱིམ་གྱི་སྐོར། བརྒྱུད་པ་ཐ་མའི་སྐོར་སོགས་ཟབ་མོའི་སྐོར་དགུ། གཞན་ཡང་རྫོགས་པ་ཆེན་པོའི་རྒྱུད་མཁས་པ་པཎྜི་ཏའི་ལུགས་ལ་ཐིག་ལེ་སྡེ་བཞི། ཛམ་ལ་སྡེ་བཞི། བིག་བརྟ་སྡེ་བཞི་ལ་སོགས་པའོ། །རྣལ་འབྱོར་ཀུ་སུ་ལུའི་ལུགས་ལ། སྔགས་ཀྱི་རྩ་བ་གསུམ་སྟེ། རྒྱུད་ཐམས་ཅད་ཀྱི་རྩ་བ་འཇམ་དཔལ་དགོངས་པ་འདུས་པ། ལུང་ཐམས་ཅད་ཀྱི་རྩ་བ་འདུས་པ་མཁའ་འགྲོ་མ་དྲ་བའི་འཁོར་ལོ། མན་ངག་ཐམས་ཅད་ཀྱི་རྩ་བ་འཁོར་ལོ་བསྐོར་བའོ། །གཞན་ཡང་གྲུབ་མཐའ་བཀོད་པའི་མན་ངག་ནི། ལྷུན་གྲུབ་ཇི་བཞིན་བཀོད་པའི་རྒྱུད། དྲི་མེད་རྣམ་དག་གི་རྒྱུད། གསང་བ་རིག་པ་བཀོད་པའི་རྒྱུད། དྲི་མེད་འོད་གསལ་གྱི་རྒྱུད་དང་བཞིའོ། །གཞན་ཡང་རྒྱུད་གསེར་མདོག་ཅན། ལུང་ཐོ་ཡིག་ཅན། མན་ངག་ཕྲ་ཡིག་ཅན་དང་བཅས་པ་རྣམས་བོད་དུ་འགྱུར་རོ། །མཁས་པ་ཤྲཱི་སིང་ཧས་བཻ་རོ་ཙ་ན་ལ་གསུངས་པའི་རྫོགས་པ་ཆེན་པོ་སྤྱི་རྒྱུད་ཉི་ཤུ་རྩ་ལྔ་ནི། ནམ་མཁའ་ཆེ་རྩ་བའི་རྒྱུད། ནམ་མཁའ་ཆེ་ཕྱི་མའི་རྒྱུད། ནམ་མཁའ་ཆེ་ཕྱི་མ་ཕྱི་མའི་རྒྱུད། ཡོངས་སུ་སྒྲོལ་བ་ཆོས་ཉིད་རྒྱལ་པོའི་རྒྱུད། བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད། ཡེ་ཤེས་ཐིག་ལེའི་རྒྱུད། མན་ངག་ཕྲེང་བའི་རྒྱུད། གསང་བ་རྒྱལ་པོའི་རྒྱུད། ཡེ་ཤེས་དམ་པའི་རྒྱུད། ནམ་མཁའ་རྣམ་དག་གི་རྒྱུད། མན་ངག་སྙིང་པོའི་རྒྱུད། སྙིང་པོ་གསང་བའི་རྒྱུད། ནམ་མཁའ་ཆེ་རྩ་བ་ཅན་གྱི་རྒྱུད། ཉག་གཅིག་དགོངས་པའི་རྒྱུད། བསམ་གཏན་ཆེན་པོའི་རྒྱུད། བསམ་གཏན་རྒྱུན་ཆགས་ཀྱི་རྒྱུད། སྒོ་མང་མདོའི་རྒྱུད། ནམ་མཁའ་ཆེ་དབང་གི་རྒྱུད། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད། ནམ་མཁའ་ཆེ་བཞིའི་རྒྱུད། རིན་པོ་ཆེ་འབར་བའི་རྒྱུད། རིན་པོ་ཆེ་ཕྲེང་བའི་རྒྱུད། ཁམས་གསུམ་སྒྲོན་མེའི་རྒྱུད། ངེས་པ་སྙིང་པོའི་རྒྱུད། རྡོ་རྗེ་གསང་བའི་རྒྱུད། ཡེ་ཤེས་སངས་རྒྱས་པའི་རྒྱུད་དང་བཅས་པ་རྣམས་སོ། །དེ་དག་མཁས་པ་ཤྲཱི་སིང་ཧ་དང་སྒྲ་བསྒྱུར་བཻ་རོ་ཙ་ནས་བསྒྱུར་བ་རྒྱལ་བུ་གཡུ་སྒྲ་སྙིང་པོ་སོགས་ལ་གནང་ངོ་། །ལུང་བམ་པོ་བཅོ་བརྒྱད་ནི། རིག་པའི་ཁུ་བྱུག རྩལ་ཆེན་སྤྲུག་པ། ཁྱུང་ཆེན་རྫོགས་པ། རྡོ་ལ་གསེར་ཞུན། མི་ནུབ་རྒྱལ་མཚན། རྨད་བྱུང་རྒྱལ་པོ། ཡེ་ཤེས་དམ་པ། ཡང་ཏི་རྒྱལ་པོ། སྲོག་གི་འཁོར་ལོ། ཡིད་བཞིན་ནོར་བུ། ཐིག་ལེ་ཀུན་འདུས། ནམ་མཁའ་ཆེ་རྒྱལ། རྩེ་མོ་བྱུང་རྒྱལ། བདེ་བ་རབ་འབྱམས། བདེ་བ་ཕྲ་བཀོད། གཏེར་ཆེན་ཡོངས་རྫོགས། ལྷུན་རྫོགས་སྤྱི་ཆིངས། ནམ་མཁའ་མཐའ་དབུས་ཀྱི་རྒྱུད་རྣམས་སོ། །འདི་དག་རྣམས་ཀྱང་ཤྲཱི་སེངྷ་དང་བཻ་རོས་བསྒྱུར་རོ། །ལུང་བམ་པོ་བཅོ་བརྒྱད་དང་སེམས་མེད་བཅོ་བརྒྱད་མཚན་ལ་ལ་འདྲ་ལ་ལ་མི་འདྲ་ཡང་མང་ཉུང་དང་བསྒྱུར་མཁན་མི་གཅིག་པས་ཅུང་ཟད་མི་གཅིག་པ་ཡིན་ནོ། །རྒྱུད་དེ་རྣམས་ཤྲཱི་སེངྷས་བཻ་རོ་ཙ་ན་ལ་གསུངས་ནས་ད་བློ་ཁ་ཚིམས་སམ་གསུངས་བས་མ་ཚིམས་ལགས་ཞུས་ནས་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་བདུན་ཕུལ་ཕྱག་དང་བསྐོར་བ་མང་དུ་བྱས། སྔར་གསུངས་པ་དེ་རྣམས་ཀྱི་དོན་རྩོལ་མེད་རང་གྲོལ་མངོན་སུམ་ད་ལྟ་ཉིད་དུ་མཐོང་བ་ཞིག་ཅིས་ཀྱང་ཞུ་ཞུས་པས། སློབ་དཔོན་ཤྲཱི་སིངྷ་ཤིན་ཏུ་དགྱེས་ཤིང་ཞལ་འཛུམ་པ་མཛད་ནས། དྷ་ཧ་ནའི་འདུ་ཁང་དུ་གསལ་བྱེད་རིན་ཆེན་འབར་བ་ལ་བརྟེན་ནས་རྒྱལ་ཚབ་སྤྱི་བླུགས་ཀྱི་དབང་རྫོགས་པར་བསྐུར་ནས། མན་ངག་འཕྲུལ་གྱི་ལུང་བཅུ་གནང་། ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུང་ཐུགས་ཕྲད་ཀྱི་མན་ངག་གནང་། ཐིག་ལེ་ཆེན་པོའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་གནང་། མི་འགྱུར་བརྟན་པའི་དབང་བསྐུར་ནས། སྤྱོད་ལམ་རིག་པའི་མན་ངག་གནང་། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས་ཡེ་ཤེས་ངོས་འཛིན་གྱི་མན་ངག་གནང་། གཉིས་མེད་འདྲེས་པའི་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོའི་མན་ངག་གནང་། རྡོ་རྗེ་ལུང་གི་དབང་བསྐུར་ནས་རྒྱལ་ཚབ་བསྒོམ་པའི་མན་ངག་གནང་། དེ་ལྟར་དབང་བདུན་དང་མན་ངག་བདུན་རྫོགས་པར་གནང་ནས་ཐུག་ཕྲད་གསུམ་གྱི་རང་གྲོལ་མངོན་སུམ་དུ་ངོ་སྤྲད། མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ། ཐིག་ལེ་དྲུག་གིས་རྣམ་རྟོག་གི་སྤྲོས་པ་བཅད། ཆེ་བ་ལྔ་ཡི་དགོངས་པ་ཁྱད་པར་དུ་འཕགས་ཏེ། རྩོལ་མེད་ཡེ་སངས་རྒྱས་པའི་དོན་ཉིད་མངོན་དུ་གྱུར་ཏོ། དེ་ནས་ཡེ་ཤེས་རྫོགས་པ་ལ་སོགས་པའི་རྩ་བའི་རྒྱུད་ལྔ་དང་། ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང་། ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་སྟེ་སུམ་ཅུ་ཐམ་པ་དང་། ཀློང་དགུ་ལ་སོགས་པ་དགའ་རབ་རྡོ་རྗེའི་རྒྱལ་བ་བཀའ་ཡི་ཕྲན་བུ་བཅོ་བརྒྱད་རིག་འཛིན་ཉེར་ཡིག་བཞི། ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་ལྡན། ཤྲཱི་སིངྷ་ཉིད་ཀྱི་རྒྱན་ཕྲེང་འོད་གསུམ་དང་། བསམ་གཏན་ཉམས་ཀྱི་སྒྲོན་མ། བསྟན་བསྲུང་གི་སྒྲུབ་ཐབས་ལ་སོགས་པ་གནང་ངོ་། །གཞན་ཡང་རྫོགས་པ་ཆེན་པོའི་རྒྱུད་བང་མཛོད་འཕྲུལ་གྱི་ལྡེ་མིག །ཡང་འབྱེད་འཕྲུལ་གྱི་ལྡེ་མིག །བང་མཛོད་འཕྲུལ་གྱི་ལྡེ་མིག་མེ་ལོང་ལས་རྒྱུད་ཕྱི་མའི་ཕྱི་མ་མ་ཚང་བ་ཁ་སྐོང་བའི་རྒྱུད། ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་ཐེག་པ་སྐྱབས་པའི་རྒྱུད་རྣམས་ཀྱང་མཁས་པ་ཤྲཱི་སིངྷ་དང་། སྒྲ་བསྒྱུར་བཻ་རོ་ཙ་ནས་བསྒྱུར་བའོ། །གཞན་ཡང་རྡོ་རྗེ་སེམས་དཔའི་ཐེམས་ཡིག་བཅུ་གསུམ་པ། ཀུན་ཏུ་བཟང་པོའི་ངོ་མཚར་ཅན་གྱི་གད་མོ་བཅུ་གཉིས། རྡོ་རྗེ་སེམས་དཔའི་ངོམ་ཚིག་དགུ་པ། རྡོ་རྗེ་སེམས་དཔའི་ཆེ་བ་བཅུ་དྲུག་པ། རྡོ་རྗེ་སེམས་དཔའི་ཁྱད་མེད་བདུན་པ། རྡོ་རྗེ་སེམས་དཔའི་ཁྱད་པར་འཕགས་པའི་ཚིག་བཅུ་གཅིག །དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་བརྡེག་པ། འཇམ་དཔལ་བཤེས་གཉེན་གྱི་སྒོམ་ཉམས་དྲུག་པ། ཤྲཱི་སེངྷའི་གཟེར་བུ་བདུན་པ། ཤྲཱི་སེངྷའི་བཞག་ཐབས་བཞི་པ། ཛྙ་ན་སུ་ཏྲའི་ལྟ་བའི་སྙིང་པོ། བི་མ་མི་ཏྲའི་སྣང་བ་འདུས་པའི་བཅུད་ཕུར་བརྒྱད་པ། རྫོགས་པ་ཆེན་པོའི་ངོ་སྤྲོད་རིན་པོ་ཆེ་འཕྲུལ་གྱི་ཁུག་མ། ངོ་སྤྲོད་ཀྱི་ལག་ལེན། བར་དོའི་གདམས་པ་འགག་རྫོགས་དབང་པོ་རབ་འབྲིང་མེད་པའི་ཞལ་གདམས། དབང་པོ་རྣམ་གསུམ་གྱི་རྩ་བའི་ངོ་སྤྲོད། བར་དོའི་གབ་ཚིག །གཞི་ལྔ་དང་ཡེ་ཤེས་ལྔ་སྦྱར་བའི་ངོ་སྤྲོད། གང་ཟག་གི་ཆ་རྐྱེན་བརྒྱད་པ། ངོ་སྤྲོད་གསེར་ཆོས་མ། འཆི་ཁ་བར་དོའི་གདམས་པ། བཀའ་རང་གཞུང་པ་གཅོད། རིག་འཛིན་བརྡ་ཡི་བརྒྱུད་པ། རིགས་དྲུག་གཡང་ས་གཅོད་པ་རྣམས་ཀྱང་མཁས་པ་ཤྲཱི་སེངྷ་དང་ལོ་ཙཱ་བ་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བ་འོ།། །སྤྱི་དོན་བཞི་པ་ཡང་གསང་བླ་ན་མེད་པའི་སྐོར་ནི་བཻ་རོ་ཙ་ནས་ཀྱང་བསྒྱུར་ཞིང་། རྫོགས་ཆེན་རྡོ་རྗེ་ཟམ་པ་ལ་སོགས་པ་གསུངས་མོད་ཀྱང་གཙོ་ཆེར་ནི་པན་ཆེན་བི་མཱ་ལ་མི་ཏྲས་བསྒྱུར་བ་མང་བས། འདིའི་ལུགས་ལྟར་བཤད་པ་ལ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པའི་སྐོར་འདི་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་ནི་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། རྫོགས་པ་ཆེན་པོ་ཡང་གསང་བླ་མེད་ཀྱི་སྐོར་འདི་ལའང་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་དང་བཞིར་བཞུགས་སོ། །གཉིས་པ་འགྱུར་ལུགས་ནི། ཕྱི་ཤིང་སྒྲོམ་སྐྱ་བོའི་སྐོར། ནང་བསེ་སྒྲོམ་སྨུག་པོའི་སྐོར། གསང་བ་དངུལ་གྱི་གའུ་སྤར་བཀབ་ཅན་གྱི་སྐོར་གསུམ་བོད་དུ་འགྱུར་རོ། །དེ་ཡང་ཤིང་སྒྲོམ་སྐྱ་བོའི་སྐོར་ལ། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ཕྱི་ལྟར་དུ་བསྐོར་བ་ལ། ཟུག་པ་རྩ་བའི་ཚུལ་དུ་བཤད་པ་སྐུའི་རྒྱུད་པདྨ་འཁྱིལ་བ། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པ། ཡོན་ཏན་གྱི་རྒྱུད་བསོད་ནམས་རབ་འབྱམས་བརྩེགས་པ། འཕྲིན་ལས་ཀྱི་རྒྱུད་མཁའ་གསལ་ཉི་མ་དང་ལྔ་སྟེ་རྩ་བའི་རྒྱུད་ཆེན་པོ་ལྔ་བོད་དུ་འགྱུར་རོ། །གྱེས་པ་ཡལ་གའི་ཚུལ་དུ་བཤད་པ་ལ། འཁོར་བ་དོང་སྤྲུག་གི་རྒྱུད། རྨ་བྱ་འཇིང་བསྣོལ་གྱི་རྒྱུད། ཡེ་ཤེས་བླ་མའི་རྒྱུད། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་དང་བཞི་སྟེ། མན་ངག་གི་རྒྱུད་སྡེ་ཆེན་པོ་བཞི་བོད་དུ་འགྱུར་རོ། །རྒྱས་པ་ལོ་འདབ་ཀྱི་ཚུལ་དུ་བཤད་པ་ལ་ཞལ་ཆེམས་གསུམ་པ། མཚན་ཉིད་བཞི་ལྡན། ཐེག་པ་གསུམ་པ། བདུད་རྩིའི་ཡང་ཞུན་གྱི་བཅུད་དང་བཞི་སྟེ་ལུང་གི་བཀའ་ཆེན་པོ་བཞི་བོད་དུ་འགྱུར་རོ། །གསལ་བ་མེ་ལོང་གི་ཚུལ་དུ་བཤད་པ་ལ་པུ་ཏི་སྨུག་པོ་ཆེ་ཆུང་གཉིས་བོད་དུ་འགྱུར་རོ། །སྨིན་པ་འབྲས་བུའི་ཚུལ་དུ་བཤད་པ་ལ། སེམས་ཆེན་མོ་མཛོད་ཀྱི་རྒྱུད་བོད་དུ་འགྱུར་རོ། །དེ་དག་ནི་ཤིང་སྒྲོམ་སྐྱ་བོའི་འགྱུར་ལུགས་སོ། གཉིས་པ་ནང་བསེ་སྒྲོམ་སྨུག་པོའི་སྐོར་ལ། རྟོགས་པ་ཡེ་ཤེས་ཀྱི་འཁོར་ལོ་ནང་ལྟར་དུ་བསྐོར་བ་ལ། ཀུན་ཏུ་བཟང་པོའི་སྒོམ་ཉམས་དྲུག་པ། ཡེ་ཤེས་ལག་སྤྲད། འབྱོང་ལྔ་ལྡན། ཐིག་ལེ་གསང་བ་འདྲ་རྒྱུད། ཚོགས་ཀྱི་འཁོར་ལོ་བྱང་བུ་ཆེ་ཆུང་གཉིས། འཕྲུལ་གྱི་ལྡེ་མིག་གསུམ་སྐོར། ནམ་མཁའ་གཉིས་པ། རྒྱུད་སེམས་བསེའི་མན་ངག །གནམ་ས་ལྟོ་སྦྱོར་གྱི་དགོངས་པ། སྐུ་གསུམ་བྱ་ལོག་གི་རྒྱུད། བྱ་ལོག་གསལ་བ་སྒྲོན་མའི་རྒྱུད། ལྷུན་གྲུབ་ཡོངས་རྫོགས་ཀྱི་རྒྱུད། ཇི་བཞིན་གནས་པ་བཀོད་པའི་རྒྱུད། དྲི་མེད་རྣམ་དག་འོད་གསལ་གྱི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཅུ་གསུམ་བོད་དུ་འགྱུར་རོ། །དེ་རྣམས་ནི་བསེ་སྒྲོམ་སྨུག་པོའི་འགྱུར་ལུགས་སོ། །གསུམ་པ་གསང་བ་དངུལ་གྱི་གའུ་སྤར་བཀབ་ཅན་གྱི་སྐོར་ལ། ཕྱག་ན་རྡོ་རྗེ་མེ་ལྕེ་ཕྲེང་བའི་རྒྱུད། མཁའ་འགྲོ་མ་གཙུག་ན་མེ་འབར་གྱི་རྒྱུད། འཇམ་དཔལ་ཡེ་ཤེས་རྒྱན་གྱི་རྒྱུད། སྤུ་གྲི་སྡེ་དྲུག་བཤད་པའི་རྒྱུད། ཀལྤ་པ་དུམ་བུའི་རྒྱུད། རིན་པོ་ཆེ་ཨ་ཏི་གཟེར་མིག་ཆེ་ཆུང་གཉིས་ཏེ་བརྒྱད་བོད་དུ་འགྱུར་རོ། །དེ་དག་ནི་དངུལ་གྱི་གའུ་སྤར་བཀབ་ཅན་གྱི་འགྱུར་ལུགས་སོ། །དེ་རྣམས་པཎ་ཆེན་བི་མཱ་ལ་མི་ཏྲ་དང་གཉགས་ཛྙཱ་ན་ཀུ་མཱ་རས་སྒྲ་བསྒྱུར་རྒྱ་གར་གྱི་གླིང་དུ་བསྒྱུར་བའོ། །གཞན་ཡང་སྤྱི་རྒྱུད་ཐིག་ལེ་ཀུན་གསལ། ཟབ་མོའི་རྒྱུད་ལྔ་ལ་སོགས་པ་སྙན་བརྒྱུད་ཡི་གེ་ཅན་དཔེ་དང་བཅས་པ། སྙན་བརྒྱུད་ཡི་གེ་མེད་པ་ངོ་སྤྲོད་དམར་འཁྲིད་གདམས་ངག་དང་བཅས་པ་བི་མ་ལས་མྱང་ཏིང་འཛིན་བཟང་པོ་ལ་གསུངས་ཤིང་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ། །བཞི་པ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་མངོན་སུམ་སྙིང་ཐིགས་ཀྱི་སྐོར་ལའང་གཉིས་ཏེ། རྣམ་གྲངས་དང་འགྱུར་ལུགས་སོ། དང་པོ་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅོ་བརྒྱད་དོ། །སྤྱི་རྒྱུད་ལྔ་ནི། གནས་ལུགས་གཙོ་བོར་སྟོན་པ་ཡེ་ཤེས་རྫོགས་པ། འཁྲུལ་ལུགས་གཙོ་བོར་སྟོན་པ་གསང་བ་དམ་པ། རྟོགས་ཐབས་གཙོ་བོར་སྟོན་པ་རིག་པ་རང་གསལ་མཆོག་གི་རྒྱུད། བསྒོམ་ཐབས་གཙོ་བོར་སྟོན་པ་ཁ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད། འབྲས་བུ་གཙོ་བོར་སྟོན་པ་སྙིང་པོ་དོན་གྱི་རྒྱུད་དང་ལྔའོ། །སྒོས་རྒྱུད་བཅོ་བརྒྱད་ནི། རིག་པ་རང་ཤར་གྱི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད། སེང་གེ་རྩལ་རྫོགས་ཀྱི་རྒྱུད། ཡི་གེ་མེད་པའི་རྒྱུད། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། སྒྲོན་མ་འབར་བའི་རྒྱུད། ནོར་བུ་ཕྲ་བཀོད་ཀྱི་རྒྱུད། ཉི་ཟླ་ཁ་སྦྱོར་གྱི་རྒྱུད། ངོ་སྤྲོད་སྤྲས་པའི་རྒྱུད། མུ་ཏིག་ཕྲེང་བའི་རྒྱུད། རིག་པ་རང་གྲོལ་གྱི་རྒྱུད། རྫོགས་པ་རང་བྱུང་གི་རྒྱུད། ཀློང་དྲུག་གི་རྒྱུད། སྐུ་གདུང་འབར་བའི་རྒྱུད། རིན་ཆེན་སྤུངས་པའི་རྒྱུད་དང་བཅུ་བདུན། མཁའ་འགྲོ་ནག་མོའི་རྒྱུད་དང་བཅོ་བརྒྱད་དོ། །ཟབ་པའི་པོ་ཏི་བཞི་ནི།དུང་ཡིག་ཅན། ཟངས་ཡིག་ཅན། བསྟན་པ་བུ་གཅིག། འདས་རྗེས་དང་བཞིའོ། །ཐུན་མོང་གི་པུ་ཏི་བཞི་ནི། གཡུ་ཡིག་ཅན། དུམ་དུམ་ཁྲིག །ཕྲ་ཡིག་ཅན། མཁའ་འགྲོ་མཛོད་དང་བཞིའོ། །གཉིས་པ་འགྱུར་ལུགས་ནི། དེ་རྣམས་པཎ་ཆེན་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མ་རས་བསྒྱུར་བའོ། །མངོན་སུམ་སྙིང་ཐིགས་ཀྱི་མན་ངག་གི་ཡི་གེ་བརྒྱ་དང་བཅུ་དགུ་ནི། པཎ་ཆེན་བི་མ་ལ་དང་། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང་། གཉགས་ཛྙཱ་ན་གསུམ་གྱིས་བསྒྱུར་བའོ། །མན་ངག་གི་རྣམ་དབྱེ་ཞིབ་པར་རྒྱུད་དང་མན་ངག་གི་རྣམ་འབྱེད་དུ་བཤད་དོ། །དུས་གསུམ་མཁྱེན་པ་པདྨ་ཐོད་ཕྲེང་རྩལ་གྱིས་ནི། ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་མཁན་པོ་དང་ཚོགས་དཔོན་དུ་གྱུར་ནས་བཀའ་རྫོགས་པ་ཆེན་པོ་ཕྱི་ནང་གསང་གསུམ་གྱི་རྒྱུད་ལུང་མཐའི་རྒྱ་མཚོ་ཙམ་ཞིག་ཐུགས་ཀྱི་དཔལ་བེའུ་ཡི་ཀློང་རུམ་དུ། མཁའ་འགྲོ་མ་སྟོང་ཕྲག་འབུམ་གྱི་ཉིང་ཁུ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གསང་ལམ་དུ་བཞུགས་པ་རྣམས་བོད་ཀྱི་སྐལ་ལྡན་རྣམས་ལ་གསུངས་པ་དང་། སྒྲ་རང་འགྱུར་གྱིས་བསྒྱུར་ནས་མ་འོངས་ཀྱི་དོན་དུ་ཤར་ལྷོ་ནུབ་བྱང་གི་སྒྲུབ་གནས་གཙུག་ལག་སོགས་ལ་གཏེར་དུ་སྦས་པ་རྣམས་བཏོན་ཏེ་བོད་ཡིག་ཏུ་བསྒྱུར་བ་རྒྱུད་སྡེའི་མཚན་དང་བཅས་པ་རྣམས་ནི་གཏེར་ཁ་སོ་སོར་གསལ་བ་ལྟར་ཡིན་ལ། ཁྱད་པར་ཇོ་བོ་རྗེས་བསམ་ཡས་ཀྱི་རྒྱ་དཔེ་ལ་གཟིགས་ནས་གསང་སྔགས་ལ་བདག་མཁས་སྙམ་ཡང་སློབ་དཔོན་ཆེན་པོས་མཁའ་འགྲོའི་གསང་མཛོད་བརྟོལ་བ་དང་། ཁྱད་པར་དུའང་རྫུ་འཕྲུལ་གྱི་སྟོབས་བཅུ་མངའ་བས་འཇིག་རྟེན་གྱི་ཞིང་ཁམས་མང་པོ་གཞན་དག་ནས་ཀྱང་རྫུ་འཕྲུལ་གྱིས་ཉུལ་ཞིང་བླངས་པའི་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་སྔར་མཚན་ཙམ་ཡང་ཐོས་མ་མྱོང་བ་མང་པོ་བོད་འདིར་བཞུགས་འདུག་གསུངས་ཤིང་ཆེར་བསྟོད་པ་མཛད་པ་ལྟར་ཡིན་པར་འདུག་ལགས། །

རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་བརྒྱུད་རིམ་ཆ་ལུགས།

རྫོགས་ཆེན་སྟོན་པ་བཅུ་གཉིས་བརྒྱུད་རིམ་གྱི་ཆ་ལུགས་བཞུགས། ཀུན་བཟང་མཐིང་ག་ཡུམ་དཀར་མོ་གཙུག་ཏོར་མཚན་བཟང་གཅེར་བུ་མཉམ་བཞག་ཡུམ་འཁྱུད། རིགས་ལྔ་ལོངས་སྐུ་ཕྱོགས་མདོག་རང་རྟགས་ཕྱག་རྒྱ་ཡུམ་ལྡན་ཞི་ཁྲོ་ལྟར། རྡོ་རྗེ་འཆང་མཐིང་ག་ལོངས་སྐུ་ཡུམ་ལྡན་སྤྱི་འགྲོས། སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ས་གནོན་མཉམ་བཞག་འཁོར་སངས་རྒྱས་སྟོང་། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་སྐུ་མདོག་འོད་ལྔ་ཞལ་ཕྱག་གོང་ལྟར་འཁོར་མཁའ་འགྲོ་སྡེ་ལྔ་འབུམ། སྟོན་པ་འཇིགས་པ་སྐྱོབ་སྐུ་མདོག་ཞལ་ཕྱག་གོང་ལྟར་འཁོར་བྱང་སེམས་འབུམ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་སྐུ་མདོག་འོད་ལྔ་ཞལ་ཕྱག་གོང་ལྟར་བྱང་སེམས་འབུམ། གཞོན་ནུ་རོལ་པ་རྣམ་པར་བརྩེ་བ་སྐུ་མདོག་དཀར་པོ་ཞལ་ཕྱག་གོང་ལྟར་འཁོར་གནོད་སྦྱིན་དང་བྲག་སྲིན་མ་སྟོང་། དྲུག་པ་རྡོ་རྗེ་འཆང་དཀར་པོ་ཞལ་ཕྱག་གོང་ལྟར་འཁོར་ཐུབ་དྲུག་ལྷ་ནོར་བཟང་དང་བདུན་ནི་སངས་རྒྱས་རབས་བདུན་ནོ། གཞོན་ནུ་དཔའ་བོ་སྟོབས་ལྡན་ཁྲོ་བོ་གཡས་དཀར་གཡོན་དམར་དབུས་མཐིང་ཞབས་བཞིས་བདུད་བཞི་མནན་པ་ཕྱག་མཚན་རིགས་དྲུག་འཁོར་བྱང་ཆུབ་སེམས་དཔའ་སྤྲིན་ལས་སྐྱེས་ལྟེ་བ་ཡན་འཐོན་ནས་ཐལ་མོ་སྦྱར་ཏེ་ཆོས་ཉན་པ་མདུན་མཁའ་འགྲོ་མ་རྣམས་སོ། དྲང་སྲོང་ཁྲོས་པའི་རྒྱལ་པོ་ཞལ་གཅིག་སྤྱན་གསུམ་གསེར་མདོག་ཞབས་ཚོགས་བདག་གི་གདན་ཅན་ཕྱག་ན་འདབ་བཟང་གི་བུ་འཛིན་པ་འཁོར་སྲིན་པོ་བྱེ་བ། གསེར་འོད་ཞལ་གཅིག་ཕྱག་གཉིས་གསེར་མདོག་ངུར་སྨྲིག་གི་བླ་གོས་རྣམ་གསུམ་འཁོར་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན་མང་པོ། བརྩེ་བས་རོལ་པའི་བློ་གྲོས་སྐུ་མདོག་དཀར་པོ་ས་གནོན་མཉམ་བཞག་སྐྱིལ་ཀྲུང་ཅན་ཆོས་གོས་མཚན་བཟང་འཁོར་བྱང་སེམས་མང་པོ། སྟོན་པ་འོད་སྲུང་བགྲེས་པོ་ཞལ་གཅིག་མཉམ་བཞག་སྐྱིལ་ཀྲུང་གསེར་མདོག་ཆོས་གོས་མཚན་བཟང་ཐུབ་དྲུག་བྲམ་ཟེ་མཚན་བཟང་དང་བདུན་བྱང་སེམས་ཀྱི་གཟུགས། མངོན་རྫོགས་རྒྱལ་པོ་གསེར་མདོག་ཞལ་གཅིག་ཕྱག་གཉིས་ས་གནོན་དང་མཉམ་བཞག་ཆོས་གོས་མཚན་བཟང་འཁོར་རིགས་གསུམ་མགོན་པོ། ཤཱཀ་ཐུབ་ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་བཞག་ཆོས་གོས་ངུར་སྨྲིག་འཁོར་དགེ་སློང་དང་དགེ་ཚུལ་ཕ་མ་གཉིས་གཉིས། གཞོན་ནུ་དཔའ་བོ་སྟོབས་ལྡན་ཞབས་ལ་རོ་ཁ་སྦུབས་དང་གན་རྐྱལ་གྱི་གདན་ཁྲོ་བོ་གཞན་དག་དང་མཐུན། ཕྱག་གཡས་གསུམ་གྱི་དང་པོ་ལྷ་གཟུགས་དཀར་པོ་བར་པ་ལྷ་མིན་ལྗང་གུ། ཐ་མ་མི་གཟུགས་མིི་ཤ་ཁ། གཡོན་གྱི་དང་པོ་དམྱལ་བ་མེ་འབར་བའི་དཀྱིལ་ན་མི་གཟུགས་ནག་པོ། བར་པས་ཡི་དྭགས་མི་གཟུགས་ཁ་ནས་མེ་འབར་བ། ཐ་མས་བྱོལ་སོང་གི་གཙོ་བོ་ཐམས་ཅད་ཕྱག་མཛུབ་བརྐྱང་པའི་ལག་མཐིལ་ན་བཞག་པ་འབྲི། དྲང་སྲོང་ཁྲོས་པ་ཡི་གེ་སྔ་མ་ལྟར་ལ་ཞི་མ་ཁྲོ་སྟག་ཤམ་གཡང་གཞི་རུས་རྒྱན་ཐོད་ཕྲེང་ཐོད་སྐམ་སོགས་ཧེ་རུ་ཀཿ གསར་མའི་བདེ་མཆོག་ལ་སོགས་ལྟ་བུ། ཕྱག་གཡས་པས་འདབ་བཟང་གི་བུའི་སྟོད་ནས་བཅང་བ། གཡོན་པས་སྨད་ནས་བཅང་བ། འདབ་བཟང་གི་བུ་མི་ཤ་ཁ འམ་སྨུག་པོ། གསེར་འོད་ཀྱི་འཁོར་རྫུ་འཕྲུལ་ཅན་གྱི་བྱང་སེམས་རྣམས་ནི། ནམ་མཁའ་ལ་འཕུར་བ། རི་བྲག་ལ་འཛུལ་བ། ཆུ་བོ་ལ་འཛུལ་བ། མེ་དཀྱིལ་ན་བཞུགས་པ། རླུང་དཀྱིལ་ན་ལྡིང་བ་རྣམས་སོ།། །།

སྐྱབས་སེམས་མཆོད་པ་བྱིན་རླབས་བདུད་རྩི་ལག་མཆོད་ལས་བཞིའི་ཤམ་བུ་བསྐང་བ་བསྒྲལ་བསྟབ་བསྟན་མ་བསྔོ་སྨོན་བཅས།

སྐྱབས་སེམས་མཆོད་པ་བྱིན་རླབས་བདུད་རྩི་ལག་མཆོད་ལས་བཞིའི་ཤམ་བུ་བསྐང་བ་སྒྲལ་བསྟབ་བསྟན་མ་བཅས། ན་མོ། སྐྱེ་འགགས་གཉིས་མེད་རང་རིག་རྩ་གསུམ་ལྷ། །འཛིན་མེད་སྐུ་གསུམ་ངང་དུ་སྐྱབས་སུ་མཆི། །མ་རིག་རང་འཁྲུལ་མཐའ་ཡས་སེམས་ཅན་རྣམས། །སྐྱེ་མེད་རང་རིག་རྟོགས་པར་སེམས་བསྐྱེད་དོ། །ཧཱུྃ། སྟོང་གསལ་ལྷུན་གྲུབ་བརྡལ་ཁྱབ་སྣོད་ཡངས་སུ། །ཚོགས་དྲུག་རང་གྲོལ་རྣམ་དག་དབྱིངས་ཀྱི་བཅུད། །རང་རྩལ་དག་པའི་ལྷ་ཚོགས་འཁོར་བཅས་ཀྱི། །ཐུགས་དམ་དགྱེས་པའི་རྫས་མཆོག་ཨ་ལ་ལ། །ཧྲཱིཿ སརྦ་པཉྩ་པུ་ཙ་མེ་གྷ་དྷརྟུ་ས་མ་ཡེ་ཧཱུྃ་ཧྲིཥྛ། ཨོཾ་ཨ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་སོགས། མ་ཧཱ་བྷ་ལིངྟ་སོགས། མ་ཧཱ་རཀྟ་སོགས། བཛྲ་པུཥྤེ་སོགས། ཨོཾ་ཨཱཿ ཧཱུྃཿ བྷོ་དྷི་ཙིཏྟ་ག་ཎ་གྷུ་ཧྱ་སརྦ་པུ་ཙ་ཧོ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་རྡོ་རྗེ་སེམས་དཔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་ཤྲཱི་སེངྷའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། གུ་རུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འཁོན་ཆེན་ཀླུ་ཡི་དབང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་ཉི་མ་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བླ་མ་གསང་བ་འདུས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཡི་དམ་ཁྲོ་རྒྱལ་རྟ་མགྲིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། མཁའ་འགྲོ་རྡོ་རྗེ་ཕག་མོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བཀའ་བསྲུང་དྲང སྲོང་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། གཏེར་སྲུང་རྒྱལ་བ་ཐོད་དཀར་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ༈ བསྙེན་མཇུག་སྦྱར་རྒྱུའི་ཤམ་བུ་ནི་ཉམས་ཆག་རྟོག་སྒྲིབ་ཤིནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཉམས་སྣང་གོང་འཕེལ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ། རིག་པ་ཚད་ཕེབས་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། རེ་དོགས་གཉིས་འཛིན་མཱ་ར་ཡ་ཕཊ། ལས་བཞིའི་ཤམ་བུ་འདི་ནི་གཏེར་སྟོན་གྱིས་མཛད་པའོ། །༈ བསྐང་བ་ནི། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང་༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ལྟ་བ་ཀློང་དུ་གྱུར་པས་ཐུགས་དམ་བསྐང་༔ སྒོམ་པ་ཡེངས་འཁྲུལ་རྐྱེན་དང་བྲལ་བས་བསྐང་༔ སྤྱོད་པ་སྤང་བླང་དགག་སྒྲུབ་བྲལ་བས་བསྐང་༔ འབྲས་བུ་རེ་དོགས་ཕྱོངས་ལྷུང་བྲལ་བས་བསྐང་༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ དམ་ཅན་བཀའ་སྲུང་གཏེར་བདག་ཐུགས་དམ་བསྐང་༔ རྡོ་རྗེ་སློབ་དཔོན་གཉེན་གྱི་ཐུགས་དམ་བསྐང་༔ འདུས་པའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང་༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་དགོངས་འདུས་ལས་འབྱུང་བ་ལྟར་བླ་མ་གསང་འདུས་ལ་ཁ་བསྐང་བའོ། །༈ ཚོགས་ཐ་མ་བསྒྲལ་བ་ནི། འགུགས་བསྟིམ་སྤྱི་ལྟར་བྱས་ནས། ཧཱུྃ། རྩ་གསུམ་རྒྱལ་བ་སྲུང་མའི་ཚོགས། །བཞེངས་ཤིག་བསྐུལ་ལོ་ལས་ལ་སྤྱོད། །བདག་འཛིན་དྲེགས་པའི་དགྲ་དང་བགེགས། །ཡེ་ཤེས་མཚོན་ཆས་དུམ་བུར་གཏུབས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་ནྲི་ཏྲི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ བསྟབ་པ་ནི། ཧཱུྃ། ཉོན་མོངས་མཚན་འཛིན་དགྲ་བགེགས་ཀྱི། །ཤ་ཁྲག་དབང་པོ་དོན་སྙིང་བཅས། །རྩ་གསུམ་སྲུང་མའི་ཞལ་དུ་སྟོབ། །བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི། །ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྒྲལ་བསྟབ་འདི་གཏེར་སྟོན་ཉིད་ཀྱིས་མཛད་པའོ། །བསྟན་མ་ནི། ཧཱུྃ། སློབ་དཔོན་ཆེན་པོ་པདྨའི་བཀའ་ཉན་ཞིང་། །བོད་ཡུལ་སྐྱོང་བའི་བསྟན་མ་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཟབ་གསང་བསྟན་དང་བསྟན་འཛིན་སྲུང་སྐྱོབ་མཛོད། །མ་མ་ཧྲིཾ་ཧྲིཾ་ཨ་མྲི་ཏ་ཁཱ་ཧི། བསྟན་མ་འདི་དགོས་སམ་སྙམ་ནས་རིག་འཛིན་བསྟན་སྐྱོང་རྒྱ་མཚོས་བྲིས་པ་ལགས། བསྔོ་སྨོན། ཧཱུྃ། བདག་གཞན་དུས་གསུམ་བསག་དང་བསག་བྱ་ཡི། །རྟེན་འབྲེལ་དགེ་ཚོགས་ཇི་སྙེད་བཅས་པ་ཀུན། །རང་བཞིན་ལྷུན་གྲུབ་ཀ་དག་དཀྱིལ་འཁོར་དུ། །བསྔོ་བྱ་སྔོ་བྱེད་གཟུང་འཛིན་བྲལ་བའི་ངང་། །དག་པ་རབ་འབྱམས་དབྱིངས་སུ་གྲོལ་བར་ཤོག །

རྩ་གསུམ་གསང་བ་སྙིང་ཐིག་གི་ཁྲིད་འཆད་པའི་དམིགས་རྐང་ཟིན་བྲིས།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས་ཁྲིད་འཆད་པའི་དམིགས་རྐང་གི་ཟིན་བྲིས་རིག་འཛིན་པས་སྦྱར་བ་བཞུགས། དཔལ་ཀུན་ཏུ་བཟང་པོ་དགུ་ལྡན་བརྒྱུད་པའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་གཞི་ཁྲེགས་ཆོད་ཀྱི་ཁྲིད་འཆད་པའི་དམིགས་ཐུན་དང་པོར། དལ་འབྱོར་རྙེད་དཀའི་ལམ་འཁྱེར་དང་སྐྱབས་སུ་འགྲོ་བ། གཉིས་པ་མི་རྟག་པའི་ལམ་འཁྱེར་དང་སེམས་བསྐྱེད་པ། གསུམ་པ་ལས་འབྲས་ཀྱི་ལམ་འཁྱེར་དང་ཡན་ལག་བདུན་པ། བཞི་པ་འཁོར་བ་སྡུག་བསྔལ་གྱི་ལམ་འཁྱེར་དང་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ལྔ་པ་བྱང་ཆུབ་དད་པའི་ལམ་འཁྱེར་དང་མཎྜལ་གྱི་མཆོད་པ། དྲུག་པ་རྫོགས་ཆེན་འདི་པའི་ལོ་རྒྱུས་དང་བླ་མའི་རྣལ་འབྱོར། བདུན་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་སྨོན་གྱི་ལམ་འཁྱེར་དང་དབང་བཞི་ལེན་པའི་རིམ་པ་འདི་རྣམས་ལ་ཐུན་དྲུག་ཐུན་ལྔ་ཐུན་བཞི་གང་འཐད་དུ་བཅད་པའི་དམིགས་རྐང་རེ་ལ་ཞག་བདུན་ལྔ་གསུམ་སྐབས་སུ་གང་བབས་ལྟར་བྱ། དེ་ནས་དངོས་གཞིའི་སྔོན་འགྲོ་ལུག་ངག་ཡིད་གསུམ་གྱི་རུ་ཤན་དབྱེ་བའི་དམིགས་རྐང་གསུམ་ཆ་མཉམ་གྱི་དམིགས་རྐང་དང་བཞི། སྒྲིབ་སྦྱོང་འབྲུ་གསུམ་གྱི་བཟླས་པ་དང་ལྔ། ལུས་ཀྱི་སྔོན་འགྲོ་རྡོ་རྗེའི་འདུག་སྟངས་དང་དྲུག ངག་གི་སྔོན་འགྲོ་རྒྱས་གདབ་པ་རྩལ་སྦྱོང་བ་མཉེན་བཙལ་བ་ལམ་དུ་ཞུགས་པ་དང་དམིགས་རྐང་བཞི་སྟེ། ཁྱོན་སྡོམ་དམིགས་རྐང་བཅུ་བོ་འདི་དག་ལ་གོང་གི་སྔོན་འགྲོའི་སྐབས་ལྟར་གྱི་ཞག་གྲངས་བྱ། འདི་དག་གི་སྐབས་རྣམས་སུ་དམིགས་རྐང་སོ་སོའི་ལོ་རྒྱུས་ཀྱི་རྒྱས་བཤད་རྫོགས་ཆེན་སྐུ་གསུམ་གྱི་སངས་རྒྱས་སྟོན་པ་བཅུ་གཉིས་བསྟན་པ་བབས་ལུགས་ལ་སོགས་ཀྱི་ལུང་རྣམས་བཤད། ༧ དེ་ནས་སེམས་ཀྱི་སྔོན་འགྲོ་རྩད་གཅོད་པ་ལུས་ངག་ཡིད་གསུམ་གཅིག་གམ་ཐ་དད་ལ་བརྟགས་པ། ཚང་བཙལ་བ་སེམས་དང་ཡུལ་སྣང་གི་བྱེ་བྲག གཟུང་ཡུལ་སྣང་བ་དང་འཛིན་བྱེད་ཤེས་པའི་མཚན་ཉིད། གནས་ལུགས་ལ་བརྟག་པའི་འབྱུང་ཁུངས་ཀྱི་སྐབས་ཀྱི་ཡུལ་ཕྲ་རགས་གཉིས་སེམས་ལས་སེམས་བྱུང་མ་བྱུང་། བར་དུ་གནས་ས་གནས་མཁན། ཐ་མར་འགྲོ་ས་འགྲོ་མཁན་ལ་བརྟག་པ་དང་དམིགས་རྐང་བརྒྱད་པོ་འདི་རྣམས་སློབ་མའི་གོ་ཡུལ་དང་བསྟུན་ཏེ་ཞག་གྲངས་ཀྱང་དེར་མཐུན་དུ་བཅད་ནས་ཉམས་མྱོང་རྒྱུད་ཐོག་ཏུ་ཁེལ་བར་བྱ། འདི་དག་རྣམས་སྔོན་འགྲོ་ཡང་ཡིན་ལ་དངོས་གཞི་ཡང་ཡིན་པས་གལ་ཆེའོ། །འདི་དུས་རྣམས་སུ་བཤད་པ་མི་མང་བར་མན་ངག་གིས་གོལ་སྒྲིབ་ཀྱི་བརྡར་ཤ་ཆོད་པར་བྱ་ཞིང་། ཞག་གྲངས་སྐབས་མཐུན་ལྟར་རྣལ་དུ་དབབ་པར་བྱའོ། ༧ དེ་ནས་དངོས་གཞིའི་ངོ་སྤྲོད་ཉི་མ་ལྔ་གསུམ་བདུན་སོགས་གང་འོས་སུ་གདབ། སོ་སོར་དབང་པོའི་བྱེ་བྲག་ལྟར་མན་ངག་སྟོན་མཁས་པར་བྱ། བཅུ་བདུན་རྒྱུད་ལས་བྱུང་བའི་འོས་མཚམས་ཀྱི་ལུང་གི་ངོ་སྤྲོད་དང་ཁྱད་པར་ཐེག་མཆོག་རིན་པོ་ཆེའི་མཛོད་ཀྱི་ཁྲེགས་ཆོད་ཀྱི་ངོ་སྤྲོད་རྣམས་བྱུང་ན་མཆོག་ཏུ་ཤིས་སོ། །དེ་ལྟར་དངོས་གཞིའི་ངོ་བོ་ཉིད་ལ་དྲོད་རྙེད་པ་དང་རྗེས་ཤེས་ཀྱི་རྩལ་སྦྱངས་པའི་རང་གནས་ཀྱི་བསམ་གཏན་ངོས་བཟུང་བ། མཉམ་བཞག་དང་རྗེས་ཐོབ་བསྲེ་བའི་ཐབས་བསྟན་པ། ཁྲོ་བོའི་འགྱིང་བག་གྱད་ཀྱི་དོར་སྟབས། སེང་གེའི་མཆོང་སྟབས་དང་གསུམ། གནས་པ་སེམས་ཀྱི་རྒྱན་དུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་གནས་པ་དང་གསུམ། དུག་ལྔ་རང་གྲོལ། སྒོ་ལྔ་རང་གྲོལ། ཚོགས་དྲུག་རང་གྲོལ་དང་བཅས་པའི་དམིགས་རྐང་ཉེར་གསུམ་པོ་འདི་དག་རྣམས་ཀྱང་སྔོན་འགྲོའི་སྐབས་ལྟར་གྱི་ཞག་གྲངས་སམ། གོ་ཡུལ་ལྟར་གཏན་ལ་དབབ་སྟེ་ངོ་སྤྲོད་ཅིང་སྟོན་མཁས་པར་བྱའོ། །འདི་དག་གི་སྐབས་སུ་ཆོས་དབྱིངས་རིན་པོ་ཆེའི་མཛོད། མན་ངག་རིན་པོ་ཆེའི་མཛོད། ཐེག་མཆོག་རིན་པོ་ཆེའི་མཛོད་ཀྱི་ཁྲེགས་ཆོད་ཀྱི་རིམ་པ་རྣམས་ཀྱིས་རྒྱབ་ཆོས་བྱ། དེ་རྣམས་ཀྱི་དཔེ་མ་འཛོམ་ནའང་བླ་མའི་མན་ངག་གིས་ས་མཚམས་ཆོད་པར་ངོ་སྤྲོད་ཅིང་། སློབ་མས་ཀྱང་དེས་ཆོག་མེད་པར་བརྩོན་འགྲུས་དྲག་པོས་བརྟན་པ་མ་ཐོབ་བར་དུའམ། བྱེ་བྲག་མ་ཕྱེད་བར་དུ་ཉམས་སུ་ལེན་པར་བྱའོ། །ཐུན་མོང་གི་སྔོན་འགྲོའི་སྐབས་སུ་དམིགས་རྐང་ཞག་གྲངས་གང་འོས་གོང་སྨོས་ལྟར་ལ། ཆོས་ཐུན་ཉིན་རེ་བཞིན་ཚོགས་ནས་རྒྱུ་འབྲས་ཀྱི་ཞིབ་ཉམས་རྒྱས་པར་བཤད་པར་བྱའོ། །རྗེས་ཤེས་ཀྱི་དམིགས་རྐང་ཉེར་གསུམ་པོ་འདི་དག་རྣམས་དབང་པོ་ཡང་རབ་དང་བསྒོམ་ཡུན་རིང་བ་རྣམས་ལ་ངོ་སྤྲད། གསར་བུ་རྣམས་ཕ་རོལ་གྱི་ཡུལ་དང་བསྟུན་པར་བྱའོ། །ཡང་གསང་བླ་ན་མེད་པའི་ཁྲིད་ཆེན་མོ་འདི་ལ་ཕྱིའི་སྔོན་འགྲོར་དམིགས་རྐང་བདུན། ནང་ཐུན་མོང་མ་ཡིན་པའི་སྔོན་འགྲོར་དམིགས་རྐང་བཅུ། ཁྱད་པར་སེམས་ཀྱི་སྔོན་འགྲོར་དམིགས་རྐང་བརྒྱད། དངོས་གཞི་ངོ་སྤྲོད་ཆེན་མོ་དང་། རྗེས་ཤེས་རྩལ་སྦྱང་བའི་དམིགས་རྐང་ཉེར་གསུམ་སྟེ་ཁྱོན་བསྡོམས་དམིགས་རྐང་བཞི་བཅུ་ཞེ་དགུ་ཡིན་པས་ཁྲིད་ཞག་རབ་དམིགས་རྐང་རེ་ལ་ཞག་བདུན་རེ་བྱས་ན་ཞག་སུམ་བརྒྱ་དང་བཞི་བཅུ་ཞེ་གསུམ་གྱིས་འགྲོ། འབྲིང་དམིགས་རྐང་རེ་ལ་ཞག་ལྔ་རེ་བྱས་ན་ཞག་ཉིས་བརྒྱ་དང་བཞི་བཅུ་ཞེ་ལྔ། ཐ་མ་དམིགས་རྐང་རེ་ལ་ཞག་གསུམ་རེ་བྱས་ན་ཞག་བརྒྱ་དང་བཞི་བཅུ་ཞེ་དགུས་འགྲོ། ཇི་ལྟར་མགྱོགས་ཁྲིད་བྱེད་ཀྱང་དམིགས་རྐང་རེ་ལ་ཞག་རེ་སྟེ་ཞེ་དགུ། ངོ་སྤྲོད་ལ་གསུམ། དབང་ལ་གཅིག་དང་ལྔ་བཅུ་རྩ་བཞིས་ཚང་བར་བྱེད་དགོས་སོ། དེས་ཁྲེགས་ཆོད་ཀྱི་ཁྲིད་སོང་ནས་གཉིས་པ་ལམ་ཐོད་རྒལ་གྱི་ཁྲིད་ལ། ཁྲིད་གཞུང་ནས་གསུངས་པ་ལྟར་གྱི་ཕྱིའི་སྔོན་འགྲོ་བདེ་གཤེགས་སྤྱི་ལམ་ལྟར་གྱི་དམིགས་རྐང་བདུན་རང་གཞུང་ལྟར་བཤད། གཉིས་པ་ནང་གི་སྔོན་འགྲོ་ཁྲེགས་ཆོད་ཀྱི་ཁྲིད་ལྟར་རུ་ཤན་དབྱེ་བ་ནས་ངག་ལམ་ཞུགས་ཡན་གྱི་དམིགས་རྐང་བཅུ་པོ་འབོགས། རྒྱབ་ཆོས་གོང་མ་ལྟར་དང་རྒྱ་བོད་ཀྱི་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་རྣམ་ཐར་རྣམས་ནན་ཏན་གྱིས་བཤད། དེ་ནས་གསང་པའི་སྔོན་འགྲོའམ་ཁྱད་པར་གྱི་སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་གཏོང་ཚུལ། ལུས་ཀྱི་གཞུགས་སྟངས་རྣམ་གསུམ་གྱི་འཕྲུལ་འཁོར། ངག་གི་གནད། སེམས་ཀྱི་གནད། མིག་གི་གནད་གཟིགས་སྟངས་གསུམ། རླུང་གི་གནད། རིག་པའི་གནད། དེ་རྣམས་སློབ་མའི་དབང་པོ་ལྟར་གནད་ཐོག་ཏུ་ཕེབས་པར་སྟོན་མཁས་པར་བྱའོ། །དེ་ནས་གཞུང་ལྟར་རི་བོ་མཐོན་པོའི་རྩེར་རིག་པའི་རྩལ་དབང་བསྐུར་བ་ཡན་གྲུབ་ནས། གོང་གི་གནད་རྣམས་གཟིར་ཞིང་ཟེར་དང་པོའི་དུས་སུ་སྐུ་དང་ཡེ་ཤེས་ཀྱི་རང་སྣང་འོད་དང་ཐིག་ལེར་སྣང་བ་འབེན་དུ་བཙུགས་ནས་སྐུ་ལྔ་ཡེ་ཤེས་ལྔ་རིགས་ལྔ་ཁ་དོག་ལྔ་རླུང་ལྔ་སྐུ་གསུམ་བསྐྱེད་རྫོགས་གསུམ་མཁའ་འགྲོ་ལྔ་སྟེ། དངོས་གཞིའི་འོད་གསལ་བླ་ན་མེད་པའི་ངོ་སྤྲོད་ཀྱི་དམིགས་རྐང་བརྒྱད་དང་། རྗེས་རྣལ་འབྱོར་བཞིའི་རིམ་པས་ཉམས་སུ་ལེན་ཚུལ་དང་བཅས་པ་རིམ་གྱིས་ཉམས་ཐོག་ཏུ་ཁེལ་བར་ངོ་འཕྲོད་པར་བྱའོ། །དེ་ནས་རྗེས་ཀྱི་རིམ་པ་མཐའ་རྟེན་བཞིའི་གོམས་ཚུལ་ལས ། ཆོས་ཉིད་མངོན་སུམ་གྱིས་ཙིཏྟ་ཤའི་སྒྲོན་མ་རྒྱང་ཞགས་ཆུའི་སྒྲོན་མ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཐིག་ལེ་སྟོང་བའི་སྒྲོན་མ་སྟེ་བཞི་དང་། དབྱིངས་དང་ཡེ་ཤེས་སྐུ་དང་ཐུགས་རྗེ་ངོ་བོ་དང་བཅས་པའི་བཞུགས་ཚུལ་རྟགས་ལྔའི་ངོ་སྤྲོད་དང་། ཉམས་གོང་འཕེལ་གྱི་དང་པོའི་དབྱིངས་ཁྲུ་གང་བའི་ཚད་དང་། དེ་ནས་དབྱིངས་སྨིན་མཚམས་ལས་བྲལ་བའི་དུས་དང་། དེ་ནས་འོད་ལྔའི་དབྱིངས་སྣང་དུམ་བུ་སོགས་ཀྱི་རིམ་པ་རྣམས་དང་། དེ་ནས་དབྱིངས་སྣང་རིན་པོ་ཆེའི་དྲ་བ་དྲ་ཕྱེད་སོགས་ཀྱི་དུས་དང་། དེ་ནས་འོད་སྣང་ཡུལ་ཁམས་ཙམ་དང་། དེ་ནས་འོད་སྣང་སྟོང་གསུམ་ཀུན་ཁྱབ་ཀྱི་རིམ་པ་ཕྱེད་སྐུ་དང་སྐུ་རྐྱང་སོགས་དབྱིངས་རིག་གི་ངོ་སྤྲོད། དེ་ནས་རིག་པ་ཚད་ཕེབས་ཀྱིས་འབྱུང་བཞི་འོད་གསལ་དུ་གྲོལ་བས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ནམ་མཁའི་མཐའ་ཁྱབ་ཏུ་འཆར་བ་སྣང་བ ། སྒྱུ་ལུས་ཉོན་མོངས་པ་དང་བཅས་པ་འོད་གསལ་དུ་གྲོལ་ནས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ལ་སྤྱོད་པ་རིག་པ་ཚད་ཕེབས་ཀྱི་དུས་དང་། དེ་ནས་ཆོས་ཉིད་ཟད་པ་ཞེས། ཟད་པ་རྣམ་གསུམ་གྱི་བྱེ་བྲག་རྣམས་དང་། དེ་ནས་མཐའ་བཞིའི་གོམས་ཚུལ་གྱིས་མི་འགུལ་བ་གསུམ་ལ་གཞི་བཅའ་བའི་བཞུགས་སྟངས་གསུམ་དང་། གཟིགས་སྟངས་གསུམ་གྱི་གནད་ལས་ལུས་དང་། རྩ་དང་མིག་དང་རླུང་དང་སེམས་དང་རིག་པ་དང་སྒྲོན་མ་རྟོག་ཚོགས་དང་བཅས་པའི་དབྱེ་གསལ་གྱི་ངོ་སྤྲོད་དང་། སྡོད་པ་གསུམ་གྱི་ཚད་བཟུང་བའི་ཕྱི་ནང་གསང་གསུམ་རྨི་ལམ་གྱི་རིམ་པ། སྣང་བ་བཞིའི་རྟགས་ལུས་ངག་ཡིད་གསུམ་གྱི་བྱེ་བྲག་བཅུ་གཉིས། ཐོབ་པ་གསུམ་གྱིས་གཟེར་ཐེབས་པའི་རིམ་པ་གསུམ། ཡར་མར་གྱི་གདེང་བཞིའི་གྲོལ་ཚད་རྣམ་པ་བཞི་དང་བཅས་པ་སྟེ། ལྟ་སྒོམ་སྤྱོད་གསུམ་འདི་དག་མཐོང་ཉམས་རྣམ་གསུམ་གྱི་ངོ་སྤྲོད་དང་། མ་འོངས་པའི་ཐོབ་ཉམས་ཀྱིརྟོག་པ་རྣམས་མཐར་ཕྱིན་ཉམས་སུ་བླངས་པས། གྲོལ་ཚད་ཀྱི་ཞལ་གདམས་འབོགས་པ་སོགས་ཀྱི་ནང་ཚན་ལྔ་བཅུ་རྩ་གཅིག་པོ་འདི་རྣམས་རིམ་གྱིས་གནད་དུ་ཐེབས་པར་སྟོན་ཅིང་། འདི་དག་གི་དུས་སུ་ཐེག་མཆོག་རིན་པོ་ཆེ་དང་ཚིག་དོན་མཛོད་སོགས་ཀྱི་འོད་གསལ་ཐོད་རྒལ་གྱི་སྐབས་ཀྱིས་རྒྱབ་ཆོས་བྱ། དཔེ་དེ་རྣམས་མ་འཛོམ་ཀྱང་བླ་མའི་མན་ངག་དང་རྟགས་ཀྱི་ཡིག་སྣ་ལྟར་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་བརྩོན་པ་དྲག་པོས་ཚད་ལ་ཕེབས་པར་བྱའོ། །༧ དེ་ནས་དེ་དག་ལ་གོམས་པ་དང་ལྡན་ངེས་ཤེས་པའི་སློབ་མ་ལ། བོགས་འདོན་མུན་པ་ལམ་བྱེད་ཀྱི་གདམས་པ་ཡང་སྦྱིན་པར་བྱ་སྟེ། སྒྲུབ་ཁང་ཕྱི་ནང་གི་སྟ་གོན། སྐྱབས་འགྲོ་སེམས་བསྐྱེད་སོགས་ནས་སྔོན་འགྲོ་སྦྱོར་བ་བ ཞི་ལྡན་འདོན་བསྒོམ་ནན་གྱིས་ཚར་གཅིག་བཏང་། དེ་ནས་དྲང་སྲོང་གི་འདུག་སྟངས་དང་ལག་པའི་འཕྲུལ་འཁོར་བཅའ་ཞིང་ངོ་སྤྲོད་རྣམས་འདེབས། མཛུབ་མོའི་རྩོལ་བ་མི་དགོས་པའི་དུས་བྱུང་ཚེ་ལུས་ཆོས་བདུན་དང་ལྡན་པའི་སྐབས་ཀྱི་ངོ་སྤྲོད་རྣམས་འདེབས། དེ་དག་གི་རྟགས་ཚད་ཐོབ་ནས་ཉིན་མོ་ཉི་མ་མཚན་མོ་མུན་པ་ཟུང་འཇུག་ཏུ་བསྒོམ་ཞིང་། རྨི་ལམ་སོགས་ཀྱི་དྲོད་ཐོབ་རིམ་བཞིན་རིགས་ལྔའི་སངས་རྒྱས་རྣམས་ལ་ཞིང་སྦྱོང་དང་། ལུས་སྒྲོན་མའི་རང་བཞིན་གྱི་དམིགས་རྐང་། ཙིཏྟ་ཤའི་དཀྱིལ་ན་འོད་དཔག་མེད། སྙིང་པདྨ་དཀར་པོ་སོགས་ཀྱི་དམིགས་རྐང་གསུམ་པོ་ཡན་ཆད་དྲོད་མ་ཐོབ་ཀྱི་བར་ལ་ལོ་ཟླ་དུས་ཀྱི་བར་ལ་མ་བལྟོས་པར་དབང་པོའི་ན་རིམ་ལྟར། རང་རྒྱུད་དང་མཐུན་པར་གེགས་སེལ་བོགས་ཐོན་པར་བྱའོ། །དེང་སང་གི་བླ་ཆེན་གྲགས་གཡེར་ཅན་ཕལ་མོ་ཆེ། ཕྱག་རྫོགས་ཀྱི་ཐེག་པའི་བྱེ་བྲག་ཙམ་ཡང་མ་ཕྱེད་བཞིན་དུ་ཕྱག་རྫོགས་ཐམས་ཅད་ཚང་བའི་ཆོས་ཡིན་ཟེར་ནས། གནས་འགྱུ་ལ་སེམས་སུ་ངོ་སྤྲོད། སེམས་དམིགས་པ་དང་བཅས་པའི་སྟོང་ཆ་ལ་ཞི་གནས་སུ་འཛིན་ཅིང་། བསྒོམ་གྱི་མཐིལ་བཅའ་ཧྭ་ཤང་གི་བེམ་སྟོང་ཕྱོགས་ལ་སྒོམ་མེད་དུ་ཡིད་ཀྱིས་སྨོན་ཏེ་ཕྱག་ཆེན་ཡིན་པར་རློམ། གཞི་ཁྲེགས་ཆོད་ཀྱི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་གོང་མའི་ནང་དུ་འདུ་ཟེར་ནས། བཀའ་རྫོགས་པ་ཆེན་པོ་རྒྱ་ཆེ་གྲངས་མང་གི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་ཁུགས་སྐྱུར་དུ་བཏང་སྟེ། ཉི་ཟླའི་ཟེར་མཐོང་ཙམ་བྱས་ནས་ཐོད་རྒལ་ཡིན་ཟེར་བདུན་ཞག་གཅིག་གཉིས་མུན་ཁུང་དུ་ཞུགས་ནས་མ་ཎི་བགྲངས་ཏེ། འོད་གསལ་ཐོབ་ཟེར་བའི་ཉན་འཆད་འཇིགས་ཚོགས་སུམ་བརྒྱ་དྲུག་ཅུའི་ཕྱོགས་ལས་མ་འདས་པའི་ལུགས་སྲོལ་འདི་འདྲ་བ་ལས་ལོག་པར་བྱ་ཞིང་། མཚན་ལྡན་གྱི་སློབ་དཔོན་ལ་སྣོད་ལྡན་གྱི་སློབ་མས་ཉམས་མྱོང་རྒྱུད་ལ་ཁེལ་བར་བྱའོ། །དེ་ནས་རླུང་ཁྲིད་ཀྱི་རིམ་པ་ཡང་ཐོག་མར་སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལྟར་དམིགས་རྐང་བདུན་པོ་ཞག་གྲངས་སྐབས་མཚུངས་ལྟར་འབོགས། དེ་ནས་དངོས་གཞི་རྡོ་རྗེ་སེམས་དཔའི་སྟོང་ར་དང་། དེ་ནས་རྩ་གསུམ་འཁོར་ལོ་བཞི་རོ་རྐྱང་གི་ལམ་ནས་རླུང་རོ་འབུད་པ་དགུ་ཕྲུག དེ་ནས་རླུང་ཁ་ནས་རྔུབ་ཅིང་མགྲིན་པའི་རྩ་འདབ་རྣམས་ནས། སྙིང་གའི་རྩ་འཁོར་ཀྱི་དབུ་མའི་ལྟེ་བར་བདེ་སྟོང་གི་རང་མདངས་ཙིཏྟའི་ངོ་བོ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ། སེམས་ཉིད་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་གྱི་རིམ་པ་དང་། རླུང་ཕྱིར་འབུད་པའི་དུས་སྤྱི་བོའི་རྩ་འཁོར་གྱི་ལྟེ་བའི་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀའི་ཧཱུྃ་ཡིག་ལ་རླུང་རིག་བསྟིམ་ཞིང་ཕྱིར་འཛིན་བྱེད་པ་དང་། དེ་བཞིན་དུ་རྩ་འཁོར་འཇའ་འོད་ཐིག་ལེ ། ཤ་རུས་འཇའ་འོད་ཐིག་ལེ་སོགས་དམིགས་རྐང་ཕྱི་ནང་བཞིའམ་བརྒྱད་པོ་འདི་རྣམས་རིམ་གྱིས་དབང་པོའི་ཡུལ་ལྟར་འབོགས། གཞུང་ལྟར་རླུང་ཁུག་རབ་འབྲིང་ཐ་མ་གསུམ་ལ་བརྩོན་པའི་དམ་བཅའ་དང་འཕྲུལ་འཁོར་ཡན་ལག་ལྔ་སྦྱོང་སྤྱི་འགྲོས་ལྟར་སྦྱིན། དེ་ནས་གཞན་ལུས་ཀྱི་རིམ་པ་ཡང་། སྣོད་དང་ལྡན་ངེས་ལ་བདེ་སྟོང་གི་བོགས་འདོན་དུ་གཞུང་ལྟར་རྩལ་བར་བྱའོ། །དེ་ནས་བར་དོ་རྣམ་པ་བཞིའི་རིམ་པ་རྣམས་ཀྱང་ནམ་འཆི་ངེས་མེད་ཡིན་པས་གཞུང་ལྟར་གོམས་འདྲིས་དང་ལྡན་པར་བྱའོ། །བཀའ་གསང་བ་ལས་ཀྱང་ཆེས་གསང་བའི་ཟབ་ཆོས་འདིའི་བསྐྱེད་རིམ་གྱེར་སྒོམ་གྱི་རིམ་པ་ཡང་། གཞུང་ཚིག་ལྟར་དུ་ཁྲེགས་ཆོད་དང་ཐོད་རྒལ་ཟུང་འཇུག་གི་དགོངས་པ་ཡང་དག་གི་ངང་ནས། ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་དང་ལྷ་མོ་འཁོར་འདས་སྐུ་གསུམ་ཆོས་དབྱིངས་ཀྱི་རོལ་བའི་ངང་ནས། རང་ཉིད་ལྷག་པའི་ལྷར་གསལ་བའི་རྩ་གསུམ་འཁོར་ལོ་བཞིའི་ཐུགས་ཀར་ཉི་གདན་ཧཱུྃ་ཡིག་གི་མཐར། སྔགས་འཁོར་བསྐོར་ཞིང་ཡབ་ཡུམ་ཐམས་ཅད་བདེ་སྟོང་ཡེ་ཤེས་ཀྱི་རང་གདངས་འོད་དང་ཟེར་དུ་འཁྲིགས་པའི་རང་རྩལ། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཕོག་པས། བདེ་སྟོང་རབ་ཏུ་འབར་ཞིང་སྙོམས་པར་ཞུགས་པའི་རང་གདངས་ཀྱི་འོད་ཟེར་གྱིས་འཁོར་འདས་ལམ་གསུམ་ཁྱབ་ཅིང་། ཐུགས་རྗེ་བྱིན་རླབས་ནུས་མཐུ་ཚེ་བསོད་དཔལ་འབྱོར་ཐམས་ཅད། ཐིག་ལེ་ཐིག་ཕྲན་དབྱིངས་དང་ལུག་རྒྱུད། འོད་དང་འོད་ཟེར་སྣ་ཚོགས་ཀྱི་རང་བཞིན་དུ་བསྡུས་ནས། བདག་མདུན་རྣམས་ལ་རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་ལྟར་སིབ་སིབ་ཏུ་ཐིམ་པས། ཉམས་སྣང་བ་རྣམ་པ་བཞིའི་རྟོག་ཚོགས་ཐམས་ཅད་མངོན་དུ་གྱུར་ནས་གདོད་མའི་མགོན་མཆོག ཆོས་སྐུ་གསང་བ་འདུས་པ་དང་གཉིས་སུ་མེད་པའི་འབྲས་བུ་སྐད་ཅིག་དེ་ཉིད་ལ་མངོན་དུ་གྱུར་པའི་ཏིང་འཛིན་གྱི་ངང་ནས་སྒྲུབ་གཞུང་ལྟར་བསྙེན་སྒྲུབ་འབུང་། སྐབས་སྐབས་སུ་ཚེ་སྒྲུབ་ཀྱི་དམིགས་པ་འདོན་ལྟར་བསྒྱུར་ཞིང་གནད་དུ་བསྣུན་མདའ་དར་གཡབ། ཐུན་མཚམས་རྣམས་སུ་དབང་བཞི་གཞུང་ལྟར་ལེན་ཞིང་། རྗེས་སྒྲུབ་གཞུང་བཞིན་སྤྱད། ཅེས་པ་འདི་རྣམས་ཤར་རྒྱལ་མོ་རོང་པའི་བླ་མ་སངས་རྒྱས་འོད་ཟེར་གྱིས་ཁྲིད་རྣམས་ལ་མཛུབ་ཁྲིད་དང་ཟིན་བྲིས་ཤིག་དགོས་ཟེར་བར་རང་གི་ཉམས་ལེན་ལ་ཅུང་ཟད་གནོད་བྱུང་ཡང་བཟོད་ཐུབ་པར་བྱས་ཏེ་བཀོད་པ་འདི་ཡང་ཁང་དམར་གུ་རུ་ཕུག་ཏུ་བྲིས། །མངྒ་ལཾ། བྱ་བྲལ་ཉི་མ་གྲགས་པས་གཏེར་ཆེན་བདུན། གཏེར་ཕྲན་བརྒྱད་གདན་དྲངས་པའི་ཆོས་སྐོར་ལ། བླ་མ་བདེ་མཆོག་དབང་གི་འཁོར་ལོ། རྫོགས་ཆེན་གསང་བ་སྙིང་ཐིགས། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ། ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ། ཟབ་ཆོས་པདྨ་དྲག་ཁྲོས། རྟ་མགྲིན་དྲེགས་པ་ཟིལ་གནོན། ཕག་མོ་ཟབ་ཏིག་སྐོར་ལྔ། སྔགས་བདག་འབར་མའི་ཐུགས་ཐིག ཁྱབ་བདག་ན་ག་རཀྵ། ནོར་བདག་ཡིད་བཞིན་ནོར་བུ་རྣམས་སོ། །དེ་རྣམས་ཀྱི་ཆོས་སྐོར་གྱི་མདོ་རྩ་ལ་རྒྱུད་སྡེ་ཆེན་པོ་བཞི། དཀྱིལ་འཁོར་བཅོ་བརྒྱད། སྒྲུབ་ཐབས་བཞི་བཅུ་ཞེ་བདུན། སྒྲུབ་ཆེན་གསུམ། བདུད་རྩི་སྨན་གྱི་སྒྲུབ་པ། བུམ་སྒྲུབ་རིགས་གཉིས། ཁྲིད་ཆེན་བཅུ་བདུན། དབང་ཆེན་ཉེར་ལྔ། སྨད་ལས་ཀྱི་ཟློག་པ་བདུན། བསྐང་མདོས་ཆེན་མོ་གསུམ། གླུད་ཀྱི་མདོས་མོ་ཆེ། སྦྱིན་སྲེག་ཉི་ཤུ། རབ་གནས་ཀྱི་ཆོ་ག་གཉིས་སོགས་ལས་རབ་འབྱམས་ཡོངས་རྫོགས་ཆོས་ཚན་སུམ་བརྒྱ་དང་སུམ་ཅུ་རྩ་ལྔ་བཞུགས་སོ། །

