Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞལ་གདམས་རིན་ཆེན་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞལ་གདམས་རིན་ཆེན་ཕྲེང་བ།next

ཞལ་གདམས་རིན་ཆེན་ཕྲེང་བ།

བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིགས་ལས༔ ཞལ་གདམས་རིན་ཆེན་ཕྲེང་བ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་གསང་བ་སྙིང་ཐིགས་ཀྱི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་དོན༔ ཁྲིད་རྒྱབ་ཞལ་གདམས་མན་ངག་ཅིག༔ སློབ་དཔོན་རྗེ་ལ་ལུང་ཞུས་ནས༔ ཁོ་མོས་ཕྱི་རབས་དོན་དུ་འདྲི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དེ་ཡང་བདེ་གཤེགས་སྙིང་པོ་བསྒོམ་པ་ཞེས་མིང་ཚིག་ཏུ་བརྗོད་པའི་ཐེག་པ་མང་ཡང་༔ དོན་མངོན་སུམ་དུ་སྟོན་ནུས་པའི་ཐེག་པ་ནི་ཡང་གསང་བླ་ན་མེད་པ་འདི་ཁོ་ན་སྟེ༔ དཔེར་ན་རིའི་རྒྱལ་པོའི་རྩེ་མོ་ལ་གང་ཟག་གཅིག་སླེབས་ན༔ གླིང་དང་གསེར་རི་རོལ་མཚོ་ལྕགས་རི་ལ་སོགས་ཀྱི་བཀོད་པ་དབང་པོའི་ཡུལ་དུ་མངོན་སུམ་དུ་གསལ་ཞིང་༔ ཡིད་གཉིས་ཀྱིས་འཛིན་པའི་ཐེ་ཚོམ་རྣམས་དང་ཡོངས་སུ་བྲལ་ཞིང་༔ བཀོད་པ་དེ་རྣམས་མངོན་སུམ་དུ་མཐོང་བས་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལྟར༔ ཐེག་པ་མཆོག་གི་སྒོ་འདིར་ཞུགས་པའི་རྣལ་འབྱོར་བ་རྣམས་ཀྱི་དབང་པོའི་ཡུལ་ཡེ་ཤེས་མངོན་སུམ་དུ་གསལ་བ་ལ༔ ཚུལ་བཞིན་ཉམས་སུ་བླངས་པས་སྐད་ཅིག་དང་པོ་ལ་བྱེ་བྲག་ཕྱེད་དེ༔ སྐད་ཅིག་གཉིས་པར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་མཚན་ཉིད་རྟོགས། སྐད་ཅིག་གསུམ་པ་ལ་སྣང་བ་བཞི་མཐར་ཕྱིན་ཏེ་འབྲས་བུ་ཟད་སར་འཁྱོལ་བ་སྟེ༔ གོལ་འཕྱུག་དང་སྒྲིབ་གཡོགས་ཀྱི་ཡུལ་ལས་འདས་པའོ༔ ཐེག་པ་འོག་མ་རྣམས་ནི་རི་རབ་མ་མཐོང་བའི་མིས༔ རི་རབ་དང་གླིང་བཞིའི་ཆགས་ལུགས་བཀོད་པ་རྣམས་གླེང་མོ་བྱེད་ཅིང་ཡིད་དཔྱོད་ཀྱིས་གཏན་ལ་དབབ་ཀྱང་༔ ཐེ་ཚོམ་ལས་མེད་དེ་ཇི་ལྟ་བ་བཞིན་གཏན་ལ་མི་ཕེབས་པ་དང་འདྲའོ༔ དེས་ན་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་པའི་གདམས་པ་ཟབ་མོ་འདི་ཉམས་སུ་ལེན་པའི་གང་ཟག་ལ་ཉམས་སྣང་བ་བཞི་འབྱུང་བ་ཡིན་ཏེ༔ རིག་པ་མངོན་སུམ་གྱི་སྣང་བ་དང་༔ ཉམས་གོང་འཕེལ་གྱི་སྣང་བ་དང་༔ རིག་པ་ཚད་ཕེབས་ཀྱི་སྣང་བ་དང་༔ ཆོས་ཉིད་ཟད་པའི་སྣང་བའོ༔ དེ་ལ་རིག་པ་མངོན་སུམ་མམ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ གནད་རྣམ་པ་གསུམ་གྱི་སྒོ་ནས་མཐོང་བ་ཡིན་ཏེ༔ དེ་ཡང་མངོན་ཞེས་པ་དབང་པོའི་གནད་ཕེབས་པ་ལ་ཟེར་རོ༔ གསུམ་ཞེས་པ་སྒོ་དང་ཡུལ་དང་རིག་པའི་གནད་གསུམ་ལ་བརྟེན་ནས༔ རང་རིག་ཡེ་ཤེས་ཀྱི་སྣང་བ་སྒྲིབ་གཡོགས་དང་བྲལ་བ་གསལ་ལ་རྗེན་པ་མིག་གི་ཤེས་པའི་ཡུལ་དུ་སྣང་ནུས་པའོ༔ སྣང་ཞེས་པ་ནམ་མཁའ་དང་རིག་པ་དབྱེར་མེད་སྒྲིབ་གཡོགས་དང་བྲལ་བར་སྣང་ནུས་པའོ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི༔ སྣང་བའི་ཉམས་དང་ཤེས་པའི་ཉམས་སོ༔ སྣང་བའི་ཉམས་ནི་རིམ་པར་གོང་འཕེལ་དུ་འཆར་ཞིང་༔ ཤེས་པའི་ཉམས་ནི་བློའི་འཛིན་རྟོག་དུ་གྱུར་པ་འགྱུར་བའི་རང་བཞིན་ཅན་ཡིན་ཏེ༔ སྣང་བའི་འོད་གསལ་ལ་རྩེ་གཅིག་ཏུ་བསྒོམས་པས་ཉམས་ཀྱི་སྣང་བ་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་རོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ ཐིག་ལེ་དང་ལུག་རྒྱུད་སྐུ་རུ་ཤར་བའི་ཚེ་ཡིན་ཏེ༔ འབྱུང་བཞི་འོད་གསལ་དུ་གྲོལ་བར་འགྱུར་རོ༔ བཞི་པ་ཆོས་ཉིད་ཟད་པ་ནི༔ སྐུ་གསུམ་གྱི་ཞེན་པ་ལམ་དུ་ཟད་ནས་ཡེ་ཤེས་ཀྱི་སྣང་བ་སྐུ་གསུམ་གྱི་རོལ་པར་ཤར་ཚེ་འོད་ཀྱི་གསེབ་ན་སེན་མོའི་འོད་ཙམ་སྣང་བའི་དུས་སུ་འགྲོ་བའི་དོན་བྱེད་པར་འདོད་ན༔ འོད་ལ་མ་གཏད་པར་སེན་མོ་ཉིད་ལ་གཏད་དེ་ཡུན་རིང་དུ་བསྒོམས་པས༔ སྣང་བའི་ཡེ་ཤེས་དེ་རང་ལོག་ནས་འཕོ་བ་ཆེན་པོའི་སྐུ་འགྲུབ་སྟེ་དུས་གསུམ་ཀུན་ཏུ་འགྲོ་བའི་དོན་འབྱུང་བར་འགྱུར་རོ༔ དེ་ལྟ་བུའི་གདམས་པ་དེ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གི་སྒོ་གསུམ་གྱི་བྱ་བ་བཏང་དགོས་ཤིང་༔ སྐུ་གསུམ་གྱི་བཞུགས་སྟངས་ལ་བསླབ་དགོས་པའོ༔ དང་པོ་ལུས་ཀྱི་བྱ་བ་ཚེ་འདིའི་ཉེར་ལེན་ཚོང་དང་སོ་ནམ་ཁེ་དྲག་གི་ལས་རྣམ་གཡེང་གི་བྱ་བྱེད་ཕྱག་སྐོར་ལ་སོགས་ཆོས་སྤྱོད་ཕྱི་མ་ཐམས་ཅད་བཏང་༔ གཉིས་པ་ངག་གི་བྱ་བ་ཕྱི་འཁྲུལ་པའི་ལོང་གཏམ༔ ནང་ཆོས་སྤྱོད་ཀྱི་འདོན་བརྗོད་གསང་བ་བཟླས་བསྒོམ་སྙིང་པོ་ལ་སོགས༔ དང་པོ་ཉུང་ངུ་ལ་བསླབ་ཅིང་མཐར་པི་ཝང་གི་གསང་ཐག་བཅད་པ་ལྟར་ལྐུགས་པ་སྒྲ་མེད་དུ་གནས་པར་བྱའོ༔ གསུམ་པ་སེམས་ཀྱི་བྱ་བ་ཕྱི་སེམས་དང་སེམས་བྱུང་གི་འཁྲུལ་རྟོག༔ ནང་སྒོམ་སྒྲུབ་ཀྱི་བསྐྱེད་རིམ༔ གསང་བ་ཡར་གྱི་རེ་བ་དང་མར་གྱི་དོགས་པ་རྣམས་སྨྲ་བསམ་བརྗོད་མེད་དུ་ལ་བཟླས་ཏེ་བྱ་བ་དགུ་བྲལ་དུ་གནས་པར་བྱའོ༔ གཉིས་པ་སྐུ་གསུམ་གྱི་བཞུགས་སྟངས་ནི༔ ཆོས་སྐུ་སེང་གེའི་འདུག་སྟངས་ཞེས་པ་རྐང་མཐིལ་གཉིས་ས་ལ་སྦྱར༔ ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་རྐང་པའི་མཐེ་བོའི་རྩར་ཕབ་སྟེ༔ རོ་སྟོད་སེང་གེ་ལྟར་གསིག༔ རྩལ་འགྱིང་པ་ལ་བོར་ཏེ་དབང་པོ་ཡུལ་ལ་བགྲད་དེ་བལྟ་བར་བྱའོ༔ ལོངས་སྐུ་གླང་ཆེན་ཁ་སྤུབ་ཞེས་པ་པུས་མོ་དང་བྲང་གཉིས་སྦྱར་ནས༔ རྐང་སོར་གཉིས་ཕྱིར་ཕུལ་གྲུ་མོ་ས་ལ་བཙུགས་ཏེ་འཇིང་པ་གྱེན་ལ་འདེགས་ནས་དབང་པོ་ཡུལ་ལ་འཕྲེད་དུ་བལྟ་བར་བྱའོ༔ སྤྲུལ་སྐུ་དྲང་སྲོང་ཙོག་པུ་ཞེས་བྱ་བ་རྐང་མཐིལ་གཉིས་ས་ལ་ཕབ་ནས་ལོང་བུ་གཉིས་གཤིབ༔ པུས་མོ་བྲང་ལ་སྦྱར་ཏེ་ལག་གཉིས་གཡས་གཡོན་གྱི་གྲུ་ཚིགས་ནས་བཟུང་ནས་སྒལ་ཚིགས་བསྲང་ཞིང་༔ འཇིང་པ་དགྱེ་དགུ་དྲང་པོའི་ངང་ནས་ཟིམ་བུས་ཟུར་ལ་ཕབ་ཏེ་བལྟའོ༔ དེ་ལྟར་སྒོ་གསུམ་གྱི་བྱ་བ་བཏང་ཞིང་སྐུ་གསུམ་གྱི་བཞུགས་སྟངས་ལ་བསླབས་པས་ཐབས་མང་ལ་དཀའ་བ་བྲལ་བའི་སྒོ་ནས་ཡེ་ཤེས་སྐད་ཅིག་ཉིད་ལ་འཆར་བར་འགྱུར་བ་ཡིན་ཏེ༔ ལུས་ཀྱི་འདུ་བྱེད་བོར་བས་འབྱུང་བའི་ཁམས་མི་འཁྲུག་ཅིང་ཡེ་ཤེས་འཆར་བའི་གཞི་བྱེད་པ་དང་༔ ངག་གི་བྱ་བ་བཏང་བས་ལས་རླུང་རང་སོར་རྒྱུ་ཞིང་༔ རླུང་དལ་བས་རྣལ་འབྱོར་བ་ཚེ་རིང་བ་དང་༔ རྩ་ཀ་ཏི་ཤེལ་སྦུག་ཅན་དུ་རླུང་གི་འགྱུ་བ་རན་པར་རྒྱུ་བས༔ ཡེ་ཤེས་རང་ས་མྱུར་དུ་ཟིན་པ་དང་༔ སེམས་ཀྱི་བྱ་བ་བཏང་བས་ཁྲེགས་ཆོད་རང་བབས་ཀྱིས་འཆར་བ་སྟེ༔ མདོར་ན་ཕྱིའི་ནམ་མཁའ་རྐྱེན་དང་བྲལ་བ༔ ནང་གི་ནམ་མཁའ་མིག་དང་སྙིང་དུ་འབྲེལ་བ་རྩ་དར་དཀར་གྱི་སྐུད་པ་ཙམ་འཇམ་ལ་མཉེན་པ༔ ཁྲག་དང་ཆུ་སེར་སོགས་མེད་པ༔ བ་མན་གྱི་རྭ་ལྟ་བུའི་རྩ་སྦུབས་སྟོང་བ་དང་༔ གསང་བའི་ནམ་མཁའ་སྙིང་མཆོང་གུར་སྨུག་པོའི་གཞལ་ཡས་ན་རྩ་རྒྱས་མཆོག་གསེར་གྱི་ཉི་མ་ཅན་ཞེས་བྱ་བ༔ ཆོས་སྐུ་ཡེ་ཤེས་ལྔ་ལྡན་རང་བྱུང་གི་འོད་ཟེར་དང་བཅས་པར་དྭངས་སེང་ངེར་བཞུགས་པ་རྣམས༔ རང་བཞིན་གྱིས་དྭངས་པ་དང་༔ བརྟན་པ་དང་༔ རྩོལ་མེད་དུ་ཟིན་པ་ལ་སོགས་པའི་དགོས་པ་ཡོད་ཅིང་༔ ཁྱད་པར་དུ་སྐུ་གསུམ་གྱི་བཞུགས་སྟངས་བྱས་པས༔ ཡེ་ཤེས་ཀྱི་གཞི་མཆོང་གུར་སྨུག་པོ་ལས་ལམ་ཀ་ཏི་ཤེལ་སྦུག་ཅན་ནས༔ སྒྲོན་མ་མིག་གི་ཡུལ་དུ་ཡེ་ཤེས་ཀྱི་སྣང་བ་ཕྱི་དབྱིངས་རྐྱེན་བྲལ་དུ་གསལ་བར་འགྱུར་བའི་དགོས་པ་ཡོད་པའོ༔ དེ་ལྟར་སྒོ་གསུམ་གྱི་རྩོལ་བ་ལ་བརྟེན་ནས་ཉམས་སུ་བླངས་པས༔ སྒོའི་གནད་སོ་བ་ལྟ་བུ་ལ༔ ཡུལ་གྱི་གནད་མགྲོན་པོ༔ རླུང་གི་གནད་ཇག་པ་ལྟ་བུ་དང་འདྲ་བ་ཡིན་ཏེ༔ དེ་ཡང་སོ་བས་ཐེབས་ཚེ་ཇག་པ་འཁྱུག་དབང་མེད་པ་དང་འདྲ་བ་ལྟར༔ དབང་པོའི་སྒོ་མ་འགུལ་བས་རླུང་རང་བཞིན་གྱིས་དལ་སྟེ༔ མགྲོན་པོ་རང་ཡུལ་དུ་ཕྱིན་ནས་སྡོད་པ་ལྟར༔ རིག་པ་ཡུལ་དུ་མངོན་སུམ་དུ་མཐོང་ངོ་༔ དེ་ཡང་ཡུལ་མེད་ན་གཞི་མེད༔ སྒོ་མེད་ན་ལམ་མེད༔ རླུང་མེད་ན་ཤེས་རབ་བྲལ་བས༔ དེས་ན་གནད་གསུམ་ལ་བསྣུན་པ་ཁག་ཆེའོ༔ དེ་ལྟར་གནད་གསུམ་བསྣུན་ཏེ་ཉམས་སུ་བླངས་ཚེ༔ རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ༔ འཇའ་ཚོན་ལྟ་བུའམ༔ རྨ་བྱའི་མདོངས་ལྟ་བུ་འཆར་རོ༔ དེའི་ནང་དུ་ཐིག་ལེ་སྟོང་བའི་སྒྲོན་མ་ཞེས་བྱ་བ༔ ཀོ་མོག་ཏུ་རྡོ་སྐྱུར་བ་ལྟ་བུ་དང་༔ ཕུབ་ཀྱི་སྦ་ཀོར་ལྟ་བུའི་ནང་དུ་ཐིག་ལེ་ཡུངས་འབྲུ་ཙམ་དང་སྲན་མ་ཙམ་དུ་འཆར་རོ༔ དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་རྟ་རྔ་ལ་མདུད་པ་ལྕགས་ཐག་ལྟར་བོར་བའི་རྣམ་པ་དང་༔ མུ་ཏིག་རྩ་ལ་བརྒྱུས་པ་ལྟ་བུ་དང་༔ མེ་ཏོག་གི་དྲ་བ་རླུང་གིས་སྐྱོད་པ་ལྟ་བུ་དང་བཅས་པ་ཐམས་ཅད་ཀྱང་གཉིས་འབྲེལ་དང་༔ གསུམ་འབྲེལ་ལ་སོགས་པ་འཆར་ཏེ༔ དེ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བའོ༔ དེ་ནི་དབྱིངས་རིག་འདུ་འབྲལ་མེད་པར་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་པའོ༔ དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ སྐུའི་རྟགས་སུ་ལུ་གུ་རྒྱུད༔ དེ་རྣམས་གནས་ས་ཙིཏྟའི་ནང་དུ་གནས་ཤིང་༔ ལམ་ཀ་ཏི་ཤེལ་སྦུག་ནས་དབང་པོའི་ཡུལ་དུ་རྐྱེན་བྲལ་གྱི་ནམ་མཁའ་ལ་འཆར་བའོ༔ དེས་ན་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ལ་སོགས་ཏེ༔ བློས་འཛིན་པའི་ལྟ་བ་རྣམས་ཡོངས་སུ་ནུབ་པའོ༔ དེ་ནས་ཉམས་གོང་འཕེལ་ནི༔ གོང་གི་དེ་རྣམས་ཉམས་སུ་བླངས་པས༔ དབྱིངས་དང་རིག་པ་རེས་གསལ༔ རེས་མི་གསལ་བ་འབྱུང་ངོ་༔ ད་དུང་ཉམས་སུ་བླངས་པས་དབྱིངས་རིག་སྨིན་ཕྲག་ལས་བྲལ་ཏེ༔ དབང་པོའི་དངོས་པོ་དང་བྲལ་བ་འབྱུང་ངོ་༔ ཐིག་ལེ་ཡང་སྲན་མ་ཙམ་དུ་འགྲོའོ༔ ད་དུང་ཉམས་སུ་བླངས་པས་འོད་ལྔའི་སྣང་བ་དང་༔ གྱེན་འགྲེང་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེའི་རྣམ་པ་དང་༔ རྩིབ་ཤར་གྱི་རྣམ་པ་ལྟ་བུ་རྣམས་འབྱུང་ཞིང་༔ འོད་དེ་དག་གིས་རང་མདུན་ཐམས་ཅད་ཁྱབ་པར་འཆར་རོ༔ ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་རོ༔ ད་དུང་ཉམས་སུ་བླངས་པས་དབྱིངས་ཀྱི་སྣང་བ་ལ་རིན་པོ་ཆེའི་དྲ་བ་དང་༔ འོད་ཀྱི་དྲ་བ་དང་༔ དྲ་ཕྱེད་བཀྲམ་པ་ལྟ་བུ་དང་༔ མིག་ཚགས་ལྟ་བུ་དང་༔ མདུང་རྩེ་ལྟ་བུ་དང་༔ པདྨ་སྟོང་ལྡན་དང་༔ ཉི་ཟླ་མཁར་ཐབས་དང་༔ རལ་གྲི་རྡོ་རྗེ་འཁོར་ལོ་གྲི་གུག་མེ་ལྕེ་ཉ་མིག་གི་རྣམ་པ་ལྟ་བུར་འགྱུར་རོ༔ སྣང་བ་དེ་རྣམས་ཀྱིས་རང་གནས་པའི་ཡུལ་ཁེངས་པར་འཆར་རོ༔ ཐིག་ལེ་རྣམས་ཁམ་ཕོར་ཙམ་དུ་འགྱུར་རོ༔ ད་དུང་ཉམས་སུ་བླངས་པས་འོད་ཀྱང་ཉུངས་འབྲུ་ཙམ་དུ་འགྱུར་རོ༔ ཐིག་ལེ་བསེ་ཕུབ་ཙམ་དུ་འགྱུར་རོ༔ ད་དུང་ཉམས་སུ་བླངས་པས་འོད་ཀྱིས་ཡུལ་ཁམས་ཁྱབ༔ དབྱིངས་རིག་ཉིན་མཚན་མེད་པར་གསལ༔ ཐིག་ལེ་རྣམས་ཀྱི་ནང་དུ་ཐིག་ལེ་རྐྱང་པ་རེ་རེ་སྣང་༔ རིག་པའི་བར་དུ་སྐུ་ཕྲ་མོ་རེ་འབྱུང་ངོ་༔ རིག་པ་ནི་འགུལ་འཕྲིག་མེད་བར་སྡོད་པའོ༔ དེ་ལྟར་ཤར་བའི་དུས་ན་བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས༔ ཕྱིས་བར་དོ་མི་འབྱུང་ངོ་༔ དེ་ཡང་ཉམས་སུ་བླངས་པས་རིག་པ་ཚད་ལ་ཕེབས་པ་ནི༔ གོང་གི་ཐིག་ལེ་དེ་དག་རེ་རེའི་ནང་དུ༔ རིགས་ལྔ་ཡབ་ཡུམ་ལྔ་ལྔར་འཆར་ཞིང་༔ དེ་དག་ཀྱང་གྲངས་ལས་འདས་པ་བྲེ་ཚད་སྲང་ཚད་ལྟ་བུར་འགྱུར་བ་ཚད་ལ་ཕེབས་པ་སྟེ༔ དེས་ནི་རྣལ་འབྱོར་བ་གྲོལ་བའི་གདེངས་དང་ལྡན་པ་ཅེས་བྱ་སྟེ་མ་བསྒོམས་ཀྱང་མི་འགལ་ལོ༔ དེ་དུས་ལུས་ཀྱི་ཕུང་པོ་འོད་དུ་གྲོལ༔ འབྱུང་བའི་ཁམས་རྣམས་རང་བཞིན་གྱིས་དག༔ སྣང་བ་རང་བཞིན་མ་གྲུབ་པས་ལོངས་སྤྱོད་རྫོགས་པའི་སྐུར་རང་གྲོལ་ཏེ༔ ལོངས་སྤྱོད་རྫོགས་པའི་སྐུར་ངོས་ཟིན༔ སྐུའི་འཛིན་པ་དབྱིངས་སུ་རང་གྲོལ༔ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ དེ་ཡང་ཉམས་ཀྱི་འཕེལ་ཟད༔ སྣང་བ་དང་མི་སྣང་བའི་འཛིན་པ་མེད་པར་རང་གྲོལ་བས༔ དེ་ཚེ་ཆོས་ཉིད་ཟད་པ་ཞེས་ཐ་སྙད་དུ་བཏགས་པའོ༔ ཉམས་དང་ལུས་དང་དབང་པོ་དང་༔ རྟོག་པ་ལ་སོགས་ཚིག་དང་༔ འཁྲུལ་པར་གྱུར་པ་ཐམས་ཅད་ཟད་ནས༔ ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བར་འགྱུར་རོ༔ དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་ནས༔ ཉམས་གོང་འཕེལ་གྱི་ཉམས་སྣང་༔ དབྱིངས་དང་རིག་པ་གོང་དུ་འཕེལ་བ་ལ་བརྟེན༔ ཚད་ལ་ཕེབས་པའི་རྟགས་རྣམས་མཐར་ཟད་སར་བསྐྱལ་བས་ཆོས་ཉིད་ཟད་པ་ཅེས་བྱའོ༔ གོང་གི་རྒྱབ་ཆོས་ཞལ་གདམས་སུ་དེ་ལྟར་གནད་དང་༔ ཡུལ་དང་རིག་པ་གསུམ་པོ་གནད་དུ་བསྣུན་པས༔ དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད་དངོས་སུ་མཐོང་བ་དེ་ཁོ་ན་གདོད་མ་གཤིས་ཀྱི་སངས་རྒྱས་ཡིན་པས༔ ཡིད་དཔྱོད་ཚིག་གི་སྒྲོས་བཏགས་སུ་མེད་པ་ལ་ཆོས་ཉིད་མངོན་སུམ་དུ་སྣང་བ་ཅེས་བྱའོ༔ དེས་ནི་སྤྲུལ་པའི་སྐུའི་སྣང་བ་རྣམས་རང་བཞིན་གྱིས་ཟིན་པའོ༔ དེ་ལྟར་ཚུལ་བཞིན་ཉམས་སུ་བླངས་པས༔ གོང་ནས་གོང་དུ་འཕེལ་ཏེ་ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་མེད་རང་བྱུང་དུ་འཆར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་ཟིན་པའོ༔ དེ་ནས་སྣང་བ་དེ་དག་འགགས་ནས་སྐུའི་སྣང་བ་ཤར་ཏེ་རང་ལུས་འོད་གསལ་དུ་སྒྲོལ་བ་ནི༔ རིག་པ་ཚད་ལ་ཕེབས་པ་ཞེས་བྱ་སྟེ༔ ཉམས་ཀྱི་འཕེལ་འགྲིབ་ཟད༔ བྲེ་ཚད་སྲང་ཚད་ལ་ཕེབས་པ་ལྟ་བུ་རིག་པ་ཚད་ལ་ཕེབས་པའི་སྣང་བ་ཟིན་པའོ༔ དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི༔ སྣང་བའི་ངོ་བོར་གྲུབ་པ་མེད་པའོ༔ དེ་དག་གི་འཛིན་པ་དང་བྲལ་བས་སྐྱོད་བྱེད་ཀྱི་རླུང་གི་གཤོག་པ་ཆག་པའི་དུས་ན༔ འབྲས་བུ་ཟད་སར་འཁྱོལ་བས་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ༔ དེ་ལས་ཡར་བརྒལ་ས་མེད་པའོ༔ དེ་ཡང་ཉམས་ལ་གཉིས་ཏེ༔ སྣང་བའི་ཉམས་དང་ཤེས་པའི་ཉམས་སོ༔ སྣང་བའི་ཉམས་ཀྱི་འོད་གསལ་ལ་གཉིས་ཏེ༔ སྣང་ཉམས་དང་ཤེས་ཉམས་སོ༔ སྣང་ཉམས་འོད་གསལ་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་འཆར་གྱི༔ ཤེས་ཉམས་ནི་ཆོས་ཉིད་ཡིད་དཔྱོད་དུ་བལྟ་བ་རྣམས་ལ་ཡང་འཆར་བས༔ ཐུན་མོང་ཞེས་བྱའོ༔ སྣང་ཉམས་ནི་ཐུན་མོང་མ་ཡིན་པའི་ཉམས་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ གདམས་པའི་མཐར་ཐུགས་འོད་གསལ་སྙིང་པོའི་ཆོས༔ ཐེག་པའི་རྩེ་རྒྱལ་གསང་བ་མཆོག་གི་ལམ༔ ཚེ་གཅིག་སངས་རྒྱས་ལག་འཆང་གདམས་པ་འདི༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན་གྱི་ཕྱིར༔ བུད་མེད་བློ་དམན་བདག་གིས་ཡི་གེར་བཏབ༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་རྒན་གྱིས་སྲིང་མོ་རྫོང་གི་གནས་ནས་གདན་དྲངས་ཤིང་ཤོག་སེར་ལས་མགྱོགས་པར་ཕབ་པའོ། །མངྒ་ལཾ།། །།


previousཞལ་གདམས་རིན་ཆེན་ཕྲེང་བ།next