Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས།next

བཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས།

བཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས་ཉེར་མཁོ་རིག་འཛིན་ཉི་མ་གྲགས་པས་སྦྱར་བ་བཞུགས། དཔལ་གདོད་མའི་མགོན་པོ་རྒྱལ་བ་ཀུན་ཏུ་བཟང་པོ་དགུ་ལྡན་བརྒྱུད་པའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ལ་དང་པོ་འཁོར་བ་དང་མྱ་ངན་ལས་འདས་པ་རྒྱ་མ་བྲལ་བའི་སྔོན་རོལ་དུ་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད། དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཚེ། གཞི་ལས་འཕགས་པའི་སྐད་ཅིག་ལ་རང་སྣང་དུ་ངོ་ཤེས་པས་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གདོད་མའི་ཟད་ས་ཀ་དག་ཆེན་པོ་གཞོན་ནུ་བུམ་པའི་སྐུའི་ཞིང་ཁམས། ཆོས་ཉིད་འོད་གསལ་གྱི་གཞི་སུས་ཀྱང་འདུས་མ་བྱས་པའི་ཡོན་ཏན་ལས་རང་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་ཕོ་བྲང་དུ། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས། ཆོས་ཀྱི་སྐུའི་རང་བཞིན་དུ་བཙན་ས་ཟིན་ཏེ་སྐུ་ཞལ་ཕྱག་སོགས་ཅིའི་ཡང་ངོ་བོར་མ་གྲུབ་པར། ནམ་མཁའ་ཇི་སྲིད་པར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ། འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་ནང་གསལ་ཕྲ་བའི་ཡེ་ཤེས་གདོད་མའི་དབྱིངས་དེ་ཉིད་རྣམ་པར་དག་པའི་ཀློང་དུ་བཞུགས་པའོ། །དེའི་ཚེ་བསྟན་པ་ནི་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་ཆོས་ཀྱི་སྐུའི་རང་བཞིན་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་རྡོ་རྗེའི་གནས་ངོ་མཚར་རྨད་དུ་བྱུང་བ་ཆེན་པོའི་བདག་ཉིད་དོ། དེ་མཚོན་བྱེད་ཆོས་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བའི་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་གྲུབ་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་བཅུ་བའི་བར་གྱི་མི་རྣམས་ཀྱི་ཆག་གང་བ། སངས་རྒྱས་ཆོས་ཀྱི་སྐུའི་བསྟན་པའི་བཙས་ནམ་མཁའ་ལ་ལྷུན་གྱིས་གྲུབ་པར་སུས་ཀྱང་མ་བྱས་པར་རང་ཤར་བ་ནི་ཆོས་ཀྱི་སྐུའི་བསྟན་པ་དང་བསྟན་པའི་བཙས་ཀྱི་རིམ་པའོ། །རྒྱལ་བ་ཆོས་ཀྱི་སྐུ་དེའི་རང་མདངས་སམ་བྱིན་རླབས་ལས་རང་སྣང་སྟུག་པོ་བཀོད་པའི་ཞིང་ཁམས་ཕྱི་གསལ་འོད་ལྔས་བརྒྱན་པ་ན། རིགས་ལྔ་སོ་སོའི་སྟོན་པ་རང་སྣང་དཀྱིལ་འཁོར་གྱི་རོལ་པར་ཤར་བའི་ཚེ། བསྟན་པ་ཆོས་ཉིད་འོད་གསལ་རྫོགས་པ་ཆེན་པོའི་རང་སྣང་དུ་ལྷུན་གྱིས་གྲུབ་པའི་དུས་ན། རང་ཆས་ཀྱི་ཡེ་ཤེས་ཆེན་པོར་བཞུགས་ཏེ། ལས་དག་པའི་གདུལ་བྱ་རྣམས་ཀྱི འང་སྤྱོད་ཡུལ་ལས་འདས་པར་སྣང་བའོ། །དེ་མཚོན་བྱེད་ལོངས་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བའི་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་གྲུབ་པའི་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི་རྒྱུད་ཀྱི་གླེགས་བམ་ཆོས་ཀྱི་སྒྲ་རང་བྱུང་དུ་སྒྲོག་པ། སུས་ཀྱང་མ་བྱས་པར་རང་ཤར་བ་ནི་ལོངས་སྐུའི་བསྟན་པའི་བཙས་ཀྱི་རིམ་པའོ། །དེ་ནས་རིང་ཞིག་ན་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་རྩལ་ལས་འགྲོ་བ་རྨི་ལམ་གྱི་སྣང་བ་དང་འདྲ་བ། འཁྲུལ་རྒྱུ་མེད་བཞིན་འཁྲུལ་པ་ལྟར་སྣང་བ་རྣམས་གཡོ་བར་གཟིགས་ནས། བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་ནི། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལས་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་སྐུ་ནམ་མཁའ་མཐའ་ཀླས་པ་བཀོད་པའི་ཕྱག་རྣམས་ན་རིགས་ལྔའི་ཕྱག་མཚན་དུ་སྣང་བའི་ཁོང་གསེང་རྣམས་ལས་པདྨ་འཁྲུངས་པའི་ལྟེ་བའི་ཆ་ལ། ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་དང་བ་སྤུའི་ཁུང་རྣམས་ལས་སྤོས་ཆུའི་རྒྱུན་གངས་ཆེན་ཀྱི་མཚོ་འབབ་པའི་དབྱིངས་རྣམས་སུ་འབྱུང་བའི་རྡུལ་ཕྲ་རབ་ཇི་སྙེད་པའི་ཞིང་ཐམས་ཅད་ན། སངས་རྒྱས་ཀྱི་བྱིན་རླབས་དང་འགྲོ་བའི་ལས་ཀྱི་ཞིང་ཁམས་ཐ་དད་པ་སྣ་ཚོགས་པའི་གཟུགས་དང་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་པའི་ནམ་མཁའ་གང་དུ་ཁྱབ་པ་དེ་ཙམ་དུ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་སོགས་ལས་ཤར་བའི་ཞིང་གིས་ཁྱབ་པར་མཛད་ནས། གནས་ཕུན་སུམ་ཚོགས་པ་འགྲོ་དྲུག་རང་སྣང་ལ། སྣང་བ་སོ་སོ་དེ་རྣམས་སུ་སྟོན་པ་ཕུན་སུམ་ཚོགས་པ་སྤྲུལ་བའི་སྐུ་གང་ལ་གང་འདུལ་གྱིས་དུས་ཕུན་སུམ་ཚོགས་པ་ལས་དང་སྨོན་ལམ་དག་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་སོགས་ཐེག་པ་སྣ་ཚོགས་སུ་སྟོན་པར་མཛད་པའོ། །དེ་མཚོན་བྱེད་སྤྲུལ་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་བྱུང་བ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་སུས་ཀྱང་མ་བྱས་པར་རང་གྲུབ་པའི་སྐུ་གཟུགས་འགྲོ་བའི་ལུས་བོང་དང་མཉམ་པ་ཞིག་བྱུང་བ་ནི་སྤྲུལ་བའི་སྐུའི་བསྟན་པ་དང་བསྟན་པའི་བཙས་ཀྱི་རིམ་པའོ། །དེ་ལྟར་མི་གཡོ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་རྒྱ་མཚོའི་སྙིང་པོ་ཅན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀུན་ཏུ་བཟང་པོ་འཁོར་འདས་ཀུན་གྱི་བླ་མར་ཐོག་མ་མེད་པའི་དུས་སུ་བྱོན་ནས། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་བཀོད་པ་དེ་རྣམས་ལ་ཆོས་ཀྱི་སྐུའི་དུས་ན་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཞེས་བྱ་བ་དང་༔ ལོངས་སྤྱོད་རྫོགས་པའི་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ་བ་དང་། སྤྲུལ་བ་སྐུའི་དུས་ན་ཚངས་ཆེན་ཀྱི་བསྐལ་པའམ་ཞིང་ཁམས་ཞེས་བྱ་སྟེ། འབྱུང་བཞིས་གར་ཁྱབ་ཐམས་ཅད་ཚངས་ཆེན་ཀྱི་བསྐལ་པའི་ཁོངས་སུ་འདུ་ཞིང་ཞིང་དེ་རྣམས་སུ་དུས་བཞི་རྟག་པ་རྒྱུན་གྱི་འཁོར་ལོར། འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པ་ནི་ཐོག་མའི་ཀུན་ཏུ་བཟང་པོ་གཅིག་གི་གདུལ་ཞིང་དང་མཛད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ནི་རྒྱ་རབ་ཏུ་ཆེ་ཞིང་ཐོག་མའི་དུས་འདི་ཙམ་ཞིག་ནས་བྱུང་ངོ་ཞེས། ལོ་དང་བསྐལ་པ་ཞིང་གི་རྡུལ་རྒྱ་མཚོ་དཔག་པར་མི་ནུས་ཤིང་མཐར་གྱི་མཛད་པ་འདི་ཙམ་ན་རྫོགས་ཞེས་ཕྱི་མའི་མཐའ་གཞལ་བ་མི་ནུས་པ་འདིའི་དབྱིངས་ན་གླིང་དང་རི་དང་ཞིང་ཁམས་ཆེན་པོ་ན་བདེ་སྡུག་སྣ་ཚོགས་སུ་སྤྱོད་པ་རྣམས་ནི་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་འཁྲུལ་བ་ལྟར་སྣ་ཚོགས་སུ་སྣང་བ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལའང་སངས་རྒྱས་མང་པོ་ནི། །གངྒའི་ཀླུང་གི་བྱེ་མ་ཇི་ཡོད་སྙེད། རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་རྣམས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་གྱུར་མེད་དེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོར་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་བ་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་ཉམས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགེ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་བཀྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བར་སྣང་། །དེ་ཡི་གནས་ཉིད་ནའང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན།།འདོད་པའི་ཡོན་ཏན་དག་ལ་དགའ་མྱོས་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཅེས་དང་། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི་ཆེས་ཉུང་གི་ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་ཞིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཀྱང་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་ཉན་ཐོས་རྣམ་པར་ཐར་བ་བརྒྱད་ལས་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་བ་བརྒྱད་ལས་བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་གཟིགས་པའི་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་། ཞེས་སོ། །དེ་ལྟར་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་དེ་རྣམས་ཀྱི་ནང་ནས་ཞིང་འདིར་སྤྲུལ་པས་འགྲོ་བའི་དོན་མཛད་ཚུལ་ཡང་། སྔོན་བསྐལ་བ་བསམ་གྱིས་མི་ཁྱབ་པའི་དང་པོའི་གོང་རོལ་ནས། དཔལ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལས་སངས་རྒྱས་ཀྱི་རིམ་པ་གྲངས་མེད་བརྗོད་ལས་འདས་པས་འགྲོ་བའི་དོན་མཛད་པ་མཐའ་ཡས་པའི་ནང་ནས། བཀའ་རྫོགས་པ་ཆེན་པོ་ངེས་གསང་སྙིང་ཐིགས་ཀྱི་སྟོན་པ་རྣམས་བྱོན་ཚུལ་ཡང་། རྫོགས་པའི་སངས་རྒྱས་མངོན་འཕགས་དྲན་པ་མགོན་དང