རྩ་གསུམ་གསང་བ་སྙིང་ཐིག་གི་ཞི་བའི་སྦྱིན་བསྲེག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་ཞི་བའི་སྦྱིན་སྲེག་བཞུགས། གུ་རུ་རྩ་བ་གསུམ་ལ་ཕྱག་འཚལ་ལོ། དེ་ལ་འདིར་རྣལ་འབྱོར་པ་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གྲངས་མཚན་དུས་རྟགས་ཀྱི་བསྙེན་པ་ཚད་དུ་འཁྱོལ་བས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་སོགས་མི་མཐུན་པའི་ཚོགས་མཐའ་དག་ཞི་བར་བྱ་བ་དང་བསྙེན་པའི་ཁ་བསྐང་སོགས་སུ་སྦྱིན་སྲེག་གི་ཆོ་ག་བརྩམ་བར་བྱ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ནི་ཤིང་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཡོད་པའི་ཡར་ངོ་བཀྲ་ཤིས་པའི་གཟའ་སྐར་སྦྱོར་བྱེད་དང་ལྡན་པའི་སྔ་དྲོའི་ཚེ། སྐབས་སུ་གང་བབས་ཀྱི་གནས་ཁང་ཕྱགས་བདར་ལེགས་པར་བྱས་ལ། སྔར་དུལ་བའི་དགོན་གནས་ཡུལ་ཕྱོགས་ཡིན་ན་མི་དགོས་ཤིང་། དེ་མ་ཡིན་པའི་རིགས་ལ་རྒྱས་པར་སྒྲུབ་ཆེན་ཞིག་ནས་འབྱུང་བ་ལྟར་ས་བརྟག་བླང་སྦྱང་འདུལ་གྱི་ཆོ་ག་བྱ་ཞིང་། རྒྱས་པ་གཏན་ནས་མ་གྲུབ་ན་བསྡུས་པར་ཡི་གེ་བརྒྱ་པ་དང་སྙིང་པོ་བགྲང་ཞིང་ས་ལ་ཆུ་འཐོར། ལྟོ་འཕྱེ་འཁོར་ཚུལ་དང་བསྟུན་ཏེ་ལྟོ་བ་ནས་ས་བླང་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ སྭཱ་ཧཱ་བྷྲཱུཾ་ཏྲཱཾ་ཧྲིཿཨཱ༔ ཅེས་བརྗོད་ཅིང་བྱིན་གྱིས་བརླབས་པའི་སར་སྟེགས་བུ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་ས་དཀར་པོས་ཁ་དོག་བསྒྱུར་བ་ལ་དཀྱིལ་འཁོར་ཟླུམ་པོ་ལྟེ་བའི་པདྨ་ལྷ་གྲངས་དང་མཉམ་པར་ལྷའི་སྐུ་མདོག་དང་མཐུན་པའི་ཚོན་གྱིས་བསྒྱུར་བའི་དབུས་རྣམས་སུ་ལྷ་གྲངས་ཀྱི་ཕྱག་མཚན་ནམ་ཚོམ་བུ་བཀོད་པའི་ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བ་བྲིས་པའི་སྟེང་དུ་ཙན་དན་དཀར་པོ་དང་འོ་མ་ཅན་ལ་སོགས་པའི་ལས་མཐུན་གྱི་བུད་ཤིང་སྨན་སྤོས་དྲི་བཟང་པོས་བྱུགས་པ་ཟླུམ་པོ་སྲིད་དང་དཔངས་སོགས་དཀྱིལ་འཁོར་དང་མཐུན་པར་བརྩེག ཡི་དམ་ཆོས་སྐྱོང་གི་གཏོར་མ་སྨན་རཀ་སོགས་ཕྱི་ནང་གི་མཆོད་པ་རྒྱས་པ་དང་། རང་གི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ཀུ་ཤ་རླུང་གཡབ་དགང་གཟར་བླུགས་ཁ་སྦྱར་ཏེ་ཡ་མ་བྲལ་བར་བཞག་པ་དང་། གཡས་སུ་ཙན་དན་ནམ་འོམ་བུའམ་འོ་མ་ཅན་སོགས་དཀར་པོའི་ཤིང་དྲི་ཞིམ་པོ་དང་ལྡན་པ་སྲིད་དུ་སོར་བཅུ་གཉིས་སྦོམ་ཕྲ་མཐེའུ་ཆུང་ཙམ་པའི་ཁ་མཉམ་པར་བཅད་པ་ལ་འཇིགས་པ་ཆེན་པོ་བརྒྱད་སོགས་ནད་གདོན་བར་གཅོད་མི་མཐུན་པའི་པའི་ཚོགས་ཐམས་ཅད་ཤིམྟཾཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་རྩེ་གཉིས་སུ་མར་དང་སྦྲང་རྩིས་བྱུགས་པའི་ཡམ་ཤིང་གང་མང་། མར་ཁུ། ཏིལ་དཀར། ཡུངས་ཀར། ཟས་སྣ། དུརྦ། འབྲས། སོ་བ། ནས། སྲན་མ། གྲོ། ཀུ་ཤ ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག་སྟེ་སྤྱི་རྫས་དང་། ཁྱད་པར་གྱི་རྫས་པད་དཀར། ཙམ་པ་ཀ ཙན་དན་དཀར་པོ། ག་བུར། རྩི་མར། དྲི་སྣ། དུང་། ཤེལ། དངུལ་སོགས་དཀར་པོའི་རིགས་ཀྱི་རིན་ཆེན་དར་གོས་འབྲུ་སྨན་ཅི་འབྱོར་བ་དང་། གཡོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉེར་སྤྱོད་ཚར་གཉིས་གཏོར་མ་སྨན་རག་བཅས་པའི་མཆོད་རྫས་བསང་ཆུ་རྣམས་བཤམས་ལ། བླ་མ་གསང་བ་འདུས་པའི་ལས་བྱང་དང་། དྲང་སྲོང་སོགས་ཀྱི་འཕྲིན་ལས་བསྐང་གསོལ་དང་བཅས་པ་རང་གཞུང་ལས་བྱང་གི་ལྷག་གཏོར་ཡན་གྲུབ་ན། གདན་དཀར་པོ་སྟེང་དུ་དར་དཀར་སོགས་ཆས་གོས་དཀར་པོ་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་མི་ཚིག་གིས་བར་མ་ཆོད་པར་རོལ་མོ་འཁྲོལ་ཏེ་འཛབ་དབྱངས་གར་དུ་འཁྲབ་ཅིང་མེ་ཐབ་ལན་གསུམ་བསྐོར་ཏེ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དབུས་སུ་ཧཱུྃ་དེ་ལ་རཾ་གྱིས་མཚན་པ་ལས་ཡེ་ཤེས་ཀྱི་མེ་དཔུང་དཀར་པོ་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བརླགས །ཚུར་འདུས་ཕྱོགས་མཚམས་ཐམས་ཅད་མེ་རིའི་གུར་ཁང་དུ་གྱུར་པར་བསམས་ཤིང་། ཧཱུྃ༔ བསྐལ་པའི་མེ་ཆེན་འབར་བའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གདོན་བགེགས་འབྱུང་པོ་བར་དུ་གཅོད་པའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་འདག་འབར་པའི་སྦྲང་བུ་བཞིན་དུ་སྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ར་ིནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་ཨགྣཱ་ཡེ་ཛྭ་ལ་རཾ་རཾ༔ ཨཱོཾ་སུམ་བྷ་ནི་སོགས་བརྗོད། དེ་ནས་རྫས་རྣམས་ཀྱི་ཉེས་སྐྱོན་སྦྱང་ཞིང་བྱིན་གྱིས་བརླབས་པ་ནི། བསང་ཆུའི་སྣོད་ནས་ཀུ་ཤའི་རྩེ་མོས་ལག་པ་གཡས་པས་ཆུ་བླངས་ཏེ་མཆོད་སྲེག་གི་ཡོ་བྱད་ཐམས་ཅད་ལ་རང་གི་མདུན་ནས་གཡས་བསྐོར་དུ་མཐོར་ཞིང་། ནང་མཆོད་ཀྱིས་ཀྱང་བསངས་ལ། རྡོ་རྗེའི་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད། ཨོཾ་ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམ། ཨོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་དང་། ཨཱོཾ་ཤྲི་སྭཱ་ཧཱས་ཞུན་མར་དང་། ཨཱོཾ་ཛྲིཾ་སྭཱ་ཧཱས་འབྲུ་དང་། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་ལས་གཞན་པའི་རྫས་རྣམས་ཀྱི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡི་གེ་གསུམ་འོད་དུ་ཞུ་བ་ལས་བྱུང་པའི་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་རྣམ་པ་འདོད་པའི་ཡོན་ཏན་ལྔ་སོགས་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧཱུྃ་གསུམ་མམ་བདུན་བརྗོད། དེ་ནས་རྒྱལ་རིགས་ཀྱི་ཁྱིམ་ནས་མེ་བླངས་ཏེ་སྣོད་དུ་བཞག་ལ། ཨཱོཾ་ཨཱཿཧཱུྃ་བརྗོད་ཅིང་ཞུན་མར་གྱི་མེ་སྒྲོན་མེ་སྦར་བས་སྤར་ལ་རླུང་གཡབ་ཀྱིས་གཡབ་ཅིང་།ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྦར་མས༔ དྲི་ཟའི་ལག་ནས་མེ་ལོང་ལ༔ ཞི་བའི་མེ་ནི་སྦར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབ་ཤིག༔ ཨཱོཾ་ཨགྣཱ་ཡེ་ཛྭ་ལ་རཾ་རཾ༔ ཞེས་བརྗོད་ཅིང་སྤར་ལ་ཞུན་མར་བླུགས་གཟར་བདུན་གྱིས་ཀྱང་གསོའོ། །དེ་ནས་ཀུ་ཤ་ལ། ཨཱོཾ་བཛྲ་སཏྭ་ཨཱ༔ བདུན་གྱིས་བྱིན་གྱིས་བརླབས་པའི་རྩེ་མོ་གཉིས་གཤིབས་པ་ལག་ཏུ་བཟུང་ལ། ཨཱོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། དཀོན་མཆོག་གསུམ་པོ་མཉེས་བྱེད་པ། ས་ལས་སྐྱེས་པ་འདབ་མའི་སྙིང་། བདག་གི་བགེགས་རྣམས་ཐམས་ཅད་ནི། ཞི་དང་བཀྲ་ཤིས་མཛད་དུ་གསོལ། ཞེས་ཐབ་ཀྱི་ཁ་ཁྱེར་ལ་རང་གི་ཁ་བལྟ་ཕྱོགས་ལ་ཤར་དུ་བྱས་པའི་རྩེ་མོ་ཕྱོགས་བཞིར་ཡོང་བར་བྱས་ལ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་བ་ལང་གི་རྣ་བའི་དབྱིབས་ལྟར་ཧ་ཅང་མི་རིང་བར་དགྲམ་མོ། གཉིས་པ་དངོས་གཞི་ལ་འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས། དང་པོ་ལྷ་བསྐྱེད་པ་ནི། ཨཱོཾ་སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས། མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རཾ་དཀར་པོ་འོད་དུ་ཞུ་བ་ལས་མེ་ཐབ་གཞལ་ཡས་ཀྱི་ཁང་པ་དཀར་ཞིང་འཚེར་བ། ཁ་ཁྱེར་ཕྱིར་ཕྱོགས་པའི་སྟེང་དུ་རྡོ་རྗེའི་ཕྲེང་བས་མཚན་པའི་དབུས་སུ་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང་དང་གཡོན་མེ་ཐབ་བསྣམས་པ། འཁོར་དུ་དྲང་སྲོང་མང་པོས་བསྐོར་ཞིང་པདྨ་དང་ཟླ་བའི་གདན་ལ་གནས་པའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམས་ཤིང་། སྤྱན་འདྲེན་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གི །ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཤར་ལྷོ་མཚམས་ཀྱི་གཞལ་ཡས་ནས། །དམ་ཚིག་དབང་གིས་སྤྱན་འདྲེན་ན། །བསྐྱེད་པའི་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །འབར་བ་མེ་ཡི་གཞལ་ཡས་འདིར། །གཉིས་མེད་བརྟན་པར་བཞུགས་སུ་གསོལ། །ཨཱོཾ་ཨགྣཱེ་ཡེ་དེ་ཝ་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །གཟི་བརྗིད་འབར་བ་ལྟ་ན་སྡུག །འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཨཱོཾ་ཨགྣཱེ་ཡེ་དེ་ཝ་ཨ་ལ་ལ་ཨ་ཏི་པུ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་གདུང་བའི་དབྱངས། །ཕྱི་མཆོད་འདོད་ཡོན་ལོངས་སྤྱོད་ཚོགས། དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །ཨཱོཾ་ཨགྣཱ་ཡེ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་དྷེ་ནཻ་ཝི་དྱ་ཤཔྟ་པུ་ཙ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ། རཀྟ་དམར་གྱི་ཡོན་ཆབ་དང་། །དབང་པོ་ལྔ་ཡི་མེ་ཏོག་ཚོགས། །ཤ་ཆེན་རྣམ་ལྔའི་བདུག་སྤོས་དང་། །ཞུན་ཆེན་སྣང་གསལ་མར་མེ་མཆོག །བདུད་རྩི་ལྔ་ལྡན་བྱུག་པ་དང་། །རྣམ་དག་མཆོག་གི་ཞལ་ཟས་སོགས། །བླ་མེད་ནང་གི་མཆོད་པ་འདི། །དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ། །ཨཱོཾ་ཨགྣཱ་ཡེ་ཛྙ་ན་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི། ཧཱུྃ། རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ། །རཀྟ་དམར་གྱི་རྒྱ་མཚོ་དང་། །བྷ་ལིང་རྒྱན་ལྡན་གཏོར་མའི་ཚོགས། །གྷ་ན་ཙཀྲ་ལོངས་སྤྱོད་རྫས། །བླ་མེད་གསང་བའི་མཆོད་པ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །ཨཱོཾ་ཨགྣཱེ། ཡེ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་གྷ་ན་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ འབྲོག་འབྲང་འབུལ་བ་ནི། ཧཱུྃ། གསུར་ཆེན་དང་ནི་ཤ་ཆེན་དྲི། །སྐྱེ་བའི་རྒྱུ་ལས་བྱུང་བ་འདི། །ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ། །སརྦ་ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཡམ་ཤིང་འབུལ་བ་ནི། ཧཱུྃ། ཙན་དན་དཀར་པོ་དྲི་ཞིམ་སྤོས། །གཉིས་སུ་མེད་པར་འབུལ་ལགས་ན། བཞེས་ནས་ནད་གདོན་བར་ཆད་ཚོགས། ཞི་བའི་འཕྲིན་ལས་གྲུབ་པར་མཛོད། ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་དེ་ཝ་ཨ་སྱ་ཧ་ན་ཡ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཚོགས་ཐམས་ཅད་དང་ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་། དགང་བླུགས་ཀྱི་ཁར་ཧཱུྃ་ཡིག་འོད་ཟེར་དང་ལྡན་པས་མཚན་པར་གྱུར་པར་བསམས་ཤིང་། ལག་པ་གཡོན་ཁུ་ཚུར་བཅང་བའི་སྟེང་ན་མཐེ་བོས་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་རྐྱང་བ་གན་རྐྱལ་བྱས་པས་དགང་གཟར་མར་ཁུས་བཀང་བ་བཟུང་། གཡས་པའང་དེ་བཞིན་དུ་བྱས་པ་ཁ་མཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་ནས་བཟུང་བ་གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་སྟེ་དགང་གཟར་གྱི་ཁར་བླུགས་གཟར་ཀྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ལས་མི་འདའ་བར་གཡས་སུ་བསྐོར་ཏེ་འབུལ་ཞིང་། ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱ། ནད་གདོན་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཡུངས་ཀར་ལ། ཨཱོཾ་སརྦ་ཨརྠ་སདྷ་ཡ་སྭཱ་ཧཱ། བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དཱུ རྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ལ། ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ། བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ། མྱུར་བའི་ཤུགས་ཕུན་སུམ་འཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སྲུང་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཕྲུམ་ལ། ཨཱོཾ་ཨཱཿསྭཱ་ཧཱ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ། མངའ་ཐང་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཤིང་ཏོག་ལ། ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ། དཔལ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་ཚིགས་བཅད་ཀྱིས་དབུལ་བ་ནི། ཧཱུྃ། གཟི་བརྗིད་འབར་བ་མེ་ཡི་ལྷ། །སྦྱིན་སྲེག་མཆོད་པ་འདི་བཞེས་ལ། །ནད་གདོན་སྡིག་སྒྲིབ་བར་གཅོད་བགེགས། །ཞི་བའི་འཕྲིན་ལས་མཛད་དུ་གསོལ། །ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིངྟ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྡུས་པ་བྱེད་ན་ཚིགས་བཅད་འདིའི་མཇུག་ཏུ་མཆོད་པ་གོང་མ་རྣམས་ཕུལ་ཀྱང་རུང་། དེ་ནས་བསྟོད་པ་ནི། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འཕྲིན་ལས་ཐམས་ཅད་བསྒྲུབ་པའི་ལྷ། །རིགས་སྔགས་དྲང་སྲོང་གྲུབ་པའི་ཚུལ། །འོད་འབར་བསྐལ་མེའི་ཕྲེང་བ་ཅན། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །ཐབ་ཀྱི་ཐེག་པ་ར་ལ་ཆིབས། །བགྲང་འཕྲེང་འཛིན་ཞིང་རིགས་སྔགས་གསུང་། །ཚངས་སྐུད་དྲི་མེད་ཅོད་པཎ་སྤྲས། །མཉམ་མེད་ཐུགས་རྗེ་ཆེར་མངའ་བའི། །མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། འཕྲིན་ལས་བཅོལ་བ་ནི། ཧཱུྃ། དྲང་སྲོང་ཆེན་པོ་གཟི་བརྗིད་འཆང་པའི་གར། །འབར་བའི་ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས། །དམ་རྫས་འབར་པའི་མེ་མཆོད་འདི་འབུལ་བས། །ཞི་བའི་འཕྲིན་ལས་སྒྲུབ་པའི་དུས་ལ་བབས། །ཅེས་འཕྲིན་ལས་བཅོལ། བཛྲ་མུཿས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ཏེ་བཞུགས་པར་གྱུར། །གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། མེ་ཐབ་ཏུ་རྡོ་རྗེ་བསང་ཆུ་འཐོར་ཞིང་། ཨཱོཾ་སྭཱ་བྷཱ་ཝའི་སྔགས་ཀྱིས་སྦྱངས། མེ་ལྷའི་ལྟོ་བ་ཟབ་ལ་རྒྱ་ཆེ་བར། ཧཱུྃ༔ ཁྲེགས་ཆོད་ཀ་དག་ནམ་མཁའི་ཀློང་༔ འགྱུ་བ་མི་དམིགས་རྒྱ་གྲམ་རླུང་༔ ཞེས་པ་ནས་མཆོད་པ་རྫོགས་མཚམས་ཡན་ལས་བྱང་བཞིན་བྱ། དེ་ནས་སྲེག་རྫས་རྣམས་འབུལ་ཚེ་ཡེ་ཤེས་ཀྱི་མེ་ལྷ་སྐུ་འཁོར་དང་བཅས་པས་དགྱེས་པར་བཞེས་ཏེ། ཟག་པ་མེད་པའི་དབྱིངས་སུ་ཐུགས་དམ་གྱི་རྒྱུད་ཡོངས་སུ་བསྐངས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་ལས་རབ་འབྱམས་མངོན་པར་གྲུབ་པར་བསམ་ཏེ། ཡམ་ཤིང་ལ། ཧཱུྃ། ཙན་དན་དཀར་པོ་དྲི་ཞིམ་སྤོས། །གཉིས་སུ་མེད་པར་འབུལ་ལགས་ན། །བཞེས་ནས་ནད་གདོན་བར་ཆད་ཚོགས། ཞི་བའི་འཕྲིན་ལས་གྲུབ་པར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་དྷེ་ཝ་ཨ་སྱ་ཧ་ན་ཡ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧཱུྃ་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ། བདུད་རྩིའི་བཅུད་ལྡན་སྙིང་པོའི་མར། །བླ་མ་གསང་འདུས་ལྷ་ཚོགས་ལ། །གུས་པས་འབུལ་ལོ་བཞེས་ནས་ཀྱང་། །ནད་གདོན་བགེགས་སོགས་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཨགྣ་ཡེ་གྷནྡྷེ་སྭཱ་ཧཱ༔ ནད་གདོན་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཏིལ་ལ། ཞི་བའི་རྫས་སུ་བསྔགས་པའི་ཏིལ། །བླ་མ་གསང་འདུས་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །སྡིག་ལྟུང་མཐའ་དག་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སི་དྡྷི་ཧཱུྃ་ཕཊ༔ ཨཱོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཡུངས་ཀར་ལ། ཡུངས་ཀར་བགེགས་འཇོམས་ཁྲོ་བོའི་མཚོན། །བླ་མ་གསང་འདུས་འཁོར་བཅས་ལ། །བློ་ཡིས་བླངས་ཏེ་འབུལ་ལགས་ན། །བགེགས་དཔུང་མ་ལུས་ཞི་བར་མཛོད། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་སརྦ་ཨརྠ་སདྷཱ་ཡ་སྭཱ་ཧཱ། བགེགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཟས་སྣ་ལ། རོ་བརྒྱ་ལྡན་པ་ལྷ་ཡི་ཟས། བླ་མ་གསང་འདུས་ལ་འབུལ་གྱིས། །དམིགས་མེད་ཀློང་དུ་བཞེས་ནས་ཀྱང་། བདེ་བའི་བར་གཅོད་ཀུན་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དཱུརྦ་ལ། བཀྲ་ཤིས་དཱུརྦ་འཆི་མེད་རྫས། །བླ་མ་གསང་འདུས་འཁོར་བཅས་ལ། །འབུལ་བས་དགྱེས་པ་ཡོངས་བསྐྱེད་དེ། །ཚེ་ཡི་བར་ཆད་ཡོངས་ཞི་མཛོད། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲས་ལ། བཀྲེས་པའི་གུད་པ་ཡོངས་སེལ་པའི། །འབྲས་དཀར་ས་ལུ་ལྷ་ཡི་ཟས། །བླ་མ་གསང་འདུས་ལ་འབུལ་གྱིས། །བསོད་ནམས་ལ་འཚེ་ཀུན་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་པུཥྟ་ཡེ་སྭཱ་ཧཱ། བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སོ་བ་ལ། ཡིད་འོང་རྣམ་བར་རྒྱས་པའི་འབྲུ། །སོ་བ་ཟས་ཀྱི་མཆོག་དམ་པ། །བླ་མ་གསང་འདུས་ལ་འབུལ་གྱིས། །འབྲུ་ནོར་ལ་འཚེ་ཀུན་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ནས་ལ། དབུལ་བ་རྒྱུན་གཅོད་སྐལ་བཟང་ནས། །བླ་མ་གསང་འདུས་འཁོར་བཅས་ལ། །འབུལ་ལོ་མྱུར་བའི་ཤུགས་དག་ལ། །བར་དུ་གཅོད་པ་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སྲན་མ་ལ། རོ་བཅུད་ཕུལ་བྱིན་སྲན་མའི་འབྲུ། །བླ་མ་གསང་འདུས་འཁོར་བཅས་ལ། །ཐོགས་མེད་བློ་ཡིས་འབུལ་ལོ་བཞེས། །སྟོབས་ལ་འགོག་པ་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གྲོ་ལ། སྐྱེ་འགྲོའི་སྲོག་གི་ཟུངས་འཛིན་གྲོ། །བླ་མ་གསང་འདུས་ལ་འབུལ་ན། །བརྩེ་བའི་ཐུགས་ཀྱིས་བཞེས་ནས་ཀྱང་། །ནད་མེད་རིང་འཚོའི་གེགས་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་གྷ སྨ་རེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཀུ་ཤ་ལ། བྱང་ཆུབ་མཆོག་གདན་ཀུ་ཤའི་རྩ། །བླ་མ་གསང་འདུས་ལ་འབུལ་ན། །དགྱེས་ཤིང་ཚིམ་པར་ཡོངས་བཞེས་ནས། །སྲུང་བའི་གོ་བཤིགས་གེགས་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། སྲུང་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཕྲུམ་ལ། དཀར་གསུམ་བདུད་རྩི་ལས་བྱུང་ཕྲུམ། །བླ་མ་གསང་འདུས་ལ་འབུལ་ན། །ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། །བར་དུ་གཅོད་པ་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཨཱཾཿསྭཱ་ཧཱ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འབྲུ་སྣ་ལ། ཕུན་ཚོགས་གཏེར་ལྡན་སྣ་ཚོགས་འབྲུ། །བླ་མ་གསང་འདུས་འཁོར་བཅས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས། །མངའ་ཐང་ལ་འཁུའི་གེགས་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཛྲིཾ་སྭཱ་ཧཱ། མངའ་ཐང་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཤིང་ཏོག་ལ། བདུད་རྩིའི་རོ་བཅུད་ཉེར་སྨིན་པའི། །ཡིད་འོང་ལྗོན་པའི་རིན་ཆེན་འབྲས། །བླ་མ་གསང་འདུས་ལ་འབུལ་ན། །དཔལ་ལ་གནོད་པ་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ། དཔལ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དར་སྣ་ལ། དབང་པོའི་གཞུ་ཡི་ཚོན་བཀྲ་བའི། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །གུ་རུ་རྩ་བ་གསུམ་ལ་འབུལ། །བསོད་ནམས་འཕེལ་བའི་གེགས་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། བསོད་ནམས་རྣམ་པར་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྫས་སྔགས་མེད་པའི་སྲེག་རྫས་ཐམས་ཅད་ཕྱོགས་གཅིག་ཏུ། མི་ཟད་འདོད་དགུའི་ལོངས་སྤྱོད་རྫས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །བླ་མ་གསང་འདུས་ལ་འབུལ་གྱིས། །མི་མཐུན་ཚོགས་ཀུན་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འབུལ། གསུམ་པ་རྗེས་ཀྱི་རིམ་པ་ནི། ཧཱུྃ། རྩ་བ་གསུམ་གྱི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །ཕྱི་མཆོད་ཉེར་སྤྱོད་རྣམ་པ་ལྔ། །ནང་མཆོད་ཤ་ལྔ་བདུད་རྩི་ལྔ། །གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན། །ཐབས་མཆོག་མཐར་ཕྱིན་བདུད་རྩི་དང་། །ཤེས་རབ་མཐར་ཕྱིན་རཀྟ་དང་། །ཐབས་ཤེས་དབྱེར་མེད་གཏོར་མ་འདི། །སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པཉྩ་རཀྟ་བ་ལིང་ཏ་པཱུ་ཙ་ཁཱ་ཧི། ཞེས་པས་མཆོད། བསྟོད་པ་ནི། ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་དབུས༔ ནས། ཌཱ་ཀི་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། དངོས་གྲུབ་བླང་བ་ནི། ཟས་སྣ་འདོད་ཡོན་བཏེག ས་ཏེ། ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ ནས། ཚེ་བྷྲཱུཾ་སརྦ་སིདྡྷི་ཧྲཱི༔ ཞེས་དངོས་གྲུབ་ཏུ་བླང་ཞིང་ལོངས་སྤྱོད། བཟོད་པར་གསོལ་བ་ནི། ཡེ་ཤེས་མེ་ལྷ་དྲང་སྲོང་བདག་ལ་དགོངས། །བདག་གི་འཕྲིན་ལས་མེ་མཆོད་ཆོ་ག་འདི། །ཚུལ་བཞིན་བགྱིད་པར་སེམས་ཀྱང་ནོར་དང་འཁྲུལ། །ལྷག་གམ་ཆད་དམ་སྒྲ་ཉམས་རྫས་མ་འཛོམ། །ཏིང་འཛིན་ཀློང་དུ་མ་གྱུར་ཉེས་བྱས་ཚོགས། །ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ལོ་བཤགས། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། །ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨཱོཾ་བཛྲ་མུ། ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་གཏང་རག་གི་མཆོད་བསྟོད་དང་བསྲེག་རྫས་རྣམས་སྔར་མེ་ལྷ་མཆོད་པའི་སྐབས་ལྟར་ཕུལ་རྗེས་གཏོར་མ་ལ་ཡང་། ཨཱོཾ་ཨགྣཱ་ཡེ་ས་པ་རི་ཝཱ་ར་ཨེ་དམ་བ་ལིངྟ་པཱུ་ཙ་ཁཱ་ཧི། གསུམ་གྱིས་མཆོད་ལ་འདོད་དོན་ལ་གསོལ་བ་གདབ། སླར། ཨཱོཾ་ཨགྣཱ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཤེགས་གསོལ་ནི། ཧཱུྃ། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །འབར་པའི་འཕྲིན་ལས་གྲུབ་མཛད་ནས། །རང་བཞིན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་རྗེས་མཐུན་དངོས་གྲུབ་སྩོལ། །ཨཱོཾ་ཨགྣཱ་ཡེ་དྷེ་ཝ་བྷྱ་བཛྲ་མུ༔ ཞེས་བརྗོད། ཤིས་བརྗོད་ནི། ཧཱུྃ༔ རྒྱལ་བའི་རྒྱལ་ཚབ་འགྲོ་བ་འདྲེན༔ རྡོ་རྗེ་སློབ་དཔོན་བཀྲ་ཤིས་ཤོག༔ བསྐྱེད་རྫོགས་ཟུང་འཇུག་དངོས་གྲུབ་སྩོལ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྟེན་ཅིང་འབྲེལ་འབྱུང་འཕྲིན་ལས་སྒྲུབ༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིག་ཤོག༔ སོགས་རྒྱས་པར་བརྗོད༔ བསྔོ་བ་ནི། ཧཱུྃ། རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །སྦྱིན་སྲེག་མཆོད་བསྟོད་ཕུལ་བའི་མཐུས། །ཐུགས་དམ་གཉན་པོ་སྐོངས་གྱུར་ཅིག །འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ། །རྩ་གསུམ་ལྷ་ཚོགས་གོ་འཕང་ཐོབ་པར་ཤོག །སྨོན་ལམ་ནི། ཧོཿ འཕྲིན་ལས་མེ་ཡི་ཏིང་འཛིན་སྒོམ་སྒྲུབ་མཐུས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ལས་བཞིའི་འཕྲིན་ལས་གང་བརྩམས་ལྷུན་གྲུབ་ནས། །མ་འབད་བཞིན་དུ་མཆོག་ཐུན་ཡོངས་གྲུབ་སྟེ། །དངོས་གྲུབ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །ཅེས་བརྗོད། ཐལ་བ་རླུང་ལ་འཕྱར་བའམ་ཆུ་བོ་བཟང་པོ་ལ་གཤེགས། །རྩགསུམ་གྱི་ཞི་བའི་སྦྱིན་སྲེག་འདི་ཡང་ཧོར་པཎ་ཆེན་གྱིས་མཛད་པ་ལྟར་དུ་རྗེས་འཇུག་རྣམས་ཀྱི་བློར་འཛིན་བདེ་བར་སེམས་ཏེ་སྒ་ཇོ་བོའི་མདུན་ཆོས་འཕེལ་རབ་རྒྱས་ཐང་གི་ཞོལ་འདབས་སུ་བྲིས་པ་འདི་ཡང་ཡུལ་དྭགས་པོའི་སྐད་ཀྱི་ཨ་བོ་བླ་མས་སོ། །མངྒ ལཾ། །

ལས་བྱང་འདོན་འགྲིགས།

བླ་མ་གསང་བ་འདུས་པའི་ལས་བྱང་འདོན་བསྒྲིགས་བཞུགས། བླ་མ་གསང་འདུས་ཀྱི་ལས་བྱང་འདོན་བསྒྲིགས་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ཚིགས་བདུན་གསོལ་འདེབས། ཨཱོཾ་ན་མོ་ཧཱུྃ༔ ནམ་མཁའ་རྣམ་དག་ཆོས་དབྱིངས་འོད་ཀློང་དུ༔ ཞེས་སོགས་ནས་སྐྱབས་སེམས། ཡན་ལག་བདུན་པ་དང་རྡོར་སེམས་སྒོམ་བཟླས། མཎྜལ། རྡོར་སེམས་འོད་ཞུ། གསོལ་འདེབས། དབང་བཞི་བླངས། དཀར་བགེགས་བཏང་། ཧཱུྃ། མ་རིག་འཁྲུལ་པ་ལས་བྱུང་འདྲེ༔ ཞེས་སོགས། བཀའ་བསྒོ། མཚམས་གཅོད། ཨཱོཾཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཥྛ༔ གསུམ། ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ གསུམ། ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲིཥྛ༔ གསུམ། ཨཱོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏྱ། ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ གཅིག །ཨཱོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་སརྦ་པཱུཙ་ཧོ༔ གཅིག ཧཱུྃ༔ ཁྲེགས་ཆོད་ཀ་དག་ནམ་མཁའ་ཀློང་༔ ཞེས་པ་ནས་རིམ་བཞིན་གཞལ་ཡས་ཁང་ལྷ་བསྐྱེད་པ་སྤྱན་འདྲེན་བཞུགས་གསོལ་ཕྱག་དང་མཆོད་པ་སྔགས་བཅས་སོང་མཚམས་བདུད་རྩི་ལག་མཆོད་སྦྱར། ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་དབུས༔ ཞེས་སོགས་ཀྱིས་བསྟོད། འཛབ་བསྐུལ། འཛབ་བསྙེན་གྲངས་མང་ཉུང་སྐབས་དང་སྦྱར་ལ་བཟླས་མཐར་ཉམས་ཆག་རྟོག་སྒྲིབ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སོགས་ལས་ཤམ་བདུན་སོགས་གང་ལྕོགས་སྦྱར་ནས་ཧཱུྃ་སྣོད་བཅུད་གཟུགས་སྒྲ་སོགས་སྔགས་མཆོད་དང་། ཧཱུྃ། ཡན་ལག་བརྒྱད་ལྡན་སོགས་ནས། ཛྙཱ་ན་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ནས་རྩ་བསྙེན་གྱི་ཤམ་བུར་ཨཱོཾ་ཚེ་བྷྲཱུཾ་ཧྲི་སྭཱ་ཧཱ༔ ཞེས་གང་མང་བཟླས་མཐར་མདའ་དར་གཡབ་ཅིང་ཚེ་འགུགས་ནི། ཧཱུྃ༔ ཤར་ཕྱོགས་ཤེལ་གྱི་གཞལ་ཡས་ནས༔ ཞེས་པ་ནས། ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཚེ་བྷྲཱུཾ་ཀཱ་ཡ་སིདྡྷི་ཨཱོཾ༔ ཚེབྷྲཱུཾ་ཝཀྐ་སིདྡྷི་ཨཱཿ སོགས་སྐབས་འདིར་བཀའ་སྲུང་དྲང་སྲོང་དང་གཏེར་སྲུང་རྒྱལ་བ་ཐོད་དཀར་གྱི་མཆོད་ཐབས་གཞུང་བཞིན་མཐར་ཆགས་སུ་གཏོང་བའམ། ཡང་ན་དྲང་སྲོང་གི་བསྟོད་པ་སོགས་མཚམས་སུ་འཇོག་པ་དང་། རྒྱལ་བ་ཐོད་དཀར་ལ་ཚིགས་མཚམས་འབྱེད་ཐབས་མི་འདུག་པས་གཏོར་མ་བྱིན་རླབས་སྤྱན་དྲང་བའི་དམིགས་པ་ཙམ་བྱས་ནས་བཞག ཨཱོཾ་ཨཱཿཧཱུྃ་རང་ཉིད་གདོད་ནས་དག་པ་ལྷ་ཡི་སྐུ༔ ནས་ཁ་ཧཱིའི་བར། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ནས། བསྐང་མཇུག་བཤགས་པའི་རིགས་དང་ཡིག་བརྒྱ་བརྗོད། ཚོགས་ཟན་ནམ་ལིང་ག་ལ་འགུགས་བསྟིམ། སྒྲལ་ལས། ཧཱུྃ། རྩ་གསུམ་རྒྱལ་བ་སྲུང་མའི་ཚོགས། ཧཱུྃ། ཉོན་མོངས་མཚན་འཛིན་དགྲ་བགེགས་ཀྱིས། སོགས། བསྟབ་པ། ཧཱུྃ༔ གཏོར་ལེན་མ་དང་མཁའ་འགྲོའི་ཚོགས༔ ཞེས་སོགས། ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཏེ༔ ཞེས་ཐུགས་དམ་བསྐུལ་ནས། བཀའ་གཏེར་བསྐུལ་མཚམས་བཞག་ན་འདིར་བསྐུལ། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཐམས་ཅད་ཀྱི༔ ཞེས་སོགས། ཆད་ཐོ། ཧཱུྃ། སློབ་དཔོན་ཆེན་པོ་པདྨའི་བཀའ་ཉན་ཅིང་།སོགས་བསྟན་མ། གཏོར་གཞོང་ཁ་སྦུབ་འགུགས་བསྟིམ་བྱས་ནས། ཧཱུྃ༔ སྣང་སྟོང་སྐུ་ཡི་གཏོར་གཞོང་འོག༔ སོགས་དང་། ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་སྟེ༔ ལྷ་ཉིད་རང་ལ་སོགས་ཀྱི་བསྡུ་ཆོག ཧཱུྃ༔ རྒྱལ་བའི་རྒྱལ་ཚབ་འགྲོ་བ་འདྲེན༔ ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་བརྒྱན་ནོ༔ ཆོག་ཆིངས་འདིའི་བསྙེན་མཚམས་མཆོད་བསྟོད་ཚེ་འགུགས་སོགས་གཏེར་གཞུང་གི་དགོངས་པ་ལྟར་བྱས་པ་ཡིན། སྔོན་གྱི་ཕྱག་བཞེས་སུ་གཏེར་གསར་བྱིངས་ཀྱི་བསྙེན་པ་བཟླ་བ་མཆོད་བསྟོད་བྱེད་ལུགས་དང་ཅུང་མི་འདྲ་བ་ཞིག་ཡོད་མོད། གང་བྱས་ཀྱ ང་འགལ་འདུ་མེད་ནའང་འདི་ལྟར་ནི་བསྙེན་ཡིག་དང་མཐུན་པར་བགྱིས་པའོ། །ལས་བྱང་གཏོང་བའི་ལག་ལེན་འདི་ཡང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ།། །།

