རྩ་གསུམ་ལས་བྱང་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ རྩ་གསུམ་ལས་བྱང་ཡིད་བཞིན་ནོར་བུ་དོན་གྱི་ཕྲིན་ལས་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་དོན༔ རྩ་གསུམ་འདུས་པའི་ལས་བྱང་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་དང་སྒྲུབ་པ་ཚོགས་འཁོར་སོགས༔ འཕྲིན་ལས་རང་གཞུང་དཀྱིལ་འཁོར་ལྟར༔ ཡང་ན་རྡུལ་ཚོན་རས་བྲིས་སམ༔ འབྲུ་ཚོམ་ལྷ་གྲངས་མཉམ་པ་བཀོད༔ སྨན་རཀ་གཏོར་ཚོགས་མཆོད་པ་བཤམས༔ སྐུ་གསུང་ཐུགས་རྟེན་ཡིད་འོང་བཀྲམ༔ རོལ་མོ་དབྱངས་བཅས་འདི་སྐད་དོ༔ ཧཱུྃ༔ མ་རིག་འཁྲུལ་བ་ལས་བྱུང་འདྲེ༔ གཉིས་འཛིན་སྣང་བའི་བག་ཆགས་བགེགས༔ རང་བཞིན་གཅིག་པའི་གཏོར་མ་ལོངས༔ རེ་དོགས་གཉིས་འཛིན་ཕྱིར་དེངས་ཤིག༔ ཆོས་ཉིད་བཀའ་ལ་འདའ་མ་བྱེད༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་མ་ཏྲཾ་ཀ་རུ་ཊ་མཱ་ར་ཡ་ཕཊ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ གདོད་ནས་དག་པའི་མཚམས་བཅད་དོ༔ ནང་བཅུད་སྐྱེ་འགྲོ་ལྷ་ཡི་ངང་༔ དུག་ལྔ་རང་གྲོལ་མཚམས་བཅད་དོ༔ རེ་དོགས་སྤང་བླང་བྲལ་བ་ཡི༔ དགེ་སྡིག་གཉིས་འཛིན་མཚམས་བཅད་དོ༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་རཀྵ་རཀྵ་ཧཱུྃ་ཕཊ༔ དེ་ནས་མཆོད་པ་གསང་སྔགས་སྤྱི་འགྲོས་ལྟར་བྱིན་གྱིས་བརླབ༔ སྐད་ཅིག་གིས་རང་ཉིད་ལྷར་བསྐྱེད་པ་འདི་སྐད་དོ༔ ཧཱུྃ༔ ཁྲེགས་ཆོད་ཀ་དག་ནམ་མཁའི་ཀློང་༔ འགྱུ་བ་མི་དམིགས་རྒྱ་གྲམ་རླུང་༔ རྣམ་དག་དབྱིངས་ཀྱི་རྒྱ་མཚོ་འཁྱིལ༔ ཐིག་ལེ་ཐིག་ཕྲན་ཀེང་རུས་རི༔ རྩིབ་ཤར་གྱེན་འགྲེངས་མདའ་མདུང་མེ༔ རྡོ་རྗེ་ལུག་རྒྱུད་གཞལ་ཡས་ཁང་༔ དབྱིངས་རིག་འབྲལ་མེད་ཀ་གདུང་རྒྱན༔ རེ་ལྡེ་ཉ་མིག་ཟ་ར་ཚག༔ སྣང་བཞི་སྒོ་གྲུ་རྟ་བབས་ལྡན༔ ཆགས་མེད་པདྨའི་མུ་ཁྱུད་ལ༔ ཞེན་མེད་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ འགྱུར་མེད་རྡོ་རྗེའི་ཕྲེང་བས་མཚན༔ འོད་ལྔ་རྣམ་དག་ཡེ་ཤེས་མེ༔ རིག་པ་གདུགས་ཏོག་ཆོས་འཁོར་མཛེས༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུཾ༔ ཧཱུྃ༔ གདོད་ནས་རང་དག་ཕོ་བྲང་དབུས༔ སྐྱེ་མེད་གཉུག་མའི་པད་འདབ་བརྡལ༔ འཁོར་འདས་ཐབས་ཤེས་ཉི་ཟླའི་སྟེང་༔ ཡེ་ཤེས་རང་རིག་རྡོ་རྗེ་ཧཱུྃ༔ ཆོས་སྐུ་མི་འགྱུར་གསང་བ་འདུས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྩེ་ལྔ་ནམ་མཁར་འཕྱར༔ གཡོན་པས་སྡིགས་མཛུབ་ཡུམ་ལ་འཁྱུད༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང་༔ རུས་རྒྱན་རྩེ་བྲན་ཐོད་ཕྲེང་གསོལ༔ ཁྲོ་འཛུམ་སྤྱན་གསུམ་གཟི་བརྗིད་འབར༔ མཚོ་རྒྱལ་དཀར་མོ་འཁྲིལ་སྦྱོར་རོལ༔ གྲོ་ཐོད་ཕྱག་རྒྱ་བདེ་སྟོང་འབར༔ ཧཱུྃ༔ སྤྱི་བོའི་གཙུག་ན་ཀུན་བཟང་མཐིང་༔ གཅེར་བུ་མཉམ་གཞག་སྐྱིལ་ཀྲུང་དཀྱིལ༔ ཀུན་བཟང་དཀར་མོ་ཡུམ་དང་སྦྱོར༔ མགྲིན་པར་རྡོར་སེམས་སྐུ་མདོག་དཀར༔ མཚན་དཔེ་ཡོངས་རྫོགས་རྡོར་དྲིལ་བསྣམས༔ ཡུམ་མཆོག་རྡོ་རྗེ་སྙེ་མ་དཀར༔ འཁྲིལ་སྦྱོར་རྡོར་དྲིལ་འཛིན་པས་འཁྱུད༔ ཞབས་གཉིས་རོལ་པའི་སྟབས་གྱིས་བཞུགས༔ ཐུགས་ཀར་དགའ་རབ་རྡོ་རྗེ་དཀར༔ གཡས་པས་ཐུགས་ཀར་རྡོ་རྗེ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ གཙུག་ཏོར་མཚན་བཟང་སྐྱིལ་ཀྲུང་བཞུགས༔ མཁའ་འགྲོ་རྡོ་རྗེ་དབང་ཕྱུག་དཀར༔ རྡོ་རྗེ་ཚེ་བུམ་བསྣམས་ནས་འཁྱུད༔ ལྟེ་བར་ཤྲཱི་སེངྷ་སྨུག༔ མཉམ་གཞག་སྐྱིལ་ཀྲུང་རྣལ་འབྱོར་ཚུལ༔ དུར་ཁྲོད་དྷཀྐཱི་དྷེ་ཝ་མཚོ༔ ཌཱ་རུ་ཐོད་ཁྲག་བསྣམས་པ་འཁྲིལ༔ གསང་གནས་རྩ་བའི་བླ་མ་ལ༔ བརྒྱུད་པའི་བླ་མ་སྤྲིན་ལྟར་གཏིབ༔ ཀུན་ཀྱང་རྣལ་འབྱོར་ཚུལ་དུ་བསྒོམ༔ ཧཱུྃ༔ ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་རྡོ་རྗེ་དབང་ཆེན་མཐིང་༔ ཕག་མོ་དཀར་མོ་ཡུམ་དང་སྦྱོར༔ ལྷོ་རུ་རཏྣ་དབང་ཆེན་སེར༔ ཕག་མོ་སེར་མོ་ཡུམ་དང་སྦྱོར༔ ནུབ་ཏུ་པདྨ་དབང་ཆེན་དམར༔ ཕག་མོ་དམར་མོ་ཡུམ་དང་སྦྱོར༔ བྱང་དུ་ཀརྨ་དབང་ཆེན་ལྗང་༔ ཕག་མོ་སྔོན་མོ་ཡུམ་དང་སྦྱོར༔ ཐམས་ཅད་རང་རྟགས་གྲི་གུག་གཡས༔ གཡོན་རྣམས་བྷནྡྷ་ཁྲག་བཀང་བསྣམས༔ ཀུན་ཀྱང་ཁྲོ་གཏུམ་སྤྱན་གསུམ་འབར༔ སྤྱི་བོར་རྟ་གདོང་ཕག་ཞལ་མཚན༔ དུར་ཁྲོད་ཆས་ལྡན་དོར་སྟབས་བགྲད༔ ཧཱུྃ༔ ཕོ་བྲང་སྒོ་བཞིའི་གཞལ་ཡས་སུ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དཀར་སེར་དམར་ལྗང་གྲི་ཐོད་ཅན༔ བསྐྱང་བསྐུམ་ཁ་ཊྭཱཾ་རུས་པས་བརྒྱན༔ རིགས་བཞི་མཁའ་འགྲོའི་སྐུ་རུ་བསྒོམ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་གཤེགས་སུ་གསོལ༔ དུར་ཁྲོད་མེ་རི་འབར་བ་ནས༔ རྡོ་རྗེ་སེམས་དཔའ་གཤེགས་སུ་གསོལ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ དགའ་རབ་རྡོ་རྗེ་གཤེགས་སུ་གསོལ༔ སོ་ས་གླིང་གི་དུར་ཁྲོད་ནས༔ ཤྲཱི་སིངྷ་གཤེགས་སུ་གསོལ༔ ཐུགས་རྗེའི་གདུང་འཚོབ་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ དབང་ཆེན་རོལ་བའི་དུར་ཁྲོད་ནས༔ དཔའ་བོ་རྒྱ་མཚོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ དཔའ་མོ་རྒྱ་མཚོ་གཤེགས་སུ་གསོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ འབུམ་ཕྲག་མཁའ་འགྲོ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ མ་བཅོས་ལྷུན་གྲུབ་གཞལ་ཡས་འདིར༔ དབྱིངས་དང་རིག་པ་གཉིས་མེད་པར༔ སྐུ་དང་ཡེ་ཤེས་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་ལ༔ འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་གཟུགས་སྒྲ་དྲི་རོ་རེག༔ དཀར་དམར་མདངས་ལྡན་བྷ་ལིངྟ༔ རྒྱུ་དྲུག་བསྒྲལ་བའི་རཀྟ་དང་༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་རྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ༔ བཛྲ་སརྦ་པཱུ་ཙ་མེ་གྷ་རཱུ་པ་ཤཔྟ་གྷནྡྷེ་ར་ས་པཪྴེ་བྷ་ལིངྟ་རཀྟ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་དབུས༔ མདངས་ལྡན་པདྨའི་སྙིང་པོ་ཟེའུ་འབྲུའི་སྟེང་༔ མ་ཆགས་སྐྱོན་བྲལ་འཇིགས་མེད་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་སྐུ་ལ་འཁྲིལ་བའི་མཁའ་འགྲོ་མ༔ དཀར་མོ་མདངས་ལྡན་གཞོན་ནུ་བཅུ་དྲུག་ཚུལ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ཡེ་ཤེས་འབར༔ ཛྙཱ་ན་དྷཀྐིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡེ་ཐོག་དང་པོའི་སངས་རྒྱས་ཆོས་ཀྱི་སྐུ༔ མ་བཅོས་ལྷུན་གྲུབ་མཉམ་ཉིད་འདུས་མ་བྱས༔ སྣང་སྟོང་གཉིས་མེད་ཀུན་བཟང་ཡུམ་དང་སྦྱོར༔ རྒྱལ་བ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། ཡེ་ཤེས་འགག་མེད་མཚན་དང་དཔེ་བྱད་འབར༔ ལྔ་ལྡན་ལྷུན་རྫོགས་གསང་ཆེན་དཀྱིལ་འཁོར་གཙོ༔ སྙེ་མ་དཀར་མོ་ལུས་དང་གྲིབ་མའི་ཚུལ༔ རྡོར་སེམས་ལོངས་སྐུའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱ་མཚོའི་གླིང་ན་ཡབ་མེད་སྤྲུལ་སྐུར་བལྟམས༔ འགྲན་གྱི་དོ་མེད་མཚན་དང་དཔེ་བྱེད་རྫོགས༔ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་བདེ་བའི་ཡུམ༔ དགའ་རབ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ འཕགས་པས་ལུང་བསྟན་རིག་འཛིན་ཧེ་རུ་ཀ༔ དུར་ཁྲོད་ཉུལ་ཞིང་བརྟུལ་ཞུགས་སྤྱོད་པ་མཛད༔ བདེ་བའི་དྷཀྐི་ཟུང་འཇུག་སྦྱོར་བའི་ཡུམ༔ ཤྲཱི་སིངྷའི་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རིག་འཛིན་བསྟན་བདག་དཀྱིལ་འཁོར་གཙོ༔ མ་ལུས་འདུས་པའི་དབང་ཕྱུག་འགྲོ་བའི་མགོན༔ བརྒྱུད་ལྡན་རིག་འཛིན་བླ་མ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ རབ་འཇིགས་ཁྲོ་པོའི་ལུས་ཀྱིས་གདུག་པ་འདུལ༔ དབང་ཆེན་ཉི་མ་དབང་མཛད་དབང་གི་རྒྱལ༔ ཕག་མོ་རིགས་བཞི་བདེ་བའི་ཡུམ་དང་བཅས༔ རྟ་ཕག་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་དཀྱིལ་འཁོར་མུ་རན་བཀའ་སྐྱོང་ཞིང་༔ གསང་སྔགས་བླ་མེད་བསྟན་པའི་བྱ་ར་མཛད༔ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོ༔ དྷཀྐི་རྒྱ་མཚོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཛབ་དགོངས་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ སྐྱེ་འགྲོ་ལྷ་དང་ལྷ་མོའི་དཔལ༔ འཁོར་འདས་སྐུ་གསུམ་ཆོས་ཀྱི་དབྱིངས༔ སྡུག་བསྔལ་སྣ་ཚོགས་བདེ་བ་ཆེ༔ ཨཱོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བཛྲ་འཇིགས་མེད་གསང་བ་འདུས༔ གྷུ་རུ་བླ་མེད་བླ་མ་མཆོག༔ ཧ་རི་ནི་ས་མཁའ་འགྲོ་འབུམ༔ ཧྱ་གྷྲཱི་ཝ་རྟ་མགྲིན་དབང་༔ ར་ཙ་ཧྲི་ཡ་དཔའ་བོ་འབུམ༔ སརྦ་མཆོག་དང་ཐུན་མོང་གཉིས༔ སིདྡྷི་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ་ཕཊ་འོད་ཟེར་སྤྲོ་དང་བསྡུད༔ འཛབ་ཀྱི་སྙིང་པོ་བྱང་ཆུབ་སེམས༔ ལྟ་བ་མཐའ་གྲོལ་ནམ་མཁའི་ཀློང་༔ སྒོམ་པ་རྩོལ་མེད་རང་བྱུང་ངང་༔ སྤྱོད་པ་སྤང་བླང་དགག་སྒྲུབ་བྲལ༔ འབྲས་བུ་ཡེ་གྲོལ་རང་སངས་རྒྱས༔ རང་བྱུང་དགོངས་པ་གསལ་གདབ་ཅིང་༔ སྙིང་པོ་དོན་གྱི་འཛབ་འདི་བཟླ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ བསྐུལ་བ་ནི༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཏེ༔ ང་ནི་གསང་འདུས་ཡབ་ཡུམ་སྐུ༔ ང་ནི་ཡེ་ནས་རང་བྱུང་ལྷ༔ ང་ནི་ཀུན་བཟང་དོན་གྱི་ལྷ༔ ང་ནི་དུས་གསུམ་སངས་རྒྱས་ཏེ༔ འཁོར་འདས་ཐམས་ཅད་ཆོས་དབྱིངས་ཡིན༔ དོན་ལ་བསྐུལ་བྱ་མ་མཆིས་ཀྱང་༔ འགྲོ་བ་འདུལ་བའི་སྣང་ངོ་རུ༔ ཨོ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ པདྨ་འབྱུང་གནས་ཐུགས་དམ་བསྐུལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐུལ༔ དུར་ཁྲོད་མེ་རི་འབར་བ་ནས༔ རྡོར་སེམས་ཡབ་ཡུམ་ཐུགས་དམ་བསྐུལ༔ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔ དགའ་རབ་རྡོ་རྗེའི་ཐུགས་དམ་བསྐུལ༔ སོ་ས་གླིང་གི་དུར་ཁྲོད་ནས༔ ཤྲཱི་སིདྷའི་ཐུགས་དམ་བསྐུལ༔ འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ རིག་འཛིན་བརྒྱུད་པའི་ཐུགས་དམ་བསྐུལ༔ པདྨ་དབང་གི་གཞལ་ཡས་ནས༔ རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐུལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ ཕག་མོ་རིགས་བཞིའི་ཐུགས་དམ་བསྐུལ༔ ཤར་ལྷོ་ནུབ་བྱང་དུར་ཁྲོད་ནས༔ མཁའ་འགྲོ་རིགས་བཞིའི་ཐུགས་དམ་བསྐུལ༔ གནས་དང་ཡུལ་གྱི་ཕོ་བྲང་ནས༔ དཔའ་བོ་དཔའ་མོའི་ཐུགས་དམ་བསྐུལ༔ ཆོས་ཉིད་རོལ་བའི་གཏོར་མ་ལོངས༔ ཞེ་སྡང་འདུལ་བའི་དུས་ལ་བབས༔ བདག་འཛིན་རྟོག་མེད་དབྱིངས་སུ་ཟློག༔ ཡེ་ཤེས་རྟོགས་པའི་འཕྲིན་ལས་མཛོད༔ མཉམ་ཉིད་རང་གྲོལ་གཏོར་མ་ལོངས༔ ང་རྒྱལ་འདུལ་བའི་དུས་ལ་བབས༔ གཟུང་འཛིན་སྐྱེ་མེད་དབྱིངས་སུ་ཟློག༔ མཉམ་ཉིད་རྟོགས་པའི་ཕྲིན་ལས་མཛོད༔ སོར་རྟོགས་རང་གྲོལ་གཏོར་མ་ལོངས༔ འདོད་ཆགས་འདུལ་བའི་དུས་ལ་བབས༔ སྲེད་འཛིན་འགག་མེད་དབྱིངས་སུ་ཟློག༔ སོ་སོར་རྟོགས་པའི་ཕྲིན་ལས་མཛོད༔ བྱ་གྲུབ་རང་གྲོལ་གཏོར་མ་ལོངས༔ ཕྲག་དོག་འདུལ་བའི་དུས་ལ་བབས༔ གཉིས་འཛིན་ཆགས་མེད་དབྱིངས་སུ་ཟློག༔ བྱ་གྲུབ་རྟོགས་པའི་ཕྲིན་ལས་མཛོད༔ ཆོས་དབྱིངས་རང་གྲོལ་གཏོར་མ་ལོངས༔ གཏི་མུག་འདུལ་བའི་དུས་ལ་བབས༔ ལོག་འཛིན་འཁྲུལ་མེད་དབྱིངས་སུ་ཟློག༔ ཆོས་སྐུ་རྟོགས་པའི་འཕྲིན་ལས་མཛོད༔ མ་རིག་འཁྲུལ་བ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ འཁོར་བའི་ཆགས་ཞེན་ལས་བྱུང་བའི༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་འཛིན་ཆགས་སྡང་ལས་བྱུང་བའི༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློག༔ འཁྲུལ་འཛིན་ཉོན་མོངས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ རྣམ་རྟོག་བདག་འཛིན་ལས་བྱུང་བའི༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ ཨ་འཐས་སྲེད་འཛིན་ལས་བྱུང་བའི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དགྲ་བགེགས་སྐྱེ་བ་མེད་པར་སྒྲོལ༔ འཁོར་བ་མྱ་ངན་འདས་པར་ཟློག༔ ཡར་བདུད་སངས་རྒྱས་རེ་བ་ཟློག༔ མར་བདུད་ངན་འགྲོར་དོགས་པ་ཟློག༔ ཐམས་ཅད་སྐྱེ་མེད་ཆེན་པོར་ཟློག༔ འགག་མེད་རང་གྲོལ་ས་ལེར་ཐོང་༔ སྐྱེ་མེད་ཆོས་སྐུར་ཁྲོ་ལེར་ཐོང་༔ ས་མ་ཡཱ་རཱུ་ཊ་བྷྱོ་བྷྱོ་ཟློག་ཟློག༔ དེ་ནས་ཚོགས་བྱ་བ་ནི། ཨཱོཾ་ཨཱཿཧཱུྃཿ རང་ཉིད་གདོད་ནས་དག་པ་ལྷ་ཡི་སྐུ༔ སྒྲ་གྲགས་རང་བྱུང་དག་པ་སྔགས་ཀྱི་སྒྲ༔ དྲན་རྟོག་རང་གྲོལ་ཡེ་ནས་རྒྱལ་བའི་ཐུགས༔ བརྗོད་མེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྱོགས་ལྷུང་བྲལ་བའི་ཡེ་ཤེས་འོད་ཟེར་འཕྲོས༔ ཚོགས་ཀྱི་འབགས་རྩོག་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ མཆོད་པ་ནི༔ ཧཱུྃ ཿ ཆོས་སྐུ་འགྱུར་མེད་གསང་འདུས་ལྷ་ཡི་ཚོགས༔ གདོད་ནས་འབྲལ་མེད་རང་བྱུང་རང་ལས་ཤར༔ དུས་འདིར་རང་རིག་རང་ངོར་གསལ་བའི་ལྷ༔ ཟག་མེད་ཉམས་མྱོང་ཚོགས་མཆོད་འདི་བཞེས་ལ༔ སྣང་བཞི་མཐར་ཕྱིན་ཆོས་ཟད་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་རི་ནི་ས་ཧྱ་གྷྲཱི་ཝ་ར་ཙ་ཧྲི་ཡ་གྷ་ན་པཱུ་ཙ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ གཏོར་ལེན་མ་དང་མཁའ་འགྲོའི་ཚོགས༔ ཡེ་ཤེས་ནམ་མཁའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་སྤྲུལ་སྒྱུར་གར་དུ་བསྒྱུར༔ མ་རིག་འཁྲུལ་སྣང་ལྷག་མ་འདི༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བཞེས༔ གཟུང་འཛིན་བག་ཆགས་ལྷག་མ་འདི༔ འགག་མེད་ལོངས་སྐུའི་ཀློང་དུ་བཞེས༔ རེ་དོགས་གཉིས་འཛིན་ལྷག་མ་འདི༔ སྣ་ཚོགས་སྤྲུལ་སྐུའི་ཀློང་དུ་བཞེས༔ བཟའ་བཏུང་ཚོགས་ཀྱི་ལྷག་མ་འདི༔ དམ་ཚིག་བསྲུང་བའི་རྫས་སུ་བཞེས༔ ཨཱ་ཧ་རི་ནི་ས་གྷ་ན་ཙཀྲ་སརྦ་པཱུ་ཙ་ཁ་ཧི་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཐམས་ཅད་ཀྱི༔ འོག་མིན་མཁའ་སྤྱོད་གནས་ཡུལ་དུར་ཁྲོད་དུ༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་དོན་རྟོགས་ཤིང་༔ རང་བྱུང་སྐྱེ་མེད་ཆོས་སྐུར་སངས་རྒྱས་ཚེ༔ ཁམས་གསུམ་ཆེ་བཙན་ལྷ་ཀླུ་གནོད་སྦྱིན་དང་༔ དཔའ་བོ་དཔའ་མོ་ཞིང་སྐྱོང་དུར་ཁྲོད་བདག༔ དབང་ནོས་ལུང་བསྟན་བྲན་དུ་ཁས་བླངས་པའི༔ དམ་ཚིག་ཅན་རྣམས་དམ་རྫས་གཏོར་མ་བཞེས༔ མཆོག་ཐུན་ཀུན་ཏུ་སྤྱོད་པའི་སྡོང་གྲོགས་མཛོད༔ གཏོར་གཞོང་ཁ་སྤུབ་ཅིང་༔ ཧཱུྃ༔ སྣང་སྟོང་སྐུ་ཡི་གཏོར་གཞོང་འོག༔ གཟུགས་སྣང་བག་ཆགས་དགྲ་བགེགས་གནོན༔ གྲགས་སྟོང་གསུང་གི་གཏོར་གཞོང་འོག༔ འདོད་ཆགས་ལོག་རྟོགས་དགྲ་བགེགས་གནོན༔ དྲན་རྟོགས་ཐུགས་ཀྱི་གཏོར་གཞོང་འོག༔ ཆགས་སྡང་མི་དགེའི་དགྲ་བགེགས་གནོན༔ སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་པས༔ བྱང་ཆུབ་སེམས་མཆོག་མ་སྐྱེས་པར༔ ནམ་ཡང་ཐར་པའི་དུས་མེད་དོ༔ ཨཱོཾ་ཨཱཿཧཱུྃ་སྟམ་བྷ་ཡ་ནན༔ མཱ་ར་ཡ་ནན་སྭཱ་ཧཱ༔ བཀྲ་ཤིས་ནི༔ ཧཱུྃ༔ རྒྱལ་བའི་རྒྱལ་ཚབ་འགྲོ་བ་འདྲེན༔ རྡོ་རྗེ་སློབ་དཔོན་བཀྲ་ཤིས་ཤོག༔ བསྐྱེད་རྫོགས་ཟུང་འཇུག་དངོས་གྲུབ་སྩོལ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ རྟེན་ཅིང་འབྲེལ་འབྱུང་འཕྲིན་ལས་བསྒྲུབ༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་སྟེ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ གཉིས་མེད་ལྟ་བའི་གདེང་བསྐྱེད་ཅིང་༔ འཕྲིན་ལས་སྨོན་འཇུག་སེམས་བསྐྱེད་ངང་༔ གསང་བ་སྙིང་ཐིགས་ཡིད་ལ་གཅགས༔ རིག་པ་ཆོས་ཟད་ཀློང་དུ་བསྐྱལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ལྟ་བའི་མ ཐར་ཐུག་མཆོག༔ སྒོམ་པ་མི་འགྱུར་ལམ་གྱི་སྒྲོན༔ སྤྱོད་པ་རང་གྲོལ་མཐར་ཕྱིན་འབྲས༔ ཐིག་ལེ་གསང་བའི་ཉིང་ཁུ་རྣམས༔ གྱེར་སྒོམ་དོན་གྱི་གསལ་འདེབས་སུ༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ མ་འོངས་བཀའ་དང་རྒྱུད་ལུང་འཆལ༔ རང་བཟོའི་གྲུབ་མཐས་བོད་ཡུལ་ཁེངས༔ ཆོས་རྣམས་ཚོང་འདུས་འོ་མ་འདྲ༔ བདུད་ཀྱི་བསྟན་པ་ཤར་པའི་ཚེ༔ གྲུབ་མཐའ་མི་གཅིག་བཅོ་བརྒྱད་འབྱུང་༔ །གཅིག་བསྟན་གཅིག་གིས་བརླག་པར་བྱེད༔ བོད་ཀྱི་སྐྱབས་མགོན་མཐའ་མིས་བྱེད༔ བདུད་སྤྲུལ་མངའ་ཐང་ཆེས་ཆེར་རྒྱས༔ ཟོག་པོ་བསྟན་བཤིག་ཆུ་ལྟར་འཁྲུག༔ གཤིན་རྗེའི་དགེ་བཤེས་བོད་ཁམས་ཁེངས༔ ལྟར་སྣང་ལེགས་ཤིང་སྤྱོད་ལམ་མཛེས༔ དུག་ལ་མེ་ཏོག་རྒྱས་པ་འདྲ༔ བཟང་དགུ་ནུབ་ཅིང་ངན་དགུ་དར༔ གཡོ་དང་དུག་སྦྱོར་རྩལ་འགྲན་བྱེད༔ མནའ་ཟ་ཆད་སྟོངས་གཏའ་མ་ལེན༔ ལོངས་སྤྱོད་མཚོན་ཆ་སྔར་མེད་མང་༔ དེ་ཚེ་འགྲོ་བ་བདུད་དབང་བསྒྱུར༔ མི་དགེའི་ལས་ལ་འབུང་གསུམ་འདོན༔ ཐམས་ཅད་ངན་སོང་ཁྱུ་དེད་འཁྱམས༔ དེ་དུས་ང་ཡི་ཐུགས་སྤྲུལ་ཞིག༔ ཟབ་མོའི་ཆོས་འདི་དང་འཕྲད་ནས༔ འགྲོ་བ་འགའ་ཞིག་ཐར་ལམ་འཁྲིད༔ དེ་ཕྱིར་ཟབ་མོའི་གཏེར་དུ་བཅོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ།། །། མངྒ་ལཾ། །