་། སྤྱི་ཕུད་སྟོང་གི་འཇིག་རྟེན་མགོན་གྱི་རྒྱལ་བ་དང་། ཚངས་པ་སྟོང་གི་ཡེ་སྲིད་མགོན་དང་། ཉི་མ་སྟོང་གི་རྒྱལ་བ་དང་། དྲ་བ་མགོན་གྱི་སངས་རྒྱས་དང་། འོད་ཟེར་སྟོང་གི་མུ་ཁྱུད་མགོན་དང་། འཁོར་བ་འཇིག་གི་རྒྱལ་བ་ལ་སོགས་འབུམ་ཕྲག་དྲུག་ཅུ་རྩ་བཞིས་བསྐལ་བ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་ཚངས་ཆེན་དག་བཀོད་ནས། སངས་རྒྱས་ས་ཡ་ཕྲག་བཅུ་དགུས་ངེས་པ་དོན་གྱི་ཐེག་པ་འདི་བསམ་གྱིས་མི་ཁྱབ་པའི་འགྲོ་བ་བྱང་ཆུབ་ལ་བཀོད་པ་དང་། ཁྱད་པར་ད་ལྟའི་ཚངས་ཆེན་གྱི་བསྐལ་པ་འདི་ལ་རྡོ་རྗེ་འཆང་ཞེས་སྤྲུལ་པའི་སངས་རྒྱས་འདིས་ཡང་དག་ངེས་པའི་ཐེག་པས་འགྲོ་དོན་མཛད་ཚུལ་ཡང་། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །འདི་ནི་སྟོན་པ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ཅེས་པས་ཐོག་མའི་སངས་རྒྱས་དང་དབྱེ་གསལ་གཉིས་འཛིན་བྲལ་ཡང་འགྲོ་བ་འདྲེན་པའི་ཕྱིར་དུ་ཐབས་ལ་མཁས་པའི་རྣམ་གྲངས་ཀྱི་བདག་ཉིད་ཅན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱ་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་དང་། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་རྙེད་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཅེས་པ་རྒྱལ་བ་རྡོ་རྗེ་འཆང་འདི་ཉིད་ཀྱིས་སྔོན་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་དུ། ཞིང་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བར་བདེ་གཤེགས་སངས་རྒྱས་མཛེས་པ་ཆེན་པོ་ལ། གསེར་གྱི་རྡོ་རྗེ་ཕུལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད། དེ་ནས་སྐྱེ་བ་གཉིས་ན་བྱང་ཕྱོགས་རླུང་གི་གཡོ་བ་བཀོད་པ་ཞེས་བྱ་བར ། ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་བྱ་བར་གྱུར་ནས། སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་ཆོས་ཉན་ནས་འདས་པའི་འོག་རོལ་དུ་བདེ་བ་མྱོང་བའི་གླིང་དུ་གློག་གི་འོད་ཅེས་བྱ་བའི་སྲས་སུ་འཁྲུངས་ཏེ། བྲམ་ཟེ་ལེགས་སྦྱིན་ཞེས་བྱ་བར་གྱུར་ནས་སངས་རྒྱས་དགེ་བའི་བློ་གྲོས་ལ་ལོ་ལྔ་ཆོས་མཉན་ལོ་བདུན་ཏིང་ངེ་འཛིན་ལ་བཞུགས། ལོ་བདུན་ཅུ་རྩ་ལྔ་ན་ནོར་བུ་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རིའི་རྩེ་མོ་ལ། སངས་རྒྱས་པའི་ཚུལ་བསྟན་ནས་ཆོས་ཀྱི་སྐུའི་དགོངས་པ་ལ་བསྐལ་པ་ཆེན་པོ་གཅིག་བཞུགས་སོ། དེ་ནས་འོག་མིན་སྟུག་པོ་བཀོད་པར་སྟོན་པ་རྡོ་རྗེ་འཆང་ཞེས་ཡོན་ཏན་རྫོགས་པའི་སྐུའི་རྣམ་པར་བཞེངས་ཏེ། དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་ཚེ། འཁོར་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་དང་། ས་ལ་གནས་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རང་སྣང་ཡོངས་སུ་བཀོད་པའི་ཚོགས་རྣམས་ལ། ཆོས་ཕུན་སུམ་ཚོགས་པ་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུར་གསུངས་སོ། །དེ་ནས་འགྲོ་བའི་དོན་དུ་རྡོ་རྗེ་འཆང་གི་ཚངས་ཆེན་གྱི་བསྐལ་པ་བཀོད་པ་རྣམས་ཀྱི་ནང་ནས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཉེར་ལྔ་བའི་བཅུ་གསུམ་མི་མཇེད་ཐུགས་ཀྱི་འཇིག་རྟེན་འདི་ཆགས་པ་དང་། རྡོ་རྗེ་འཆང་ཉིད་ལོངས་སྐུ་ལས་སྤྲུལ་པའི་སྐུར་བཞེངས་པ་དང་། འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར་དུ་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གཉིས་སུ་སྣང་བར་མཛད་པའི་ཐོག་མར། ཡུལ་དགའ་ལྡན་བརྩེགས་པར་གནས་ཕུན་སུམ་ཚོགས་པ་མེ་ཏོག་པདྨའི་ལྟེ་བ་ལ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་བསྐལ་བ་བཟང་པོ་འདིར་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་གདུལ་བའི་མཚོན་བྱེད་དུ་འོད་ཀྱི་སྣང་བའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པ་ལ། བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དཔག་ཏུ་མེད་པའི་ཚེ་གསུངས་ཏེ་ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་བསྡུ་བ་པོ་མཛད་དོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ། འཁོར་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་ཁྱབ་འཇུག་ཟུར་ཕུད་ལྔ་བའི་སྐད་ཀྱིས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