དབང་བཞིའི་རིམ་པ་ཤིན་ཏུ་འཇུག་བདེར་སྤེལ་བ།

རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་དབང་བཞིའི་རིམ་པ་ཤིན་ཏུ་འཇུག་བདེར་སྤེལ་བ་ངེས་དོན་ལམ་བཟང་ཞེས་བྱ་བ་བཞུགས། ཆོས་དབྱིངས་བྱ་རྩོལ་ལས་འདས་ཡེ་དག་གདངས། །མ་སྐྱེས་རང་བྱུང་དོན་གྱི་པདྨ་འབྱུང་། །བདེ་ཆེན་རྒྱལ་པོ་རྡོ་རྗེ་སྟོབས་མཆོག་རྩལ། །རང་རིག་འདྲེན་མཆོག་ཐོག་མའི་མགོན་པོར་འདུད། །རྩ་གསུམ་ཡེ་ཤེས་དཀྱིལ་འཁོར་གདོད་མ་ནས། །གནས་ལུགས་གཉུག་མའི་གཤིས་སུ་གྲུབ་པ་གང་། །བྱར་མེད་ཅོག་བཞག་ངང་ནས་མངོན་སུམ་དུ། །མཐོང་བའི་ལམ་འདི་རིམ་དགུ་ཐེག་པའི་ཏོག །དེ་ཡི་ཆོས་ཚུལ་ཟབ་དང་རྒྱ་ཆེ་ལས། །སྙིང་པོའི་ཡང་སྙིང་སྙིང་ཐིགས་གདམས་པའི་ཕུལ། །རྒྱལ་དབང་པདྨའི་ཐུགས་བཅུད་ཟབ་མོ་ལ། །ཅི་དགར་སྤྱོད་འདི་གཏེར་ཆེན་བླ་མའི་དྲིན། །དེ་ཕྱིར་སྐལ་ལྡན་ལས་མཆོག་དོན་གཉེར་དག །སྨིན་བྱེད་དབང་བཞི་ཡེ་ཤེས་སྙིང་པོ་ཡི། །གདམས་ཟབ་གང་དེར་འཇུག་པ་བདེ་བའི་ཆེད། །ཆོག་ཁྲིགས་ངེས་དོན་ལམ་བཟང་འགོད་ལ་སྤྲོ། དེ་ཡང་གཏེར་གཞུང་ཉམས་མེད་སོར་བཞག་ལ་མཚམས་སྦྱོར་གྱིས་བརྒྱན་ཏེ་བཀླག་ཆོག་ཏུ་བཀོད་པ་ལ། བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས། དབང་བཞི་ཡེ་ཤེས་སྙིང་པོ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལསཿ སྐལ་ལྡན་སྨིན་ཅིང་གྲོལ་བའི་ལམ༔ དབང་བཞི་ཡེ་ཤེས་སྙིང་པོ་ཞིག༔ ཕྱི་རབས་དོན་དུ་ཡི་གེར་འདེབས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཡིད་དང་མཐུན་ཞིང་དབེན་པའི་ལུང་༔ དབྱར་བསིལ་དགུན་དྲོ་འཚེ་བ་མེད༔ དཀར་ཕྱོགས་སྐྱོང་བ་གནས་པའི་སར༔ སྟེགས་བུ་མེ་ལོང་ངོས་ལྟར་བཟོ༔ ཆེ་ཆུང་གནས་ཁང་རྒྱ་དང་བསྟུན༔ བ་ཡི་རྣམ་ལྔ་དྲི་བཟང་གིས༔ བྱུགས་ཤིང་ཐིག་གི་གྲངས་སུ་བཅད༔ སྟེ་བ་མཐིང་དང་མུ་ཁྱུད་ལྗང་༔ ཕྱོགས་བཞི་རྩིབས་བཞི་ཕྱོགས་མདོག་བསྒྱུར༔ སྒོ་གྲུ་ལ་སོགས་སྤྱི་འགྲོས་བྱ༔ མཛེས་པའི་ཚོན་རྩིས་ཁ་དོག་བསྒྱུར༔ དབུས་སུ་མཉྫུའི་ཁྲིའུ་ཁར༔ མཚན་ལྡན་བུམ་པ་མགུལ་ཆིངས་མཐིང་༔ དྲི་བཟང་བུམ་ཆུས་སུམ་ཆ་དགང་༔ འབྲས་བུ་ཅན་གྱི་ཤིང་འཛུགས་ཤིང་༔ གཟུངས་ཐག་རྡོ་རྗེས་བརྒྱན་པར་བྱ༔ བུམ་པའི་མདུན་དུ་གཙོ་བོའི་སྐུ༔ མེ་ལོང་གཡའ་དག་འགོད་པར་བྱ༔ གཡས་སུ་མཚན་བཟང་ཐོད་པའི་ནང་༔ བྱང་སེམས་ཨ་མྲྀ་ཏས་བརླན་པའི༔ བདུད་རྩི་དག་གིས་བཀང་བའི་ཁར༔ སིནྡྷུ་རས་བརླན་མེ་ལོང་ལ༔ ཆོས་འབྱུང་ཟུར་དྲུག་བྲིས་པ་ལ༔ ཧ་རི་ནི་སའི་སྔགས་འབྲུ་འགོད༔ དར་དམར་དྲི་མེད་ཁ་ཡང་བཀབ༔ གཡོན་དུ་རྡོར་སེམས་མེ་ལོང་བཤམས༔ མདུན་དུ་དུང་ཆོས་མཚན་བཟང་དུ༔ ཀ་རས་བརླན་པའི་འོ་མ་ལ༔ ཡབ་ཡུམ་བྱང་སེམས་བཏབ་པ་བཤམས༔ རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན་འགོད༔ བྱང་དུ་བཀའ་སྲུང་གཏོར་མ་བཞག༔ མཚན་ལྡན་བཅུ་དྲུག་ཁྲུས་ནས་ཕྱུངས༔ རྒྱན་གྱིས་སྤྲས་ཤིང་དབང་རྟེན་འགོད༔ ཅེས་གསུངས་པ་ལྟར་དཀྱིལ་འཁོར་རྡུལ་ཚོན་དང་རས་བྲིས་གང་ཡིན་གྱི་དབུས་སུ་མཉྫུའི་ཁྲིའུ་ཁར་བུམ་པ་རྫས་ལྡན་མགུལ་ཆིངས་མཐིང་ག་འབྲས་བུ་ཅན་གྱི་ཤིང་འཛུག་ཅིང་གཟུངས་ཐག་རྡོ་རྗེས་བརྒྱན། བུམ་པའི་མདུན་དུ་གཙོ་བོའི་སྐུ་དང་མེ་ལོང་གཡའ་དག་དེའི་གཡས་གཡོན་གང་བདེར་གཙོ་བོ་ནས་དྷཀྐི་བཞི་ཡན་གྱི་ལྷ་ཙཀ་ལས་བྱང་བསྟོད་པ་ལྟར། གཡས་སུ་ཐོད་པ་མཚན་བཟང་གི་ནང་དུ་བྱང་སེམས་ཨ་མྲྀ་ཏས་བརླན་པའི་བདུད་རྩིས་བཀང་བའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་བྱུགས་ཤིང་ཆོས་འབྱུང་ཟུར་དྲུག་བྲིས་པ་ལ་ཧ་རི་ནི་སའི་སྔགས་འབྲུ་བཀོད། ནང་དུ་སྒྲུབ་བ སྙེན་ཡི་གེ་དབུ་ཅན་འབྲི་དར་དམར་དྲི་མེད་ཀྱིས་ཁ་བཀབ། གཡོན་དུ་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་འཇའ་ཤེལ་སྤུས་ལེགས། མདུན་དུ་དུང་ཆོས་མཚན་བཟང་དུ་ཀ་རས་བརླན་པའི་འོ་མར་ཡབ་ཡུམ་གྱི་བྱང་སེམས་བཏབ་པ་དང་། རིག་མའི་ཙཀ་ལིའམ་མེད་ན་དྲིལ་བུས་འཐུས། རྒྱབ་ཏུ་དཔལ་གཏོར་རྒྱན་ལྡན། བཀའ་སྲུང་གི་གཏོར་མ་བྱང་དུ་བཞག །མིག་དར ། ལས་བུམ་དང་། ཆུ་དང་བདུད་རྩི་བསྲེས་པའི་དམ་ཆུ། གཞན་ཡང་སློབ་དཔོན་གྱི་མདུན་དུ་ལས་བུམ་ཌཱ་དྲིལ་ནས་ཟེད་སྤོས་ཐུན། བགེགས་གཏོར། དབང་ཡོན་མཎྜལ་སོགས་དགོས་ཆ་རྣམས་ཚོགས་པར་བྱ་བ་ནི་བཤམ་བཀོད་ཇི་ལྟར་བྱ་བའི་ཚུལ་ལོ༔ དེ་ནས་སྒྲུབ་པའི་རིམ་པ་ནི། གཞུང་ལས། སློབ་དཔོན་བདེ་བའི་ཁྲ་ིལ་འགོད༔ ལས་ཀྱི་གཞུང་བསྲང་བསྙེན་སྒྲུབ་གསོ༔ ཏིང་འཛིན་གསལ་ཞིང་སྙོམས་འཇུག་བསྒྱུར༔ ཞེས་པས་ལས་གཞུང་བསྲང་ཞིང་བདག་མདུན་བུམ་པ་དམིགས་བྱེད་པས་འཛབ་བསྙེན་ནུས་ལྡན་དུ་སྒྲུབ། བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གསལ་བས་བླང་། བཀའ་གཏེར་མཆོད། ཚོགས་བསྐང་ཐ་མ་བསྒྲལ་བ་ཡན་གྲུབ་ནས་ལས་བུམ་སྒྲུབ་པ་ནང་གིས་གསལ་མེད་པས་གསང་བ་སྤྱིའི་འགྲོས་བཞིན་བགེགས་མཐར་བྱེད་ཀྱིས་རུང་བས། ལས་བུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིག་མཛུབ་མཛད་པ། ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ལ། ཨཱོཾ་བིགྷ་ནན་ཏ་ཀྲ་ི ཏ་ཧཱུྃ་ཕཊ༔ ཅེས་བཟླས་པ་བརྒྱ་རྩ་ལ་སོགས་པའི་མཐར་མཆོད་ཡོན་ཕུལ་བས་ལྷ་རྣམས་བདུད་རྩིར་ཞུ་བར་བསམ། དེ་དག་ནི་དབང་སྒྲུབ་ཇི་ལྟར་བྱ་བའི་རིམ་པའོ། དེ་ནས་དབང་བསྐུར་བ་ནི་གཞུང་ལས། དེ་ནས་སྣོད་ལྡན་སྐྱེས་བུ་ནི༔ ཚེ་འདི་བློ་ཡིས་བཏང་བའི་བུ༔ ལྔ་གསུམ་བདུན་ལས་མི་མང་བར༔ ཕྱི་ནང་མཚམས་བཅད་ཁྲུས་ནས་ཕྱུངས༔ ཞེས་པ་ལྟར་སློབ་མ་རྣམས་གྲལ་ལ་འཁོད་ཁྲུས་བྱས། བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམས་པ་སོགས་ལེགས་པར་གྲུབ་ནས་བླ་མས་ཉན་པར་བསྐུལ་ཞིང་ཆོས་སྤྱི་དང་བྱེ་བྲག་རྫོགས་ཆེན་སེམས་ཀློང་མན་ངག་སྡེ་སོགས་ཀྱི་ལོ་རྒྱུས་ནས་ཆོས་ཚུལ་འདི་ཀའི་གཏེར་བྱུང་སོགས་ཇི་ལྟར་འོས་ཞིང་མཚམས་པར་བཤད་ཀྱང་འཐུས་མོད། འདིར་གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་ལོ་རྒྱུས་མཚམས་སྦྱོར་གྱིས་བརྒྱན་ཏེ་སྩལ་བ་ནི་འདི་ལྟར་ཏེ། འོ་ན་ད་ལམ་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོའི་དབང་སྦྱིན་པར་བྱ་སྟེ། དེ་ཡང་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ༔ མན་ངག་ཐམས་ཅད་ཀྱི་སྙིང་ཏིག༔ ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གདམས་པ་ཟབ་མོ༔ རྩ་གསུམ་གསང་བ་སྙིང་གི་ཐིགས་པ་ཞེས་བྱ་བའི་ཆོས་འདིའི་ལོ་རྒྱུས་ནི༔ ཆོས་ཀྱི་སྐུའི་ཞིང་ཁམས་སྣང་ལ་རང་བཞིན་མེད་པ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་བ༔ མུ་དང་མཐའ་མེད་པར་ཡོངས་སུ་བརྡལ་ཞིང་ཁོད་སྙོམས་པ༔ གདོད་མ་ཉིད་ནས་ལྷུན་གྱིས་གྲུབ་ཅིང་སུས་ཀྱང་མ་བྱས་པ༔ རྣམ་པར་དག་པའི་ཞིང་ཁམས་ཆེན་པོ་དེ་ཉིད་ཀྱི་དབུས་སུ༔ ལྟ་ན་སྡུག་པའི་བཀོད་པ་ཚད་མེད་པས་ཡོངས་སུ་བརྒྱན་པའི་ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་སྐུ་དྲི་མ་དང་བྲལ་བ༔ ཅིའི་ངོ་བོར་ཡང་མ་གྲུབ་པ་ལས༔ སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ༔ སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ རང་བཞིན་བྱིན་རླབས་ཀྱི་ངང་ནས་བཤད༔ ལོངས་སྤྱོད་རྫོགས་སྐུ་སྟོན་པ་རྡོ་རྗེ་སེམས་དཔས༔ དུར་ཁྲོད་ཆེན་པོ་མེ་རི་འབར་བའི་གཞལ་ཡས་ཁང་དུ་སྤྲུལ་པའི་སྐུ་མཆོག་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་ཚིག་གིས་མཚོན་ནས་གསུངས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ༔ གུ་རུ་ཤྲཱི་སེངྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན༔ གྷུ་རུ་ཤྲཱི་སིངྷས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ༔ གྷུ་རུ་མཚོ་སྐྱེས་རྡོ་རྗེ་པདྨ་སཾ་བྷ་ཝ་ལ་གནས་ལུགས་ཡིད་དཔྱོད་དང་བྲལ་བར༔ བཀའ་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་གསུངས༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས༔ གཞོ་སྟོད་ཏི་སྒྲོ་བྲག་གི་ཕུག་པར༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་ལ་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་བསྡུས་ཏེ༔ སྙིང་ཐིགས་བླ་མེད་ཀྱི་གདམས་པ་མང་པོ་སྣང་བཞི་མཐའ་གྲོལ་གྱི་ངང་ནས་གནང་ཚེ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་མཉེས་པའི་ཞབས་ཏོག་བསྒྲུབས༔ མོས་གུས་ཀྱིས་ཕྱག་བཙལཿ རིན་པོ་ཆེའི་མཎྜལ་ཕུལ་ནས་བདག་གིས་ཞུས་པ༔ གུ་རུ་རིན་པོ་ཆེ་ཁྱེད་ཀྱིས་བདག་བུད་མེད་ཀྱི་ལུས་སུ་སྐྱེས་ཀྱང་༔ ཐུགས་ཀྱིས་རྗེས་སུ་བཟུང་ནས་བཀའ་རྫོགས་པ་ཆེན་པོའི་མན་ངག་རྣམས་ཉམས་ཁྲིད་དུ་གནང་བ་ཐམས་ཅད༔ སྐུ་དྲིན་དུ་ཡང་དག་པར་ཆེ་ལགས་ཤིང་༔ ད་དུང་ཡང་བདག་ལ་ཕྱི་ལྟར་གུ་རུ་རིན་པོ་ཆེ་ཁྱེད་ལ་རྩ་གསུམ་འདུས་པའི་བསྐྱེད་རིམ་ཡོད་པ༔ ནང་ལྟར་རྒྱུད་དང་གདམས་པ་ཚང་པ༔ གསང་བ་ལྟར་དུ་ཚིག་ཉུང་ལ་དོན་ཟབ་པ༔ མན་ངག་གི་གདམས་པ་རྣམས་གོ་བདེ་བ་འཁྱེར་སླ་བའི་ཆོས་ཤིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ཇོ་མོ་མཚོ་རྒྱལ་ཁྱོད་ལ་སྔ་མ་བསྟན་པའི་གདམས་པ་ཟབ་མོ་དེ་ལས་ཟབ་པ་སྟོན་དུ་མེད་ཀྱང་༔ ཁྱོད་ཀྱིས་ནན་གྱིས་ཞུས་པ་དེ་ཤིན་ཏུ་ལེགས་ཏེ༔ ཅིའི་ཕྱིར་ཞེ་ན༔ མ་འོངས་དུས་ན་བོད་ཁམས་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད་དུ༔ བདེ་བར་གཤེགས་པའི་བསྟན་པ་འདི་ཡང་དར་གུད་སྣ་ཚོགས་ཤིག་འོང་༔ རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་བསྟན་པ་ཡང་དར་དྲག་ལ་ཡུན་ཐུང་བ་ཞིག་ལས་ཉམས་ལེན་གྱི་བསྟན་པ་མི་྄འབྱུང་༔ དཔེ་རྒྱུད་ལུང་ཐོབ་ཙམ་ལ་ཆོས་ཕུགས་སུ་བརྩི༔ བདེ་བར་གཤེགས་པའི་གསུང་བཀའ་མ་ཐམས་ཅད་ནི་ཚོང་འདུས་ཀྱི་འོ་མ་ལྟར་འགྱུར་ནས༔ དཔེ་བུམ་གསེར་རིས་ཀྱིས་བརྒྱན་པའི་དར་ཤུབས་ཅན་མང་དུ་འོང་ཀྱང་ལྟ་སྒོམ་ཐམས་ཅད་འཆལ་ཏེ༔ འགྲོ་བ་ཐམས་ཅད་ལོག་པའི་ལམ་ལ་འཁྲིད༔ སྔོན་བདུད་ལྷས་བྱིན་གྱིས་སྨོན་ལམ་ལོག་པར་བཏབ་པའི་མཐུས༔ སྟོན་པའི་བསྟན་པ་འདིའི་མཇུག་ཏུ་བདུད་སྤྲུལ་མང་པོ་དགེ་བཤེས་ཀྱི་གཟུགས་སུ་འོང་༔ ཁྱད་པར་བདུད་ཀྱི་སྤྲུལ་པའི་རྒྱལ་པོ་གཅིག་ཆོས་པའི་ལུས་བླངས་ནས་སློབ་འབངས་ཕྱོགས་བཅུར་རྒྱས༔ རྒྱལ་བའི་བཀའ་འཆལ༔ འདུལ་བའི་ཁྲིམས་འཆལ༔ སྔགས་ཀྱི་དམ་ཚིག་འཆལ༔ བྱང་སེམས་ཀྱི་སེམས་བསྐྱེད་འཆལ༔ རྒྱུད་སྡེའི་ལྟ་སྒོམ་འཆལ༔ ང་བཟང་ང་ཆེ་ཟེར་བའི་གྲུབ་མཐའ་བཅོ་བརྒྱད་འབྱུང་ཿ ཁ་ནས་ཆོས་བཤད་སེམས་ལ་གཡོ་སྒྱུ་སྣ་ཚོགས་འཆང་༔ གཅོང་ནད་ཅན་གྱི་ལུས་པོ་ལ་མེ་ཚུགས་ཀྱི་དྲ་བས་བསྐོར་བ་ལྟར༔ ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཉིད་དུ་འགྲོ་བའི་དོན་བྱེད་ཟེར་ཞིང་གྲུབ་མཐའ་ངན་པས་རང་རྒྱུད་ཁེངས་པའི་དགོན་སྡེ་སྟོང་རྩ་འབྱུང་༔ རང་རྒྱུད་ཆོས་ལ་མི་མོས་བཞིན་དུ་ཁྲལ་བཙུན་བསྟན་པར་འཇུག༔ བྱི་ལ་ལྐོག་རྒྱུག་བྱེད༔ འདུལ་ཁྲིམས་ཆུ་ལ་འཕོ༔ སེམས་སྐྱེད་རླུང་ལ་བསྐུར༔ དམ་ཚིག་མེ་ལ་བསྲེག༔ འདོད་ཆགས་ཆུ་ལྟར་གཡོ༔ ཕྲག་དོག་རླུང་ལྟར་འཚུབ༔ ང་རྒྱལ་རི་ལྟར་ཉིལ༔ ཏིང་ངེ་འཛིན་ཕྲག་དོག་དང་ཟུར་ཟ་ལ་བྱེད་པའི་ཚེ༔ ཡུལ་མི་སྡེ་དཔོན་ཐམས་ཅད་ཀྱིས་ཀྱང་གྲུབ་མཐའ་འཛིན་ཅིང་རྩོད༔ བོད་རུ་བཞིའི་གཙུག་ལག་ཁང་རྣམས་ཉམས༔ ཁྱད་པར་ཆོས་འཁོར་བསམ་ཡས་ཁྱི་རོ་ལྟར་རུལ༔ སྡེ་འཁྲུགས་ནང་དམེ་སྣ་ཚོགས་བྱེད༔ བཙུན་པས་ལུས་རྒྱན་མཚོན་ཆ་འདོགས༔ མི་དཔོན་སྤྲང་པོས་བྱེད༔ མོ་དང་བོན་དར༔ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དཀྲུག༔ དཀོན་མཆོག་གསུམ་དགྲ་ལ་འཁུར༔ དེ་དུས་བདུད་སྤྲུལ་འགོང་པོ་སྤུན་དགུ་སྙིང་ལ་ཞུགས་པའི་སྐྱ་བཙུན་མང་པོ་ཡོང་ཞིང་མཐའ་དམག་བོད་ལ་འཁྲིད༔ དབུས་མི་མཐའ་ལ་འབྲོས༔ ཐེའུ་རང་སྡེ་དགུའི་སྤྲུལ་པས་བོད་ཁམས་འཇོམས༔ ལ་ལུང་མེད་པར་ཁྲག་མཚོར་གཏོང་༔ གནམ་ས་མགོ་ཞབས་ལོག་པས་རྡུལ་ཆར་དང་ཁྲག་གི་ཆར་བ་འབབས༔ ཉི་ཟླ་གོ་ལོག་པས་དབྱར་དགུན་ཁོད་མི་སྙོམས༔ རྒྱུ་སྐར་གོ་ལོག་པས་སྐར་ཆེན་ནུབ་ནས་འཆར༔ སྐྱ་བཙུན་གོ་ལོག་པས་བཙུན་པ་ཐམས་ཅད་ཁྲིམས་དང་དམག་ལ་མཁས༔ མི་དཔོན་ཐམས་ཅད་ཆོས་ཀྱི་ཉམས་ལེན་དང་གླེང་མོ་བྱེད༔ སྐྱེ་འགྲོ་གོ་ལོག་པས་བཟང་དགུ་བསྣུབས་ནས་ངན་དགུ་དར༔ མོ་བཙུན་གོ་ལོག་པས་བོད་ཆེ་དགུའི་མོ་བཙུན་རྣམས་ཀྱིས་འབངས་འཁོར་གྱི་བྱི་ཕོ་བསྟེན༔ རིགས་ངན་གྱི་བུ་མོ་མང་པོས་རྒྱལ་མོ་བྱེད༔ རྒྱལ་བློན་གོ་ལོག་པས་རྒྱལ་བརྒྱུད་ཐམས་ཅད་དམངས་སུ་འབེབས་ཤིང་ཁ་དག་ཏུ་གཏོང་༔ བློན་འབངས་ངན་གསུམ་རྣམས་ཀྱིས་རྒྱལ་པོ་བྱེད༔ བཤད་སྒྲུབ་གོ་ལོག་པས་བཤད་གྲྭས་སྔགས་སྤྱོད་གཏོར་ཟོར་འཕེན༔ སྒྲུབ་གྲྭ་ཐམས་ཅད་དུ་སྒྲིག་དང་རྣམ་གཞག་གཙོ་བོར་འདོན༔ ཆོས་དང་གང་ཟག་གོ་ལོག་པས་ཆོས་པར་རློམ་པའི་བཟང་གསུམ་གྱི་གྲུབ་ཐོབ་རྣམས་ཀྱང་ཤེས་རྒྱུད་འགྲོ་བ་ཕལ་མོ་ཆེ་ལས་གྱོང་ཞིང་༔ ཉོན་མོངས་ཐམས་ཅད་ཤིན་ཏུ་རགས༔ ཟག་བཅས་དང་ཟག་མེད་གོ་ལོག་པས་ནོར་དང་ཆོས་དབང་ཉོ་ཚོང་བྱེད༔ སྲིད་དང་དགོན་གཉིས་གོ་ལོག་པས་ཡུལ་གྲོང་ཐམས་ཅད་བསེར༔ དགོན་སྡེ་ཐམས་ཅད་ཕྱུག་ཅིང་འཕན༔ ཡུལ་ཁམས་གོ་ལོག་པས་རྒྱ་དཀར་ནག་གི་ནོར་སྣ་མང་པོ་བོད་མཐའ་འཁོབ་འདིར་དར༔ ལ་ལུང་གོ་ལོག་པས་ཕུ་ན་འབྲས་དྲུག་སྨིན༔ མདའ་ན་སད་སེར་མང་༔ ལྷོ་བྱང་གོ་ལོག་པས་ལྷོ་ན་གཞོན་འཕེལ་བྱང་པས་འབྲས་ཟ༔ དེ་དུས་སངས་རྒྱས་བསྟན་པའི་ཡང་མཐའ་ཆེན་པོ་ལ་ཐུག་ཅིང་༔ རྩོད་ལྡན་སྙིགས་མ་བདུད་ཀྱི་བསྟན་པ་དར་བའི་དུས་དེར༔ ཇོ་བོ་ཤཱཀྱ་མུ་ནེའི་རབ་གནས་བཞི་ཆ་གཅིག་མ་གཏོགས་ཉམས༔ སྤྱིར་བོད་ཁམས་ཀྱི་ཆོས་ཀྱི་བྱིན་རླབས་སུམ་ཆ་གཅིག་མ་གཏོགས་ཉམས༔ སྐུ་གསུང་ཐུགས་རྟེན་ཕལ་མོ་ཆེའི་ཡེ་ཤེས་པ་གཤེགས༔ དེའི་རྟགས་ལ་སྐུ་འདྲ་མང་པོའི་སྤྱན་ལས་མཆི་མ་འབབ་པ་དང་༔ བྱི་བས་རྟེན་གྱི་གཟུངས་འདོན་པ་ཡོང་༔ དེ་དུས་བཀའ་དང་བསྟན་པ་སྐྱོང་བའི་སྲུང་མ་ཐམས་ཅད་རི་རབ་ལ་འབྲོས་ཤིང་༔ ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་མང་པོས་གཙུག་ལག་ཁང་དང་ཡུལ་དགོན་བདག་བྱེད༔ དེའི་རྟགས་སུ་གཙུག་ལག་ཁང་དང་ཆོས་གྲྭ་གང་བཟང་ཐམས་ཅད་དུ་བཤས་ཀྱི་དམར་གཡོས་བྱེད༔ དགེ་བ་བཅུའི་ཆོས་གྲྭ་ནས་མི་དགེ་བ་བཅུའི་ཁྲིམས་ལས་གཏོང་༔ གསང་སྔགས་ཟབ་གཏེར་གྱི་བསྟན་པ་ལ་ཡང་དམ་སེལ་མང་པོ་ཡོང་༔ ཁྱད་པར་རྫུན་གཏེར་ཟོབ་ཆོས་ལྟ་སྒོམ་ལོག་ཅིང་བཅའ་གཞི་མ་ཚང་བ་མང་པོས༔ འགྲོ་བ་མགོ་བསྐོར་ཞིང་བདུད་སྤྲུལ་མང་པོས་སྐྱེ་བོ་ཕལ་མོ་ཆེ་ལོག་ལྟའི་ལམ་ལ་འཛུད་ཅིང་ངན་སོང་དུ་འཁྲིད༔ དེ་ལྟ་བུའི་དུས་ངན་ཤར་བའི་ཚེ་ནའང་༔ བདག་ཉིད་པདྨ་འབྱུང་གནས་ཀྱི་སྤྲུལ་པ༔ ཆོས་རྒྱལ་ཚངས་པའི་སྐྱེ་མཐའ་གཅིག་གིས་བོད་ཁམས་ཀྱི་སའི་གནད་གཟེར་ཉམས་པ་ཐམས་ཅད་གསོ་ཞིང་༔ པདྨ་བདག་གི་སྒྲུབ་གནས་རྣམས་སུ་ཚེས་བཅུ་དང་སྒྲུབ་མཆོད་འཛུགས༔ བསྟན་པ་སྲུང་ཐབས་ཀྱི་ལུང་བསྟན་ཁོ་ན་ལྟར་སྤྱོད་ཅིང་བསྲུང་བཟློག་ལ་བརྩོན༔ ལྷ་སྲས་ཀྱི་སྤྲུལ་པ་ཞིག་གིས་བདུད་བློན་གྱིས་དབང་བསྒྱུར་བའི་རྐྱེན་ལ་མ་ཤོར་ན་བསམ་ཡས་མཐའ་དབུས་ཀུན་གྱི་ཞིག་རལ་བསུབ་པ་སོགས་ཀྱི་རྟེན་འབྲེལ་གྱིས༔ ཧོར་དམག་ལྕགས་ཁྱི་ལ་གཡུལ་འགོ་འཚོལ་ཞིང་༔ ཆུ་རྟ་ལ་རྟ་བན་རྒྱུག༔ མེ་གླང་ལོ་ལ་གདུག་རྩུབ་བྱེད་ཀྱང་༔ ཤིང་ཡོས་ལ་ཐེབས་གཅིག་བཟློག༔ དེ་ཚེ་མ་རུངས་པའི་བདུད་ཚོགས་ཅུང་ཞིག་ཉམས་དམའ་བས༔ ང་ཡི་སྤྲུལ་པའི་གཏེར་སྟོན་ཡང་མང་ཞིག་འོང་ཞིང་༔ ལ་ལས་ཕྱི་ཡི་བསྟན་པ་འཛིན༔ ལ་ལས་ནང་གི་བསྲུང་བཟློག་འབད༔ ལ་ལས་སྒྲུབ་པ་ཁོ་ནར་བྱེད་དེ་མདོར་ན་བོད་ཁམས་བདེ་ཐབས་ཁོ་ནར་མཛད་པ་ཡོང་༔ དེ་དུས་ཟབ་པ་ལས་ཀྱང་ཆེས་ཟབ་པ༔ ཡང་གསང་བླ་མེད་རྩ་གསུམ་གསང་བ་སྙིང་གི་ཐིགས་པ་འདི༔ ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་མཐའ་ཁམས་པ་ཉི་མ་གྲགས་པ་རྩལ་གྱིས་ལྟ་སྒོམ་སྤྱོད་གསུམ་གྱི་ཐེ་ཚོམ་བསལ་ནས༔ གསང་བའི་དམ་ཚིག་གི་རྒྱ་མ་རལ་ན༔ མཆོག་སྤྲུལ་གྱི་བུ་གསུམ་གྱིས་བསྟན་པའི་སྙིང་པོ་མཆོག་འདི་འཛིན་ཞིང་༔ སྒྲུབ་སྡེ་བརྒྱ་རྩ་མདོ་ཁམས་སྒང་དྲུག་ཏུ་འབྱུང་ཞིང་༔ སངས་རྒྱས་ཐོབ་པ་བརྒྱ་རྩ་བརྒྱད༔ ཕྱིར་མི་ལྡོག་པ་སྟོང་རྩ་གཉིས༔ ལམ་སྣ་ཟིན་པ་ཁྲི་འབྱུང་བར་འགྱུར་རོ༔ ཞེས་གསུངས་ཤིང་བཀའ་སྩལ་པའི་ཟབ་ཆོས་བླ་མེད་ཀྱི་གདམས་པ་འདི་རྣམས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་གསང་མཛོད་དུ་སྦས་ཏེ་གུ་རུ་རིན་པོ་ཆེས་ལུང་བསྟན་པ། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འབྱུང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་༔ ཁམས་པ་ཉི་མ་གྲགས་པའི་མིང་ཅན་འབྱུང་༔ ཞེས་གསུངས་པའི་ལུང་བསྟན་དུས་བབ་གྱི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་གནས་མཆོག་ཆེན་པོ་ཁམས་ཀྱི་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་གདན་དྲངས་ཤིང་ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཤོག་སེར་ལས་བསྒྱུར་བའི་གདམས་པ་ཟབ་མོ་འདི་ཡན་གཏེར་སྟོན་གྱི་ལྗགས་བཀོད་ལྟར་ལ་གང་དེའི་སྒོ་ནས་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། དེ་ལ་ཡང་ཐོག་མར་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་བའི་འོས་སུ་གྱུར་པ་བདག་མདུན་དབྱེར་མེད་དུ་སྒྲུབ་མཆོད་བཟླས་པ་དང་ཟབ་གཏེར་གྱི་སྲུང་མ་ལ་གཏོར་མ་ཕུལ་ཏེ་རྒྱ་འགྲོལ་བའི་ཕྲིན་ལས་བཅོལ་བ་ཚོགས་ཀྱི་འཁོར་ལོས་ཆོ་གའི་ལྷག་ཆད་བསྐང་བ། བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བླང་བ་སོགས་སྒྲུབ་པ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་ཏུ་མཎྜལ་ཕུལ་མཛོད། ཞེས་བརྡའ་སྤྲད་དེ། གཞུང་ལས། རིན་ཆེན་ཁྱད་འཕགས་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་སྐད་ཞུ༔ ཞེས་པ་ལས། དེའང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་མོས་ནས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་གྱིས༔ ཨེ་མ་བླ་མ་གསང་བ་འདུས༔ གསང་ཆེན་ཚེ་འདིར་གྲོལ་བའི་ལམ༔ ཐེག་པའི་སྙིང་པོ་མཆོག་གསང་ཆེ༔ དབང་བཞིའི་སྨིན་གྲོལ་བདག་ལ་སྩོལ༔ ལན་གསུམ༔ བླ་མས༔ ཀྱེ་ཧོ་ཚུར་ཉོན་འདིར་ཚོགས་རྣམས༔ གསང་སྔགས་རྡོ་རྗེ་ཐེག་པ་འདི༔ ཐེག་པ་ཀུན་གྱི་འབྱུང་གནས་ཡིན༔ སྔ་ར བས་འདས་པའི་སངས་རྒྱས་དང་༔ ད་ལྟ་བཞུགས་པའི་སངས་རྒྱས་དང་༔ སླད་ནས་འབྱོན་པའི་སངས་རྒྱས་རྣམས༔ ཐེག་མཆོག་ཟབ་ཅིང་སྤྲོས་བྲལ་བའི༔ ལམ་བཟང་འདི་ལ་ཞུགས་ནས་ནི༔ མངོན་པར་སངས་རྒྱས་རྫོགས་འཚང་རྒྱ༔ དེ་ཕྱིར་འདིར་ཚོགས་ཁྱེད་རྣམས་ཀྱིས༔ ཚེ་འདི་བློ་ཡིས་གཏོང་ནས་ཀྱང་༔ གསང་སྔགས་ཟབ་མོ་འདིར་འཇུག་སྟེ༔ ཡང་དག་སྒྲུབ་པ་བྱེད་ནུས་སམ༔ ང་ནི་རྡོ་རྗེ་སློབ་དཔོན་སྟེ༔ ང་ཡི་བཀའ་ལས་མི་འདའ་འམ༔ རྡོ་རྗེ་ཐེག་པའི་ལྟ་སྤྱོད་རྣམས༔ ཐོས་ནས་སྐྲག་སྟེ་ལོག་ལྟ་བའི༔ ཐེག་དམན་ཉན་རང་རིགས་མིན་ནམ༔ ཅེས་དྲིས་ལན་གསོལ་པ༔ ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་སྐལ་ལྡན་རིགས་མཆོག་ཆེ༔ ཚེ་འདིའི་ཆོས་ལ་ཞེན་པ་ལོག༔ འཁོར་བའི་གནས་ལ་སྐྱོ་བ་སྐྱེས༔ སྡུག་བསྔལ་འདམ་འདིར་སྙུགས་རེ་བུད༔ ངེས་འབྱུང་དྲག་པོ་སྙིང་ནས་སྐྱེས༔ རྡོ་རྗེ་རྒྱལ་པོ་མཆོག་ཁྱོད་ཀྱང་༔ རྒྱལ་བ་རྣམས་དང་དབྱེར་མེད་མཐོང་༔ གསང་བ་མཆོག་གི་ལམ་འདི་ལ༔ དད་ཅིང་འདུན་ཏེ་མོས་གུས་ལྡན༔ ཉན་ཐོས་རང་རྒྱལ་ལམ་ལས་འཕགས༔ བདག་ནི་ཐེག་མཆོག་སྐལ་བར་ལྡན༔ དབང་གིས་སྨིན་ཅིང་གྲོལ་བར་མཛོད༔ ལན་གསུམ་ཞུ༔ གསོལ་བ་གདབ་པའི་རིམ་པ་སོང་ནས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟར་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཆོས་སྐུ་གསང་བ་འདུས་པ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམས་པས་འདིའི་རྗེས་བཟློས་གྱིས། བར་འདིར་སྐྱབས་སེམས་རྣམས་དམིགས་གསལ་མི་འདུག་པས་རིགས་མཐུན་ནས་ལེན་འོས་པས་སྔོན་གྱི་ཕྱག་སྲོལ་ལྟར་འདིར་རྒྱ་ཅན་ལས་སྐྱབས་འགྲོ་ནི། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །རང་རིག་དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞལ། །རང་ངོ་མ་འཕྲོད་དེ་སྲིད་སྐྱབས་སུ་མཆི༔ གསུམ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། མྱུར་དུ་རྒྱལ་བའི་གོ་འཕང་འཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར ། ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། གལ་ཏེ་དེ་ལ་གཟུགས་མཆིས་ན། ནམ་མཁའ་ཁམས་ནི་ཀུན་བཀང་ནས། དེ་ནི་དེ་བས་ལྷག་པར་འགྱུར། ཞེས་གསུངས་པ་ལྟར་ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་བཟློས་གྱིས། །རང་ལ་གདོད་ནས་ཡོད་པའི་རྫོགས་སངས་རྒྱས། །གཅེར་མཐོང་ངོ་སྤྲད་འགྲོ་ཀུན་གྲོལ་བའི་ཆེད། །བདག་ནི་བླ་ན་མེད་པའི་རྣལ་འབྱོར་མཆོག །ཉམས་བླང་གཞན་དོན་བྱེད་པར་སེམས་བསྐྱེད་དོ། གསུམ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ཀྱང་སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། ཞེས་དང་ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། ཞེས་དང་། དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་མཆོད་སྤྲིན་སྤྲོ་བ་སྡིག་པ་བཤགས་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་མྱ་ངན་ལས་མི་འདའ་བར་གསོལ་བ་གཏབ་པ་དགེ་བ་བླ་ན་མེད་པ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། ཡན་ལག་བདུན་པའི་ཚིག་ཕྱིར་སེམས་གཞོལ་བས་འདིའི་རྗེས་བཟློས་གྱིས། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་བྱའོ། ཡང་གཞུང་ལས། སློབ་མ་རྣམས་ལ་མིག་དར་བཀབ༔ སློབ་དཔོན་གྱིས་རྫོགས་པ་ཆེན་པོ་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་བཤད༔ ཅེས་གསུངས་པ་གོང་དུ་སོང་བས་ཐུས། དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོགས་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད་ཅིག །ཨོཾ་ཨཱཿཧཱུྃ༔ ཞེས་མིག་དར་བཅིངས། དེ་ཡང་དབང་བསྐུར་བ་དེའང་རྟེན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་དབང་འཛིན་པར་བྱེད་པ་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་དབང་སྲོག་ཏུ་དམ་ཆུ་སྦྱིན་ཞིང་དམ་བཞག་རིམ་པ་གསུམ་གྱིས་དམ་ཚིག་བསྒྲགས་ཤིང་བརྟན་པར་བྱ་བ་ཡིན་པས་པ་ནི། ལས་བུམ་གྱི་ཆུ་དང་བདུད་རྩི་བསྲེས་པ་ངག་ཏུ་བླུད་ཅིང་འདི་སྐད་དོ། ཧཱུྃ༔ འདི་ནི་ཡང་དག་རྡོ་རྗེའི་ཆུ༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང་༔ དེ་ཕྱིར་སྙིང་ལ་བྲོ་བོར་ཏེ༔ རྡོ་རྗེ་དམྱལ་བའི་ཆུ་འདི་འཐུང་༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ན་ར་ཀན༔ འོ་དེ་ལྟར་དམ་ཚིག་གི་ཆུ་སྦྱིན་པ་འདི་ནི་བཞག་པ་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་གི་དཀྱིལ་དུ་འབབས་ཏེེ་དམ་ཚིག་ལས་འགལ་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བ་སྡིག་པ་མགོ་དགུ་བར་གྱུར་ནས་སྙིང་ཁྲག་འཇིབ་པས་མཐོང་ཆོས་སུའང་ཚེ་ཐུང་ནད་མང་བ་ཕྱི་མ་རྡོ་རྗེ་དམྱལ་བར་ལྟུང་ཞིང་སྡུག་བསྔལ་འབའ་ཞིག་མྱང་བར་འགྱུར་ལ། དམ་ཚིག་བསྲུང་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་གྱུར་ནས་སྲུང་སྐྱོབ་དང་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་མྱུར་དུ་སྟེར་ནས་དངོས་གྲུབ་མཆོག་འགྲུབ་པས་དམ་ཚིག་ལ་ཚུལ་བཞིན་གཅེས་སྤྲས་སུ་མཛད་འཚལ། ཞེས་ཉམས་ན་ཉེས་དམིགས་ཆེ་བའི་ཚུལ་གྱིས་དམ་བཞག་པ་དང་། སླར་ཡང་རྡོ་རྗེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ བྱང་ཆུབ་མཆོག་གི་རྡོ་རྗེ་འདི༔ དེ་རིང་ཁྱོད་ཀྱི་སྙིང་ལ་ཤར༔ གསང་སྔགས་ཟབ་མོའི་ལྟ་སྤྱོད་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་མ་སྨྲ་ཞིག༔ གལ་ཏེ་ཚུལ་འདི་སྨྲས་གྱུར་ན༔ ཁྱེད་རྣམས་དམ་ཚིག་ཉམས་པར་འགྱུར༔ དེ་བས་དམ་ལ་གནས་པར་རིགས༔ བཛྲ་ས་མ་ཡ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་གསང་བ་མཆོག་གི་དཀྱིལ་འཁོར་འདི་སྐལ་མེད་ཀྱི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་གསང་བར་གྱིས་ཤིག །ཅེས་གསང་སྔགས་ཟབ་མོ་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་སྟེ། དེ་ནས་ཕྱག་མཚན་དང་སློབ་དཔོན་གྱི་ཕྱག་གཡས་སློབ་མའི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ང་ནི་རྡོ་རྗེ་སློབ་དཔོན་ཏེ༔ དུས་གསུམ་སངས་རྒྱས་སྤྲུལ་པ་ཡིན༔ ཁམས་གསུམ་འགྲོ་བའི་དོན་བྱེད་ཕྱིར༔ གཟུགས་དང་སྤྱོད་པ་སྣ་ཚོགས་ཀྱང་༔ ང་ལ་འཁྲུལ་པ་ཡེ་ནས་མེད༔ དེ་ཕྱིར་ང་ནི་བླ་ན་མེད༔ ཁྱོད་ཀྱི་སློབ་དཔོན་དམ་པ་སྟེ༔ ཚུལ་བཞིན་བསྟེན་དང་དངོས་གྲུབ་སྟེར༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་༔ བླ་མ་དག་ལ་བརྟེན་ནས་བྱུང་༔ དེ་ཕྱིར་བླ་མ་བསྟེན་པར་བྱ༔ མོས་གུས་འདེམ་རྐྱང་བྲལ་བ་ཡིས༔ གསོལ་བ་ཡང་དག་བཏབ་གྱུར་ན༔ སངས་རྒྱས་སྟོང་གི་བྱིན་རླབས་རྣམས༔ བདག་གི་རྒྱུད་ཀྱིས་ཡང་དག་འཛིན༔ སྐལ་ལྡན་གྲོལ་བའི་ལམ་ལ་འགོད༔ དེ་ཕྱིར་སློབ་དཔོན་སྤྱི་བོས་བསྟེན༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་གསང་སྔགས་ནི་བླ་མའི་བྱིན་རླབས་ལ་རག་ལས་ཤིང་དེ་ཡང་སློབ་མའི་མོས་གུས་ཀྱི་སྟོབས་ཆེ་ཆུང་ལ་བརྟེན་པས་བླ་མའི་གསུང་བཞིན་དམ་ཚིག་མ་ཉམས་པར་བསྲུང་ན་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། ཞེས་ཕན་ཡོན་གྱི་སྒོ་ནས་དམ་བཞག་པ་སྟེ་དམ་བཞག་རྣམ་པ་གསུམ་བཤད་དོ། དེ་ནས་སློབ་མའི་གནས་གསུམ་དུ་བདུད་རྩིའི་ཐིགས་པ་སྲིན་ལག་གིས་རེག༔ བསྐྱེད་རིམ་ལས་བྱང་ལྟར་ཕོག་ཅིང་ཡེ་ཤེས་པ་དབབ༔ ཞེས་པས་ཕྱག་ལེན་ལྟར་དྲི་ཐིག་དང་། ཡེ་ཤེས་པ་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་གྱིས་ཤིག །ཨཱོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ལས་བུམ་གྱི་ཁ་རྒྱན་གྱིས་ཆུ་གཏོར། ཁྱེད་རང་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་བར་སྦྱངས། །སྟོང་བའི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་རྡོ་རྗེ་ཡི་གེ་ཧཱུྃ་མཐིང་ནག་གི་མཚན་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་བླ་མ་གསང་བ་འདུས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་པས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་བ། གཡོན་པ་ཐུགས་ཀར་སྡིག་འཛུབ་མཛད་པ་ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་བསྒྲད་པ། རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་རྩེ་བྲན་གྱིས་སྤྲས་པའི་ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ། ཁྲོ་འཛུམ་སྤྱན་གསུམ་སྡང་མིག་ཅན་ཡུམ་མཆོག་མཚོ་རྒྱལ་དཀར་མོ་གཅེར་བུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཉིས་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་ཟུང་འཇུག་བདེ་སྟོང་ཆེན་པོའི་གར་གྱིས་རྣམ་པར་རོལ་བ། དེ་ལྟར་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས། འོག་མིན་ཆོས་ཀྱི་དབྱིངས་དང་ཟངས་མདོག་དཔལ་གྱི་རི་བོ་མཁའ་སྤྱོད་དག་པའི་ཞིང་ལ་སོགས་པ་ནས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་རྣམ་པར་སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བབ་པ་ལྟར་ཐིབ་ཐིབ། འོག་ནས་བྱོན་པ་ཐམས་ཅད་རླུང་རྡོལ་བ་ལྟར་བུན་བུན། བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོར་དགེ་འདུན་འདུ་བ་ལྟར་འུར་འུར་དེང་དེང་བྱོན། ཁྱེད་རང་རྣམས་ཀྱི་྄བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། ཞེས་བརྗོད་སྤོས་དང་རོལ་མོ་སོགས་བྱ་ཞིང་ལས་བྱང་ལྟར་སྤྱན་དྲངས་ཤིང་བྱིན་དབབ་པའི་དམིགས་པ་དྲག་ཏུ་བྱས་ལ་རྩ་སྔགས་མཐར། ཨ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བཟླས་པའི་མཐར་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་བས་བརྟན་པར་བྱ། དེ་ནས་གཞུང་ལས། མིག་དབྱེ་ཞིང་དཀྱིལ་འཁོར་གྱི་མཐོང་བ་དང་༔ བླ་མ་ཡབ་ཡུམ་གྱི་མཐོང་བ་འདྲི༔ སློབ་དཔོན་གྱིས་གསེར་ཐུར་དང་བཅས་མིག་དར་བསལ་ལ། དེ་ལྟར་མ་རིག་པའི་ལིང་ཐོག་མིག་དར་གྱིས་མཚོན་པ་དེ་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གནང་ནས། འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡའ་སྤྲད་པ་ལ་རྟེན་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩ་བ་གསུམ་གྱི་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་མཛོད། ཅེས་དང་མཐོང་བ་འདྲི་བ་ནི། ཀྱེ་མ་སྐལ་ལྡན་གྱི་བུ་ཁྱེད་རྣམས་ཀྱིས་མདུན་གྱི་དཀྱིལ་འཁོར་འདི་ཅི་ལ་མཐོང་༔ ཞེས་སྨྲའོ། བདག་ཆེ་གེ་མོ་འདི་ཞེས་བྱ་བས་དཀར་སེར་དམར་ལྗང་མཐིང་ག་སོགས་འདི་ལ་མཐོང་༔ ཞེས་ཞུའོ། སྔ་མ་ལྟར་བླ་མ་ཡབ་ཡུམ་ཅི་ལ་མཐོང་། འདྲི་ཞིང་། སྐུ་གསུམ་གང་ལྟར་མཐོང་བ་ལྟར་ལན་ཞུའོ༔ བླ་མས་སྐུ་གསུམ་གང་ལྟར་མཐོང་བ་དང་༔ དཀྱིལ་འཁོར་གྱི་ཁ་དོག་ལས་བཞི་གང་མཐོང་འགྲུབ་པའི་རྟེན་འབྲེལ་གྱི་ངོ་སྤྲོད་འདེབས༔ ཞེས་པས། དེ་ཡང་བླ་མ་ཆོས་ཀྱི་སྐུར་མཐོང་ན་རང་རིག་གདོད་མའི་མགོན་པོ་བླ་མ་དང་གཉིས་སུ་མེད་པའི་དོན་མཐོང་བས། མཐོང་བ་ལྟར་གྱི་ངོ་བོ་ཀ་དག་གདོད་མའི་གཞི་ལ་ཡེ་གྲོལ་ཆོས་སྐུའི་རང་ཞལ་མཇལ་བའི་དངོས་གྲུབ་འཐོབ་ལ། བླ་མ་ལོངས་སྐུར་མཐོང་ན་མ་འགགས་ལྷུན་གྲུབ་ཀྱི་རང་མདངས་ལོངས་སྐུར་སྣང་བའི་དོན་མཐོང་བས། ཆོས་ཉིད་གདོད་མའི་གཞི་སྣང་ཆེན་པོར་ལོངས་སྤྱོད་ནས་རང་བཞིན་ལྷུན་གྲུབ་ལྔ་ལྡན་ལོངས་སྐུའི་ཞིང་དུ་གྲོལ་བའི་དངོས་གྲུབ་འཐོབ་ཅིང་། བླ་མ་སྤྲུལ་པའི་སྐུར་མཐོང་ན་རང་རྩལ་རིག་པའི་རང་མདངས་སུ་མཐོང་བས། ཐུགས་རྗེ་ཀུན་ཁྱབ་ཀྱི་རང་རྩལ་འགགས་མེད་སྣ་ཚོགས་སུ་འཕྲོ་ཡང་གང་ཤར་རང་གྲོལ་ཆེན་པོར། མཛད་པ་སྣ་ཚོགས་མཐར་ཕྱིན་སྤྲུལ་པའི་སྐུར་གྲོལ་བའི་དངོས་གྲུབ་འཐོབ་པར་འགྱུར་རོ། དེ་བཞིན་དུ་དཀྱིལ་འཁོར་ཁ་དོག་དཀར་པོར་མཐོང་ན་ཞི་བའི་ལས་འགྲུབ་རྡོ་རྗེ་རིགས་ཀྱི་དངོས་གྲུབ་བརྙེས་མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས། སེར་པོར་མཐོང་ན་རྒྱས་པའི་ལས་འགྲུབ་རིན་ཆེན་རིགས་ཀྱི་དངོས་གྲུབ་བརྙེས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྩལ་རྫོགས། དམར་པོ་མཐོང་ན་དབང་གི་ལས་འགྲུབ་པདྨ་རིགས་ཀྱི་དངོས་གྲུབ་བརྙེས་སོ་སོར་རྟོག་པའི་ཡེ་ཤེས་མཐར་ཕྱིན། ལྗང་གུར་མཐོང་ན་དྲག་པོའི་ལས་འགྲུབ་ལས་ཀྱི་རིགས་ཀྱི་དངོས་གྲུབ་བརྙེས་བྱ་བ་གྲུབ་པའི་ཡེ་ཤེས་ཆེན་པོར་གྲོལ། མཐིང་གར་མཐོང་ན་ལས་བཞི་ཐམས་ཅད་འགྲུབ་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཐོབ་ཆོས་དབྱིངས་ཡེ་ཤེས་བྱ་རྩོལ་དང་བྲལ་བའི་དགོངས་པ་ཀློང་དུ་འགྱུར་རོ། གལ་ཏེ་ཁ་དོག་སྣ་ཚོགས་སུ་མཐོང་ནའང་ལས་ཕྲན་སྣ་ཚོགས་དང་རིགས་ལྔ་ཅི་རིགས་པའི་དངོས་གྲུབ་དང་ཡེ་ཤེས་ཀྱི་རྩལ་སྣ་ཚོགས་ཅི་རིགས་ཀྱི་དོན་རྟོགས་པར་ཡང་འགྱུར་རོ། ཞེས་མཐོང་བའི་རྟེན་འབྲེལ་ངོ་སྤྲད་དོ། དེ་ནས་གསང་མཚན་སྦྱིན་པ་ནི། མཐོང་བ་ལྟར་གྱི་གསང་མཚན་དགེ་བ་མཐའ་ཡས༔ ཚོགས་གཉིས་ཡོངས་གྲོལ༔ ཆགས་མེད་བྱ་བྲལ༔ འབད་མེད་གཞི་གྲོལ༔ ཀ་དག་མཐོང་གྲོལ༔ རིག་འཛིན་རྩལ་འཆང་༔ སྣ་ཚོགས་སྲིད་གྲོལ༔ ཁྱབ་བརྡལ་ལྷུན་གྲུབ༔ ནོར་མེད་མཐར་ཕྱིན༔ ཆོས་སྐུ་མངོན་རྫོགས༔ གསལ་ཁྱབ་མཐའ་གྲོལ༔ རྟོག་བྲལ་རྙོག་མེད༔ བྱར་མེད་རྒྱ་ཡན༔ ཅོག་བཞག་རྒྱལ་པོ༔ མ་བཅོས་འབད་མེད༔ སྙིང་པོ་དོན་ལྡན་ལ་སོགས་གསང་མཚན་གང་འོས་ནས་གཏད་ཅིང་མ་འོངས་པ་ན་དེ་བཞིན་གཤེགས་པ་གསང་མཚན་ལྟར་འཚང་རྒྱ་ནས་བསྟན་དང་འགྲོ་དོན་དཔག་མེད་འབྱུང་བར་འགྱུར་རོ༔ ཞེས་ལུང་སྟོན་ཅིང་མེ་ཏོག་འཐོར་ཏེ་འདི་སྐད་དོ༔ ཧཱུྃ༔ གསང་བའི་ལམ་མཆོག་འདིར་ཞུགས་རྣམས༔ ངོ་བོ་དག་པའི་བདེན་པ་དང་༔ རྡོ་རྗེ་སློབ་དཔོན་ནུས་མཐུ་དང་༔ ཐེག་པ་མཆོག་འདིའི་བྱིན་རླབས་ཀྱིས༔ མངོན་པར་རྫོགས་ཏེ་སངས་རྒྱས་ཤོག༔ བདུད་སྡེ་བཅོམ་དང་ཆོས་འཁོར་བསྐོར༔ མཛད་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས༔ འཁོར་བ་དོང་སྤྲུག་མཐུ་ལྡན་གྱུར༔ སྨོན་ལམ་མིང་ཚིག་གསང་མཚན་དབང་༔ རྟེན་འབྲེལ་ཟབ་མོའི་ལེགས་ཚོགས་ཀྱིས༔ དེང་འདིར་ཁྱེད་ཅག་ཤིས་གྱུར་ཅིག༔ ཅེས་བརྗོད༔ དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས་ཞུགས་ཤིང་དབང་བསྐུར་བ་ལ། དེ་ཡང་དབང་གི་ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་བསྐུལ་བའི་ཚུལ་བཞི་ལས། དང་པོ་ནི། རྒྱུ་རྐྱེན་གཉིས་ལས། རྒྱུ་རླུང་སེམས་རྩ་དང་ཐིག་ལེའི་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ན། །དེལ་འབྲས་གྱི་དངོས་སྣང་མེད། ཅེས་དང་། རྐྱེན་ནི་བཞི་ལས། དབང་བསྐུར་དུ་རུང་བ་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་འཛོམས་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་དེ་མ་ཐག་པའི་རྐྱེན་ནོ། གཉིས་པ་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། དབང་བཞིའི་རང་སྐལ་གྱི་དྲི་མ་འཁྲུད་ཅིང་སྐུ་བཞིའི་ས་བོན་གསོས་ཐེབས་པའོ། གསུམ་པ་ནི། བསྐུར་བྱའི་དབང་ལ་དབྱེ་ན་བུམ་གསང་ཤེར་ཡེ་ཚིག་དབང་བཞིའོ། བཞི་པ་ནི། སློབ་དཔོན་དང་དབང་རྫས་རྣམས་རྩ་བ་གསུམ་གྱི་ལྷ་ཚོགས་སུ་བསྐྱེད་ནས་གཞུང་ལྟར་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་པའི་དགོས་པ་ཁྱད་པར་ཅན་ཡོད་པས་དབང་བཞིའི་རིམ་པ་བསྐུར་བ་ལས། ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྤྲད་དོ། གཞུང་ལྟར། བུམ་དབང་གི་ཡོན་དུ་མཎྜལ་འབུལ་ཞིང་༔ སློབ་དཔོན་གྱིས་བུམ་པ་ཐོགས་ཏེ༔ ཧཱུྃ༔ བུམ་པ་ཆོས་ཀྱི་དབྱིངས་ཀྱི་ཞིང་༔ བཅུད་ནི་གསང་འདུས་ལྷ་ཡི་སྐུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྤྲོས་བཅས་བུམ་པའི་དབང་ཐོབ་ཤོག །རྩ་སྔགས་ཀྱི་འཇུག་ཏུ་ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་ཆུ་ངག་ཏུ་བླུད༔ གཙོ་བོའི་སྐུ་ཐོགས་ཏེ༔ ཧཱུྃ༔ ཉག་གཅིག་མཐའ་བྲལ་ཆོས་ཀྱི་སྐུ༔ བླ་མ་རིག་འཛིན་གསང་བ་འདུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྤྱི་བོར་བསྐུར་རོ༔ ཅེས་སྤྲོ་ན་ལས་བྱང་གི་བསྟོད་ཚིག་དབང་གི་ཤམ་བུ་བཏགས་པའི་ཙཀ་ལིའི་ལྷ་དབང་འདིར་བསྐུར་རོ༔ མཐར་ལྷ་སོ་སོའི་སྙིང་པོ་ལ་ཀཱ་ཡ་ཨབྷི་ཥིཉྩ་སྦྱར་བར་བྱའོ༔ ཞེས་གསུངས་པ་ལྟར་གཙོ་བོ་ཡབ་ཡུམ་གྱི་སྐུ་ཐོགས་ལ། ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་དབུས༔ མདངས་ལྡན་པདྨའི་སྙིང་པོ་ཟེའུ་འབྲུའི་སྟེང་༔ མ་ཆགས་སྐྱོན་བྲལ་འཇིགས་མེད་རྡོ་རྗེའི་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གུ་རུ་པདྨ་འབྱུང་གནས་དབང་ཐོབ་ཤོག །ཨཱོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཡ་ཨབྷི་ཥཉྩ་ཧཱུྃ༔ ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ གཉིས་མེད་སྐུ་ལ་འཁྲིལ་བའི་མཁའ་འགྲོ་མ༔ དཀར་མོ་མདངས་ལྡན་གཞོན་ནུ་བཅུ་དྲུག་ཚུལ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ཡེ་ཤེས་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཛྙཱ་ན་དྷཱཀྐི་མ་ཡི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་གུ་རུ་ཛྙཱ་ན་དྷཱཀྐི་ནི་ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ ཀུན་བཟང་ཡབ་ཡུམ་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ ཡེ་ཐོག་དང་པོའི་སངས་རྒྱས་ཆོས་ཀྱི་སྐུ༔ མ་བཅོས་ལྷུན་གྲུབ་མཉམ་ཉིད་འདུས་མ་བྱས༔ སྣང་སྟོང་གཉིས་མེད་ཀུན་བཟང་ཡུམ་དང་སྦྱོར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བ་ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་ས་མནྟ་ཕ་ལཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་འགག་མེད་མཚན་དང་དཔེ་བྱེད་འབར༔ ལྔ་ལྡན་ལྷུན་རྫོགས་གསང་ཆེན་དཀྱིལ་འཁོར་གཙོ༔ སྙེ་མ་དཀར་མོ་ལུས་དང་གྲིབ་མའི་ཚུལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོར་སེམས་ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་གུ་རུ་བཛྲ་ས་ཏྭ་ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ དགའ་རབ་རྡོ་རྗེ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རྒྱ་མཚོའི་གླིང་ནས་ཡབ་མེད་སྤྲུལ་སྐུར་བལྟམས༔ འགྲན་གྱི་དོ་མེད་མཚན་དང་དཔེ་བྱེད་རྫོགས༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་བདེ་བའི་ཡུམ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགའ་རབ་རྡོ་རྗེ་ཡབ་ཡུམ་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་གུ་རུ་ཧེ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤྲཱྀ་སེངྷ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ འཕགས་པས་ལུང་བསྟན་རིག་འཛིན་ཧེ་རུ་ཀ༔ དུར་ཁྲོད་ཉུལ་ཞིང་བརྟུལ་ཞུགས་སྤྱོད་པ་མཛད༔ བདེ་བའི་དྷཀྐི་ཟུང་འཇུག་སྦྱོར་བའི་ཡུམ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤྲཱི་སེང་ཧ་ཡབ་ཡུམ་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་སེངྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་བའི་བླ་མ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རིག་འཛིན་བསྟན་བདག་དཀྱིལ་འཁོར་གཙོ༔ མ་ལུས་འདུས་པའི་དབང་ཕྱུག་འགྲོ་བའི་མགོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བརྒྱུད་ལྡན་རིག་འཛིན་བླ་མའི་དབང་ཐོབ་ཤོག༔ ཨཱོཾ་སརྦ་མ་ཧཱ་གུ་རུ་རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྟ་མགྲིན་རིགས་བཞི་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རབ་འཇིགས་ཁྲོ་བོའི་ལུས་ཀྱིས་གདུག་པ་འདུལ༔ དབང་ཆེན་ཉི་མ་དབང་མཛད་དབང་གི་རྒྱལ༔ ཕག་མོ་རིགས་བཞི་བདེ་བའི་ཡུམ་དང་བཅས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟ་ཕག་ཡབ་ཡུམ་རྣམས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཧ་རི་ནི་ས་དྷཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་དཀྱིལ་འཁོར་མུ་རན་བཀའ་སྐྱོང་ཞིང་༔ གསང་སྔགས་བླ་མེད་བསྟན་པའི་བྱ་ར་མཛད༔ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྷཀྐི་རྒྱ་མཚོའི་ཚོགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་རཏྣ་པདྨ་ཀརྨ་དྷཱཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བསྟོད་ཚིགས་ཁ་བསྒྱུར་གཏེར་སྟོན་གྱི་ཕྱག་བཞེས་སོ༔ དེ་ལྟར་གཞུང་ལས། བསྡུས་ཏེ་བསྐུར་ན་གཙོ་བོ་ཡབ་ཡུམ་གྱི་སྐུ་མེ་ལོང་གི་ངོས་ལ་བསྟན་ཅིང་༔ ཧཱུྃ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་བ་གཟུགས་ཀྱི་རང་བཞིན་འདི༔ ཡེ་ནས་སྟོང་བའི་རང་རྩལ་ཏེ༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཟུགས་སྣང་བག་ཆགས་སྦྱོང་སླད་དུ༔ ལམ་མཆོག་བསྐྱེད་རིམ་མེ་ལོང་གི༔ གཟུགས་བརྙན་སྣང་བ་འདི་ལྟར་སྒོམས༔ བསྐྱེད་རིམ་བུམ་པའི་དབང་ཐོབ་ཤོག༔ ཛྙཱ་ན་མ་ཧཱ་མུ་དྲ་དྷརྨ་ཡོ་གི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྙིང་གར་བསྐུར་རོ༔ སྤྲོས་མེད་ནང་གི་གསང་དབང་ཞུ་བའི་དོན་དུ་མནྜལ་འབུལ་ཞིང་༔ ཐོད་པའི་བདུད་རྩི་ཐོགས་ཏེ༔ ཧཱུྃ༔ བྷནྡྷ་རང་བྱུང་སྣོད་མཆོག་ཏུ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་བཏམས། ཟག་མེད་བདུད་རྩིའི་དབང་མཆོག་འདིས༔ རིགས་ཀྱི་བུ་རྣམས་སྨིན་པར་ཤོག༔ རྩ་སྔགས་ཀྱི་འཇུག་ཏུ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་བདུད་རྩི་སྦྱིན༔ མེ་ལོང་གི་སིནྡྷུ་རས་མགྲིན་པར་ཐིག་ལེ་བྱ༔ ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་དོན་དུ་མཎྜལ་འབུལ་ཞིང་༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ མ་བཅོས་དྲི་མེད་ཤེལ་གོང་འདི༔ གསལ་ཞིང་དག་ལ་རྙོག་པ་མེད༔ དཔེ་ནི་ཆོས་དབྱིངས་ཡེ་ཤེས་མཚོན༔ དོན་ནི་རང་རིག་ངོ་བོར་ལྟོས༔ དཔེ་དོན་བརྡ་ཡིས་དབང་བསྐུར་བས༔ ཤིན་ཏུ་སྤྲོས་མེད་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར༔ ཙིཏྟ་ཨབྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་སྙིང་གར་བསྐུར་ཞིང་འོད་ལ་ལྟ་རུ་བཅུག༔ དེ་ནས་མཚན་ལྡན་རིག་མ་བྱིན་ཞིང་༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་བདེ་བའི་ལམ༔ རྡོ་རྗེ་ཐེག་མཆོག་ལམ་གྱི་གྲོགས༔ མཚན་ལྡན་མུ་དྲས་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་དབང་ཐོབ་ཤོག༔ རྩ་སྔགས་ཀྱི་མཐར་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་རིག་མའི་ཞབས་སློབ་བུའི་སྤྱི་བོར་བླང་ཞིང་དུང་ཆོས་ཀྱི་བྱང་སེམས་སྦྱིན༔ ཡོངས་སུ་སྤྲོས་མེད་ཀྱི་དབང་གི་དོན་དུ་མཎྜལ་འབུལ་ཞིང་ཆོས་བདུན་བཅས་ཏེ་ཉན༔ ཐོད་རྔ་འཁྲོལ་ཞིང་བླ་མས་འདི་སྐད་དོ༔ ཧཱུྃ༔ དང་པོ་རྒྱུ་ལས་མ་སྐྱེས་ཀྱང་༔ སྣ་ཚོགས་རྒྱུ་ནི་སེམས་ཀྱིས་བྱས༔ བར་དུ་རྐྱེན་ལས་མ་གྲུབ་ཀྱང་༔ རིགས་དྲུག་ལས་འབྲས་སེམས་ལས་འཕེལ༔ ཐ་མ་ངོ་བོར་མཐོང་མེད་ཀྱང་༔ འགྱུ་བ་བར་སྣང་གློག་ལས་མྱུར༔ ཐོག་མ་བར་དང་ཐ་མ་དང་༔ ད་ལྟ་རིག་པ་སོ་སོར་ཕྱེས༔ བརྟག་ཅིང་དཔྱོད་ལ་ངོ་བོར་ལྟོས༔ མ་མཐོང་ཙ་ན་མཉམ་པར་ཞོག༔ ཡང་ལྟོས་ཡང་ལྟོས་ལེགས་པར་ལྟོས༔ ལྟ་ཡུལ་མ་རྙོག་ལྟ་མཁན་ཚོལ༔ ཚོལ་བྱེད་མཁན་པོ་ལོགས་ན་མེད༔ ཡོད་ནས་བཙལ་ཏེ་མ་རྙེད་མིན༔ མེད་ན་འཁོར་འདས་སེམས་ཀྱིས་བྱས༔ སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་ནི༔ ནམ་མཁའི་བྱ་ལམ་རྗེས་མེད་ལྟར༔ དུས་གསུམ་སྐྱེ་འགག་མེད་པར་གནས༔ གཞི་མེད་རྩ་བྲལ་སྐྱེ་རྒྱུན་ཆོད༔ འཁོར་བའི་གྲོང་ལས་བཟློག་པའོ༔ མ་ཡེངས་མི་བསྒོམ་སྣང་སེམས་བསྲེ༔ བསྒོམ་པ་བླ་མེད་འཕགས་པའི་ལམ༔ སྣ་ཚོགས་རྐྱེན་དང་ཐུགས་ཕྲད་བསྲེ༔ བག་ཆགས་རང་གྲོལ་སྤྱོད་པའི་མཆོག༔ སྙིང་པོ་ཁྲེགས་ཆོད་ལམ་ཐོད་རྒལ༔ འབྲས་བུ་ཆོས་ཟད་རང་ངོར་རྫོགས༔ དེ་ཕྱིར་མ་འཁྲུལ་རིགས་ཀྱི་བུ༔ མ་ནོར་ཐེག་མཆོག་སྙིང་ལ་ཤར༔ ཟབ་མོ་དོན་གྱི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སློབ་དཔོན་གྱིས་དགོངས་པ་ཡང་དག་པའི་ཏིང་ངེ་འཛིན་གྱི་དྲོད་གཏད༔ དཔལ་གྱི་གཏོར་མ་མགོར་བཞག༔ བརྒྱུད་པའི་བཀའ་གཏད་བྱ༔ བཀའ་སྲུང་གཏོར་མ་ལག་ཏུ་བྱིན་ལ་སྒྲུབ་པའི་དམ་བཅའ་འབོགས༔ ཉམས་ཁྲིད་རྣམས་རིམ་གྱིས་གདམས་ཤིང་ཟབ་དོན་གྱི་ལྟ་སྒོམ་ངོ་འཕྲོད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པས། ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲི་སེངྷ། གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། ཐུགས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་དང་ཁྱད་པར་དུ་བླ་མ་གསང་བ་འདུས་པ་རྩ་བ་གསུམ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་སྨིན་ཅིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། རྫོགས་པ་ཆེན་པོའི་གཞི་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བ རླབ་པར་མཛད་དུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཀུན་ཁྱབ་གདོད་མའི་གཞི་དབྱིངས་མངོན་དུ་གྱུར་ནས་རང་རིག་ཆོས་ཀྱི་སྐུར་གྲོལ་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་དང་། བཀའ་སྲུང་དྲེགས་པའི་གཙོ་བོ་མཐུ་ལྡན་དམ་ཅན་སྲུང་མ་ཁྱད་པར་ཅན། ཁྱེད་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་སྲུང་ཞིང་སྐྱོབ་པ་དང་། འགོ་ཞིང་སྡོང་གྲོགས་གཉེན་པོ་མཛོད་ལ་དམ་ཆོས་སྒྲུབ་པའི་བར་ཆད་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་ན་རུང་ངམ་སྙམ་ནས་ཁོ་བོས་བྲིས་བ་ཡིན། དེ་ནས་ཤིས་བརྗོད་མེ་ཏོག་འཐོར་ཏེ། ཧཱུྃ་རྒྱལ་བའི་རྒྱལ་ཚབ་འགྲོ་བ་འདྲེན༔ རྡོ་རྗེ་སློབ་དཔོན་བཀྲ་ཤིས་ཤོག༔ བསྐྱེད་རྫོགས་ཟུང་འཇུག་དངོས་གྲུབ་སྩོལ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྟེན་ཅིང་འབྲེལ་འབྱུང་ཕྲིན་ལས་བསྒྲུབས༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བར་བྱའོ། དེ་ལྟར་རྩ་གསུམ་གསང་བ་འདུས་པའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་དུ་བསྲུང་བར་བགྱིད་སྙམ་པས་འདིའི་རྗེས་བཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམ་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་འཛིན་པ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་ནམས་འདི་ཡིས༴ ཅེས་དང་། རིན་ཆེན་དགེ་ཚོགས༴ སོགས་ཀྱང་བརྗོད། དགའ་སྟོན་ཚོགས་ལ་རོལ་ཞིང་རྗེས་བསྐྱང་༔ རང་གི་ཆུང་མ་བུ་དང་ནོར་རྫས་སོགས་ཕངས་སྲི་མེད་པའི་བཀའ་དྲིན་གཏང་རག་གི་མཎྜལ་འབུལ་ཞིང་སྐྱེམས་ཆང་འདྲེན༔ བླ་མ་ཡབ་ཡུམ་མཆེད་དང་ལྕམ་དྲལ་གྱི་དམ་ཚིག་མིག་འབྲས་ལྟར་བསྲུང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་མགྱོགས་པར་དཀྱུས་སུ་བྲིས་པའོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བཏང་། བཀའ་གཏེར་བསྐུལ། ཆད་ཐོ་བསྟན་སྐྱོང་སོགས་ཀྱི་ཆོ་གའི་མཇུག་སྐྱོང་བ་རྣམས་གསང་བ་སྤྱི་འགྲོས་བཞིན་ཤེས་པར་བྱའོ། ༈ དུས་གསུམ་རྒྱལ་ཀུན་བསྒྲོད་པ་གཅིག་པའི་ལམ། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། །མཆོག་གསང་འོད་གསལ་རྡོ་རྗེའི་རྩེ་མོ་ཞེས། །མཚན་ཙམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་འཇིགས། །རྒྱལ་རྣམས་དགོངས་པའི་ངང་ནས་དགོངས་པ་རུ། །འཕོས་གང་རིག་འཛིན་ཚོགས་ཀྱིས་བརྡ་དང་བརྡས། །མཚོན་ཞིང་གང་ཟག་སྙན་དང་སྙན་བ རྒྱུད་པའི། །ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་མཁའ་ལྟར་ཀླས། །དེ་ལས་མཁའ་སྤྱོད་རིག་པ་འཛིན་རྣམས་དང་། །ལྷ་དང་མཁའ་འགྲོས་ཡོངས་བཟུང་གསང་ཆེན་གྱི། །ཟབ་མོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་བཞི། །ཀུན་གྱི་ཡང་རྩེ་ཡང་གས ང་བླ་མེད་ཀྱི། །སྙིང་པོའི་ཡང་སྙིང་སྙིང་ཐིག་ཟབ་དགུ་ཡི། །སྣང་བཞིའི་ཉེ་ལམ་ཟབ་ཁྱད་གདམས་པའི་གནད། །མ་ལུས་ཀུན་འདུས་ཡིད་བཞིན་དབང་གི་རྒྱལ། རིག་འཛིན་གོང་མའི་ཐུགས་མཚོར་ཉེར་སྤས་པ། རྒྱལ་དབང་པདྨས་མངོན་ཕྱུངས་སྙིགས་དུས་འགྲོར། །རྗེས་བརྩེའི་ཟབ་མོའི་གཏེར་དུ་སྩལ་བ་གང་། །གཏེར་ཆེན་བླ་མས་དུས་སུ་སྣང་བྱས་ནས། །སྐལ་བཟང་རྣམས་ལ་ཐར་པའི་གསོས་སུ་སྩལ། །འདི་ནི་རྒྱལ་དང་རིག་འཛིན་མཁའ་འགྲོ་ཡི། །ཐུགས་བཅུད་ཟབ་དགུ་བསྡུས་པའི་ཡང་སྙིང་སྟེ། །ཐར་ལམ་བྱང་ཆུབ་ཞི་བ་ཚོལ་རྣམས་ལ། །ལམ་མཆོག་འདི་མཚུངས་སྲིད་པ་གསུམ་ན་མེད། །དེ་ཕྱིར་ཆོས་ཚུལ་མཛེས་པའི་ཞབས་ཏོག་ཏུ། །དབང་བཞིའི་ཆོག་ཁྲིགས་ངེས་དོན་ལམ་བཟང་འདི། །གྲུབ་པའི་རིགས་འཁྲུངས་གྲུབ་པའི་རྩེར་བྱོན་པའི། །ཁྱབ་བདག་བླ་མའི་བཀའ་སྩལ་གཙུག་མཆོད་ནས། །གཏེར་གཞུང་རྡོ་རྗེའི་ཚིག་རྐང་མ་ཉམས་པར། །བླ་མའི་གསུང་གི་མཚམས་སྦྱོར་གྱིས་བརྒྱན་ཏེ། ཁྲིགས་བ སྡེབས་བགྱིས་འདིས་མཁས་རྣམས་དགྱེས་ནུས་མིན། །བླུན་པོ་རྣམས་ལ་གནས་སྐབས་བྱ་སླ་ཙམ། །འོན་ཀྱང་བླ་མའི་གསུང་དང་ཕྱག་བཞེས་ལས། །ལེགས་བཤད་གསར་སྤྲོས་བྱེད་པའི་བློ་ནུས་མེད། །དེ་ཕྱིར་ནོངས་པའི་ཆ་ཤས་ཆུང་ངམ་སྙམ། །ཉེས་གྱུར་རྩ་བ་གསུམ་ལ་སྙིང་ནས་བཤགས། །ཚུལ་འདི་ལྷག་བསམ་ཁོ་ནས་འབད་པའི་དགེས། གསང་ཆེན་སྙིང་པོའི་རིང་ལུགས་དར་ཞིང་རྒྱས། །བདག་ཀྱང་ཚེ་རབས་ཀུན་ཏུ་ཐེག་མཆོག་གི །ལམ་བཟང་འདིར་ཞུགས་ཉམས་ལེན་མཐར་ཕྱིན་ཤོག །ཅེས་འདི་བླ་མ་དམ་པ་ཆོས་སྤྱན་ཡ ངས་པ་འགྱུར་མེད་བློ་ལྡན་དང་གྲུབ་དབང་བསྟན་འཛིན་སྙིང་པོ་ཟུང་གི་བཀས་བསྐུལ་བ་ལྟར། །གཞུང་དང་མཚམས་སྦྱོར་བླ་མ་མཆོག་གིས་སྩལ་བ་ལྟར་ཁྲིགས་སུ་བསྡེབས་ནས་དཀྱུས་གཅིག་ཏུ་བྲིས་པ་འདི་སྤོང་བ་པ་ངག་དབང་བློ་གྲོས་ཀྱིས་བླ་མ་མཆོག་གི་གདན་སའི་བྱ་འདབས་ཀྱི་འོག་བསམ་གཏན་གྱི་ཁང་བུ་ཡིད་དགའ་ཆོས་འཛིན་དུ་བགྱིས་པ་འདིས་ཀྱང་གསང་ཆེན་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་ད་ཀ་ལྱ་བྷ་ཝནྟུ།། དགེ་ལེགས་འཕེལ།། །།

