Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
མུན་ཁྲིད་ཡེ་ཤེས་རང་སྣང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམུན་ཁྲིད་ཡེ་ཤེས་རང་སྣང་།next

མུན་ཁྲིད་ཡེ་ཤེས་རང་སྣང་།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ མུན་ཁྲིད་ཡེ་ཤེས་རང་སྣང་བཞུགས་སོ༔ ཡང་དག་གསང་བའི་སྐད་དུ༔ མནྚ་གྷརྟི་ཡ་ཏྲི་ན་མ༔ བོད་སྐད་དུ༔ མུན་ཁྲིད་ཆོས་དབྱིངས་རང་སྣང་ཞེས་བྱ་བ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ལས༔ བོགས་འདོན་མུན་ཁྲིད་ཡེ་ཤེས་ལམ༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས༔ མ་འོངས་དོན་དུ་ཡི་གེར་ཐོབ༔ རིན་ཆེན་ས་ལ་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་མུན་པའི་རྣལ་འབྱོར་གྱི་ཡེ་ཤེས༔ བོགས་འདོན་བའི་ཁྲིད་འདི་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ དབེན་ཞིང་དྭངས་ལ་ཕྱི་ནང་གི་རྐྱེན་དང་འཚེ་བ་མེད་པའི་གནས་སུ༔ སྒྲུབ་ཁང་གྲུ་བཞི་འདོམ་འཁོར་མ་གས་པ་དང་སྲུབས་མེད་པ༔ ཞལ་ཞལ་གྱིས་ལེགས་པར་བརྒྱན་པའི་ཉིས་རིམ་མམ་སུམ་རིམ་གང་རུང་ཞིག་བཟོ་ཞིང་༔ བླ་མ་མཚན་ཉིད་དང་ལྡན་པས༔ སློབ་མ་སྣོད་དང་ལྡན་པ་ལ་གཞི་ཁྲེགས་ཆོད་དང་༔ ལམ་འོད་གསལ་ཐོད་རྒལ་གྱི་ངོ་སྤྲོད་ཁྲིད་ཀ་རྣམས་ལོ་ལྔ་གསུམ་བདུན་ལ་སོགས་པ་ལེགས་པར་བཏབ་ནས་ཉམས་སུ་ཚུལ་བཞིན་ལེན་ངེས་ཤེས་པའི་སྐྱེས་བུ་གོམས་པ་དང་ལྡན་པ་ཞིག་ལ༔ ཡེ་ཤེས་རང་སྣང་དུ་སྤྱོད་པའི་བོགས་འདོན་གྱི་གདམས་པ་འདི་དམར་ཁྲིད་དུ་བསྩལ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ འོད་གསལ་རྡོ་རྗེ་སྙིང་པོའི་དབང་འཁྲིད་གདམས་པ་རྣམས་ཡོངས་སུ་རྫོགས་ཤིང་ཉམས་རྟོགས་ཀྱི་དྲོད་ཐོབ་ངེས་ཤེས་པ་ཞིག་ལ་བོགས་འདོན་འདི་ལྟར་བསྟན་པར་བྱ་སྟེ༔ སྒྲུབ་ཁང་གི་ནང་དུ་དཔོན་སློབ་གཉིས་ཆར་ཕྱིན་ཅིང་༔ གུ་གུལ་གྱི་དུད་པ་གཏོང་༔ ཡུངས་ཀར་གྱི་ཐུན་གྱིས་བྲབ་ཅིང་ཡི་དམ་གྱི་དྲག་སྔགས་བརྗོད༔ གདོན་བགེགས་འབྱུང་པོ་ཐམས་ཅད་དཔག་ཚད་དང་རྒྱང་གྲགས་སུ་མི་གནས་པར་བསྐྲད༔ ཡེ་ཤེས་ལྔའི་རང་རྩལ་ལས་རང་ཤར་བའི་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་མེ་རི་ལ་སོགས་ཀྱིས་མཚམས་བཅད༔ སློབ་བུ་ནང་ཚངས་ཅན་གྱི་གདན་ཁར་བཞག་ཅིང་༔ སྐྱབས་འགྲོ་སྔོན་དུ་བརྐྱང་བའི་མཇུག་ཏུ༔ འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་འགོད་པའི་ཆེད་དུ༔ འོད་གསལ་རྡོ་རྗེ་སྙིང་པོ་མཆོག་གི་ལམ་བོགས་འདོན་མུན་པའི་རྣལ་འབྱོར་ལ་འཇུག་པར་བྱ་སྙམ་དུ་སེམས་བསྐྱེད༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་བླ་མའི་རྣལ་འབྱོར་ཚར་གཅིག་བསྒོམས་པའི་མཐར་དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེ༔ གསོལ་བ་ཕུར་ཚུགས་སུ་གདབ་ཅིང་༔ ཆོས་ཉིད་མུན་པ་ལམ་བྱེད་ཀྱི་རྣལ་འབྱོར་ལ་བརྟེན་ནས༔ ཟག་མེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལ་སྤྱོད་ཅིང་དབྱིངས་དང་རིག་པ་འོད་གསལ་མ་བུ་འདྲེས་ཏེ༔ སྐད་ཅིག་ཉིད་ལ་ཆོས་སྐུ་བློ་འདས་ཀྱི་རྟོགས་དགོངས་ཐམས་ཅད་མཐར་ཕྱིན་པར་གྱུར་ཅིག་སྙམ་པའི་སྨོན་ལམ་བྱ༔ དེ་ནས་དྲང་སྲོང་ཙོག་པུའི་འཁྲུལ་འཁོར་བཅས་ཏེ༔ པུས་མོའི་སྟེང་དུ་གྲུ་མོ་བཙུགས་ལ༔ གུང་མོ་གཉིས་ཀྱིས་སྒྲོན་མའི་སྟེང་དུ་ཆིལ་གྱིས་ལྟེམས་པས༔ ལུ་གུ་རྒྱུད་འོད་གསལ་གྱི་ཐིག་ལེ་ཁྲ་ཆེམ་གྱིས་འབྱུང་ཞིང་༔ ཟ་འོག་གི་བེར་ཁྱིམ་བལྟས་པ་ལྟར༔ དྲ་བ་དང་དྲ་མིག་གི་ཚོགས་བསམ་གྱི་མི་ཁྱབ་པར་འཆར་བར་འགྱུར་རོ༔ ནན་གྱིས་བལྟས་པས་ཐིག་ལེ་ཉ་མིག་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཆར་བར་འགྱུར་རོ༔ དེའི་ཚེ་མིག་ཕྱེ་སྟེ་ཐད་དྲང་པོར་མིག་མི་འགུལ་བར་བལྟས་པས༔ འོད་ཟེར་ཁ་དོག་ལྔ་དང་ལྡན་པ་བསམ་གྱིས་མི་ཁྱབ་པར་འཆར༔ དེའི་ཚེ་གང་ཤར་བའི་འོད་གསལ་བའི་ཉམས་ཀྱི་ལམ་དེ་ལ༔ སེམས་ཀྱི་འཛིན་པ་མ་ཞུགས་པར་ཁྲེགས་ཆོད་ལྟ་བའི་གདེང་བསྐྱེད༔ འོད་གསལ་སྒོམ་པའི་ལམ་ཡངས་སར་བརྩོན་འགྲུས་ཀྱིས་ཉམས་སུ་བླངས་པས་ཞག་ལྔ་གསུམ་བདུན་གྱི་སྟེང་ནས༔ སྐྱེས་བུའི་མཛུབ་མོའི་རྩོལ་བ་མི་དགོས་པར་རྩོལ་མེད་དུ་འཆར་བར་འགྱུར་རོ༔ དེའི་ཚེ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས༔ རླུང་གནད་ཁ་ནས་དབུགས་ཤིན་ཏུ་དལ་བར་ཐོད་རྒལ་དང་མཐུན་པར་གཏོང་ཞིང་༔ མིག་དབྱིངས་ལ་འབྲལ་མེད་དུ་བལྟས་པས༔ དབྱིངས་དེ་བརྟན་པར་འདུག་ན་ཐད་ཀར་སྒྲིལ་ཏེ་བལྟ༔ ཅུང་ཟད་མི་བརྟན་པར་འདུག་ན༔ འདེ་གུའི་སྦྱོར་བ་དང་བསྟུན་ཏེ་བལྟ༔ དབྱིངས་ཀྱི་ངོ་བོ་ནི་སྣང་ལ་རང་བཞིན་མ་གྲུབ་པའི་བདག་ཉིད་དེ༔ རྩ་དབུ་མ་དྭངས་ཤིང་རོ་རྐྱང་གི་རླུང་ཟིན་པའི་དུས་སུ་དང་པོ་དུ་བ་ལྟ་བུ་དང་༔ མེ་སྟག་ལྟ་བུའམ༔ སྲིན་བུ་མེ་ཁྱེར་རམ༔ འོད་ཁྱིམ་ལྟ་བུ་གྱ་གྱུ་ཟ་ཟི་ཙམ་དུ་སྣང་༔ དེ་ནས་ཉམས་སུ་བླངས་པས༔ ཞག་བཞིའམ་ལྔ་ནས་འོད་གསལ་དུ་ཁྲ་ཆེམ་གྱིས་འགྲོ༔ དེ་ནས་སྒོམ་ཁང་གི་ནང་ཁེང་ཞིང་དངོས་པོ་ཐམས་ཅད་གསལ་བར་འགྱུར་རོ༔ དེ་ནས་ཉིན་མོ་ཐོད་རྒལ༔ མཚན་མོ་མུན་པའི་འོད་གསལ་དྭངས་སུ་གཞུག་ཅིང་༔ སྐབས་སུ་རྒྱ་མཚོ་ཨར་ལ་གཏད་པས་གཉིས་ཀའི་བོགས་ཤིན་ཏུ་ཐོན་པར་འགྱུར་རོ༔ ཡང་ན་ཉིན་པར་གྱི་དུས་སུ་འདེ་གུའི་སྦྱོར་བ་དང་༔ མཁལ་རྩ་བཙན་ཐབས་ཀྱི་ཉམས་ལེན་ལ་འབད་པར་བྱའོ༔ མཚན་མོ་མགྲིན་པའི་རྩ་འདབ་དང་ཨར་གཏད་ཀྱི་གདམས་པ་ཉམས་སུ་བླངས་པས༔ འོད་གསལ་གྱི་གདམས་པ་སྐད་ཅིག་ལ་འཆར་བར་ཐེ་ཚོམ་མེད་དོ༔ དེ་ནས་རིམ་བཞིན་ཉམས་སུ་བླངས་པས༔ རང་གང་དུ་གནས་པའི་ལུང་པ་དེ་འོད་གསལ་གྱི་སྣང་བས་ཁེངས་པ་དང་༔ ཡུལ་གྲུ་ཙམ་དུ་འཕེལ་བ་དང་༔ དེ་ནས་ཡུལ་ཁམས་ཐམས་ཅད་འོད་གསལ་གྱི་སྣང་བ་འབའ་ཞིག་ཏུ་འགྲོའོ༔ དེའི་ཚེ་རྨི་ལམ་དབྱིངས་སུ་ཐིམ་སྟེ་ཡེ་ནས་མི་འཁྲུལ་བ་དང་༔ འཁྲུལ་བ་འོད་གསལ་དུ་ཤར་སྟེ་དབྱིངས་སུ་གྲོལ་བ་དང་༔ རྨི་ལམ་གྱི་འཁྲུལ་པ་རྨི་ལམ་དུ་ངོས་ཟིན་པ་འབྱུང་ཞིང་༔ ཉམས་ལེན་ལ་འབད་པས་འོད་ཀྱང་རྒྱ་ཆེ་རབ་འབྱམས་སུ་འགྲོ་ཞིང་༔ སྟོང་གསུམ་ཀུན་ཏུ་ཁྱབ་ཅིང་གསལ་བ་སོགས་འབྱུང་༔ དེའི་ཚེ་ཤར་ཕྱོགས་མངོན་པར་དགའ་བ་དང་༔ ལྷོ་དཔལ་ལྡན་ནུབ་བདེ་བ་ཅན་བྱང་ལས་རབ་རྫོགས་པ་དབུས་སྟུག་པོ་བཀོད་པ་ལ་སོགས་ཀྱི་ཞིང་ཁམས་རྣམས་སུ༔ ཞག་གཅིག་ནས་གཉིས་སུ་རིམ་གྱིས་རིགས་ཀྱི་བདག་པོ་རྣམས་ལ་ཆོས་ཞུ་བ་དང་ཞལ་མཇལ་བའི་འདུན་པ་གཏད་དེ༔ དང་པོ་ཨར་ལ་གཏད༔ དེ་ནས་དྭངས་སུ་གཞུག༔ ཁྲེགས་ཆོད་ཀྱིས་རྒྱས་འདེབས༔ རང་རིག་ནམ་མཁའ་དང་བསྲེ་སྟེ་ནུབ་དང་པོ་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དང་སྟོན་པ་ཡིད་ལ་བཀོད་བཞིན༔ གཉིད་དུ་རྣལ་བས་འོད་གསལ་ཉམས་ཀྱི་སྣང་བའི་ངང་ནས༔ ཞིང་ཁམས་དེ་ཉིད་དུ་བགྲོད་དེ༔ རིགས་ཀྱི་བདག་པོ་ལ་ཆོས་ཀྱི་གླེང་སློང་བར་ཐེ་ཚོམ་མེད་དོ༔ དེ་ལྟར་ཞིང་ཁམས་གཞན་བཞི་དང་༔ དག་པའི་ཞིང་ཁམས་རྣམས་ལའང་དེ་ལྟར་འབྱོངས་རིམ་བཞིན་སྦྱང་བར་བྱའོ༔ ཡང་ན་སྒྲུབ་ཁང་འོད་གསལ་གྱི་སྣང་བ་ཤིགས་སེར་སོང་བའི་དུས་སུ༔ རང་གི་གཟུགས་ཕུང་གི་སྤྱི་བོ་དང་རྐང་མཐིལ་གྱི་བར་ཐམས་ཅད་མིག་གི་རང་བཞིན་དུ་ཁྲ་ཤིགས་སེར་སོང་བར་བསམ་ཤིང་༔ འོད་ཟེར་གྱི་དྲ་བར་འབྲེལ་བའི་ཕྱི་ནང་ཐམས་ཅད་དབྱེར་མེད་དུ་ཆེམ་ཆེམ༔ ཟང་ཐལ་དུ་ལམ་ལམ་པ་ལ་ཤེས་པ་མ་བཅོས་པའི་ངང་ནས་གཏད་དེ་མིག་གནད་ཐུར་དུ་ཕབ་ནས་བསྒོམ་པར་བྱའོ༔ དེ་འབྱོངས་པ་དང་དབྱིངས་ཀྱི་ནང་དུ་རིགས་དྲུག་གི་སྣང་བ་ཟ་ཟི་བན་བུན་ལང་ལོང་དུ་འབྱུང་ངོ་༔ དེ་ནས་རང་གི་སྙིང་ཙིཏྟ་རིན་པོ་ཆེ་མཆོང་གུར་སྨུག་པོའི་དབུས་སུ༔ ཉི་ཟླའི་དཀྱིལ་འཁོར་ཀྱི་སྟེང་དུ་རྒྱལ་བ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ༔ མཉམ་བཞག་གི་ཕྱག་རྒྱ་ཅན༔ གཅེར་བུ་འོད་ཟེར་འབུམ་ཕྲག་དུ་མ་འཕྲོ་བ་ཞིག་བསྒོམ་ཞིང་༔ རང་གི་གཟུགས་ཕུང་ཤ་ཁྲག་གི་སྣང་བ་ཐམས་ཅད་ཀྱང་འོད་ཕུང་དུ་བུན་ནེར་གསལ་བ་ལ་ཤེས་པ་གཏད་ཅིང་༔ མིག་གནད་ཐད་དྲང་པོར་བལྟས་ཤིང་བསྒོམས་པས༔ འབྱོངས་པའི་ཚེ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མངོན་སུམ་དུ་བཀྲ་ལམ་ལམ་དུ་འཆར་ཞིང་༔ བུན་བུན་དུ་ཡལ་ཏེ་ལྷན་ལྷན་གསལ་བ་འོང་ངོ་༔ དེ་ནས་རང་གི་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ༔ འོད་མཐིང་གའི་ཐིག་ལེ་ལ་འོད་ཟེར་ལྔ་ལྡན་ཤིན་ཏུ་འཚེར་བས་བསྐོར་བར་བསྒོམ་ཞིང་༔ མིག་གནད་སྨིན་ཕྲག་གི་མཁའ་ལ་གཟིར་ཏེ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་ཉམས་སུ་བླངས་བས༔ རིགས་དྲུག་གི་སྣང་བ་དང་བར་དོའི་སྣང་བ་ཐམས་ཅད་འགགས་ནས༔ སྐུ་དང་ཞིང་ཁམས་འབའ་ཞིག་ཏུ་འགྲོ་ཞིང་༔ མཐར་འབྱོངས་པའི་ཚེ་ཕྱི་རོལ་གྱི་རྐྱེན་ལ་མ་བརྟེན་པར༔ འོད་གསལ་ཀྱི་ཁོར་ཡུག་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པར་འགྱུར་རོ༔ དེ་ལྟར་ཉམས་སུ་བླངས་པས་ཟད་པ་མཐར་ཕྱིན་གདོད་མའི་ས་ལ་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ འོད་གསལ་བླ་ན་མེད་པའི་ཟབ་གནད་སྙིང་ཐིག་གཞན་ལ་མ་གྲགས་པའི་གདམས་པ་ཡང་དག་པ་ཡིན་པས༔ གསང་བའི་སྙིང་པོ་འདི་ཙིཏྟའི་དཀྱིལ་དུ་སྦོས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ འདི་ལྟར་ཉམས་སུ་ལེན་པའི་ཚེ༔ ཁམས་དང་མི་འཕྲོད་པའི་ཟས་སྤང་༔ ཡིད་དང་མི་མཐུན་པའི་གྲོགས་སྤང་༔ ཡེ་ཤེས་རང་སྣང་འོད་གསལ་ཀྱི་འཆར་སྒོ་ནི་སྣ་ཚོགས་སུ་འོང་བས༔ གང་ལའང་བཟང་ངན་གྱི་རེ་དོགས་དང་འཛིན་པ་མ་ཞུགས་པ་གལ་ཆེ༔ ཉམས་འཐིབ་ན་རིག་པ་བསེང་༔ བྱིང་ན་ཀློད༔ ཡིད་གཉིས་ཀྱི་འཛིན་པ་སྣ་ཚོགས་སུ་འཕྲེང་ན་ཁྲེགས་ཆོད་བློ་འདས་ཀྱི་དོན་ལ་མཉམ་པར་བཞག༔ ཞག་བདུན་བཅུ་བཞི་ཉེར་གཅིག་ཟླ་བ་ལ་སོགས༔ ཁམས་དང་ཉམས་རྟོགས་ཀྱི་འཆར་སྒོ་གང་ཟག་གི་རིགས་ལ་བརྟགས་ཏེ་ཉམས་སུ་བླང་བར་བྱའོ༔ ལར་ཁྲེགས་ཆོད་ལྟ་བའི་ཕུ་ཐག་ཆོད་པའི་ངང་ནས༔ ཐོད་རྒལ་ལམ་གྱི་རྩལ་སྣང་བོགས་འདོན་ཟབ་མོ་འདི་དང་༔ རླུང་སྦྱོར་བཅུད་ལེན་བདེ་སྟོང་གི་བོགས་འདོན་ཟུང་འཇུག་གི་ཉམས་སུ་བླངས་པས༔ ཟག་བཅས་ཐམས་ཅད་ཟག་མེད་ཀྱི་ཀློང་དུ་གྲོལ་བར་འགྱུར་ཞིང་༔ བརྩོན་འགྲུས་ཀྱི་གོ་རིམ་ལྟར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ ཡེ་ཤེས་ཀྱི་སྣང་བ་འདི་མཐོང་བ་ཙམ་གྱིས་བར་དོ་མེད་པར་གྲོལ་ཞིང་༔ རིགས་དྲུག་གི་ཡུལ་ལས་རྒྱབ་གྱེས་ཏེ༔ དག་པའི་ཞིང་དུ་སྐྱེ་བ་ནི་གང་ཟག་ཐ་མ་ཡིན་ཀྱང་གདོན་མི་ཟའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་སྔགས་སྙིང་པོའི་བཅུད༔ རྫོགས་ཆེན་གསང་བའི་ཡང་ཏིག་འདི༔ ལྕེ་ཡི་དབང་པོས་བརྗོད་དཀའ་ཡང་༔ མཚོ་རྒྱལ་ནན་ཆགས་ཆེ་བ་དང་༔ མ་འོངས་འགྲོ་བ་ཚེ་ཐུང་རྨོངས༔ བརྩོན་འགྲུས་ཆུང་ཞིང་ལེ་ལོས་གཡེལ༔ གསང་སྔགས་དར་ལ་མ་སྨིན་དུས༔ ལོངས་སྤྱོད་འདུ་འཛི་ཆེ་བའི་ཚེ༔ ཉམས་ཁྲིད་ལྷུག་པར་བསྟན་པའི་ཆོས༔ རྫོགས་ཆེན་གསང་བའི་སྙིང་པོ་འདི༔ ང་ཡི་ཐུགས་སྲས་གཅིག་དང་འཕྲད༔ དེས་ཀྱང ཚུལ་བཞིན་ཉམས་བླངས་ན༔ ཚེ་འཕྲང་གྲོལ་ཞིང་འོད་ལུས་འགྲུབ༔ གཏེར་གནས་གཉན་པོའི་བྱང་ཤར་དུ༔ རི་བོ་བྱ་ཁྱུང་འདྲ་བའི་ཞོལ༔ ས་ཕོ་རྟ་ཡི་ལོ་ཤར་ཚེ༔ བཅུ་གསུམ་སྒྲུབ་སྡེ་ཚུགས་པ་ན༔ མདོ་ཁམས་གླིང་དྲུག་སྒང་རྣམས་སུ༔ གསང་སྔགས་སྒྲུབ་སྡེ་བརྒྱ་རྩ་འབྱུང་༔ སྙིང་པོ་དོན་གྱི་ཉི་མ་འཆར༔ ལོ་སྟོང་བསྟན་པའི་རྒྱལ་མཚན་འཛིན༔ དམ་སྲི་འགོང་པོའི་བར་ཆད་ཀྱིས༔ ཕྱི་ནང་རྟེན་འབྲེལ་དེ་ཉམས་ན༔ གནམ་ས་ཟླ་གམ་ཕྱེད་འདྲའི་ལུང་༔ རི་བོ་རྒྱལ་བློན་ཚོགས་འདྲའི་མདུན༔ སྐུ་གསུང་ཐུགས་ཀྱི་ལྷ་ཁང་དང་༔ སྒྲུབ་པའི་གང་ཟག་བདུན་སྡེ་ཚུགས༔ རྟེན་འབྲེལ་དེ་ཡི་ལེགས་ཚོགས་ཀྱིསཿ དངོས་གྲུབ་ཐོབ་པའི་གང་ཟག་བརྒྱ༔ ཆོས་འདིས་གྲོལ་ཞིང་སངས་རྒྱས་འཐོབ༔ ཐ་མ་ས་གནས་རིག་པ་འཛིན༔ འོད་གསལ་རཏྣ་དཔལ་གྱི་མིང་༔ གང་ཟག་གསུམ་ལ་ཆོས་འདི་སྤྲོད༔ ནམ་སྙིང་རྩེ་མང་ཡེ་ཤེས་སྤྲུལ༔ མི་རབ་བཅུ་གསུམ་མ་རྫོགས་པར༔ དངོས་གྲུབ་ཐོབ་པ་བཅུ་གསུམ་གསུམ༔ ཆོས་འདི་སྤེལ་བའི་དུས་རྟགས་སུ༔ དུག་སྦྲུལ་འཁྱུག་འདྲའི་རི་སྣ་ལ༔ ཤིང་སྡོང་སྐམ་པོ་རྩེ་གསུམ་འབྱུང་༔ གས་འཁྲུག་གཡོ་འགུལ་འགྱེལ་ལམ་ཆག༔ གང་བྱུང་རྟགས་བལྟ་སྤེལ་མཁས་བྱ༔ རྟའམ་སྤྲེལ་དང་བྱི་ཕག་ཁྱི༔ ལོ་ཟླ་ཉི་ཁྱིམ་ཆུ་ཚོད་དུས༔ ཕྱག་རྟེན་དཀར་སེར་དམར་ལྗང་མཐིང་༔ ལས་འཕྲོ་སད་པའི་སྐལ་ལྡན་འོང་༔ ཆོས་བཀའ་སྤེལ་བའི་ཕྱི་ནང་རྟགས༔ གསང་རྒྱ་སྡོམས་ལ་གསང་བར་སྤེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་གྱིས་ཁམས་སྲིང་མོ་རྫོང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousམུན་ཁྲིད་ཡེ་ཤེས་རང་སྣང་།next