Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
ཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ།next

ཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ བྷུདྡྷ་ཡ་ན་ཏྲི་ན་མ༔ བོད་སྐད་དུ༔ ཐུགས་ཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཐུགས་ཁྲིད་ཡིད་བཞིན་ནོར་བུ་འདི༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་མ༔ མ་འོངས་དོན་དུ་ཡི་གེར་ཐོབ༔ རིན་ཆེན་ས་ལ་གཏེར་དུ་སྦོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དེ་ཡང་ལས་ལྡན་སྐྱེས་བུ་རབ་ཚེ་འདིར་འཚང་རྒྱ་བ༔ འབྲིང་བར་དོ་ཐ་མའང་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བར་བྱེད་པའི་གདམས་པ་འདི་དོན་གསུམ་སྟེ༔ སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་ནས་རྣལ་དུ་དབབ་པ༔ དངོས་གཞི་ངོ་སྤྲོད་ཀྱིས་རང་རིག་ཆོས་སྐུ་གཅེར་མཐོང་དུ་བསྟན་པ༔ རྗེས་སྣང་གི་འཆར་ཚུལ་ཉམས་སུ་ལེན་ཐབས་བསྟན་པ་དང་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་འཁོར་བ་ལ་བློ་ལོག་ཅིང་ངེས་པར་འབྱུང་བའི་ཐབས་བསྟན་པ་གཞན་ལྟར་ལ༔ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སེམས་ཉིད་ཀྱི་གནས་ལུགས་གཏན་ལ་དབབ་པ་ལ་བཞི་སྟེ༔ རུ་ཤན་དབྱེ་བ༔ སྒྲིབ་པ་སྦྱང་བ༔ སྔོན་དུ་འགྲོ་བ༔ རྣལ་དུ་དབབ་པའོ༔ དང་པོ་རུ་ཤན་དབྱེ་བ་ནི༔ མི་མེད་ཀྱི་ལུང་སྟོང་དབེན་ཞིང་དངས་ལ་ཉམས་དགའ་བའི་གནས་སུ་སོང་སྟེ༔ གཞི་བདག་ལ་གཏོར་མ་བྱིན་ནས༔ བདེན་པའི་བཀའ་བསྒོ༔ ད་ནི་འཁོར་འདས་རུ་ཤན་དབྱེ་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད༔ རང་གི་ལུས་འདི་སྐད་ཅིག་གིས་རྡོ་རྗེ་རྩེ་ལྔ་བ་མེ་དཔུང་འུ་རུ་རུ་འབར་བ༔ ཚྭ་ཚྭ་ཐོར་རོ་རོ་འཐོར་བ་གཅིག་ཏུ་གསལ་བའི་སྤྱི་བོར་བླ་མ་བསྒོམ་ཞིང་༔ བློ་ཁྱེད་ཤེས་ཀྱི་གསོལ་བ་གདབ༔ བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ལ༔ མ་བཅོས་བར་དར་ཅིག་བཞག་པའི་ངང་ནས༔ འགྲོ་བ་རིགས་དྲུག་གི་སྤྱོད་པ་རིམ་བཞིན་ཡིད་ལ་དྲན་ཚད་དུ་བྱ་བ་སྟེ༔ ལྷ་འཆི་འཕོ་ལྟུང་བའི་གདུང་བ་གླུ་གར་ལ་སོགས༔ མི་སྐྱེ་རྒ་ན་འཆི་དགྲ་འདུལ་གཉེན་སྐྱོང་བ༔ ལྷ་མ་ཡིན་འཐབ་རྩོད་དང་གསོད་གཅོད་དམག་འགྱེད་པ་གཡུལ་འཁྲུག་པ༔ དུད་འགྲོ་གླེན་ལྐུག་བཀོལ་སྤྱོད༔ ཡི་དྭགས་བཀྲེས་སྐོམ་གྱིས་གདུང་བ༔ དམྱལ་བ་ཚ་གྲང་གི་ལས་རྣམས་ཏེ་མདོར་ན་དེ་རྣམས་ཀྱི་སྤྱོད་པ་སྣ་ཚོགས་པར་སྤྱོད་ཅིང་༔ རིགས་དྲུག་སྡུག་བསྔལ་དེ་དག་རྣམས་ཀྱིས་རང་རྒྱུད་ཡོངས་སུ་མནར་བར་བསམ་ཤིང་༔ དེ་ཐམས་ཅད་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟར་མ་འབྱོངས་བར་དུ་སྦྱང་བར་བྱའོ༔ དེ་དག་གི་མཐར་ཞི་ཁྲོ་དམ་པ་རིགས་བརྒྱའི་བཞུགས་སྟངས་བྱའོ༔ ངག་འཁོར་འདས་རུ་ཤན་དབྱེ་བ་ནི༔ འགྲོ་བ་དྲུག་པོ་ཐམས་ཅད་ཀྱི་སྒྲ་སྐད་སྣ་ཚོགས་པ་དང་༔ འབྱུང་བ་བཞིའི་སྒྲ་དང་༔ ཧཱུྃ་ཕཊ་ལ་སོགས་ཅི་མང་བརྗོད་པའི་མཐར༔ འགྲོ་བ་དྲུག་གི་ཁམས་ཐམས་ཅད་ཀྱིས་ཐོས་པར་བསམས་ཤིང་ཆོས་བཤད་ཅི་མང་བྱའོ༔ སེམས་འཁོར་འདས་རུ་ཤན་དབྱེ་བ་ནི༔ འགྲོ་བ་དྲུག་གི་བདེ་སྡུག་དང་༔ ཚོང་དང་ཁེ་སྤོགས་འཁྲུག་པ་འཐབ་འཛིང་༔ ཉོན་མོངས་པ་ཆོས་དང་ཆོས་མིན་གྱི་དྲན་བསམ་སྣ་ཚོགས་ཡིན་ཡིན་ལྟར་ལྟར་བརྟན་བརྟན་དུ་སྤྲོས་པའི་མཐར༔ རང་གི་ཡི་དམ་གང་ཡིན་པའི་བསྐྱེད་རིམ་མམ་དམ་པ་རིགས་བརྒྱ་རེ་རེ་བཞིན་དུ་རང་བསྒོམ་ཞིང་༔ རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་རེ་དང་༔ ཡིད་ཀྱིས་བསྟོད་པ་རེ་བྱས་པའི་མཇུག་ཏུ་བསྐྱེད་རིམ་བསྡུ་ཞིང་རིམ་བཞིན་བསྒོམ་པར་བྱའོ༔ དེ་ནས་སྤྱོད་པ་གསུམ་པོ་དེ་ཆུན་གཅིག་ཏུ་སེམས་ལ་བསམས་ཤིང་ངག་ནས་བརྗོད་དེ༔ ལུས་ཀྱི་སྤྱོད་ཚུལ་དེ་དང་འདྲ་བར་བྱ་ཞིང་༔ མཚན་མོ་ལུས་མི་གཡོ༔ ངག་མི་བརྗོད་སེམས་མི་རྟོག་པའི་ངང་ལ་རྣལ་དུ་དབབ་པར་བྱའོ༔ དགོས་པ་ནི་ལུས་ངག་ཡིད་གསུམ་གྱི་མངོན་ཞེན་གྱི་རྟོག་པ་ཐམས་ཅད་ལྡོག་པ་དང་༔ འགྲོ་བ་དྲུག་གི་འཇིག་རྟེན་ཐམས་ཅད་འཁྲུལ་བའི་བློས་བཟུང་དུ་གོ་སྟེ་སྡིག་སྒྲིབ་རྣམས་སྲབ༔ མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་འཚང་རྒྱ་བའི་དགོས་པ་ཡོད་དོ༔ གཉིས་པ་སྡིག་སྒྲིབ་སྦྱང་བ་ནི༔ རང་གི་སྤྱི་བོར་ཨ་དཀར་ནག་ལ་ལྷའི་བག་ཆགས་དང་ང་རྒྱལ༔ མགྲིན་པར་སུ་སེར་ནག་ལ་ལྷ་མ་ཡིན་གྱི་ཕྲག་དོག༔ སྙིང་གར་ནྲི་སྔོ་ནག་ལ་མིའི་འདོད་ཆགས༔ ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་གཏི་མུག༔ གསང་བར་པྲེ་ལྗང་ནག་ལ་ཡི་དྭགས་ཀྱི་སེར་སྣ༔ རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་ཞེ་སྡང་སྟེ༔ མདོར་ན་མིའི་ལུས་འདི་རིགས་དྲུག་གི་ས་བོན་ཐམས་ཅད་ཀྱི་རྩ་བ་ཡིན་པ་བཞིན༔ ཡིག་འབྲུ་དེ་དག་རྣམས་ཀྱང་རྩ་འཁོར་དུ་གནས་དེ་རྣམས་སུ་ཡོད་པར་གསལ་གདབ་ཅིང་༔ སླར་སྤྱི་བོར་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འདུས་པའི་ཡི་གེ་ཨཱོཾ་དཀར་པོ༔ མགྲིན་པར་གསུང་གི་བྱིན་རླབས་འདུས་པའི་ཡི་གེ་ཨཱཿདམར་པོ༔ སྙིང་གར་ཐུགས་ཀྱི་བྱིན་རླབས་འདུས་པའི་ཧཱུྃ་མཐིང་ག་གསུམ་གསལ་ཞིང་༔ རང་གི་ངག་ནས་ཨཱོཾ་ཨཱཿཧཱུྃ་ཞེས་བཟླས་པའི་དུས་སུ༔ ཡེ་ཤེས་ཀྱི་མེ་ཁ་དོག་གསུམ་ལྡན་དུ་འབར་བས༔ ཡི་གེ་དྲུག་བག་ཆགས་དང་བཅས་པ་བསྲེགས་ནས༔ ལས་དང་ཉོན་མོངས་པ་འཁོར་བའི་དུཿཁ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་བསྲེགས་ཏེ༔ ལུས་ཤེལ་གོང་ལྟར་བསམ་ཞིང་འབྲུ་གསུམ་རྒྱལ་བའི་ཡང་སྙིང་བཟླ་པར་བྱའོ༔ དགོས་པ་ནི་ཐུན་མོང་དུ་སྒོ་གསུམ་གྱི་སྡིག་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་འདག་པ་དང་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ༔ ཁྱད་པར་དུ་ཞེན་པ་ལྡོག་པས་ཕྱིས་འཁོར་བར་མི་འཇུག་ཅིང་མཐར་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་འཐོབ་པར་འགྱུར་རོ༔ གསུམ་པ་སྔོན་དུ་འགྲོ་བ་ལ༔ དང་པོ་ལུས་ཀྱི་སྔོན་དུ་འགྲོ་བ་ནི༔ རྐང་པའི་མཐིལ་གཉིས་སྤྲད༔ ལག་པ་སྤྱི་བོར་ཐལ་མོ་སྦྱར་ནས་རྡོ་རྗེ་རྩེ་ལྔ་བ་མེ་ཆེན་པོ་འུ་རུ་རུ་འབར་བ་གཅིག་ཏུ་བསམས་ཤིང་བསྒོམས་པས༔ ལུས་ཁང་ཧྲུལ་ཞིག་བའི་རྣམ་པ་ལྟ་བུ་དང་༔ ཁོལ་བུར་ན་བ་དང་༔ དྲོད་སྐྱེ་བ་དང་༔ སེམས་མི་རྟོག་པར་གནས་པ་རྣམས་ནི་ཚད་དོ༔ དགོས་པ་ནི༔ ཐུན་མོང་དུ་སྡིག་སྒྲིབ་ཐམས་ཅད་འདག༔ བར་ཆད་ཞི༔ ལུས་ཀྱི་མངོན་ཞེན་ཟློག༔ ཁྱད་པར་དུ་ལུས་འཁོར་བར་མི་ལྡོག་ཅིང་སྤྲུལ་སྐུར་གྲོལ་ཏེ་སྐུ་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ༔ གཉིས་པ་ངག་གི་སྔོན་དུ་འགྲོ་བ་ཡང་རྒྱས་གདབ་པ༔ རྩལ་སྦྱང་བ༔ གཉེན་བཙལ་བ༔ ལམ་དུ་ཞུགས་པ་བཞི་ལས༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ལ༔ ཧཱུྃ་སྒྲ་སྙན་ལ་རིང་བར་བླངས་པས༔ སྣང་བའི་ཁམས་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་མེ་རེ་རེ་བསམ་མོ༔ ཕྱིའི་སྣང་བ་སྣ་ཚོགས་ཧཱུྃ་དུ་རོང་རོང་དུ་བྱུང་བ་ནི་ཚད་དོ༔ ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ ཧཱུྃ་དབྱངས་སུ་ཕྱིའི་ཧཱུྃ་དེ་དག་ཁ་སྣའི་སྒོ་ལ་ཞུགས་ཏེ༔ རང་གི་ལུས་ནང་དུ་སིབ་སིབ་ཐིམ་པར་བསྒོམ་ཞིང་༔ ལུས་མི་བདེ་བ་སྙམ་པ་དང་༔ ཧཱུྃ་གིས་ཁོག་པ་གང་སྙམ་པ་ནི་ཚད་དོ༔ དགོས་པ་ནི་ཕྱི་ནང་གི་སྣང་བ་ཐམས་ཅད་རང་བཞིན་མེད་པར་འགྱུར་བའོ༔ རྩལ་སྦྱང་བ་ནི༔ ཕྱི་སྣང་བ་ལ་རྩལ་སྦྱང་བ་ཞེས་བྱ་བ༔ ཧཱུྃ་མཐིང་ནག་མེ་འབར་ཚྭ་ཚྭ་ཁོལ་བ་གཅིག་གི་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ཐམས་ཅད་ཕར་ཐལ་ཚུར་ཐལ་ཡར་ཐལ་མར་ཐལ་དུ་ཕུག་བར་བསམས་ཤིང་༔ ཧཱུྃ་དབྱངས་དྲག་ལ་ངར་གྱིས་བཟླའོ༔ གཟུགས་སྣང་གི་དངོས་པོ་ཐམས་ཅད་སང་སེང་ཁྲལ་ཁྲོལ་དུ་སོང་བ་སྙམ་པ་ནི་ཚད་དོ༔ ནང་ཕུང་པོ་ལ་རྩལ་སྦྱང་བ་ནི༔ དམིགས་པ་སྔ་མའི་ངང་ལས་རང་གི་ལུས་ཐམས་ཅད་རྟ་རྔའི་ཉ་ཚགས་ལྟ་བུར་བར་མཚམས་མེད་པར་ཕུག་པར་བསམ་མོ༔ རང་གི་ལུས་མེད་པ་སྙམ་བྱེད་པའམ༔ སྣང་བརྙན་ཆུ་ཟླ་ལྟ་བུའི་ཉམས་སྐྱེ་བ་ནི་འབྱོངས་པའི་ཚད་དོ༔ དགོས་པ་ནི་ཕྱི་ནང་གི་གདོས་བཅས་ཀྱི་ཚོགས་ཐམས་ཅད་འོད་ལུས་སུ་གྲོལ་བའི་དགོས་པ་ཡོད་དོ༔ མཉེན་བཙལ་བ་ནི༔ རང་གི་མདུན་དུ་ཤིང་རིང་བཙུགས་པ འམ༔ ཤིང་རིང་སྐྱེས་པའི་དྲུང་དུ་ཕྱིན་ཏེ༔ རང་གི་ཞལ་ནས་ཧཱུྃ་བཟླས་པ་ལྟར་རང་སྒྲ་དི་རི་རི་བར་དག་མ་ཆད་པར༔ ཤིང་གི་རྩེར་ཐོན་པར་འཁྲིས་ཤིང་སོང་ནས༔ རྩེ་མོར་སླེབ་དུས་ཕྱིར་གྲོལ་བ་ལ་ཤེས་པ་གཏད་ནས་ཧཱུྃ་རིང་བརྗོད་པས༔ ཤེས་པ་གར་གཏད་གྱི་སར་ལྷན་ནེར་སྡོད་པ་ནི་ཚད་དོ༔ དགོས་པ་ནི་དམིགས་པ་གར་གཏད་དུ་བསྒྱུར་ཐུབ་པའི་དགོས་པ་ཡོད་དོ༔ ལམ་དུ་ཞུགས་པ་ནི༔ རང་གིས་ཧཱུྃ་བཟླས་པ་བཞིན་དུ་བར་དག་མ་ཆད་པར༔ འཁྱོག་པོ་དང་དྲང་མོ་དང་སྒོར་མོ་དང་ཟུར་གསུམ་པ་དང་གྲུ་བཞི་ཟླ་གམ་ལ་སོགས་ཀྱི་རྣམ་པར་རྒྱ་མཚོའི་བར་རམ་རི་བོའི་རྩེ་ལ་སོགས་ལ་མ་ཐུག་བར་སོང་བར་བསྒོམ་ཞིང་༔ ཧཱུྃ་དབྱངས་ཏེ་མཐར་མེད་པའི་བར་དུ་ལ་བཟླ་ཞིང་སེམས་གཏད་པས་དགའ་བ་དང་༔ སྐྱོ་བ་ལ་སོགས་སྐྱེས་པ་ནི་འབྱོང་བའི་ཚད་དོ༔ དེས་ནི་ལུས་ངག་ཡིད་གསུམ་ཡང་དག་པའི་ལམ་ལ་ཚུད་པའི་དགོས་པ་ཡོད་དོ༔ ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་ཡོན་ཏན་འཐོབ༔ ངག་གི་མངོན་ཞེན་བཟློག༔ ཕྱིས་ངག་འཁོར་བ་ལ་མི་འཇུག་ཅིང་ལོངས་སྐུར་གྲོལ་ཏེ༔ གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ༔ གསུམ་པ་སེམས་ཀྱི་སྔོན་འགྲོ་ལ༔ དང་པོ་རྩད་བཅད་པ༔ བར་དུ་མཚིང་བཙལ་བ༔ ཐ་མར་གནས་ལུགས་ལ་བརྟག་པ་གསུམ་ལས༔ དང་པོ་རྩད་བཅད་པ་ནི༔ རང་གི་ལུས་ངག་ཡིད་གསུམ་པོ་འདི་བདེ་སྡུག་གི་ཚོར་བ༔ བཟང་ངན་གྱི་སྤང་བླང་ཐམས་ཅད་ཀྱི་བྱེད་པ་པོ་གང་གཙོ་བོར་འདུག་བརྟགས་པས༔ སེམས་གཙོ་བོར་ངོས་ཟིན་པ་ནི་རྐུན་མ་ངོས་ཟིན་པ་ལྟ་བུའོ༔ འཚང་བཙལ་བ་ནི༔ རང་གི་སེམས་དང་དེའི་ཡུལ་སྣང་གཉིས་གཅིག་གམ་ཐ་དད་ལ་བརྟགས་པ་སྟེ༔ དེ་ལ་ལུས་ངག་ཡིད་གསུམ་པོ་གཅིག་གམ་ཐ་དད༔ གཅིག་ན་ལུས་ངག་ལྟར་སེམས་ཀྱང་མཐོང་ཐོས་སུ་འགྱུར་ལ༔ སེམས་ལྟར་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་ངོ་༔ ཐ་དད་ན་ལུས་རྡུལ་ཕྲན་ཆ་མེད༔ ངག་རྗེས་མེད་གཏད་ཡལ༔ སེམས་བྱ་ལམ་རྗེས་མེད་དུ་སོང་ཚེ་གཅིག་གམ་ཐ་དད་དུ་འདུག་གམ༔ དཔྱད་ན་འབྲེལ་བ་མ་གྲུབ་པའི་ཕྱིར༔ གཅིག་དང་ཐ་དད་མ་ཡིན་ནོ༔ དེ་ལྟར་ན་གཉིས་ཡིན་དང་གཉིས་མ་ཡིན་གྱི་ཕུང་པོ་གསུམ་ཀྱང་ཞར་ལ་ཁེགས་པས༔ གཅིག་དང་ཐ་དད་དུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ༔ དེ་བཞིན་དུ་ཕྱི་གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ ནང་སེམས་ལ་སེམས་ཀྱིས་འཛིན་དུས་ན༔ གཟུང་ཡུལ་སྣང་བ་དང་༔ འཛིན་བྱེད་ཤེས་པ་གཉིས་གཅིག་དང་ཐ་དད་ལ་བརྟགས་པས༔ ཡུལ་མེད་རྟེན་འབྲེལ་གཅིག་ཏུ་རྟོགས་ཏེ༔ གཟུང་འཛིན་གྱི་རྩ་བ་ཆད༔ གཉིས་འཛིན་གྱི་མཁར་འགྱེལ༔ བདག་གཞན་གྱི་སྣང་བ་ནུབ༔ དགྲ་གཉེན་གྱི་འཁྲུལ་འཛིན་ཞིག༔ དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས༔ ཆོས་ཉིད་ནམ་མཁའ་ལྟ་བུའི་དགོངས་པ་ལ་ཕྱིན་པའོ༔ གནས་ལུགས་ལ་བརྟགས་པ་ནི་གསུམ་ལས༔ དང་པོ་འ བྱུང་ཁུངས་བརྟགས་པ་ནི༔ རང་གི་སེམས་འདི་ཡུལ་ལས་ཤར་དུས་ན༔ ཡུལ་ལས་སེམས་བྱུང་ངམ་སེམས་ལས་ཡུལ་བྱུང་༔ ཡུལ་ལས་སེམས་བྱུང་ན་ཡུལ་དེ་རྡུལ་ཕྲན་ཆ་མེད་དུ་གསིལ་བས་མ་གྲུབ་པ་དེའི་ཚེ༔ འབྱུང་པའི་ཡུལ་མེད་པས་དེ་ལས་བྱུང་བའི་སེམས་གྲུབ་པ་མེད་དོ༔ ཡུལ་རགས་པ་རྣམས་མ་ཡིན་པའི་ཆ་ཕྲ་བ་ལས་བྱུང་ཞེ་ན༔ ཁ་དོག་དབྱིབས་དང་ཆ་ཤས་ལ་བརྟགས་པས་མི་རྙེད་དོ༔ སེམས་རང་ལས་སེམས་བྱུང་ན་སྐད་ཅིག་མའི་དུས་ན་སེམས་ཆ་གཉིས་སུ་འགྱུར་དགོས་ཏེ༔ བྱུང་ས་དང་བྱུང་མཁན་གཉིས་སུ་མེད་པའི་ཕྱིར་རོ༔ དེ་ལྟར་ན་སེམས་སྐད་ཅིག་མ་ལ་གཉིས་སུ་མེད་པས་སེམས་ལས་སེམས་བྱུང་བ་ནི་མ་གྲུབ་བོ༔ ཅི་ཡང་མི་འདུག་པས་སེམས་ལས་སེམས་བྱུང་ངོ་སྙམ་ན༔ ད་ལྟར་གྱི་སྣང་བ་འདི་མུན་པའོ་སྨྲ་དུས་མུན་པར་འགྲོ་འམ༔ དེས་ན་བློས་བཀོད་པ་འདི་སྒྲོ་བཏགས་ཡིན་པས་རང་བཞིན་མ་གྲུབ་པ་སྟེ༔ དེ་ལྟར་མ་ཡིན་པའི་སྐྱེ་བ་དང་སྐྱེ་མཁན་གཞན་དུ་མེད་པས༔ རང་སེམས་འདི་དང་པོར་སྐྱེ་བ་མེད་པར་གཏན་ལ་ཕེབས་ནས༔ ཆོས་སྐུ་བློ་བྲལ་ཆེན་པོར་ཐག་གཅོད་པའོ༔ བར་དུ་གནས་ས་གནས་མཁན་ལ་བརྟགས་པའང་དེ་དང་འདྲ་སྟེ༔ ཡུལ་དྲུག་གི་རང་བཞིན་ལ་བརྟགས་པས་གཞི་མེད་ནམ་མཁའ་ལྟར་ཏེ༔ གནས་སའི་ཡུལ་མེད༔ གནས་མཁན་རང་གི་སེམས་ལ་བརྟགས་པས༔ ཁ་དོག་དང་དབྱིབས་དང་ངོ་བོ་ངོས་བཟུང་མ་རྙེད་པས༔ འཛིན་བྱེད་ཀྱི་ཤེས་པ་རང་བཞིན་མ་རྙེད་དེ༔ གཟུང་འཛིན་སེམས་ཀྱི་འཁྲུལ་པ་སྟོངས་ནས༔ གནས་དང་མི་གནས་ཀྱི་མཐའ་ལས་འདས་པ༔ ལོངས་སྐུ་གཞི་བྲལ་གསལ་དག་ཆེན་པོ་ཆོས་ཉིད་རང་བབས་ཀྱི་ཁོར་ཡུག་ཏུ་རྣལ་མར་ཐག་བཅད་དོ༔ ཐ་མ་འཕྲོ་མཁན་ལ་བརྟགས་པ་ནི༔ ཡུལ་ཐོག་ཏུ་ཤར་བའི་སེམས་ཞེས་མ་གྲུབ་པས༔ དང་པོ་མ་སྐྱེས་བར་དུ་མི་གནས་པས་ཐ་མ་འགག་པ་མེད་དེ༔ སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཉིད༔ ཤར་གནས་རིས་མེད་མཉམ་པ་ཆེན་པོར་ལ་བཟླས་ཏེ༔ རིག་སྟོང་འདི་རང་གྲོལ་གྱི་སྤྲུལ་སྐུར་ཐག་བཅད་པའོ༔ དེ་ལྟར་སེམས་ཀྱི་སྔོན་འགྲོ་བྱས་པའི་དགོས་པ་ནི༔ ཐུན་མོང་དུ་སེམས་ཀྱི་སྡིག་སྒྲིབ་འདག༔ སེམས་ཀྱི་མངོན་ཞེན་ལྡོག་ཡོན་ཏན་དུ་མ་སྐྱེ༔ ཁྱད་པར་དུ་ཕྱིས་འཁོར་བ་ལ་མི་འཇུག་ཅིང་ཆོས་ཀྱི་སྐུར་གྲོལ་ཏེ༔ མཐར་ཐུག་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བའོ༔ བཞི་པ་རྣལ་དུ་དབབ་པ་ནི༔ བདེ་བའི་མལ་དུ་ལུས་པོ་འགུལ་སྐྱོད་དང་བྲལ་བ༔ ངག་སོ་མ་སྨྲ་བརྗོད་དང་བྲལ་བ༔ ཡིད་སོ་མ་དྲན་རྟོག་དང་བྲལ་བར་ལྷོད་ཀྱིས་གློད་ལ་རང་བབས་སུ་ཉལ་ལོ༔ དགོས་པ་ནི༔ ཐུན་མོང་དུ་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུག་ཅིང་༔ ནད་མེད་པ་དང་ལུས་ངག་ཡིད་གསུམ་ལ་བདེ་བའི་ཉམས་མང་པོ་སྐྱེ་ཞིང་༔ ཏིང་འཛིན་རང་བབས་སུ་འཆར༔ མཐར་སྒོ་གསུམ་གྱི་འཛིན་པ་རང་གྲོལ་དུ་འགྲོའོ༔ ཐུན་མོང་མ་ཡིན་པ་ཁྱད་པར་ཅན་གྱི་སྔོན་འགྲོ་རྣམས་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིག་པ་རང་ངོ་སྤྲད་པ༔ འོད་གསལ་ཆོས་སྐུ་གཅེར་མཐོང་དུ་བསྟན་པ་ལ༔ ངོ་སྤྲད་པ༔ རྩལ་སྦྱོང་བ༔ བོགས་དབྱུང་པ་གསུམ་ལས༔ དང་པོ་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་སོགས་རྒྱས་པར་བཤམས༔ བཀའ་སྲུང་ལ་གཏོར་མ་འབུལ༔ བརྒྱུད་པའི་བླ་མ་དང་ཁྱད་པར་རང་གི་བླ་མ་ཆོས་ཀྱི་སྐུ་མངོན་སུམ་དུ་བསྒོམ་ལ༔ མོས་གུས་ཀྱི་གདུང་བ་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ༔ དཔོན་སློབ་ཐམས་ཅད་ལུས་གནད་དྲང་ཐ་ལེར་སྲང་༔ དར་ཅིག་བརྗོད་མེད་དུ་ཆམ་མེར་བཞག་ཅིང་༔ བླ་མས་སློབ་བུ་རྣམས་ལ་སྟོང་ཉིད་ཀྱིས་རྒྱས་འདེབས་ཤིང་༔ སློབ་བུ་རྣམས་ཀྱིས་བླ་མ་དང་ཐུགས་ཡིད་བསྲེ༔ དབང་བཞི་ལེན༔ དེ་ནས་བླ་མས་འདི་སྐད་དོ༔ ཀྱེ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ད་ལྟའི་རིག་པ་རང་གསལ་རྗེན་ནེ་བ་འདི་ལ་ལྟོས་དང་༔ རྟོག་པ་མ་སྤྲོོ༔ རྩེ་གཅིག་ཏུ་མ་བཟུང་༔ སྤང་བླང་དང་རེ་དོགས་ཀྱིས་མ་བསླད༔ གསལ་ལ་འཛིན་པ་མེད་པ༔ དངས་ལ་ཕྱི་ནང་མེད་པ༔ ཡངས་པ་ལ་ཕྱལ་བར་མ་སོང་བ༔ ངང་དྭངས་ལ་ངོས་བཟུང་མེད་པ༔ ཟང་ཐལ་ལ་ཆམ་བརྡལ་བ༔ རང་བབས་རྗེན་པ་འདི་ཉིད་རང་གི་སེམས་ཉིད་རང་བཞིན་གྱི་འོད་གསལ་བ༔ ཆོས་སྐུ་འགྱུར་བ་མེད་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ལ༔ རང་མདང་འཛིན་མེད་ཆེན་པོར་སྐྱོངས་ཤིག༔ དྲི་མེད་དག་པའི་སངས་རྒྱས་རང་རིག་ཆོས་སྐུ་འགྱུར་བ་མེད་པ༔ ས་ལེ་སིང་ངེ་ཝ་ལེ་རྗེན་ནེ་བ་འདི་ཡིན་པས༔ གང་ལྟར་གནས་ཀྱང་རིག་པའི་ངང་ལ་ཞོག་ཅིག༔ གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་པས་མ་བཅོས་པར་ཞོག་ཅིག༔ འཕྲོ་ན་རང་རིག་དྭངས་སངས་ཕྱེད་པར་ཞོག་ཅིག༔ ཇི་ལྟར་བྱ་རྣམས་གང་དུ་འཕུར་ཡང་ནམ་མཁའི་དབྱིངས་ལས་མ་འདས་པ་ལྟར༔ རྩལ་ཇི་ལྟར་ཤར་ཡང་སེམས་ཉིད་སྟོང་པ་ལས་མ་འདས་པས༔ ཆོས་རྣམས་ཐམས་ཅད་རང་གསལ་གཡོ་བ་མེད་པར་ཞོག་ཅིག༔ ཅེས་ནན་ཏན་དུ་ངོ་སྤྲད་དོ༔ གཉིས་པ་རྩལ་སྦྱང་བ་ནི༔ རང་བཞིན་བསམ་གཏན་ལ་རྩལ་སྦྱང་བ་དང་༔ རང་མདངས་ཡེ་ཤེས་ཀྱི་རོལ་བར་རྩལ་སྦྱང་བའོ༔ དང་པོ་རང་གནས་ཀྱི་བསམ་གཏན་ངོས་བཟུང་པ་དང་༔ མཉམ་རྗེས་བསྲེ་བའི་ཐབས་བསྟན་པ་གཉིས་ལས༔ དང་པོ་ནི་སྐྱིལ་ཀྲུང་བཅས་ལ༔ མིག་མི་འགུལ་བར་ཅུང་ཟད་ཐུར་དུ་བལྟས་ནས༔ སེམས་དངས་ལ་མི་རྟོག་པའི་ངང་དེ་ཉིད་ཀྱི་དུས་ན༔ མིག་ཐད་དྲང་དུ་ཧ་རེ་གཏད་པས༔ སྔར་གྱི་མི་རྟོག་པ་དངས་པ་དེ་ཞིག་ཀྱང་༔ བྱུང་ཚོར་ཀྱི་རྟོག་པ་དང་༔ དྲན་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་ལ༔ གཞི་ཕྱལ་པ་ཞིག་འཆར་ཏེ༔ དེ་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་དུ་ཤེས་པ་བྱའོ༔ དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་གནས་སམ༔ འཕྲོའམ་དགག་སྒྲུབ་དང་ཉོན་མོངས་པ་དང་༔ མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་སོགས་པ་གང་གི་དུས་སུའང་༔ རང་རིག་རང་གསལ་ལ་གཅེར་གྱིས་བལྟས་པས༔ འཛིན་མེད་རང་གནས་ཀྱི་བསམ་གཏན་དེ་རྗེན་སངས་ཀྱིས་འཆར་ཏེ༔ དེ་ཁོ་ན་ཉིད་མ་བྱས་ལྷུན་གྲུབ་གྱི་སྒོམ་ཆུ་བོ་ལྟ་བུ་ཡིན་ནོ༔ དེ་ངོ་མ་འཕྲོད་ན་རྐྱེན་རེ་འགའ་བའི་སྒོམ་པས་རྐྱེན་བཟང་ངན་གང་ཡང་མི་ཐུབ་ཅིང་༔ བར་དོའི་བསམ་གཏན་སོགས་ངོས་མི་ཟིན་ནོ༔ གནད་དམ་པ་འདི་ནི་ཆོས་འདི་པའི་ཡང་དག་པའི་མན་ངག་སྟེ༔ རང་བྱུང་ངོ་སྤྲོད་ཀྱི་བྱིན་རླབས་ལས་རང་བབ་པས་ཤེས་པ་ཡིན་ནོ༔ མཉམ་རྗེས་བསྲེ་བའི་ཐབས་ནི༔ དེའི་ངང་ལས་ཅུང་ཟད་བརྟན་པ་ཐོབ་ནས༔ ཁྲོ་བོའི་འགྱིང་བག་གྱད་ཀྱི་འདོར་སྟབས༔ སེང་གེའི་འཆོང་སྟབས་གསུམ་ལ་བསླབ་པ་སྟེ༔ དང་པོ་ཁྲོ་བོའིའགྱིང་བག་ནི༔ བསམ་གཏན་གྱི་ངང་ནས་ལངས་ཏེ༔ གཡས་གཡོན་བརྐྱང་སྐུམ་དུ་བྱེད་ཅིང་༔ ལག་པ་ཡང་བརྐྱང་ཞིང་ཁ་གདང་ལྕེ་འདྲིལ་མིག་བསྒྲིལ་ཞིང་བསམ་གཏན་དང་བསྲེའོ༔ དེ་ལ་བརྟན་པ་ཐོབ་པ་དང་བསམ་གཏན་གྱི་ངང་མ་ཤོར་བར་ལངས་ཏེ༔ གྱད་ཀྱི་དོར་སྟབས་ཞེས་གོམ་པ་དལ་བུས་གྱ་ཚོམ་དུ་འདོར་ཞིང་བསམ་གཏན་དང་བསྲེའོ༔ དེ་ནས་སེང་གེའི་འཆོང་སྟབས་ནི༔ བསམ་གཏན་གྱི་ངང་མ་ཤོར་བར་དྲག་དུ་འགྲོ་ཞིང་རྒྱང་དུ་འཆོང་བ་དང་༔ དལ་བུས་འགྲོ་ཞིང་ས་ལ་སྡོད་པ་དང་༔ ཡང་ལངས་ཡང་འདུག་ཅ་ཅོར་སྒྲོགས་པ་དྲན་བསམ་སྣ་ཚོགས་སུ་སྤྲོ་ཞིང་རྟོག་མེད་དུ་འཇོག་པ་སོགས་ལ་བསླབ་པས༔ སྤྱོད་ལམ་ཐམས་ཅད་རང་བཞིན་གྱི་བསམ་གཏན་དང་འདྲེས་ནས༔ བྱ་བྱེད་སྨྲ་བརྗོད་དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་ཏེ་མཉམ་བཞག་དང་རྗེས་ཐོབ་ཀྱི་རིས་མེད༔ ཉིན་མཚན་གྱི་བར་མེད༔ བླང་དོར་གྱི་ཆོས་མེད༔ བསྒོམ་བྱའི་བློ་མེད༔ ཡིན་མིན་གྱི་རྩིས་མེད་པར་རིག་པའི་ངང་དང་རོལ་པ་གཅིག་ཏུ་འདྲེས་ཏེ༔ རྒྱ་ཡན་ནམ་མཁའ་ལྟ་བུར་སོང་ཡང་ཕྱལ་བར་མ་ཤོར་བ༔ ཆེད་དུ་མ་སྒོམས་ཀྱང་ཏིང་ངེ་འཛིན་དང་མི་འབྲལ་བར་དུས་གསུམ་དུས་མེད་དུ་སོང་བ་ནི༔ ཆོས་ཉིད་ཟད་པའི་དགོངས་པ༔ དགེ་སྡིག་བླང་དོར་ལས་འདས་པ་ལྟ་སྒོམ་སྤྱོད་འབྲས་ཀྱིས་ཕན་གནོད་མེད་པར་རྟོགས་པས༔ སྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་རང་བཞིན་གྱིས་གནས་པར་འགྱུར་རོ༔ གཉིས་པ་གནས་པ་སེམས་ཀྱི་རྒྱན་དུ་ཤར་བ༔ འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ༔ གཉིས་མེད་མཉམ་པའི་ངང་དུ་གནས་པ་གསུམ་ལས༔ དང་པོ་ནི་ལུས་ངག་ཡིད་གསུམ་ཁོང་གློད་ལ་སོས་དལ་ཏེ་བརྟན་པར་གནས་པའི་ཚེ༔ དགག་སྒྲུབ་ཀྱི་རྟོག་པ་སྣ་ཚོགས་སུ་འཕྲོར་བཅུག་ལ༔ ཆམ་གྱིས་བཞག་ལ་ཅེར་གྱིས་བལྟས་པའི་ཚེ༔ རྒྱ་མཚོའི་རླབས་ལྟར་འཕྲོ་མཁན་གྱི་ཤེས་པ་དང་༔ འཕྲོ་བྱའི་ཡུལ་གཉིས་སུ་མ་གྲུབ་པར་སེམས་གཞི་མེད་རྩ་བ་དང་བྲལ་བ༔ རང་བཞིན་གཞིའི་ངང་དུ་རང་བབས་སུ་གནས་པ་ནི༔ གདོད་མ་ཀ་དག་གི་གནས་ལུགས༔ ཆོས་སྐུ་འཕོ་འགྱུར་མེད་པའི་དགོངས་པ་ལ་ངོ་སྤྲོད་པའོ༔ གཉིས་པ་སེམས་ཉིད་ཀྱི་ངང་ལས་སྣ་ཚོགས་ཀྱི་རྟོག་པ་སྤྲོས་ལ༔ དགག་སྒྲུབ་དང་རེ་དོགས་མེད་པར་གང་ཤར་གྱི་རྟོག་པ་དེར་འཛིན་མེད་པར་ཡན་དུ་བཅུག་ལ༔ སྔ་ཕྱི་དྲན་བསམ་གྱི་འདུན་པ་བོར་ལ༔ ད་ལྟའི་རིག་པ་ཐོལ་སྐྱེས་ཐོལ་ནུབ་ཏུ་འགྲོ་བ་གཤིས་ཀྱི་གནས་ལུགས་ཇི་ལྟར་འཕྲོས་ཀྱང་༔ ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བ༔ རྒྱ་མཚོ་ཆེན་པོ་ལས་རྦ་རླབས་ཇི་ལྟར་ཤར་ཡང་༔ ཉིད་ལས་ཤར་ཞིང་རྒྱ་མཚོ་ཉིད་ཀྱི་ཀློང་དུ་གྲོལ་བ་ལྟར༔ རང་ཤར་རང་གྲོལ་གྱི་ངོ་བོ་ཐུགས་རྗེ་འགག་པ་མེད་པའི་དགོངས་པ་ལ་ངོ་སྤྲད་པའོ༔ གསུམ་པ་འཕྲོ་གནས་གཉིས་སུ་མེད་པ་སྟེ༔ གནས་བདོའི་དུས་ན་མིག་སྒྲིལ་བས་འཕྲོ༔ ཡང་རང་བབས་སུ་བཞག་པས་གནས་ལ༔ འཕྲོ་བདོའི་དུས་ན་མིག་མི་འགུལ་བར་ཆམ་གྱིས་བཞག་པས་གནས་ལ༔ འཕྲོ་བ་དང་གནས་པ་རྒྱ་མཚོའི་རླབས་ལྦུ་བར་ཤར་བ་ཉིད་རྒྱ་མཚོར་ཞི་བ་ལྟ་བུའི་ངང་ལ་བཞག་གོ༔ དེ་ཡང་གནས་པ་མི་སྲིང་༔ འཕྲོ་བ་མི་དགག༔ མཉམ་པ་ཉིད་ཀྱང་མི་སྒྲུབ༔ སེམས་ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པར༔ དགག་སྒྲུབ་བླང་དོར་རེ་དོགས་ལས་འདས་པའི་ཆོས་ཉིད་ཡེ་གྲོལ་རང་བཞིན་ལྷུན་གྲུབ་འོད་གསལ་གྱི་དགོངས་པ་ལ་ངོ་སྤྲད་དོ༔ དེ་ལྟར་ན་རང་ཤར་དུ་འདུག་པས་རང་སར་གྲོལ༔ ངེས་མེད་དུ་འདུག་པས་འཛིན་མེད་དུ་གྲོལ༔ ཡེ་གྲོལ་དུ་འདུག་པས་གཞི་བྲལ་དུ་གྲོལ༔ ཐོག་བབས་སུ་འདུག་པས་གཅེར་ཕོག་ཏུ་གྲོལ༔ ཤར་གྲོལ་དུ་འདུག་པས་སྣང་སྟོང་དུ་གྲོལ་བའོ༔ རྣམ་པར་རྟོག་པའི་ཚོགས་ཐམས་ཅད་མ་སྤངས་གཞི་ནས་གྲོལ་བས༔ སྐྱར་ནས་གྲོལ་བའི་འབད་རྩོལ་ཞིག་པའི་གདེང་ཆོས༔ གང་ཤར་གྱི་རྣམ་རྟོག་རང་སར་གྲོལ་བས༔ དྲན་འཛིན་གཉེན་པོ་ལ་མི་བལྟོས་པའི་གདེང་ཆོས༔ ཡུལ་དྲུག་གཅེར་མཐོང་དུ་གྲོལ་བས༔ སྔ་ཕྱིར་མི་འཛིན་པའི་ཤེས་པ་དང་བྲལ་བའི་གདེང་ཆོས༔ བཟང་ངན་ཡོངས་གྲོལ་དུ་ཤེས་པས་བླང་དོར་ཕྱོགས་འཛིན་དང་བྲལ་བའི་གདེང་ཆོས༔ མདོར་ན་གང་ཤར་གྱི་རིག་པ་བཅིངས་གྲོལ་ལས་འདས་པའི་རང་བཞིན་འགྲོ་འོང་དང་བྲལ་བར་གཏན་ལ་ཕེབས་ཏེ༔ རང་སེམས་གྲོལ་བ་ཞེས་བྱ་བ༔ གཅིག་ནས་གཅིག་ཏུ་སོང་བ་ཡང་མེད་ལ༔ གང་གིས་བཀྲོལ་བ་ཡང་མེད་པ་རང་གི་སེམས་ཡིན་ཏེ༔ གཞི་ནས་རྫོགས་པས་འགྲོ་འོང་མེད་པ་ལ༔ བརྟགས་པས་མ་རྙེད་ཅིང་རྡུལ་མཚན་མེད་པ༔ གཞི་རྩ་ཐམས་ཅད་དང་བྲལ་བས་སྟོང་གསལ་དུ་གནས་པའི་སེམས་དེ་ནི༔ གནད་ཀྱིས་གྲོལ་བས་ཕྱོགས་རིས་ཀྱང་མེད་ཅིང་༔ དུས་ཀྱིས་གྲོལ་བས་ལྟོས་པའི་གཞི་ཡང་མེད་པར༔ འབད་མེད་གྲོལ་བས་བརྩོན་འགྲུས་དང་ཡང་བྲལ་ཏེ༔ རང་གིས་གྲོལ་བས་ཕ་རོལ་གྱི་གཉེན་པོ་ལ་སོགས་པ་ཡང་མེད་བཞིན༔ ཡེ་ནས་གྲོལ་བས་བསྐྱར་གཞི་དང་བྲལ་ཏེ༔ ཅེར་གྱིས་གྲོལ་བས་མཐོང་སར་ཡལ་ཞིང་༔ ཡོངས་སུ་གྲོལ་བས་འབད་རྩོལ་མེད་པའོ༔ ཞེས་ངོ་སྤྲོད་པར་བྱའོ༔ གསུམ་པ་རང་གྲོལ་གསུམ་གྱི་ངོ་སྤྲོད་ནི༔ དང་པོ་དུག་ལྔ་རང་གྲོལ་ཏེ༔ ཕྱི་ནང་གི་འདོད་ཆགས་མི་བཟོད་པ་ཞིག་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་རང་སར་གྲོལ་བའོ༔ དེ་བཞིན་དུ་ཞེ་སྡང་རགས་པ་ཞིག་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས༔ གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་རང་གྲོལ་བའོ༔ གང་ཡང་མི་རྟོག་པའི་ཤེས་པ་ལུང་མ་བསྟན་དང་༔ རྨུགས་པ་དང་འཐིབས་པ་ལ་སོགས་བྱུང་དུས་གཏི་མུག་གི་ངོ་བོ་དེ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་སྟེ༔ གནས་པའི་ཞི་གནས་དེ་ཡང་བཤིག་ལ་རང་གྲོལ་ལ་ཆམ་གྱིས་བཏང་བ་ནི༔ ཆོས་སྐུ་གཞི་བྲལ་གྱི་ཡེ་ཤེས་སུ་རང་གྲོལ༔ ང་རྒྱལ་དང་ཕྲག་དོག་གི་ངོ་བོ་ལ་ཡང་དེ་བཞིན་དུ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས༔ རང་གནས་གཉུག་མའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རང་གྲོལ༔ གཉིས་པ་སྒོ་ལྔ་རང་གྲོལ་ནི༔ མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་འཛིན་པ་གང་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱི་བཞག་པའི་དུས་སུ་ཆོས་སྐུ་ཀ་དག་ཆེན་པོར་རང་གྲོལ༔ གསུམ་པ་ཚོགས་དྲུག་རང་གྲོལ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཀྱི་བྱུང་ཚོར༔ དྲན་རིག་གི་དགག་སྒྲུབ་ཆགས་སྡང་ཅི་སྐྱེས་པ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པས་ཡེ་སྟོང་རྩ་བྲལ་ཆེན་པོའི་ངང་དུ་ལ་བཟླ་བ་ཏེ༔ གནས་ལུགས་སྟོང་གསལ་ཆེན་པོར་ལྷུན་གྱིས་གྲུབ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་སྙིང་ཐིགས་གསང་བའི་ཡང་ཞུན་འདི༔ རྫོགས་ཆེན་གསང་བའི་སྙིང་པོ་དམ་པ་སྟེ༔ ཡིད་ཀྱིས་བརྣག་པ་ཡིན་ནོ་སྐལ་ལྡན་མ༔ ཡིད་བཞིན་ནོར་བུ་རྙེད་ལྟར་གཅེས་པར་ཆོངས༔ གདམས་པའི་མཐར་ཐུག་ཡིད་བཞིན་ནོར་བུ་འདི༔ མ་འོངས་ཚེ་ལོ་སུམ་ཅུ་ཁ་རལ་དུས༔ གདམས་པ་མང་ལ་མི་དད་ཉུང་ལ་སྐྱོ༔ བརྩོན་འགྲུས་ལོག་བསྒྲུབ་ཡིག་སྣ་མི་འཛོམ་ཞིང་༔ ཟབ་བཤད་རྒྱས་པར་མི་སྤྲོ་དོན་མགོ་འཁོར༔ དེ་དུས་གནད་འདུས་དོན་ཟབ་ཚིག་ཉུང་ཞིང་༔ གོ་བདེ་འཁྱེར་སླ་ཉམས་འཁྲིད་ལྷུག་པའི་ཆོས༔ ཐུགས་ཁྲིད་ཡིད་བཞིན་ནོར་བུའི་གདམས་པ་འདི༔ ཐུགས་སྲས་སྦས་ཚུལ་མ་ངེས་སྤྱོད་པ་ཅན༔ ཕྱི་ལྟར་བྲམ་ཟེ་ནང་ལྟར་ཁྱི་ཕག་སྤྱོད༔ གཏི་མུག་ལས་ཀྱི་ལྷག་རོལ་ལྡན་པའི་བུ༔ ཁམས་པ་ཉི་མ་གྲགས་པ་རྩལ་འཕྲད་ནས༔ གསང་བ་ཡིད་བཞིན་ནོར་བུའི་དོན་རྟོགས་ཏེ༔ མཐར་ཕྱིན་ས་ལ་འགྲོ་ཀུན་འཁོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་གནས་མཆོག་ཆེན་པོ་ནས། ཤིང་ཕོ་སྟག་གི་ལོ་ཧོར་ཟླ་གསུམ་པའི་གནམ་གང་གི་ཉིན་གུང་གཏེར་ནས་གདན་དྲངས་ཤིང་ལྕགས་ཕོ་སྤྲེའུའི་ལོ་ཧོར་ཟླ་བཅུ་བར་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །


previousཁྲེགས་ཆོད་ཐུགས་ཁྲིད་ཡིད་བཞིན་ནོར་བུ།next