རྒྱལ་ཐོད་མཆོད་བསྟོད་རྒྱས་པ།

གཉན་ཆེན་རྒྱལ་བ་ཐོད་དཀར་གྱི་མཆོད་བསྟོད་རྒྱས་པ་བཞུགས་སོ། །འཆི་མེད་གུ་རུའི་སྐུ་ལ་ཕྱག་འཚལ་ལོ། །གཉན་རྗེ་རྒྱལ་བ་ཐོད་དཀར་གྱི་གསོལ་མཆོད་བྱ་བ་ནི། གཞི་ཚུལ་དང་ལྡན་པའི་སྟེང་དུ་གཏོར་མ་ཟུར་གསུམ་པ་རང་འདྲའི་འཁོར་བདུན། རྟ་གཡག་ར་ལུག་སོགས་དང་རིན་ཆེན་རིགས་དང་དར་ཚོན་གོ་ཆ་དང་། ཇ་ཕུད་ཆང་ཕུད་དཀར་གསུམ་དང་ཕྱེ་མར་སྤོས་དང་བསངས་དུད་སྣ་ཚོགས་སོགས་མདོར་ན་མཆོད་པའི་རིགས་སུ་འབྱོར་ཚད་རྣམས་བཤམ་མོ། དེ་ནས་རང་ཉིད་གུ་རུ་པདྨ་ཐོད་ཕྲེང་རྩལ་ཞལ་གཅིག་ཕྱག་གཉིས་སྣང་སྲིད་ཟིལ་གནོན་གྱི་ཕྱག་རྒྱ་མཛད་པ་ཞིག་ཏུ་གྱུར། མདུན་དུ་གཉན་རྗེ་རྒྱལ་བ་ཐོད་དཀར་འཁོར་བཅས་ཀྱིས་བདག་ཅག་མི་ནོར་འཁོར་བཅས་སྐྱོང་བར་ཞལ་གྱིས་བཞེས་པར་བསམ་ལ་འདི་སྐད་དོ། །ཀྱེ་སྔོན་གྱི་བསྐལ་པ་དང་པོ་ལ། །ཡབ་རྗེ་འོ་དེ་གུང་རྒྱལ་དང་། །ཡུམ་ནི་བདུད་རྩི་སྨན་མོ་ཡི། །ཡན་ལག་དཔྲལ་བའི་སྤྱི་བོ་ལས། །ལྷ་ཀླུ་གཉན་བདུད་བཙན་ལྔ་སྲིད། །ཡུམ་གྱི་ཕྱག་གཡས་ལྕགས་འོད་ལས། །གཉན་རྗེ་རྒྱལ་བ་ཐོད་དཀར་བྱུང་། །དུས་དང་བསྐལ་བ་དེ་ཙམ་ན། །བཞུགས་པའི་ཕོ་བྲང་བཤད་པ་ནི། །ཉི་མ་ཤར་ནས་བལྟས་ཙ་ན། །ནོར་བུ་རིན་ཆེན་སྤུངས་པ་འདྲ། །ཉི་མ་ལྷོ་ནས་བལྟས་ཙ་ན། །གཡུ་ཡི་མཆོད་རྟེན་བརྩེགས་པ་འདྲ། །ཉི་མ་ནུབ་ནས་བལྟས་ཙ་ན། །དུང་གི་སེངྒེ་འགྱིང་བ་འདྲ། །ཉི་མ་བྱང་ནས་བལྟས་ཙ་ན། །གཡུ་འབྲུག་ཟེ་བ་རྒྱས་པ་འདྲ། །ཉི་མ་དབུས་ནས་བལྟས་ཙ་ན། །དུང་གི་ཟླ་བ་ཚེས་པ་འདྲ། །གཡུ་ཡི་རི་བོ་ཆེན་པོ་ལ། །ཟུར་བཞི་ལོགས་བརྒྱད་རྩེ་དགུ་ལྡན། །རྩ་བ་གཡུ་མཚོ་མེ་རེ་རེ། །སྐེད་པ་ན་བུན་ཐིབས་སེ་ཐིབ། །རྩེ་མོ་འཇའ་ཚོན་ཁྱུགས་སེ་ཁྱུག །གངས་དཀར་དར་གུར་ཕུབ་པ་འདྲ། །རྫ་སྔོན་གུར་སྔོན་བརྒྱངས་པ་འདྲ། །བྲག་རི་རིན་ཆེན་སྤུངས་པ་འདྲ། །བྲག་རྩེ་མདའ་སྒྲོ་གཤིབ་པ་འདྲ། །ཐང་བཞི་དཀྱིལ་འཁོར་བཤམས་པ་འདྲ། །མཚོ་བཞི་ཡོན་ཆབ་ཕུལ་བ་འདྲ། །རི་ཆེན་གར་སྟབས་བྱས་པ་འདྲ། །རི་ཕྲན་མཆོད་པའི་ལྷ་མོ་འདྲ། །རྫ་ཆུ་དར་དཀར་འཕྱར་བ་འདྲ། །རི་དྭགས་གཅན་གཟན་མང་པོ་ནི། །རང་རང་སྐད་སྒྲ་ཆེམས་སེ་ཆེམ། །དུས་ཀུན་ཁ་ཆར་རྒྱུན་མི་འཆད། །འབྲུག་གི་ངར་སྒྲ་ཀྱི་ལི་ལི། །ཐོག་གི་བུ་ཡུག་སི་ལི་ལི། །གློག་ཞགས་དམར་པོ་ཁྱུགས་སེ་ཁྱུག །དེ་འདྲ་མཛེས་པའི་ནང་ཤེད་ནས། །ཕོ་བྲང་སྟེང་འོག་ཁྱམས་གསུམ་ནི། །འོག་ཁང་རིན་ཆེན་གཡུ་ཡི་མཁར། །ཀླུ་ཡི་དམག་ཚོགས་ཉི་ལི་ལི། །བར་ཁང་རིན་ཆེན་ཟངས་ཀྱི་མཁར། །བཙན་གྱི་དམག་ཚོགས་སྤུངས་སེ་སྤུང་། །སྟེང་ཁང་རིན་ཆེན་དུང་གི་མཁར། །ལྷ་ཡི་དམག་ཚོགས་ཤ་ར་ར། །ཕོ་བྲང་དེ་འདྲའི་ནང་ཤེད་ན། །རིན་ཆེན་མཛེས་པའི་ཁྲི་སྟེང་ནས། །གཉན་རྗེ་རྒྱལ་བ་ཐོད་དཀར་ནི། །སྣ་ཚོགས་སྤྲུལ་པས་འཇིག་རྟེན་སྐྱོང་། །ཕོ་བྲང་གནས་ལ་བཞུགས་པའི་དུས། །སྐུ་མདོག་སྔོན་པོ་ཞི་བའི་ཚུལ། །སྐུ་ལ་ཆུ་དར་སྔོན་པོ་གསོལ། །དབུ་ལ་ཞྭ་དཀར་ཡང་མཛེས་གསོལ། །ཕྱག་ན་དར་མདུང་སྔོན་པོ་བསྣམས། །ཆོས་དང་གཏེར་གྱི་སྲུང་མ་མཛད། །འཁོར་དུ་སྡེ་བརྒྱད་འབུམ་གྱིས་བསྐོར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། །འཇིག་རྟེན་ལས་ལ་གཤེགས་པའི་དུས། །སྐུ་མདོག་སྔོན་པོ་ཅུང་ཟད་ཁྲོ། །གཡུ་ཁྲབ་སྔོན་པོ་སྐུ་ལ་གསོལ། །བསེ་རྨོག་སེར་པོ་དབུ་ལ་གསོལ། །འཁོར་གསུམ་བསྐོར་ཞིང་མདུང་དར་བསྣམས། །ཆིབས་སུ་གཡུ་རྟ་སྔོན་པོར་བཅིབས། །གསེར་རྟ་སེར་པོ་རོལ་དུ་ཁྲིད། །འཁོར་དུ་གཉན་དམག་འབུམ་ཀྱིས་བསྐོར། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། །སྔ་དྲོ་ལྷ་ཡི་གཙོ་བོ་མཛད། །ལྷ་ཡི་གཙོ་བོ་མཛད་ཙ་ན། །མི་དཀར་དར་དཀར་ན་བཟའ་གསོལ། །དབུ་ལ་དུང་གི་ལ་ཐོད་གསོལ། །ཕྱག་ན་མདུང་དར་དཀར་པོ་བསྣམས། །རྟ་དཀར་ཆིབས་ཤིང་ལྷ་དམག་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། །གུང་ལ་ཀླུ་ཡི་གཙོ་བོ་མཛད། །ཀླུ་ཡི་གཙོ་བོ་མཛད་པའི་ཚེ། །མི་སྔོན་དར་སྔོན་ན་བཟའ་གསོལ། དབུ་ལ་གཡུ་ཡི་ལ་ཐོད་གསོལ། །ཕྱག་ན་མདུང་དར་སྔོན་པོ་བསྣམས། །གཡུ་རྟ་ཆིབས་ཤིང་ཀླུ་དམག་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། ཕྱི་དྲོ་གཉན་གྱི་གཙོ་བོ་མཛད། །གཉན་གྱི་གཙོ་བོ་མཛད་ཙ་ན། །མི་སེར་དར་སེར་ན་བཟའ་གསོལ། །དབུ་ལ་གསེར་ཀྱི་ལ་ཐོད་གསོལ། །ཕྱག་ན་མདུང་དར་སེར་པོ་བསྣམས། །གསེར་རྟ་ཆིབས་ཤིང་གཉན་དམག་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། སྲོད་ལ་བཙན་གྱི་གཙོ་བོ་མཛད། །བཙན་གྱི་གཙོ་བོ་མཛད་ཙ་ན། །མི་དམར་དར་དམར་ན་བཟའ་གསོལ། །དབུ་ལ་བྱི་རུའི་ལ་ཐོད་གསོལ། །ཕྱག་ན་མདུང་དར་དམར་པོ་བསྣམས། །རྟ་དམར་ཆིབས་ཤིང་བཙན་དམག་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། ཐོ་རེངས་བདུད་ཀྱི་གཙོ་བོ་མཛད། །བདུད་ཀྱི་གཙོ་བོ་མཛད་ཙ་ན། །མི་ནག་དར་ནག་ན་བཟའ་གསོལ། །དབུ་ལ་ལྕགས་ཀྱི་ལ་ཐོད་གསོལ། །ཕྱག་ན་མདུང་དར་ནག་པོ་བསྣམས། །རྟ་ནག་ཆིབས་ཤིང་བདུད་དམག་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། ཐོག་དང་སེར་བའི་ལས་མཛད་ཚེ། །མི་དམར་སྤྱན་གསུམ་མེ་འབར་འཁྱུག །ཁྲོ་ཆུའི་ཁྲབ་རྨོག་རབ་འཇིགས་གསོལ། །ཐོག་མདའ་འཕེན་ཞིང་གཡུ་འབྲུག་ཆིབས། །འཇིགས་བྱེད་སྡེ་བརྒྱད་དམག་ཚོགས་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། ཕོ་བྲང་སྟོད་ཕྱོགས་སྐྱོང་བའི་ཚེ། །བྱི་རོ་རྒྱལ་བ་ཐོད་དཀར་ཞེས། །མི་སྔོན་གཡུ་ཁྲབ་གཡུ་རྨོག་གསོལ། །མདུང་སྔོན་འཕྱར་ཞིང་གཡུ་རྟ་ཆིབས། །འཁོར་ནི་སྔོན་པོ་འབུམ་དང་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། ཕོ་བྲང་བར་ཕྱོགས་སྐྱོང་བའི་ཚེ། །སྲིང་རྫོང་རྒྱལ་བ་ཐོད་དཀར་ཞེས། །མི་སེར་གསེར་ཁྲབ་གསེར་རྨོག་གསོལ། །མདུང་སེར་འཕྱར་ཞིང་གསེར་རྟ་ཆིབས། །འཁོར་ནི་སེར་པོ་འབུམ་དང་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཀྱེ་གཉན་རྗེ་རྒྱལ་བ་ཐོད་དཀར་ནི། ཕོ་བྲང་སྨད་ཕྱོགས་སྐྱོང་བའི་ཚེ། །ཟླ་ཕུ་རྒྱལ་བ་ཐོད་དཀར་ཞེས། །མི་དཀར་དུང་ཁྲབ་དུང་རྨོག་གསོལ། །མདུང་དར་འཕྱར་ཞིང་དུང་རྟ་ཆིབས། །འཁོར་ནི་དཀར་པོ་འབུམ་དང་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །བཙུན་མོ་མཚོ་སྨན་ནག་མོ་ནི། །ཆིབས་སུ་ལྕགས་རྟ་ནག་པོ་བཅིབས། །གཉན་རྗེའི་སྲས་མཆོག་ཆེ་བ་ནི། །བཙན་རྒོད་མེ་མོ་རག་ཕྲོམ་སྟེ། །ཆིབས་སུ་རག་པ་རྔོག་ནག་བཅིབས། །གཉན་རྗེའི་སྲས་མཆོག་ཆུང་བ་ནི། །རྡོ་རྗེ་དགྲ་འཇོམས་གྲི་བཙན་ཏེ། །ཆིབས་སུ་བར་སྣང་གློག་ལ་བཅིབས། །གཉན་རྗེའི་སྲས་མཆོག་འབྲིང་བ་ནི། །ཆུ་དྲོན་ཕུག་པའི་ཀླུ་སྨན་སྟེ། །ཆིབས་སུ་གཡུ་རྟ་སྔོན་པོར་བཅིབས། །སྲས་ལྕམ་མ་ལུས་འཁོར་བཅས་རྣམས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཡབ་རྗེ་འོ་དེ་གུང་རྒྱལ་ནི། །ཆིབས་སུ་དུང་རྟ་དཀར་པོར་བཅིབས། །ཡུམ་མཆོག་བདུད་རྩི་སྨན་མོ་ནི། །ཆིབས་སུ་བྲ་བོ་ཁ་དཀར་བཅིབས། །ཡབ་ཡུམ་དམག་ཚོགས་བཅས་པ་རྣམས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། གཉན་རྒྱལ་ནགས་ལྷ་ཛམ་བྷ་ནི། །ཆིབས་སུ་གྲོ་སྨུག་གདོང་སྐྱ་བཅིབས། །ཁྲི་ཡི་བཙན་རྒོད་སྨུག་པོ་ནི། །ཆིབས་སུ་བཙན་རྟ་དམར་པོ་བཅིབས།།ཀླུ་བདུད་གེར་འཛོ་གཉན་པོ་ནི། །ཆིབས་སུ་བསེ་རྟ་སྨུག་པོ་བཅིབས། །ཀླུ་ཡི་མི་མགོན་དཀར་པོ་ནི། །ཆིབས་སུ་ཀླུ་རྟ་དཀར་པོ་བཅིབས། །མཆེད་ཟླ་བཞི་ཡི་དམག་ཚོགས་རྣམས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། དམག་དཔོན་ཁྱུང་རི་སྨུག་པོ་ནི། །ཆིབས་སུ་བྱ་རྒྱལ་ཁྱུང་ལ་བཅིབས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། བློན་པོ་རྐྱང་རི་རྔོག་ནག་ནི། །ཆིབས་སུ་ནག་པོ་རྟིང་དཀར་བཅིབས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །བླ་མ་དཔའ་བའི་ཁྱུང་རྩེ་ནི། །ཆིབས་སུ་སྔོན་པོ་གཡུ་ཞུར་བཅིབས། །སྔགས་པ་ཡོལ་བ་བྲག་ནག་ནི། །ཆིབས་སུ་ཁམ་པ་རྔོག་ནག་བཅིབས། །སྨན་པ་ནག་གི་འཛེར་པ་ནི། །ཆིབས་སུ་ནག་པོ་རྟིང་དཀར་བཅིབས། །བླ་མ་སྔགས་པ་སྨན་པ་གསུམ། །རང་རང་ཆས་དང་ཆ་ལུགས་བཅས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཉི་མ་ཤར་གྱི་སྒོ་སྲུང་ནི། །བླ་མའི་དོ་ཆུང་སེ་རུ་ནི། །ཆིབས་སུ་བཙན་རྟ་དམར་པོར་བཅིབས། །ཉི་མ་ལྷོ་ཡི་སྒོ་སྲུང་བ། །བྱི་རོ་སྟག་གཡག་དམར་པོ་ནི། །ཆིབས་སུ་ཟངས་རྟ་དམར་པོར་བཅིབས། །ཉི་མ་ནུབ་ཀྱི་སྒོ་སྲུང་བ། །གོང་གསུམ་བྲ་བོ་དེལ་གཡག་ནི། །ཆིབས་སུ་བྲ་བོ་རྔོག་ནག་བཅིབས། །ཉི་མ་བྱང་གི་སྒོ་སྲུང་བ། །ཀླུ་བཙན་ཐང་ཚ་བེ་གུ་ནི། །ཆིབས་སུ་གཡུ་རྟ་སྔོན་པོར་བཅིབས། །སྒོ་སྲུང་བཞི་ཡི་དམག་ཚོགས་རྣམས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ལས་པ་འགྲམ་རྫོང་བྲག་ནག་ནི། །ཆིབས་སུ་བྲ་ནག་རྟིང་དཀར་བཅིབས། །ཕོ་ཉ་ལན་རྫོང་བྲག་དམར་ནི། །ཆིབས་སུ་རྐྱང་སེར་ཞུར་པོར་བཅིབས། །གཏེར་སྲུང་ཟངས་སྦུབ་གཡག་དེལ་ནི། ཆིབས་སུ་སྔོན་པོ་གཡུ་མདོག་བཅིབས། །ལས་མཁན་ཕོ་ཉ་གཏེར་སྲུང་རྣམས། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ངོ་མཚར་གནས་མཆོག་གཞལ་ཡས་ནས། །གཉན་ཀྱི་དམག་ཚོགས་མ་ལུས་རྣམས། །ཞལ་དགའ་ཉམས་བདེ་བཞུགས་སུ་གསོལ། །དེ་ནས་བཞུགས་གསོལ་བྱ་བ་ནི། །ཀྱེ་སྣ་ཚོགས་འབྱོར་བའི་གཞལ་ཡས་ནས། །འདོད་དགུ་གྲུབ་པའི་ཕོ་བྲང་དབུས། །མཛེས་སྡུག་མེ་ཏོག་བཀྲམས་པ་ཡི། །རང་རང་མཐུན་པའི་གདན་ཁྲི་ལ། །གཉན་སྲས་འཁོར་དང་བཅས་པ་རྣམས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །བཞུགས་ནས་དུས་ཀུན་འཕྲིན་ལས་མཛོད། །དེ་ནས་མཆོད་པ་ནི། ཀྱེ་རིན་ཆེན་སྣ་ལྔ་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་བརྒྱད་དར་ཚོན་དང་། །སྣ་ཚོགས་གཟུགས་འགྲོས་སྣ་ཚོགས་རྫས། །མུ་ཏིག་ཤེལ་ནོར་བྱི་རུ་དང་། །གོ་ཆ་འབྲུ་སྨན་སྣ་ཚོགས་དང་། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་དང་། །ཕྱི་ནང་གསང་བའི་མཆོད་སྤྲིན་འདི། །གཉན་རྒྱལ་འཁོར་དང་བཅས་ལ་འབུལ། །ཕུན་ཚོགས་དགའ་བས་བཞེས་ནས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རྒྱབ་ནས་བརྟེན་ལ་མདུན་ནས་སྐྱོར། །ཐོགས་མེད་འཕྲིན་ལས་གྲུབ་པར་མཛོད། །དེ་ནས་བསྟོད་པ་བྱ་བ་ནི། །ཀྱེ་གསང་སྔགས་བསྟན་པའི་བྱ་ར་བ། །གཉན་རྒྱལ་ཆེན་པོ་ཁྱོད་ལ་བསྟོད། །དེ་ཡི་ཐུགས་སུ་བྱོན་པའི་ཡུམ། །མཚོ་སྨན་ནག་མོ་ཁྱོད་ལ་བསྟོད། །གནས་དང་གཏེར་གྱི་སྲུང་མ་མཛད། །སྲས་ལྕམ་གསུམ་གྱི་ཚོགས་ལ་བསྟོད། །འཇིག་རྟེན་སྲིད་པ་སྐྱོང་བའི་ལྷ། །མཆེད་ཟླ་ཆེན་པོ་རྣམས་ལ་བསྟོད། །སྲིད་པ་ཀུན་གྱི་ཡབ་རྗེ་རྣམས། །འོ་དེ་གུང་རྒྱལ་ཁྱོད་ལ་བསྟོད། །ལྷ་རབ་ཀུན་གྱི་ཡུམ་གཅིག་མ། །བདུད་རྩི་སྨན་མོ་ཁྱོད་ལ་བསྟོད། །བླ་མ་སྔགས་སྨན་སྒོ་བསྲུང་དང་། །བཀའ་ཉན་ཕོ་ཉ་ལས་མཁན་སོགས། །གཡོག་འཁོར་སྡེ་བརྒྱད་ཚོགས་ལ་བསྟོད། །གཉན་སྲས་བསྟོད་པའི་ནུས་མཐུ་ཡིས། །མི་ནོར་འཁོར་བཅས་གནོད་པ་ཟློག །དགྲ་བགེགས་སྒྲོལ་ལ་རྐྱེན་རྣམས་སོལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །དེ་ནས་དམ་བཞག་ནི། ཀྱེ་སྔོན་གྱི་བསྐལ་པ་དང་པོ་ལ། །རིག་འཛིན་པདྨ་ཐོད་ཕྲེང་གིས། །གསང་བ་གསུམ་གྱི་དཀྱིལ་འཁོར་དུ། །གཉན་སྲས་ཁྱོད་ལ་དམ་ཚིག་ཕོག །བསྟན་པ་སྲུང་བར་ཞལ་གྱིས་བཞེས། །དམ་ཚིག་གཉན་ལས་མ་འདའ་བར། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འཕྲིན་ལས་རྣམ་བཞི་སྒྲུབ་པ་དང་། །རྗེས་འཇུག་བུ་ལྟར་སྐྱོང་བ་དང་། །བསྟན་དགྲ་རྡུལ་ལྟར་བརླག་པ་དང་། མི་ཕྱུགས་གོད་ཁ་མེད་པ་དང་། །བསམ་དོན་མ་ལུས་འགྲུབ་པར་མཛོད། །དེ་ནས་འཕྲིན་ལས་བཅོལ་བ་ནི། ཀྱཻ་ལྷ་རབ་འོ་དེ་གུང་རྒྱལ་སྲས། །གཉན་རྗེ་རྒྱལ་བ་ཐོད་དཀར་ཞེས། །སློབ་དཔོན་པདྨའི་གཏེར་སྲུང་བ། །གཏེར་སྲུང་རྒྱལ་བ་ཐོད་དཀར་ཞེས། །བྱང་ཕྱོགས་མི་ནོར་མི་གཡེལ་སྲུངས། །གཉན་རྒྱལ་གཙོ་བོ་འཁོར་བཅས་ལ། །མཆོད་ཅིང་འཕྲིན་ལས་བཅོལ་བ་ནི། །མ་གཡེལ་མ་འདའ་བསྟན་པ་སྲུངས། །མ་གཡེལ་མ་འདའ་དབུ་འཕང་བསྟོད། །མ་གཡེལ་མ་འདའ་ཆོས་སྐྱོང་མཛོད། །མ་གཡེལ་མ་འདའ་དགེ་འདུན་སྐྱོངས། །མ་གཡེལ་མ་འདའ་སྡོངས་གྲོགས་མཛོད། །མ་གཡེལ་མ་འདའ་ཚེ་སྲོག་སྐྱོབས། །མ་གཡེལ་མ་འདའ་ལོངས་སྤྱོད་སྤེལ། །མ་གཡེལ་མ་འདའ་སྙན་གྲགས་སྒྲོགས། །མ་གཡེལ་མ་འདའ་དགྲ་བགེགས་སྒྲོལ། །མ་གཡེལ་མ་འདའ་ནད་ཡམས་ཆོད། །མ་གཡེལ་མ་འདའ་གཉན་གྱི་ཚོགས། །མ་གཡེལ་མ་འདའ་སྲུང་མའི་ཚོགས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་ཧོར་གྲུབ་པ་རིག་འཛིན་ཆོས་མཆོག་སྙིང་པོ་འོད་གསལ་གྱིས་བསྐུལ་བ་ལྟར། རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་སྦྱར་བ་དགེའོ།། །།

རྒྱལ་ཐོད་གཏོར་འབུལ།

རྒྱལ་ཐོད་ལ་གཏོར་མ་འབུལ་བའི་བསྐྱེད་ཆོག་ཉུང་བསྡུས་ཡོད། བདག་ཉིད་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་མདུན་དུ་གཉན་རྗེ་རྒྱལ་བ་ཐོད་དཀར་གཙོ་འཁོར་ལྷ་མིའི་ཁྲོམ་ཚོགས་པ་ལྟར་གསལ་བའི་ཐུགས་ཀར་ས་བོན་ཧྲིཿམཚན་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་མང་པོ་ནམ་མཁའི་སྐར་མདའ་ལྟར་ཆད་ཅིང་འཕྲོས་པས་གནས་མཆོག་ཆེན་པོ་སྲིང་རྫོང་ཁམས་ཤག་སོགས་གང་དུ་བཞུགས་ཀྱང་སྐད་ཅིག་གིས་བསྐྱེད་པའི་གནས་འདིར་བཛྲ་ས་མ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡཱཿ ཏིཥྛ་ལྷན༔ པཱུ་རུ་ཤ་ཡ་ཧོ༔ ཨཱོཾ་ཤུ་ལ་ཏྲི་ར་ཙ་གཉན་རྗེ་རྒྱལ་བ་ཐོད་དཀར་སྐུ་འཁོར་དང་བཅས་པའི་ཞལ་དུ་མ་ཧཱ་མཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་དང་མངའ་གསོལ་བསྐུལ་སོགས་གཏོང་ལུགས་ཕྱག་ལེན་ལྟར་བྱའོ། ཅེས་འདི་ལྟར་བྱུང་ན་ལེགས་འདུག་ཅེས་བཤེས་གཉེན་དམ་པ་པདྨ་ཆོས་ཀྱི་དབང་པོའི་བཀས་བསྐུལ་ལྟར་ལྷ་རིགས་ཉི་སྤྲུལ་བཞི་པས་ཤར་སྟག་མོ་སྒང་དུ་སྦྱར་བའོ།།

ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་མངའ་གསོལ་ཕྲིན་ལས་དཔལ་འབར།

ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་མངའ་གསོལ་ཕྲིན་ལས་དཔལ་འབར་ནི། གཏོར་མཆོད་རྣམས་ལ་སྨན་རག་སྦྲེང་སྟེ། །ཧཱུྃ། ཆོས་ཉིད་དབྱིངས་སུ་ངོ་བོ་རོ་གཅིག་ཀྱང་། །འཇིག་རྟེན་དྲེགས་པ་འདུལ་ཕྱིར་རྟ་གདོང་དཔལ། །མི་བཟད་བཙན་རྗེ་གཉན་ཆེན་རྒྱལ་ཐོད་ནི། །དེང་འདིར་མཆོད་པའི་གནས་འདིར་སྐུ་བསྐྱོད་ཅིག ། ཧཱུྃ། སྐུ་གསུམ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་རྟགས། །ལ་ཐོད་རྒོད་འཕྲུ་གསུམ་མཚོན་དབུ་ལ་གསོལ། །དབང་ཆེན་པདྨ་ལ་སོགས་ཁྲོ་བོ་ཡིས། །འབར་ཁྲོ་གར་དགུའི་ཉམས་ལྡན་མངའ་གསོལ་བ། །ཞལ་གཅིག་ཁྲོ་འཛུམ་དབང་གི་གཟི་འོད་འབར། །དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ། །སྲིད་གསུམ་དྲེགས་པ་ཡོངས་ཀྱིས་མངའ་གསོལ་བ། །ཕྱག་གཡས་མདུང་དར་གཡོན་པས་ཞགས་པ་དང་། །སྐུ་ལ་བསེ་ཁྲབ་རུ་མཚོན་འཁོར་གསུམ་གསོལ། །ཞབས་གཉིས་སག་ལྷམ་བཙན་རྟ་དམར་པོ་ཆིབས། །སྟོང་གསུམ་ཡུད་ཙམ་གྱིས་བསྐོར་རྫུ་འཕྲུལ་ཅན། །དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ། །ལྷ་ཀླུ་གཉན་བཙན་རྣམས་ཀྱིས་མངའ་གསོལ་བ། །གཞལ་ཡས་ཕོ་བྲང་བཀོད་ལེགས་རྔམ་བརྗིད་འབར། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་སྣ་ཚོགས་ཀྱིས། །གནས་ཡུལ་གསུམ་ལ་དབང་བསྒྱུར་མཐུ་བོ་ཆེ། །གནས་གཏེར་སྲུང་བར་ཁས་བླངས་དམ་ཚིག་ཅན། །དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ། སྐུ་རྟེན་གསང་རྟེན་དར་མཚོན་གོ་མཚོན་དང་། སྟག་གཟིག་པགས་པ་ལ་སོགས་སྤྱན་གཟིགས་ཚོགས། །ཕྱི་ནང་གསང་མཆོད་བྷ་ལིང་གཏོར་མ་དང་། །ཇ་ཆང་ཕུད་ཀྱི་གསེར་སྐྱེམས་རོལ་པའི་མཚོ། །རྐང་གཉིས་མི་ཡི་ལོངས་སྤྱོད་སྣ་ཚོགས་ཀྱིས། །ཐུགས་དམ་དགྱེས་སྐོང་མངའ་གསོལ་དབུ་འཕང་བསྟོད། །ཉེས་བྱས་འགལ་འཁྲུལ་གྱུར་རྣམས་བཟོད་པར་བཞེས། །བཅོལ་པའི་ཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད། །ཅེས་འདི་ལྟར་མངའ་གསོལ་དོན་ཚང་ཞིག་དགོས་ཞེས་མགྲོན་གཉེར་འཇིགས་མེད་བསྟན་སྐྱོང་ངོར། སྲུང་མ་ཉིད་ཀྱི་གནས་རིའི་ལྷ་མདུན་སྲིང་རྫོང་ཕ་བོང་གུར་འདྲའི་ཉེ་ཞོལ་དུ་དགོང་མོ་དབང་གི་དུས་སུ་ལྷུག་རྩོམ་བགྱིས་པར་གནས་སྲུང་ཉིད་དགྱེས་པའི་མཚན་མ་བྱུང་བ་དངོས་གསལ་ལྟར་ལ་གསོལ་མཆོད་གཟབ་རྒྱས་སྐབས་དང་མགོན་ཁང་ལྟ་བུར་རྒྱུན་འདོན་བགྱིས་ན་ལེགས་འདྲ་སྙམ་པར་འཇིགས་མེད་ཆོས་དབྱིངས་རྡོ་རྗེས་ཤར་མར་བཀོད་པ་དགེ། །།

བླ་མ་གསང་བ་འདུས་པའི་བསྙེན་ཡིག་བདེ་ཆེན་ལམ་བཟང་།

བླ་མ་གསང་བ་འདུས་པའི་བསྙེན་ཡིག་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ། བྱིན་རླབས་གཞན་ལ་མི་ལྟོས་བླ་མ་དང་། །དངོས་གྲུབ་དུས་ལས་ཡོལ་མེད་ཡི་དམ་ལྷ། །འཕྲིན་ལས་ཐོགས་རྡུགས་མེད་པ་མཁའ་འགྲོ་སོགས། །ཐ་དད་མ་ཡིན་པད་འབྱུང་ངོ་བོར་འདུད། །སྣང་གསུམ་མ་དག་གྲོང་ཁྱེར་ལྕགས་ཀྱི་ཁམས། །རིམ་གཉིས་ལམ་བཟང་གྲུབ་པའི་དངུལ་ཆུ་ཡིས། །ཡེ་ཤེས་དག་པའི་གསེར་དུ་སྒྱུར་བྱེད་པའི། །ཐབས་ཚུལ་མན་ངག་བསྙེན་ཡིག་འདི་ན་སྤྲོ། །དེའང་བླ་མ་གསང་བ་འདུས་པའི་བསྙེན་སྒྲུབ་ཉམས་སུ་བསྟར་བར་བྱ་བ་ལ། །སྔོན་འགྲོ་དང་དངོས་གཞི་རྗེས་དང་ཕན་ཡོན་ནོ། །དང་པོ་རྟེན་གྱི་གང་ཟག་འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་བསམ་པས་རང་ལས་གཞན་གཅེས་པར་འཛིན་ཅིང་ཐེག་པ་མཆོག་ལ་ཡིད་རྟོན་པ། བླ་མ་མཚན་ཉིད་དང་ལྡན་པ་ལས་དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་ལ་གནས་པ། སྒྲུབ་པའི་མན་ངག་ལ་མཁས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པས་བསྒྲུབ་ནུས་པ་སྟེ། །དངོས་གྲུབ་སྒྲུབ་པའི་ཆོ་ག་ལྔ་རྒྱུད་ལ་རྫོགས་ཤིང་།བར་ཆད་མེད་ཅིང་ཡིད་མཐུན་གྱི་གནས་དང་གྲོགས་དང་འཚོ་བའི་ཡོ་བྱད་དངོས་གྲུབ་ཀྱི་རྫས་དང་དམ་ཚིག་གི་རྟེན་རྫས་སོགས་སྒྲུབ་པའི་མཐུན་རྐྱེན་གྱི་ཡོ་བྱད་ལྔ་དང་ལྡན་ཅིང་། ཀ་དག་དང་ལྷུན་གྲུབ་ཀྱི་གནས་ལུགས་ལ་མྱོང་བ་དང་ལྡན་པ་ཞིག་གམ། དེ་དག་གི་གོ་དོན་ཕྱིན་ཅི་མ་ལོག་པ་ཞིག་ནི་སྒྲུབ་པའི་ངོ་བོ་ཡིན་པས་གལ་ཆེའོ། །གང་དུ་བྱ་བའི་གནས་དེར་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་སོགས་མཛེས་པར་བཤམས་ལ། སྒྲུབ་གཞུང་རྩ་བ་ལས། གནས་ཁང་དང་བསྟུན་སྟེགས་བུ་བཟོ༔ བདུད་རྩི་དྲི་བཟང་ཆག་ཆག་གདབ༔ ཚངས་ཐིག་ལ་སོགས་ཐིག་ནས་དྲངས༔ དབུས་མཐིང་ཤར་དཀར་ལྷོ་སེར་ཞིང་༔ ནུབ་དམར་བྱང་ལྗང་མཛེས་ཚོན་བྱ༔ སྒོ་གྲུ་རྟ་བབས་ཕྱོགས་མདོག་དང་༔ སྤྱི་མཐུན་པད་རྡོར་དུར་ཁྲོད་མེ༔ མཛེས་པར་ཚོན་རྩིས་ལེགས་པར་བསྒྱུར༔ ཞེས་སྟེགས་བུ་འགྲུབ་ན་རྡུལ་ཚོན་གྱི་བྱ་བ་དང་། དེ་ལྟར་མ་འགྲུབ་ཀྱང་། ལས་གཞུང་ལས། དབང་དང་སྒྲུབ་པ་ཚོགས་འཁོར་སོགས༔ འཕྲིན་ལས་རང་གཞུང་དཀྱིལ་འཁོར་ལྟར༔ ཡང་ན་རྡུལ་ཚོན་རས་བྲིས་སམ༔ འབྲུ་ཚོམ་ལྷ་གྲངས་མཉམ་པར་བཀོད༔ ཅེས་གསུངས་པས། རས་བྲིས་སམ་དེ་ཡང་མེད་ན་འབྲུ་ཚོམ་གྱིས་རུང་བ་ཙམ་དང་། སྒྲུབ་རྫས་ནི་དབུས་སུ་མཚན་བཟང་ཐོད་པའི་ནང་༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ སྨན་སྒྲུབ་བཏབ་པའི་བདུད་རྩི་བཤམས༔ མེ་ལོང་སིན་དྷུ་ར་ཡིས་བྱུག༔ ཆོས་འབྱུང་ཧ་རི་ནི་ས་དང་༔ སྒྲུབ་བསྙེན་ཡི་གེ་དབུ་ཅན་བྲི༔ ཐོད་པ་བདུད་རྩིི་ཁ་བཀབ་ཅིང་༔ དཀར་དམར་དར་གྱི་གུར་ཡང་ཕུབ༔ ཅེས་པས། མེ་ལོང་ལ་ཆང་དང་སིན་དྷུ་རས་བྱུག་ལ་སྔགས་འབྲུ་རྣམས་མགོ་ཕྱིར་བསྟན་དུ་བྲིས་ལ། ཐོད་པའི་ཁར་སྔགས་རྣམས་ཁ་ཡར་བལྟ་བར་བཀབ། དར་དམར་དང་དེ་སྟེང་དཀར་པོས་གཡོགས་པའམ་གུར་དུ་ཕུབ། དེ་སྟེང་མཉྫུའིི་ཁྲིའུ་ཁར༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཤམས༔ གསང་བ་འདུས་པའི་ཙཀ་ལི་གཟུགས༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ ཅེས་སྒྲུབ་པའི་གཏོར་མ་རིན་ཆེན་འབར་བ་གཡས་གཡོན་དང་རྒྱབ་ཏུ་གཤོག་པ་གཏོད་པ་སྨུག་རྩིས་བྱུག་པ་པད་འདབ་བཞི་དང་པད་ཚབ་གྱིས་མཛེས་པ་རྩེ་ལ་ཉི་ཟླ་ནོར་བུ་དང་པ་ཊ་མེ་རི་ཤིང་ལོ་པདྨ་དབུས་སུ་ཐུགས་སྲོག་ཧཱུྃ་སོགས་རྒྱན་སྤྲོས་མཛེས་པ་དང་ལྡན་པ། ཙཀ་ལི་དར་མཐིང་གི་གུར་ཅན་བཙུགས། གོང་གི་བདུད་རྩི་དང་སྒྲུབ་གཏོར་ལ་སྒྲུབ་རྫས་ཀྱི་ཕབས་རྒྱུན་ཀྱང་འདེབས་པར་བྱའོ། ཐ་མར་ཕྱི་ནང་མཆོད་པ་བཤམས༔ བཀའ་སྲུང་གཏོར་མ་བྱང་དུ་འགོད༔ ཚེ་ཡི་མདའ་དར་ནུབ་ན་བཞག༔ ཅེས་པས་སྒྲུབ་གཏོར་གྱི་མདུན་དུ། མཆོད་གཏོར་རིན་ཆེན་འབར་བ་དབྱིབས་དང་རྒྱན་སོགས་སྒྲུབ་གཏོར་དང་འདྲ་བའི་མཐའ་སྐོར་རིམ་པ་དང་པོ་ལ། མདུན་དུ་ཡུམ་གྱི་གཏོར་མ་ཟུར་གཉིས་པ་དང་ཟླུམ་གཏོར་བཅུས་བསྐོར། དེའི་ཕྱི་རིམ་ལ་དབང་ཆེན་རིགས་བཞིར་དཔལ་གཏོར་གཙོ་བོ་དང་འདྲ་བ་བཞི་དང་མཁའ་འགྲོའི་གཏོར་མ་དེ་དང་དབྱིབས་མཚུངས་བཞིས་བསྐོར། དེའི་ཕྱི་རིམ་ལ་སྒོ་མ་བཞིར་ཟླུམ་གཏོར་བཞི། མདུན་དུ་ཚེ་བུམ་མཐའ་སྐོར་དུ་མཐེབ་ཀྱུ་སུམ་བརྩེགས་སྨུག་ཙི་དང་རྒྱན་གྱིས་མཛེས་པ་བཟའ་བཅའ་གང་འཛོམ་གྱིས་མཐའ་སྐོར། དེའི་གཡས་སུ་བདུད་རྩི་ཛ་གད་དང་སྦྱར་བ། གཡོན་དུ་རཀྟའི་ཕབ་ལྡན་ཁྲག་གཙང་སོགས་ཀ་པཱ་ལར་བཤམས། དེ་མཐར་ཕྱི་མཆོད་རྣམས་དང་། བྱང་ཕྱོགས་སུ། བཀའ་སྲུང་གི་གཏོར་མ་ཟུར་གསུམ་གཡས་བཅུས་འཁོར་རང་འདྲ་བརྒྱད། གཏེར་སྲུང་གི་གཏོར་མ་ཟུར་གསུམ་གཙོ་འཁོར་དགུ །གཉིས་ཀ་ལ་མཐེབ་ཀྱུ་དང་ཤ་སྣ་སྙིང་དང་ལིང་སོགས་ཀྱིས་བརྒྱན་པ་འགོད། གཉིས་འཛིན་གྱི་སྙེམ་ཐག་ནང་ནས་ཆོད་ན་མི་དགོས་ཀྱང་། དེ་ལྟར་མིན་པའི་ལས་དང་པོ་པའི་རིགས་ལ་སྒྲུབ་ཁོག་གང་རུང་ནས་བླངས་ཏེ་སྒོ་བྱང་དང་ཐོ་ལ་སོགས་པ་ས་ཡུལ་གནས་སྐབས་དང་བསྟུན་པའམ་སྟབས་གང་བདེར་བྱ་ཞིང་། དེ་ལྟར་བྱ་ན་སྐབས་འདིར་རམ། འོག་ཏུ་མཚམས་གཅོད་ཀྱི་གོང་དུ་བྱས་ཀྱང་ཆོག །དེ་ནས་སྟན་བདེ་བ་ལ་འཁོད་ནས་ཐུན་མོང་སྔོན་འགྲོས་རྒྱུད་སྦྱངས་རྣམས་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ལྟར་ཚིག་ཕྱིར་སེམས་གཞོལ་བར་བྱ། ཕྱི་རྒྱུད་པ་ལ་དཀར་དམར་གྱི་གཏོར་མ་དང་། ནག་ཕྱོགས་བགེགས་རིགས་ལ་གླུད་གཏོར་བསྔོ་བཀའ་བསྒོ་ཞིང་བགེགས་བསྐྲད། མཚམས་གཅོད་དང་མཆོད་པ་བྱིན་གྱིས་བརླབ་བོ། གཉིས་པ་དངོས་གཞི་ནི། ཐུན་བཞིར་བྱེད་པའི་དགོང་ཐུན་ནས་འཇུག་པ་ཡིན་ཏེ། རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ལས་ཀྱི་གཞུང་བསྲང་བདག་དང་མདུན༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ ལྷ་དང་དཀྱིལ་འཁོར་གཞལ་ཡས་ཁང་༔ མ་བཅོས་རང་སེམས་རོལ་པ་ལས༔ ལས་བྱང་ལྟ་བུར་བསྐྱེད་རིམ་གསལ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད༔ བསྟོད་པ་ལ་སོགས་བརྗོད་པའི་མཐར༔ འཛབ་དགོངས་ཚིག་དོན་དམིགས་པ་སྒྱུར༔ རྩ་གསུམ་བསྙེན་པའི་འཛབ་དབྱངས་སྒྲོགས༔ ལྟ་བ་གདེང་བསྐྱེད་ཉམས་རྟོགས་སྤར༔ ཞེས་པས། གྱེར་སྒོམ་གྱི་རིམ་པ་འཛབ་ལ་ཐུག་པའི་བར་གཞུང་ཚིག་ལྟར་དུ་ཁྲེགས་ཆོད་དང་ཐོད་རྒལ་ཟུང་འཇུག་གི་དགོངས་པ་ཡང་དག་པའི་ངང་ནས་ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་དང་ལྷ་མོ་འཁོར་འདས་སྐུ་གསུམ་ཆོས་དབྱིངས་ཀྱི་རོལ་པའི་ངང་ནས། རང་ཉིད་བླ་མ་གསང་བ་འདུས་པ་ཡབ་ཡུམ་དུ་གསལ་བའི་དབུས་སུ་རྩ་གསུམ་དང་འཁོར་ལོ་ལྔའི་རྩ་འདབ་དང་བཅས་པ་གསལ་བའི་དབུས་རྣམས་སུ་རིམ་བཞིན་སྤྱི་བོར་ཀུན་བཟང་ཡབ་ཡུམ། མགྲིན་པར་རྡོར་སེམས་ཡབ་ཡུམ། ཐུགས་ཀར་དགའ་རབ་རྡོ་རྗེ་ཡབ་ཡུམ། ལྟེ་བར་ཤྲཱི་སེདྷ་ཡབ་ཡུམ། གསང་གནས་སུ་རྩ་བའི་བླ་མ་ཡབ་ཡུམ། དེ་རྣམས་ལས་དགའ་རབ་ཤྲཱི་སེང་རྩ་བའི་བླ་མ་གསུམ་རྣལ་འབྱོར་བའི་ཆ་ལུགས་སུ་གསལ་བ་དང་། ཕྱི་རོལ་དུ་དབང་ཆེན་རིགས་བཞི་ཡབ་ཡུམ་གཞལ་ཡས་ཁང་གི་སྒོ་བཞིར་སྒོ་མ་བཞི་དང་བཅས་པ་བདག་བསྐྱེད་དང་། དེའི་རྩལ་ལས་ཤར་བ་མེ་ལོང་ནང་གི་གཟུགས་བརྙན་ལྟར་མདུན་བསྐྱེད་སྒྲུབ་རྫས་རྣམས་རྟེན་བརྟེན་པ་དང་བཅས་པ་གོང་ལྟར་མཚུངས་པར་བསྒོམ་པའི་བདག་མདུན་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་གི་མཐར། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཅེས་རྩ་གསུམ་འདུས་པའི་སྙིང་པོ་མཐིང་མདོག་ཅན་སྔགས་འབྲུ་རྣམས་བརྟེན་པའི་འོད་ཀྱི་ཕྲེང་ཐག་དམར་པོ་སྔགས་གཡས་བསྐོར་དང་འཕྲེང་ཐག་གཡོན་དུ་འཁོར་བས་ཡབ་ཡུམ་ཐམས་ཅད་ཟག་མེད་བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་པའི་རང་མདངས་འོད་ཟེར་དུ་འཁྲིགས་པ་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཕོག སྙོམས་འཇུག་མཛད་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་མདངས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཁོར་འདས་ཐམས་ཅད་དུ་ཁྱབ་ཅིང་། ཐུགས་རྗེ་བྱིན་རླབས་ནུས་མཐུ་ཚེ་བསོད་དཔལ་འབྱོར་ཐམས་ཅད་ཐིག་ལེ་ཐིག་ཕྲན་དབྱིངས་དང་ལུག་རྒྱུད་འོད་དང་འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས ། བདག་མདུན་གྱི་ལྷ་ཚོགས་རྣམས་ལ་རྒྱ་མཚོ་ཆེན་པོར་ཆར་བབ་པ་ལྟར་སིབ་སིབ་ཐིམ་པས། ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། ཉམས་སྣང་གོང་དུ་འཕེལ་བའི་སྣང་བ་དང་། རིག་པ་ཚད་ལ་ཕེབས་པའི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་རྣམ་པ་བཞིའི་རྟོགས་པ་མངོན་དུ་གྱུར་ནས་གདོད་མའི་མགོན་མཆོག་ཆོས་སྐུ་གསང་བ་འདུས་པ་དང་གཉིས་སུ་མེད་པའི་འབྲས་བུ ། སྐད་ཅིག་ཉིད་ལ་མངོན་དུ་གྱུར་པའི་ཏིང་ངེ་འཛིན་ལས་མི་འདའ་བར་ལྷ་སྔགས་ཡེ་ཤེས་ཀྱི་ཕྱག་རྒྱས་ཡུལ་དང་ཡུལ་ཅན་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བར་ཉམས་སུ་བླང་ངོ་། །ཐུན་མགོ་དང་ཐུན་མཇུག་ཏུ་དབྱངས་གསལ་སོགས་བསྙེན་ཡིག་གཞན་ལྟར་བྱས་ན་ལེགས། །ཐུན་གྱི་མཐར་མཆོད་བསྟོད་བྱེད་པ་ནི། ཧཱུྃ་སྣོད་བཅུད་གཟུགས་སྒྲ་ནས། ཁ་རཾ་ཁཱ་ཧིའི་བར་དང་། ཧཱུྃ་ཡན་ལག་བརྒྱད་ལྡན་ནས། ཛྙཱ་ན་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཞེས་པས་སོ། ལྷར་གསལ་བ་དེ་ཀའི་ངང་ནས་འདི་ཉིད་ཀྱི་བཀའ་གཏེར་སྲུང་དང་རང་གི་མོས་པའི་གཏོར་འབུལ་དགོས་རིགས་ཀྱང་བྱའོ། །ཉིན་ཞག་ཕྲུག་གཅིག་ལ་ཐུན་བཞི་དང་ཐུན་གཉིས་མ་གང་ཡིན་ཀྱང་ཐུན་རྗེས་མའི་རྣམ་པ་དོད་ཕྱིར་སྲོད་ཐུན་གྱི་མཐར་གཏོར་འབུལ་དང་ཚོགས་བསྐང་སྨད་ལས་རྣམས་མཛད་པ་སྔར་གྱི་ཕྱག་ལེན་འགའ་དང་། ཁུངས་ལྡན་གྱི་བསྙེན་ཡིག་འགར་དེ་ལྟར་ཡོད་ཀྱང་དགོང་ཐུན་འདིར་སྟབས་བདེ་བར་སྣང་བས། ཚོགས་བསྐང་སྨད་ལས་གཏོར་བྲོ་དང་བཅས་པ་བྱའོ། །དེའང་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པས་ནི་བསྐྱེད་པ་དེ་ཉིད་རྫོགས་པར་ཤེས་པས་སྣང་སྟོང་སྒྱུ་མའི་ངང་ལ་མཉམ་པར་བཞག་ཅིང་རྡོ་རྗེ་གསུམ་གྱི་རོལ་པར་བསྐྱང་ངོ་། སྦྱངས་པ་དམན་པ་གསར་བུ་བས་མདུན་བསྐྱེད་རྟེན་བརྟེན་པ་དང་བཅས་པ་བསྡུས་ནས་བདག་བསྐྱེད་ཀྱི་ཐུགས་ཀར་ཐིམ། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། དེ་གཙོ་བོ་ཡུམ་ལ། །དེ་ཡབ་ལ་གནས་ལྔའི་ལྷ་རྣམས་དེ་དང་དེར་འོད་དུ་ཐིམ། གཙོ་བོ་ཡང་སྐུའི་སྟོད་སྨད་ནས་མེ་ལོང་ལ་ཧ་བཏབ་པ་ཡལ་བ་ལྟར་ཐུགས་ཀའི་ཧཱུྃ་ལ། དེ་ཡང་གྱེན་རྫོགས་སུ་ན་དཱའི་བར་དུ་བསྡུས་ནས་ཀ་དག་གི་ངང་དུ་བཞག །དེ་ལས་ལྡང་བ་ན་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་དུ་གསལ་ནས་དགེ་བ་བསྔོ་བའི་ཚིགས་གང་རུང་དང་། བཀྲ་ཤིས་བརྗོད་པ་སོགས་བྱས་ནས།བཟའ་བཏུང་སོགས་མཆོད་པའི་ཚུལ་དུ་ལོངས་སྤྱོད། དེས་དགོང་ཐུན་ཚར། དེ་ནས་སྲོད་ཀྱི་ཐུན་ལ། མཚམས་གཅོད་ནས་བཟུང་བཟླས་པའི་བར་དང་དམིགས་རིམ་ཐུན་མཐར་མཆོད་བསྟོད་སྔར་བཞིན་བྱས་ནས། མདུན་བསྐྱེད་བདག་བསྐྱེད་ལ་བསྡུ་བ་དང་། བདག་བསྐྱེད་ཀྱང་གཙོ་བོར་བསྡུས། དེ་ཡང་མཚན་མེད་འོད་གསལ་ཀྱི་ངང་ནས་གཉིད་དུ་འགྲོ་ཁར་རླུང་འཇུག་པ་ཨཱོཾ། །གནས་པ་ཨཱ༔ འབྱིན་པ་ཧཱུྃ་དུ་དམིགས་ཏེ་གཉིད་ལོག་པས་རླུང་རིག་རྩའི་འཕར་གྲངས་རྡོ་རྗེའི་བཟླས་པར་འགྱུར་རོ། སང་ཞོགས་ཐོར་ཐུན་གྱི་ཆར་བབ་པ་ན། མདུན་གྱི་ནམ་མཁར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་དྲིལ་བུའི་སྒྲས་སད་པར་བསྐུལ་ནས། གཉིད་ལས་ལྡང་བ་ན་སྣང་བ་ཐམས་ཅད་ལྷར་བསྒོམ་ཞིང་། དེ་འཕྲོས་ཐུན་མོང་གི་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། གཏོར་མ་ཆ་གཉིས་ནི་རྒྱུན་དུ་མ་གྲུབ་ཀྱང་མི་འགལ་སྙམ་མོད། འགྲུབ་ན་ཕན་ཡོན་ཆེའོ། ཉ་སྟོང་བརྒྱད་གསུམ་ཡར་མར་གྱི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་རྣམས་ལ་ནི་ངེས་པར་གཏོང་ངོ་། དེ་ནས་བཀའ་བསྒོ་བ་དང་། བགེགས་གཏོར་མེད་དུས་མཚམས་གཅོད་ནས་འཇུག་གོ །མཆོད་པ་བྱིན་རླབས་ལ། སྨན་གཏོར་གཉིས་ལ་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔར་རིགས་ལྔ་ཡབ་ཡུམ་གྱི་ས་བོན་ལས་འཕྲོས་པའི་འོད་ཀྱིས་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡུབ་ཡུམ་བཅུར་གྱུར་བ་སྙོམས་འཇུག་གི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་ཅིང་ལྷ་རྣམས་ཀྱང་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། གཏོར་མ་ཡང་ཤ་ལྔ་བདུད་རྩི་ལྔ་སོགས་གཏོར་རྫས་ཀྱི་དངོས་པོ་མ་ཚང་བ་མེད་པ་འདོད་ཡོན་གྱི་ལྷ་མོའི་སྤྲིན་འཕྲོ་བར་བསམ། རཀྟའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ར་ཡིག་དམར་པོ་ལས་བྱུང་བའི་རྡོ་རྗེ། སྒེག་མོ་དམར་མོ་གྲི་ཐོད་ཅན་གྱི་མཁའ་གསང་ནས་རཀྟའི་རྒྱུན་བབ་པས་དམར་གྱི་རྒྱ་མཚོ་རྦ་རླབས་འཕྱོ་བར་ལྷ་མོ་ཡང་འོད་དུ་ཞུ་ནས་ཐིམ་པར་བསམ། ཕྱི་མཆོད་དང་གསང་བའི་མཆོད་པ་ཐམས་ཅད་ཆོས་ཉིད་ཀྱི་རང་རྩལ་འགག་པ་མེད་པ་ལས་མཆོད་སྤྲིན་གྱི་རོལ་པ་འབྱམས་ཀླས་པར་མོས། སྨན་རཀ་གཏོར་གསུམ་གྱི་སྔགས་བདུན་ནམ་གསུམ་རེ། ཕྱི་མཆོད་དང་གསང་མཆོད་ནི་ཚར་རེའོ། དེ་ནས་དངོས་གཞི་ལ། ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་མྱོང་དང་ལྡན་པར་རྟོག་ཚོགས་ཐམས་ཅད་སྐུ་དང་ཞིང་ཁམས་ཆོས་ཉིད་ལྟ་སྒོམ་གྱི་རོལ་པར་ཤར་བ་ལ་བློས་བྱས་ཀྱི་བསྐྱེད་རིམ་མ་དགོས་ཀྱང་དེ་ལྟར་མིན་པའི་ལས་དང་པོ་པའི་རིགས་ལ་ཅུང་ཟད་ཙམ་ཞིག་གོ་བདེར་འགོད་པ་ལ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ཆེན་པོ་བསམ་བརྗོད་བྲལ་བའི་ངང་དུ་མཉམ་པར་འཇོག་པ་ནི་སྣང་བ་ལ་རང་རྒྱུད་དུ་ཞེན་པ་བཟློག་ཕྱིར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ལྟར་ཡིན་པ་ལ་མ་རྟོགས་པའི་སེམས་ཅན་རྣམས་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་ནི་སྟོང་པ་ཕྱོགས་གཅིག་མཐའ་ལ་ཞེན་པ་བཟློག་ཕྱིར་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་རང་རིག་གི་ངོ་བོ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པར་བསྒོམ་པ་ནི་སྣང་སྟོང་ཐ་དད་དུ་ཞེན་པ་བཟློག་ཕྱིར་རྒྱུའི་ཏིང་ངེ་འཛིན། །དེ་ལས་འབྱུང་ལྔའི་ས་བོན་འཕྲོས་པས་ནམ་མཁའ་རླུང་ཆུ་ཀེང་རུས་ཀྱི་རི་རབ་ཕྱོགས་མཚམས་ཀུན་ཏུ་བསྐལ་བའི་མེ་དཔུང་འབར་བ། དེའི་ནང་དུ་རིམ་པ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་གྱི་ར་བ། དེ་ནང་རྡོ་རྗེའི་ཕྲེང་བ། དུར་ཁྲོད་བརྒྱད། པདྨའི་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ་བྷྲཱུཾ་ལས་གཞལ་ཡས་ཁང་སྒོ་གྲུ་རྟ་བབ་མཚན་ཉིད་རྒྱན་བཀོད་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་གསལ་བའི་དབུས་སུ་པདྨ་དང་ཟླ་བ་ཉི་མའི་སྟེང་དུ་རྒྱུའི་ས་བོན་དེ་ཉིད་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་གནས་འགྱུར་ཏེ་ཡོངས་དུ་གྱུར་པ་ལས། རང་ཉིད་བླ་མ་གསང་བ་འདུས་པ་གཞུང་ལྟར་གསལ་བ་སྟེ་ཆོ་ག་གསུམ་གྱིས་བསྐྱེད་པའི་གནས་ལྔ་དང་གཙོ་བོའི་ཕྱི་རོལ་དུ་བསྒོམ་བྱའི་ལྷ་རྣམས་བདག་མདུན་གོང་དུ་བཤད་པ་ལྟར་རོ། དེ་དག་ལ་རང་བཞིན་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་སེམས་དཔའི་ཚུལ་དུ་སྤྱན་དྲངས་ཤིང་གཉིས་མེད་དུ་བསྟིམ་ནས་འཕྲུལ་དགའི་ཕྱག་དང་། འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་མཆོད་པའི་སྤྲིན་དང་། ནང་མཆོད་སྨན་གཏོར་རཀྟ། བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱི་མཆོད་པ་དང་བསྟོད་པ་འཛབ་གྱི་དགོངས་པ་གོང་དུ་བཤད་པ་ལྟར་དང་། བྱིན་རླབས་སྤྱི་ལྟར་བྱས་པའི་བགྲང་ཕྲེང་གཡོན་པའི་མཐེབ་སྲིན་གྱིས་ལྟེ་བའི་ཐད་ཙམ་དུ་བགྲང་ཞིང་བཟླས་པའི་སྐྱོན་རྣམས་སྤང་དགོས་ཏེ། ཡེ་ཤེས་རྔམས་པ་གློག་གི་འཁོར་ལོ་ལས། སྒྲ་ཆེ་མ་ཡིན་ཆུང་བ་མིན། །མགྱོགས་པ་མ་ཡིན་བུལ་བ་མིན། དྲག་པར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉ མས་པར་མིན། །ཡེངས་དང་ཕྱལ་སོགས་བར་ཆད་པ། །རྒྱུ་བའི་བསམ་པ་སྤངས་པ་ད ང་། ཞེས་གསུངས་པ་ལྟར་སྐྱོན་བྲལ་དུ་བྱ་ཞིང་། བྱིང་རྒོད་ལ་སོགས་པ་བསལ་ཕྱིར་སྐབས་སྐབས་འཛབ་དབྱངས་སུ་བྱའོ། དེ་ལྟར་ཐ་མལ་གྱི་རྟོག་པ་འོག་འགྱུའི་ངང་དུ་མ་ཤོར་བ་ལྷའི་གསལ་སྣང་ལ་ནན་ཏན་བྱེད་དགོས་ཏེ། ཇི་སྐད་དུ། གལ་ཏེ་ཏིང་འཛིན་འདི་མེད་ན། རྒྱ་མཚོའི་འཇིངས་ཀྱི་ཕ་བོང་ལྟར། བསྐལ་བར་ལམ་ལ་འབད་བྱས་ཀྱང་། དོན་མེད་སྙིང་པོ་སྐམ་པ་ཡིན། ཞེས་དང་གསང་སྙིང་ལས ། སྔགས་དང་ཕྱག་རྒྱ་རབ་བརྟན་ན། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། ཞེས་པས་བསྙེན་པ་འཕྲེང་སྐོར་རེའི་མཚམས་སུ་གསལ་འདེབས་སྐྱོར་རེ་བྱ། གཞན་ཡང་བསྙེན་སྒྲུབ་ཀྱི་སྤང་བླང་ཕྲ་ཞིབ་བསྙེན་ཡིག་གཞན་ལས་ཤེས་པར་བྱ་ཞིང་། མདོར་ན་ལྷ་དང་བླ་མ་རང་སེམས་ཐ་དད་མ་ཡིན་པའི་ངང་ནས་དད་པ་དང་། འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་སྙིང་རྗེ། གཞན་རྐྱེན་གྱིས་མི་འཕྲོགས་པར་མཐའ་གཅིག་ཏུ་ཚུགས་པའི་ཞེ་བཅད་དང་ལྡན་པས་མ་གྲུབ་གྱི་བར་དུ་སྟན་འདི་ལས་ལྡང་བ་དང་། གནས་འདི་ལས་འགྲོ་བར་མི་བྱའོ་སྙམ་པའི་དམ་བཅའ་ཇི་ལྟར་ནོས་པ་མཐར་ཕྱིན་པར་བྱ་ཞིང་། བཟང་དྲེད་ངན་དྲེད་ལ་སོགས་པ་དང་བྱ་བ་གཞན་ལ་མི་བརྩོན། རྟགས་དང་མཚན་མ་བཟང་ངན་ལ་དགའ་བྲོད་དང་རློམ་སེམས་མི་དགའ་བའི་འདུ་ཤེས་དང་། རྟགས་མཚན་གང་ཡང་མ་བྱུང་བས་སྐྱིད་ལུག་པ་དང་། ངས་མི་འགྲུབ་སྙམ་དུ་བདག་ཉིད་བརྙས་པའི་ལེ་ལོ་དང་། སོས་དལ་དང་དུས་སུ་མི་སྒྲུབ་ཅིང་ལུས་ངག་སྙོམ་ལས་སུ་ལུས་པ་དང་། སྔགས་དང་ཏིང་ངེ་འཛིན་ལ་སོགས་པ་ཡིན་ནམ་མ་ཡིན་འབྲས་བུ་འབྱུང་ངམ་མི་འབྱུང་སྙམ་པ་ལ་སོགས་པའི་ཐེ་ཚོམ་དང་། ཡིད་གཉིས་མེད་པར་ཡིན་ངེས་སྙམ་པ་གཏིང་ཚུགས་པའི་བློས་བསྒྲུབ་པར་བྱའོ། །སྐབས་སུ་ལས་བཞིའི་ཤམ་བུ་སྦྱར༔ དམིགས་པའི་སྤྲོ་བསྡུ་སྤྱི་འགྲོས་བྱ༔ ཞེས་པས་དུས་ཚོད་དང་སྦྱར་ཏེ། ཐོར་ཐུན་ལ་ཞི་བ། ཉིན་གུང་ལ་རྒྱས་པ། དགོང་མོ་ལ་དབང་། སྲོད་ལ་དྲག་པོ། སྔགས་དང་དམིགས་པ་ནི། བདག་མདུན་སྣོད་བཅུད་སྔགས་འཕྲེང་དང་བཅས་པ་དཀར་པོར་བསྒྱུར་བ་ལས། འོད་ཟེར་དཀར་པོ་ཟླ་བ་ལྟར་འཕྲོས་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་གྱི་སྡིག་སྒྲིབ་ནད་གདོན་བར་ཆད་འཇིགས་པ་བརྒྱད་དང་དམ་ཚིག་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བསམ་ཞིང་། སྒྲུབ་བསྙེན་གྱི་མཇུག་ཏུ། ཉམས་ཆག་རྟོག་སྒྲིབ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར་བ་ཉེར་གཅིག་ལས་མ་ཉུང་བ་བཟླས། དེ་བཞིན་དུ་སྔགས་འཕྲེང་འོད་ཟེར་སེར་པོ་གསེར་གྱི་བ་དག་འཛིངས་པ་ལྟ་བུ་འཕྲོས་པས་རང་ཉིད་ཀྱི་ཚེ་བསོད་དཔལ་འབྱོར་འདོད་དགུའི་ཡོན་ཏན། སྣང་ཉམས་ཀྱི་འཆར་སྒོ་ནམ་མཁའི་མཐའ་དང་མཉམ་པར་འཕེལ་བར་བསམས་ལ། ཉམས་སྣང་གོང་འཕེལ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། སྔགས་ཕྲེང་འོད་ཟེར་དམར་པོ་མེའི་མདོག་ལྟ་བུས་ཟག་བཅས་ཟག་མེད་ཀྱི་ཚོགས་ཐམས་ཅད་དང་། དབྱིངས་རིག་ཚད་ལ་ཕེབས་པའི་སྐུ་དང་ཞིང་ཁམས་མཁྱེན་པའི་ཡེ་ཤེས་ཤེས་རབ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་དབང་བསྒྱུར་བར་བསམས་ལ། རིག་པ་ཚད་ཕེབས་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ སྦྱར། སྔགས་འཕྲེང་འོད་ཟེར་ལྗང་གུ་དང་མཐིང་ནག་ཚ་ཞིང་རྩུབ་པའི་རྣམ་པ་འཕྲོས་པས། གཉིས་འཛིན་འཁྲུལ་བའི་གདོན་བགེགས་ས་དང་ལམ་གྱི་གེགས་བྱེད་དུ་ཤར་བ་ཐམས་ཅད་དབྱིངས་སུ་བསྒྲལ་བར་མོས་ལ་། རེ་དོགས་གཉིས་འཛིན་མཱ་ར་ཡ་ཕཊ། ཅེས་སྦྱར་རོ། ཐོར་ཐུན་དེ་ཀའི་མཇུག་ཏུ་མཆོད་བསྟོད་བྱས་ལ། སྐབས་སུ་ཚེ་ཡི་སྔགས་དམིགས་བསྒྱུར༔ ཚེ་འགུགས་ཐུགས་དམ་གནད་ནས་བསྐུལ༔ ཞེས་གསུངས་པས། ཐུན་བཞི་ཀ་ལ་མ་བྱུང་ཡང་། ཐོར་ཐུན་དང་ལྔ་ཐུན་གཉིས་ལ་ངེས་པར་སྦྱོར། དེའི་དམིགས་པ་ནི། གཞལ་ཡས་ཁང་གི་སྒོ་སྐྱོང་རིགས་བཞིའི་མཁའ་འགྲོའི་སྐུ་ལས་རང་འདྲའི་སྤྲུལ་པ་ཉི་ཁྲི་ཆིག་སྟོང་སྲིད་དང་ཞི་བའི་དབྱིངས་ཐམས་ཅད་ཁྱབ་པར་འཕྲོས་པས། འབྱུང་བ་ཆེན་པོ་ལྔའི་བཅུད་དང་དངས་མ་འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་དང་། རང་གི་བླ་ཚེ་ཆད་ཉམས་གཟུགས་མེད་ཀྱིས་བརྐུས་དང་འཕྲོགས་པ་ལ་སོགས་པ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པ་དང་། ཡི་གེ་ཨ་ནྲི་ཧཱུྃ་གི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་མཆོག་ཡོངས་སུ་རྫོགས་པ་ཚེའི་རིག་འཛིན་མངོན་དུ་གྱུར་པར་བསམས་ལ། སྒྲུབ་བསྙེན་གྱི་འཇུག་ཏུ་ཨཱོཾ་ཚེ་བྷྲཱུཾ་ཧྲཱིཿསྭཱ་ཧཱ། སྦྱར་བ་མང་ཉུང་རང་གི་འདོད་པ་ལྟར་བཟླས་ནས་མདའ་དར་གཡབ་ཅིང་། ཧཱུྃ་ཤར་ཕྱོགས་ཤེལ་གྱི་གཞལ་ཡས་ནས༔ ཞེས་པ་ནས། ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་བསྙེན་མཇུག་ཏུ་ཚེ་བྷྲཱུཾ་ཀ་ཡ་སིདྡྷི་ཨཱོཾ༔ དེ་བཞིན་དུ་ཚེ་བྷྲཱུཾ་གྱི་མཐར་ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་སྦྱར་ཞིང་ཚེ་འགུགས་དང་རྒྱུན་གྱི་དངོས་གྲུབ་ལེན་པ་ཟུང་འཇུག་གོ །སྔར་གྱི་ཕྱག་སྲོལ་ལྟ་བུ་དེང་སང་དར་བ་ལ་ཚེ་བསྙེན་དང་མཆོད་བསྟོད་འདི་སྐོར་ལ་གཏེར་གསར་བྱིངས་དང་ཅུང་མི་འདྲ་བ་ཞིག་འདུག་ཅིང་། ད་ལམ་གྱི་འདི་གཏེར་གཞུང་གི་ཚིག་དོན་ལྟར་བཀོད་པ་ཡིན། དེ་ནས་ཉེར་བསྡུ་བྱས་ནས་ལྷར་ལྡངས་ཏེ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད། དེས་ཐོར་ཐུན་ནོ། །དེ་ནས་སྔ་ཐུན་ལ་མཚམས་གཅོད་ནས་བཟུང་ཐུན་བསྡུ་བའི་བར་ཐོར་ཐུན་ལྟར་རོ། །དེ་ནས་དགོང་ཐུན་དང་སྲོད་ཐུན་ཁ་སང་ལྟར་རོ། །བསྙེན་པ་འགྲོ་ཁྱད་ཀྱི་ཐུན་གཉིས་མ་བྱེད་ན་འཇུག་པའི་ཉིན་ཐུན་གཅིག་དང་། དེ་རྗེས་ཐོ་རེངས་ནས་ཉིན་གུང་བར་ཐུན་གཅིག ཉིན་ཕྱེད་ཡོལ་ནས་སྲོད་འཁོར་བར་ཐུན་གཅིག་ཡིན་ཀྱང་བཟའ་བཏུང་སོགས་སྤྱོད་ལམ་གྱི་རིམ་པ་རང་དབང་འདུས་དཀའ་བས། ཐུན་གྱི་རྣམ་དབྱེ་ཕྱེད་པ་ལ་ཐུན་བཞིའི་ཁྲིགས་འདི་ལེགས་པར་སྣང་ངོ་། །ཐུན་མཚམས་གང་རུང་ཞིག་ཏུ་དགེ་སྦྱོར་ཆགས་མེད་བྱེད་དགོས་རིགས་ཡོད་ན་དེར་བྱ། ཐུན་འགོ་རྣམས་སུ་མཆོད་པ་ཁ་གསོ། དེ་ལྟར་སྒྲུབ་པའི་དུས་གྲངས་རྟགས་གསུམ་གྱི་རིམ་པ་ནི། དུས་ཀྱི་རྒྱལ་པོ་སྤྲེལ་ཟླ་ལ༔ སྨྲ་བ་བཅད་དེ་འབུམ་ཚོ་གསུམ༔ བཟླས་ཤིང་བསྒྲུབ་པའི་སྐལ་ལྡན་དེ༔ པདྨ་བདག་དང་སྐལ་བ་མཉམ༔ ཞེས་གྲངས་བསྙེན་འབུམ་ཚོ་གསུམ་ལ་ཁ་སྐོང་ཁྲི་ཚོ་གསུམ་དང་། རྟགས་ནི། དེ་ལྟར་སྒྲུབ་པའི་སྐལ་ལྡན་ལ༔ དངོས་དང་ཉམས་སམ་རྨི་ལམ་དུ༔ ཞལ་མཇལ་རྩ་གསུམ་ལུང་བསྟན་དང་༔ ཆོས་འཆད་གདམས་པ་འབོགས་པ་ཡོད༔ གཞན་ཡང་བཟང་ལྟས་དགེ་བའི་ལས༔ གྱེན་ལ་འགྲོ་དང་ཉི་ཟླ་ཤར༔ གྲུ་ཟམ་ཆུ་བོ་ལས་བསྒྲལ་དང་༔ རྣག་ཁྲག་ཟགས་དང་རོལ་མོ་འཁྲོལ༔ གོས་གསར་གོན་དང་ཁྲབ་རྨོག་གྱོན༔ ཁྲིར་འདུག་ཆོས་འཆད་ཁྲོམ་དབང་བསྐུར༔ བུད་མེད་བཟང་མོས་ཟས་སྟེར་དང་༔ ལྡེར་བཟོ་བཅོམ་དང་ལྷ་ཁང་བཤིགས༔ གཏེར་རྙེད་མཁར་འཕུར་རིན་ཆེན་རྙེད༔ དེ་སོགས་དགེ་བའི་ལྟས་མང་ཡོང་༔ དེ་ཚེ་རྟོག་པ་མི་བསྐྱིལ་བར༔ སྟོང་ཉིད་བློ་འདས་དོན་ལ་བལྟ༔ སྒྲུབ་པའི་ལྟས་རྣམས་ལོག་པ་དང་༔ སྙིང་མི་དགའ་ཞིང་ཡིད་མི་འོང་༔ མི་འདོད་པ་ཡི་ལྟས་བྱུང་ན༔ ཚེ་ལ་བར་གཅོད་ཡོད་པའི་རྟགས༔ སླར་ཡང་སྒྲུབ་པ་སྐྱོར་བ་དང་༔ ཚེ་སྒྲུབ་ལ་སོགས་ནན་ཏན་བྱ༔ རྣམ་རྟོག་འཛིན་པའི་ཁུ་འཕྲིག་གཅོད༔ གང་ཤར་ཆོས་ཉིད་རོལ་པར་འཁྱེར༔ མ་བཅོས་རང་མདངས་ས་ལེར་བསྐྱང་༔ མི་དམིགས་བློ་འདས་ཁྱམ་མེར་བསྐྱང་༔ བརྗོད་མེད་ལྷན་སྐྱེས་ཡེ་རེར་བསྐྱང་༔ ཞེས་གསུངས་པ་ལྟར་རོ། གསུམ་པ་རྗེས་ཀྱི་རིམ་པ་ནི། བསྙེན་གྲངས་ཐེམས་ནས་སྒྲུབ་རྫས་ལས༔ དབང་བཞི་ལེན་ཅིང་དངོས་གྲུབ་ཞུ༔ ལས་བྱང་བཞིན་དུ་རྗེས་བསྐྱང་ཞིང་༔ སྒྲུབ་རྫས་དམ་མེད་མི་ལ་སྦ༔ ཞེས་བསྙེན་སྒྲུབ་རྫོགས་པའི་དགོང་ཐུན་དང་སྲོད་ཐུན་ལ། དམིགས་པའི་ཁྱད་པར་བདག་མདུན་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་འཕྲོས་པས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། མཁྱེན་བརྩེ་ནུས་མཐུ་སོགས་དང་བརྟན་གཡོའི་བཅུད་དང་དྭངས་མ། ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་ཐོགས་མེད་དུ་བསྡུས་ནས་མདུན་བསྐྱེད་ལ་ཐིམ་པའི་དམིགས་པ་གཙོ་ཆེར་བྱ། ནང་པར་ཐོར་ཐུན་ལ། སྨན་རཀ་གཏོར་གསུམ་གསར་དུ་བརྗེ་བ་དང་གལ་ཏེ་མ་གྲུབ་ཀྱང་ཁ་གསོ་ཞིང་ཕྱི་མཆོད་ལ་སོགས་པ་གཟབ་རྒྱས་སུ་བྱ། བཟའ་བཅའ་བཏུང་བའི་བྱེ་བྲག་ཚོགས་འཁོར་ཀྱང་འབྱོར་ཚད་བཤམས༔ ཐུན་མོང་གི་སྔོན་འགྲོ་དང་གཏོར་མ་ཆ་གཉིས་བཏང་ཞིང་ལས་གཞུང་བཟླས་པའི་སྐབས་སུ་མདུན་བསྐྱེད་སྒྲུབ་རྫས་ལས་དངོས་གྲུབ་བསྡུ་བའི་དམིགས་པ་དང་། བཅས་རྩ་བསྙེན་མཇུག་ཏུ་ཀ་ཡ་ཝ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཅི་ནུས་སུ་བཟླས། སྐབས་དེར་ཞི་བའི་ལས་ཤམ་མི་དགོས། མཆོད་བསྟོད་དང་ཚེ་བསྙེན་ཚེ་འགུགས་བསྲུང་མའི་འཕྲིན་ལས་དང་། ཚོགས་བྱིན་རླབས་ཕུད་འབུལ་བསྐང་བ་བརྗོད་མེད་དོན་གྱི་བཤགས་པ་སོགས་བཤགས་ཚིག་སྣ་ཚོགས་ཀྱིས་རྒྱུད་བསྐུལ། ཐ་མ་བསྒྲལ་བསྟབ་དང་བཅས་པ་གྲུབ་ནས་སྐྱ་རེངས་དང་པོ་ཤར་དུས་ལ་བསྟུན་ཏེ་སྒྲུབ་རྫས་ལས་དབང་བཞི་ལེན་པ་ནི། ཧཱུྃ་བདེ་མཆོག་བདེ་སྦྱོར་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་ཉམས་སྦྱོར་དངོས་གྲུབ་མཆོག༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རེ་སྐོང་དངོས་གྲུབ་སྩལ་དུ་གསོལ༔ འཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཟད་མེད་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ སྒྲུབ་གཏོར་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་གཏུགས་ཏེ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་ལུས་ལ་ཐིམ་པས་སྐུའི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག་འབྲས་བུ་སྤྲུལ་པའི་སྐུ་ཐོབ། གསུང་ལས་འོད་ཟེར་དམར་པོ་འཕྲོས། རང་གི་ངག་ལ་ཐིམ་གསུང་གི་དབང་ཐོབ། ངག་གི་སྡིག་སྒྲིབ་དག་འབྲས་བུ་ལོངས་སྐུ་ཐོབ། ཐུགས་ལས་འོད་ཟེར་མཐིང་ག་འཕྲོས། རང་གི་ཡིད་ལ་ཐིམ། ཐུགས་ཀྱི་དབང་ཐོབ། སེམས་ཀྱི་སྡིག་སྒྲིབ་དག་ཆོས་ཀྱི་སྐུ་ཐོབ་པར་བསམས། དེ་ནས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབང་བཞི་པ་ཐོབ། ཤེས་བྱའི་སྒྲིབ་པ་དག མཆོག་གི་དངོས་གྲུབ་ཐོབ་པར་བསམས་ལ། གཏོར་ཟན་དང་། བདུད་རྩི་ཆུང་ཟད་མྱོང་། སིནྡྷུ་རའི་ཡིག་འབྲུ་རྣམས་སྲིན་ལག་གིས་མགྲིན་པར་བྱུགས། ཚོགས་ཀྱི་བཟའ་བཏུང་ལ་སོགས་པར་ཡང་ལོངས་སྤྱོད། ལྷག་གཏོར་དང་ཐུགས་དམ་བསྐུལ་བ། བཀའ་སྲུང་གི་གཏོར་མ་འབུལ་ཞིང་ཆད་ཐོ་བསྟན་སྐྱོང་རྟ་བྲོ་དང་བཅས་པ་སོང་ནས། བསྡུ་ཆོག་ལ་རྣམ་དབྱེ་ཕྱེད་པར་འདོད་ན་མདུན་བསྐྱེད་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་གང་ཡིན་ཀྱང་དམ་དབྱེ་སོ་སོར་ཕྱེས་ནས་རྡུལ་ཚོན་ཡིན་ན་ཡེ་ཤེས་གཤེགས། རས་བྲིས་དང་སྐུ་གཟུགས་སོགས་ལ་ཡེ་ཤེས་པ་བརྟན་པར་བཞུགས། དམ་ཚིག་པ་བདག་གི་ཐུགས་ཀར་བསྡུ། བདག་ཉིད་ཉེར་བསྡུ་ལྷར་ལངས་ནས་ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་སྟེ༔ ཞེས་སོགས་ཀྱི་ཚིག་དོན་ལ་མཉམ་པར་འཇོག་པ་ལས་བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་ནམ་ཡང་གཤེགས་མི་རུང་ཤིང་། རྒྱུན་གྱི་སྤྱོད་ལམ་སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་ངང་ནས་དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད། སྒོ་བྱང་ལ་གཏོར་འབུལ་སོགས་བྱས་ནས་བསྡུ་ཞིང་མཚམས་རིམ་པར་གྲོལ། ཞག་གཉིས་གསུམ་ལ་སོགས་པར་གནས་སྲུང་ཞིང་འབྱོར་ན་བསྙེན་པའི་ཁ་སྐོང་ཞི་བའི་སྦྱིན་སྲེག་ཀྱང་གྲུབ་ན་ཤིན་ཏུ་ལེགས། སྒྲུབ་རྫས་དམ་མེད་ལ་གསང་ཞིང་ལས་ཀྱི་རྗེས་མི་མངོན་པ་བྱ། བཞི་པ་ཕན་ཡོན་ནི། ཕྱོགས་བཅུའི་ཞིང་དུ་འདས་མ་འོང་ད་ལྟ་དང་མ་ངེས་པ་ཆོས་ཉིད་ཀྱི་དུས་ཏེ་དུས་བཞིའི་རྒྱལ་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་འབྱུང་གནས་ནི་བླ་མ་ལ་རག་ལས་ཏེ། འཁོར་འདས་ཐམས་ཅད་བླ་མའི་རང་བཞིན་དུ་ཤར་བ་དང་། དེ་ཉིད་རང་རྒྱུད་ལ་ངོ་སྤྲོད་མཁན་གྱི་བླ་མ་རྡོ་རྗེ་སློབ་དཔོན་དང་གུ་རུ་པདྨ་འབྱུང་གནས་དེ་རྣམས། རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་གཅིག་དང་དུ་བྲལ་གྱི་ངང་དུ་འབྱམས་སུ་ཀླས་པ་ཉིད་དེ། དེ་ལྟར་ངེས་ནས་བསྒྲུབས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཀུན་གོ་གཅིག་ཆོད་དུ་བསྒྲུབ་མེད་སྒྲུབ་པའི་མཆོག་དམ་པའོ། དེ་ཡང་སྤྱིར་བླ་མ་མཆོད་བཀུར་བསྒྲུབས་པའི་ཕན་ཡོན་ཚད་ལས་འདས་པ་སྟེ་བརྗོད་ཀྱིས་མི་ལངས་ཤིང་། མདོ་ཙམ་དུ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། མཆོད་པ་ཐམས་ཅད་ཡོངས་སྤང་ལ། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་བས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། ཞེས་དང་། ཁ་སྦྱོར་ཐིག་ལེའི་རྒྱུད་ལས། སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད། །གདུགས་དང་རྒྱལ་མཚན་ལ་སོགས་བས། །ཁྱད་པར་མཆོད་བཀུར་བྱས་པ་བས། །བླ་མའི་བ་སྤུའི་ཁུང་གཅིག་ལ། །མཆོད་པ་བྱས་པ་བསོད་ནམས་ཆེ། ཞེས་སོ། དེ་ཡང་དད་པ་དང་བརྩོན་འགྲུས་དང་། ཏིང་ངེ་འཛིན་གྱིས་མཉེས་པར་བྱས་པའི་ཕན་ཡོན་ནི། འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས། ཡོན་ཏན་ནང་ནས་དད་པ་མཆོག །སྟོང་གསུམ་གང་བའི་སངས་རྒྱས་ལ། །མཆོད་པ་ཐམས་ཅད་ཡོངས་སྤང་ལ། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་བས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། ཞེས་དང་། དེ་ཉིད་ལས། བསྐྱེད་རིམ་བསྐལ་པ་གསུམ་བསྒོམ་ལས། །བླ་མ་མཉེས་པའི་བསོད་ནམས་ནི། །དཔག་གིས་ལངས་བ་མ་ཡིན་ནོ། ཞེས་དང་། ཤེས་རབ་མཆོག་གི་བླ་མ་ལ། །རང་གིས་མཉེས་པར་བྱས་པ་ནི། །སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས། །བསྐལ་པ་བརྒྱ་ཕྲག་མང་པོར་ཡང་། །སུ་ཡིས་བཀླགས་ཤིས་བརྗོད་པ་ལས། །བསོད་ནམས་འབུམ་ཕྲག་བསམ་ཡས་སོ། ཞེས་སོ། བྱེ་བྲག་སྒྲུབ་པ་འདི་ཉིད་ཀྱི་ཕན་ཡོན་ཀྱང་། གཞུང་ལས། འདི་ལྟར་བརྩོན་པའི་རྣལ་འབྱོར་ལ༔ ལུས་ལ་རླུང་ཕོག་འགྲོ་བ་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ དཔའ་བོ་མཁའ་འགྲོ་གྲིབ་བཞིན་འགྲོག༔ ཆོས་སྐྱོང་སྲུང་མས་སྡོངས་གྲོགས་བྱེད༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས༔ སྐྱེ་བ་པདྨའི་དྲུང་དུ་འོང་༔ དེ་ཕྱིར་གཅེས་སོ་ཉམས་སུ་ལོངས༔ ཞེས་དང་། བླ་མ་དགོངས་འདུས་རྩ་གསུམ་དྲིལ་སྒྲུབ་ལས་ཀྱང་། ང་ཡི་རྗེས་འཇུག་སྐལ་ལྡན་ལས་ཅན་ཀུན༔ བླ་མ་སྒྲུབ་དང་ཡི་དམ་གང་གི་རིགས༔ མཁའ་འགྲོ་ལ་སོགས་ཇི་ལྟར་སྒྲུབ་འདོད་ཀྱང་༔ ངོ་བོ་ང་ལ་རྣམ་པ་གཞན་གྱི་གཟུགས༔ སྐུ་མདོག་ཕྱག་མཚན་སྟངས་སྟབས་ལ་སོགས་པར༔ བསྒྲུབས་པར་གྱུར་ན་གང་འདོད་འགྲུབ་འགྱུར་ཞིང་༔ ཇི་ལྟར་འདོད་པའི་དངོས་གྲུབ་སྩོལ་བར་ནུས༔ དེ་ཚེ་ཐེ་ཚོམ་ཡིད་གཉིས་སྤོངས་ལ་སྒྲུབས༔ ཅེས་དང་། གུ་རུ་ཆོས་དབང་གི་གཏེར་བྱོན་བླ་མ་གསང་འདུས་ལས༔ དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་།དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མའི་སྒྲུབ་པ་ལ༔ བསྐྱལ་ན་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང་། ཨོ་རྒྱན་པདྨ་བདག་ཉིད་ལ༔ མོས་པ་དྲག་པོས་གུས་པ་དང་༔ དུང་དུང་གདུང་སེམས་དྲག་པོ་ཡིས༔ གསོལ་བ་དྲག་པོ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་འབྱོན༔ ཞེས་དང་། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ངེས་ཤེས་བསྐྱེད་ལ་བརྩོན་པས་ཉམས་སུ་བླངས་ན་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་རླབས་ཆེན་འབྱུང་བར་འགྱུར་རོ། དཔལ་ལྡན་རྩ་གསུམ་འཁོར་ལོའི་ཕྱག་རྒྱ་ཡིས། །ཕྱི་ནང་སྣོད་བཅུད་མ་དག་འཁྲུལ་པའི་ཚོགས། སྐུ་དང་ཡེ་ཤེས་རོལ་པར་རྒྱས་འདེབས་པའི། །ལས་བཟང་འདི་ནི་སྐལ་ལྡན་འཇུག་ངོགས་ཡིན། །དེ་ལྟར་བླ་མ་གསང་བ་འདུས་པའི་བསྙེན་ཡིག་འདི་ནི་ཨངྐི་ར་ཞེས་ཆུ་ཕོ་སྤྲེའུའི་ལོར་སྤྲེལ་ཟླར་འདི་ཉིད་ཀྱི་སྒྲུབ་པ་བྱེད་མཁན་འགའ་ཞིག་འབད་རྩོལ་བགྱིས་དུས་བསྙེན་ཡིག་ཞིག་དགོས་ཞེས་དགེ་སློང་སྐལ་བཟང་བྱང་ཆུབ་ཀྱིས་ནན་ཏན་ཡང་ཡང་བསྐུལ་བ་དང་བསྒྲུབ་མི་རྣམས་ལ་ཕན་ཕྱིར་སྙམ་ནས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའི་དགེ་བས་མཁའ་མཉམ་ལུས་ཅན་ཀུན་ཀྱང་གདོད་མའི་མགོན་མཆོག་ཆོས་སྐུ་གསང་བ་འདུས་པའི་གོ་འཕང་དམ་པ་ཐོབ་པའི་རྒྱུར་གྱུར་ཅིག །

