Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གེགས་སེལ་ལམ་གྱི་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགེགས་སེལ་ལམ་གྱི་སྒྲོན་མེ།next

གེགས་སེལ་ལམ་གྱི་སྒྲོན་མེ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ གེགས་སེལ་ལམ་གྱི་སྒྲོན་མེ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ འོད་གསལ་བསྒོམ་པའི་རྣལ་འབྱོར་དོན༔ གེགས་སེལ་གསང་བའི་མན་ངག་ཅིག༔ ཁོ་མོས་ཤོག་སེར་ལོགས་ལ་འདེབས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འོད་གསལ་བསྒོམ་པའི་རྣལ་འབྱོར་བ་ནི༔ རྫོགས་ཆེན་སྤྱི་འབྱམས་ནས་བཤད་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་གང་ཟག་ཅིག་དགོས་པ་ཡིན་གྱིས༔ སུ་ཐོད་ཐོད་ཀྱི་ནི་སྤྱོད་ཡུལ་མིན་ཏེ༔ ཅིའི་ཕྱིར་ཞེ་ན༔ ཡང་གསང་བླ་ན་མེད་པའི་ཆོས་འདིའི་འབྲས་བུ་ཚེ་འདི་ཉིད་ལ་ལོ་དང་ཟླ་བ་བགྲངས་ནས་སངས་རྒྱས་ཀྱི་ཞིང་ལ་ཉིན་རྒྱུག་བྱེད་པ་ལས༔ སྐྱེ་བ་བརྒྱུད་པ་དང་སྦྱངས་བགྲོད་ལ་སོགས་ཀྱི་མཐར་འཚང་རྒྱའོ་ཞེས་པའི་ཐེག་པ་གཞན་རྣམས་དང་མི་འདྲ་སྟེ༔ མྱུར་ལམ་འོད་གསལ་མཆོག་གི་གདམས་པ་འདི་སྐལ་བ་མེད་པའི་མི་དང་མི་འཕྲད་ཅིང་༔ གལ་སྲིད་འཕྲད་ཀྱང་ཉམས་སུ་ལོན་པ་མི་འོང་སྟེ༔ བསྐལ་པ་སྔོན་མ་ནས་སྦྱངས་བགྲོད་ཀྱི་མཐར་ཕྱིན་པའི་སྐྱེས་བུ་ཞིག་མ་གཏོགས་ཐེག་པ་ཟབ་མོ་འདི་དང་མི་མཇལ་ཞིང་ཉམས་སུ་ལེན་པའི་སྐལ་བ་དང་མི་ལྡན་པའོ༔ འོན་ཀྱང་མ་འོངས་ཀྱི་དུས་སུ་སངས་རྒྱས་འཐོབ་འདོད་ཀྱི་དད་པ་ཅན་ཆོས་ལ་གོམས་འདྲིས་ཆུང་བའི་རིགས་ཀྱི་གང་ཟག་དང་༔ བློ་དམན་ཤེས་རབ་བརྟུལ་བའི་རིགས་འགའ་ཆོས་མཆོག་འོད་གསལ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལྟ་སྒོམ་ཐོས་ཀྱང་ཉམས་མྱོང་རྒྱུད་ལ་མ་སྐྱེས་ཤིང་ཐོས་ཆུང་རང་རྒྱུད་རྨོངས་པ་རྣམས༔ འོད་གསལ་མུན་ཁྲིད་ཀྱི་ཉམས་ལེན་ལ་ཞུགས་ནས༔ གཟེར་ཞིང་འཁུན་ཏེ་ན་བ་དང་༔ རེངས་ཏེ་བརྒྱལ་འབོག་ལ་སོགས་འབྱུང་བ་དང་༔ ནད་གཞི་རྙིང་པ་ལངས་ནས་བརྙེར་བ་རྣམས་ལ༔ བླ་མས་ཁྲེགས་ཆོད་ཀྱི་དགོངས་པ་ཡང་ཡང་དུ་ཉམས་ལེན་ངོ་སྤྲོད་བྱེད༔ སྒོ་གསུམ་སོས་དལ་དུ་འཇུག་ཅིང་ཉི་མ་ལ་བསྲོ༔ བྱུག་པ་འགྲོ་བའི་བརྒྱལ་ནད་དང་༔ གྲང་བ་ཆུ་སེར་ལ་སོགས་ཀྱི་རིགས་ལ་བྱུག་བ་བྱེད་ཅིང་༔ རླུང་གི་སྦྱོར་བ་ཡང་ཆུ་སེར་གྱི་རིགས་གྲང་བ་རྣམས་ལ་མེ་དམིགས་དང་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་འདུག་སྟངས་དྲང་སྲོང་ཙོག་པུ་སོགས་བྱ༔ བརྒྱལ་ནད་སྨྱོ་འབོག་རེངས་བ་སོགས་ལ་རླུང་གནད་ཧ་སྤྲུག་དང་འཁྲུལ་འཁོར་འབེབས་ཆུང་འདུག་སྟངས་གང་བདེ་ལ་བསླབ༔ སྨན་མར་སོགས་བསྟེན་པ་དང་རླུང་བསྲང་བརྡུང་༔ རུས་ཁུ་སྲེ་ལོང་སོག་ཡུ་སོགས་ཀྱི་ཐང་བཏང་རླུང་མཁྲིས་བད་ཀན་འདུས་པ་སོགས་ཀྱི་རིགས་ལ༔ རབ་ཀྱིས་ནད་ཐོག་ཏུ་རོ་སྙོམས་ཆོས་ཉིད་ཀྱི་ངང་དུ་བསྲེ་དེས་སེལ་ལོ༔ འབྲིང་གང་ན་སར་བླ་མ་བསྒོམ་ཞིང་གསོལ་བ་ཕུར་ཚུགས་སུ་གདབ་དེས་སེལ་ལོ༔ ཐ་མས་སྨན་སྦྱོར་དང་ཕན་བྱའི་རིགས་གང་འོས་སུ་བྱའོ༔ གཉིད་གཡེར་ཞིང་ཤེས་པ་རྒོད་ན་སྒོ་གསུམ་རྣལ་དུ་དབབ༔ ཐུན་ཆུང་གྲངས་མང་དུ་བྱས་ཏེ་སྒོམ༔ ལུས་བྱིང་ཁམས་ཉོག་ཤེས་པ་འཐིབ་ན༔ རླུང་ལན་གསུམ་འབུད༔ གོས་བསྲབ་པར་བྱ༔ ལུས་ལི་ཁྲི་ལྟར་སྒྲིམ༔ ལུས་སྟོད་ཀྱི་ཚོགས་ན་བ་དང་༔ གཟེར་བ་བྱུང་ན་ཧཱུྃ་རིང་དང་ཧས་སྤྲུག༔ རོ་སྟོད་གསིག་ཅིང་གཅུན༔ མགོ་བོ་ན་ན་སྒྲིལ་ཞིང་བསྐོར༔ ལུས་ཁོལ་བུར་ན་ན་རླུང་བཟུང་དྲག་ཏུ་ཕུར༔ སྨད་ན་ན་བསྐོར་ཞིང་གདབ༔ སྦོས་ཤིག་འཁྲོག་ན་རྒྱ་མཚོ་བསྐོར་ཞིང་བཅག༔ འོག་སྒོ་གློད་པ་དང་འབེབས་ཆུང་མང་དུ་བྱ༔ བདེ་བ་རྒྱས་ན་རང་ཉིད་དབང་ཆེན་རྟ་མགྲིན་ཏུ་བསྒོམ་ཞིང་༔ ཡུམ་རྡོ་རྗེ་ཕག་མོ་ལ་སྙོམས་འཇུག་སྤྱད་པས་བདེ་སྟོང་ཡེ་ཤེས་ཀྱི་ཚོགས་སུ་ལམ་ལམ་བསམས་ཤིང་རླུང་བཟུང་༔ འབར་འཛག་སྦྱང་༔ ཧཱུྃ་གིས་འདྲེན་ཧས་སྤྲུག་ཕཊ་ཀྱིས་དགྲམ་ཞིང་མཐར་ཡན་ལག་ལྔ་སྦྱོང་རེ་བྱ༔ ཐིག་ལེ་ཟགས་ན་མེ་ཏོག་ལུག་མིག་གྲིབ་སྐམ་བྱས་པའི་ཕྱེ་མ༔ རྩྭ་རྟག་ངུ་༔ པདྨ་རཀྟ་རྣམས་བུར་དཀར་གྱིས་རྟ་བྱས་ཏེ་ནང་རེ་བཞིན་བསྟེན་པས་སེལ་ལོ༔ གདོན་གྱིས་འཛག་པ་ན༔ དུད་པ་རལ་བ་གྲི་ཁྲག་པདྨ་རཀྟ་རྣམས་སྦྱར་ཏེ་རྡོ་རྗེའི་རྩེ་མོ་ལ་བྱུག་པས་སེལ་ངེས་སོ༔ མཚམས་ལ་ཞུགས་ཚེ་ལོག་རྟོག་མང་པོ་འཕྲོ་ན༔ བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་གདབ༔ དམ་བཅའ་དྲག་པོའི་ངང་ནས་ཉམས་ལེན་ལ་བརྩོན་པར་བྱའོ༔ བར་དོའི་སྣང་བ་དང་རིགས་དྲུག་གི་གནས་སྣང་ཤར་དུས་ཐོས་ཆུང་ཤེས་རྒྱུད་རྨོངས་པ་རྣམས་དངངས་སྐྲག་སྐྱེ་ཞིང་འཇིགས་ན༔ ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་གསལ་ཞིང་བླ་མས་སྣང་བའི་ཡུལ་གྱི་མངོན་སྣང་དུ་ཤར་བ་འདི་ཐམས་ཅད་བློ་འདས་སྟོང་བ་ཉིད་ལ་ངོ་སྤྲོད་འདེབས༔ དབྱིངས་རིག་གི་འོད་གསལ་ལ་ཞེན་འཛིན་ཤར་ན་ཁྲེགས་ཆོད་སྐྱེ་བ་མེད་པའི་རང་མདངས༔ ལྷུན་གྲུབ་ཀྱི་ངོ་བོ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་མཐའ་གཉིས་དང་བྲལ་བ་ལ་ངོ་སྤྲོད་འདེབས༔ ཁྲེགས་ཆོད་ཀ་དག་ཆེན་པོའི་ཏིང་འཛིན་ཁོ་ན་ལ་འབྱམས་ན༔ ལྷུན་གྲུབ་འོད་གསལ་གྱི་སྣང་བ་མི་ཟིན་པའི་དོགས་ཡོད་པས༔ དེ་ལ་ཤར་གྱི་སྐར་ཁུང་ཅུང་ཟད་རེ་ཕྱེ་ལ༔ ཉི་ཟེར་ལ་ལྟ་བ་དང་རྒྱ་མཚོ་ཨར་ལ་གཏད༔ ཐུན་ཉུང་ལ་གྲངས་མང་བར་བྱའོ༔ ལར་གེགས་འབྱུང་བའི་རྒྱུ་ནི་སྔོན་ལས་དང་འཕྲལ་རྐྱེན་གཉིས་ཡིན་ཏེ༔ སྔོན་ལས་ཀྱི་སྡིག་སྒྲིབ་ཚབས་ཆེ་ཞིང་དགེ་བའི་བསགས་རྒྱབ་ཆུང་བའི་རིགས་ཀྱི་འགྲོ་བ༔ གསང་སྔགས་ཟབ་མོའི་ཆོས་དང་མི་མཇལ༔ གལ་སྲིད་མཇལ་ཀྱང་གེགས་ལ་སོགས་པ་མདོར་ན་ཆོས་དེ་ཉམས་སུ་ལེན་པ་ལ་བར་གཅོད་མང་དུ་འོང་བ་ཡིན་པས༔ གེགས་དེ་བསལ་བའི་ཐབས་ནི༔ སྐྱབས་འགྲོ་དང་སེམས་བསྐྱེད་གཙོ་བོར་འདོན་ཞིང་ཚོགས་གསོག་སྒྲིབ་སྦྱང་ལ་འབད༔ ང་འཁོར་བ་ཐོག་མ་མེད་པ་ནས༔ སྡིག་སྒྲིབ་ཀྱིས་གཉའ་མནན་ཏེ་འཁོར་བར་འཁྱམས༔ ལས་ངན་གྱི་ཁ་བརྒྱུད༔ ལུས་ངན་གྱི་གཟུགས་བཟུང་༔ སྡུག་བསྔལ་གྱི་འདམ་དུ་ཚུད་སྐྱེ་འཆིའི་ཁ་ལོ་སྒྱུར༔ ད་ལམ་མུན་ནག་གི་ནང་དུ་ཤིང་ལོ་མེར་བསྲེགས་པ་ཙམ་གྱི་གསལ་སྐབས༔ མི་ལུས་ཀྱི་ཕུང་པོ་འདི་ཐོབ་པའི་ངང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་ལྟ་བུ་ཐོས་པའི་སྐལ་ལྡན་དུ་གྱུར་ཀྱང་༔ ཉམས་ལེན་གྱི་སྐལ་བ་དང་མི་ལྡན་པར་གེགས་དང་གོལ་ལམ་འདི་འདྲ་བ་འོང་འདུག་པ་ལས་ངན་གྱི་དབང་གིས་བྱས་པ་ཡིན་འདུག་པས༔ སྙིང་རྩ་ལ་མདུད་པ་བོར་ཏེ་ལུས་དང་སྲོག་ལའང་མི་བལྟ་བར༔ སྐྱབས་སེམས་སྒྲིབ་སྦྱང་སྔོན་དུ་འགྲོ་བའི་ངང་ནས༔ སྙིང་པོ་མཆོག་གི་ཉམས་ལེན་འདི་མཐར་མི་སྐྱེལ་རེ་སྙམ་པའི་དམ་བཅའ་དྲག་པོ་རྒྱུད་ལ་འདེབས་ཤིང་༔ དར་དྲག་ལ་ཡུན་རིང་བར་བརྩོན་འགྲུས་ཆོས་ལ་བརྩམ་མོ༔ འཕྲལ་གྱི་རྐྱེན་ཞེས་པ་རྟེན་འབྲེལ་ཐམས་ཅད་ཀྱི་འབྱུང་གནས༔ བྱིན་རླབས་དང་ཉམས་རྟོགས་ཐམས་ཅད་ཀྱི་རྩ་བ༔ ལུང་རྟོགས་ཀྱི་ཡོན་ཏན་རྒྱུད་ལ་སྐྱེ་མི་སྐྱེ་གདམས་པ་དང་བླ་མ་ལ་དད་པ་ཆེ་ཆུང་གི་ན་རིམ་ལས་འབྱུང་བ་ཡིན་ཏེ༔ སངས་རྒྱས་དང་ཆོས་དང་སྐུ་དང་ཞིང་ཁམས་ཐམས་ཅད་འདུས་པའི་བདག་ཉིད་བླ་མ་ཁོ་ན་སྟེཿ གང་གིས་བླ་མ་དེ་ཆོས་ཀྱི་སྐུ་རུ་མཐོང་ཞིང་ཡང་དག་པའི་དད་མོས་ཀྱི་གདུང་བ་མཆོག་དང་ལྡན་པ་རྣམས་ལ་ནི༔ ཉམས་རྟོགས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་རྩོལ་མེད་དུ་རྒྱུད་ལ་སྐྱེ་བར་འགྱུར་བ་གདོན་མི་ཟ༔ དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ལ་སོགས་ཀྱི་རྣམ་པའམ༔ སྐུ་གསུམ་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཏུ་ཤེས་པའི་དད་པ་ཐུན་མོང་མ་ཡིན་པའི་ངང་ནས༔ བླ་མའི་རྣལ་འབྱོར་སྙིང་ནས་བསྒོམ་ཞིང་གསོལ་བ་ཡང་དག་པར་གདབ༔ བླ་མ་མཆེད་གྲོགས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་ཀྱི་དམ་ཚིག་ཉམས་ཆག་ཡོད་ན་གེགས་སྣ་ཚོགས་འབྱུང་བས༔ བསྐང་བཤགས་བྱ་ཚོགས་འཁོར་བསྐོར་དབང་ཞུ༔ མདོར་ན་དད་པ་དང་དག་སྣང་ངེས་འབྱུང་སྐྱོ་ཤས་སུ་བཟང་བ་ལ་གེགས་དང་བར་ཆད་ཐམས་ཅད་བྲལ༔ དེ་རྣམས་རྒྱུད་ལ་མི་ལྡན་ཕྱིན་ཆད་ཆོས་འདིའི་སྣོད་དུ་མ་གྱུར་པས་གེགས་ཀྱི་དབང་དུ་མི་འགྲོ་བ་ཀ་མེད༔ ཁྱད་པར་དུ་འོད་གསལ་བསྒོམ་པའི་རྣལ་འབྱོར་པ་ལ༔ གེགས་ཀྱི་ཆེ་བ་ནི་གསལ་བྱེད་ཆུའི་སྒྲོན་མ་ལ་འབྱུང་དོགས་པས༔ གེགས་དང་བར་ཆད་བྱུང་ན་འགྲོལ་བའི་གདམས་པ་ནི༔ རྩྭ་ཨ་ཝ༔ བྲག་ཞུན༔ ཅོང་ཞི༔ སྦྲུལ་སྔོན་པོའི་ཤ༔ འབྲས་བུ་གསུམ༔ དོམ་མཁྲིས༔ ཁྱི་ནག་པོའི་མཁྲིས་པ༔ སྤྲེའུ་ཡི་མཁྲིས་པ༔ རྟ་ནག་པོའི་མཁྲིས་པ༔ སྐྱེས་དར་མ་ནད་གཅོད་ཡུན་རིང་གིས་མ་མནར་བའི་མཁྲིས་པ༔ འུག་པའི་མཁྲིས་པ༔ སྔོ་རྟག་ངུ་རྣམས་སྦྲང་ཀར་དང་སྦྱར་ཏེ་རྩ་སྟོང་ཐོ་རེངས་ཀྱི་ཆར་ཟླ་བ་གསུམ་བསྟེན་ན༔ ཤའི་སྤྱན་འཐོབ་ཅིང་འོད་གསལ་གྱི་སྣང་བ་ཆེས་ཆེར་འཕེལ་བར་འགྱུར་རོ༔ སྲིན་བུ་མེ་ཁྱེར༔ ལྷང་མ་ལྷང་འཚེར༔ བྱ་མོ་ནག་མོའི་སྒོ་ངའི་སེར་ཐིག་དང་སྦྱར་ཏེ༔ རང་གི་མིག་ལ་གླན་ཏེ་འོད་གསལ་བསྒོམས་པས་འོད་ཀྱིས་ཡུལ་གྲུ་ལུང་པ་སོགས་ཁེངས་པ་འཆར་རོ༔ མིག་ཚག་པ་དང་༔ ཚ་བ་དང་༔ འབྱར་བ་དང་༔ འགྲིབ་པ་ལ་མཚལ་དཀར༔ སྤང་མ༔ མཐིང་ཤུན་གསུམ་མཉམ་ལ་ཁྱེའུ་ནུ་འཐུང་གི་འོ་མ་དང་སྦྱར་ལ་བྱུག་པས་སེལ་ལོ༔ ཡང་ཚ་བ་ཤས་ཆེ་ན་དཔྲལ་བའི་མིག་རྩ་འཕྲེད་ཉལ་གྱི་སྟེང་དུ་ག་པུར་དང་ཙན་དན་དཀར་པོའི་འདེ་གུས་བྱུག༔ གྲང་ཤས་ཆེ་ན་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭའི་འདེ་གུས་བྱུག་གོ༔ ཡང་སྐྱེར་པའི་ཁཎྜ་དང་༔ གཟི་ནག་ཁྲའི་ཕྱེ་མ་བྱ་མོ་ནག་མོའི་སྒོ་ངའི་སེར་མོ་དང་གསུམ་རའི་འོ་མར་སྦྱར་ཏེ༔ ཚེས་གཅིག་གནམ་སྟོང་ཉའི་ནང་པར་སྔ་མོ་ཆུ་གྲང་མོར་དཀྲུགས་ལ་རང་གི་མིག་ཏུ་བྱུག་པས་མིག་གསལ་ལོ༔ ཡང་རྡོ་སྦུར་ལེན་གྱི་ཕྱེ་མ༔ སྦྲང་དཀར་དང་སྦྱར་བ་བྱུག་པས་སྐྱ་རིབ་ལ་སོགས་འགྲིབ་པ་ཀུན་སེལ༔ ཡང་ཤེལ་དང་༔ ཐོད་ལེ་སྐོར་དང་༔ ག་པུར་དང་༔ གླ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ཏེ་བྱུག་ན་འོད་འཕེལ་ལོ༔ ཡང་རྡོ་སྨུག་པོ་སྦལ་རྒྱབ་དང་༔ རམ་པའི་རྩ་བ་དང་༔ ཞུན་ཐིག་ལེ་དང་༔ ས་རམ་རྩི་རྣམས་ཁྱེའུ་ནུ་འཐུང་གི་འོ་མ་ལ་སྦྱར་ཏེ་བྱུག་ན༔ མིག་བསྒྲིབས་པ་ཡང་ཞག་བདུན་ན་ཕྱེད་དོ༔ ཡང་རག་ཐལ་དང་ཐོད་ལེ་ཀོར་གཉིས་འོ་སྤྲིས་དང་སྦྱར་ནས་བྱུག་ན༔ སྐམ་ཚག་དང་༔ དམར་ཚག་དང་༔ སྐྱ་རིབ་སེལ་ལོ༔ མཚན་མོ་མར་གསར་བའི་བྱུག་པ་ལྟག་ཁུང་དང་ལྟེ་ཁུང་གཉིས་སུ་བྱུག་པས༔ མིག་ཤེད་ཆེ་ཞིང་སྐམ་ཚག་སེལ་ལོ༔ གོ་སྙོད་དང་གླ་རྩིའི་ཆུས་དགོངས་མོ་ལྟེ་ཁུང་དུ་བྱུགས་ཏེ་གང་དུ་ཕྱིན་ཀྱང་ཁ་བས་མིག་མི་འཕྱིད་དོ༔ ཡང་ཞོགས་པ་སྔ་མོ་ལག་མཐིལ་གཉིས་ཀྱིས་མིག་འཕུར་ཏེ་ཆུས་བཀྲུས་པས་སྒྲིབ་ཤ་བཅད་པ་སྟེ༔ སྐྱ་རིབ་ཀྱིས་འགྲིབ་པ་སེལ་ལོ༔ ལྟོ་སྟོང་དུ་ཟན་དྲོན་མར་ཅན་གྱི་རླངས་པ་མིག་ལ་བདུག་ནས༔ ཨཱོཾ་སྲིན་ལོང་༔ ཉེར་གཅིག་བརྗོད་ནས་ཟན་རང་གིས་ཟོས་པས་ཤ་འཛེར་ཞིའོ༔ ཡང་གླ་རྩི་ཀ་ར་ཅུ་གང་ཞུན་ཐིག་ལེ་རྣམས་བཏབ་ནས༔ ཨཱོཾ་ལིང་ལིང་ཐོག་ཐོག་ཨ་ཙ་ལི་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བཏབ་ནས༔ ཕུག་རོན་གྱི་དུངས་རུས་ཕྱགས་པས་ལིང་ཏོག་སེལ་ལོ༔ ཨཱོཾ་ཡ་མ་དན་ཏི་སྭཱ་ཧཱ༔ བདུན་བརྗོད་མིག་ལ་མཆིལ་མ་བྱུགས་ཏེ༔ ཕུར་བས་མིག་ཏུ་རྡུལ་སོང་བ་སེལ་ལོ༔ ཡང་དུས་གཉེན་ལ་ཟན་མཐེབ་སྐྱུ་རེ་སྒྲེས་ལ་བོར་བས་ལོང་བར་མི་འགྱུར་རོ༔ ལར་ནི་མིག་ནད་ཀུན་ལ་ནང་དུ་སྨན་མར་སྦྱར་ཏེ་ཟ་བ་དང་༔ སྤྱོད་ལམ་ངལ་དུབ་དྲག་ཤུལ་གྱི་ལས་དུས་བཞི་ལོག་པའི་ཟས་གོས་དང་སྤྱོད་ལམ་སོགས་སྤང་ཞིང་༔ དབྱར་ནི་རི་རྩེ་གངས་འདབས་ལ་སོགས་དྭངས་ཤིང་མཐོ་བའི་སར་བསྒོམ༔ དགུན་ནི་ས་ཕུག་ནགས་ཁྲོད་ལ་སོགས་འཐིབ་ཞིང་དྲོ་བའི་སར་བསྒོམ༔ དཔྱིད་ནི་རི་ངོས་དང་མཚོ་གླིང་ལ་སོགས་དགའ་ཞིང་སྤྲོ་བའི་སར་བསྒོམ༔ སྟོན་ཀ་སྨན་ལྗོངས་དང་ཆུ་ཀླུང་འགྲམ་དང་༔ རིའི་སྟེང་ལ་སོགས་པ་ཤིན་ཏུ་ཡིད་དང་མཐུན་པར་བསྒོམ༔ དེ་དག་རྣམས་ནི་ཕྱི་ནང་རྟེན་འབྲེལ་གྱི་ཁྱད་པར་ཆེ་བས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་འཁྲུལ་སྣང་རང་གྲོལ་གྱིས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ། །མངྒ་ལཾ།། །།


previousགེགས་སེལ་ལམ་གྱི་སྒྲོན་མེ།next