་ཐུབ་པའི་ཚེ་གསུངས། གསུམ་པ་ནི་གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པའི་འོད་ཀྱི་སྤུངས་པར་སྟོན་པ་ཕུན་སུམ་ཚོགས་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས་རྨ་བྱ་འཇིང་བསྣོལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། མཁའ་ལྡིང་ཟུར་ཕུད་གསུམ་པའི་སྐད་ལས་བསྒྱུར་ཏེ་དུས་ཕུན་སུམ་ཚོགས་པ་ཚེ་ལོ་འབུམ་ཐུབ་པའི་ཚེ་གསུངས། བཞི་པ་གནས་ཕུན་སུམ་ཚོགས་པ་ཆོས་འབྱུང་མངལ་དུ་སྣང་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་ཕུན་སུམ་ཚོགས་པ་གནོད་སྦྱིན་དང་བྲག་སྲིན་མོ་སྟོང་ཕྲག་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་ཡན་ལག་གི་རྒྱུད་དྲུག་ཏེ་བཅུ་གཅིག། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་པའི་ཚེ་གསུངས། ལྔ་པ་གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་ཕུན་སུམ་ཚོགས་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་རབས་བདུན་དུ་སྣང་བ་རང་བཀོད་ནས། ཆོས་ཕུན་སུམ་ཚོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་པའི་ཚེ་གསུངས། དྲུག་པ་གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་མཁའ་འགྲོ་མ་དག་ལྷ་དང་ཀླུ་སོགས་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་གཞན་ཡང་རྒྱུད་སྡེ་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་དྲུག་ཁྲི་པའི་ཚེ་གསུངས། བདུན་པ་གནས་ཕུན་སུམ་ཚོགས་པ་སྲིན་ཡུལ་རུ་ལུའི་སྒྲ་དང་ལྡན་པའི་ཕུག་ཏུ། སྟོན་པ་ཕུན་སུམ་ཚོགས་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་སྲིན་པོ་བྱེ་བ་གཅིག་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་འདུལ་བའི་རྒྱུད་ལ་སོགས། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བདུན་ཁྲི་ཐུབ་པའི་ཚེ་གསུངས། བརྒྱད་པ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར་སྟོན་པ་ཕུན་སུམ་ཚོགས་པ་གསེར་འོད་དམ་པས། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་གྲངས་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་སྟོང་ཐུབ་པའི་ཚེ་གསུངས། དགུ་པ་གནས་ཕན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་ཕུན་སུམ་ཚོགས་པ་བརྩེ་བ་རོལ་བའི་བློ་གྲོས་ཀྱིས། འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་སྒྱུ་འཕྲུལ་བདུན་པ་ལ་སོགས་པ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སྟོང་ཐུབ་པའི་ཚེ་གསུངས། བཅུ་པ་གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འོད་སྲུང་བགྲེས་པོས། འཁོར་ཕུན་སུམ་ཚོགས་པ་ཚེ་དང་ལྡན་པ་ཀརྨ་འོད་བཟང་ལ་སོགས་པ་བདུན་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་། ལུང་ཀྲི་ཡ་དང་། ལུང་ཨ་ནུ་ལ་སོགས་པ་ཁྲི་ཕྲག་བརྒྱད། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་པའི་ཚེ་གསུངས། བཅུ་གཅིག་པ་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ། སྟོན་པ་ཕུན་སུམ་ཚོགས་པ་མངོན་རྫོགས་རྒྱལ་པོས། འཁོར་ཕུན་སུམ་ཚོགས་པ་རིགས་གསུམ་གྱི་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་ཐེག་པ་འབའ་ཞིག དུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་བའི་ཚེ་གསུངས། བཅུ་གཉིས་པ་གནས་ཕུན་སུམ་ཚོགས་པ་ཝ་ར་ཎ་སི་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་གསུམ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་བྱང་སེམས་ལྷ་ཀླུ་ལ་སོགས་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་ཚེ་གསུངས། དེ་ཡང་ཐོག་མར་སྤྲུལ་པ་བྱང་ཆུབ་པའི་བསྐལ་པ་ནས་དེའི་དབྱིངས་ན་ཞིང་འདི་ཆགས་པའི་གོང་དུ། ཞིང་ཁམས་གཞན་དུ་སྤྲུལ་པ་བྱོན་ནས་འགྲོ་བའི་དོན་མཛད་ཅིང་ད་ལྟ་མི་མཇེད་ཀྱི་ཞིང་འདིར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སྣང་ནས་འགྲོ་བའི་དོན་མཛད་པའང་། བསྟན་པའི་བཙས་རིན་པོ་ཆེ་འདི་གསུམ་གྱི་བྱིན་རླབས་ཡིན་ནོ་ཞེས་བསྟན་པ་ནི། ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང་། །བསྟན་པའི་གཟེར་དང་འཕྲུལ་ཡིག་བཅས། །སྤྲུལ་སྐུའི་ཞིང་གི་ཐོག་མ་ལ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང་། །དེ་ནས་ལྕང་ལོ་ཅན་ཀྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔ་སྨིན། །དེ་འདས་ང་ཡིས་བཟུང་བ་ཡི། །བསྟན་པའི་སྲོག་ཤིང་དམ་པ་འདིས། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བསྟེན་ནས་ངེས་པར་འབྱུང་། །བརྫུས་དང་སྒོ་ང་ལས་སྐྱེས་དང་། །དྲོད་དང་མངལ་ལས་སྐྱེ་བ་ཡི། །སེམས་ཅན་རྣམས་ནི་སྨིན་པར་བྱེད། །གདུལ་གཞིའི་བསྟན་པ་འདི་ཉིད་ནས། །བཅུ་གཉིས་ཆོས་ཀྱི་འཁོར་ལོ་འབྱུང་། འདི་ཡི་མཛད་པ་སུམ་ཅུ་དྲུག །སྐུ་གསུང་ཐུགས་ལ་བརྟེན་ནས་ནི། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཅེས་སོ། །དེ་དག་གི་ཚུལ་རྒྱས་པར་བསྟན་ན་རྡོ་རྗེ་འཆང་གིས་ཚངས་ཆེན་བཀོད་ནས་བསྐལ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སོང་བའི་རྗེས་ལ་ཞིང་འདི་ཆགས་པའི་མགོ་རྩོམ་པ་ན། འདི་ནས་བྱང་ཕྱོགས་གཡོ་བ་ལྡན་ཞེས་བྱ་བའི་ཞིང་ན་བསྟན་པའི་བཙས་གསུམ་པོ་གནས་སོ། ཞིང་དེར་ཡང་སེམས་ཅན་སོ་སོའི་ལས་ཀྱིས་འདི་དག་འབྱུང་བའི་དུས་བདུན། མི་འབྱུང་བའི་དུས་བདུན་ཏེ་བཅུ་བཞི་ལ་དར་ནུབ་ཏུ་འགྱུར་ཏེ། དེ་ལ་འབྱུང་བའི་དུས་བདུན་ནི། སྙིང་པོ་ལྡན་དང་རྫོགས་ལྡན་དང་རྫོགས་ལྡན་ཆེན་པོ་དང་གཉིས་ལྡན་དང་གསུམ་ལྡན་དང་རྩོད་ལྡན་དང་རྩོད་ལྡན་ཆེན་པོའོ། །དེའི་བར་རྣམས་སུ་ནུབ་པས་མུན་པའི་བསྐལ་པ་བདུན་ཞེས་བྱའོ། །དེ་ནས་ཞིང་འདིའི་སྣོད་བཅུད་ཆགས་ཏེ་བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ལ། སྟོན་པ་བྱོན་པས་བསྟན་པའི་བཙས་གསུམ་པོ་དེ་ཞིང་འདིར་བབས་ནས་རིམ་པ་བདུན་གྱིས་དར་ནུབ་བྱེད་དེ་མཐར་དུ་འཕར་བ་ནི། ཐལ་འགྱུར་ལས། འདི་ལྟར་བསྟན་པ་འདི་ཉིད་ལ། །ལྷག་མའི་བསྟན་པ་འདི་ལྟ་བུ། །དུས་ཀྱི་ངེས་པར་ཕྱེ་བ་བཤད། །སྙིང་པོ་ལྡན་དང་རྫོགས་ལྡན་དང་། །རྫོགས་ལྡན་དང་ནི་ཆེན་པོ་དང་། །དེ་བཞིན་གཉིས་དང་གསུམ་ལྡན་པ། །རྩོད་ལྡན་དང་ནི་རྩོད་ལྡན་ཆེ། །དེ་དག་རེ་རེའི་བར་དག་ཏུ། །མུན་པའི་བསྐལ་པ་དྲུག་ཅུ་ལ། །བསྟན་པའི་བཙས་ནི་གཞན་དུ་འགྱུར། །བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་ཏེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛཱི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་འཛིན་པའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་ཚངས་པ་སྐྱོབ། །གླིང་ནི་ཡངས་ཤིང་མཛེས་པ་ན། །བསྟན་པའི་སྲོག་ཤིང་དེར་འབབ་སྟེ། །དགའ་བའི་དཔལ་ཞེས་བྱ་བ་ཡིས། །ལྕང་ལོ་ཅན་གྱི་རིགས་བདག་གིས། །བསྟན་པ་འདི་ནི་འཛིན་པར་འགྱུར། དེ་ཡི་ཡོན་བདག་ཁྱིམ་བདག་རིགས། །དགེ་བའི་དངོས་གྲུབ་ཞེས་བྱ་བས། །ལོ་བརྒྱའི་བར་ལ་གནས་པར་བྱེད། །དེ་ནས་མུན་པའི་བསྐལ་པར་འགྱུར། །དེ་ནས་ཤར་ཕྱོགས་བདེ་བའི་རླུང་། །རྡོ་རྗེ་འབྱུང་བའི་རི་རྩེ་ལ། །བསྟན་པ་དམ་པ་འདི་བབས་ནས། །སུ་ཏྲ་སྡེ་ཞེས་བྱ་བ་ཡི། །རྒྱལ་པོ་ཉིད་ཀྱིས་བསྟན་པ་འཛིན། །དེ་ཡི་ཡོན་བདག་བྲམ་ཟེ་ནི། །ཛཱ་ཡ་ཨ་ཀར་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་འོག་མུན་པའི་བསྐལ་པ་ནི། །ལོ་ནི་སྟོང་ཕྲག་ལྔར་འབྱུང་ངོ་། །དེ་ནས་ནུབ་ཕྱོགས་རྩེ་བའི་གླིང་། །བྷ་ཏི་ས་ལི་ཞེས་བྱ་བར། །འགྲོ་བ་བཟང་པོའི་རིགས་ལ་ཡང་། །ཡང་བཅུད་སྙིང་པོ་གསུམ་བབས་ནས། །དགེ་སློང་བདེ་བའི་སྐྱོང་གི་ཡང་། །བསྟན་པ་དམ་པ་འདི་བཟུང་སྟེ། །དེ་ཡི་ཡོན་བདག་དཔའ་བོ་འཇིགས། །གདོལ་བའི་རིགས་ཀྱིས་ལོ་སྟོང་བར། །འདི་ཉིད་གནས་ཤིང་འཕེལ་བར་བྱེད། །དེ་འདས་འོག་ཏུ་མུན་པ་ཉིད། །ལོ་ནི་སྟོང་ཕྲག་ལྔར་གནས་སོ། །དེ་ནས་ཡང་ནི་འདིར་འབབས་ཏེ། །རྡོ་རྗེ་གདན་ཞེས་བྱ་བའི་གནས། །འདི་ཉིད་འཕེལ་ནས་འོད་འབར་བ། །ལོ་ནི་ལྔ་བརྒྱ་ལྔ་བཅུའོ། །འདི་ཉིད་བློ་གྲོས་བཟང་པོས་འཛིན། །དེ་ཡི་ཡོན་བདག་མཁའ་འགྲོ་མ། །བསིལ་བྱེད་གཙང་མས་བྱས་ནས་ནི། །དེ་ཡི་འོག་ཏུ་འཇིག་རྟེན་འདི། །ས་ཆུ་མེ་རླུང་སྡེབས་འཁྲུགས་ནས། །མི་གནས་སྟོང་པ་ཆེན་པོར་འགྱུར། །བསྐལ་པ་ཞེས་པ་དང་པོ་ནས། །ཐ་མ་འཇིགས་པའི་དུས་འབྱུང་ངོ་། །ཅེས་སོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་ཡིན་ལ་ལོ་ལྔ་བརྒྱ་ནི་ལྔ་བོ་ཆེ་སྟེ་ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ། །དེ་བཞིན་དུ་དར་ནུབ་བྱེ་བྲག་ཏུ་བཤད་པ་ནི། འཛམ་བུའི་གླིང་འདིར་ཡང་ད་རེས་ཡ་ཐོག་ནས་ཚེ་ལོ་བཅུ་པའི་བར་འདི་ལ་འཕེལ་འགྲིབ་རྣམ་པ་བདུན་བྱུང་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱེ་ཉོན་ཅིག་ལེགས་ལྡན་ཤ་རིའི་བུ། །བསྟན་པ་དམ་པ་རྒྱ་ཆེ་རབ་བཀོད་པ། །མཆོག་ཏུ་སྙིང་པོ་ཡང་ནས་ཡང་བསྡུས་པ། །གསེར་གྱི་སྙིང་པོ་ཉི་མ་སྣང་བྱེད་འདི། །ཐུན་མོང་འཆོལ་པར་དལ་བ་མ་ཡིན་ཏེ། །གསང་ཆེན་རིགས་དང་ལྡན་པ་འགའ་ལ་གནང་། །སྙིགས་མ་རྩོད་ལྡན་ཉོན་མོངས་རགས་པའི་དུས། །སྡེ་བ་ནང་འཐབ་དབེན་གནས་ཀུན་ཀྱང་འཇིག །རྒྱལ་ཁྲིམས་མི་གནས་རང་དགར་འདོད་རྒྱལ་སྤྱོད། །ཕ་དང་བུ་འཐབ་མཚོན་གྱིས་ལུས་རྣམས་བསྲུང་། །བསགས་པའི་ནོར་ཡལ་ས་ཡི་བཅུད་རྣམས་ཟད། །མི་མཐུན་ལྟ་སྤྱོད་དག་ཀྱང་གྲངས་མང་འབྱུང་། །སྙིགས་མ་ལྔ་བརྒྱ་ཚེ་ལོ་རིམ་གྱིས་འབྲི། །བསོད་ནམས་སྐལ་ཆུང་ཚེ་ལོ་དྲུག་ཅུའི་ཚེ། །སྙིང་པོ་འདི་ཉིད་ལོ་ནི་དྲུག་ཅུར་གནས། །དེ་འདས་འོག་ཏུ་ལོ་བརྒྱའི་བར་དུ་ནི། །རྟོག་གེར་སྤྱོད་ཅིང་གསང་བ་འདི་མི་གནས། །དེ་འདས་འོག་ཏུ་ལོ་སྟོང་ཉིད་དུ་ཡང་། །ཐོས་བསམ་བྲལ་བའི་གང་ཟག་ཡལ་ནས་ནི། །གསང་བ་མཆོག་འདི་ཉི་མ་བཞིན་དུ་འགྱུར། །དེ་འདས་འོག་ཏུ་ཉིས་བརྒྱ་མུན་པར་འགྱུར། །དེ་ནས་ཚེ་ལོ་དག་ནི་བཞི་བཅུ་ན། །སྙིང་པོ་འདི་ནི་ལོ་བརྒྱའི་བར་དུ་གནས། །དེ་འདས་སུམ་ཅུའི་བར་དུ་མུན་པར་འགྱུར། །དེ་འདས་ལོ་བརྒྱའི་བར་དུ་གནས་པ་ལ། །སྐྱེ་དགུའི་ཚེ་ལོ་སུམ་ཅུའི་དུས་ན་ནི། །གསང་མཆོག་འདི་ནུབ་རྒྱང་འཕེན་ལོ་བརྒྱ་དར། །ཚེ་ལོ་ཉི་ཤུ་པ་ལ་འདི་མི་འབྱུང་། །ཚེ་ལོ་བཅུ་པའི་དུས་སུ་འདི་འབྱུང་ནས། །འདི་དང་གང་ཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ན་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཅེས་པ་དང་། ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེས་རྒྱུ་ནི། །དེ་དག་སོ་སོའི་གནད་དག་ཏུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །རེ་རེ་དག་གིས་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེས་རྒྱུ་ཡིན། །འདི་ཉིད་དང་པོ་མུན་པའི་དུས། །འཛམ་བུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །སྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། ལོ་ནི་དྲུག་ཅུའི་བར་ལ་བསྒྱུར། །དེ་ནས་དཔལ་འཛིན་དང་པོས་འཛིན། །སྟོང་དང་སུམ་བརྒྱ་འདས་འོག་ཏུ། །ཡང་ནི་འཛམ་གླིང་བྱང་གི་ཕྱོགས། །གཟི་བརྗིད་ལྡན་པའི་རི་ཡི་རྩེར། །དགེ་སློང་གཟུགས་ལ་བྱང་སེམས་བྲལ། །གཡས་པ་ལ་ནི་རྣ་བ་གཉིས། །མིག་ནི་ཟུར་གསུམ་མས་ཡར་འགེབས། །འདི་དང་མུ་སྟེགས་སྡེ་རྩོད་ནས། །ལོ་ནི་དྲུག་ཅུར་མུན་པར་འགྱུར། །དེ་འོག་བདེ་བའི་ལྷ་ཞེས་བྱ། །ལོ་བརྒྱའི་བར་ལ་འཕེལ་བར་བྱེད། །དེནས་འཛམ་གླིང་བྱང་ཤར་དུ། །ཆུ་བོ་རབ་མེད་འབབ་པའི་རྩར། །རྒྱལ་པོའི་ལུས་ལ་བསོད་ནམས་ལྡན། །མིག་ནི་གཅིག་ལས་མེད་པ་ལ། །ཡན་ལག་རགས་ཤིང་ལུས་ཤེད་ཅན། །འཕོང་དང་སྒྱུ་རྩལ་རྣམས་ཀྱིས་བརྒྱན། །འདིས་ནི་ཆོས་བྱེད་བསྣུབ་ནས་ནི། །ལོ་ནི་དྲུག་ཅུར་བསྟན་པ་ཉིད། །འདིར་ནི་ནུབ་ནས་གཞན་དུ་འགྱུར། །དེ་འདས་རང་སངས་རྒྱས་ཀྱིས་གཟུགས། །རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་། །དེས་ནི་བསྟན་པ་དམ་པ་ཉིད། །ལོ་ནི་བརྒྱ་དང་ཉི་ཤུར་གནས། །དེ་འདས་འོག་ཏུ་འཛམ་གླིང་དབུས། །གསེར་གྱི་གྲོང་ཁྱེར་ཞེས་བྱ་བར། །གནས་བརྟན་ལུས་ལ་ལྕེ་རྩེ་གཉིས། །བོང་ཆུང་ཡན་ལག་ཆུང་བ་ཞིག །སྡེ་བ་རྩོད་ཅིང་མཚོན་ཆ་འཛིན། །འདི་འབྱུང་བས་ནི་མུན་པ་ཡང་། །ལོ་ནི་དྲུག་ཅུའི་བར་ལ་གནས། །དེ་འདས་འོག་ཏུ་འཛམ་གླིང་ཤར། །ཆུ་བོ་དག་ནི་ལོ་ཀི་ཏེ། །གཡས་ཀྱི་ཕྱོགས་ཀྱི་འགྲམ་དག་ཏུ། །དཔལ་གྱི་སེང་གེ་ཞེས་བྱ་བས། །ལོ་ནི་སྟོང་དང་བཞི་བརྒྱར་གནས། །དེ་ནས་ཡང་ནི་འཛམ་གླིང་དབུས། །ཆུ་བོ་ཆེན་པོ་གངྒཱའི་འགྲམ། །རྒྱལ་པོའི་ལུས་ལ་དཔུང་བ་ནི། །མར་གད་མདོག་དང་མཚུངས་པ་ལ། །རབ་ཏུ་འབྱུང་བ་སོར་བཞིའི་ཚད། །འདི་འབྱུང་བས་ནི་མུན་པ་ཡང་། །ལོ་ནི་དྲུག་ཅུའི་བར་ལ་འགྱུར། །དེ་འདས་འོག་ཏུ་ཀ་མ་ལ། །ཤཱི་ལ་ཞེས་བྱའི་གཙུག་ལག་ཁང་། །དེ་ཡི་བདག་པོ་གཞོན་ནུ་མགོན། །འདིས་ནི་ལོ་སྟོང་བར་དུ་གནས། །དེ་འོག་འཛམ་བུ་གླིང་གི་ལྷོ། །ཚངས་པའི་གླིང་ཞེས་བྱ་བའི་གྲོང་། །དམངས་ཀྱི་རིགས་ལ་སེང་གེའི་མགོ། །འདི་ནི་སྐྱེས་ནས་ཟླ་གསུམ་ནས། །དྲུག་ཅུའི་བར་ལ་མུན་པར་འགྱུར། །དེ་འོག་བྱ་རྒོད་ཕུང་པོ་ལ། །དགེ་སློང་མཛེས་བྱེད་གཞོན་ནུ་ཡི། །ལོ་ནི་ལྔ་བརྒྱ་ལྔ་བཅུར་གནས། །དེ་འདས་འོག་ཏུ་འཛམ་གླིང་བྱང་། །ཁ་ཆེའི་ཡུལ་ཞེས་བྱ་བ་ཡི། །སྒྲ་དང་ལྡན་པའི་གྲོང་ཁྱེར་དུ། །ཁྱི་ཡི་ལུས་ལ་མི་ཡི་གདོང་། །རིགས་ངན་དག་གི་ནང་དུ་སྐྱེ། །འདི་ནི་སྐྱེས་ནས་ལོ་བཅུ་ནས། །དྲུག་ཅུ་དག་ཏུ་མུན་བར་འགྱུར། །དེ་འདས་འོག་ཏུ་འཛམ་གླིང་གི །དབུས་ནས་ཤར་དུ་དཔག་ཚད་ལྔ། །དགེ་སློང་ཤཱཀྱ་ཛཱི་ཀ་ཡི། །འདིས་ནི་ལོ་བཅུའི་བར་དག་ཏུ། །སྒྲོན་མེ་འབར་བ་བཞིན་དུ་འགྱུར། །དེ་ལྟར་རིམ་པ་བདུན་གྱིས་ནི། །འཛམ་བུའི་གླིང་འདིར་འཕེལ་འགྲིབ་བྱེད། །ཅེས་སོ། དེ་ལྟར་འཕེལ་འགྲིབ་ལན་བདུན་རྫོགས་ཏེ་ཚེ་ལོ་བཅུ་བའི་འོག་བར་ཁུག་མ་ཆད་ལ་བསྟན་པའི་བཙས་གསུམ་ཞིང་འདིར་མི་གནས་ཏེ། འདི་ནས་ལྷོ་ཕྱོགས་མཛེས་ལྡན་བཀོད་པའི་ཞིང་དུ་འབབས་ཤིང་དར་འགྲིབ་བདུན་གྱིས་ཞིང་དེའི་མཛད་པ་རྫོགས་དུས་མི་མཇེད་སྟོང་གི་དུས་ཡིན་ཏེ། བཙས་གསུམ་ཡངས་པ་སྐྱོབ་བའི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་ཨུད་པ་ལ་མེ་ཏོག་མཛེས་པས་བཟུང་ནས་འཕེལ་འགྲིབ་ལན་བདུན་བྱས་པའི་འོག་ཏུ་ནུབ་ཕྱོགས་གཙུག་ཕུད་དབྱངས་ལྡན་གྱི་འཇིག་རྟེན་དུ་འཕར་ཏེ། སངས་རྒྱས་འཁོར་བ་འཇིག་གིས་བཟུང་ནས་ལོ་འབུམ་ཕྲག་བདུན་དུ་དར་ནུབ་བདུན་གྱི་ཚུལ་གནས་པའི་འོག་ཏུ། ཞིང་དེ་དང་རྡོ་རྗེ་འཆང་གིས་ཚངས་ཆེན་གྱི་བསྐལ་པ་ན་ཡོད་པའི་ཞིང་ཀུན་གྱི་འགྲོ་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པ་སྣོད་བཅུད་དང་བཅས་པ་སྟོངས་ཏེ། ནམ་མཁའ་གཅིག་ཏུ་གྱུར་པ་ལ། བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་ལྔར་གནས་སོ། བསྟན་པའི་བཙས་གསུམ་ནི་རྡོ་རྗེ་འཆང་གི་མཛད་པ་ཆེན་པོ་རྫོགས་པས་ཆོས་ཉིད་ཞི་བའི་དབྱིངས་སུ་རང་ཡལ་ཏེ་མི་སྣང་ངོ་། དེ་ནས་འགྲོ་བ་དབྱིངས་ལས་སྣང་བ་དང་སྤྲུལ་པས་ཚངས་ཆེན་བཀོད་དེ་བསྐལ་པ་ས་ཡ་དྲུག་འབུམ་དུ་གདུལ་བྱའི་སྣང་བ་ལ་འདུལ་བྱེད་ཀྱི་སྟོན་པ་བྱོན་དུས་རྒྱལ་བ་ཀུན་ཏུ་བཟང་པོའི་བྱིན་རླབས་ལས་བསྟན་པའི་བཙས་གསུམ་རང་འཆར་ཏེ་འཕེལ་འགྲིབ་མེད་པར་སེམས་ཅན་གྱི་དོན་འབྱུང་བར་བཤད་དེ། སྒྲ་ཐལ་འགྱུར་ལས། དེ་ནས་མཛེས་ལྡན་བཀོད་པ་ཡི། །ཞིང་ཁམས་དག་ཏུ་ངེས་འཕར་ནས། །ཚེ་ལོ་དག་ནི་བཅུ་འོག་ཏུ། །འདི་ན་མི་གནས་དེར་སྣང་ངོ་། །དེ་ལྟར་དར་འགྲིབ་རྫོགས་ནས་ནི། །བསྟན་པ་དམ་པའི་སྙིང་པོ་འདི། །ཡངས་པ་སྐྱོབ་པའི་འཇིག་རྟེན་དུ། །སངས་རྒྱས་བསྟན་པ་གནས་བྱེད་པའི། །ཨུཏྤལ་མེ་ཏོག་མཛེས་ཞེས་པའི། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །བདེ་བྱེད་བརྩེགས་པའི་ཁང་བཟང་དུ། །སྟོང་ཕྲག་ལྔ་དང་བཅས་པའི་འཁོར། །ཐམས་ཅད་བྱང་ཆུབ་སེམས་ཆེན་པོ། །མི་སྐྱེའི་ཆོས་ལ་བཟོད་ཐོབ་སྟེ། །དགེ་བའི་ལྷ་ནི་འབའ་ཞིག་འབྱུང་། །སྟོན་པ་དེ་ཉིད་བྱོན་པ་དང་། །ལོག་སྲེད་ཅན་རྣམས་དེས་བརྟུལ་ནས། །བསྟན་པ་དམ་པ་འདི་ཉིད་ནི། །ལོ་ནི་ལྔ་སྟོང་ཕྲག་སྟོང་དུ། །བསྟན་པའི་སྙིང་པོ་གནས་པར་བྱེད། །དེ་ནས་ཡང་ནི་སྔ་མ་བཞིན། །རིམ་པ་བདུན་གྱི་འཕེལ་འགྲིབ་བྱེད། །དེ་འོག་གཙུག་ཕུད་དབྱངས་ལྡན་པའི། །འཇིག་རྟེན་ཁམས་ནི་ཡངས་པར་ནི། །སྟོན་པ་མཐའ་ཡས་འཁོར་བ་འཇིག། །འཁོར་ནི་བརྒྱ་ཕྲག་ཕྱེད་དང་བརྒྱད། །ཀུན་ཀྱང་དགྲ་བཅོམ་ཟག་པ་ཟད། །བྱ་བ་བྱས་ཤིང་ཁུར་བོར་བའོ། །དེས་ཀྱང་བསྟན་པའི་སྙིང་པོ་ཉིད། ལོ་ནི་འབུམ་ཕྲག་བདུན་དུ་གནས། །སྔར་ཤུགས་ཉིད་ཀྱི་རིམ་པ་ཡི། །དེ་ལྟར་བསྟན་པ་བདུན་ཐལ་ནས། །བསྐལ་པ་བརྒྱད་ཅུ་རྩ་ལྔར་ཡང་། །ཆོས་རྣམས་སངས་རྒྱས་སྐུར་ཐིམ་ནས། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་བསྟན་པ་མི་གནས་སོ། །དེ་ནས་འཇིག་རྟེན་འོག་མ་ལ། །བསྐལ་པ་ས་ཡ་དྲུག་འབུམ་དུ། སངས་རྒྱས་བསྟན་པ་ཡུན་རིང་གནས། །འདི་ལ་འཕེལ་འགྲིབ་འབྱུང་བ་མིན། །འགྲོ་བ་རྣམས་ནི་སྨིན་བྱེད་དོ། །ཅེས་སོ། །གསང་ཆེན་ངེས་པའི་བསྟན་པ་འདིའི་སྐབས་འདིར་ཞིང་འདིའི་འགྲོ་བ་གྲོལ་ཚད་ཀྱང་། བཀོད་པོ་ཆེན་པ་ལས། ཉོན་ཅིག་རིགས་ལྡན་དགེ་སྦྱོང་དཔལ། །ང་ནི་འདི་ན་མི་གནས་ནས། །ཚེ་ལོ་དྲུག་ཅུ་ཡན་ཆད་ལ། །འབྲས་བུར་གྲོལ་བར་སྟོང་ཕྲག་གཅིག །འབྱུང་བ་རང་དེངས་དག་ཏུ་སྟེ། །དགེ་སྦྱོང་གཟུགས་ནི་དེ་ཡི་ཕྱེད། །ལྷག་མ་བྱང་ཆུབ་སེམས་དཔའ་འོ། །དེ་ནས་ལྔ་བཅུ་ལ་ཐུག་པར། །འབྱུང་བ་རང་སར་དེངས་པ་ནི། །འབུམ་ཕྲག་གཉིས་ཀྱིས་སྐྱེ་མེད་འཐོབ། །ཕལ་ཆེར་བུད་མེད་དག་གི་གཟུགས། །སྐྱེས་པ་དག་ནི་སྟོང་ཕྲག་གཉིས། །དེ་ནས་ཚེ་ལོ་སུམ་ཅུའི་བར། །འབུམ་ཕྲག་དག་ནི་དྲུག་པ་སྟེ། །འདི་དག་ཕལ་ཆེར་སྐྱེས་པ་ལ། །བུད་མེད་འབུམ་ཕྲག་གཅིག་གིས་ཡིན། །འབྱུང་བ་དེ་ནི་རང་དེངས་སོ། །དེ་དག་སྔོན་འབྱུང་ང་ཡི་འཁོར། །སྙིགས་མའི་དུས་ན་སངས་རྒྱས་འཐོབ། །ངེས་གསང་སྙིང་པོ་ཡང་ནས་ཡང་བསྡུས་པས། །འབྲས་བུ་ཉིད་ནི་འཐོབ་པ་ལས། །བསྟན་པ་གཞན་གྱི་འབྲས་བུར་མིན། །གལ་ཏེ་བསྟན་པ་གཞན་དག་ལ། །མངོན་པར་སངས་རྒྱས་བྱུང་དག་ན། །འདི་ཉིད་འཕྲད་དེ་དེ་བཞིན་ནོ། །འབྲས་བུ་ཀུན་གྱི་ཐུགས་ཀ་རུ། །འདི་ཉིད་དག་ནི་བསྟན་པའོ། །ཅེས་དང་། སྐྱེ་གཉིས་མཚམས་སུ་གྲོལ་བའི་ཚད་ཀྱང་། སྔ་མ་ལས། སྐྱེ་གཉིས་བར་དུ་མངོན་པར་འཚང་རྒྱ་བ། །ཚེ་ལོ་བཅུ་པའི་བར་དུ་འདི་དག་གོ །སྟོང་ཕྲག་བདུན་ནི་སྣང་བ་མ་དང་འཕྲད། །སྐྱེས་པ་དག་ནི་སྟོང་ཕྲག་དྲུག་ཉིད་ལ། །བུད་མེད་གཟུགས་ནི་སྟོང་ཕྲག་གཅིག་ཡིན་ནོ། །ཅེས་སོ། །ཏིང་འཛིན་ངེས་པའི་ལུང་བསྟན་ཀྱང་། ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་ཏུ། །ནུབ་ཕྱོགས་ཨོ་རྒྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་དེ་བཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཞེས་བྱ། །ལོ་ནི་བདུན་ཅུ་རྩ་ལྔར་འཛིན། །དེ་ཡི་རྗེས་སུ་སྐལ་ལྡན་པ། ཁྱིམ་བདག་རིགས་སྐྱེས་ཤྲཱི་སིངྷ། །ཞེས་པ་ཡིས་ནི་འཛིན་པར་འགྱུར། །དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙཱ་ན་སུ་ཏྲས་འདི་ཉིད་འཛིན། །དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེར་དག་གིས་འཛིན། དེ་ཡི་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་དག་གིས་འཛིན། །དེ་རྗེས་སེངྷ་ཤྭ་རིས་འཛིན། །དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་རྒྱལ་པོ་ཁྲི་འོད་དོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ན་དར། །ཅེས་སོ། དེ་ཡང་བསྟན་པ་རིན་པོ་ཆེ་འདི་ལ་དངོས་དང་གཟུགས་བརྙན་གཉིས་ལས། གཟུགས་བརྙན་ནི་འགྲོ་བའི་མོས་པ་དང་སངས་རྒྱས་ཀྱི་བྱིན་བརླབས་ཀྱིས་འགྲོ་དྲུག་གང་ནའང་ཁྱབ་པའོ། །དངོས་ཀྱི་བསྟན་པ་ལ་གསུམ་ལས། ཆོས་སྐུ་དང་ལོངས་སྐུའི་བསྟན་པ་གཉིས་ནི་སྟོན་པའི་རང་སྣང་དག་པའི་དབྱིངས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་འོད་གསལ་སྟུག་པོ་བཀོད་པ་གཉིས་ན་རྟག་པ་རྒྱུན་གྱི་འཁོར་ལོར་ཡོད་ཅིང་སྤྲུལ་པའི་སྐུའི་བསྟན་པ་ལ་ཐུན་མོང་བ་མདོ་དང་རྒྱུད་ཀྱི་རིམ་པ་དང་། ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་གཉིས་ནི་ལྷ་མིའི་བསོད་ནམས་ཁྱད་པར་ཅན་གྱི་གནས་རིས་ལས། གཞན་ན་མེད་དེ་མཁའ་འགྲོ་མ་རྣམས་ཀྱང་ལྷ་མིའི་གནས་ན་ཡོད་པའི་ཕྱིར་རོ། དེ་ལ་ད་ལྟར་གྱི་ཞིང་འདིའི་ཚེ་ཡང་སྤྲུལ་སྐུའི་བསྟན་པའི་ཚད་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ་གསུང་དང་ཐུགས་ཀྱི་བསྟན་པ་ནི་ལྔ་བརྒྱ་ལྔ་སྟོང་ཕྲག་རེའོ། །དེ་ལ་ཚེ་ལོ་དཔག་མེད་ནས་ཚེ་ལོ་སྟོང་གི་བར་སྐུའི་བསྟན་པ། ཚེ་ལོ་སྟོང་ནས་བདུན་ཅུའི་བར་གསུང་གི་བསྟན་པ། ཚེ་ལོ་བདུན་ཅུ་ནས་བཅུ་བའི་བར་ཐུགས་ཀྱི་བསྟན་པའོ། དེ་ལ་སྐུའི་བསྟན་པའི་ཚེ་ན་བསྟན་པའི་བཙས་རིན་པོ་ཆེ་གསུམ་གྱི་རྡོ་རྗེ་ནི། ཨོ་རྒྱན་ཡུལ་གྱི་ལན་ཚྭ་ཅན་གྱི་རྒྱ་མཚོ་ན་བཞུགས་ཤིང་སྐབས་སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་ཅན་མང་པོའི་སྤྲུལ་པ་འབྱུང་ངོ་། །གླེགས་བམ་དང་སྐུ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་ནམ་མཁའ་ལ་བཞུགས་ཏེ་མཁའ་འགྲོ་མ་རྣམས་ཀྱིས་མཆོད་དོ། གསུང་གི་བསྟན་པའི་དུས་ན་རྡོ་རྗེ་ནི་རི་བོ་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་རྣམས་ཀྱིས་མཆོད་ཅིང་། གླེགས་བམ་ནི་རྡོ་རྗེ་གདན་གྱི་ནམ་མཁར་མཁའ་འགྲོ་མ་རྣམས་ཀྱིས་མཆོད་དོ། སྐུ་ནི་འཛམ་གླིང་ཐམས་ཅད་དུ་འཕར་ཞིང་འབྱོན་ལ། སྐབས་སྐབས་སུ་བསྟན་པ་ལ་གནོད་པ་བྱུང་ཚེ་ཞལ་ནས་ཧཱུྃ་དང་སྤྱན་ལས་མེ་འབྱུང་བས་ཟློག་གོ །ཐུགས་ཀྱི་བསྟན་པའི་ཚེ་རྡོ་རྗེ་གདན་གྱི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་མཆོད་ཅིང་། གླེགས་བམ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་པར་བཞུགས་ཤིང་མཆོད་ལ། སྐུ་ནི་སུམ་ཅུ་རྩ་གསུམ་གྱི་གནས་ལག་ན་རྡོ་རྗེའི་ཁང་བརྩེགས་ཀྱི་ཡང་ཐོག་ཏུ་བཞུགས་ཏེ་མཆོད་དོ། །རྒྱུད་ནས་ཁོལ་དུ་ཕྱུང་བ་པོ་ཉི་མ་གྲགས་པའོ།


previousབཀའ་རྫོགས་པ་ཆེན་པོའི་ལོ་རྒྱུས།next