སྲིང་རྫོང་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ།

གནས་མཆོག་སྲིང་མོ་རྫོང་གི་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ་བཞུགས༔ གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་གནས་ཆེན་ཙ་རིའི་སྒྲུབ་པ་རྫོགས་ནས༔ སློབ་དཔོན་རིན་པོ་ཆེ་ཁམས་སྲིང་མོ་རྫོང་ཞེས་བྱ་བའི་གནས་ལ་ཕེབས་ཤིང་༔ ལྷ་འདྲེ་དམ་ལ་འདོགས་པ་དང་གཏེར་ཁ་མང་པོ་སྦས་པའི་ཚེ༔ མདོ་རི་མཁའ་འགྲོ་འབུམ་དེལ་གྱི་བཞུགས་ཁྲི་སེང་གེ་འགྱིང་བསྣོལ་གྱི་སྟེང་ན་ཚོགས་ཀྱི་འཁོར་ལོ་བསྐོར་ནས༔ ཡེ་ཤེས་དང་འཇིག་རྟེན་གྱི་འཁོར་རྣམས་ལ་ཆོས་ཀྱི་གདམས་པ་མང་པོ་གསུངས་པའི་ཚེ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ ཀྱེ་སློབ་དཔོན་རིན་པོ་ཆེ་ལགས༔ ད་ལྟའི་གནས་སྲིང་མོ་རྫོང་ཞེས་བྱ་བ་འདི་ཉིད་དུ༔ དུས་ད་ནས་བཟུང་སྟེ་མ་འོངས་ཀྱི་བར་ལ་དར་གུད་ཅི་འདྲ་འོང་༔ མདོ་ཁམས་གླིང་དྲུག་སྐྱེ་འགྲོ་རྣམས་ལ་ཆགས་གནས་འཇིག་སྟོངས་གང་འདྲ་འབྱུང་༔ ལས་དག་དང་མ་དག་གི་འགྲོ་བ་ཅི་འདྲ་འོང་༔ སྐལ་ལྡན་གྱི་སྐྱེས་བུ་ཇི་ཙམ་འབྱོན་ལགས་ཞུས་པས༔ སློབ་དཔོན་རིན་པོ་ཆེའི་ཞལ་ནས༔ ཇོ་མོ་མཚོ་རྒྱལ་ཁྱོད་ཀྱིས་ཉོན་ལ་ཡི་གེར་ཐོབ་ཅིག༔ བདག་གིས་ཅུང་ཟད་ཅིག་བརྗོད་པར་བྱའོ༔ དེ་ཡང་ཁྱེད་པྲེ་ཏ་བོད་ཀྱི་རྒྱལ་ཁམས་སྤྲེའུའི་ཚ་བོ་ཆགས་པའི་གླིང་འདི་ལ་བདེ་སྡུག་གི་རྣམ་གྲངས་ནི་བརྗོད་ཀྱིས་མི་ལང་བ་ཞིག་འོང་༔ ཁྱད་པར་མདོ་ཁམས་སྒང་དྲུག་གི་འགྲོ་བ་རྣམས་ལ་བདེ་སྡུག་དབྱར་གྱི་ཉི་མ་ལྟ་བུ་ཞིག་འོང་༔ དེའི་ནང་ནས་རགས་པ་འགའ་ཞིག་བརྗོད་ན༔ ད་ལྟ་མི་མེད་ཀྱི་ལ་ལུང་འདི་ཐམས་ཅད་དུ་མིའི་འགྲོ་བ་མཆེད་ཅིང་ས་འདི་ཐམས་ཅད་ཡུལ་གྲོང་དུ་ཁྱམ་མེར་འགྲོ༔ དེ་དུས་དབུས་དང་གཙང་དུ་ང་ཡི་སྤྲུལ་པ་དང་ས་ཐོབ་གྱི་བྱང་སེམས་མང་པོས་འགྲོ་དོན་རྒྱ་ཆེར་སྤྱོད༔ མདོ་སྔགས་གཉིས་ཞེས་བྱ་བའི་བསྟན་པ་འབྱུང་༔ དངོས་གྲུབ་ཐོབ་པའི་གང་ཟག་ཁམ་སྡོང་ལ་མེ་ཏོག་བཀྲ་བ་ལྟ་བུ་ཞིག་འབྱུང་༔ དེ་དུས་མདོ་ཁམས་ཀྱི་འགྲོ་བ་རྣམས་དགེ་མེད་སྡིག་མེད་ལ་སྡོད་པ་ཞིག་འོང་༔ དེ་ནས་དུས་དང་བསྐལ་བ་ཚན་གཅིག་ཡོལ་བའི་འོག་ཏུ་སེམས་ཅན་གྱི་སྐྱིད་པ་ཟད་པས་སྡུག་བསྔལ་དར་དྲག་ལ་ཡུན་རིང་བ་ཞིག་དབུས་དང་གཙང་དུ་འབྱུང་བའི་དུས་སུ༔ མདོ་ཁམས་ཀྱི་ཆ་འདི་ལའང་དགེ་འདུན་གྱི་སྡེ་ཐར་ཐོར་འབྱུང་ཞིང་༔ མདོ་ཁམས་ཀྱི་སྐྱེ་འགྲོས་བོད་དབུས་གཙང་ལ་བློ་གཏད་ཅིང་གང་ཟག་དང་ཆོས་ལ་ཡིད་སྨོན་ཅིང་གསོལ་བ་འདེབས༔ ཀུན་གྱིས་ཆོས་སྤྱོད་དགེ་བ་བཅུ་ལ་འདུན་པའི་དུས་ཤིག་འོང་༔ དེ་ནས་དབུས་གཙང་དུ་ཆགས་སྡང་གཉིས་ཀྱི་མགོ་འཛུགས༔ སྲིད་དང་ཆོས་སྦྲེལ༔ རྫོང་དང་དགོན་སྦྲེལ༔ རྒྱ་བོད་ཐགས་ལྟར་བྲན༔ མི་སྲིད་པའི་སྲིད་པ་སྣ་ཚོགས་ཤིག་དར་བའི་ཚེ༔ གང་ཟག་ཀྱང་མང་དུ་འབྱུང་ཞིང་བསྟན་འགྲོའི་དོན་བྱེད་བདུད་སྤྲུལ་ཡང་སྤྲིན་ལྟར་འཐིབ་ཅིང་སངས་རྒྱས་ཀྱི་བསྟན་པའི་གསོབ་ཏུ་ཞུགས་ནས་བསྟན་ཞབས་ལ་ཐག་པ་འདོགས་པ་འོང་༔ དེ་དུས་རྒྱ་ནག་གི་རྒྱལ་པོའི་དམག་ཀྱང་བོད་འདིར་ཐེངས་འགའ་འབོ་ཞིང་བོད་ཡུལ་གྱི་བློ་གཏད་རྒྱ་ནག་ལ་བྱེད༔ པྲེ་ཏ་བོད་འདི་རྣམས་ཀྱང་ད་ལྟའི་ཇ་འདི་ལ་སྲེད་ཅིང་གདུང་བས༔ རྒྱ་ནག་པས་ཀྱང་ཇ་ཁོ་ན་ལས་ཤིང་ཇ་སིག་རྣམས་ཀྱི་ནང་དུ་རྒྱ་འདྲེ་མང་པོ་རྫོང་ནས་བོད་དུ་གཏོང་བས་རྒྱ་འདྲེས་བོད་ཁམས་གཡོ༔ ནད་ཀྲེ་ཏའི་རིགས་དང་འབྲུམ་ནག་མེ་དབལ་རྒྱ་ཐོར་སོགས་འབྱུང་༔ དེ་ནས་དབུས་གཙང་དུ་ད་ལྟ་བསྒྱུར་བའི་གསང་སྔགས་རྣམས་བག་ལ་ཞ་ཞིང་ནམ་ལངས་ཀྱི་སྐར་མ་ལྟར་ནུབ༔ གསར་རྙིང་ཟེར་བའི་གྲུབ་མཐའ་ཕྱི་བ་དང་ནང་པ་འཕྲད་པ་འདྲ་བ་ཞིག་འོང་༔ དེ་དུས་སྡིག་བརྔམ་སུ་ཆེ་དཔོན་ལ་འཁུར༔ གཡོ་རྒྱུ་སུ་བཟང་གཙོ་བོར་འབོད༔ དགེ་འདུན་གྱི་བསྟན་པ་དར་དྲག་པ་ཞིག་གི་མཇུག་ཏུ་རང་བསྟན་རང་གིས་བཤིག་སྟེ༔ ཚོགས་ལ་དགེ་འདུན་རི་ལ་རྔོན་པ་བྱེད་པ་འོང་༔ དེ་དུས་ལས་དག་པའི་དགེ་བཤེས་ཀྱང་མང་དུ་འབྱུང་ཞིང་༔ གཏེར་ཁ་ཡང་འགའ་རེ་རྡོལ་ཀྱང་འགྲོ་དོན་ནི་ཆེ་བར་མི་འོང་༔ ཁྱད་པར་ང་ཡི་སྤྲུལ་པ་ལ་གཉལ་སྨད་ལྷ་རྗེ་ཞེས་བྱ་བ་ཞིག་འབྱུང་ཞིང་སྒྲུབ་པའི་བསྟན་པ་འཛུགས༔ ཁམས་ཕྱོགས་འདི་ནས་ཀྱང་གང་ཟག་འགའ་རེ་འབྱུང་ཞིང་དབུས་སུ་འགྲོ་སྟེ་དངོས་གྲུབ་འཐོབ་པ་མང་དུ་འབྱུང་༔ དེ་དུས་ཁམས་པ་འདི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཆེས་ཆེར་དད་པ་འོང་༔ ཆོས་ལ་ཞུགས་ནས་ལམ་སྣ་མི་ཟིན་པ་མི་འབྱུང་༔ དེ་ནས་དགེ་བྱེད་སྡིག་བྱེད་ཀྱི་སྤྱོད་པ་ནི་སྣ་ཚོགས་པ་ཞིག་འོང་ཞིང་༔ སྡེ་དགོན་སྐར་མ་བཀྲ་བ་ལྟ་བུ་ཞིང་འོང་༔ སྡེ་རེ་དང་དགོན་རེ་སྦྲེལ༔ གྲོང་རེ་དང་དཔོན་རེ་སྦྲེལ་ཞིང་དཀར་ནག་གི་ལས་ནི་ཁྲག་དང་འོ་མ་བསྲེས་པ་ལྟ་བུར་སྤྱོད་པའི་དུས་ཤིག་འོང་༔ བླ་མ་ཕལ་མོ་ཆེ་མི་དཔོན་དུ་འགྱུར་ཞིང་ཁྲིམས་ལས་བྱེད༔ མི་དཔོན་ཕལ་མོ་ཆེ་བླ་མར་འགྱུར་ཞིང་དད་ཟས་བཟའ༔ དེ་དུས་བཤད་སྒྲུབ་ཆོས་བརྒྱད་ཀྱི་དབང་ཁོ་ནར་གཏོང་བས་དཀར་ཕྱོགས་ཀྱི་གཞི་བདག་ཉམས་དམའ༔ ནག་ཕྱོགས་དར་བས་ཧོར་སོག་གི་མི་སྣ་ཐར་ཐོར་འབྱུང་༔ ནད་རིགས་དང་མི་དགེ་བའི་ལྟས་ཀྱང་ཚབ་ཚུབ་ལང་༔ དེ་རྣམས་བཟློག་པར་འདོད་ན་མདོ་ཁམས་མཆོད་རྟེན་དང་ཀློང་ཐང་སྒྲོལ་མ་སོགས་ང་ཡིས་རྒྱབ་པའི་ས་གནད་གསོས་པའི་མཆོད་རྟེན་འདི་རྣམས་ལ་ཞིག་གསོ་དང་རབ་གནས་སྐྱོར་ན་བཟློག་ཀྱང་། བྱེད་མཁན་ཤིན་ཏུ་ནས་དཀོན་པ་འབྱུང་༔ དེ་ནས་བོད་ཁམས་སྤྱི་དང་བྱེ་བྲག་མདོ་ཁམས་སྒང་དྲུག་གི་འགྲོ་བ་རྣམས་རང་རང་གི་ཡུལ་མི་དགོན་སྡེ་སོགས་སིལ་བུར་འགྲོ་སྟེ༔ ཐམས་ཅད་ཨར་ཇག་ལིངས་ལ་བརྩོན༔ ནང་འཁྲུག་དང་དམེ་ཁྲག་ཡང་ཡང་འཐོར༔ ལས་སུ་མཚོན་ཆ་ལས་ཤིང་གོས་ལ་ལྕགས་ཆ་གྱོན༔ གཙུག་ལག་ཁང་མང་པོ་བྱ་བྲུན་གྱིས་འགེང་༔ དེ་དུས་ང་ཡི་སྤྲུལ་པ་ལས་ཨ་ཙ་ར་ཞིག་གིས་རྡོ་རྗེ་གདན་གྱི་ཀེ་ཚང་ནས། སྟོན་པའི་འཕེལ་གདུང་བྱེའུའི་སྒོ་ང་ཙམ་ཞིག་གཏེར་ནས་འབྱིན་ཏེ༔ ཁམས་སྒ་རྒྱུད་དུ་བཞུགས་སུ་གསོལ་བས་མཐའ་དམག་ལོ་བརྒྱའི་བར་དུ་ཕྱིར་བསྲིང་༔ ཁམས་པ་རྣམས་གཞན་དབང་དུ་མི་འགྲོ་བར་རང་ཚོད་དར་ཅིག་ཟིན༔ དམ་པ་ཞེས་བྱ་བའི་གང་ཟག་ཁྱད་འཕགས་ཞིག་འབྱོན་ཏེ་ཀ་ཐོག་ཏུ་སྒྲུབ་པའི་སྡེ་འཛུགས་པས་བདུད་ཚོགས་དར་ཅིག་ཉམས་དམའ་བར་འབྱུང་ཞིང་༔ སྒ་སྟོན་དང་རས་ཆེན་པ་དང་༔ ཤཱཀྱ་འབྱུང་སོགས་གང་ཟག་རྣམས་མང་ཞིག་འབྱུང་༔ འོན་ཀྱང་སེམས་ཅན་སྤྱིའི་དགེ་བ་སྟོབས་ཆུང་བས་ནག་པོའི་རིགས་ལ་མངོན་བར་དགའ་བའི་གཞི་བདག་རྣམས་ཀྱི་སྤྲུལ་པ་དང་༔ ཁྱད་པར་ལྷ་མ་ཡིན་གྱི་བུ་ཏོག་བཟང་རབ་དགའ་ཚེ་འཕོས་པ་ཁམས་སུ་མི་ལུས་ལེན་ཅིང་༔ སྨོན་ལམ་གྱི་དབང་གིས་རང་འདྲའི་འཁྲུག་རྩོད་ལ་དགའ་བའི་སྐྱེ་འགྲོ་མང་པོ་འབྱུང་ཞིང་༔ སྟེང་ནས་ལྷ་དང་ལྷ་མིན་འཁྲུག༔ འོག་ན་ཀླུ་དང་ས་བདག་འཁྲུག༔ བར་ན་གཉན་དང་སྡེ་བརྒྱད་འཁྲུག༔ དེའི་རླངས་མི་ཡི་ཤེས་རྒྱུད་ལ་ཕོག་པས་ཀུན་ཀྱང་ཞེ་སྡང་མེ་ལྟར་འབར༔ ཕྲག་དོག་རླུང་ལྟར་འཚུབ༔ འདོད་ཆགས་ཆུ་ལྟར་འཁྲུག་ཅིང་༔ འཁྲུག་པའི་བསྐལ་བ་ཞིག་འུར་ཟིང་ལང་སྟེ༔ གླིང་དང་ཧོར་འཁྲུག༔ མདོ་སྟོད་དང་མདོ་སྨད་འཁྲུག༔ འཇང་དང་གོ་བོ་མེ་ཉག་རྣམས་འཁྲུག༔ གླིང་ནས་རོ་ལངས་མ་ཞིག་འོང་༔ འདན་ནས་མོ་སྨྱོན་གཉིས་འབྱུང་༔ མདོ་སྨད་ནས་བདུད་སྤྲུལ་གྱི་བླ་ཆེན་ཅིག་འོང་༔ ཚ་བ་ནས་འགོང་སྤྲུལ་གྱི་གྲུབ་ཐོབ་ཡིན་ཟེར་བ་ཞིག་འབྱུང་༔ ངོམ་ནས་རང་གྲོལ་ཞེན་ལོག་གི་བརྫུ་ཞིག་ཡོང་༔ དེ་དག་ཐམས་ཅད་བདུད་སྤྲུལ་ཡིན༔ དེ་དུས་པདྨ་ང་ཡི་སྤྲུལ་པ་རྣལ་འབྱོར་བརྟུལ་ཞུགས་དང་ལྡན་པ་ཞིག་གཙང་དུ་འཁྲུངས་ཤིང་༔ ཁ་བ་ཅན་འདིའི་བྱང་རྒྱུད་ཀྱི་ས་མཐའ་རྣམས་ལ་མཐའ་དམག་གི་ཁ་གནོན་མཆོད་རྟེན་ཉེར་ལྔ་བརྩེགས༔ སྐལ་ལྡན་གྱི་སྐྱེས་བུ་ཞིག་གིས་མདོ་ཁམས་མཆོད་རྟེན་དཀར་ཆུང་ལ་ཞབས་རྟོག་བྱེད༔ རྣལ་འབྱོར་པ་སྒ་ལོས་ཅི་རཱ་ཙ་རྫོང་གི་གནས་སྒོ་འབྱེད་ཅིང་གསང་གཏེར་འབྱིན༔ གཙང་གཤིས་རྡོ་རྗེ་གྲོ་ལོད་དུ་སྒྲུབ་སྡེ་ཕྲན་བུ་ཞིག་འབྱུང་༔ དེ་དུས་ཁམས་པ་རྣམས་ཀྱིས་མོ་དང་རྩིས་ལ་བློ་གཏོད༔ སྒྲུང་དང་ཤི་ལོག་མིའུ་རིགས་བརྒྱུད་ཆད་ཁུངས་བཤད་ཅིང་ཆོས་ལྟར་ཉན༔ ཧོར་རྣམས་རྡོལ་ཞིང་ཁམས་པའི་བདེ་བ་བཅོམ༔ ས་ཐེའུ་གནམ་ཐེའུ་བར་ཐེའུ་རྣམས་འཁྲུག་ཅིང་འཐབ་པས་ནད་མཚོན་མུ་གེའི་བསྐལ་པ་ཡང་ཡང་འོང་ཞིང་༔ དཀར་ཕྱོགས་སྐྱོང་བ་ཕལ་མོ་ཆེ་རི་རབ་ལ་འབྲོས༔ ནག་པོའི་རིགས་ཀྱི་གཞི་བདག་དར་ནས་ཧོར་ལ་བདུད་ནལ་ཁྱི་ཁྲག་འཐུང་གི་སྤྲུལ་པའི་རྒྱལ་པོ་སྡིག་ཅན་རྒྱལ་གྱི་མིང་ཅན་ཞིག་འོང་༔ དེའི་མི་བརྒྱུད་ཉེར་ལྔའི་བར་དུ་བདུད་ཀྱི་སྤྲུལ་པ་ཟམ་མ་ཆད་པར་འོང་ཞིང་མི་དགེ་བཅུ་ལ་སྤྱོད༔ ཁ་ལག་འབྲེལ་ཚད་ངན་སོང་དུ་འཁྲིད༔ ཨོ་རྒྱན་ང་དང་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་གང་ཟག་སྦས་ཚུལ་ཅན་མགོན་པོའི་མིང་ཅན་དང་༔ རྡོ་རྗེའི་མིང་ཅན་དང་༔ ཆོས་ཀྱི་མིང་འཛིན་པའི་གང་ཟག་གསུམ་འབྱུང་ཞིང་མཐོང་ཐོས་འགྲོ་བ་ཐར་པར་འགོད༔ འབྲོང་པ་ལ་བདུད་སྤྲུལ་ཨ་ཡི་མིང་ཅན་གྱི་དཔོན་ཅིག་ཡོང་༔ དེའི་མི་རབས་མ་རྫོགས་བར་དུ་བདུད་སྤྲུལ་མི་རྫོགས༔ དེའི་བརྒྱུད་ལ་རྣལ་འབྱོར་གྱི་བུ་མོ་གསུམ་འོང་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པ་སྟེ༔ བདུད་སྤྲུལ་དེ་རྣམས་ཀྱི་ཁ་གནོན་ཡིན་ནོ༔ གོ་བོ་རོང་དུ་ཀུན་དགའི་མིང་ཅན་ཀྱི་བླ་མ་ཞིག་འོང་༔ དེ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པས་དེའི་མི་རབས་མ་རྫོགས་བར་དུ་བྱང་སེམས་རྒྱུན་མི་འཆད༔ གྲགས་པ་དང་འཕགས་པ་དང་དཀོན་མཆོག་དང་ཤེས་རབ་དང་ཚེའི་མིང་ཅན་གྱི་བདུད་སྤྲུལ་ལྔ་དང་༔ སྒྲོལ་མ་དང་དཀར་མོ་དཔལ་འཚོ་ལ་སོགས་པའི་བདུད་མོ་གསུམ་སོགས་ཀྱང་མི་ཐོག་རྣམས་ཀྱི་བར་བར་དུ་འབྱུང་སྟེ༔ མི་དགེ་བའི་ལས་ཀྱི་འགོ་མང་པོ་འཛུགས་ཤིང་འབྲེལ་ཚད་ཐུར་དུ་འཁྲིད་པའང་ཡོང་༔ མེ་ཉག་གི་ཡུལ་དུ་བདུད་སྤྲུལ་གྱི་གཙོ་བོ་དགུ་འབྱུང་༔ རྣལ་འབྱོར་སྤྱོད་པའི་བྱང་སེམས་དགེ་སློང་གསུམ་འོང་༔ སྒ་རྗེ་དང་གླིང་ཡུལ་དུ་བདུད་སྤྲུལ་གྲངས་མེད་འབྱུང་༔ སྤྲུལ་པའི་གང་ཟག་ཀྱང་གསུམ་འབྱུང་ཞིང་འགྲོ་དོན་དཔག་མེད་བྱེད༔ རི་བོ་ཆེ་ན་གང་ཟག་གི་དགེ་བཤེས་གསུམ་འབྱུང་༔ ང་ཡི་སྤྲུལ་པ་སངས་རྒྱས་ཀྱི་མིང་ཅན་ཞིག་ཀྱང་འོང་༔ རྟགས་ཙམ་འཛིན་པའི་དགེ་བཤེས་ལྔ་འབྱུང་༔ བསྟན་ལ་གནོད་པའི་དགེ་བཤེས་གསུམ་འབྱུང་༔ བེ་རི་ལ་རྒྱལ་པོ་རྒྱལ་གྱི་མིང་ཅན་ཞིག་འོང་བ་ནི་བློན་ཏ་ར་ཀླུ་གོང་གི་སྤྲུལ་པ་སྟེ༔ སངས་རྒྱས་བསྟན་ལ་སྡང་ཞིང་འགྲོ་བ་ཡོངས་ལ་སྡིགས༔ དེ་ཉིད་གདུལ་བའི་གཉེན་པོར་མཚོ་རྒྱལ་ཁྱོད་ཀྱིས་སྤྲུལ་པའི་བུད་མེད་དཔལ་གྱི་མིང་ཅན་ཞིག་འབྱུང་ཞིང་༔ དེའི་མི་རབས་མ་རྫོགས་བར་ལ་བདུད་ཀྱི་སྤྲུལ་པ་རྒྱུན་མི་འཆད༔ སྐྱབས་ཀྱི་མིང་འཛིན་ལས་ཅན་འབྱུང་༔ སྒོམ་སྡེར་བསོད་ནམས་དང་ཀརྨའི་མིང་ཅན་བདུད་སྤྲུལ་གྱི་དཔོན་གཉིས་འོང་༔ དེའི་མི་རབས་མ་རྫོགས་བར་དུ་བདུད་སྤྲུལ་འོང་༔ སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་པའི་གང་ཟག་གཉིས་འབྱུང་༔ ཁྱུང་པོར་ཞང་བློན་ཁྲ་མགོ་ཅན་གྱི་སྤྲུལ་པ་དཔོན་ཅིག་འོང་༔ དེའི་མི་བརྒྱུད་ལ་བདུད་ནལ་བུ་ར་གདོང་སོགས་ཀྱི་སྤྲུལ་པའི་བདུད་རིགས་ཕོ་མོ་བཅོ་བརྒྱད་འབྱུང་༔ དེ་རྣམས་ཀྱི་ཁ་གནོན་དུ་དཔལ་དང་དབང་དང་བཀྲ་ཤིས་ཀྱི་མིང་འཛིན་ལས་དག་པའི་དཔའ་བོ་གསུམ་འབྱུང་༔ ངའི་སྤྲུལ་པ་དྲུང་པའི་མིང་ཅན་ཞིག་འབྱུང་ཞིང་ཁ་བྱང་འབྱིན༔ བར་ཆད་ཀྱི་དབང་དུ་མ་སོང་ན་ཆོས་བོན་སོགས་གཏེར་འགའ་འབྱིན་ཞིང་བསྟན་འགྲོ་སྐྱོང་༔ གནས་འདིའི་ཤར་ཕྱོགས་ལུང་གསུམ་ན་སྡེ་དགོན་ཞིང་ལུད་བཀྲམས་པ་ལྟ་བུ་འབྱུང་ཞིང་༔ ཤར་ཟླ་ཕུ་གངས་ཀྱི་ར་བའི་སྲུང་མ་དང་གནས་འདིའི་སྲུང་མ་རྣམས་ཀྱིས་མགོན་སྐྱོབ་བྱེད་པས་མཐའ་དམག་གི་འཇིགས་པ་ཐུབ་པ་འབྱུང་༔ འབྲོང་ངུར་གྱི་སྔགས་བརྒྱུད་ལ་ལས་ཅན་གྱི་གང་ཟག་གསུམ་འབྱོན༔ རྟགས་ཙམ་འཛིན་པའི་སྔགས་བན་གཉིས་འབྱུང་༔ བདུད་སྤྲུལ་གྱི་བླ་གཟུགས་དགུ་འོང་༔ བདུད་སྤྲུལ་གྱི་བུ་མོ་གཉིས་འབྱུང་ཞིང་བྱུར་སྣ་འདྲེན༔ རེ་ཤོད་ཞེས་བྱ་བ་ན་སྔགས་པ་སྲུང་གི་མིང་ཅན་ཞིག་འོང་སྟེ༔ ངས་བརྒྱབ་པའི་མཆོད་རྟེན་ཞིག་གི་རབ་གནས་ཉམས་འཇུག་པས་འཕྲལ་ལ་མི་དགེ་བའི་ལྟས་འབྱུང་བར་འགྱུར་རོ༔ ཡུལ་དེ་ཉིད་དུ་བླ་མ་དཔལ་མགོན་གྱི་མིང་ཅན་ཞིག་འོང་སྟེ་འགྲོ་དོན་ཐེབས་ཅིག་བྱེད༔ ཡུལ་དེར་བདུད་ཀྱི་སྤྲུལ་པའི་བན་བཙུན་འགའ་འབྱུང་༔ ཡུལ་དཀར་ཤོད་བྱ་བ་ནས་ཚེའི་མིང་ཅན་ཀྱི་མི་གྲགས་པ་ཅན་ཞིག་འོང་བ་ནི་བདུད་ཀྱི་སྤྲུལ་པ་ཡིན༔ བསམ་འགྲུབ་བྱ་བའི་ལས་ཅན་ཞིག་ཀྱང་ཡོང་༔ ཨ་སྐྱབས་ཟེར་བའི་སྡིག་ཅན་འབྲེལ་ཚད་ཐུར་དུ་འཁྲིད་མཁན་ཞིག་ཀྱང་འབྱུང་༔ དཀར་རྔུ་བྱ་བའི་ས་ཆ་ན་ནག་པོ་བདུད་ཀྱི་སྤྲུལ་པའི་མི་གསུམ་འོང་༔ བསམ་འཕེལ་ཚེ་སྐྱབས་དཀར་བསྲུང་བྱ་བ་འབྱུང་༔ ནོར་སྐྱོང་བྱ་བའི་བུད་མེད་མཚན་ལྡན་འོང་༔ སོག་ཁུ་རུ་འཕྲང་གི་གནས་འདབས་ན་ཀརྨའི་མིང་ཅན་སྐྱེས་བུ་ཞིག་འབྱུང་ཞིང་ཟབ་གཏེར་ཀྱི་སྒོ་འབྱེད༔ རྟེན་འབྲེལ་འགྲིག་ན་བྱང་སྨན་མོ་རང་འཚོགས་ཀྱི་གནས་སྒོ་འབྱེད༔ གཏེར་ཆོས་ཀྱི་འགྲོ་དོན་ཆེན་པོ་འབྱུང་༔ རྟེན་འབྲེལ་ཉམས་ན་མི་རུང་སྣ་ཚོགས་འོང་༔ སོག་ཟམ་ཁ་ཞེས་བྱ་བ་ན་ཚེ་སྐྱིད་ཞེས་བྱ་བའི་མཁའ་འགྲོ་མ་ཞིག་འབྱུང་སྟེ་གསང་གཏེར་ཟུང་གཉིས་འདོན༔ རྟེན་འབྲེལ་འགྲིག་ན་འགྲོ་དོན་ཀོང་པོར་དར༔ རྟེན་འབྲེལ་ཉམས་ན་རིགས་ངན་གྱི་མི་དང་འབྲེལ་ཞིང་འགྲོ་དོན་རྒུད༔ སོག་གླང་དོ་བྱ་བ་ན་ཚེའི་མིང་ཅན་བདུད་སྤྲུལ་འབྱུང་༔ རྡོ་རྗེའི་མིང་འཛིན་དཔའ་བོ་འོང་༔ ལར་སོག་རོང་འདི་ཉིད་དུ་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པའི་བུད་མེད་མང་དུ་འབྱུང་༔ དེ་རྣམས་དང་ལྷན་དུ་བདུད་སྤྲུལ་གྱི་སྐྱེས་པའང་དེ་བཞིན་འབྱུང་བར་འགྱུར་རོ༔ ནགས་ཤ་ཕོ་བྱ་བ་ན་བདུད་ཀྱི་སྤྲུལ་པ་འཕེན་གྱི་མིང་ཅན་ཁ་དྲག་ཅིག་འབྱུང་༔ དེའི་མི་རབས་དགུའི་བར་དུ་སྲིན་པོ་མགོ་དགུའི་སྤྲུལ་པ་འབྱུང་༔ སྐྱིད་ཀྱི་མིང་ཅན་གྱི་བུད་མེད་མཚན་ལྡན་ཞིག་འོང་ཞིང་དེའི་བརྒྱུད་པ་གཅོད༔ ནགས་ཀྱི་ལུང་པ་འདིར་སྦས་ཚུལ་གྱིས་འགྲོ་བ་འདྲེན་པའི་གང་ཟག་འགའ་འབྱུང་༔ དེ་དང་ལྷན་དུ་མི་མ་ཡིན་གྱིས་བརླམས་པའི་ཕོ་བདུད་ཀྱང་མང་དུ་འབྱུང་༔ ལར་བདུད་བཙན་ཀླུ་གསུམ་གྱིི་ལུང་བ་ཡིན་པས་དངོས་གྲུབ་འཐོབ་པའི་གང་ཟག་དཀོན་ཞིང་༔ རེ་རེ་ཙམ་འབྱུང་ཡང་ཕལ་ཆེར་བར་ཆད་ཀྱི་དབང་དུ་འགྲོ༔ བདུད་དང་ལོག་འདྲེན་ཤིན་ཏུ་དར་བ་ཞིག་འོང་གསུངས་པས༔ བདག་མཚོ་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེ་ལ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་ལགས༔ གནས་འདི་ཉིད་དུ་གང་ཟག་གང་འདྲ་འབྱུང་༔ བསྟན་པའི་འཕེལ་འགྲིབ་ཅི་འདྲ་འོང་༔ སེམས་ཅན་གྱི་ཚེའི་ཚད་ནམ་ཙ་ན་གནས་འདིའི་འཕྲིན་ལས་དར༔ ད་ལྟ་སྦས་པའི་གཏེར་ཁ་འདི་རྣམས་འདོན་པའི་དུས་ཚོད་ཇི་ལྟར་འབྱུང་ལགས་ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་བཀའ་སྩལ་པ༔ ཉོན་ཅིག་མཚོ་རྒྱལ་མ༔ གནས་འདིའི་བསྟན་པ་དར་ལུགས་གསུམ་ཡོད་དེ༔ ད་ལྟ་བྲག་སྲིན་མོ་དང་སྨན་མོ་དང་གངས་སྨན་གཡའ་སྨན་སྤང་དང་ནགས་ཀྱི་སྨན་མོ་སོགས་འཇིག་རྟེན་པའི་མཁའ་འགྲོ་དང་༔ གནས་ཆེན་པོ་ཙ་རི་ཏྲའི་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་དབྱར་གནས་ལ་བྱོན་པ་འདི་རྣམས་ལ་བདག་གིས་ཆོས་བཤད་དབང་བསྐུར་དམ་ནོད་དམ་ཚིག་ཕོག་སྟེ་གཏེར་དང་ཆོས་དང་བསྟན་པའི་སྲུང་མར་བསྐོས་པ་འདི་རྣམས་དང་༔ རི་བྲག་ལུང་གསུམ་འབྱུང་བཞིའི་ཁམས་དང་བཅས་པ་རྣམས་ལ་ཡེ་ཤེས་ཀྱི་དྲོད་གཏད་ཅིང་རྩ་གསུམ་གྱི་ལྷ་ཚོགས་བསྒྲུབ་པའིི་གནས་སུ་བྱིན་གྱིས་བརླབས་པ་འདི་རྣམས་གནས་ཆེན་པོ་སྲིང་མོ་རྫོང་ཞེས་བྱ་བའི་ཡུལ་འདིའི་བསྟན་པ་སྔ་དར་ཡིན༔ མ་འོངས་པ་ན་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ས་ལ་གནས་པའི་རིག་འཛིན་པདྨ་ང་དང་དབྱེར་མེད་པའི་གང་ཟག་ནག་པོ་རྡོ་རྗེ་ཞེས་བྱ་བ་ཞིག་གནས་འདིའི་ཤར་ལྷོའི་ཕྱོགས་ནས་རྫུས་སྐྱེས་སུ་འོང་ཞིང་གནས་འདིའི་གཟིགས་སྣང་ཐམས་ཅད་གཏན་ལ་འབེབས༔ ང་ཡིས་སྦས་པའི་གཏེར་སྒོ་གཉིས་གསུམ་དབྱེ༔ སྒྲུབ་པ་དང་དུ་ལེན་ཅིང་ལྷ་འདྲེ་དམ་ལ་འདོགས་པས་ནགས་སོག་ཀྱི་ལུང་པ་རྣམས་ལ་ཡུལ་གྲོང་རིམ་གྱིས་ཆགས་ཤིང་༔ རིག་འཛིན་གྱི་བརྒྱུད་པ་ས་ལ་འཇོག་པ་ནི་གནས་འདིའི་བསྟན་པ་བར་དར་ཡིན༔ དེ་ནས་རི་སྟོད་ཀྱི་གངས་འདི་རྣམས་ཀྱང་འཇུ༔ རི་སྨད་ཀྱི་ནགས་རྣམས་ཀྱང་འཛད༔ རི་སྐེད་ཀྱི་རྫ་བྲག་སྤང་གསུམ་རྣམས་ལ་ལམ་ལག་པའི་སོར་མོ་ལྟར་གཏོད་པའི་དུས་ཤིག་འབྱུང་བའི་ཚེ༔ བདུད་བཤན་པ་དམར་པོའི་སྤྲུལ་པའི་མི་ཞིག་སོག་རོང་དུ་འབྱུང་ཞིང་༔ ཆེ་མཆོག་དཔལ་གྱི་བླ་མཚོ་ལ་ཁྲག་ཐབ་གཏོང་བས་ནགས་སོག་གི་ལུང་རལ་གསུམ་དུ་ཆེ་བཙན་བཟང་གསུམ་གྱི་རྒྱུད་པ་འཆད༔ ནད་མཚོན་མུ་གེའི་བསྐལ་པ་དར༔ དམེ་ཁྲག་ཐེངས་འགའ་འཐོར་བ་འབྱུང་༔ དེ་ནས་གནས་འདིའི་བྱང་འདབས་དུག་སྦྲུལ་རྒྱུག་འདྲའི་རི་སྣ་ན་ཤཀྱའི་མིང་ཅན་གྱི་སྔགས་སྒོམ་ཞིག་གིས་སྒྲུབ་པ་དང་དུ་ལེན་པས་ལུང་རལ་གསུམ་གྱི་འགྲོ་བ་ལོ་ཁ་ཤས་བདེ༔ དེ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཡིན༔ གནས་འདིའི་ལྷོ་འདབས་རི་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ་འདྲ་བའི་ཉྭ་འཁྱིལ་དུ་སྡེ་དགོན་སྒྱེད་པུ་བཅས་བ་འདྲ་པ་འབྱུང་བའི་ཚེ༔ གནས་འདིར་དད་མོས་བྱེད་མཁན་བག་ཙམ་འབྱུང་༔ གང་ཟག་གཏེར་ཕྲན་འབྱིན་པ་གཉིས་གསུམ་འོང་༔ གནས་ཙ་རི་ཏྲའི་དཔའ་བོ་དགེ་སྐྱོང་དང་དཔའ་མོ་རབ་དགའ་མ་གཉིས་འཁོར་ལྔ་བརྒྱ་དང་བཅས་པ་གནས་འཕོ་ཞིང་མདོ་རི་མཁའ་འགྲོ་འབུམ་དེའུ་འདིར་བཞུགས༔ དམ་སྲི་བྱི་སྡེར་ནག་པོའི་སྐྱེ་བ་ཞིག་གིས་གནས་འདིའི་བྱང་ཕྱོགས་ཀྱི་མཚོ་ཞིག་ལ་མཛེ་ཁྲག་གཏོར་བས་མཚོ་སྨན་གྱི་གྲོང་ཁྱེར་འབུམ་ཕྲག་གཅིག་རྩད་ནས་སྟོངས༔ དེའི་དབང་གིས་བྱང་འདབས་ཀྱི་གྲོང་ཁྱེར་གཉིས་ཀྱི་མི་རབས་ཕལ་མོ་ཆེ་འཆད༔ ལྷོ་འདབས་ཀྱི་རྟེན་གསུམ་གྱི་གཟུངས་གཞུག་ཉམས་པས་ཡུལ་དེ་ཉིད་ལ་གཏོགས་པའི་འགྲོ་བ་ལ་མི་དགེའི་ལྟས་ངན་འཕྲལ་དུ་ལྡང་ཞིང་ཤིན་ཏུ་བསེར་བ་འབྱུང་༔ དེའི་རྐྱེན་བྱེད་མཁན་ཀྱི་མི་དེ་བདུད་ནག་པོ་གདོང་རིང་བྱ་བ་ཞིག་གི་སྤྲུལ་པ་ཡིན༔ ཁ་ལག་འབྲེལ་ཐོགས་ཐུར་དུ་འཁྲིད༔ དེ་དག་ནི་གནས་འདིའི་བསྟན་པ་བར་དར་ཡིན༔ དེ་ནས་མ་འོངས་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་སུ་བོད་རུ་བཞིའི་གཙུགས་ལག་ཁང་རྣམས་ཉམས༔ མདོ་ཁམས་མཆོད་རྟེན་གཡོ་འགུལ་མང་༔ སྐྱེ་འགྲོ་ཐམས་ཅད་ཀྱིས་དགེ་བ་བཅུ་དུག་ལྟར་སྤང་༔ མི་དགེ་བཅུ་སྦྲང་རྩི་ལྟར་གསོག༔ བཤན་པས་རྒྱལ་པོ་བྱེད༔ མི་མགོ་ཆོས་ལ་གཏོད༔ ཆོས་མགོ་ཟོབ་དང་ཆོས་བརྒྱད་ལ་གཏོད་པས་དམ་སྲི་སྡེ་དགུ་ཁ་རྒྱས་ཏེ༔ མི་དགེ་བའི་ལྟས་ངན་བོད་ཁམས་ཡོངས་ལ་འབྱུང་ཞིང་༔ བྱང་ནས་མཐའ་དམག་ཡང་ཡང་འབོ༔ དུ་རུ་ཀ་བཅོ་བརྒྱད་ཀྱིས་བོད་ཡུལ་ཁེངས༔ ང་ཡིས་ས་གནད་བསྡམས་པའི་མཆོད་རྟེན་དང་གཙུག་ལག་ཁང་ཐམས་ཅད་ཉམས་ཤིང་ཕལ་ཆེར་འགྱེལ༔ མཐའ་དམག་བཟློག་ཐབས་ཀྱི་རིམ་གྲོ་ལ་དགོས་པ་རྣམས་ལ་མི་བརྩི་ཞིང་༔ ཚེ་འདིའི་ཕོ་ཚུགས་སུ་བཟང་བྱེད་པའི་ཚེ༔ མཐའ་མིས་བོད་ཁམས་འཇོམས༔ མི་ལ་ཤི་བསད་གཉིས་ལས་མེད་པ་ཞིག་འབྱུང་ཞིང་༔ བཀའ་ལོག་ཁྲིམས་རལ་དམ་ཉམས་པས་ལ་ལུང་ཐམས་ཅད་ཁེངས་བའི་ཚེ༔ ང་ཡི་སྤྲུལ་པ་བོད་ཁམས་ཀུན་ཏུ་རྣམ་མང་ཞིག་འབྱོན་ཀྱང་ཀུན་གྱིས་བདེན་པར་མི་ལྟ་ཟོག་ལ་མཐོང་༔ དེ་དུས་གནས་འདིའི་གཡས་གཡོན་རྣམས་སུ་མཐའ་དམག་དེ་རྣམས་ཀྱི་གནོད་པ་མི་འབྱུང་ཞིང་༔ ཡུལ་གཞན་གྱི་བདེ་སྡུག་རྣ་བས་ཉན་དུས་འོང་༔ བོད་ཁམས་ཀྱི་མཐོ་དམན་དྲག་ཞན་བྱ་བྱེད་དང་བཅས་པ་ཐམས་ཅད་ལུག་རྒྱབ་ཀྱི་རྡུལ་ལྟར་བརྗེ་བའི་དུས་ཤིག་འོང་༔ སོག་རོང་རྡོ་བ་གིལ་རྣམས་ཀྱི་མཆོད་རྟེན་གསུམ་གྱི་བྱང་ཕྱོགས་འཇིག༔ དེ་ཚེ་བདུད་ཁྱབ་བྱེད་ནག་པོའི་སྤྲུལ་པའི་གྲུབ་བརྫུ་ཞིག་ཡོང་༔ གྲུབ་རྟགས་ལྕགས་རྡོས་འགྲོ་བ་མགོ་བསྐོར༔ འབྲེལ་ཚད་མནར་མེད་དམྱལ་བར་འཁྲིད༔ དབུས་ནས་དམ་སྲི་མང་དུ་ལང་ཞིང་མཐའ་ནས་ཐེའུ་རང་སྡེ་དགུ་དར་༔ དེ་ནས་བོད་ཁམས་མིག་བཞིན་རྒྱལ་པོས་སྐྱོང་༔ མདོ་སྔགས་གཉིས་ཀྱི་བསྟན་པ་ཟུང་འཇུག་རྒྱས༔ མཐའ་མི་ཐམས་ཅད་བོད་ཀྱི་འོག་ཏུ་འདུ༔ གངས་རིའི་ལྗོངས་འདིར་མི་དར་བ་སྣ་ཚོགས་དར་བ་ཞིག་འོང་༔ ལ་བདེ་འཕྲང་འཇམ་དར་ཅིག་བོད་འབངས་བདེ་བའི་སྐབས་ཤིག་འོང་༔ དེ་དུས་ཤར་ཕྱོགས་མདོ་ཁམས་སྒང་ནས་ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་བ་ཞིག་གནས་འདིར་འོང་ཞིང་༔ རྟེན་འབྲེལ་རབ་ན་ཕོ་བྲང་ལྷོའི་གཤིན་རྗེའི་གཏེར་ལ་སྤྱོད་ཅིང་ས་སྐྱོང་རྒྱལ་པོའི་བླ་མཆོད་བྱེད༔ རྟེན་འབྲེལ་འབྲིང་ན་ཕོ་བྲང་ནང་གི་རྫོགས་པ་ཆེན་པོ་ཐུགས་ཀྱི་གཏེར་ཁ་འདོན༔ རང་དོན་སྒྲུབ་པ་ལྷུར་ལེན་ཞིང་གསང་བའི་རྒྱ་མ་རལ་ན་འགྲོ་དོན་ཕ་བས་བུ་བཟང་བ་འབྱུང་ངོ་༔ དེའི་ཚེ་ཙ་རི་རྡོ་རྗེ་ཟིལ་ཕུག་གི་སྒྲུབ་གནས་ལ་ཞིག་རལ་འོང་དུས་དཔའ་བོ་གཞོན་ནུ་གཏུམ་པོ་དང་༔ དཔའ་མོ་མཐར་བྱེད་མ་གཉིས་འཁོར་སྟོང་ཕྲག་དང་བཅས་པ་གནས་འཕོ་ཞིང་༔ ཕོ་བྲང་གཡུ་མཚོ་ལ་ཟླ་གསུམ་མཚམས་བསྡམས་ཞག་༁ྃ༔ གསུམ་ཚོགས་འཁོར་བྱེད་ཅིང་བཞུགས་ནས་འགྲོ་དོན་མཛད༔ དེ་དུས་བདུད་སྤྲུལ་ཕོ་མོ་མང་དུ་འབྱུང་ཞིང་ཟོག་པོའི་གཏེར་རྫུན་ཀྱང་རྒྱལ་ཁམས་ཀུན་ཏུ་འབྱུང་བར་འགྱུར་རོ༔ དེ་དུས་ནི་གནས་འདིའི་བསྟན་པ་ཕྱི་དར་འགྲོ་དོན་དུས་བབས་ཀྱི་ཚེའོ༔ ཞེས་གསུངས་པ་དང་བདག་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ་ཡང་ཞུས་པ༔ གུ་རུ་སྤྲུལ་པའི་སྐུ་ལགས༔ མ་འོངས་བསྟན་པ་ཕྱི་དར་གྱི་ཚེ༔ ལོ་ཙཱ་བའི་སྐྱེ་མཐས་གནས་འདིའི་ཟབ་གཏེར་འབྱིན་དུས་སྒྲུབ་གནས་གང་དུ་བྱེད༔ ལས་དག་དང་མ་དག་གི་འགྲོ་བ་འཁོར་སློབ་ཅི་འདྲ་འོང་༔ ཟབ་ཆོས་གཏེར་རྫུན་གྱིས་བར་ཆད་ནུས་སམ་མི་ནུས༔ གནས་ཆེན་པོ་ཙ་རི་ཏྲའི་དཔའ་བོ་མཁའ་འགྲོ་རྣམས་གནས་འདིར་འཕོ་ན་ཕྱི་ནང་གི་རྟགས་ཇི་ལྟར་འོང་༔ གནས་འདིའི་འགྲོ་དོན་ཕྱི་ནང་གང་འདྲ་འབྱུང་༔ ཞེས་ཞུས་པས་སློབ་དཔོན་ཆེན་པོས་བཀའ་སྩལ་པ༔ མཚོ་རྒྱལ་ཉོན་ཅིག༔ གནས་འདིའི་བསྟན་པ་ཕྱི་དར་འགྲོ་དོན་དུས་ལ་བབས་པའི་དུས་སུ་གནས་ཆེན་པོ་ཙཱ་རིའི་དཔའ་བོ་མཁའ་འགྲོ་རྣམས་གནས་འདིར་འཕོ་ཞིང་འགྲོ་དོན་བྱེད་པ་ཞིག་འོང་སྟེ༔ དེ་ཡང་དང་པོར་གནས་མཆོག་ཆེན་པོ་དཔལ་གྱི་ཙཱ་རི་ཏྲ་རུ་ས་ཐོབ་པའི་གང་ཟག་འགས་གནས་ཀྱི་ལམ་གཏོད༔ དེ་ནས་སྐྱེས་ཆེན་ལམ་སྣ་ཟིན་པ་སེང་ཁྱུ་ལྟ་བུ་འབྱུང་༔ རིག་འཛིན་ཕྱིར་མི་ལྡོག་ཅིང་གྲུབ་པ་ཐོབ་པ་སྐར་ཚོགས་ལྟ་བུར་བཀྲ༔ གསང་སྔགས་བསྟན་པའི་རྒྱལ་མཚན་འཛིན་པ་འབྱུང་བར་འགྱུར་རོ༔ དེ་དུས་མ་དང་མཁའ་འགྲོ་ཐམས་ཅད་མ་བསྒྲུབས་རང་བཞིན་དུ་འདུ༔ ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་མ་བརྩམས་ཀྱང་སྒྲུབ་པའི་དུས་ཤིག་འོང་ངོ་༔ བར་དུ་ཆོས་ལུགས་མི་གཅིག་པ་མང་པོ་དར་ཞིང་གྲུབ་མཐའ་ཁོ་ན་རྩོད༔ ཆགས་སྡང་གི་རྟོག་པ་འཁྲུག་ཅིང་དེམ་ལས་སྣ་ཚོགས་ཤིག་བྱེད་པའི་ཚེ༔ ལང་འགྲོའི་སྤྲུལ་པ་ཞིག་གིས་མཁའ་འགྲོ་འབུམ་དེལ་གྱི་གཏེར་ཁ་འབྱིན་ཞིང་གནས་ལ་རབ་གནས་བྱེད་པས་བསྟན་པར་ཅུང་ཟད་ཕན༔ འོན་ཀྱང་བདུད་མོ་དམར་རྒྱན་མའི་སྤྲུལ་པའི་བུད་མེད་ཞིག་གིས་སྒྲུབ་ཚུགས་འཛིན་པའི་ཚུལ་སྟོན་ཞིང་༔ དེ་ཉིད་ཀྱིས་ངན་རྐྱེན་བྱེད་དེ་ཕོ་བྲང་གཡུ་མཚོའི་ལམ་ལ་བུད་མེད་བགགས་པས་མ་མོ་མཁའ་འགྲོ་ཐམས་ཅད་མི་དགྱེས་ཤིང་གཙོ་མོ་འཁོར་སྟོང་ཕྲག་གཅིག་དང་བཅས་པ་མཁའ་སྤྱོད་ཨོ་རྒྱན་གྱི་ཡུལ་དུ་འབྲོས་པས༔ བོད་ཁམས་སྤྱི་དང་དྭགས་ཀོང་བྱར་གཉལ་ལོ་གྲོ་སོགས་ལ་མི་རུང་བ་སྣ་དགུ་འབྱུང་༔ འཛམ་གླིང་ཡོངས་ལ་དམར་ནད་འཕྱོ༔ རྐྱེན་ངན་དེས་ཤི་ཚད་ཀྱི་འགྲོ་བ་བདུད་མོ་དམར་རྒྱན་མའི་འཁོར་དང་བྲན་དུ་སྐྱེ་ཞིང་༔ འཛམ་གླིང་ཀུན་ཏུ་མོའི་སྤྲུལ་པའི་བུད་མེད་ཁོ་ནའི་ལུས་ལེན་ཅིང་༔ སྐྱེ་འགྲོའི་སྲོག་དབུགས་འགམ༔ མོ་ལུས་ཐོབ་ཚད་ཀྱི་བུད་མེད་གསོན་འདྲེར་ལྡང་༔ འཁྲུག་རྩོད་ཡང་མང་དུ་འབྱུང་༔ མི་དགེ་བའི་ལྟས་སྣ་ཚོགས་ཞིག་འབྱུང་བར་འགྱུར་རོ༔ དེ་དུས་གཏེར་སྟོན་དྲི་མེད་ཡེ་ཤེས་སྙིང་པོས་ཀོང་སྟོད་ཨོ་རྒྱན་དབང་གི་ཕུག་པའི་གནས་སྒོ་འབྱེད་ཅིང་༔ སྦ་སྨྱུག་འཕྲང་ལ་སྦས་པའི་གཏེར་ཁ་འབྱིན་ཏེ༔ བདུད་དབང་དུ་མ་ཤོར་ན་འགྲོ་དོན་དར་ཅིག་བྱེད་པར་འགྱུར་རོ༔ དུས་ཀྱི་ཐ་མར་པྲ་ཏི་ཧ་ན་དུས་ཀྱི་མཆོད་པའི་དཀོར་ཟས་སྡུད་ཅིང་བུད་མེད་རྣམས་ཀྱི་ལྟོ་གོས་བྱེད་དེ༔ གཡོ་སྒྱུ་ཟོང་དུ་འཚོང་༔ ཕྱུགས་གསོད་ཅིང་མཆོད་སྦྱིན་གཏོང་བའི་ཚེ་དམེ་འཁྲུག་དང་དམ་འཁྲུག་ཡང་ཡང་བྱེད་པས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་མི་དགྱེས་ཤིང་དཀར་ཕྱོགས་སྐྱོང་བ་རྣམས་ཉམས་དམའ༔ ནག་པོའི་ཕྱོགས་ལ་གནས་པའི་ལྷ་འདྲེ་ཐམས་ཅད་ཁ་འཕྱུར་པས་གནས་ཆེན་པོ་ཙ་རི་ཏྲ་རུ་ཀླ་ཀློས་ཁྲིམས་རྒྱུག་པའི་དུས་ཤིག་འོང་༔ དེ་དུས་འཛམ་གླིང་ཀུན་ཀྱང་དགེ་བ་འབོར་ཞིང་མི་དགེ་བ་ལ་སྤྱོད་པས༔ འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གཡུལ་ཡང་ཕམ་ཞིང་ལྷ་མིན་གྱི་སྡེ་ཚོགས་ཤིན་ཏུ་རྒྱལ་བ་འོང་༔ དེ་ནས་དུས་དང་བསྐལ་བ་ཉམས་ཇེ་དམའ་ཇེ་དམར་འགྲོ་སྟེ༔ གངས་ཀྱི་རི་མཆེད་མི་རོ་ལུད་ལྟར་སྤུངས༔ འབྱུང་བཞིའི་གཡོས་མང་སྐོར་ལམ་འགག་ལ་ཉེ༔ སྤོ་རིའི་ངོས་ལ་བདེ་མཆོག་རང་བྱོན་འབྱུང་༔ དག་པ་ཤེལ་རིའི་ཤར་ཕྱོགས་ནས༔ གངས་ཀྱི་འུ་རུད་ཡང་ཡང་འཆེད༔ དག་པ་ཤེལ་རིའི་ལྷོ་ཕྱོགས་ནས༔ ས་གཡོས་མཆེད་ཅིང་མཚོ་ཡང་རལ༔ དག་པ་ཤེལ་རིའི་ནུབ་ཕྱོགས་ན༔ གནམ་ནས་ལྕེ་འབབ་སྒྲུབ་ཕུག་འཇིག༔ དག་པ་ཤེལ་རིའི་བྱང་ཕྱོགས་སུ༔ དམག་འཁྲུག་མི་གསོད་ཤིང་རྣམས་བསྲེག༔ འདྲེ་འབོད་མཚན་མོ་སྐད་ངན་འབྱུང་༔ དེ་ཚེ་དཔའ་བོ་དཔའ་མོ་རྣམས༔ ལ་ལ་མཁའ་སྤྱོད་གནས་སུ་གཤེགས༔ ལ་ལ་རི་རབ་ཟོམ་ལ་འབྲོས༔ ལ་ལ་ཨོ་རྒྱན་གནས་སུ་འགྲོ༔ ཁྱད་པར་དཔའ་བོ་དཔའ་མོ་རྣམས༔ གནས་མཆོག་འདི་ལ་འགྲོ་དོན་འཕོ༔ དེ་ཚེ་གནས་འདིའི་འགྲོ་དོན་དར༔ དེ་བར་སྦས་པའི་ལུང་དུ་གནས༔ མཚོ་རྒྱལ་མ་ཡེངས་འདུན་པས་ཉོན་ཅིག༔ གནས་འདིའི་འགྲོ་དོན་དར་བའི་དུས་དེར་མི་རྣམ་ཚེ་ལོ་བཞི་བཅུ་ཁ་རལ་ནས་སུམ་ཅུར་ཉེ་བའི་དུས་ཡིན༔ དེ་དུས་བཟང་སྤྱོད་ཐམས་ཅད་ནམ་ལངས་ཀྱི་སྐར་མ་ལྟ་བུར་ནུབ༔ ངན་དགུ་མི་དགེ་མཚམས་མེད་ཀྱི་ལས་ལ་འབུང་གསུམ་འདོན་པའི་ཚེ༔ བདུད་དང་འགོང་པོའི་སྤྲུལ་པས་ས་གཞི་ཐམས་ཅད་འགེང་༔ ཁྱད་པར་དུ་བདུད་ཏ་ར་རྒོད་པོའི་སྤྲུལ་པ་ཞིག་གནས་འདིའི་བྱང་འདབས་སུ་མི་ལུས་ལེན་ཞིང་༔ ཀ་ཡི་མཆོད་རྟེན་ནག་པོའི་སྲོག་ཤིང་གཅོད་པས་བདུད་ཤར་བ་སྡེ་བརྒྱད་འཆོར་ཞིང་ཡུལ་ཁམས་དེར་མི་དགེའི་ལྟས་ངན་འཕྲལ་དུ་ལྡང་སྟེ༔ དུས་ཀྱི་གཡོ་འཁྲུག་ནད་ཡམ་རླུང་ལྟར་འཚུབ༔ ཕོ་བྲང་གཡུ་མཚོའི་ཁ་ན་བདུད་དེས་ཁྲམ་ཞིག་རྒྱག་པས༔ ནག་སོག་ཁྲི་རྡོ་ལུང་གསུམ་དུ་བདུད་ཀྱི་སྤྲུལ་པའི་ཕོ་མོ་བཅོ་བརྒྱད་སྐྱེ༔ ཁྱད་པར་བདུད་སྤྲུལ་གཙོ་བོ་དེ་དང་ཉེ་བ་ན་སྲིན་མོ་གསོད་བྱེད་ནག་མོ་སྤུན་གསུམ་གྱི་སྐྱེས་པ་ལྷན་དུ་འབྱུང་༔ དེ་བཞིན་རྟགས་ཅན་གྱི་བུ་དང་བུ་མོ་དེ་རྣམས་གར་བྱུང་བའི་སར་བཀྲ་མི་ཤིས་པའི་ལྟས་སྣ་ཚོགས་འཕྲལ་དུ་འབྱུང་ཞིང་༔ སྐྱེ་འགྲོ་ཁ་ལག་འབྲེལ་ཚད་དམྱལ་བར་འཁྲིད༔ གསང་སྔགས་ཆོས་ཀྱི་གཏེར་སེལ་དེས་བྱེད་ཀྱང་༔ དཔེ་ནི་ཉི་ཤར་མུན་པས་མི་ཁེགས་བཞིན་དུ༔ ང་ཡི་སྤྲུལ་པའི་སྐྱེས་བུ་ཁམས་ནས་འབྱུང་ཞིང་༔ གནས་འདིའི་ཕྱི་ནང་ཀུན་ཏུ་སྒྲུབ་པ་ནན་གྱིས་བྱེད༔ ཁྱད་པར་གནས་འདིའི་དབུས་སུ་སྒྲུབ་ཁང་རྒྱག༔ བྱང་ཤར་མཚམས་སུ་ང་ཡི་འདྲ་འབག་བཞེངས༔ རྔ་ཡབ་གླིང་ནས་བདག་གིས་རབ་གནས་བྱེད༔ དག་དང་མ་དག་འགྲོ་བ་འགའ་རེ་འདུ་ཞིང་༔ ཞབས་ཏོག་དང་ཞབས་འདྲེན་སྦྲེལ་མར་བྱེད༔ སྒྲུབ་པའི་ཚུགས་ཟིན་གསང་རྒྱ་མཐར་ཕྱིན་ན༔ བདུད་ཀྱི་སྤྲུལ་པའི་སྐྱེ་འགྲོ་ཉམས་དམའ་ཞིང་༔ གསང་སྔགས་བསྟན་པའི་ཉི་མ་ཁམས་འདིར་འཆར༔ ཞེས་གསུངས་པས་བདག་མཚོ་རྒྱལ་གྱིས་སླར་ཡང་ཞུས་པ༔ གུ་རུ་སྤྲུལ་པའི་སྐུ་ལགས༔ གནས་འདིའི་འགྲོ་དོན་དུས་ལ་བབས་པའི་ཚེ༔ གནས་འདི་ཉིད་དུ་གསོལ་བ་བཏབ་པ་ལ་ཕན་ཡོན་ཇི་ལྟར་འཐོབ༔ དངོས་གྲུབ་ཐོབ་པའི་རྟགས་གང་འདྲ་འབྱུང་༔ གནས་འདིའི་ཕྱི་ནང་གི་དཔའ་བོ་དང་དཔའ་མོ་ཡི་དམ་གྱི་ལྷ་ཚོགས་བཞུགས་པ་རྣམས་ཀྱི་མཚན་དོན་བསྟན་དུ་གསོལ༔ ཞེས་གུས་པའི་ཕྱག་བྱས་ཤིང་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས༔ སྒྲུབ་ཟླ་མཚོ་རྒྱལ་མ་ཁྱོད་ཉོན་ཅིག༔ གནས་འདིར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་མཚན་དོན་བསྟན་གྱི༔ དད་འདུན་གྱི་ཕན་ཡོན་སོགས་ལེགས་པར་ཉོན་ལ་ཡི་གེར་ཐོབ་ཅིག༔ དེ་ཡང་གནས་ཆེན་པོ་འདིའི་མཚན་ཉིད་ནི༔ དབུས་ཀྱི་ཇོ་བོ་འདི་རིའི་རྒྱལ་པོའི་རྣམ་པ་ལ༔ ཕྱོགས་དང་ཕྱོགས་མཚམས་ཀྱི་རི་འདི་རྣམས་གསེར་གྱི་རི་བདུན་དང་༔ བར་གྱི་མཚོ་འདི་རྣམས་རོལ་པའི་མཚོ་བདུན་གྱི་རྣམ་པ་སྟེ༔ བྱིན་ཆེ་བརྗིད་ལྡན་བཀོད་པའི་ཁྱད་པར་དུ་མ་དང་ལྡན་པས་ཕུན་སུམ་ཚོགས་པའི་གླིང་ཆེན་པོར་ཡོད་དོ༔ ཇོ་བོ་དཔལ་འཛོམ་དཀར་པོ་བྱ་བ་འདི་ཞི་བ་ལྟར་ན་ཇོ་བོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་པ་རང་བྱོན་དུ་ཡོད་ཅིང་༔ ཁྲོ་བོ་ལྟར་ན་ཆེ་མཆོག་ཧེ་རུ་ཀ༔ ལ་དཔལ་ཆེན་པོ་བརྒྱད་རང་བྱུང་ལྷུན་གྲུབ་ཀྱི་ཚུལ་དུ་འཛོམ་པར་བཞུགས་པས་ན་དཔལ་འཛོམ༔ འཁོར་བའི་ཁམས་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པར་བསྟན་པས་ཞི་བ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོར་བཞུགས་པས་ན༔ དཀར་པོ་ཞེས་བྱ་བའི་མཚན་ཡང་དེར་མཐུན་དུ་གསོལ་བ་ཡིན་ནོ༔ དེའི་མདུན་གྱི་མཚོ་འདི་གནས་འདིར་བཞུགས་པའི་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་འདུ་ཁང་ཡིན་པས་ན་ཕོ་བྲང་༔ དུས་རྣམས་ཀུན་ཏུ་གཙོ་བོ་ལ་འཁྲིལ་བའི་ཚུལ་ཡུམ་ཕག་མོ་མཁའ་འགྲོ་ནག་མོའི་ཚུལ་དུ་གསལ་བས་ན་ཡུམ་མཚོ་ཞེས་བྱའོ༔ འདི་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡིན་ཏེ༔ དངོས་གྲུབ་སྣ་ཚོགས་སྟེར་བར་ནུས་ཤིང་༔ ཁྱད་པར་དུ་འཛམ་བུ་ཀླུ་རུ་དང་མི་མགོན་དཀར་པོ་སོགས་ཀྱིས་བདག་ལ་ཀླུ་ནོར་ཕུལ་བ་ཐམས་ཅད་མཚོ་འདིར་ཀླུ་གཏེར་དང་ནོར་གཏེར་གྱི་རྣམ་པར་སྦས་ཡོད་པས་གསོལ་བ་ཚུལ་བཞིན་བཏབ་ན་ནོར་གྱི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་རོ༔ མཚོ་ཆེན་པོ་ཡན་ལག་བརྒྱད་ལྡན་གྱི་དཀྱིལ་འཁོར་འདི་དམིགས་རྟེན་དུ་བྱས་ཤིང་ཚེའི་སྒྲུབ་པ་ལ་འབད་ན་འཆི་བ་མེད་པ་ཚེའི་རིག་འཛིན་མྱུར་དུ་འཐོབ་བོ༔ ཕོ་བྲང་གི་ཆུ་བབས་འདི་ཡུམ་ཕག་མོའི་གསང་གནས་རང་བྱོན་གྱི་ཚུལ་དུ་ཡོད་པས་ཁྲུས་ཀྱི་སྒོ་ཡིན༔ ཚེ་གཟུངས་བཟླས་ཤིང་བཀྲུས་ན་ཚེ་རིང་ཞིང་ཚེ་ལ་གནོད་པའི་རྐྱེན་རྣམས་སེལ༔ ཡི་གེ་བརྒྱ་པ་བཟླས་ཤིང་བཀྲུས་ན་བསྐལ་པ་རེ་རེའི་སྡིག་སྒྲིབ་བསགས་པ་རྣམས་འདག༔ རྣམ་པར་འཇོམས་པའི་གཟུངས་བཟླས་ཤིང་བཀྲུས་ན་མནན་གཏད་སེལ་གསུམ་གྱི་གནོད་པ་སེལ༔ སྡེ་བརྒྱད་ཀྱི་འཇིགས་པ་བཟློག༔ ནད་གདོན་ཀུན་ཀྱང་འཇོམས་པར་འགྱུར་རོ༔ སྨེ་བ་བརྩེགས་པའི་སྔགས་བཟླས་ཤིང་བཀྲུས་ན་ཟས་གོས་གནས་དང་འཁོན་ཡུགས་དམ་གྲིབ་ལ་སོགས་མི་གཙང་བའི་གྲིབ་ཐམས་ཅད་སེལ༔ མི་འཁྲུགས་པའི་གཟུངས་ཀྱི་བཟླས་པ་བྱས་ཏེ་བཀྲུས་ན་མཚམས་མེད་ལྔ་བྱས་པའི་སྡིག་པ་འདག༔ ལྟུང་བ་བཤགས་པའི་མདོ་བཀླགས་ཤིང་བཀྲུས་ན་བན་བཙུན་འདུལ་ཁྲིམས་ཉམས་པའི་སྡིག་སྒྲིབ་འདག༔ ཐེག་པ་རིམ་དགུའི་ལམ་གྱི་བཤགས་པ་བཀླགས་ཤིང་བཀྲུས་ན་ཐེག་པ་རིམ་དགུ་ལ་ཞུགས་པའི་རྣལ་འབྱོར་བ་རྣམས་ལ་ཉམས་ཆག་དང་རྟོག་སྒྲིབ་ཕོག་པའི་སྒྲིབ་པ་རྣམས་འབྱང་༔ དེ་བས་ན་ཀུན་གྱིས་ཁྲུས་གྱིས་ཤིག༔ ཁྲུས་སྒོ་དེ་ནས་མིག་རྒྱང་གང་ལྷོ་རུ་ཕྱིན་པའི་ས་ན༔ ཨོ་རྒྱན་ངས་སྐུ་རྗེས་བཞག་པ་འདི་མ་འོངས་རྣམས་ཀྱིས་གསོལ་བ་འདེབས་པའི་རྟེན་སྐལ་ཡིན་པས༔ མོས་གུས་ལྡན་པས་ང་ལ་གསོལ་བ་ཐོབ༔ ཡིད་ལ་འདོད་པའི་དངོས་གྲུབ་དེ་ལྟར་འཐོབ༔ དེ་ནས་ཐུར་དུ་རྒྱང་གྲགས་གཅིག་འདས་པའི་ས་ན་བྲག་མི་རིང་ལངས་པ་ལྟ་བུ་ཞིག་ཡོད༔ དེའི་རྩ་བ་ན་ཐུན་མོང་གི་གཏེར་ཕྲན་གསུམ་སྦས་ཡོད༔ གཏེར་སྲུང་ཀླུ་མོ་མཆོད་ལ་ཐོན༔ བྲག་དེའི་འོག་ཏུ་མིག་རྒྱང་གང་གི་ས་ན་ཕ་བོང་དཀར་པོ་གུར་ལ་སྒོ་ཡོལ་རྒྱབ་པ་ལྟ་བུ་ཞིག་ཡོད༔ དེ་ན་དཔའ་བོ་མཁའ་འགྲོའི་བླ་རྡོ་གཏེར་ལ་ཡོད༔ བཏོན་ན་གནས་ཀྱི་བཅུད་ཉམས་པས་རབ་གནས་སྐྱོར་ཏེ་བཞག༔ ཕ་བོང་དེའི་ས་ནས་བྱང་དུ་མིག་རྒྱང་གང་གི་ས་ན་བྲག་ཚེས་བརྒྱད་ཀྱི་ཟླ་བ་ས་ལས་སྐྱེས་པ་ལྟ་བུ་ཞིག་ཡོད༔ བྲག་དེའི་རྩ་བ་ན་པདྨ་ངའི་གྲུབ་ཆུ་ཡོད༔ བྲག་དེའི་ནང་ན་ཚེ་བུམ་བདུད་རྩི་དང་བཅས་པ་གཏེར་ལ་བཞུགས་པའི་ཚེ་ཆུ་ཡིན་པས་ཁ་རུ་བཏུངས་ན་ཚེ་རིང་བར་ཆད་ཞི་བར་འགྱུར་རོ༔ བྲག་དེའི་རྩ་བ་ནས་བྱང་ཕྱོགས་ལ་རྒྱང་གྲག་གཅིག་གྱེན་དུ་བལྟས་པའི་བྲག་ལོགས་ལ་མེ་ལོང་ལྟར་འཇམ་ཞིང་ཉི་དཀྱིལ་ལྟར་ཟླུམ་པའི་བྲག་ངོས་ལ་དཔལ་རྡོ་རྗེ་སེམས་དཔའ་ཞི་བའི་ལྷ་ཚོགས་རང་བྱོན་དུ་བཞུགས༔ བྲག་དེ་ཉིད་ནས་རྒྱང་གྲག་གཅིག་ལྷོ་ཕྱོགས་ལ་བལྟས་པས་བྲག་གི་བྱ་སྐྱིབས་ན་ཐུགས་རྗེ་ཆེན་པོ་མཆེད་གཉིས་རང་བྱོན་ལ་ཡོད༔ བྲག་དེའི་མདུན་དུ་ཐང་བདེ་ལ་ཡངས་པ་ཞིག་ཡོད་པ་དེ་ནི་དཔལ་མོ་དཔལ་གྱི་ཐང་ཞེས་བྱ་སྟེ་ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཡིན༔ ཐང་དེའི་འོག་ནས་བྲག་གི་ལྕགས་རི་གཅིག་གིས་བསྐོར་བའི་ཕྱི་ན་ཐང་གྲི་སྐྱོག་ལྟ་བུ་ཞིག་ཡོད་པ་དེ་ནི་ཀླུ་མོ་འབུམ་གྱིི་ཕོ་བྲང་ཡིན༔ ཐང་བཙུན་མོ་ལྷའི་ནེ་རིང་ཞེས་བྱའོ༔ ཐང་དེ་འདས་པའི་མཚམས་ན་འགག་སྲིན་པོའི་གྲེ་བ་འདྲ་བ་ཞིག་ཡོད༔ དེ་ན་བདག་གི་ཞབས་རྗེས་ཤིག་ཡོད་པ་ལ་སྨོན་ལམ་གང་བཏབ་འགྲུབ༔ དེ་གོང་གི་ཆུ་ཕྱར་ཆེ་བ་གཅིག་ཡོད་པའི་འོག་ཏུ་མ་དང་མཁའ་འགྲོའི་ཁྲུས་གཞོང་ཞིག་ཡོད༔ དེ་ནས་རིམ་གྱིས་ཆུ་ཕྱར་རེ་ལ་ཁྲུས་གཞོང་རེ་ཡོད་པ་ལ་གྲངས་ནི་བཅུ་གསུམ་ཡོད༔ ཚངས་པ་བརྒྱ་བྱིན་དགའ་བོ་ལ་སོགས་འཇིག་རྟེན་པའི་ལྷ་ཀླུ་རྣམས་ལ་བདག་གིས་ཆོས་བཤད་པའི་ཚེ༔ གནས་འདིར་འདུས་པའི་རྟགས་སུ་ཁོང་རྣམས་ཀྱིས་རྗེས་བཞག་པ་འགའ་ཡང་ཡོད༔ གཞན་ཡང་མ་དང་མཁའ་འགྲོས་ཆོས་བྲོ་འཁྲབས་པ༔ འཇིག་རྟེན་ལྷ་འདྲེས་དགའ་བྲོ་བརྡུངས་པ་སོགས་ཀྱི་རྗེས་རྣམས་ཀྱང་གསལ་བར་ཡོད༔ དེའི་འོག་ཏུ་བྲག་གིས་བཅད་པའི་མཚམས་ན་ཐང་ཤུན་པགས་རྒྱངས་པ་ལྟ་བུ་ཞིག་ཡོད་པ་ལ་མི་ལྤགས་ཐང་ཞེས་བྱ་བ་སྟེ༔ གནས་འདིའི་བསྲུང་མ་གྲོས་ལ་འཚོགས་པའི་ཐང་ཡིན༔ ཐང་དེའི་དབུས་ན་ཙིཏྟ་གྱེན་ལ་བསླངས་པ་ལྟ་བུའི་བྲག་སྨུག་ལ་དམར་རྔམ་ཆགས་པ་ཞིག་ཡོད་པ་དེ་ནི༔ སྔོན་བདུད་པོ་མ་ཏྲཾ་རཱུ་ཏྲ་བསྒྲལ་བའི་ཚེ་འཁོར་གྱི་དེད་དཔོན་བདུད་མུན་པ་མཐར་བྱེད་བསྒྲལ་བའི་ཙིཏྟ་ནམ་མཁར་འཕངས་པ༔ དཔའ་བོ་འོད་ལྡན་དང་དཔའ་མོ་ས་བསྲུང་མས་ཁྱེར་ནས་གནས་འདི་མི་འགྱུར་བའི་རྟགས་སུ་བཞག་པའི་ལིངྒ་ཡིན་ཏེ༔ བྲག་དེའི་ངོས་ལ་ཁྲག་འཐུང་གི་ལྷ་ལྔ་བཅུ་དང་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་རྣམས་རང་བྱོན་དུ་བཞུགས༔ གསོལ་བ་གང་བཏབ་དངོས་གྲུབ་སྣ་རེ་འཐོབ༔ སྙིང་གི་དོན་ཁྲག་ཐིགས་པ་ལ་བྲག་དེའི་མདུན་རྒྱབ་གཡས་གཡོན་རྣམས་སུ༔ བྲག་དེ་ཉིད་ཀྱི་མདོག་དང་མཐུན་པའི་དེའུ་ཕྲན་བུ་འགའ་གནས་པ་ལ༔ གུ་རུ་ཞི་དྲག་དང་ཕྱི་ནང་གི་ལྷ་མང་པོ་རང་བྱོན་དུ་ཡོད༔ ཐང་དེ་ཉིད་དུ་མ་འོངས་པ་ན་དཔའ་བོ་རྡོའི་ཐོད་པ་ཞིག་མངོན་པ་ཡོང་༔ དེ་ནི་གནས་འདིའི་འཕྲིན་ལས་དར་བའི་དུས་ལ་བབས་པའི་རྟགས་ཆ་ཡིན༔ ཐང་དེའི་ནུབ་ཕྱོགས་ཀྱི་བྲག་མདའ་སྒྲོ་འདྲ་བའི་རི་ལ་གནས་འདིའི་སྲུང་མ་ཞིང་སྐྱོང་རྒྱལ་བ་ཐོད་དཀར་སྡེ་བརྒྱད་ཀྱི་འཁོར་སྡོང་ཟླ་དང་བཅས་པ་གནས་སོ༔ བསངས་དང་ཤ་ཁྲག་གིས་མཆོད་ན་མགོན་སྐྱོབ་བར་ཆད་སེལ་ཞིང་དངོས་གྲུབ་སྟེར༔ དེ་ནས་གྲངས་སུ་བགྲང་བའི་རྦ་རྦབ་ཆུའི་དོན་དོང་དྲུག་པོ་འདི་བཅོམ་ལྡན་ཐུབ་པ་དྲུག་གི་ཕོ་བྲང་ཡིན་ཏེ༔ བཀྲུས་ཤིང་ཁོང་དུ་འཐུངས་པས་མི་དགེ་བའི་སྡིག་ལྟུང་འདག་ཅིང་བར་ཆད་སྣ་རེ་བྱང་༔ ཁྱད་པར་དུ་རིགས་དྲུག་གི་སྐྱེ་སྒོ་ཆོད་ཅིང་ཕ་རོལ་ཕྱིན་དྲུག་འཐོབ༔ ཆུའི་རྦ་དྲུག་ཞལ་ཁེབས་ཀྱི་རྣམ་པ་ཡིན་ཞིང་༔ ཐུབ་པ་དྲུག་གི་སྐུ་ནི་བྲག་གི་ལོགས་ལ་རང་བྱོན་དུ་བཞུགས་ཤིང་༔ ཆུའི་སྒྲ་ལས་ཆོས་དབྱངས་ཀྱི་སྒྲ་རྟག་པ་རྒྱུན་གྱི་འཁོར་ལོར་གྲགས༔ སྐལ་ལྡན་རྣམས་ཀྱིས་ཐོས་ཤིང་ལུང་བསྟན་འཐོབ་པ་དང་༔ འཇའ་ཚོན་ལྔ་ལྡན་འབར་བ་ལ་ཏིང་ངེ་འཛིན་གྱི་དབང་བླངས་ན་སྐུ་ལྔའི་ཡེ་ཤེས་ལ་སྤྱོད་པར་འགྱུར་རོ༔ མདོ་རི་འབུམ་དེའུ་མཁའ་འགྲོ་ཁྲོས་ནག་ལ་སྡེ་བརྒྱད་མཁའ་འགྲོས་བསྐོར་བའི་དཀྱིལ་འཁོར་ཆོས་འབྱུང་ཟུར་དྲུག་གི་ཚུལ་དུ་བཞུགས་པ་ལ་ཚོགས་ཀྱིས་མཆོད་ན་འབུམ་ཕྲག་མཁའ་འགྲོ་མཆོད་པ་དང་མཉམ༔ སྒྲུབ་པ་བྱས་ན་མཁའ་འགྲོས་དངོས་གྲུབ་སྩོལ༔ གནས་འབྲེལ་ཐོགས་རྣམས་ངན་སོང་གི་སྐྱེ་སྒོ་ཁེགས༔ ལས་ལྡན་གྱིས་མཁའ་འགྲོ་མཇལ་ཡང་སྲིད༔ སྲིད་པ་ཐ་མས་དངོས་གྲུབ་སྣ་རེ་འཐོབ༔ མཚོ་ཆེན་དགུ་ལ་ཚོགས་ཀྱིས་སུས་མཆོད་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་མཆོད་དང་མཉམ༔ སྒྲུབ་ཕུག་ལྔ་ལ་མར་མེའི་རྒྱལ་མཚན་དང་༔ སྤོས་དང་མེ་ཏོག་ཕྲེང་བ་ཚོགས་འཁོར་སོགས༔ མཆོད་པས་མཆོག་ཐུན་དཔལ་ལ་སྤྱོད་པ་དང་༔ ཡུལ་ཁམས་བདེ་ཞིང་ནད་མཚོན་མུ་གེ་ཞི༔ འདོད་ཡོན་ལྔ་ཡི་དཔལ་ལ་སྤྱོད་པར་འགྱུར༔ འཕྲང་བཞིར་བགྲོད་པས་བདུད་བཞིའི་བར་ཆད་སེལ༔ ལ་བཞིར་བརྒལ་བས་སྒྲིབ་བཞི་དྲུངས་ནས་འབྱིན༔ རོང་བཞིར་འགྲིམས་པས་རིགས་དྲུག་སྐྱེ་སྒོ་ཆོད༔ ཆུ་བཞིར་བཀྲུས་པས་སྒོ་གསུམ་སྡིག་སྒྲིབ་འདག༔ ནང་དུ་འཐུངས་པས་དབང་བཞིའི་ཏིང་འཛིན་འཆར༔ རྩེ་སྐོར་བརྒྱ་ཡིས་དུག་གསུམ་སྡིག་སྒྲིབ་བྱང་༔ བར་སྐོར་བདུན་གྱིས་མི་དགེ་བཅུ་འདག་ཅིང་༔ དབང་ཆེན་སྤྲེའུ་ལོར་མཐའ་ནས་སུས་སྐོར་བ༔ མཚམས་མེད་ལྔ་ཡི་སྡིག་སྒྲིབ་ངེས་པར་འདག༔ ཐུན་མོང་དངོས་གྲུབ་སྣ་རེ་འཐོབ་པར་འགྱུར༔ དེ་ཕྱིར་མ་འོངས་རྣམས་ཀྱིས་དང་དུ་ལོངས༔ ཅེས་གསུངས་པའི་དུས་སུ་མ ཚོ་རྒྱལ་བདག་གིས་ཞུས་པ༔ གུ་རུ་རིན་པོ་ཆེ་སེམས་ཅན་རྣམས་ཀྱི་དོན་དུ་གནས་ཆེན་པོ་འདིའི་གནས་ལག་རྣམས་ཀྱི་དཀར་ཆག་ཀྱང་ཞིབ་པར་གསུང་དུ་གསོལ༔ ཅེས་ཞུས་པས་སོ་སོའི་ལམ་ཡིག་རྣམས་བཀའ་སྩལ་པས་རྗེས་སུ་ཡི་རང་ནས་ཚོགས་ཀྱི་འཁོར་ལོས་མཆོད་ཅིང་གུས་པའི་ཕྱག་སྐོར་མང་དུ་ཕུལ་ནས་ཡི་གེར་བཏབ་ཏེ་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་ལ་གཏེར་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བ་འདི་ཡང་ཁམས་པ་ཉི་མ་གྲགས་པས་སོ། །མངྒ་ལཾ། སྙི་བ་སྐེ་རིང་གིས་ཐེམས་བྱང་ལམ་ཡིག་བཙན་ཁྱེར་བྱས་པས་ཤོག་སེར་ཉིན་གསུམ་བལྟས་ཀྱང་འབེབས་རྒྱུ་མ་རྙེད་ངེས་པ་ཡིན་ཚེ་འདི་ཙམ་གྱིས་འཐུས་པར་ཞུ་ལགས། དྲུང་ན་འཁོད་དང་ནགས་སོག་སྐྱེ་འགྲོ་རྣམས། །ཡུན་དུ་འདྲིས་ཚེ་ཁྱིམ་འཚེས་ཨ་ཁུ་ལ། །དང་བླངས་ཆུང་ཡང་ཕྱོགས་མཐར་ཕན་ཐོགས་ཤོག །

