སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ བོད་སྐད་དུ༔ སྔོན་འགྲོའི་ཁྲིད་ཡིག་བདེ་གཤེགས་སྤྱི་ལམ་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ སྔོན་འགྲོའི་འཁྲིད་ཀྱི་གདམས་པ་འདི༔ མཚོ་རྒྱལ་བརྩོན་པས་ཉམས་སུ་ལོངས༔ མ་འོངས་དོན་དུ་ཡི་གེར་ཐོབ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྩ་གསུམ་གསང་བ་སྙིང་་ཐིགས་ཀྱི་སྔོན་དུ་འགྲོ་བའི་ཁྲིད་ཀྱི་རིམ་པ་འདི་དོན་རྣམ་པ་གསུམ་སྟེ༔ ཕྱིའི་སྔོན་འགྲོ་དང་༔ ནང་གི་སྔོན་འགྲོ་དང་༔ གསང་བའི་སྔོན་འགྲོའོ༔ དང་པོ་ཕྱིའི་སྔོན་འགྲོ་ནི་བདུན་སྟེ༔ ཆོས་སྟོན་པའི་སྣོད་བསྟན་པ༔ གནས་བསྟན་པ༔ དུས་བསྟན་པ༔ གྲོགས་བསྟན་པ༔ ཡོ་བྱད་བསྟན་པ༔ ལོ་རྒྱུས་བཤད་པ༔ དབང་བསྐུར་བ་དང་བདུན་ནོ༔ དང་པོ་སྣོད་བསྟན་པ་ནི༔ སྐྱེས་བུ་དབང་པོ་ཚང་ཞིང་ཆོས་ལ་དད་པ༔ ཤེས་རབ་ཆེ་ཞིང་བརྩོན་འགྲུས་དང་ལྡན་པ༔ དམ་ཚིག་གཙང་ཞིང་སྒྲུབ་ལ་བརྩོན་པ༔ གཏོང་ཕོད་ཆེ་ཞིང་འཛིན་ཆགས་མེད་པ༔ སྐྱོ་ཤས་བཟང་ཞིང་སྡུག་བསྲན་ཚུགས་པ༔ བླ་མེད་ཀྱི་ཆོས་ལ་མོས་ཤིང་གསང་ཐུབ་པ༔ དད་པའི་རི་བོ་བརྟན་ཅིང་མོས་གུས་ཀྱི་རྒྱ་མཚོ་ཁ་ལུད་པ་ཞིག་དགོས་པའོ༔ དེ་དག་ལས་ལོག་པར་གྱུར་པ་རྣམས་ལ་ནི་རླུང་ཕྱོགས་ཙམ་དུ་ཡང་གསང་བར་བྱའོ༔ གནས་ནི་གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་ལ་སོགས་པ་སྟེ༔ ཤིན་ཏུ་དྭངས་ལ་དབེན་ཞིང་ཉམས་ཡངས་སར་འཁྲིད་འདི་སྟོན་ཞིང་ཉམས་སུ་ལེན་པར་བྱའོ༔ ཕྱིའི་དུས་ནི་དབྱར་མ་སྟོན་གྱི་དུས་དང་༔ དགུན་ཟླ་ཐ་ཆུང་ངམ་དཔྱིད་ཟླ་བ་ཁམས་བུའི་མེ་ཏོག་རྒྱས་པའི་དུས་སོ༔ ནང་གི་དུས་ནི་ཟེར་གཉིས་ཀྱི་དུས་སུའོ༔ གསང་བའི་དུས་ནི་གཟའ་དང་རྒྱུ་སྐར་བཟང་ཞིང་རྒྱུ་བ་ངན་པ་སོགས་མེད་པའི་ཉི་མ་ལའོ༔ གྲོགས་བསྟན་པ་ནི༔ ངང་རྒྱུད་རིང་ཞིང་དད་པ་དང་དག་སྣང་ཆེ་བ༔ ཁོང་ཡངས་ཤིང་བློ་བརྟན་པ༔ གཞན་ལ་སྙིང་རྗེ་དང་ལྡན་ཞིང་དུག་ལྔ་ཤུགས་ཀྱིས་ཆུང་བ་ཞིག་དགོས་པའོ༔ ཡོ་བྱད་ནི་རང་གི་ཆོས་བཞིན་ཉམས་སུ་ལེན་པའི་དུས་དེར་མཁོ་བའི་ཁམས་ཀྱི་གཉེན་པོ་དང་༔ དབང་གི་མཎྜལ་དཀྱིལ་འཁོར་ལ་འབུལ་བའི་མེ་ཏོག༔ ཚོགས་ཀྱི་འཁོར་ལོ་གཏོར་མའི་ཡོ་བྱད་རྣམས་ཚུལ་དང་མཐུན་པར་བསྒྲུབ་དགོས་པའོ༔ ལོ་རྒྱུས་ནི༔ རྫོགས་ཆེན་སྤྱི་དང་བྱེ་བྲག་གི་རིམ་པ་གསལ་ལ་དག་པས་སློབ་མ་ཡིད་ཆེས་པར་བྱའོ༔ དབང་ནི༔ སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཡོངས་སུ་སྤྲོས་པ་མེད་པའི་རིམ་པས༔ སྐལ་ལྡན་རྣམས་རྒྱུད་ཚུལ་བཞིན་དུ་སྨིན་པར་བསྐུར་བར་བྱའོ༔ གཉིས་པ་ནང་གི་སྔོན་འགྲོ་ནི་ལྔ་སྟེ༔ དལ་འབྱོར་རྙེད་དཀའི་ལམ་འཁྱེར༔ འཆི་བ་མི་རྟག་པའི་ལམ་འཁྱེར༔ ལས་འབྲས་མི་བསླུ་བའི་ལམ་འཁྱེར༔ འཁོར་བ་སྡུག་བསྔལ་གྱི་ལམ་འཁྱེར༔ བྱང་ཆུབ་དད་པའི་ལམ་འཁྱེར་དང་ལྔའོ༔ དང་པོ་དལ་འབྱོར་རྙེད་དཀའི་ལམ་འཁྱེར་ནི༔ གཞི་ཀ་དག་གི་རང་ངོ་མ་ཤེས་པ་ལ་བརྟེན་ནས༔ ལམ་ཁམས་གསུམ་གྱི་གྲོང་ཁྱེར་ཆེན་པོ་འདིར་ཟོ་ཆུའི་འཁྱུད་མོ་ལྟར་འཁོར་ཞིང་འཁྱམས་པའི་ཚེ༔ ལུས་བྱང་ཆུབཀྱི་འབྲསབུ་ཅན་ཞེས་བྱ་བ༔ དལ་འབྱོར་གྱིས་ཡང་དག་པར་བརྒྱན་པའི་ཆོས་ལྡན་གྱི་མི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་སྟེ༔ མི་ལུས་ཆོས་བཞིན་སྤྱོད་པའི་སྐལ་ལྡན་ཞིག་ཐོབ་པ་ལ༔ རྒྱུ་བསོད་ནམས་དང་ཡེཤེས་ཀྱི་ཚོགས་གཉིས་བསགས་པ་ལས་ཐོབ་དགོས་པས་ན༔ ལུས་རྙེད་པར་དཀའ་བར་བསམ་ཞིང་༔ ཆོས་སྤྱོད་པའི་རྟེན་དང་གྲོགས་སུ་ལམ་དུ་འཁྱེར་བར་བྱའོ༔ གཉིས་པ་འཆི་བ་མི་རྟག་པ་ནི༔ ནམ་ཞིག་གི་དུས་སུ་སྔོན་ལས་ཀྱི་འབྲས་བུའམ༔ འཕྲལ་རྐྱེན་ངན་པ་ཞིག་གི་མཚམས་སྦྱར་ནས་འཆི་བ་མི་རྟག་པ་ཞེས་རང་རྒྱུད་ལ་འབྱུང་ཚེ་ཐབས་དང་བྱེད་པའི་སྟོབས་གང་གིས་ཀྱང་མི་བལྟོས་ཤིང་༔ འཇིག་རྟེན་ཕ་རོལ་དུ་དུས་འདའ་བ་ལས་འོས་མེད་པ་རྒྱུད་ལ་བསམ་ཞིང་དཔྱད་ནས༔ ཚེ་གང་ཆོས་ཀྱིས་འདའ་བའི་ལམ་འཁྱེར་ལ་སྦྱོར་བར་བྱའོ༔ གསུམ་པ་ལས་འབྲས་ནི༔ ཀུན་གཞི་མ་རིག་པ་ལས་བྱུང་བའི་ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་ལས་ཀྱི་འབྲས་བུ་ཁོ་ནས་བྱས་ཤིང་༔ ལས་ཀྱི་རང་བཞིན་ལས་ཤར་བ་ཡིན་པས༔ ལས་ཀྱི་འབྲས་བུ་ནི་མི་བསླུ་བ་ཉིད་དེ༔ ལས་ལ་ཡིད་ཆེས་པས་འབྲས་བུ་དགེ་སྡིག་གི་འདོར་ལེན་ལ་སྤྱོད་པ་ལམ་འཁྱེར་དུ་བརྩོན་པར་བྱའོ༔ བཞི་བ་འཁོར་བ་སྡུག་བསྔལ་ནི༔ དེ་ལྟར་མ་རིག་པ་ལས་བྱུང་བའི་འཁོར་བ་དེ་ཐམས་ཅད་བདེ་བ་འདོད་བཞིན་སྡུག་བསྔལ་ལ་སྤྱོད་པ་ཁོ་ན་ཉིད་དེ༔ བདེ་བ་ནི་གང་དུའང་མེད་ཅིང་༔ སྡུག་བསྔལ་འབུམ་ཕྲག་དུ་མས་ཤེས་རྒྱུད་ཡོངས་སུ་མནར་བ་ཅན་ཏེ༔ བདེ་སྡུག་གི་རྐྱེན་ཁར་མི་བཏང་བར་ལམ་དུ་འཁྱེར་ཞིང་འབྲས་བུའི་ཆོས་ལ་སྤྱོད་པར་བྱའོ༔ ལྔ་བ་བྱང་ཆུབ་དད་པ་ནི༔ དེ་ཡང་གང་དད་པར་གྱུར་པ་དེ་ནི་འཁོར་བ་ལས་ཡོངས་སུ་བརྒལ་ཞིང་༔ བྱང་ཆུབ་ཀྱི་ཞིང་དུ་མངོན་པར་སྤྱོད་པ་སྟེ༔ ལམ་གྱི་སྟོན་པ་བླ་མ༔ གྲོགས་མཆེད་ལྕམ༔ ལམ་གྱི་རིམ་པ་ཐེག་པ་ཆེན་པོ་ལ་སོགས་པ་རྣམས་ལ༔ དད་པ་དང་མོས་པ་དང་སྲི་ཞུས་བསྟེན་ཅིང་མཆོད་པར་བྱ་བ་སྟེ༔ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྐྱེད་བའི་གཞི༔ ཡོངསསུ་སྨིན་པའི་གཞི༔ ཡོངས་སུ་རྣམ་པར་རྒྱས་པའི་གཞི་འབྲས་བུ་ལམ་དང་བཅས་པ་དད་པ་ཁོ་ནའི་ཡོན་ཏན་ལས་བྱུང་བས༔ རྩེ་གཅིག་འདེམ་རྐྱང་མེད་པའི་ངང་ནས་ལམ་དུ་འཁྱེར་བར་བྱའོ༔ གསུམ་པ་གསང་བའི་སྔོན་འགྲོ་ལ་བདུན་ཏེ༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ ཡན་ལག་བདུན་པ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས༔ མཎྜལ་འབུལ་བ༔ བླ་མའི་རྣལ་འབྱོར༔ དབང་བཞི་ལེན་ཞིང་བསྔོ་སྨོན་ནོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ མདུན་གྱི་ནམ་མཁའ་འདི་ཡེ་ནས་རྣམ་པར་དག་པ་ལ༔ གདོད་མ་ནས་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་དུས་གསུམ་འཕོ་འགྱུར་མེད་པའི་ཀློང་ཆེན་པོའི་ཀློང་དུ༔ ཟག་མེད་ཡེ་ཤེས་ཀྱི་འོད་ལྔ་འཁྲིགས་པའི་དབུས་སུ་རྒྱལ་བ་ཀུན་གྱི་མངའ་བདག༔ དཔལ་ལྡན་མཚུངས་པ་དང་བྲལ་བའི་རྩ་བའི་བླ་མ་ལ༔ ཕྱོགས་བཅུའི་སངས་རྒྱས་སྐྱབས་གནས་ངོ་བོར་གྱུར་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་༔ ཐུགས་རྗེ་དང་ཡེ་ཤེས་ཀྱི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དད་པའི་སྐྱེས་བུ་རྣམས་ཀྱི་སྣང་ངོར་འཁྲིགས་པར་དམིགས་ཤིང་༔ དུས་ད་ནས་བཟུང་སྟེ་ཇི་སྲིད་འཁོར་བ་ལས་མ་འདས་ཀྱི་བར་དུ༔ ངེས་པར་སྙིང་ནས་སྐྱབས་སུ་འགྲོ་ཞིང་བློ་ལུས་ངག་གི་འདུན་པ་དྲག་པོ་རྩེ་ཅིག་ཏུ་ཁྱེད་རྣམས་ལ་བཅའ་བས༔ བདག་འཁོར་བ་ལས་བསྒྲལ་ཏེ་ཚེ་འདི་ཉིད་ལ་བྱང་ཆུབ་མངོན་དུ་མ་གྱུར་ཀྱི་བར་དུ༔ མི་མཐུན་པའི་ཚོགས་ལས་སྐྱབ་ཏུ་གསོལ༔ མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྩོལ་ཅིག་བསམ་པའི་སྒོ་ནས་སྐྱབས་སུ་འགྲོ་བར་བྱའོ༔ གཉིས་པ་སེམས་བསྐྱེད་པ་ནི༔ སྐྱབས་གནས་དམ་པ་བསླུ་བ་མེད་པའི་བླ་མ་སངས་རྒྱས་ཀྱི་ཚོགས་དེ་རྣམས་ལ་བློ་ཁྱེད་ཤེས་ཀྱི་འདུན་པ་རྩེ་གཅིག་ཏུ་གཏད་པའི་ངང་ནས༔ འཁོར་བ་སྡུག་བསྔལ་དུ་ཤེས་པའི་ངེས་འབྱུང་དྲག་པོས་ཀུན་ནས་བ སླངས་ཏེ༔ བདག་དང་མཐའ་ཡས་པའི་སེམས་ཅན་འདི་རྣམས་ཐམས་ཅད་ཀྱིས༔ རང་རིག་པའི་ངོ་བོ་རང་བྱུང་གི་ཡེ་ཤེས་རང་ངོ་མ་ཤེས་པར་གཉིས་སུ་འཛིན་པའི་ཤེས་པས་ཁ་བརྒྱུད༔ བག་ཆགས་དྲག་པོ་ཨ་འཐས་ཏེ་སྲིད་པ་ཆེན་པོ་འགྲོ་བ་དྲུག་གི་ཁམས་གསུམ་དུ་འཁྱམས་ཤིང་༔ ཡོངས་སུ་འཁོར་ཏེ་འཁྲུལ་པ་འདི་རྣམས་སྙིང་རེ་རྗེ༔ ད་འདི་རྣམས་འཁོར་བའི་སྡུག་བསྔལ་དྲག་པོ་འདི་ལས་སྒྲོལ་ཞིང་༔ ཡེ་ནས་འཕོ་འགྱུར་དང་བགྲེས་རྒུད་མི་མངའ་བ་གཞོན་ནུ་བུམ་པའི་སྐུ་རུ་གྲོལ་བར་བྱ་བའི་ཕྱིར་དུ༔ རིམ་པ་གཉིས་ཀྱི་ཆོས་ཚུལ་གྱི་བློ་སྦྱངས་ཤིང་༔ སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་གནད་གཟིར་བར་བྱ་སྙམ་དུ་སེམས་བསྐྱེད་པར་བྱའོ༔ གསུམ་པ་ཡན་ལག་བདུན་པ་ནི༔ དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བདག་དང་གཞན་གྱི་དོན་བྱེད་པར་དམ་བཅས་ནས༔ བློ་བཏང་སྙོམས་སུ་མ་སོང་བར་བྱ་ཞིང་ཚོགས་ཀུན་ཏུ་གསོག་པ་དང་༔ སྒྲིབ་པ་ཀུན་ཏུ་སྦྱང་བར་བྱའོ་སྙམ་པའི་བློ་རྩེ་གཅིག་གི་ངང་ནས༔ རང་རིག་དམ་པ་མ་ནོར་མ་བཅོས་དེ་བཞིན་ཉིད་ཆེན་པོ་ཆོས་ཀྱི་སྐུ་འཕོ་འགྱུར་དང་བྲལ་བ་ལ༔ འདུ་འབྲལ་མེད་པའི་ཕྱག་འཚལ་ཞིང་༔ འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྤང་བླང་དགག་བསྒྲུབ་དང་བྲལ་བས་འཛིན་མེད་བློ་གཟུང་མེད་པར༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རོལ་པ་ལས་རང་ཤར་བ༔ རང་གྲོལ་དུ་མཆོད་པར་འབུལ༔ ཡར་མྱ་ངན་ལས་འདས་པའི་སར་རེ་བ༔ མར་ངན་སོང་གསུམ་གྱི་གྲོང་ཁྱེར་ལ་དོགས་པ་གཉིས་སུ་འཛིན་པ་ལས་འཁྲུལ་པའི༔ དགེ་བ་དང་སྡིག་པ་བར་མ་དོར་བཟུང་བའི་འཛིན་པ་ཡོངས་སུ་ཞུགས་པའི་རྨོངས་པ་རང་རྒྱུད་པར་འཁྲུལ་པ་ཐམས་ཅད་ལྷག་མ་མ་ལུས་པར་བཤགས༔ སྐྱེ་འགག་གནས་གསུམ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ༔ བློ་བྲལ་དགེ་སྡིག་གི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་རང་ངོར་གསལ་ཞིང་རང་བྱུང་དུ་ལྷུན་གྱིས་གྲུབ་པ༔ སྐུ་གསུམ་འདུ་འབྲལ་མེད་པའི་དོན་དམ་པའི་དོན་དམ་མཆོག་གི་ཡེ་ཤེས་རང་གསལ་བ་ལ་ཁ་གཏིང་མེད་པར་རྗེས་སུ་ཡི་རང་བར་བྱའོ༔ དེ་ལྟར་ངོ་བོ་ཉིད་ཀྱི་ཆོས་ཉིད་དེའི་ངང་ལས་མ་བཅོས་པར་སོ་མ༔ རང་བྱུང་དུ་རྣལ་མར་དུས་གསུམ་རྒྱུན་ཆད་མེད་པར་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཁོར་ལོ་ཆད་མེད་དུ་ཡང་དག་པར་བསྐོར་ཞིང་༔ གདོད་མ་ནས་ངོ་བོ་ཉིད་ཀྱི་དག་པའི་ཀློང་༔ རབ་འབྱམས་འཁོར་ལོའི་ཞིང་མཆོག་མཐའ་དང་དབུས་མེད་པར་ཀུན་ཏུ་བརྡལ་བ་ཆེན་པོར་དུས་གསུམ་དུས་མེད་ཀྱི་ཡེ་ཤེས་ཆེན་པོའི་ཏིང་འཛིན་དམིགས་པ་ཐམས་ཅད་དང་བྲལ་བར་རྟག་པ་རྒྱུན་གྱི་འཁོར་ལོ་འདུ་འབྲལ་མེད་པར་བཞུགས་ཤིང་༔ ཀུན་ཏུ་བཟང་པོ་གདོད་མ་ཉིད་ནས་རང་བྱུང་གི་སངས་རྒྱས་ཆེན་པོ་རང་གྲོལ་བར་གདེང་བཅའ་པར་བྱའོ༔ བཞི་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ རང་གི་ལུས་དྲང་པོར་བསྲང་བའི་སྤྱི་བོར་སྣང་ལ་རང་བཞིན་མ་གྲུབ་པའི་འོད་དཀར་པོ་ལས་རང་གསལ་བ༔ བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཤེལ་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ ཆོས་སྐུ་ཉག་གཅིག་མཚོན་པའི་ཕྱིར་སྐུ་ཞལ་གཅིག༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་ཅན༔ འཁོར་འདས་མཉམ་ཉིད་དུ་བརྡལ་བའི་ཕྱིར་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ ཆོས་ཀྱི་སྒོ་མ་འགགས་པས་ཐེག་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པའི་ཕྱིར་ལོངས་༁ྃ༔ སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན་པ༔ སྒྲིབ་གཉིས་ཀྱི་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཡིད་ལ་དྲན་པ་ཙམ་ཀྱིས་ཡོངས་སུ་འཇོམས་ཤིང་དྲུང་ནས་ཕྱུང་བའི་བརྡར༔ སྐུ་ཤིན་ཏུ་དཀར་ལ་ཕྱི་ནང་མེད་པར་ཟང་ཐ་ལེར་གསལ་ཞིང་འོད་ཟེར་དང་ལྡན་པ་ཞིག་ཏུ་བསྒོམས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཅིག་གི་དཀྱིལ་དུ་ཐུགས་ཀྱི་ངོ་བོ་ས་བོན་ཡི་གེ་ཧཱུྃ་དཀར་ལ་འཚེར་བ་གཅིག་གི་མཐར༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་གཟུངས་སྔགས་ཡི་གེ་བརྒྱ་བའི་ཕྲེང་བ་མུ་ཏིག་སྟར་ལ་བརྒྱུས་པ་ལྟར་གཡས་སྐོར་དུ་འཁོར་བ་ལས༔ འོད་ཟེར་གྱི་རྟ་ལ་ཞོན་ནས་ཡེ་ཤེས་ཐུགས་རྗེའི་བདུད་རྩིའི་རྒྱུན་དཀར་པོ་འོ་མ་བུམ་མཆུ་ནས་རྩལ་བ་ལྟར་སྤྱི་བོའི་ཚངས་བུག་གི་ལམ་ནས་བབས༔ ལུས་ཕྱི་ནང་གསང་གསུམ་དུ་ཁྱབ་པས༔ ཁམས་གསུམ་གྱི་འཁོར་བ་འདིར་ཐོག་མ་མེད་པ་ནས་འཁྱམས་པའི་སེམས་ཅན༔ བདག་མེད་པ་ལ་བདག་ཏུ་བཟུང་ཞིང་༔ ང་མེད་པ་ལ་ངར་བརྟགས་པའི་རིགས་དྲུག་གི་ཚོགས་ཐམས་ཅད་ཀྱི་སྒོ་གསུམ་གྱིས་དུས་གསུམ་དུ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་བསགས་པའི་དམ་ཚིག་ཉམས་ཆག་རྟོག་སྒྲིབ་མདོར་ན་མི་དགེ་པའི་ལས་སུ་གྱུར་བ་ཅི་བསགས་པ་ཐམས་ཅད་སྦྱངས་ཤིང་༔ འོག་སྒོ་དང་རྐང་མཐིལ་གྱི་ལམ་བརྒྱུད་ནས་ནག་ནུར་གྱིས་དབང་ཆེན་གསེར་གྱིི་ས་གཞི་ལ་ཐིམ༔ རང་ལུས་ཆུ་ཤེལ་གྱི་བུམ་པ་དྲི་མ་མེད་པ་འོ་མས་བཀང་བ་ལྟར་ཁེངས་པས༔ དངོས་གྲུབ་ཐམས་ཅད་དམ་དབང་བཞིའི་ཡེ་ཤེས་མངོན་སུམ་དུ་རང་རྒྱུད་ལ་སྐྱེ་བར་བསམས་ཤིང་༔ གཟུངས་སྔགས་བརྒྱ་སྟོང་ཁྲི་འབུམ་བཟླས་པའི་མཐར་བླ་མ་རྡོ་རྗེ་སེམས་དཔས་ཞལ་གྱི་འཛུམ་མདངས་སུ་བཞད་ཅིང་༔ རིགས་ཀྱི་བུ་སྒྲིབ་གཉིས་དག་ནས་ཚོགས་གཉིས་རྫོགས་ཏེ༔ སྐུ་དང་ཞིང་ཁམས་ཐམས་ཅད་རང་སྣང་གི་ཡེ་ཤེས་གོ་མ་འགགས་པའི་རོལ་པ་ལ་སྤྱོད་པར་གྱུར་ཅིག༔ ཅེས་གསུངས་ནས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ལམ་ལམ་ཞུ་ཞིང་རང་ལ་ཐིམ་པར་བསྒོམ་མོ༔ ལྔ་བ་མཎྜལ་འབུལ་བ་ནི༔ ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་བྱེ་བ་ཕྲག་ས་ཡ་རི་རབ་གླིང་བཞི་གླིང་ཕྲན་གསེར་རི་རོལ་མཚོ༔ ཉི་ཟླ་རྒྱུ་སྐར་གྱི་ཚོགས་རྣམས་དང་༔ ནང་བཅུད་འགྲོ་བའི་དཔལ་འབྱོར་དབང་ཐང་རྩི་བཅུད་སྨན་སྤོས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུང་པོ་ཁམས་དང་སྐྱེ་མཆེད༔ གསང་བ་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས༔ གདོད་མ་ནས་སུས་ཀྱང་མ་བྱས་ཤིང་འཁོར་འདས་ལམ་གསུམ་གྱི་འཆར་སྒོ་གོ་མ་འགགས་པའི་མངའ་བདག༔ ངོ་བོ་ཀ་ནས་དག་ཅིང་གསལ་རིག་རྒྱུད་ཆད་མེད་པའི་ཆོས་ཉིད་ཀྱིས་སྙིང་པོས་བརྒྱན་ཏེ༔ རང་རིག་གི་གསལ་སྣང་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་པ༔ རྩ་གསུམ་གྱི་ལྷ་ཚོགས་མདོར་ན་མཆོད་འོས་སྐྱབས་གྱུར་ཐམས་ཅད་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་པར་སྤྲུལ་ཏེ་ཡོངས་སུ་དབུལ་བར་བགྱིའོ༔ དྲུག་པ་བླ་མའི་རྣལ་འབྱོར་ནི་རང་ཉིད་སྐད་ཅིག་གིས་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་དུ༔ ཐོད་པ་སྐམ་རློན་འབར་བའི་གཞལ་ཡས་ཁང་༔ གྲུ་བཞི་རྟ་བབས་དང་ལྡན་པ་ལ་གཞལ་ཡས་ཁང་གི་བཀོད་པས་ཡོངས་སུ་བརྒྱན་པའི་དབུས་སུ༔ རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའི་སྟེང་དུ༔ ཉི་ཟླ་པདྨ་དང་བམ་རོའི་གདན་སྟེང་དུ་ཐུགས་ཀྱི་ས་བོན་ཡི་གེ་ཧཱུྃ་ཧྲཱི་གཉིས་ཡོངས་སུ་གྱུར་པ་ལས༔ ཡི་དམ་པདྨ་རྟ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་དུ་གསལ་བར་བསྐྱེད་ཅིང་༔ དེའི་སྤྱི་བོར་བླ་མ་པདྨ་འབྱུང་གནས་མཚོ་རྒྱལ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ་ལ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་ལ་སོགས་པའི་བརྒྱུད་ལྡན་བཀའ་བབས་ཀྱི་བླ་མ་རྣམས་ཀྱང་མངོན་སུམ་དུ་ཐོད་བརྩེགས་པའི་རྣམ་པར་བཞུགས་པ་ལ༔ སྟེང་གི་ཆ་ལ་བླ་མ་རྒྱ་མཚོ༔ བར་གྱི་ཆ་ལ་ཡི་དམ་རྒྱ་མཚོ༔ འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་མངོན་སུམ་དུ་ཁྲ་ཤིགས་སེ་འོད་ཁྱིམ་མེར་བསྐོར་ནས་བཞུགས་པར་དམིགས་ཤིང་ཡིད་ཁྱེད་ཤེས་ཀྱི་བློ་བཀལ༔ སེམས་མོས་གུས་ཀྱི་གདུང་ཤུགས་བསྐྱེད༔ ངག་སྨྲེ་སྔགས་ཀྱི་གདུང་བས་གསོལ་འདེབས་སུ་འབོད་དེ་ལུས་བ་སྤུ་གཟེངས་མིག་མཆི་མ་འཁྲུག་པའི་ངང་ནས༔ ཚེ་འདི་ལ་བལྟོས་པ་མེད་པའི་ཉམས་དང་༔ བླ་མ་སངས་རྒྱས་སུ་མཐོང་བའི་དད་པ་མ་སྐྱེས་ཀྱི་བར་དུ་གསོལ་བ་ཕུར་ཚུགས་སུ་གདབ་པར་བྱའོ༔ བདུན་པ་དབང་བཞི་ལེན་ཅིང་བསྔོ་སྨོན་གྱིས་རྒྱས་འདེབས་པའི་རིམ་པ་ནི༔ ལྷ་ཚོགས་བླ་མ་དང་བཅས་པ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ རང་གི་ལུས་ལ་ཕོག༔ སྐུའི་དབང་ཐོབ་ལུས་ཀྱི་སྡིག་སྒྲིབ་དག་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་བསམས༔ གསུང་ལས་འོད་ཟེར་དམར་པོ་འཕྲོས༔ རང་གི་ངག་ལ་ཕོག༔ གསུང་གི་དབང་ཐོབ༔ ངག་གི་སྡིག་སྒྲིབ་དག་འབྲས་བུ་ལོངས་སྐུ་ཐོབ་པར་བསམས༔ ཐུགས་ལས་འོད་ཟེར་མཐིང་ག་འཕྲོས༔ རང་གི་ཡིད་ལ་ཕོག༔ ཐུགས་ཀྱི་དབང་ཐོབ་སེམས་ཀྱི་སྡིག་སྒྲིབ་དག་ཆོས་ཀྱི་སྐུ་ཐོབ་པར་བསམས༔ དེ་ནས་ལྷ་ཚོགས་བླ་མ་ཡབ་ཡུམ་དང་བཅས་པ་ཐམས་ཅད་གཅིག་ནས་གཉིས་སུ་ཐིམ་ཞིང་༔ འོད་དུ་ཞུ་ཏེ་རང་དང་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པའམ༔ འོ་མ་ལ་འོ་མ་ཐིམ་པ་ལྟར་དབྱེར་མེད་གཅིག་ཏུ་གྱུར་ནས༔ བླ་མའི་ཐུགས་ཡེ་གདོད་མ་ནས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་ཆེན་པོ་དང་༔ རང་གི་སེམས་གཉིས་འཛིན་གྱི་བག་ཆགས་ལ་ཞེན་པའི་ཨ་འཐས་ཅན་གཉིས༔ འོད་གསལ་ཉམས་སྣང་གི་མ་བུ་དབྱིངས་སུ་འདྲེས་པས༔ རང་རིག་པའི་ངོ་བོ་བླ་མ་ཀུན་ཏུ་བཟང་པོ་ལྟར་སངས་རྒྱས་པར་བསམས་ཞིང་༔ མ་ཡེངས་པའི་ངང་ནས་ལྷོད་དེ༔ མ་བཅོས་པའི་ངང་དུ་ཆམ་མེ༔ བློ་འདས་ཀྱི་ངང་དུ་འཁྱིལ་ལེར་བཞག་ཅིང་༔ མཐར་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བྱུང་རྣལ་མ་ཡེ་གྲོལ་རྫོགས་པ་ཆེན་པོའི་དགོངས་པ་འདི་རང་ལ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་ཀྱང་༔ གཉིས་འཛིན་བག་ཆགས་ཀྱིས་ཁ་འཁོར་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྡུག་བསྔལ་བདེ་བ་ཆེན་པོར་རང་ཤར་རང་གྲོལ་ནས༔ སྐུ་གསུམ་བླ་ན་མེད་པ་ཀུན་བཟང་གདོད་མའི་ས་ཐོབ་པར་གྱུར་ཅིག་སྙམ་པའི་བསྔོ་སྨོན་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