ཕུག་དཀར་གྱི་ལོ་རྒྱུས་གནས་ཡིག

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ གནས་ཀྱི་ལམ་ཡིག་གསང་བའི་སྙིང་པོ་ལས་ཆགས་རུ་ཕུག་དཀར་ལྷའི་གཞལ་ཡས་ཀྱི་ལམ་ཡིག་ཁོལ་བུར་ཕྱུང་བ་བཞུགས༔ གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་མདོ་རི་མཁའ་འགྲོ་འབུམ་དེལ་གྱི་བཞུགས་ཁྲི་སེང་གེ་འགྱིང་བསྣོལ་གྱི་ཁར་སློབ་དཔོན་ཆེན་པོ་བཞུགས་ནས༔ དཔའ་བོ་མཁའ་འགྲོ་རྣམས་དང་ལྷ་སྲིན་རྣམས་ལ་ཆོས་ཀྱི་གདམས་པ་མང་དུ་གསུངས་པའི་དུས་སུ་བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས་གནས་ཆེན་པོ་ཁམས་སྲིང་མོ་རྫོང་འདིའི་ཕྱོགས་ཕྱོགས་རྣམས་སུ་བྱིན་གྱིས་བརླབས་པའི་གནས་མང་དུ་ཡོད་པ་རྣམས་ཀྱི་ལམ་ཡིག་གནས་ཀྱི་བཞུགས་བྱང་མཇལ་བའི་ཕན་ཡོན་རྣམས་གསུང་དུ་གསོལ༔ བདག་གིས་མ་འོངས་འགྲོ་བའི་དོན་དུ་དཀར་ཆག་ཏུ་འགོད་ནས་གཏེར་དུ་སྦ་བ་ཡིན་ལགས་ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་དེ་ཤིན་ཏུ་ནས་ལེགས་པས་ཡི་གེར་ཐོབ་ལ་གཏེར་དུ་སྦོས་ཤིག༔ ཅེས་གསུངས་ཏེ་སརྦ་དྷཀྐི་ས་མ་ཡ་ཧྲིང་ཧྲིང་༔ ཞེས་གསུངས་ནས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མང་པོ་ཡང་འཁོར་དུ་བསྐོར་ཏེ་འདི་སྐད་གསུངས་སོ༔ མ་ཡེངས་ཉོན་ཅིག་ཇོ་མོ་མཚོ་རྒྱལ་མ༔ ད་ལྟ་ང་ཡིས་བྱིན་གྱིས་བརླབས་པའི་གནས༔ ཁམས་ཀྱི་སྲིང་མོ་རྫོང་ཞེས་བྱ་བ་འདིར༔ མ་འོངས་དུས་ན་ཀནྩི་ཧི་མར་ནས༔ དཔའ་བོ་མཁའ་འགྲོ་མང་པོ་གནས་འདིར་འཕོ༔ གནས་འདིར་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ལྷ༔ སྐལ་ལྡན་རྣམས་ཀྱིས་མངོན་སུམ་རང་ཞལ་མཇལ༔ ས་རྡོ་རི་བྲག་ཐམས་ཅད་ལྷ་སྐུར་མཐོང་༔ དག་པ་རབ་འབྱམས་ཚོམ་བུར་གྲོལ་བ་འོང་༔ འབྲིང་ལ་མཁའ་འགྲོའི་ལུང་བསྟན་དག་སྣང་འཆར༔ དབང་པོ་ཐ་མ་ཉམས་དགའ་ཤེས་པ་དྭངས༔ གནས་འདི་འཇལ་ཚེ་དག་སྣང་འཕེལ་བ་འོང་༔ དེ་ལྟར་དབང་པོའི་མཐོང་ཉམས་དེ་བཞིན་དུ༔ གང་ཟག་རྣམས་ཀྱང་གྲོལ་ལམ་འབྲས་བུ་རྙེད༔ ཁྱད་པར་ཤར་གྱི་རི་བོའི་སྒྲུབ་གནས་ལ༔ བདེ་ཆེན་མཁའ་འགྲོས་བྱིན་གྱིས་བརླབས་པའི་གནས༔ ཆགས་རུ་ཕུག་དཀར་ལྷ་ཡི་གཞལ་ཡས་ཞེས༔ གནམ་ས་ཆོས་འབྱུང་ཟུར་དྲུག་དབྱིབས་ཀྱིས་མཚན༔ རྒྱབ་ནི་བྱང་བསྟན་ཁ་ནི་ལྷོ་རུ་ལྟ༔ མདོ་ན་དབང་ཆེན་ཆུ་བོ་ངང་གིས་འབབ༔ ཆུ་གཉིས་འདུས་མཚམས་ཀླུ་བཙན་བསང་གསུར་མཆོད༔ ཁྲུས་བྱས་བར་ཆད་མེད་པའི་གསོལ་བ་གདབ༔ མཁའ་འགྲོ་སྤྱི་བོར་བསྒོམ་ཞིང་འཛབ་དབྱངས་འགྲོ༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་གི་སར༔ གནོད་སྦྱིན་ནོར་བདག་སྒྲུབ་པའི་ཕུག་པ་ནི༔ རྒྱབ་ནི་ནུབ་བྱང་ཁ་ནི་ཤར་ལྷོར་ལྟ༔ དེ་ཡི་ནང་ན་རྣམ་སྲས་སྐྱ་བརྒྱད་ལ༔ གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར་བ་ནི༔ མངོན་སུམ་འབུར་དུ་དོད་པ་རང་བྱོན་ཡོད༔ ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས༔ ནོར་གྱི་ལོངས་སྤྱོད་འབྱུང་བའི་དངོས་གྲུབ་ཞུ༔ གནོད་སྦྱིན་ནོར་མཛོད་མཁའ་འགྲོའི་ཚོགས་ཁང་ཡིན༔ ཟླ་གམ་དབང་ཕུག་ཚོགས་ཁང་ཆེན་མོར་གྲགས༔ དེ་ནས་གྱེན་དུ་རྒྱང་གྲགས་བརྒལ་བའི་སར༔ རྩི་ཤིང་མང་བ་ནམ་མཁའི་སྤྲིན་ལྟར་གཏིབས༔ སྟག་སེང་དོམ་དྲེད་སྤྲ་དང་སྤྲེའུ་འཚོག༔ རྔ་ཆལ་དུང་དང་རོལ་མོའི་སྒྲ་སྒྲོག་ཅིང་༔ རྩ་གསུམ་ལྷ་ལ་གསོལ་བ་གདབ་སྟེ་འགྲོ༔ སུམ་མདོ་གཡས་ལུང་རོ་མ་དཀར་པོ་ལ༔ གཡོན་ལུང་རྐྱང་མ་དམར་པོའི་མདོ་ཉིད་དུ༔ དབུ་མ་ཆགས་རུ་ཕུག་དཀར་ཨ་ཤད་མདོར༔ པདྨ་ང་ཡི་བཞུགས་ཁྲིའི་མདུན་ཕྱོགས་སུ༔ བཀའ་བསྲུང་ལྷ་ཀླུ་བསངས་ཀྱིས་མཆོད་ནས་ཀྱང་༔ བར་ཆད་སེལ་བའི་སྨོན་ལམ་གདབ་སྟེ་འགྲོ༔ གནས་དེའི་ལྷོ་ནུབ་དོ་བོའི་སྟེང་ཕྱིན་ནས༔ མཎྜལ་འབུལ་ཞིང་ཕྱག་འཚལ་གསོལ་བ་འདེབས༔ ཆགས་རུ་ཕུག་དཀར་ལྷ་ཡི་གཞལ་ཡས་ཞེས༔ ཕྱི་ལྟར་རྒྱལ་པོ་རྣམ་མང་ཐོས་སྲས་ནི༔ འགྱིང་བག་ལྡན་པའི་ཚུལ་དུ་རང་བྱོན་ཡོད༔ ནང་ལྟར་ཚོགས་བདག་གླང་སྣ་རང་བྱོན་ཚུལ༔ གསང་བ་ལྟར་ཏུ་ཨེ་ཀ་ཛ་ཊི་སྟེ༔ ངོ་བོ་ཉིད་དུ་དཀར་མོ་སྐུ་ཡི་གནས༔ སྒྲུབ་ཕུག་སྒོ་གདོང་གཡས་ནས་གྱེན་ལ་འཛེག༔ བར་དོའི་འཕྲང་ཡོད་དེ་ལས་སྒྲོལ་བར་བྱ༔ ཕྱི་མ་བར་དོ་མེད་པའི་སྨོན་ལམ་འདེབས༔ དེ་ནས་སྒྲུབ་ཕུག་ལྷ་ཡི་གཞལ་ཡས་ཀྱི༔ དབུས་ན་ཨོ་རྒྱན་ང་ཡི་སྐུ་རྗེས་དང་༔ གུ་རུའི་པད་ཞུ་བཞག་པའི་རྗེས་ཀྱང་ཡོད༔ ཨོ་རྒྱན་ང་དང་དབྱེར་མེད་གསོལ་བ་ཐོབ༔ བདེ་ཆེན་དཀར་མོ་ཁྲོ་བོ་རྟ་མགྲིན་གཉིས༔ ཕུག་པའི་གཡས་གཡོན་བྲག་ལ་རང་བྱོན་ནི༔ མངོན་སུམ་བཞུགས་ཤིང་ཡབ་ཡུམ་སྦྱོར་བ་ཡི༔ བྱང་སེམས་དཀར་དམར་ཅུ་གང་སིནྡྷུ་ར༔ སྒྲུབ་ཕུག་ནང་དུ་ལུད་པའི་ཚུལ་དུ་ཡོད༔ རྫས་དེ་ཟོས་པས་དབང་བཞིའི་དངོས་གྲུབ་འཐོབ༔ སུ་ཡི་ཁར་སོང་ངན་སོང་སྐྱེ་སྒོ་ཁེགས༔ བདག་ཉིད་པདྨས་ཕག་དཀར་ཚེ་སྒྲུབ་ལ༔ ཉམས་ལེན་ཞག་བདུན་སྐྱལ་བའི་སྒྲུབ་ཕུག་ཡིན༔ གཡོན་ཕྱོགས་བྲག་ལ་ཟབ་མོའི་གཏེར་བདུན་ཡོད༔ གདོང་གི་མཚོ་རྒྱལ་སྒྲུབ་པའི་ཕུག་པའི་ནང་༔ བསྟན་པའི་བདག་པོ་ཤཱཀྱ་ཐུབ་པའི་སྐུ༔ ཁྲུ་གང་ཚུལ་དུ་རང་བྱོན་གསལ་བར་བཞུགས༔ དེ་ཡི་གཡས་གཡོན་སྟེང་གི་བྲག་རྣམས་ལ༔ གནས་བརྟན་བཅུ་དྲུག་བྲག་ལ་རང་བྱོན་ཡོད༔ གཡས་ཀྱི་བདུད་འདུལ་ནག་པོའི་ཕུག་པ་ན༔ དམ་པ་རིགས་བརྒྱའི་ལྷ་ཚོགས་གསལ་བར་བཞུགས༔ བྱང་ཆུབ་བདུད་རྩི་འབབ་པའི་ཆུ་རྒྱུན་ལ༔ ཕྱི་ནས་བཀྲུས་པས་སྒོ་གསུམ་སྡིག་སྒྲིབ་འདག༔ ནང་དུ་འཐུངས་ན་དབང་བཞི་ཐོབ་པར་བྱེད༔ འདི་ནི་པདྨ་བདག་གི་གྲུབ་ཆུ་སྟེ༔ མ་འོངས་སྐལ་པར་ལྡན་པའི་འཐུང་ཆུར་སྤྱོད༔ རི་བྲག་ཐམས་ཅད་རྡོ་རྗེ་བསྣོལ་བའི་ཚུལ༔ བར་ཆད་ཐམས་ཅད་རང་སར་ཞི་བའི་གནས༔ རྩི་ཤིང་སྣ་ཚོགས་སྤྲིན་ལྟར་གཏིབས་པའི་ལུང་༔ དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ་པའི་གནས༔ གཡས་གཡོན་རི་རྣམས་སྐྱོར་ཞིང་གཡོར་བའི་ཚུལ༔ ཏིང་འཛིན་ཉམས་རྟོགས་ཁོར་ཡུག་འཆར་བའི་གནས༔ མ་ཇོ་ཆེན་མོས་མདུན་ནས་ཐལ་སྦྱར་འདུད༔ བཀའ་ཡི་སྲུང་མ་བྲན་དུ་ཁོལ་བའི་གནས༔ གནས་མཆོག་ཕུག་དཀར་ལྷ་ཡི་གཞལ་ཡས་འདིར༔ ཚོགས་འཁོར་བསྐོར་ན་ཚོགས་རྫོགས་ལོངས་སྤྱོད་འཕེལ༔ ཚེ་སྒྲུབ་བྱས་ན་ཚེ་ཡི་རིག་འཛིན་འཐོབ༔ ནོར་སྒྲུབ་བྱས་ན་ནོར་གྱི་དངོས་གྲུབ་འབྱུང་༔ བསྐྱེད་རིམ་གསལ་ན་རྡོ་རྗེའི་ཏིང་འཛིན་འཆར༔ མཉམ་བཞག་བསྒོམ་ན་བར་དོ་མེད་པར་གྲོལ༔ གཞན་དུ་ལོ་གཅིག་སྒོམ་སྒྲུབ་བརྩམས་པ་ལས༔ གནས་འདིར་ཟླ་གཅིག་སྒོམ་པ་བོགས་ཆེར་འགྱུར༔ ལན་རེ་མཇལ་བས་དངོས་གྲུབ་སྣ་རེ་འཐོབ༔ ཁྱད་པར་སྤྲེའུ་ཟླ་བའི་ཚེས་བཅུ་ལ༔ ཚོགས་འཁོར་བསྐོར་ཞིང་སྐོར་བ་གསུམ་རྒྱབ་ན༔ པདྨ་འབྱུང་གནས་ང་ཉིད་མངོན་སུམ་དུ༔ དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་ནས་ཀྱང་༔ གནས་དེར་འོང་བས་ཡིད་གཉིས་ཐེ་ཚོམ་སྤོངས༔ མོས་གུས་ལྡན་པས་གསོལ་བ་སྙིང་ནས་ཐོབ༔ ཡོ་བྱད་ཅན་གྱིས་ཚོགས་ཀྱི་འཁོར་ལོ་བསྐོར༔ སྨོན་ལམ་གང་བཏབ་དེ་དང་དེ་འགྲུབ་འགྱུར༔ དེ་སྐད་གུ་རུའི་གསུང་བཞིན་ཡི་གེར་བཏབ༔ མ་འོངས་སྐལ་ལྡན་བུ་དང་འདི་ཕྲད་ནས༔ འགྲོ་བ་མང་པོ་ཐར་པའི་ལམ་དགོད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ།། ལམ་ཡིག་གསང་བའི་སྙིང་པོ་ནས་ཁོལ་བུར་ཕྱུང་བའོ།། །།

སྤུ་ཆེན་གུ་རུའི་གསང་བའི་ཕུག་པའི་ལམ་ཡིག

སྤུ་ཆེན་གུ་རུའི་གསང་བའི་ཕུག་པའི་ལམ་ཡིག་བཞུགས༔ གུ་རུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ དེ་ཡང་གནས་ཆེན་པོ་མཁའ་འགྲོ་འབུམ་དེལ་གྱི་ཆོས་ཁྲི་སེང་གེ་འགྱིང་བསྣོལ་གྱི་སྟེང་དུ་གྷུ་རུ་རིན་པོ་ཆེ་ལ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་འདི་སྐད་ཞུས་སོ༔ དུས་གསུམ་མཁྱེན་པའི་སློབ་དཔོན་ཆེན་པོ་ལགས༔ སྤུ་ཆེན་གུ་རུའི་གསང་ཕུག་གི་ལམ་ཡིག་གནས་ཀྱི་བཞུགས་བྱང་མཇལ་བའི་ཕན་ཡོན་རྣམས་བདག་ལ་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས་སོ༔ མཚོ་རྒྱལ་གུས་པས་ཉོན་ལ་ཡི་གེར་ཐོབ་ཅིག༔ གནས་ཆེན་པོ་དེའི་ལམ་ཡིག་ནི༔ ལུང་པ་ཕུ་བྱང་དུ་བསྟན་ཞིང་མདའ་ཤར་ལྷོར་བསྟན་པའི་ལུང་པ་གྲི་ཀྱོག་འདྲ་བའི་མདོ་ནས་མིག་རྒྱང་གང་གྱེན་དུ་གཡས་ལ་བལྟས་པ་ན༔ བྲག་དེའུ་ལྕོག་འུག་པའི་མགོ་འདྲ་བ་ཞིག་ཡོད༔ མཁའ་འགྲོ་འུག་གདོང་མ་སྒོ་སྲུང་དུ་བཞུགས་པ་ཡིན་པས་བསང་དང་གཏོར་མ་གཏོང་༔ འབྲུ་སྣ་མཆོད་ཅིང་བར་ཆད་སེལ་བའི་སྨོན་ལམ་འདེབས༔ དེ་ནས་ཁ་བྱང་དུ་བལྟས་པའི་དཔག་ཚད་ཀྱི་ལམ་ལ་འགག་སྲིན་པོའི་གྲེ་བ་འདྲ་བ་བརྒལ་བ་ན་འོམ་བུ་དང་ཤུག་པ་ལ་སོགས་ཤིང་སྣ་མང་པོ་སྤུངས་པ་ལྟར་དུ་ཡོད་པས་དེ་ན་ཇོ་བོ་རྫོང་བྲག་བདུད་གྱི་ཚུལ་ལ་བསྟན་མ་བཅུ་གཉིས་གནས་ཀྱི་བཀའ་སྲུང་ལ་བཞུགས་པ་ཡིན་པས་བསང་དང་ཤ་སྣ་ཁྲག་སྣ་འབྲུ་སྣ་རྣམས་ཀྱིས་མཆོད༔ རྐྱེན་ངན་བར་ཆད་སེལ་བའི་གསོལ་བ་གདབ༔ དེའི་ལོགས་ན་ཕ་བོང་དཀར་པོ་མཎྜལ་འདྲ་བ་ལ་ཨོ་རྒྱན་ངའི་ཞབས་རྗེས་ཡོད༔ ཡང་ཕ་བོང་དཀར་པོ་ཞིག་ལ་མཁའ་འགྲོ སྡེ་ལྔ་རང་བྱོན་ཡོད༔ ཡང་ཕ་བོང་དཀར་པོ་ཞིག་ལ་སྒྲོན་མ་དཀར་མོ་རང་བྱོན་ཡོད་པས་དེ་རྣམས་ལ་ཕྱག་འཚལ་དངོས་གྲུབ་ཞུ་སྟེ་འགྲོའོ༔ དེ་ནས་མིག་རྒྱང་གང་གི་ས་ནས་རྒྱང་གྲགས་གཅིག་ཁ་ནུབ་ཏུ་བལྟས་ཏེ་བརྒལ་བ་ན་གཡས་གཡོན་གྱི་རི་སྐྱིལ་ཀྲུང་བཅས་པ་འདྲ་བའི་སྟེང་དུ་ཕྱིན་པ་དང་ཉམས་དྭངས་ལ་ཤེས་པ་གསལ་སེང་ངེ་འགྲོ་བའི་ལུང་པ་ཕུ་ནུབ་བྱང་ལ་བསྟན་པ༔ མདའ་ཤར་ལྷོར་ཕྱོགས་པ་རྩི་ཤིང་སྣ་ཚོགས་སྤྲིན་ལྟར་གཏིབས་ཅིང་སྤྲ་སྤྲེ་དང་སྟག་གཟིག་དོམ་དྲེད་སོགས་གྱ་གྱུ་ལང་ལིང་དུ་འཁྱུག་པ༔ བྱ་ཚོགས་མང་པོས་སྐད་སྙན་སྒྲོག་པ་ཞིག་ཡོད་པའི་གཡས་ཀྱི་བྲག་སྦྲུལ་འཁྱུག་པ་འདྲ་བའི་སྣ་ན་ཕུག་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་ནི་རྡོ་རྗེ་ཕག་མོའི་གསང་ཕུག་ཞེས་བྱ་སྟེ༔ གཡས་ཀྱི་ཆ་ལ་ཕ་བརྒྱུད་ཀྱི་ལྷ་ཚོགས་གཡོན་གྱི་ཆ་ལ་མ་བརྒྱུད་ཀྱི་ལྷ་ཚོགས་ཕུགས་ནས་ཞལ་ཕྱིར་གྱུ་བ་ལ་ཞི་ཁྲོ་དམ་པ་རིགས་བརྒྱ་རྣམས་རང་བྱོན་དུ་བཞུགས༔ ཕུག་པའི་ནང་གི་སྒོ་གདོང་ལ་རིགས་གསུམ་གྱི་མགོན་པོ་གྷནྡྷོ་ལའི་ཕོ་བྲང་གི་དབྱིབས་ཅན་གྱི་ནང་དུ་འབུར་དོད་ལ་གསལ་བར་བཞུགས་པས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་གསོལ་བ་ཐོབ་དང་མཆོག་ཐུན་མོང་གི་དངོས་གྲུབ་འཐོབ༔ དེའི་གཡས་ཕྱོགས་བྲག་མདའ་སྒྲོ་འདྲ་བ་ན་བར་དོའི་འཕྲང་ཡོད་པ་བརྒལ་ཞིང་སེམས་ཅན་ཐམས་ཅད་བར་དོ་ལས་སྒྲོལ་བའི་སྨོན་ལམ་འདེབས༔ གཡོན་ཕྱོགས་ཀྱི་ཕུག་པ་ཆུང་ལ་ཁ་ནག་པ་ཞིག་ཡོད་པ་དེ་ན་མཚོ་རྒྱལ་གྱིས་བཀའ་རྫོགས་པ་ཆེན་པོའི་མུན་འཁྲིད་བསྒོམས་པའི་གནས་ཡིན་པས༔ དེའི་ནང་དུ་འཛུལ་བས་བར་དོ་མུན་ནག་གི་འཇིགས་པ་ལས་སྒྲོལ༔ དེ་ནས་གྱེན་དུ་མིག་རྒྱང་གང་བརྒལ་བའི་ས་ན་སྤུ་ཆེན་གུ་རུའི་གསང་ཕུག་ཞེས་བྱ་བའི་ཕུགས་ན་གཞོགས་གཡས་པའི་ས་ལ་བྲག་དོང་དུ་ལག་པ་བརྐྱངས་པས་ཆུ་ཡོད་པ་དེ་ནི༔ བདག་པདྨས་ཚེ་བསྒྲུབས་པའི་ཚེ་ཆུ་ཡིན་པས་འཐུངས་ན་ཚེའི་བར་ཆད་ཞི་ཞིང་དེའི་སྟེང་ན་ཚེ་དཔག་མེད་ཡབ་ཡུམ་རང་བྱོན་དུ་བཞུགས༔ ཕུག་པའི་གཡས་གཡོན་དུ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རང་བྱོན་ལ་བཞུགས༔ སྒོ་ཐོད་ཀྱི་ངོས་ལ་གྲུབ་ཆེན་བརྒྱད་ཅུ་རང་བྱོན་དུ་བཞུགས༔ ཡར་འགྲོ་བའི་སྒོ་འགྲམ་གཡས་ལ་ཤེལ་གྱི་མཆོད་རྟེན་བང་རིམ་བརྒྱ་པ་རམ་ཟླའི་བཅོ་ལྔ་ལ་ལྷ་དབང་བརྒྱ་བྱིན་དང་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཁྲུས་གསོལ་ཞིང་ཕྱག་བྱེད་པའི་གནས་མཐོང་བ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ཆོད་པ་ཐུགས་རྗེ་ཆེན་པོ་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་ཕོ་བྲང་ཞིག་ཡོད༔ གཡོན་ཕྱོགས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞུགས༔ སྒྲུབ་ཕུག་འདི་ནི་པདྨ་འབྱུང་གནས་བདག་གིས་ཚེའི་སྒྲུབ་པ་ཞག་བདུན་བྱས་པས་ལྷ་ཚོགས་དེ་དག་ཞལ་གཟིགས་ཤིང་སྒྲུབ་གནས་འདི་ལ་ཐིམ་པ་ཡིན་པས་མ་འོངས་ཀྱི་སྐལ་ལྡན་ཕོ་མོ་རྣམས་ཀྱིས་གསོལ་བ་བཏབ་ན༔ མཆོག་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་ལ་གསོལ་བཏབ་པ་ལྟར་འགྲུབ་པར་འགྱུར་རོ༔ སྒྲུབ་ཕུག་དེའི་གཡས་ཀྱི་བྲག་གི་རྩེ་མོ་ན་བྱ་སྐྱིབས་ཀྱི་རྣམ་པའི་གནམ་ཕུག་ཅིག་ཡོད་པ་ནི༔ བདག་པདྨ་འབྱུང་གནས་ཀྱིས་རྫོགས་པ་ཆེན་པོ་ཐོད་རྒལ་བསྒོམས་པའི་གནས་ཡིན་པས་ཕུང་པོ་ལྷག་མེད་འགྲུབ་པའི་གསོལ་བ་འདེབས༔ དེའི་བྲག་རྩ་ན་ཕུག་པ་ནོར་བུའི་དབྱིབས་ཅན་ཞིག་ཡོད་པ་ནི༔ བདག་གིས་མུན་ཁྲིད་བསྒོམས་པའི་སྒྲུབ་ཕུག་ཡིན་པས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་བྱོན་དུ་ཡོད༔ ནང་དུ་སོང་ཞིང་གསོལ་བ་བཏབ་ན་བར་དོའི་འཇིགས་སྐྲག་མི་འབྱུང་ཞིང་དམ་པ་རིགས་བརྒྱའི་ལྷ་ཚོགས་བར་དོར་ངོས་ཟིན་ཅིང་ལམ་སྣ་འདྲེན་པར་འགྱུར་རོ༔ སྒྲུབ་ཕུག་ཆེན་མོའི་གཡས་ནས་བྲག་འཕྲང་ལ་བརྒལ་ཏེ་སོང་བ་ན་རྒྱབ་ཏུ་ཨོ་རྒྱན་ང་ཡི་སྒྲུབ་ཆུ་ཡོད༔ ཀླུ་པདྨ་དཀར་པོ་བདག་པོ་ལ་བསྐོས་ཡོད་པས་ཐབ་གཞོབ་དང་དམར་སོགས་མི་བཏང་ཞིང་རྣལ་འབྱོར་བ་རྣམས་ཀྱི་འཐུང་ཆུར་བྱའོ༔ ནང་དུ་བཏུངས་ན་སྡིག་སྒྲིབ་ཐམས་ཅད་འདག་པར་འགྱུར་རོ༔ གནས་འདི་ལ་ཨོ་རྒྱན་ང་ཡི་གཏེར་ཁ་གསུམ་ཡོད༔ དེ་ནས་གྱེན་དུ་མིག་རྒྱང་གང་ལྷོ་ནུབ་ཏུ་འཛེགས་པས་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་བྲག་ནོར་བུ་འདྲ་བའི་ངོས་ལ་ཡོད༔ དེའི་ནང་དུ་གུ་རུ་མཚན་བརྒྱད་རང་བྱོན་ཡོད༔ མཚོ་རྒྱལ་གྱིས་མཚན་བརྒྱད་བསྒྲུབས་པའི་ཕུག་པ་ཡིན༔ གསོལ་བ་བཏབ་ན་མཚན་བརྒྱད་མཇལ་བ་དང་ཕན་ཡོན་མཉམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མ་འོངས་དུས་ཀྱི་སྐལ་ལྡན་རྣམས༔ སྒྲུབ་པའི་གནས་མཆོག་དམ་པ་འདི་ཉིད་དུ༔ ལན་རེ་མཇལ་བས་དངོས་གྲུབ་སྣ་རེ་འཐོབ༔ སྡིག་སྒྲིབ་འབྱང་ཞིང་བར་ཆད་རྐྱེན་རྣམས་སེལ༔ ཚོགས་འཁོར་བསྐོར་བ་ཆུད་ཟོས་སོང་རེ་ཀན༔ གནས་འབྲེལ་བྱས་རྣམས་བར་དོ་མེད་པར་གྲོལ༔ ལོ་གསུམ་སྒྲུབ་ན་མཁའ་སྤྱོད་གནས་སུ་འགྲོ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་བརྡ་ཡིག་ཏུ་བཏབ་སྟེ་ཁམས་སྲིང་མོ་རྫོང་གི་གནས་ལ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་འདིས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོག་པར་ཤོག

རྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིག

རྫོང་རྡོ་རྗེ་ཤེལ་ཕུག་གི་ལམ་ཡིག་ཁོལ་བུར་ཕྱུང་བ་བཞུགས༔ ཨོ་རྒྱན་གུ་རུའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་མཆོག་ཆེན་པོ་མཁའ་འགྲོ་འབུམ་དེལ་གྱི༔ ཆོས་ཁྲི་གོང་མ་སེང་གེ་འགྱིང་བསྣོལ་སྟེང་༔ ཚངས་པ་བརྒྱ་བྱིན་དགའ་བོ་འཇོག་པོ་དང་༔ རྒྱལ་ཆེན་བཞི་དང་འགུར་ལྷ་དགེ་བསྙེན་དང་༔ མ་ཚོགས་མཁའ་འགྲོ་འཁོར་དང་བཅས་པའི་མདུན༔ གུས་པས་ཐལ་སྦྱར་མ་འོངས་ཕྱི་མའི་དོན༔ གནས་ཆེན་བརྒྱ་རྩའི་ལམ་ཡིག་རིམ་པ་དང་༔ ཁྱད་པར་རྡོ་རྗེ་ཤེལ་རྫོང་ཕུག་པ་ཡི༔ གནས་ཀྱི་ལམ་ཡིག་གསུང་བར་ཞུས་པའི་ཚེ༔ ཨོ་རྒྱན་གུ་རུའི་ཞལ་ནས་འདི་སྐད་གསུང་༔ མ་ཡེངས་ཉོན་ཅིག་ཇོ་མོ་འཚོ་རྒྱལ་མ༔ གནས་འདིའི་ནུབ་ཕྱོགས་ཤེལ་ཕུག་ལམ་ཡིག་ནི༔ དབང་ཆེན་ཆུ་བོ་ནུབ་ནས་ཤར་དུ་འབབ༔ གནམ་ས་དགུ་ཐིག་འཁྱོག་འདྲའི་ལུང་མདོ་ནས༔ དཔག་ཚད་གཅིག་བརྒལ་ས་ན་སྒོ་མ་ནི༔ ཁྱི་གདོང་དམར་མོ་གནས་པའི་ཕོ་བྲང་མཆོག༔ ཆུ་ཡི་རྦ་དོང་ཧཱུྃ་ཧཱུྃ་བྷྱོ་བྷྱོ་སྒྲོག༔ དྲེགས་པ་སྡེ་བརྒྱད་འཚུབ་པའི་གནས་ཡོད་པས༔ འདབས་ནས་རྣམ་འཇོམས་བཟླས་པའི་གཟུངས་ཁྲུས་བྱ༔ སྡེ་བརྒྱད་གནོད་པ་བྱད་དང་རྦོད་གཏོང་གྲིབ༔ འདག་པར་འགྱུར་རོ་ཡན་ལག་ལྔ་ཁྲུས་བྱ༔ ནང་དུ་དྲི་མ་ཟག་པ་ཁ་ཕྲུ་སྤང་༔ བསང་གསུར་ཤ་སྣ་ཁྲག་སྣས་སྲུང་མ་མཆོད༔ བར་ཆད་སེལ་བའི་གསོལ་བ་འདེབས་པར་བྱ༔ དེ་ནས་དཔག་ཚད་གཅིག་དང་རྒྱང་གྲག་གཉིས༔ འདས་པའི་ས་ན་བདག་གི་བཞུགས་ཁྲི་ཡོད༔ སྡེ་བརྒྱད་སྲོག་སྙིང་ཡི་གེ་འབྲུ་བརྒྱད་ཚང་༔ གསོལ་བ་བཏབ་ན་བར་ཆད་ཞི་བ་ཡོད༔ དེ་ནས་རྒྱང་གྲགས་གཅིག་ནི་འདས་པ་ན༔ བྱང་བལྟས་ཆུ་མིག་སྦྲུལ་མགོའི་གདེང་ཀ་དགུ༔ ན་ག་ཀླུ་བདུད་ཝ་རུ་ཎ་གནས་པས༔ བསངས་ཀྱིས་མཆོད་ཅིང་ཆུ་གཏོར་གཏོང་བར་བྱ༔ བར་ཆད་སེལ་བའི་དངོས་གྲུབ་ཞུ་སྟེ་འགྲོ༔ བྱང་ཤར་མཚམས་སུ་དཔག་ཚད་གཅིག་བགྲོད་དེ༔ ནུབ་བྱང་རྒྱབ་བསྟན་མདའ་ནི་ལྷོར་བསྟན་པའི༔ སྐྱིལ་ཀྲུང་བསྣོལ་འདྲའི་མདའ་ན་ཀླུ་སྨན་བསང་༔ ཐུན་མོང་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ རུས་སྦལ་དཀར་པོ་བུ་ཡི་བླ་རྡོ་ལ༔ བུད་མེད་བུ་ཚ་འདོད་པས་རྟ་རུ་གཡབ༔ བུ་ཡི་དངོས་གྲུབ་སྩོལ་ཞེས་སྨོན་ལམ་འདེབས༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་འདས་པར༔ ནགས་ཚལ་ཤིན་ཏུ་སྟུག་པའི་ལྷོ་ནུབ་ན༔ ཁ་ནི་ཤར་ལྷོར་བལྟ་བའི་ཕུག་པའི་ནང་༔ གཡས་སུ་ཀེའུ་རི་མ་བརྒྱད་རང་བྱོན་བཞུགས༔ གཡོན་དུ་ཡུལ་གྱི་ཕྲ་མེན་བརྒྱད་པོ་དང་༔ སྟེང་དུ་ཁྲག་འཐུང་རིགས་ལྔ་འཁོར་ལོའི་ཚུལ༔ དེ་ཡི་ཕུགས་ན་རིགས་གསུམ་མགོན་པོ་བཞུགས༔ ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཀླུ་བྲོ་འཁྲབ༔ ཉམས་དང་རྟོགས་པ་སྤར་ཞིང་རང་ངོར་ལྟ༔ ཀླུ་སྨན་དཀར་མོ་བསང་དང་འོ་མས་མཆོད༔ མཆོག་ཐུན་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ དེ་ནས་ལྷོ་ནུབ་མཚམས་ན་བར་དོའི་འཕྲང་༔ ཆོས་རྒྱལ་རང་བྱོན་འདོམས་ནས་འཛུལ་བ་དང་༔ འགྲོ་དྲུག་བར་དོའི་འཕྲང་སྒྲོལ་སྨོན་ལམ་འདེབས༔ བྱང་ཤར་གྱེན་ལ་མིག་རྒྱང་གང་གི་སར༔ རྡོ་ཐུང་ས་ཡི་ལྟེ་བ་ཡོད་པ་ལ༔ ཀླུང་རྟའི་དར་ལྕོག་བཙུགས་ན་མི་རབས་དར༔ སྟག་གཟིགས་དོམ་དྲེད་སྤྲ་སྤྲེ་ཅེ་སྤྱང་གི༔ གནོད་པས་འཇིགས་ན་རྔ་ཆལ་རོལ་མོ་ལྡིར༔ ཁ་ནས་རྩ་གསུམ་བསྙེན་པའི་འཛབ་དབྱངས་སྒྲོག༔ ལག་པས་གར་སྟབས་རྐང་པས་བྲོ་རུ་འཁྲབ༔ ནགས་ཚལ་སྟུག་པོས་གཏིབས་པའི་སུམ་མདོ་ན༔ བསྟན་མ་བཅུ་གཉིས་གནས་པས་བསངས་ཀྱིས་མཆོད༔ རྐྱེན་དང་བར་ཆད་མེད་པའི་གསོལ་བ་འདེབས༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་བརྒལ་སར༔ ང་ཡིས་སྒྲུབ་ཕུག་ཁ་ནི་ཤར་དུ་བལྟ༔ ནང་ན་བསྐལ་བཟང་སངས་རྒྱས་སྟོང་རྩ་བཞུགས༔ སྒོ་ལ་རྒྱལ་པོ་ཆེན་པོ་སྡེ་བཞི་གསལ༔ ཚོགས་འཁོར་བསྐོར་ཞིང་འཛབ་དབྱངས་ཀླུ་བྲོ་བྱ༔ རིག་པ་གཏད་མེད་ཟང་ཐལ་མོས་གུས་འབར༔ ཨོ་རྒྱན་དཔའ་བོ་མཁའ་འགྲོ་བྱོན་པའི་རྟགས༔ གསོལ་བ་ཐོབ་ལ་སྣང་བ་བྱུང་རྒྱལ་ཐོང་༔ རིག་པ་རྗེན་ཕུད་ཆོས་ཉིད་ངང་དུ་ཞོག༔ དེ་དུས་གསོལ་བ་གང་བཏབ་དེ་བཞིན་འགྲུབ༔ དེ་ནས་གྱེན་དུ་ཅུང་ཟད་བརྒལ་བ་དང་༔ ལྷོ་ཡི་རི་ནས་བྱང་ཤར་ངོས་བལྟས་པས༔ ཡེ་ཤེས་མཚོ་རྒྱལ་སྒྲུབ་པའི་ཕུག་པ་ན༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རང་བྱོན་བཞུགས༔ དེ་ནས་གྱེན་དུ་རྒྱང་གྲགས་གཅིག་བརྒལ་སར༔ ཤར་དུ་བལྟ་བའི་གནམ་ཕུག་འཇིགས་ལ་རྔམ༔ བཀའ་བརྒྱད་ལྷ་ཚོགས་ནང་ན་རང་བྱོན་བཞུགས༔ བཀའ་བརྒྱད་ཕུག་པའི་སྒོ་ཡི་བྲག་ལོགས་ལ༔ ཉེ་སྲས་བརྒྱད་དང་སངས་རྒྱས་རང་བྱོན་བཞུགས༔ ཕྱག་འཚལ་མཎྜལ་དབུལ་ཞིང་སྨོན་ལམ་འདེབས༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ་པར་འགྱུར༔ དེ་ནས་བྱང་ཤར་གནས་ཀྱི་དབུ་རྩེ་ནས༔ ནུབ་ཏུ་ལྟ་བའི་རི་བོའི་རྩེ་ཞོལ་ན༔ ཤར་དུ་ལྟ་བའི་སྒྲུབ་ཕུག་ཡངས་པ་ནི༔ པདྨ་བདག་གིས་རྫོགས་ཆེན་བསྒོམས་པའི་གནས༔ ཀུན་བཟང་ཕྱོགས་བཅུའི་སངས་རྒྱས་རང་བྱོན་བཞུགས༔ རང་བྱུང་ཆོས་སྐུ་འཐོབ་པའི་གསོལ་བ་འདེབས༔ བྱང་ཤར་མཚམས་ཀྱི་རི་བོའི་རྩེ་མོ་ན༔ རྡོ་རིང་གནམ་གྱི་ཀ་བ་ཡོད་པ་ལ༔ རླུང་རྟའི་དར་འཕྱར་རྐྱེན་འབྱང་བསོད་ནམས་འཕེལ༔ དེ་ནས་ཐུར་དུ་མིག་རྒྱང་གང་བབས་ཏེ༔ ལྷོ་རུ་བལྟས་པས་ཕུག་པ་བྱང་དུ་ལྟ༔ ཕྱག་རྡོར་སྒྲུབ་ཕུག་ཕྱག་རྡོར་རང་བྱོན་བཞུགས༔ དྲག་པོའི་འཕྲིན་ལས་འགྲུབ་པའི་དངོས་གྲུབ་ཞུ༔ དེ་ནས་ཐང་བབས་ནགས་ཚལ་བྲག་དམར་རྩར༔ གཏེར་སྲུང་དམ་ཅན་གནས་པ་བསངས་ཀྱིས་མཆོད༔ དེ་ལྟར་བཀོད་པ་ལྷུན་གྲུབ་གནས་མཆོག་འདིར༔ གཏེར་ཆེན་གཅིག་དང་གཏེར་ཕྲན་གསུམ་རྣམས་སྦས༔ གཡས་རི་དཔའ་བོའི་ཚོགས་རྣམས་འགྱིང་བ་འདྲ༔ གཡོན་རི་དཔའ་མོའི་ཚོགས་རྣམས་གར་བྱེད་འདྲ༔ རྒྱབ་རི་རིགས་གསུམ་མགོན་པོ་རང་བྱོན་ཚུལ༔ མདུན་རི་རིན་ཆེན་སྣ་ཚོགས་སྤུངས་པ་འདྲ༔ མདོ་ནི་སྐྱིལ་ཀྲུང་མཉམ་བཞག་བསྣོལ་བའི་ཚུལ༔ ཕྱི་ལྟར་སྐུ་གདུང་ཆ་བརྒྱད་ཚོམ་བུའི་ཚུལ༔ ནང་ལྟར་ཁྲག་འཐུང་རིགས་ལྔའི་ཕོ་བྲང་ལ༔ གསང་བ་ལྟར་དུ་དབང་ཆེན་རིགས་ལྔ་སྟེ༔ མཁའ་འགྲོ་མ་སྒྲུབ་རང་བཞིན་འདུ་བའི་གནས༔ གནས་འབྲེལ་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ ཚོགས་འཁོར་བསྐོར་ན་ལོངས་སྤྱོད་མངའ་ཐང་རྒྱས༔ དུས་ཀྱི་རྒྱལ་པོ་སྤྲེལ་ཟླའི་ཚེས་བཅུ་ལ༔ སྐོར་བ་བསྐོར་ན་མི་དགེའི་སྡིག་སྒྲིབ་འབྱང་༔ གཞན་དུ་ལོ་གསུམ་ཉམས་རྟོགས་སྤེལ་བ་ལས༔ གནས་འདིར་ལོ་གཅིག་བསྒོམས་པས་བོགས་ཆེར་རྒྱས༔ ཕྱི་མའི་དུས་ཀྱི་སྐལ་ལྡན་ཕོ་མོ་རྣམས༔ ཚེས་བཅུ་བཟུང་ལ་ང་ལ་གསོལ་བ་ཐོབ༔ ལྔ་བརྒྱའི་འགྲོ་བའི་སྡུག་བསྔལ་ང་ཡིས་སེལ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཤིང་ཕོ་སྟག་གི་ལོ་ལ་ཁམས་སྲིང་མོ་རྫོང་གི་རྡོ་རྗེ་སྙིང་རྫོང་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་པའོ། །མངྒ་ལཾ།། །།

སེང་གེ་གནམ་མཆོངས་ཕུག་པའི་ལམ་ཡིག

སེང་གེ་གནམ་མཆོངས་ཕུག་པའི་ལམ་ཡིག་ཁོལ་བུར་ཕྱུང་བ་བཞུགས་སོ༔ གུ་རུ་མཆོག་གི་སྐུ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ༔ གནས་ཆེན་པོ་མཁའ་འགྲོ་འབུམ་དེལ་གྱི་ཆོས་ཁྲི་སེང་གེ་འགྱིང་བསྣོལ་གྱི་སྟེང་དུ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་ལ་འདི་སྐད་ཞུས་སོ༔ ཀྱེ་གུ་རུ་རིན་པོ་ཆེ་དུས་གསུམ་མཁྱེན་པ་ལགས༔ ཁྱེད་ཀྱིས་བདག་ལ་འབོམ་སེང་གེ་གནམ་ཕུག་གི་ལམ་ཡིག་དང་དཀར་ཆག་རྣམས་གསུང་དུ་གསོལ་ཞེས་ཞུས་པས༔ ཨོ་རྒྱན་རིན་པོ་ཆེས་འདི་སྐད་གསུངས་སོ༔ ཉོན་ཅིག་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ སེང་གེ་གནམ་མཆོངས་སྒྲུབ་པའི་ཕུག་པ་ནི༔ ལུང་པ་གཞུ་རྒྱུད་སྒྲིམ་འདྲའི་སུམ་མདོའི་ངོས༔ མདའ་ནི་ལྷོ་ནུབ་ཆུ་གཉིས་ཟུང་གཅིག་འདྲེས༔ དེ་ན་ཆུ་ཡི་དགེ་བསྙེན་སྲུང་མར་གནས༔ གསོལ་བ་འདེབས་ཤིང་བསང་དང་གཏོར་མ་འབུལ༔ རྡོ་རྗེ་རྣམ་འཇོམས་ཡིག་བརྒྱས་ཆུ་ལ་བཀྲུ༔ བར་ཆད་ཞི་ཞིང་སྡིག་སྒྲིབ་འདག་པར་འགྱུར༔ ཆུ་ཡི་འགྲམ་ན་རྒྱང་གྲགས་བརྒལ་བའི་སར༔ གཡོན་ཕྱོགས་ལྷོ་ནུབ་ངོས་ལ་མིག་རྒྱང་གང་༔ གྱེན་དུ་བལྟས་པར་སེང་གེ་གནམ་མཆོངས་བྲག༔ རྩི་ཤིང་སྤྲིན་ནག་གཏིབས་འདྲའི་དབུས་ན་ཡོད༔ གཡོན་ཕྱོགས་བྱ་ཕོའི་ཟེ་བ་འདྲ་བ་ན༔ བཀའ་སྲུང་ཀླུ་དང་བཙན་ལ་བསངས་ཀྱིས་མཆོད༔ དེ་ན་ཀླུ་བཙན་བདུད་གསུམ་སྒྲུབ་ཐབས་སྦས༔ གསོལ་བ་བཏབ་པས་བར་ཆད་སེལ་བར་འགྱུར༔ དེ་ནས་སེང་གེ་གནམ་དུ་མཆོངས་འདྲའི་བྲག༔ མདུན་ནས་ཕྱག་བྱ་ཕྱོགས་བཞི་ཀུན་ནས་མཇལ༔ ཕྱི་ལྟར་སྲས་མཆོག་རྡོ་རྗེ་གཞོན་ནུ་ལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་མེད་འཁྲིལ༔ ཕུར་པའི་ལྷ་ཚོགས་སྐུ་ཡི་ཆ་ལ་གསལ༔ སྲས་མཆོག་རང་བྱོན་ཛྙཱ་ན་ཀཱི་ལ་ཡ༔ མཇལ་བས་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ༔ གསོལ་བ་བཏབ་ན་མཆོག་ཐུན་དངོས་གྲུབ་འཐོབ༔ ནང་ལྟར་ཡང་དག་དཔལ་ཆེན་ཧེ་རུ་ཀ༔ བཛྲ་ཀྲོ་ཏི་ཡུམ་དང་གཉིས་སུ་མེད༔ ཞི་ཁྲོའི་ལྷ་ཚོགས་སྐུ་ཡི་རྒྱན་དུ་གསལ༔ ལན་གཅིག་མཇལ་བས་ཚེ་རབས་སྡིག་སྒྲིབ་འབྱང་༔ གསོལ་བ་བཏབ་པས་བསྐྱེད་རྫོགས་ལས་སུ་རུང་༔ གསང་བ་ལྟར་དུ་བདེ་མཆོག་ལྷན་སྐྱེས་ལ༔ རྡོ་རྗེ་ཕག་མོ་གཉིས་མེད་འཁྲིལ་སྦྱོར་རོལ༔ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་སྐུ་ལ་གསལ༔ ལན་ཅིག་མཇལ་བས་མཆོག་གི་དངོས་གྲུབ་འཐོབ༔ གསོལ་བ་བཏབ་ན་དབང་བཞིའི་ཏིང་འཛིན་འཆར༔ གཞན་ཡང་ལྷ་ཚོགས་བཞུགས་བྱང་འདི་ལྟ་སྟེ༔ སྟེང་གི་རྩེ་ལ་རིགས་གསུམ་མགོན་པོ་ནི༔ རྒྱལ་པོའི་ལ་ཐོད་ལྟ་བུར་གསལ་བར་བཞུགས༔ སྐུ་ཡི་རྒྱབ་ཏུ་རྫོགས་པའི་སངས་རྒྱས་ལ༔ གནས་བརྟན་བཅུ་དྲུག་ཚོམ་བུའི་ཚུལ་གྱིས་བསྐོར༔ བྲང་རྒྱན་ཚུལ་དུ་བདག་ཉིད་པདྨ་ལ༔ ཐོད་ཕྲེང་སྡེ་ལྔ་ཚོམ་བུའི་ཚུལ་གྱིས་བསྐོར༔ ཡབ་ཡུམ་སྦྱོར་བའི་གསང་བའི་མདོ་ཕུག་ན༔ ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོ་བཞུགས༔ སྐྱེས་བུ་རབ་གྱིས་དེ་དག་མངོན་སུམ་མཇལ༔ འབྲིང་རྣམས་སྐུ་དང་གཟུགས་བརྙན་ཙམ་དུ་མཐོང་༔ ཐ་མས་མོས་པ་རྙེད་ཚེ་གསོལ་བ་ཐོབ༔ དུས་ཀྱི་རྒྱལ་པོ་ཚེས་བཅུ་ཤར་བའི་ཚེ༔ ཚོགས་ཀྱི་འཁོར་ལོ་གནས་འདིར་བསྐོར་བ་ན༔ མཁའ་སྤྱོད་ཨོ་རྒྱན་ཡུལ་གྱི་གནས་མཆོག་ཏུ༔ ཟབ་མོའི་ཚོགས་ཀྱི་འཁོར་ལོ་བསྐོར་དང་མཉམ༔ ཕྱག་འཚལ་མི་དགེ་བཅུ་ཡི་སྡིག་སྒྲིབ་འདག༔ བསྐོར་ན་མཚམས་མེད་ལྔ་ཡི་ལས་ཀྱང་འབྱང་༔ དུས་ནི་སྤྲེལ་ཟླའི་ཚེས་ལ་དད་ལྡན་འཚོགས༔ ཕྱག་དང་སྐོར་བ་ཚོགས་འཁོར་ཐོན་པའི་རྗེས༔ བདག་གི་གྲུབ་ཆུ་ནུབ་བྱང་བལྟ་བ་ནས༔ ནང་དུ་འཐུངས་པས་ནད་རིགས་ཀུན་འདག་ཅིང་༔ དངོས་གྲུབ་རྒྱུད་ལ་ལྡན་ནོ་སྐལ་ལྡན་རྣམས༔ འདི་ལྟར་གསང་བ་མཆོག་གི་སྒྲུབ་གནས་འདིར༔ ཟབ་ཆོས་གཏེར་ཁ་ཁྱད་འཕགས་བཅུ་གསུམ་ཡོད༔ སྲུང་མར་བཅོལ་ཞིང་ལས་ཅན་རེ་ལ་བཞག༔ འདོན་དུ་མི་རུང་ནོར་གྱི་གཏེར་ཁ་གསུམ༔ ཡུལ་འདིར་འབྱུང་བའི་སྐྱེ་འགྲོ་བདེ་ཐབས་ཡིན༔ ས་བདག་སྙིང་གི་གཏེར་འདི་ཀླུ་ལ་བཅོལ༔ གཏེར་བདག་གཉན་པས་བཏོན་ན་གཉིས་འཕུང་འགྱུར༔ མ་འོངས་དུས་ན་གནས་འདིའི་མདུན་ཕྱོགས་སུ༔ པདྨ་ང་དང་བྱམས་པ་ཐུབ་དབང་བཞེངས༔ ཡུལ་ཕྱོགས་སྐྱེ་འགྲོ་སེམས་ཅན་བདེ་སྐྱིད་ལྡན༔ གནས་འབྲེལ་ཐོགས་རྣམས་ལས་ངན་རྒྱུན་ཆོད་དེ༔ པདྨ་འོད་ན་ང་ཡི་དྲུང་དུ་འོང་༔ ལོག་ལྟ་ཐེ་ཚོམ་ཅན་ལ་ཨ་ཐམ་རྒྱ༔ སྐལ་ལྡན་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་གི་ལོ་ལ་སྤྱན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་འདིས་ཀྱང་འགྲོ་ཀུན་གྲོལ་བར་ཤོག །མངྒ་ལཾ།། །།

ཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིག

ཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིག༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ དེ་ནས་ཡང་མཚོ་རྒྱལ་བདག་གིས་སློབ་དཔོན་ཆེན་པོ་ལ་ཞུས་པ༔ དུས་གསུམ་མཁྱེན་པའི་གུ་རུ་པདྨ་འབྱུང་གནས་ལགས༔ གནས་ཆེན་པོ་སྲིང་མོ་རྫོང་གི་ནུབ་ཕྱོགས་ན་བྱིན་གྱིས་བརླབས་པའི་གནས་ཉེར་གཅིག་ཡོད་གསུངས་པའི་ནང་ནས༔ ཅི་མདའ་རྟ་མགྲིན་བཞད་པའི་བྲག་ཅེས་བྱ་བའི་གནས་ཡོད་གསུངས་པའི་ལམ་ཡིག་དང་༔ དུས་དང་གང་ཟག་མཇལ་བའི་ཕན་ཡོན་སོགས་བཀའ་སྩལ་དུ་གསོལ༔ ཅེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཉོན་ཅིག་མཚོ་རྒྱལ་གསང་བའི་ཡུམ༔ གནས་ཆེན་པོ་འདིའི་སྒོ་མོ་ཅི་མདའ་བྲག་དམར་རྟ་མགྲིན་བཞད་པའི་གནས་ཀྱི་ལམ་ཡིག་བདག་གིས་བཤད་ཀྱི༔ མ་བརྗེད་པར་ཡིད་ལ་གཟུང་ལ་དཀར་ཆག་ཏུ་ཐོབ་ལ་མ་འོངས་འགྲོ་བ་ཕོ་མོ་རྣམས་ཀྱི་དོན་དུ་གཏེར་དུ་སྦོས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གནས་མཆོག་ཆེན་པོ་མ་དང་མཁའ་འགྲོ་འབུམ་འདུ་བའི་ཚོགས་ཁང་མདོ་དེའུ་ཞེས་བྱ་བ་འདི་ནས་དཔག་ཚད་གཅིག་གཞལ་བའི་ས་ན་ཡོད་དེ༔ དེ་ཡང་གནས་དེ་ནི་གནམ་ས་ཟླ་གམ་གྱི་དབྱིབས་སུ་ཡོད་པ༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ དབང་ལྡན་གྱི་ཕྱོགས་ནས་ཉི་ཟླ་འཆར་བ༔ ལྷོར་བྱ་ཕོའི་ཟེ་བ་ལྟར་རམ་སྲིན་མོས་རལ་བ་གསིག་པ་འདྲ་བའི་བྲག་ཡོད་པ༔ བྱང་རི་སྐྱོར་བ་ནུབ་བྱང་ནས་སྦྲུལ་རྒྱུག་པ་འདྲ་བའི་བྲག་ཡོད་པ༔ དེའི་ཤར་ཕྱོགས་དགེ་བསྙེན་དམག་ཡོལ་ལ་རྒྱབ་གཏད་པ་ཞིག་ཡོད༔ ཁྱད་པར་ནུབ་ཕྱོགས་རྒྱང་གྲགས་གཅིག་གི་ས་ན་དེའུ་འབུར་ཞིག་ཡོད་པ་དེར་དགེ་བསྙེན་ར་ཤ་དང་ཆང་ཕུད་ཀྱིས་མཆོད༔ བར་ཆད་མི་འབྱུང་བའི་གསོལ་བ་བཏབ་སྟེ་བྱང་ཤར་དུ་རྒྱང་གྲགས་ཕྱེད་ཕྱིན་པའི་ས་ན་ཕུག་པ་ཆོས་འབྱུང་གི་དབྱིབས་ཅན་ཁ་བྱང་དུ་བསྟན་པ༔ མཐོང་བ་ཙམ་གྱིས་སྐྱི་བུང་བྱེད་པ་ཞིག་ཡོད་པ་དེ་ནི༔ བདག་ཉིད་པདྨ་འབྱུང་གནས་ཁྱུང་ལ་སྤྲུལ་ཞིང་ཀླུ་བདུད་དམ་ལ་བཏགས་པའི་ཕུག་པ་ཡིན་པས་ཀླུ་འདུལ་ཁྱུང་ཁྲ་ཕུག་ཅེས་བྱ༔ ཕུག་པ་དེའི་ནང་ན་བྱ་ཁྱུང་རིགས་ལྔ་རང་བྱོན་དུ་ཡོད༔ སྒོ་མདོར་ཀླུའི་བླ་རྡོ་ཕ་བོང་ཆེ་བ་གཅིག་ལ་ཆུང་བ་མང་པོས་བསྐོར་བ་ཡོད༔ ཕུག་པའི་ནང་ན་ཀླུ་བདུད་དམ་སྲི་ནག་པོ་གནས༔ དྲག་པོའི་ལས་རྣམས་ཐོགས་མེད་དུ་འགྲུབ༔ མཐུ་དང་ཀླུ་ས་བདག་གི་གནོད་པ་མི་འབྱུང་བའི་དངོས་གྲུབ་ཞུ༔ དྲི་མ་དང་བྲུན་ལ་སོགས་པའི་སྤྱོད་པ་གཟབ་པར་བྱ༔ བསང་དང་གཏོར་མ་བཏང་སྟེ་འགྲོའོ༔ དེ་ནས་ཤར་ལྷོར་ཁ་གཏད་དེ་རྒྱང་གྲགས་ཕྱེད་གྱེན་དུ་བརྒལ་བ་ན་བྲག་དར་ནག་གི་ཡོལ་བ་ཐེན་པ་འདྲ་བ་ཁ་ནུབ་བྱང་དུ་ལྟ་བ་ཞིག་ཡོད་པ་དེ་ཀླུ་མོ་ལེ་ཐོད་དཀར་དང་ཀླུ་མོ་ཁྱབ་བྱེད་མ་གནས་པ་བསང་དང་འབྲུ་ཡིས་མཆོད༔ ཆུ་དེ་ནས་ཁྲུས་བྱ་ཞིང་ཐུན་མོང་གི་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ དེ་ནས་གྱེན་དུ་རྒྱང་གྲགས་ཕྱེད་གཞལ་བ་ན་བྲག་རི་ཟུར་གསུམ་པ་རིན་པོ་ཆེ་འབར་བའི་དབྱིབས་ཅན་ཞིག་ཡོད་པ་དེ་ནི་ཁྲོ་བོ་རྟ་མགྲིན་དམར་པོ་རང་བྱོན་ཡིན་མཆོག་གི་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ རྟ་མགྲིན་དམར་པོ་རང་བྱོན་གྱི་དེའུ་དེའི་སྤྱི་བོ་བདེ་ཆེན་གྱི་འ ཁོར་ལོ་ན་པད་འབྱུང་སྤྲུལ་སྐུའི་སྒྲུབ་ཕུག་ཡོད༔ སྐུའི་སྒྲུབ་བསྐོར་མང་དུ་སྦས་ལུས་སྤྲུལ་སྐུ་འཐོབ་པའི་གསོལ་བ་འདེབས༔ དེའི་འོག་ཏུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་པད་འབྱུང་ལོངས་སྐུའི་སྒྲུབ་ཕུག་ཡོད༔ ལོངས་སྐུའི་སྒྲུབ་སྐོར་གཏེར་ཁ་གསུམ་ཡོད༔ ངག་ལོངས་སྐུ་འཐོབ་པའི་གསོལ་བ་འདེབས༔ དེའི་འོག་ཏུ་སྙིང་ག་ཆོས་ཀྱི་འཁོར་ལོ་ན་པད་འབྱུང་ཆོས་སྐུའི་སྒྲུབ་ཕུག་ཡོད༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ཨ་ཏི་ཡང་གསང་བླ་མེད་མན་ངག་སྙིང་གི་དགོངས་པ་ཞེས་བྱ་བའི་གཏེར་ཁ་གསུམ་ཡོད༔ སེམས་ཆོས་སྐུ་འཐོབ་པའི་གསོལ་བ་འདེབས༔ མ་འོངས་པའི་སྐལ་ལྡན་རྣམས་ཀྱིས་དེར་བསྒྲུབས་པས་མཆོག་གི་ས་འཐོབ༔ རྩ་གསུམ་ཞལ་མཇལ་མཁའ་འགྲོས་ལུང་སྟོན་སྲུང་མས་བར་ཆད་སེལ་མ་བསྒོམས་པར་ཡང་ཏིང་འཛིན་ཤུགས་ཀྱིས་འཆར༔ བདུན་གསུམ་བསྒྲུབ་ན་བར་ཆད་རྐྱེན་རྣམས་འབྱང་༔ ཟླ་གསུམ་བསྒྲུབ་ན་ཐུན་མོང་དངོས་གྲུབ་འཐོབ༔ ལོ་གསུམ་བསྒྲུབ་ན་མཆོག་གི་ས་ལ་རེག༔ མཇལ་བ་ཙམ་གྱིས་ངན་སོང་སྐྱེ་སྒོ་གཅོད༔ གནས་འབྲེལ་ཙམ་གྱིས་མཐོ་རིས་ལམ་སྣ་ཟིན༔ ཤ་ཕུད་མཆོད་ན་སྡེ་བརྒྱད་ཡམས་ཁ་ཁེགས༔ ཆང་ཕུད་མཆོད་ན་མཁའ་འགྲོས་བར་ཆད་སེལ༔ ཁྲག་ཕུད་མཆོད་ན་མ་མོའི་ཡམས་ནད་འཆད༔ འབྲུ་ཕུད་མཆོད་ན་བཙའ་སད་སེར་གསུམ་གཅོད༔ ཚོགས་འཁོར་བསྐོར་ན་བདེ་ཆེན་ཞིང དུ་སྐྱེ༔ ཕྱི་མཆོད་ཕུལ་ན་ལུས་ཀྱི་སྡིག་སྒྲིབ་འདག༔ ནང་མཆོད་ཕུལ་ན་ངག་གི་སྡིག་སྒྲིབ་འདག༔ བསང་མཆོད་ཕུལ་ན་ཉམས་ཆག་རྟོག་སྒྲིབ་སྐོང་༔ ཅེས་གསུངས་པས་བདག་མཚོ་རྒྱལ་གྱིས་དེ་ལྟ་བུའི་གནས་དེ་བདག་ལ་བསྟན་དུ་གསོལ༔ ཞེས་ཞུས་པས་སྐད་ཅིག་དེ་ལ་འོད་ཟེར་ལ་ཞོན་ནས་སློབ་དཔོན་ཆེན་པོ་ནམ་མཁར་གཤེགས༔ བདག་ཀྱང་འོད་ཀྱི་ལམ་དུ་སོང་བས་གནས་ཀྱི་གཟིགས་སྣང་རྣམས་མཇལ་༔ སྒྲུབ་ཕུག་ཆེན་མོའི་གཡོན་ཕྱོགས་སུ་ཁོ་མོས་རྟ་མགྲིན་ཞག་བདུན་བསྒྲུབས༔ སློབ་དཔོན་ཡང་རྩེའི་བྲག་ལ་བཞུགས༔ ཚེ་ཡི་སྒྲུབ་པ་བདུན་གསུམ་མཛད༔ ལྷ་ཀླུ་གཞི་བདག་དཔག་མེད་ཚོགས༔ མཁའ་འགྲོ་སྲུ ང་མས་ཚོགས་འཁོར་ཕུལ༔ ཆོས་དང་ལུང་བསྟན་མང་དུ་གསུངས་སོ༔ དེ་ཚེ་བདག་གིས་སློབ་དཔོན་ཆེན་པོ་ལ་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ ད་དུང་ཀྱང་གནས་འདིའི་དཀར་ཆག་རྣམས་གསུང་དུ་གསོལ༔ ཞེས་ཞུས་པས་འདི་སྐད་གསུངས་སོ༔ གནས་མཆོག་ཆེན་པོ་བྲག་དེའུའི་རྣམ་པར་རྟ་མགྲིན་དམར་པོ་རང་བྱོན་དུ་བཞུགས་པ་འདིའི་གཡོན་ཕྱོགས་ཀྱི་ཕུག་པ་འདི་དཔའ་བོ་མཁའ་འགྲོའི་ཚོགས་ཁང་ཡིན༔ མཁའ་འགྲོ་སེང་གེའི་གདོང་ཅན་རང་བྱོན་ཡོད༔ མཚོ་རྒྱལ་ཁྱོད་ཀྱི་སྒྲུབ་ཕུག་འདིར་རྡོ་རྗེ་ཕག་མོ་རང་བྱོན་ཡོད༔ འཁོར་ལོ་གསུམ་གྱི་སྒྲུབ་ཕུག་ན་དམ་པ་རིགས་བརྒྱའི་ལྷ་ཚོགས་རང་བྱོན་བཞུགས༔ གཡས་ཕྱོགས་ཀྱི་ཆུ་རྒྱུན་འདི་ཚེ་དཔག་མེད་ཀྱི་གསང་ཆུ་ཡིན༔ བར་དོའི་འཕྲང་འདི་ངན་སོང་གི་སྒོ་གཅོད་ཅིང་མཐོ་རིས་སུ་འགྲོ་བའི་ལམ་ཡིན་ཏེ༔ གཡས་སུ་འཛུལ་ན་ལྷ་ལ་སྐྱེ༔ གཡོན་དུ་འཛུལ་ན་ལྷ་མ་ཡིན་ལ་སྐྱེ༔ དབུས་སུ་འཛུལ་ན་ཆོས་ལྡན་གྱི་མི་ལུས་འཐོབ༔ སྒང་འདི་ནས་སྒྲུབ་གནས་རྟ་དབུ་མཇལ་ཞིང་བདེ་བ་ཅན་ན་སྐྱེ་བའི་སྨོན་ལམ་འདེབས༔ ཡང་རྩེ་བྲག་འདིར་ཚེ་དཔག་མེད་རང་བྱོན་དུ་ཡོད༔ ཕུག་པའི་ནང་དུ་སངས་རྒྱས་སྣང་བ་མཐའ་ཡས་དང་མགོན་པོ་བྱམས་པ་སྟོན་པ་བཅོམ་ལྡན་འདས་རྣམས་རང་བྱོན་དུ་བཞུགས༔ ཕུག་པའི་ནང་གི་ཆུ་ཚེའི་བདུད་རྩི་ཡིན༔ སྒྲུབ་གནས་ཀྱི་ལྷོ་ཕྱོགས་ཀྱི་དེའུ་གོང་འོག་གཉིས་པོ་འདི་འཇམ་དཔལ་གཤིན་རྗེ་དང་ཕྱག་རྡོར་རང་བྱོན་ཡིན༔ ལྷོ་ཕྱོགས་ཀྱི་བྲག་སྲིན་མོ་རལ་བ་གསིག་པ་འདྲ་བ་འདིའི་ངོས་ལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རང་བྱོན་དུ་བཞུགས༔ གཏེར་ཆེན་གསུམ་དང་གཏེར་ཕྲན་གཉིས་ཡོད༔ དེའི་ལོགས་འདབས་སུ་ཆུ་ཟངས་སྦུབས་ལ་དྲངས་པ་འདྲ་བ་ན་ནོར་སྒྲུབ་ཀྱི་གཏེར་ཡོད༔ གནས་ཆེན་པོ་འདི་ལན་རེ་མཇལ་ན་དངོས་གྲུབ་སྣ་རེ་འཐོབ༔ ཁྱད་པར་སྤྲེའུ་ཟླ་བའི་ཚེས་བཅུ་ལ་ཚོགས་འཁོར་ཕུལ་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་ཅིང་ཕྱི་མ་པདྨ་འོད་ན་སྐྱེ༔ ཅེས་གསུངས་པས་བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལེགས༔ གནས་འདིའི་འགྲོ་དོན་དུས་ནམ་དར༔ ས་རྟགས་དང་དུས་རྟགས་ཅི་འདྲ་འོང་༔ ལམ་ཡིག་འདི་གཏེར་གནས་གང་དུ་སྦ༔ འདོན་པའི་གང་ཟག་ཅི་འདྲ་འབྱུང་༔ སྲུང་མ་མཆོད་ཐབས་ཅི་ལྟར་བགྱིད༔ ཞུས་པས་གུ་རུའི་ཞལ་ནས༔ ཀྱེ་ཧོ་ཉོན་ཅིག་མཚོ་རྒྱལ་གསང་བའི་ཡུམ༔ ད་ནས་བཟུང་སྟེ་རིང་དུས་འདས་པའི་འོག༔ མི་རྣམས་ཚེ་ལོ་བཞི་བཅུ་ཁ་རལ་དུས༔ འབྱུང་བཞི་འཁྲུག་ཅིང་ལྷག་ཆད་མང་བའི་དུས༔ ལོངས་སྤྱོད་རྒྱས་ཤིང་འདུ་འཛི་ཆེ་བའི་དུས༔ དུག་ལྔ་རགས་ཤིང་འཁྲུག་རྩོད་དར་བའི་དུས༔ ཕ་བུ་རྩོད་ཅིང་མིང་སྲིང་ནལ་བྱེད་དུས༔ སྤྱོད་ལམ་འགྱུར་ཞིང་མཐོ་དམན་བརྗེ་བའི་དུས༔ ཆོས་དང་བསྟན་པ་ཡ་མ་ཟུང་འབྱུང་དུས༔ ལུས་གོས་རྒྱན་ཆ་གང་དྲན་བྱེད་པའི་དུས༔ འདོད་ཆགས་ལས་གྱུར་བཙའ་སད་སེར་འབྱུང་དུས༔ གཏི་མུག་ལས་གྱུར་ནད་ཡམས་འཚུབས་པའི་དུས༔ ཞེ་སྡང་ལས་གྱུར་མཚོན་ཆར་འབེབས་པའི་དུས༔ རོ་ལ་མགོ་མེད་ཤིང་སྡོང་བཅད་འདྲའི་དུས༔ ས་གཡོ་ལྕེ་འབེབས་ཐུག་ཆོམ་མང་བའི་དུས༔ སྐར་མ་ཕུད་ཅན་ཉི་ཟླ་འགས་པའི་དུས༔ ཆར་ཆུ་མི་སྙོམ་ལྷོ་བྱང་གོ་ལོག་དུས༔ འཛམ་གླིང་རྒྱལ་པོས་བོད་ཁམས་འདུལ་པའི་དུས༔ ལྷོ་ནུབ་བྱང་ཤར་མཆོད་རྟེན་འཇིག་པའི་དུས༔ ནུབ་ཕྱོགས་ཡུལ་གྲོང་འཕོ་སྐྱས་བྱེད་པའི་དུས༔ ནགས་སོག་གཉིས་ནས་བདུད་སྤྲུལ་གསུམ་འབྱུང་དུས༔ ཤར་གྱི་ཕྱོགས་ན་ང་སྤྲུལ་སྐལ་ལྡན་ཞིག༔ ཁམས་སུ་སྐྱེས་ནས་དབུས་ཀྱི་ཕྱོགས་སུ་འཁྱར༔ སྲིང་མོ་རྫོང་གི་གནས་ལ་གསལ་ཆ་བྱེད༔ ད་ལྟ་སྦས་པའི་གཏེར་ཁ་ཕལ་ཆེར་འབྱིན༔ སྒྲུབ་པའི་དྲོད་ཐོན་སྐྱེ་འགྲོ་སྨིན་གྲོལ་འགོད༔ དེ་དུས་འགྲོ་བ་ཕོ་མོབསོད་ནམས་བསགས༔ མཐོང་ཐོས་འགྲོ་བ་ཐར་པའི་ལམ་ལ་འགོད༔ ལུས་འབྲེལ་ཐོགས་པའི་བུད་མེད་མཁའ་སྤྱོད་བགྲོད༔ དབང་ཆོས་འབྲེལ་རྣམས་རིག་འཛིན་ས་ལ་འགོད༔ བདུད་འགོང་སྤྲུལ་པ་མང་པོས་གཤེ་ཞིང་སྡང་༔ དེ་ཡིས་གནས་འདིའི་སྒོ་འབྱེད་འགྲོ་དོན་འབྱུང་༔ བསོད་ནམས་དར་དང་འཕེལ་གྱི་མིང་ཅན་གསུམ༔ གནས་འདིའི་ཕྱོགས་སུ་འབྱུང་ཞིང་ཞབས་ཏོག་སྟེ༔ ལམ་ཡིག་འདི་དང་སྲུང་མ་མཆོད་ཐབས་རྣམས༔ གནས་མཆོག་དམ་པ་རྡོ་རྗེ་སྙིང་རྫོང་དུ༔ རྒྱ་གསུམ་ཐོབ་ལ་སྦོས་ཤིག་དྷཀྐི་མ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རྡོ་རྗེ་སྙིང་རྫོང་གི་གནས་ལ་སྦས་པ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤིང་ཕོ་སྟག་གི་ལོ་ལ་སཱུརྱ་ཀིརྟིས་གཏེར་ནས་སྤྱན་དྲངས་ཤིང་ལྕགས་སྤྲེལ་ལ་མཁའ་འགྲོའི་གསང་ཤོག་ལས་བོད་ཡིག་ཏུ་བསྒྱུར་བའོ།། །།

ཁམས་ཤག་གི་ལོ་རྒྱུས་གནས་ཡིག

ཁམས་ཤག་གི་གནས་ཡིག་བཞུགས་སོ༔ རྒྱ་གར་ཡུལ་དུ་སྒྲོལ་འདྲེན་རྣམ་གཉིས་མཛད༔ ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་རྣམ་གཉིས་བཅད༔ ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད༔ ཨོ་རྒྱན་གུ་རུ་རྒྱལ་པོ་དུས་འདིར་དྲན༔ གུ་རུ་པདྨ་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་རྒྱལ་པོ་དེས༔ སྒྲུབ་པ་བྱས་པ་གྲངས་ཀྱིས་མི་ལངས་ཏེ༔ ཁྱད་པར་གནས་མཆོག་དམ་པ་འདི་ཉིད་དུ༔ སློབ་དཔོན་པདྨ་འབྱུང་གནས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་གནས་འདི་ལ་ལོ་བཅུ་གསུམ༔ ཟླ་བ་བཅུ་གསུམ༔ ཞག་བཅུ་གསུམ༔ ཟ་མ་བཅུ་གསུམ་སྟེ༔ བཅུ་གསུམ་པ་ཆ་བཞིའི་དམ་བཅའ་བྱས་ནས་སྒྲུབ་པ་མཛད༔ དབྱར་གྱི་དུས་སུ་ཕ་བོང་གུར་འདྲ་ན་བཞུགས༔ དགུན་གྱི་དུས་སུ་མདོ་རི་ན་བཞུགས༔ སྟོན་གྱི་དུས་ན་གཉན་རྒྱལ་བ་ཐོད་དཀར་བཏུལ༔ བཀའ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས༔ གཏོར་མ་བཅས་དབང་བསྐུར༔ འདོད་ཡོན་ལྔའི་འབུལ་བ་བྱས༔ མཁའ་འགྲོ་སྡེ་ལྔས་སྲོག་སྙིང་ཕུལ༔ རྗེ་བཙུན་སྒྲོལ་མས་ཨུཏྤལ་ཕྱག་ཏུ་ཕུལ༔ ཀླུ་རྒྱལ་གཙུག་ན་རིན་ཆེན་དང་༔ ཀླུ་སྐྱེ་བཟང་སྣ་ཚོགས་གཉིས་ཀྱིས་ཆུའི་དངོས་གྲུབ་ཕུལ༔ ནུབ་མོ་མཁའ་འགྲོ་མ་རྣམས་ལ་ཆོས་གསུང་༔ བྲག་མཆོད་རྟེན་འདྲ་བ་ན༔ མཁའ་འགྲོ་སྡེ་ལྔའི་ཕོ་བྲང་ཡོད༔ ཀླུ་བདུད་བཏུལ་པའི་རལ་གྲི་བརྒྱ་ཕོན་ཕར་ལ་གཏེར་དུ་སྦས༔ གཟིགས་སྣང་གཏན་ལ་ཕབ་པ་ནི༔ བཀའ་བརྒྱད་དཀྱིལ་འཁོར་བཞེངས་པའི་ས་དེར༔ བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་ཞལ་གཟིགས་ཡོད༔ དེའི་བྲག་ལྷོར་ཕྱོགས་པ་ན༔ དགྱེས་རྡོར་སྤྲུལ་པའི་ལྷ་དགུའི་ཞལ་གཟིགས་ཡོད༔ འཕྲང་འོ་ཟན་འདྲ་བའི་བྲག་ལ་ཚེ་དཔག་མེད་ལྷ་དགུའི་ཞལ་གཟིགས་ཡོད༔ དེའི་དུས་སུ་ཇོ་མོས་ཞུས་པ༔ གནས་འདི་ལ་གཞན་ལས་ཁྱད་པར་འཕགས་པའི་ཡོན་ཏན་ཆེ་བ་ཅི་ལགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ་ལ༔ ཁྱོད་ཤེས་རབ་ཆེ་བས་ང་ལ་ཞུས་པ་ལེགས༔ ངའི་གནས་ཙཱ་རི་མིན་ཏེ་ཙཱ་འདྲ་ཡིན༔ སྦས་པའི་ཚུལ་གྱིས་ཅུང་ཞིག་ཟབ༔ སྟོད་འདི་ན་ཇོ་བོ་དཔལ་འཛོམ་དཀར་པོ་ཡོད་པ་དེ༔ ཇོ་བོ་བཅུ་གཅིག་ཞལ་གྱི་སྐུ་ཡིན༔ དེའི་པང་ལ་མུ་ལེ་མཐིང་མཚོ་ཡོད་པ་འདིར༔ སྒྲོལ་མ་ལྷ་ཉི་ཤུ་རྩ་གཅིག་གི་ཕོ་བྲང་ཡོད༔ འདིའི་འཁོར་ལ་ནགས་སོག་གཉིས་ན་མུཥྟ་ཚ་མཚོ་བརྒྱ་དང་རྩ་བརྒྱད་ཡོད༔ དེའི་ཉེ་འཁོར་དུ་མཚོ་ཆེན་བརྒྱད༔ མཚོ་ཕྲན་བརྒྱད༔ བླ་མཚོ་ལྔ་དང་ཉི་ཤུ་རྩ་གཅིག་ཡོད༔ ཤར་རྡོ་རྗེ་མཁའ་འགྲོའི་བླ་མཚོ༔ དཀྱིལ་རིའི་མཚོ་ལ་སོགས་པ་མཁའ་འགྲོ་རིགས་བཞིའི་བླ་མཚོ་ཡོད༔ མཚོ་ཆེན་འདི་ལ་ཕྱི་རིམ་བརྒྱ་དང་རྩ་བརྒྱད་ཡོད༔ ནང་རིམ་བརྒྱ་རྩ་བརྒྱད་ཡོད༔ ཤར་ཀྱི་སྒོ་སྲུང་མི་གཡོ་བས་བྱེད༔ ལྷོའི་སྒོ་སྲུང་འཇམ་དཔལ་གཤིན་རྗེའི་གཤེད་ཀྱིས་བྱེད༔ མཚོ་ལྔའིི་ཞབས་ན་ཡོད༔ ནུབ་ཀྱི་སྒོ་སྲུང་རྟ་མགྲིན་དམར་པོས་བྱེད༔ ཅི་མདའ་བྲག་དམར་ལ་ཡོད༔ བྱང་གྱི་སྒོ་སྲུང་བདུད་རྩི་འཁྱིལ་བས་བྱེད༔ གསུ་ཁྱི་གདོང་མེར་ནག་ན་ཡོད༔ གནས་འདིར་ཞབས་ཀྱིས་བཅགས་པ་རྣམས་ངན་འགྲོའི་འཇིགས་པ་ལས་སྐྱོབ༔ གནས་འདིར་སྒྲུབ་པ་བྱས་ན་པདྨ་ང་དང་མཉམ༔ བལ་དིལ་དང་ཉིད་རྐང་གཉིས་ལ་མཁའ་འགྲོ་མ་བྱེ་བ་འབུམ་བདུན་དུ་གནས༔ སློབ་དཔོན་ཀྱི་ཚེ་བུམ་ཆུ་དེ་གང་གིས་འཐུང་བ་ཚེ་རིང་ཕྱི་མ་ངན་འགྲོ་ལས་སྐྱོབ༔ ཙཱ་རིའི་མཁའ་འགྲོ་མ་རྣམས་རམ་ཟླའི་བཅོ་ལྔ་ལ་འབྱོན་དུས་མཚོ་ཞལ་བྱེ༔ དག་པ་ཤེལ་རིའི་ལྷ་ཉིས་སྟོང་བརྒྱད་བརྒྱ་ཇོ་བོ་དཔལ་འཛོམ་དཀར་པོ་ལ་གནས༔ དཔེར་ན་མི་གཅིག་ལ་གཞིས་གཉིས་ཡོད་པ་དང་འདྲ༔ དག་པ་ཤེལ་རིའི་མཆོད་རྟེན་མེ་ཏོག་མངོན་པར་དགའ་རྣལ་འབྱོར་བ་རྣམས་ཀྱིས་མཐོང་༔ དེང་སང་གནས་སྒོ་བར་མ་བྱེ་བ་ཡིན་པས་ཕལ་བོ་ཆེས་མཐོང་བ་ཡོད༔ ད་ནི་ཁམས་ཀྱི་ཕྱོགས་ནས་སློབ་དཔོན་གྱི་རྣམ་སྤྲུལ་སྐྱ་མིན་སེར་མིན་གཅིག་ཡོང་ནས་གཟིགས་སྣང་གཏན་ལ་འབེབས༔ དེའི་དུས་སུ་མཚོའི་ནང་ནས་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་ཞིག་འདོན་ནས་བྱིན་བརླབས་ཞུས་པས་ཆོག༔ ལྷ་རྣམས་ལ་ཞལ་ཕྱག་དོད་ཚེ་ཀུ་ཤ་རྒྱས༔ ཙཱ་རི་ནུས་པ་ཇེ་ཆུང་ལ་འགྲོ༔ ཁམས་ཤག་ཇེ་ཆེ་ལ་འགྲོ༔ མདོ་རི་རིན་ཆེན་སྤུངས་པར༔ སློབ་དཔོན་གྱི་མན་ངག་ཤོག་དྲིལ་བདུན་དང་གསེར་རྣམས་ཡོད༔ ཙཱ་ཀླུ་བདུད་རྡོ་རྗེ་མ་གཏོགས་པ༔ ཙཱ་རི་དང་ནི་ཡོད་ཚུལ་མཐུན༔ བྲག་ཐམས་ཅད་སོག་པོ་ཁྲོས་པ་འདྲ་བ༔ ཤིང་ཐམས་ཅད་དངོས་གྲུབ་ལ་ལག་པ་བཟེད་པ་འདྲ་བ༔ དབྱི་མ་བུ་སུམ་མདོའི་བྲག་ལ་མཆོད་རྟེན་བྱ་རུང་ཁ་ཤོར་ཡོད༔ གློ་མ་ལྷའི་བྲག་ལ་མན་ངག་ཤོག་དྲིལ་གཅིག་དང་བདུད་རྩི་བུམ་པ་གང་ཡོད༔ ཡང་སློབ་དཔོན་གྱིས་ཕུག་དཀར་ཕུག་སྔོན་ཕུག་སེར་དུ་སྒྲུབ་པ་མཛད་ཅིང་དགེ་སྙེན་མ་འདུལ་ཞིང་དམ་ལ་བཏགས་ནས་བཀའ་སྲུང་མཛད༔ ཕྱི་སྒོ་གྲོང་སྣེ་དང་གཡོམ་གཉིས་ཀྱི་བར་གྱི་ཡུལ་མཚམས་ཡིན། བར་སྒོ་ནི་གཡི་མ་བུ་སུམ་མདོ་ཡིན༔ རྡོ་རྗེ་གཞོན་ནུའི་སྐུ་ཡོད༔ ནང་གི་སྒོ་སྲུང་ནི་བེའུ་ལ་ཁ་ཡིན༔ རྟ་མགྲིན་ཀུན་སྒྲོལ་གྱི་སྐུ་མི་ལངས་པ་འདྲ་བ་ཞིག་ཡོད༔ ཇོ་བོ་དཔལ་འཛོམ་དཀར་པོའི་ཕྱག་གཡས་ན་ཀ་ལ་དུང་མཚོ་ཡོད༔ གཡོན་ན་དམར་ནག་རཀྟ་ཡོད༔ རྒྱབ་ན་ཁྲ་མོ་གཟི་མཚོ་ཡོད༔ མདུན་ན་ཕོ་བྲང་གཡུ་མཚོ་ཡོད༔ ཟླ་གོང་སང་གི་བྲག་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་མཆོད་རྟེན་གསུམ་ཡོད༔ དེའི་ནུབ་ཕྱོགས་ཀྱི་བྲག་ངོས་ན༔ སངས་རྒྱས་སྟོང་སྐུ་ཡོད༔ ཆུ་ཕྱར་གོང་མའི་ཤར་ཕྱོགས་ན༔ ཐུབ་པ་གཙོ་འཁོར་གསུམ་ཡོད༔ ཟླ་གོང་སང་རིའི་བྲག་ལ་རྣམ་སྲས་སྐྱ་བརྒྱད་ཡོད༔ མདོ་རི་རིན་ཅེན་སྤུངས་པ་ན༔ མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་ཁང་ཡོད༔ དེའི་བྲག་ལ་མཁའ་འགྲོ་སྡེ་ལྔ་རང་བྱོན་ཡོད༔ ཆུ་ཕྱར་བརྒྱད་ཡོད་པ་ལ་མཆོད་པའི་ལྷ་མོ་བརྒྱད་ཡོད༔ ཆུ་ཕྱར་གོང་མའི་གཡས་ཕྱོགས་སུ་སྤྱན་རས་གཟིགས་ཀྱི་སྐུ་ཡོད༔ གཡོན་ཕྱོགས་སུ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་རང་བྱོན་ཡོད༔ སློབ་དཔོན་ལ་མུ་ཏིག་གི་འཕྲེང་བ་ཕུལ་བའི་ཚུལ་ཡོད༔ ཆུ་ཕྱར་གཞུག་མ་དེ་ཆུ་ཡན་ལག་བརྒྱད་ལྡན་ཡིན༔ དེ་གང་གིས་འཐུང་བ་དེ་ངན་འགྲོར་མི་འགྲོཿ གཉན་རྒྱལ་བ་ཐོད་དཀར་བཏུལ་བའི་དུས་སུ་ཆུ་ཕྱར་མདོ་ན་ཞབས་རྗེས་གཅིག་ཡོད༔ མཚོ་རྒྱལ་གྱི་ཞབས་རྗེས་ཡོད༔ སྦ་ཟོའི་རྗེས་ཡོད༔ ཕ་བོང་གུར་འདྲ་ན་བྲང་རྒྱན་གྱི་གཏེར་ཡོད༔ མཚོའི་དབུས་སུ་ཀླུ་རྒྱལ་སྐྱེ་བ་སྣ་ཚོགས་ཀྱི་ཕོ་བྲང་ཡོད༔ གཙུག་ན་རིན་ཆེན་གྱི་གུར་སྟོད་ན་སྦ་ཡོད༔ གུར་སྨད་ན་ཆུ་ཕྱར་གསུམ་ཡོད་པ་རིགས་གསུམ་མགོན་པོས་ཁྲུས་གསོལ་བའི་ཆུ་ཡིན༔ དུས་ཐམས་ཅད་དུ་མཛད༔ དབྱར་དགུན་མེད་པ་མེ་ཏོག་འདྲ༔ དེའང་གནས་མཆོག་ཁྱད་དུ་འཕགས་པ་འདི༔ བསྐལ་བ་འཇིག་པའི་དུས་སུ་ཟོ་ཕོར་གནམ་དུ་བཏགས་པ་འདྲ་བ་ཞིག་འོང་༔ ཀླ་ཀློ་མ་དད་པ་རྣམས་ལ་སྦས་པའི་ཚུལ་དུ་ཡོད༔ སློབ་དཔོན་གྱིས་དེ་སྐད་གསུངས་སོ༔ ཁམས་ཤག་གི་གནས་ཡིག་སློབ་དཔོན་པདྨའི་ཐང་ཡིག་ཆེན་མོ་ནས་ཁོལ་བུར་ཕྱུང་བའོ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ སློབ་དཔོན་པདྨ་གཞོ་སྟོད་ཏི་སྒྲོའི་བྲག་ལ་བཞུགས་པའི་དུས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ལ་ཞབས་ཏོག་བྱས་ནས་བཞུགས་པའི་དུས༔ ཚོགས་ཀྱི་འཁོར་ལོ་བསྐོར་ནས་སློབ་དཔོན་ལ་ཞུས་པ་བོད་དུ་གནས་དུ་ཙམ་ཡོད་ཞུས་པས༔ ཙཱ་རི་ཆེ་ཆུང་གཉིས༔ གངས་ཏི་སེ་ལ་ཕྱི་ལ་སོགས་མང་སྟེ༔ ཏི་སྒྲོ་བྲག་དཀར་ཞེས་བྱ་བ༔ བོད་ལ་འདི་ལས་ངོ་མཚར་ཆེ་བ་མེད་དེ༔ བོད་མ་དག་པས་མི་ཤེས༔ འདིའི་ཡོན་ཏན་བརྗོད་ན་བསམ་ལས་འདས་གསུངས༔ ཡང་མཚོ་རྒྱལ་གྱིས་འདིའི་ཡོན་ཏན་ཅུང་ཞིག་བརྗོད་པར་ཞུ་ཞུས་པས༔ འདི་སྐད་གསུངས་སོ༔ མཁའ་འགྲོ་མ་རྣམས་རང་ངམ་མང་བར་འདུའོ༔ འདི་ལ་གནས་འབྲེལ་བཏགས་པ་ཙམ་གྱིས་ནུབ་ཕྱོགས་པདྨ་བཀོད་པར་སྐྱེའོ་གསུངས༔ འདི་མིན་མེད་པ་ཨེ་ཡིན་ལགས་ཞུས་པས་ཡོད་དེ་བརྗོད་ཀྱང་ཅོལ་ཆུང་དུ་འགྲོ་གསུངས་ནས་གསུང་དུ་མ་ཉན་ནོ༔ རྒྱ༔ སློབ་དཔོན་པདྨ་ནགས་སོག་རྒྱུད་པར་ན་ཕུག་དཀར་དམར་གཉིས་ན་ཇོ་མོས་ཞབས་ཏོགས་མཛད་ཅིང་བཞུགས་པ་ལ༔ ཇོ་མོས་ཞུས་པ༔ ནགས་སོག་གཉིས་ན་གནས་དུ་ཙམ་ཡོད་ཞུས་པས༔ གདོལ་བའི་ཡུལ་དུ་གནས་དུ་ཡོད་ཅི་ཕན་གསུངས༔ ཅིས་ཀྱང་གསུང་བར་ཞུ་ཞུས་པས༔ སློབ་དཔོན་གྱིས༔ ཁམས་ཤག་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པའི་གནས་ཡིན༔ འདི་ལ་མཚོ་བཅུ་གཉིས་ཀྱིས་བསྐོར་ནས་ཡོད༔ དེའི་སྤྱི་བོའི་སྟེང་ན་ཡོད་པ་ལ་ཕ་བོང་སྦལ་བ་ལྟ་བུའི་སེ་བོ་ཞིག་ཡོད༔ དེ་ལ་ཀླུ་གཙུག་ན་རིན་ཆེན་གནས༔ དེ་ལ་བྱ་གྱི་བསྐོར་བ་ནི༔ དེ་ལ་མཚོ་ཕྲན་ལྔས་བསྐོར་ནས་ཡོད༔ ནགས་སོག་སུམ་མདོའི་སྡིག་པ་ལྟ་བུ་ལ༔ མཚོ་རྟིང་དཀར་མཚོ་སེར་བྱ་བ་ཡོད༔ མ་མཚོ་ལ་སྦལ་མཚོ་སྐྱ་བོ༔ འབྲི་མཚོ་སྔོན་མོ༔ གཡུ་མཚོ་དང་ལྔའོ༔ མཚོ་བརྒྱད་ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན༔ ཁྱེད་ཀྱིས་གནས་འདི་རུ་སྡོད་པས་སྨོས་མི་དགོས་གསུངས༔ རྐང་པས་བཅགས་པའི་མི་རྣམས་ནམ་ཡང་ངན་སོང་དུ་རྡོག་པས་ཕུལ་ཡང་མི་འགྲོ་གསུངས༔ ཙཱ་རི་ལས་ཅུང་ཞིག་དགའ༔ གསུངས༔ ཡང་ནགས་སོག་གཉིས་ན་གནས་དུ་ཙམ་ཡོད་ཞུས་པས༔ ཡང་གསུངས་པ༔ ཁམས་ཤག་ནགས་སོག་སུམ་མདོ་ཕུག་དཀར་དམར་གཉིས༔ སོག་ན་སྐྱེ་ཚ་བྲག་དཀར་དང་གསུམ༔ ཀ་ཡི་རི་ཕུག་སྔོན་དང་བཞི༔ ཆོས་རྫོང་ཕུག་སྟག་རྩེ་དང་ལྔ༔ མེ་མོ་རག་ཕྲོམ་དང་དྲུག༔ སྨུག་སེང་གེ་ལུང་དང་བདུན༔ འབྲོག་གུ་ཟེ་བློན་དང་བརྒྱད༔ འགག་ལ་དཔའ་ཕྲོམ་དང་དགུ༔ ཆམ་བྱུར་མཛོད་དང་བཅུ༔ ཨར་སྡོམ་རྫ་དཀར་དང་བཅུ་གཅིག༔ ཤ་རུ་སྨན་དར་དང་བཅུ་གཉིས༔ ཆུ་དྲོན་གཡུ་ཕུག་དང་བཅུ་གསུམ༔ ཡོན་ཏན་མང་སྟེ་སྒྲུབ་པ་བྱེད་མི་མེད་གསུངས༔ ཁམས་ཤག་སྙིང་རྫོང་ན་གསེར་གྱི་རྡོ་རྗེ་གཅིག༔ འབེབས་མཐུའི་ཤོག་དྲིལ་གསུམ་ཡོད༔ ཡུམ་གཉིས་ཀྱི་སྒྲུབ་ཐབས་ཤོག་དྲིལ་གསུམ་གསུམ་དང་དགུ་ཡོད༔ ནོར་གྱི་གཏེར་མང་གསུངས༔ སོག་སྨན་འཕྲང་ན་ཚེ་སྒྲུབ་ཤོག་དྲིལ་གཅིག༔ བདུད་རྩི་སྤ་རུ་གང་ཡོད༔ སྨན་གྱི་ཤོག་དྲིལ་གཅིག༔ བདུད་རྩི་སྒྲུབ་ཐབས་ཤོག་དྲིལ་གཅིག་དང་གསུམ་ཡོད༔ གཏེར་བྲག་ན་གསེར་དང་ངན་སྔགས་ཤོག་དྲིལ་མི་འདྲ་བ་གསུམ་ཡོད༔ བཞག་པ་མང་སྟེ་བཤད་མི་ལངས་གསུངས༔ ཁོ་མོ་མཁར་ཆེན་བཟས་ནགས་སོག་གི་གནས་ལུགས་བསྟན་པའོ༔ ཤ་ཤ་ཤ༔ ཁམས་ཤག་འདི་ཐེངས་གཅིག་བསྐོར་ན་ས་གཅིག་ནོན༔ ཐེང་གཉིས་བསྐོར་ན་ས་གཉིས་ནོན༔ དེ་བཞིན་བརྩིས་པས་ས་བཅུ་ནོན༔ རིམ་གྱིས་བསྒྲོད་པའི་ཡོན་ཏན་ཡོད༔ གནས་ཀྱི་ཡོན་ཏན་ཟུར་ཙམ་སྤྲོས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ཁ་ཐཾ༔ རྒྱ་རྒྱ་རྒྱ༔

ཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ།

ཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ་བཞུགས་སོ༔ བླ་མ་ཡི་དམ་གྱི་ལྷ་ཚོགས༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ༔ བྱིན་གྱིས་བརླབས་པར་མཛད་དུ་གསོལ༔ རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་༔ མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོ་རྒྱན་པདྨ་འབྱུང་གནས་དེ་ཉིད༔ དྷ་ན་ཀོ་ཤའི་མཚོ་གླིང་༔ པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུར་བཞུགས་པའི་དུས་སུ༔ ནུབ་ཀྱི་དུས་སུ་མེ་དཔུང་འབར་བའི་དབུས༔ ཉིན་ཀྱི་དུས་སུ་འཇའ་འོད་འཁྱིལ་བའི་གུར་ཁང་དུ་བཞུགས་པའི་དུས་སུ༔ རྒྱལ་པོས་སྐུ་མཁར་གྱི་རྩེ་ནས་ལྟད་མོ་ལ་གཟིགས་པའི་དུས་སུ༔ མཚོའི་དཀྱིལ་དུ་འཇའ་འོད་ཀྱི་གུར་ཁང་གི་དབུས་སུ༔ སངས་རྒྱས་སྟོང་རྩ་གཉིས་ཞལ་གཟིགས༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཏིང་ངེ་འཛིན་དུ་དེ་ནུབ་སོང་༔ རྒྱལ་པོས་ཕྱིས་ནང་འཁོར་རྣམས་ལ་འདིར་ཤོག་ཁྱེད་རྣམས་ཀྱིས་གྲུ་དང་ཤན་གྱིས་ལ་འདིར་གདན་དྲོང་ལ་ཤོག་གསུངས༔ དེར་སོང་བ་ལས་ལོ་བརྒྱད་པའི་མཆོག་ཏུ་གྱུར་པའི་སྐྱེས་བུ་གཅིག་འདུག་པ་གདན་དྲངས༔ མངའ་རིས་རྣམས་ཀྱིས་བསུ་བ་མཛད༔ ཕོ་བྲང་གི་ནང་དུ་གདན་དྲངས༔ རྒྱལ་པོ་ཁྲི་ནས་རང་བཞིན་ཐུགས་རྗེའི་ཤུགས་ཀྱིས་བབ་ནས་ཕྱག་འཚལ༔ དེ་མ་ཐག་ཏུ་བཙུན་མོ་རྣམས་ཀྱི་ཕྲག་པར་མེ་ཏོག་རེ་འཁྲུངས༔ མེ་ཏོག་དེ་རྣམས་ཨོ་རྒྱན་ལ་ཐིམ༔ བཙུན་མོ་རྣམས་ཀྱིས་ངའི་སྲས་ངའི་སྲས་ཟེར༔ རྒྱལ་པོའི་སྲས་ཀྱི་མཆོག་ཏུ་གྱུར༔ རྒྱ་གར་དུ་རྒྱལ་སྲིད་ཆོས་རྣམས་ཐམས་ཅད་བསྐྱངས༔ མངའ་བདག་རྒྱལ་པོས་བོད་དུ་སྤྱན་དྲངས༔ བོད་ཀྱི་མུན་པ་བསལ༔ གཙུག་ལག་ཁང་གི་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་ནས༔ མཚོ་རྒྱལ་གྱིས་ཞུས་པ༔ མདང་ངའི་རྨི་ལམ་དུ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཞེས་བྱ་བའི་ལྷུན་གྲུབ་ཡོད་པ༔ དེར་ཁྱེད་ཕེབས་ན་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་རང་ཞིར་འགྲོ༔ གནས་ཐམས་ཅད་ཀྱི་སྒོ་ཕྱེས་ཤིག་ཞུས་པས༔ ཟིལ་ཆེན་གསང་བའི་ཕུག་པར་བཞུགས་པའི་དུས་སུ༔ གནས་ཙཱ་རི་མཁའ་འགྲོ་ཇི་ཙམ་འདུ༔ སློབ་དཔོན་གྱིས་གཏན་ཚེ་ལ་འདུ་བ་ཕག་གདོང་ནག་མོ་འདུ་བའི་གནས་ཡིན༔ བསམ་ཡས་མཆིམས་ཕུར་ཕྱེད་ཙམ་འདུཿ དེ་བས་ངོ་མཚར་བའི་གནས་བྱང་ཕྱོགས་ཕ་ཀིར་ཡོད་གསུངས༔ འོ་ན་ཁྱེད་ཕྱག་ཕེབས་ནས་བྱིན་གྱིས་བརླབས་པར་མཛད་དགོས་ཞུས༔ དཔལ་གསང་བ་རིན་པོ་ཆེ་བདུད་རྩི་བུམ་པའི་རྒྱུད་ལས༔ ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་རྒོད་པའི་ས༔ གནས་བརྒྱད་དུར་ཁྲོད་ཆེན་པོ་རྔམས་པའི་སྒོ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ མཁའ་འགྲོས་ལུང་བསྟན་བྱིན་གྱིས་བརླབ་པའི་ས༔ རང་བཞིན་ལྷུན་གྲུབ་ཙཱ་རི་ཏྲ་དང་ཁྱད་པར་མེད༔ རྫོང་ཁམས་ཤག་ཅེས་བྱའི་གནས་མཆོག་ཡོད༔ ཨོ་རྒྱན་ཡུལ་ལམ་མཁའ་སྤྱོད་དག་དང་མཚུངས༔ མཁའ་འགྲོ་མེ་ལྟར་འབར་མའི་རྒྱུད་ལས་ཀྱང་༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ དབང་ཕྱུག་དཔལ་ལྡན་མཁའ་འགྲོ་གནས་པའི་ས་ཡོད༔ མ་ག་དྷ་རྡོ་རྗེ་གདན་བརྩེགས་པའི་བྱང་ཤར་མཚམས༔ དོན་ལ་སྦྱར་ན་སྒྲུབ་གནས་ཆེན་པོ་དེར་ཕྱིན་པ་ཙམ་གྱིས་སྡིག་སྒྲིབ་འདག་གོ༔ ཡེ་ཤེས་རང་བཞིན་འཆར་བའི་ཕྱིར་བྱང་ཤར་མཚམས་ཞེས་བྱའོ༔ དཔལ་ཕྱག་ན་རྡོ་རྗེ་རིན་པོ་ཆེ་སྒྲོན་མའི་རྒྱུད་ལས༔ ཡ་ངའི་གནས་མཆོག་ཙཱ་རི་དང་༔ ཁྱད་པར་མེད་པ་ཡ་ང་བ༔ མཆོག་ཐུན་དངོས་གྲུབ་ལོངས་སྤྱོད་གནས༔ ཡང་དག་དོན་མཐོང་ཞེས་བྱའི་ཕྱིར༔ བདེ་བའི་ལམ་ཞུགས་བདེ་བ་ཅན༔ དེར་འགྲོ་ཞེས་གསུངས༔ གང་ཟག་ལས་ཅན་དབང་པོ་རབ་ཟླ་བ་གཅིག་ནས་མཁའ་འགྲོའི་ལུང་བསྟན་ཐོབ༔ གཉིས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་བོ༔ གསུམ་ནས་ཕྱག་རྒྱ་ཆེན་པོ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅེས་གསུངས༔ གང་ཟག་དབང་པོ་འབྲིང་ཟླ་བ་བདུན་ནས་དངོས་གྲུབ་ཐོབ་པར་གསུངས༔ དབང་པོ་ཐ་མར་གྱུར་པ་ལོ་གཅིག་གི་ནང་དུ་དངོས་གྲུབ་ཐོབ་ཅེས་གསུངས༔ སྒྲུབ་གནས་ཆེན་པོ་དེས་ལམ་ཡིག་བསྟན་པ་ནི༔ སྤྱིར་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ས༔ མཆོད་རྟེན་གླིང་རྒྱུ་རིན་པོ་ཆེ་ལས་ལྷུན་གྱིས་གྲུབ་པ༔ རི་བོ་མཆོག་རབ་གྱི་ལྷོ་ངོས་བཻཌཱུརྱ་སྔོན་པོའི་མདོག༔ ཤིང་འཛམ་བུ་པྲིཀྵས་སྒྲ་འབྱིན་པའི་ས༔ གླིང་གཞན་ལས་ཁྱད་པར་དུ་འཕགས་པའི་ས༔ གྲུ་གསུམ་ཆོས་འབྱུང་སོག་ཁར་ཆགས་པའི་སྟེང་༔ རྒྱ་བོད་གཉིས་ཀྱི་མཚམས་རྟེན་འབྲེལ་སྣ་ཚོགས་ཚང་བའི་གླིང་ཕྲན༔ ས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་ཆགས་པ༔ ལོགས་བཀྲ་ཤིས་རྫས་བརྒྱད་ཀྱི་ཚུལ་དུ་གནས་པ༔ གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་ཚུལ་དུ་གྲུབ་པ༔ ས་གཞི་ཐམས་ཅད་སྔོན་པོ་བཀྲ་ཤིས་པའི་རྫས༔ མཚོ་ནང་དུ་མི་དང་མི་མ་ཡིན་གྱི་གཟུགས་སུ་འཆར་བ༔ རི་བྲག་ཐམས་ཅད་རྡོ་རྗེ་བསྣོལ་བའི་ཚུལ་དུ་འདུག་པ༔ གཡའ་བྲག་ཐམས་ཅད་སྲིན་མོ་རལ་བ་གསིག་པ་འདྲ་བ༔ རྫ་བྲག་ཐམས་ཅད་སེང་གེ་གྱེན་ལ་འགྲོ་བ་འདྲ་བ༔ ཆུ་ཐམས་ཅད་ནི་དར་དཀར་ཕྱར་བ་འདྲ་བ༔ རིའི་སྨད་དུ་ཤིང་ཐམས་ཅད་མི་རིང་ལངས་པ་འདྲ་བ༔ དཔའ་བོ་དང་དཔའ་མོ་ཐམས་ཅད་རང་བཞིན་གྱིས་འདུ་ཤིང་མཁའ་འགྲོས་དངོས་སུ་ཆོས་སྟོན་པའི་གནས༔ སྐལ་མེད་རྣམས་ལ་བར་ཆད་བྱེད་ཅིང་༔ སྐལ་པར་ལྡན་པ་རྣམས་ལ་དངོས་གྲུབ་སྟེར་བའི་ས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གནས༔ རང་བྱུང་གི་རྟེན་མཆོག་གྲངས་མང་དུ་ཡོད་དེ༔ མ་བསྒོམ་པར་རིག་པ་རང་བཞིན་དུ་འཆར་བའི་གནས༔ རྡོ་འཐུལ་བ་དང་ཤིང་གཡོ་བ་དང་ཆུ་འབྲུབ་པ་རླུང་འཕྱོ་བའི་སྒྲ་ཐམས་ཅད་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ལ་སོགས་པ་མཁའ་འགྲོའི་སྒྲ་སྒྲོག་པ་དང་༔ དྲི་བཟང་སྤོས་འཐུལ་བ་ནམ་མཁའ་འཇའ་ཡིས་གང་བ་དང་༔ ཌཱ་མ་རུ་དང་རོལ་མོའི་སྒྲ་སྒྲོག་པ་མང་དུ་འབྱུང་༔ དེ་ལྟར་ཉམས་དགའ་བ་དང་བདེ་བ་ཡིད་དྭངས་ཤིང་༔ ཉོན་མོངས་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ཡལ་ནས༔ སེམས་མི་རྟོག་པའི་ཉམས་རང་བཞིན་དུ་འཆར༔ དེ་ལྟར་རང་བཞིན་གནས་མཆོག་དེ་ཉིད་ལ༔ རྫོང་ཁམས་ཤག་ཡིན་ཞེས་མཚོ་རྒྱལ་ལ་གསུངས༔ ཙཱ་རིའི་དཀྱིལ་འཁོར་གཞལ་ཡས་ཁང་དུ་ཤར་བའི་སྒོ་བཞི་ཡོད༔ ཤར་སྒོ་འཇམ་དཔལ་གྱི་སྒོ་རྒྱ་ནག་པོ་ལ་གཏད༔ བཀའ་སྲུང་དཔལ་གཤིན་རྗེའི་གཤེད་ཀྱིས་བྱེད༔ ལྷོ་སྒོ་ཕྱག་ན་རྡོ་རྗེའི་སྒོ༔ རྒྱ་དཀར་པོ་ལ་གཏད༔ བཀའ་སྲུང་ཁྲོ་བོ་བདུད་རྩི་འཁྱིལ་བས་བྱེད༔ ནུབ་སྒོ་ཇོ་མོ་སྒྲོལ་མའི་སྒོ༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་ལ་གཏད༔ བཀའ་སྲུང་ལྷ་མོ་ཨེ་ཀ་ཙ་ཏིས་བྱེད༔ བྱང་སྒོ་ཐུགས་རྗེ་ཆེན་པོའི་སྒོ་བོད་ལ་གཏད༔ ཇོ་བོ་དཔལ་འཛོམས་དཀར་པོ་ཞེས་ཀྱང་བྱ༔ བཀའ་སྲུང་དཔལ་ཧྱ་གྷྲི་ཝས་བྱེད༔ མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ལས་ཀྱང་༔ གཡའ་དང་གངས་ཀྱི་ཕ་རོལ་ན༔ སྤྲིན་དང་ན་བུན་ཚུར་རོལ་ན༔ གཡའ་རི་གངས་རིའི་ཁོང་གསེང་ན༔ མཚོ་ཆེན་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར་བ་ཡོད༔ ལ་ལ་ནི་ཞི་བའི་མཚོ་དཀར་པོ་ཟླུམ་པོར་ཡོད༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་རྒྱས་པའི་མཚོ་སེར་པོ་གྲུ་གཞིར་ཡོད༔ རིན་ཆེན་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་ནི་དབང་གི་མཚོ་དམར་པོ་ཟླ་གམ་ལ༔ པདྨ་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་ནི་དྲག་པོའི་མཚོ་གྲུ་གསུམ་ལ༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་ནི་ཀླུ་གདུག་པ་ཅན་གནས་པའི་དུག་མཚོ་ཡོད་པ་དེ་ལ་ནི་བཏུང་དུ་མི་རུང་༔ གྲིབ་མ་ཕོག་ཏུ་ཡང་མི་རུང་༔ དེ་ལྟར་ཕྲིན་ལས་རྣམ་བཞི་དང་ཆགས་པའི་མཚོ་ལ་མཁའ་འགྲོ་མ་སྡེ་བཞི་གནས་ཏེ༔ གཡའ་སྨན་དང་གངས་སྨན་མཚོ་སྨན་གྱིས་བསྐོར་ཞིང་༔ རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་འཇིག་རྟེན་གྱི་བྱ་བ་བཏང་ནས༔ སྒྲུབ་པ་ཚུལ་བཞིན་ཉམས་སུ་བླངས་ན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ སློབ་དཔོན་པདྨ་འབྱུང་གནས་དེ་ཉིད་སེང་གེ་དཀར་མོ་ལ་བཅིབས་ནས་ས་ཆ་འདིར་ཕྱག་ཕེབས༔ ཕོ་བྲང་ཆེན་པོ་འདིའི་དབུ་རྩེར་བཞུགས་ཏེ་མ་བརྩིགས་པའི་ཁྲི་ཡིན༔ དཀྱིལ་འཁོར་ཆེན་པོ་མཚོ་འདི་ཉིད་ཀྱི་ནང་ཞལ་ན༔ མཁའ་འགྲོ་མ་ཐམས་ཅད་ཀྱིས་ཁྲུས་བྱས་པ་གཟིགས་པས་ཁྲུས་མཚོ་ཆེན་པོར་མཚན་གསོལ༔ པདྨ་འདབ་མ་སྟོང་དང་ལྡན་པར་ཞལ་གཟིགས༔ རྒྱབ་ཀྱི་ཕོ་བྲང་རྩེ་མོ་འདི་ཉིད་ལ༔ དབུ་ཐོག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་ཞལ་གཟིགས༔ རི་འདི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཞལ་གཟིགས༔ གངས་འདིའི་འོག་ཏུ་མཚོ་སྦལ་བ་འདྲ་བ་ཡོད༔ ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་ཡིན༔ དེའི་འོག་ཏུ་ཐོད་ཕོར་འོ་མས་བཀང་བ་འདྲ་བའི་མཚོ་ཡོད༔ དེ་ལ་སྒྲོལ་མ་ཉིས་སྟོང་བརྒྱད་བརྒྱའི་ཕོ་བྲང་ཡོད༔ སྔོན་པོ་ཆུའི་ཞལ་ཁེབས་བྱས་པ་ཡོད༔ འགགས་གྲེ་བ་འདྲ་བ་ན་ངའི་ཞབས་རྗེས་ཡོད༔ ཕོ་བྲང་ཆེནཔོ་འདིའི་ཕྱོགས་བཞི་ན༔ ཆོས་ཁྲི་བཞི་ཡོད༔ ཕོ་བྲང་འདིའི་གཡས་ཕྱོགས་སུ༔ ཁྲིའི་སྟེང་དུ་བཞུགས་པའི་དུས་སུ༔ ལྷ་སྲིན་སྡེ་བརྒྱད་ལ་ཆོས་གསུངས་པའི་དུས་སུ༔ རྒྱ་གར་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་མར་ཕུལ་བའི་ཕུད་ལ་དབུ་ཞྭ་བཟོས་པ་ཡིན༔ འདིའི་འོག་ས་ཁྲུ་གང་གི་ཞབས་སུ་ངའི་ཞབས་རྗེས་ཡོད༔ མ་འོངས་པའི་དུས་སུ་ཁར་ཐོན་ནས་འོང་༔ མཚོ་རྒྱལ་གྱིས་མར་ལོག་སྒྲིལ་བ་འདི་མཚོ་རྒྱལ་གྱི་གུར་ཡིན༔ འདིའི་ནང་དུ་མ་ཧཱ་མུ་ཏྲའི་ཆོས་སྐོར་ཡོད༔ ཞབས་སུ་ཚེ་ཆུ་ཡོད༔ མི་འགྱུར་པ་ཕྱག་མཛུབ་ཀྱི་རྗེས་ཡོད༔ དེའི་འོག་ལ་མར་ཀྱི་ལྷག་མར་མནྡྷ་ར་བའི་གུར་ཡིན༔ དེའི་ནང་དུ་མཁའ་འགྲོ་སྙིང་ཐིག་བི་མ་ལའི་སྙིང་ཐིག་སོགས་སྙིང་ཐིག་ཐམས་ཅད་འདིར་ཡོད༔ འདིའི་ལྡེ་མིག་བསེའི་སྒྲོམ་བུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ནང་དུ་ཡོད༔ དཔག་ཚད་དུ་ཞབས་རྗེས་ཡོད༔ དེའི་གཡས་ཕྱོགས་ཀྱི་ཆོས་ཁྲིའི་སྟེང་དུ་ལྷ་སྲིན་ལ་ཆོས་གསུངས་བའི་དུས་སུ༔ མཁའ་འགྲོ་མ་རྣམས་ཀྱིས་མཚམས་བཅད་ནང་མཚམས་བསྡམ་པའི་དར་ཡོལ་ཕྱི་ནང་གསུམ་དུ་བྱས་པ་ཡོད༔ འགོའི་ཆུ་ཕྱར་འོག་མ་རྣམས་ལ་སྒྲོལ་མ་མཆེད་བདུན་ཞལ་གཟིགས༔ ཆུ་ཕྱར་གོང་མ་ལ་རིགས་གསུམ་མགོན་པོའི་ཞལ་གཟིགས༔ མཚོའི་དཀྱིལ་དུ་ཤེལ་གྱི་མཆོད་རྟེན་རྩེ་དགུ་པ་ཞིག་གཏེར་དུ་སྦས༔ གཞལ་ཡས་ཁང་འདིའི་ཆུ་ཕྱར་བསྣོལ་བ་འདྲ་བའི་གཡོན་ཕྱོགས་སུ༔ བྲག་ལ་སྐུ་རྒྱབ་གཏད་པའི་རྗེས་ཡོད༔ མདུན་དུ་རྒྱ་ཡིག་ཡོད༔ རྒྱབ་ཏུ་མི་འགྱུར་བ་ཡོད༔ གཡས་སུ་ཕྱག་ན་རྡོ་རྗེ་ཡོད༔ མཚོའི་ཆུ་ཕྱར་གྱི་འོག་ཏུ་ཆོས་རྒྱལ་གྱི་སྐུ་ཡོད༔ གཡས་ཕྱོགས་སུ་ཁྲོས་མ་ནག་མོའི་སྐུ་གསང་བའི་བྷ་ག་ནས་ཆུ་འབབ་པ་སྤྱི་གཙུག་ཏུ་ཕག་ཞལ་ངུར་བ་ཡོད༔ རྦ་ཀློང་ཆེ་བའི་ནང་དུ་ཐུབ་པ་གཙོ་འཁོར་གསུམ་ཡོད༔ སྨད་དུ་དུད་སོལ་ལྷ་མོའི་སྐུ་ཡོད༔ དེ་ནས་མཁའ་འགྲོ་རྒྱན་སྤུངས་སུ་ཕྱག་ཕེབས༔ ཚོགས་བཤམས་པའི་ཚོགས་གདན་འདི་མི་པགས་ཀྱི་གཡང་གཞི་ཡིན༔ རྗེས་འདི་ནི་ཕྱག་བེར་གྱི་རྗེས་ཡིན༔ འགགས་འདི་རུ་བེར་ནག་ཅན་གྱི་སྐུ་ཡོད༔ སྤང་མཐོང་འདི་ཐོད་ཁྲག་ཡིན༔ དེའི་འོག་མར་ཕག་མོའི་སྐུ་ཡོད༔ རྒྱབ་ཏུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རྒྱབ་ཡོལ་ཡོད༔ ཕྱག་རྗེས་ཞབས་རྗེས་མང་དུ་ཡོད༔ དེའི་འོག་འགགས་གྲེ་བ་འདྲ་བར་ཚོགས་ཁང་ཆེན་པོ་མ་འོངས་པ་ན་རང་བྱོན་དུ་འོང་༔ དེའི་བཀའ་སྲུང་བྱ་རོག་གདོང་ཆུ་འཐུང་བ་འདྲ་བ་ཡོད༔ དེའི་བདེ་གཟར་གྱི་མཚམས་སུ་ཕ་བོང་གུར་ཕུབ་པ་འདྲ་བ་ཡོད༔ དེའི་ནང་དུ་མཁའ་འགྲོ་མ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་འདྲ་བ་ཡོད༔ ཕ་བོང་སྐྱབས་ཆེན་ཕུག་བྱ་བ་ཡིན༔ འཁོར་བ་ངན་སོང་ནས་སྐྱོབ་པ་ཡིན༔ སྟོད་ཀྱི་བྲག་འདི་ལྷ་སྲིན་ལ་དཀར་གཏོར་ཕུལ་བ་ཡིན༔ དེའི་འོག་འདི་བཙུན་མོ་ལྷའི་ནེ་རིང་ཡིན༔ བདུད་རྩི་ཀླུའི་ཆུ་མིག་ཡོདཿ ཆུ་གཞན་དང་མི་འདྲ་འོ་མ་འདྲ༔ དེའི་འོག་ཆུ་ཕྱར་གྱི་འོག་ཏུ་རེ་མ་ཏཱིའི་སྐུ་ཡོད༔ དེའི་ཆུ་ཕྱར་བར་མར་སློབ་དཔོན་ཕྱག་ཕེབས་པའི་དུས་སུ༔ བདུད་མོ་རྣམས་ཀྱིས་མཐོ་འཚམ་པའི་དུས་སུ༔ རྒྱ་གར་ནས་མཁའ་འགྲོ་མ་རྣམས་ཀྱིས་དམག་དཔུང་དྲངས་ནས་བདུད་མོ་བཏུལ༔ དེའི་རྟགས་ལ་མཁའ་འགྲོ་མའི་དྲིལ་རྗེས་ཡོད༔ མཁའ་འགྲོས་ཕུད་བཤམས་པའི་སྦ་ཟོའི་རྗེས་དང་མཆོད་རྫས་དྲིལ་བུའི་རྗེས་ཡོད༔ དེའི་འོག་ཏུ་སྐུ་བདུད་རྩི་འཕྱུར་བ་འདྲ་བ་ཡོད༔ དེའི་ཆུ་ཕར་ཁ་དཔག་ཚད་ན་སྐུའི་རྗེས་ཡོད༔ དེའི་ཕར་ཁ་སྐུ་རྒྱབ་བྲག་ལ་གཏད་པའི་ཡིག་འབྲུའི་རང་བྱོན་ཡོད༔ དེའི་འོག་ཕྲག་རྟ་འདྲ་བའི་ལོགས་བཙན་བདུད་བཏུལ༔ ཡིག་འབྲུ་རང་བྱོན་མང་བར་ཡོད༔ བྲག་གི་ལོགས་སུ་བུམ་པ་འདྲ་བ་ཡོད༔ དེའི་ནང་དུ་འཆི་མེད་ཚེའི་བདུད་རྩི་ཡོད༔ བྲག་གི་ཁ་ཁྱེར་དུ་རྗེ་བཙུན་གྱི་སྐུ་སོར་བཞི་ཡོད༔ དཔག་ཚད་ན་ཨོ་རྒྱན་ངའི་ཚེ་སྒྲུབ་ཀྱི་ཆུ་ཡོད༔ དེའི་འོག་ཏུ་མཁའ་འགྲོ་མ་རྣམས་ཀྱིས་ཆོས་ཁྲི་ཕུལ་བ་ཡོད༔ དེའི་དཔག་ཚད་ན་ནམ་མཁའ་ཆོས་འབྱུང་ལ་སངས་རྒྱས་མཁའ་འགྲོ་ཞལ་གཟིགས༔ རྡོ་ཆོས་འབྱུང་ལ་རྡོ་རྗེ་མཁའ་འགྲོ་ཞལ་གཟིགས༔ ས་ཆོས་འབྱུང་ལ་རིན་ཆེན་མཁའ་འགྲོ་ཞལ་གཟིགས༔ ཆུ་ཆོས་འབྱུང་ལ་པདྨ་མཁའ་འགྲོའི་ཞལ་གཟིགས༔ ཤིང་ཆོས་འབྱུང་ལ་ལས་ཀྱི་མཁའ་འགྲོའི་ཞལ་གཟིགས༔ ཁྱད་པར་དུ་རྡོ་ཆོས་འབྱུང་ལ་གསང་བའི་ཟེའུ་འབྲུ་ཡོད༔ མཚོ་རྒྱལ་གྱི་ཡིན༔ དེའི་འོག་ཙིཏྟ་གུར་གྱི་ནང་ཞལ་ན༔ ལྷ་མོ་ཞལ་གཟིགས༔ ལྷ་མོའི་རྒྱུད་ལས་གསུངས༔ གསེར་གྱི་ཤིང་ཁྲོ་ལོ་ལོ༔ གཡུའི་མཆོད་རྟེན་སྤུངས་སེ་སྤུང་༔ དུང་གི་ཆོན་ཕུར་ཁྲོ་ལོ་ལོ༔ གསུངས་པ་བཞིན་འཇའ་གུར་གྱི་ནང་དུ་ཐུགས་ཀྱི་ཌཱ་ཀི་མ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུ་ཞལ་གཟིགས༔ གུར་ཁང་ནང་དུ་སྟོན་པ་སངས་རྒྱས་ཞལ་གཟིགས༔ ལྷུང་བཟེད་ཀྱི་ནང་དུ་མཁའ་འགྲོ་མས་ཕུལ་བའི་མར་ཡོད༔ དབུའི་རྗེས་ཡོད༔ གུར་གྱི་ཁ་ཁྱེར་ལ་སངས་རྒྱས་སྟོང་རྩ་གཉིས་ཡོད༔ བར་དོའི་འཕྲང་ཡོད༔ དེའི་ཟུར་ན་གུ་རུ་ཞི་དྲག་གི་སྐུ་ཡོད༔ ང་རང་མཇལ་བ་དང་ཁྱད་པར་མེད༔ མེ་ལོང་ནང་གི་གཟུགས་བརྙན་ལྟར་ཡོད༔ ཞབས་རྗེས་ཆེ་བ་འདི་ཨོ་རྒྱན་གྱི་ཞབས་རྗེས་ཡིན༔ མཁའ་འགྲོ་མ་རྣམས་ཀྱི་ཕྱག་ནས་བཟུང་ནས་བྲོ་འཁྲབ་ནས་བདུད་བཏུལ་བའི་དགའ་བྲོ་ཡིན༔ དེའི་འོག་ཏུ་ཆུ་ཕྱར་ལ་མཆོད་པའི་ལྷ་མོ་རྣམས་ཡོད༔ དེའི་འོག་ཏུ་དཔའ་བོ་རྡོའི་ཐོད་པ་ཡོད༔ དེའི་འོག་ཏུ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་གུར་ཁང་ཡོད༔ ཕྱི་ལྟར་མདོ་རི་རིན་ཆེན་སྤུངས་པ་ཡིན༔ དེའི་གཡས་སུ་བྲག་ཕུག་ཁ་ཤར་དུ་འགྱུ་བ་ཡོད༔ དེའི་བྲག་ནོར་བུ་འདྲ་བའི་འོག་ཏུ་རལ་གྲིའི་བརྒྱ་ཕོན་ཡོད༔ དེའི་གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་སྐུ་ཡོད༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བུམ་པ་ཡིན༔ མཁའ་འགྲོ་འདུ་བའི་འདུས་མདོ་ཡིན༔ གནས་འདི་སློབ་དཔོན་གྱི་ཞབས་ཀྱིས་བཅགས་པའི་གནས་ཡིན༔ ད་འདི་ལ་སྒོ་བཞི་ཡོད༔ ཤར་སྒོ་ཕུག་དཀར་ཡིན༔ རྡོ་རྗེ་མཁའ་འགྲོའི་བསྟོད་པ་བྱ༔ ལྷོའི་སྒོ་ནི་ཕུག་སེར་ཡིན༔ རིན་ཆེན་མཁའ་འགྲོའི་བསྟོད་པ་བྱ༔ ནུབ་གྱི་སྒོ་ནི་མེ་འབར་ཕུག༔ པདྨ་མཁའ་འགྲོའི་བསྟོད་པ་བྱ༔ བྱང་གི་སྒོ་ནི་མེ་མོ་རག་ཕྲོམ་ཡིན༔ ལས་ཀྱི་མཁའ་འགྲོའི་བསྟོད་པ་བྱ༔ གནས་འདི་ནི་རྩ་གསུམ་འདུས་པའི་ཁྲི་སྟེང་ཡིན༔ ནགས་ཞེས་བྱ་བ་རོ་མ་ཡིན༔ སོག་ཅེས་བྱ་བ་རྐྱང་མ་ཡིན༔ གནས་འདི་དབུ་མའི་ཚུལ་དུ་ཡོད༔ ཐུགས་རྗེའི་མངའ་བདག་མི་རྣམས་རང་ཤུགས་ཀྱིས་དད་པར་འོང་༔ དཀར་པོ་ལྷའི་ལུང་བསྟན་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཚོ་རྒྱལ་གྱིས་ཞུས་པ༔ རི་འདི་ལ་བྱ་རྒྱལ་གྱི་ཚང་ཡོད་པ་འདི༔ ཤར་དུང་སེང་གནམ་ལ་མཆོངས་པ་འདྲ༔ ལྷོ་རྒྱ་སྟག་འཕྱོ་བ་འདྲ་བ༔ ནུབ་པདྨ་སྤུངས་པ་འདྲ་བ༔ བྱང་གླང་ཆེན་ཉལ་བ་འདྲ་བ༔ སེང་གེ་གནམ་དུ་འཕྱོང་བ་འདྲ་བ༔ གདུགས་དང་རྒྱལ་མཚན་བྱ་འདབ་དང་བཅས་པ༔ ཤར་ལྷོ་གཞལ་ཡས་ཁང་གི་དབུས་སུ༔ བྲག་དང་ཆུ་ལས་འདོད་དགུ་འབྱུང་༔ དེ་དང་ཉེ་བའི་གནས་ན་མཁའ་འགྲོ་མ་གསང་བ་བླ་ན་མེད་པའི་གནས་ཞེས་བྱ་བ༔ རང་བྱུང་རཏྣ་མེ་ཤེལ་ལས་གྲུབ་པའི་མཆོད་རྟེན་ཡོད༔ རི་བྲག་ལ་བཀྲ་ཤིས་སྒོ་མང་སྒོ་བདུན་ཅུ་རྩ་བདུན་ལ༔ མགོན་པོ་བདུན་ཅུ་རྩ་བདུན་གྱི་སྐུ་ཤེལ་ལས་གྲུབ་པ་ཡོད༔ པདྨའི་འཕྲེང་བ་ལ་ཞི་བ་བཞི་བཅུ་རྩ་གཉིས་ཡོད༔ བང་རིམ་འོག་མ་ལ་ཁྲག་འཐུང་ལྷ་དགུའི་དལ་ཡོད༔ བང་རིམ་གཉིས་པ་ལ་འཇམ་དཔལ་ལྷ་སུམ་བརྒྱའི་དལ་ཡོད༔ བང་རིམ་གསུམ་པ་ལ་པདྨའི་རྒྱུད་ཀྱི་ལྷ་ཚོགས་ཡོད༔ བར་རིམ་བཞི་པ་ལ་ཕ་རྒྱུད་ཀྱི་ལྷ་ཚོགས་ཡོད༔ བང་རིམ་ལྔ་པ་ལ་གསང་སྔགས་ཀྱི་ནང་ནས་དྲག་པོའི་ལྷ་ཚོགས་ཡོད༔ བུམ་པ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དལ་ཡོད༔ བྲེ་ལ་གསང་བ་འདུས་པའི་ལྷ་ཚོགས་ཡོད༔ བྱ་རུ་གདུགས་དང་བཅས་པ་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དཔག་ཏུ་མེད་པ་ཡོད༔ བྱིན་རླབས་རང་འབྱུང་གི་མཆོད་རྟེན་མཐའ་ཚུན་ལ༔ རཏྣ་སྣ་ཚོགས་འོད་ལས་བྱང་བ་ཁ་དོག་སྣ་ཚོགས་དང་༔ རི་དང་བྲག་ལ་ལྷའི་གཞལ་ཡས་འདྲ་བ༔ ཤེལ་གྱི་རི་དང་ཤེལ་གྱི་མཆོད་རྟེན་སྣ་ཚོགས་ཡོད༔ དེ་ཉིད་ལ་དུས་བཟང་པོ་མཁའ་འགྲོ་མ་རྣམས་ཀྱིས་ཙན་དན་དཀར་པོའི་ཆར་འབབ་པ་ཡོད༔ དུས་བཟང་པོ་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་མཆོད་ཅིང་བཀུར་སྟི་རིམ་གྲོ་བྱེད་པ་ཡོད༔ མཚོའི་ནང་དུ་མེ་ལོང་གི་གཟུགས་བརྙན་ལྟ་བུར་འཆར་༔ ཆུ་ཕྱར་རེ་རེ་ལ་མཁའ་འགྲོ་མའི་གནས་རེ་རེ་ཡོད༔ དེ་དག་རྒྱལ་པོའི་ལ མ་ཡིག་ན་ཡང་གསལ༔ མཚོ་རྒྱལ་ཁྱོད་ཀྱིས་ཕྱི་རབས་རྣམས་ལ་ཕན་པས་ཞུས་པ་ལེགས༔ མངོན་གྱུར་བརྒྱ་ལས་སྦས་ཐབས་གཅིག་ལེགས༔ ཡི་གེ་འདི་རྣམས་དད་དང་ལྡན་པ་རྣམས་མ་ལགས་པའི༔ སྐལ་མེད་རྣམས་ལ་མ་བསྟན༔ དད་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ ཟབ་ཆོས་ནོར་བུའི་འཕྲེང་བ་བཞུགས༔ རྩ་རྒྱལ་རག་ཕྲོམ་འདི་ནི་སྲིན་མོ་གན་རྐྱལ་དུ་ཉལ་བ་འདྲ་བ་ཡིན༔ གཞོག་གཡོན་དུ་རྫ་གོང་སང་གི་རི་ལ༔ སངས་རྒྱས་སྟོང་སྐུ་ཡོད༔ མ་འོངས་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་རང་བྱོན་དུ་ཡོང་༔ ཆུ་ཕྱར་འོག་མར་དཔའ་བོ་རྡོའི་ཐོད་པ་ཡོད༔ ཨོ་རྒྱན་གྱི་ཞབས་རྗེས་ཡོད༔ ཆོས་ཀྱི་རྒྱལ་པོའི་སྐུ་ཡོད༔ ཆུ་ཕྱར་གྱི་ནང་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྐུ་ཡོདཿ དེའི་དཔག་ཚད་དུ་མཁའ་འགྲོ་འབུམ་དེལ་ཞེས་བྱ་བཿ རི་བོ་མཆོད་རྟེན་འདྲ་བའི་རི་ཡོད༔ མཁའ་འགྲོ་འདུ་བའི་གནས་ཡིན་ནོ༔ ཕྱོགས་བཞིར་ཕུག་པ་བཞི་ཡོད༔ ཞབས་རྗེས་ཕུག་པ་ཆེ་བའི་ནང་དུ་ཡོད༔ རལ་གྲིའི་ཕོན་བརྒྱད་ཡོད༔ ནོར་གཏེར་ཆོས་གཏེར་རྣམས་མཆོད་རྟེན་གྱི་དཀྱིལ་གྱི་ཤིང་ཕུང་རྩ་བར་ཡོད༔ ཕྱོགས་བཞིར་སྒྲུབ་པའི་ཕུག་པ་བཞི་ཡོད༔ ཕུག་ནག་ནག་མོ་ཐུགས་ཀྱི་སྒྲུབ་ཁང་ཡིན༔ ཤུག་སྡོང་བར་མར་ཤོག་དྲིལ་ཡོད༔ བྲག་དཀྱིལ་གྱི་ཕུག་པར་རལ་གྲི་དང་ཁྲབ་ཀྱི་གཏེར་ཡོད༔ ཕུག་པའི་ནང་དུ་ཕྱག་རྗེས་ཞབས་རྗེས་དབུ་ཞྭའི་རྗེས་ཡོད༔ ཕུག་པའི་གཞོག་གཡོན་དུ༔ སྟོན་པ་སངས་རྒྱས་འདྲ་བའི་བྲག་གི་ནང་དུ༔ ཐུགས་སྒྲུབ་དང་རིན་པོ་ཆེའི་གཏེར་ཨོ་རྒྱན་གྱི་ཕུར་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཡོད༔ ས་ཚོན་སྣ་ལྔ་ཡོད༔ དེའི་གདོང་དུ་ཁྲོས་མའི་སྐུ་རང་བྱོན་དུ་ཡོད༔ བྲག་གི་འདབས་ལ་མཁའ་འགྲོ་སྡེ་ལྔ་ཡོད༔ ལམ་གྱི་ཤུག་ཆེན་རྩ་ནས་གསལ༔ ཤར་གྱི་ཕུག་པ་ཕུག་དཀར་ཡིན༔ དཀར་མོ་སྐུའི་སྒྲུབ་ཕུག་ཡིནཿ ཨོ་རྒྱན་གྱི་དབུའི་རྗེས་དང་ཕྱག་རྗེས་ཡོད༔ གྲེ་འཕྲང་དེར་རིན་པོ་ཆེ་སྣ་ལྔའི་གཏེར་ཡོད༔ དལ་གྱི་ཞབས་སུ་ཆུ་ཇུ་གང་སྨན་གཏེར་ཡོད༔ སའི་བཅུད་ལེན་ཡོད༔ སྐུའི་སྒྲུབ་སྐོར་དེར་སྦས༔ དེའི་སྒོར་གླང་པོ་ཆེ་འཕྲེད་ལ་ཉལ་བ་འདྲ་བའི་ཕ་བོང་ཡོད༔ དེ་ཚོགས་བདག་གླང་སྣ་ཡིན༔ ཕུག་པའི་བཀའ་སྲུང་ཡིན་པར་ཞལ་གྱིས་བཞེས༔ དེའི་སྒོར་སྒོག་པ་སྨེ་མོ་ནགས་རི་ལྟ་བུར་ཡོད༔ མཁའ་འགྲོའི་ཚོགས་འཁོར་བྱར་རུང་༔ སྒང་བྱ་ཕོའི་ཟེ་བ་འདྲ་བར་ནུབ་ཕྱོགས་སུ་གཟིགས་ཙན༔ བྲག་རྒྱ་ཕིབ་འདྲ་བའི་འོག་ཏུ་གུ་རུ་མཚན་བརྒྱད་མཁའ་འགྲོ་སྡེ་ལྔ་བྲག་ལ་མེ་ལོང་གི་གཟུག་སྙན་ལྟར་རང་བྱོན་དུ་ཡོད༔ དེའི་འོག་དཔག་ཚད་དུ་སྒྲུབ་ཆུ་ཡོད༔ ན་འཁྱིལ་མོ་བྱ་བའི་འོག་ཏུ༔ བྲག་སེང་གེ་འདྲ་བའི་ཟེ་བའི་འོག་ཏུ་ཕུག་སེར་ཡོད༔ སེར་མོ་ཡོན་ཏན་གྱི་སྒྲུབ་ཁང་ཡིན༔ སེར་མོ་ཡོན་ཏན་གྱི་སྒྲུབ་པ་དེར་སྦས༔ ཕུག་པའི་སྒོ་ཁར་ཕ་བོང་གླང་པོ་ཆེ་འདྲ་བ་ལ་ཞབས་རྗེས་ཡོད༔ ནགས་རོང་སྦྲ་མདོ་བྱ་བའི་ཕུ་རུ༔ སྦྲེ་ཕུག་སྔོན་བྱ་བའི་སྒྲུབ༔ ཁང་ཡོད༔ ལྗང་མོ་འཕྲིན་ལས་ཀྱི་སྒྲུབ་པ་དེར་མཛད༔ ལྗང་མོ་འཕྲིན་ལས་ཀྱི་ཆོས་སྐོར་དེར་སྦས༔ ཕུག་པ་དབུ་ཞྭའི་ཚུལ་དུ་གོང་འོག་གསུམ་དུ་ཡོད༔ སྐུ་གསུང་ཐུགས་མཚོན༔ ལྕང་སྡོང་གོང་མའི་རྩར་སྒྲུབ་ཆུ་ཡོད༔ ཕ་བོང་མཎྜལ་འདྲ་བའི་རྩར་ནོར་སྒྲུབ་ཀྱི་གཏེར་ཡོད༔ རྡོ་དཀར་ངང་ཆ་ལེ་བའི་དཀྱིལ་དུ་ཞབས་རྗེས་ཡོད༔ རྫ་གོང་སང་ལ་ཕུག་དམར་ཡོད༔ དམར་མོ་གསུང་གི་སྒྲུབ་པ་དེར་མཛད༔ དམར་མོ་གསུང་གི་སྒྲུབ་སྐོར་རྣམས་དེར་སྦས༔ བྲག་གི་འདན་ལ་ཕྱག་རྗེས་ཡོད༔ རྡོ་རྗེ་ཕག་མོའི་སྐུ་རང་བྱོན་དུ་ཡོད༔ གནས་དེ་ཉིད་ལ་སྒོ་བཞི་ཡོད༔ ལྷོ་སྒོ་ཅི་མདའ་དམར་པོ་རྟ་མགྲིན་གྱི་སྒོ༔ རྟ་མགྲིན་དང་རྣམ་སྲས་ཀྱི་སྐུ་རང་བྱོན་དུ་ཡོད༔ ནུབ་སྒོ་ལྡང་རམ་དམར་པོར་ཐུབ་པ་གཙོ་འཁོར་གསུམ་དང་བྱམས་པའི་སྐུ་རང་བྱོན་དུ་ཡོད༔ བྱང་སྒོ་སོག་ཁུ་རུ་སྨན་འཕྲང་ཡིན༔ ཕུར་པའི་ཆོས་སྐོར་དེར་སྦས༔ ཨཱོཾ་ཨཱཿཧཱུྃ་གསུམ་མི་འགྱུར་པའི་རྟགས་སུ་རང་བྱོན་དུ་ཡོད༔ ཤར་སྒོ་རྫོང་བྲག་དམར་པོ་ལ་གཏད༔ ནུབ་ནས་བལྟས་ན་ཕ་བོང་སྟག་འདྲ་བ༔ ཤར་ནས་བལྟས་ན་གུར་ལྟ་བུ་དེའི་ནང་དུ་ཐུགས་རྗེ་ཆེན་པོའི་སྐུ་ཡོད༔ ཕ་བོང་གི་ལྟག་ཏུ་ཨོ་རྒྱན་གྱི་ཞབས་རྗེས་ཡོད༔ མཁའ་འགྲོ་སེང་གདོང་གི་སྐུ་ཡོད༔ ཞབས་རྗེས་ཀྱི་ཞབས་སུ་གསེར་ཐོད་ཕོར་གང་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆགས་རུའི་སྒྲུབ་ཆུའི་བྲག་ལ་ཕྱི་རབས་གནས་ལ་དགོངས་ཏེ༔ ཞུ་བ་ཞུ་ལེན་འདི་རྣམས་བཀོད་དེ་གཏེར་དུ་སྦས༔ དུས་ཀྱི་ཚོད་ལ་ཨོ་རྒྱན་ལ་དད་པའི་སྟོབས་ཀྱི་བརྟུལ་ཤུགས་ཀྱིས་གཏེར་ནས་བཏོན༔ ལམ་ཡིག་ནོར་བུའི་འཕྲེང་བ་སྤེལ་ཞིང་ཡི་གེར་བཀོད་པ༔ མ་མཁའ་འགྲོ་རྣམས་དང་ཟབ་གཏེར་སྲུང་མ་རྣམས་ལ་བཟོད་པར་མཛད་དུ་གསོལ༔ ལམ་ཡིག་འདི་བྲིས་དགེ་བ་དེས། །ཕྱི་རབས་འགྲོ་བ་ཀུན་ལ་ཕན་ཐོག་ནས། །ལག་ཡིག་ཟབ་མོ་དར་ཞིང་རྒྱས་པར་ཤོག ། །།

གནས་མཆོག་སྲིང་མོ་རྫོང་གི་གསོལ་འདེབས་མཐོང་བ་དོན་ལྡན།

༄༅། །གནས་མཆོག་སྲིང་མོ་རྫོང་གི་གསོལ་འདེབས་མཐོང་བ་དོན་ལྡན་བཞུགས། །ན་མོ་རཏྣ་གུ་རུ་ཡེ། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་འདེབས། །གནས་གསང་བ་མཆོག་གི་དཀྱིལ་འཁོར་ནས། །རྡོར་སེམས་ལོངས་སྐུའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཟངས་མདོག་དཔལ་རིའི་གཞལ་ཡས་ནས། །ཨོ་རྒྱན་སྤྲུལ་པའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་དག་པ་མཁའ་སྤྱོད་གཞལ་ཡས་ནས། །འབུམ་ཕྲག་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །མཚུངས་མེད་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་དག་པ་ཤེལ་རིའི་གཞལ་ཡས་ནས། །ཞི་ཁྲོ་དམ་པ་རིགས་བརྒྱ་ལ་གསོལ་བ་འདེབས། གནས་ཁམས་ཤག་རྒྱལ་བའི་དཀྱིལ་འཁོར་ནས། །ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་ལ་གསོལ་བ་འདེབས། །གནས་ཕོ་བྲང་ཡུམ་མཚོའི་གཞལ་ཡས་ནས། །བདུད་རྩི་ཡོན་ཏན་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་མུ་ལེ་མཐིང་མཚོའི་གཞལ་ཡས་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་འདོད་འབྱུང་གསེར་མཚོའི་གཞལ་ཡས་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཁྲ་མོ་གཟི་མཚོའི་གཞལ་ཡས་ནས། །པདྨ་གསུང་གི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཕོ་བྲང་ཀྱོག་མོའི་གཞལ་ཡས་ནས། །ཕུར་པ་འཕྲིན་ལས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་དམར་ནག་རཀྟའི་གཞལ་ཡས་ནས། །མ་མོ་རྦོད་གཏོང་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཀ་ལ་དུང་མཚོའི་གཞལ་ཡས་ནསཿ རིག་འཛིན་བླ་མའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཆོས་འབྱུང་ཟངས་མཚོའི་གཞལ་ཡས་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་མགོན་པོ་བླ་མཚོའི་གཞལ་ཡས་ནས། །དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་རང་བྱོན་རི་དགུའི་གཞལ་ཡས་ནས། །ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་གསོལ་བ་འདེབས། །གནས་རང་བྱུང་རི་བཞིའི་གཞལ་ཡས་ནས། །སྟོང་ཕྲག་བཞི་ཡི་ལྷ་ཚོགས་ལ། །གནས་མཁའ་འགྲོ་འབུམ་དེལ་གྱི་གཞལ་ཡས་ནས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་ལ་གསོལ་བ་འདེབས། །གནས་ཆུ་ཕྱར་གསུམ་གྱི་གཞལ་ཡས་ནས། །རིགས་གསུམ་མགོན་པོའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་རྦ་དོང་དྲུག་གི་གཞལ་ཡས་ནས། །ཐུབ་དྲུག་སྤྲུལ་སྐུའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་སྒྲོལ་མ་བླ་མཚོའི་གཞལ་ཡས་ནས། །ཡུམ་མཆོག་སྒྲོལ་མ་ཉེར་གཅིག་ལ་གསོལ་བ་འདེབས། །གནས་རོང་ཆེན་བརྒྱད་ཀྱི་གཞལ་ཡས་ནས། །བཀའ་སྲུང་དམ་ཅན་ཆོས་སྐྱོང་ལ་གསོལ་བ་འདེབས། །གནས་ཏིང་འཛིན་སྒྲུབ་པའི་ཕུག་བཞི་ནས། །མགོན་ཆེན་སྡེ་བཞིའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཁྲུས་ལུང་བཞི་ཡི་གཞལ་ཡས་ནས། །དག་བྱེད་ཁྲུས་ཀྱི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་དབང་ཆེན་ཆུ་བཞིའི་གཞལ་ཡས་ནས། །སྐུ་བཞི་ཡེ་ཤེས་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཕ་བོང་གུར་འདྲའི་གཞལ་ཡས་ནས། །མཁའ་འགྲོ་མེ་ལྕེ་འབར་མ་ལ་གསོལ་བ་འདེབས། །གནས་མ་ར་ཏི་ཀའི་གཞལ་ཡས་ནས། །འཆི་མེད་ཚེ་ཡི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་སྲིང་མོ་ལྷ་ཡི་ནེ་རིང་ནས། །བོད་སྐྱོང་བསྟན་མ་བཅུ་གཉིས་ལ་གསོལ་བ་འདེབས། །གནས་མི་ལྤགས་ཐང་གི་གཞལ་ཡས་ནས། །ཞིང་སྐྱོང་རྒྱལ་བ་ཐོད་དཀར་ལ་གསོལ་བ་འདེབས། །གནས་ཕུག་དཀར་ཞི་བའི་སྒྲུབ་ཕུག་ནས། །ཡུམ་མཆོག་ཕག་མོ་དཀར་མོ་ལ་གསོལ་བ་འདེབས། །གནས་ཕུག་སེར་རྒྱས་པའི་སྒྲུབ་ཕུག་ནས། །ཡུམ་མཆོག་ཕག་མོ་སེར་མོ་ལ་གསོལ་བ་འདེབས། །གནས་ཕུག་ནག་ཐུགས་ཀྱི་སྒྲུབ་ཕུག་ནས། །ཡུམ་མཆོག་ཕག་མོ་ནག་མོ་ལ་གསོལ་བ་འདེབས། །གནས་ཕུག་སྔོན་འཕྲིན་ལས་སྒྲུབ་ཕུག་ནས། །ཡུམ་མཆོག་ཕག་མོ་སྔོན་མོ་ལ་གསོལ་བ་འདེབས། །གནས་ཕུག་དམར་དབང་གི་སྒྲུབ་ཕུག་ནས། །ཡུམ་མཆོག་ཕག་མོ་དམར་མོ་ལ་གསོལ་བ་འདེབས། །གནས་མཚོ་རྒྱལ་གསང བའི་ཕུག་པ་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །གནས་ཆུ་འབབས་རེ་རེའི་གཞལ་ཡས་ནས། །མ་མོ་མཁའ་འགྲོ་འབུམ་འབུམ་ལ་གསོལ་བ་འདེབས། །གནས་སྡོང་པོ་ར་ཤུག་གཞལ་ཡས་ནས། །ལྷ་ཆེན་མ་ཧཱ་དྷེ་ཝ་ལ་གསོལ་བ་འདེབས། །གནས་ཁྭ་གདོང་ཕུག་མོའི་གཞལ་ཡས་ནས། །ཆོས་སྤྱོང་བྱ་རོག་གདོང་ཅན་ལ་གསོལ་བ་འདེབས། །གནས་རིན་ཆེན་བྲག་གི་གཞལ་ཡས་ནས། །ཚོགས་བདག་དཔལ་གྱི་གླང་སྣ་ལ་གསོལ་བ་འདེབས། །གནས་ནགས་ཤོད་རོ་མའི་གཞལ་ཡས་ནས། །ཐབས་ཆེན་དཔའ་བོ་རྒྱ་མཚོ་ལ་གསོལ་བ་འདེབས། གནས་སོག་རོང་རྐྱང་མའི་གཞལ་ཡས་ནས། །ཤེས་རབ་དཔའ་མོ་རྒྱ་མཚོ་ལ་གསོལ་བ་འདེབས། །གནས་དབུ་མ་མཁའ་སྤྱོད་ཁམ་ཤག་ནས། །བདེ་སྟོང་དགའ་བཞིའི་ཡེ་ཤེས་ལ་གསོལ་བ་འདེབས། །གནས་ཕྱོགས་བཞིའི་རྦ་དོང་རྣམ་བཞི་ནས། །བཀའ་སྲུང་ནགས་སོག་དགེ་བསྙེན་ལ་གསོལ་བ་འདེབས། །གནས་རྫོང་བྲག་དམར་པོའི་གཞལ་ཡས་ནས། །ཆོས་སྐྱོང་རོལ་པ་སྐྱ་བདུན་ལ་གསོལ་བ་འདེབས། །གནས་ཕྱོགས་བཞིའི་དབེན་གནས་དགོན་བཞི་ནས། །གནས་བརྟན་རིག་འཛིན་སྡེ་བཞི་ལ་གསོལ་བ་འདེབས། །གནས་ཅི་མདའ་བྲག་གི་གཞལ་ཡས་ནས། །ཡི་དམ་རྟ་ཕག་ཡབ་ཡུམ་ལ་གསོལ་བ་འདེབས། །གནས་ཤེལ་དཀར་འབུམ་པའི་གཞལ་ཡས་ནས། །མཚན་ལྡན་དགེ་བའི་གཤེས་གཉེན་ལ་གསོལ་བ་འདེབས། །གནས་མེ་འབར་ཕུག་གི་གཞལ་ཡས་ནས། །ཡུམ་མཆོག་དཔལ་ལྡན་ལྷ་མོ་ལ་གསོལ་བ་འདེབས། །གནས་ཨོ་རྒྱན་ཐང་གི་གཞལ་ཡས་ནས། །སྤྲུལ་པའི་གུ་རུ་མཚན་བརྒྱད་ལ་གསོལ་བ་འདེབས། །གནས་ཆུ་དྲོན་གཡུ་ཕུག་གཞལ་ཡས་ནས། །ཡུམ་མཆོག་རེ་ཏི་མཆེད་བཞི་ལ་གསོལ་བ་འདེབས། །གནས་མེ་མོ་རག་སྤུངས་གཞལ་ཡས་ནས། །ཡུམ་མཆོག་མཁའ་འགྲོ་སྡེ་ལྔ་ལ་གསོལ་བ་འདེབས། །གནས་སོག་གི་རྒྱལ་བ་རིགས་ལྔ་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས། །གནས་ཁུ་རུ་འཕྲང་གི་གཞལ་ཡས་ནས། །སེང་གདོང་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་སེང་གེ་གནམ་མཆོངས་སྒྲུབ་ཕུག་ནས། །ཡང་ཕུར་བདེ་མཆོག་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་རྡོ་རྗེ་ཤེལ་རྫོང་གཞལ་ཡས་ནས། །སྐུ་གསུམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་སྤུ་ཆེན་གུ་རུའི་སྒྲུབ་གནས་ནས། །རྩ་གསུམ་རྒྱུད་སྡེའི་ལྷ་ཚོགས་ལ་གསོལ་བ་འདེབས། །གནས་ཤོ་འཕྲང་གསང་བའི་གཏེར་གནས་ནས། །གཏེར་སྲུང་དམ་ཅན་སྐྱེས་བུ་ལ་གསོལ་བ་འདེབས། །བདག་གསོལ་བ་འདེབས་པའི་བུ་བརྒྱུད་ལ། །རྗེ་ཐུགས་རྗེའི་སྤྱན་གྱིས་གཟིགས་ནས་སུ། །ཚེ་འདི་ཡི་ནད་གདོན་བར་ཆད་སོལ། །ཕྱི་མ་མཁའ་སྤྱོད་ཀྱི་གནས་སུ་དྲོངས། །ལས་ངན་སྡིག་སྒྲིབ་མཐོལ་ལོ་བཤགས། །རྐྱེན་ངན་བར་ཆད་དབྱིངས་ནས་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས་པར་བྱའོ། །ཅེས་པའི་གསོལ་འདེབས་ཀྱི་རིམ་པ་འདི་ཤར་མདོ་ཁམས་ཟལ་མོ་སྒང་གི་སྒོམ་སྡེ་ནང་ཆེན་དུ་སྐྱེས་བའི་བྱ་བྲལ་པ། འཕོ་ལུང་སྐུ་སྐྱེ་རིག་འཛིན་རྣམ་རྒྱལ་གྱིས་ཁྱུང་པོ་ཨ་གྲགས་མི་སྡེའི་མི་བསྐོར་རྒྱག་མཁན་འགའ་རེ་བྱུང་བ་ལ་དགེ་བའི་གསོས་སུ་ཨེ་འགྱུར་གྱི་རེ་བས་གནས་མཆོག་ཆགས་རུ་ཕུག་ནག་ཏུ་མར་མེའི་འོད་ལ་ཐུན་སྐབས་ཤིག་ལ་བཤུར་ཏེ་བྲིས་པའོ། །

སྲིད་རྫོང་གསོལ་འདེབས་བསྡུས་པ།

༈ སྲིང་རྫོང་གསོལ་འདེབས་བསྡུས་པ་བཞུགས། ༈ ཨེ་མ་དག་པ་མཁའ་སྤྱོད་ཞིང་། །ཉེ་བའི་མཐུན་སྤྱོད་ཚནྡྷོ་ཧ། །སྒྱུ་འཕྲུལ་དཔལ་དགུའི་ཕོ་བྲང་མཆོག །སྐུ་གསུམ་དངོས་གྲུབ་འབྱུང་བའི་གནས། །ཁམས་ཤག་རྒྱལ་བའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་གསོལ་འདེབས་བསྡུས་པ་ཉི་མ་གྲགས་པས་སྦྱར་བའོ།། །།

མཐའ་སྐོར་ལུགས།

མཐའ་སྐོར་བསྐོར་ལུགས་བཞུགས། ཨཱོཾ་མ་ཎི་པདྨེ་ཧཱུྃཿ ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །བྱིན་གྱིས་བརླབ་ཏུ་གསོལ། །གནས་མཆོག་ཆེན་པོ་སྲིང་མོ་རྫོང་གི་རྩེ་སྐོར་བར་སྐོར་མཐའ་སྐོར་གསུམ་ཡོད་པའི་རྩེ་དང་བར་གཉིས་རྒྱུན་གཏན་བསྐོར་ཆོག །ཕན་ཡོན་གནས་ཡིག་ལྟར་ལགས། མཐའ་སྐོར་སྤྲེལ་ལོ་ཟླ་བ་དང་པོའི་ངོ་ལ། སོག་འཕེལ་རྒྱས་གླིང་། སྲིན་ཐོད་སྔགས་པ་གླིང་། ཆགས་རུ་ཕུག་ནག །བདེ་སྐྱིད་གླིང་། ཕུག་དཀར། ཕུག་སྔོན། གཡག་འཁྲབ་དགོན། སྟག་སྡང་དགོན། ཤུག་ཐང་དགོན། སྦྲུལ་མདའི་དགོན། སེན་ཚའི་དགོན། ཀ་རོང་དགོན། དགོན་གསར། རབ་བརྟན། ལྟ་སྨོན།རོང་པོའི་དགོན་སར། བྱི་རོ་ཆོས་ལུང་། རྐྱང་རིའི་རྔོག་ཕུག མེ་མོ་རག་ཕྲོམ་རྣམས་ལ་དཀར་མེ་སྙན་དར། དགོན་སྡེ་རྣམས་ལ་མང་ཇ་དར་ཅོག་སོགས་ཅི་འབྱོར་གྱིས་འབྲེལ་བ་བཏགས་ནས་བསྐོར་བས་མཚམས་མེད་ལྔའི་སྡིག་པ་འདག་པར་གནས་ཡིག་ལས་བཤད། བསྐོར་ལམ་ཞག་བཅོ་ལྔ། དེའི་ཚེ་ཁ་ཏོན་ཕྱག་བཤགས་པ་གསོལ་འདེབས་རྣམས་ཚུལ་བཞིན་མཛོད། སྐོར་སྣེ་རང་ཡུལ་ཕྱོགས་གང་ནས་སྐོར་ལམ་ལ་ཞུགས་པ་དེར་སྡོམས་པ་ཡིན། སྤྲེལ་ལོ་ཟླ་བ་དང་པོའི་ངོ་མ་གཏོགས་མཐའ་སྐོར་མེད། ལོ་བཅུ་གསུམ་གྱི་ནང་ནས་མཐའ་སྐོར་སྤྲེའུ་ལོ་ཟླ་བ་དང་པོའི་ནང་ཡིན་པས་ངོ་ཤེས་པར་མཛོད། སེར་ཤུལ་བླ་མས་དགོས་གསུངས་པ་ལྟར་བཀྲ་ཤིས་སྟེང་ནས་ཁམས་རྒན་ཉི་མ་གྲགས་ཀྱིས་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །