Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིང་རྫོང་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ།
   
   
   
   
   
   
   
   
   
   


 
previousསྲིང་རྫོང་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ།next

སྲིང་རྫོང་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ།

གནས་མཆོག་སྲིང་མོ་རྫོང་གི་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ་བཞུགས༔ གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་གནས་ཆེན་ཙ་རིའི་སྒྲུབ་པ་རྫོགས་ནས༔ སློབ་དཔོན་རིན་པོ་ཆེ་ཁམས་སྲིང་མོ་རྫོང་ཞེས་བྱ་བའི་གནས་ལ་ཕེབས་ཤིང་༔ ལྷ་འདྲེ་དམ་ལ་འདོགས་པ་དང་གཏེར་ཁ་མང་པོ་སྦས་པའི་ཚེ༔ མདོ་རི་མཁའ་འགྲོ་འབུམ་དེལ་གྱི་བཞུགས་ཁྲི་སེང་གེ་འགྱིང་བསྣོལ་གྱི་སྟེང་ན་ཚོགས་ཀྱི་འཁོར་ལོ་བསྐོར་ནས༔ ཡེ་ཤེས་དང་འཇིག་རྟེན་གྱི་འཁོར་རྣམས་ལ་ཆོས་ཀྱི་གདམས་པ་མང་པོ་གསུངས་པའི་ཚེ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ ཀྱེ་སློབ་དཔོན་རིན་པོ་ཆེ་ལགས༔ ད་ལྟའི་གནས་སྲིང་མོ་རྫོང་ཞེས་བྱ་བ་འདི་ཉིད་དུ༔ དུས་ད་ནས་བཟུང་སྟེ་མ་འོངས་ཀྱི་བར་ལ་དར་གུད་ཅི་འདྲ་འོང་༔ མདོ་ཁམས་གླིང་དྲུག་སྐྱེ་འགྲོ་རྣམས་ལ་ཆགས་གནས་འཇིག་སྟོངས་གང་འདྲ་འབྱུང་༔ ལས་དག་དང་མ་དག་གི་འགྲོ་བ་ཅི་འདྲ་འོང་༔ སྐལ་ལྡན་གྱི་སྐྱེས་བུ་ཇི་ཙམ་འབྱོན་ལགས་ཞུས་པས༔ སློབ་དཔོན་རིན་པོ་ཆེའི་ཞལ་ནས༔ ཇོ་མོ་མཚོ་རྒྱལ་ཁྱོད་ཀྱིས་ཉོན་ལ་ཡི་གེར་ཐོབ་ཅིག༔ བདག་གིས་ཅུང་ཟད་ཅིག་བརྗོད་པར་བྱའོ༔ དེ་ཡང་ཁྱེད་པྲེ་ཏ་བོད་ཀྱི་རྒྱལ་ཁམས་སྤྲེའུའི་ཚ་བོ་ཆགས་པའི་གླིང་འདི་ལ་བདེ་སྡུག་གི་རྣམ་གྲངས་ནི་བརྗོད་ཀྱིས་མི་ལང་བ་ཞིག་འོང་༔ ཁྱད་པར་མདོ་ཁམས་སྒང་དྲུག་གི་འགྲོ་བ་རྣམས་ལ་བདེ་སྡུག་དབྱར་གྱི་ཉི་མ་ལྟ་བུ་ཞིག་འོང་༔ དེའི་ནང་ནས་རགས་པ་འགའ་ཞིག་བརྗོད་ན༔ ད་ལྟ་མི་མེད་ཀྱི་ལ་ལུང་འདི་ཐམས་ཅད་དུ་མིའི་འགྲོ་བ་མཆེད་ཅིང་ས་འདི་ཐམས་ཅད་ཡུལ་གྲོང་དུ་ཁྱམ་མེར་འགྲོ༔ དེ་དུས་དབུས་དང་གཙང་དུ་ང་ཡི་སྤྲུལ་པ་དང་ས་ཐོབ་གྱི་བྱང་སེམས་མང་པོས་འགྲོ་དོན་རྒྱ་ཆེར་སྤྱོད༔ མདོ་སྔགས་གཉིས་ཞེས་བྱ་བའི་བསྟན་པ་འབྱུང་༔ དངོས་གྲུབ་ཐོབ་པའི་གང་ཟག་ཁམ་སྡོང་ལ་མེ་ཏོག་བཀྲ་བ་ལྟ་བུ་ཞིག་འབྱུང་༔ དེ་དུས་མདོ་ཁམས་ཀྱི་འགྲོ་བ་རྣམས་དགེ་མེད་སྡིག་མེད་ལ་སྡོད་པ་ཞིག་འོང་༔ དེ་ནས་དུས་དང་བསྐལ་བ་ཚན་གཅིག་ཡོལ་བའི་འོག་ཏུ་སེམས་ཅན་གྱི་སྐྱིད་པ་ཟད་པས་སྡུག་བསྔལ་དར་དྲག་ལ་ཡུན་རིང་བ་ཞིག་དབུས་དང་གཙང་དུ་འབྱུང་བའི་དུས་སུ༔ མདོ་ཁམས་ཀྱི་ཆ་འདི་ལའང་དགེ་འདུན་གྱི་སྡེ་ཐར་ཐོར་འབྱུང་ཞིང་༔ མདོ་ཁམས་ཀྱི་སྐྱེ་འགྲོས་བོད་དབུས་གཙང་ལ་བློ་གཏད་ཅིང་གང་ཟག་དང་ཆོས་ལ་ཡིད་སྨོན་ཅིང་གསོལ་བ་འདེབས༔ ཀུན་གྱིས་ཆོས་སྤྱོད་དགེ་བ་བཅུ་ལ་འདུན་པའི་དུས་ཤིག་འོང་༔ དེ་ནས་དབུས་གཙང་དུ་ཆགས་སྡང་གཉིས་ཀྱི་མགོ་འཛུགས༔ སྲིད་དང་ཆོས་སྦྲེལ༔ རྫོང་དང་དགོན་སྦྲེལ༔ རྒྱ་བོད་ཐགས་ལྟར་བྲན༔ མི་སྲིད་པའི་སྲིད་པ་སྣ་ཚོགས་ཤིག་དར་བའི་ཚེ༔ གང་ཟག་ཀྱང་མང་དུ་འབྱུང་ཞིང་བསྟན་འགྲོའི་དོན་བྱེད་བདུད་སྤྲུལ་ཡང་སྤྲིན་ལྟར་འཐིབ་ཅིང་སངས་རྒྱས་ཀྱི་བསྟན་པའི་གསོབ་ཏུ་ཞུགས་ནས་བསྟན་ཞབས་ལ་ཐག་པ་འདོགས་པ་འོང་༔ དེ་དུས་རྒྱ་ནག་གི་རྒྱལ་པོའི་དམག་ཀྱང་བོད་འདིར་ཐེངས་འགའ་འབོ་ཞིང་བོད་ཡུལ་གྱི་བློ་གཏད་རྒྱ་ནག་ལ་བྱེད༔ པྲེ་ཏ་བོད་འདི་རྣམས་ཀྱང་ད་ལྟའི་ཇ་འདི་ལ་སྲེད་ཅིང་གདུང་བས༔ རྒྱ་ནག་པས་ཀྱང་ཇ་ཁོ་ན་ལས་ཤིང་ཇ་སིག་རྣམས་ཀྱི་ནང་དུ་རྒྱ་འདྲེ་མང་པོ་རྫོང་ནས་བོད་དུ་གཏོང་བས་རྒྱ་འདྲེས་བོད་ཁམས་གཡོ༔ ནད་ཀྲེ་ཏའི་རིགས་དང་འབྲུམ་ནག་མེ་དབལ་རྒྱ་ཐོར་སོགས་འབྱུང་༔ དེ་ནས་དབུས་གཙང་དུ་ད་ལྟ་བསྒྱུར་བའི་གསང་སྔགས་རྣམས་བག་ལ་ཞ་ཞིང་ནམ་ལངས་ཀྱི་སྐར་མ་ལྟར་ནུབ༔ གསར་རྙིང་ཟེར་བའི་གྲུབ་མཐའ་ཕྱི་བ་དང་ནང་པ་འཕྲད་པ་འདྲ་བ་ཞིག་འོང་༔ དེ་དུས་སྡིག་བརྔམ་སུ་ཆེ་དཔོན་ལ་འཁུར༔ གཡོ་རྒྱུ་སུ་བཟང་གཙོ་བོར་འབོད༔ དགེ་འདུན་གྱི་བསྟན་པ་དར་དྲག་པ་ཞིག་གི་མཇུག་ཏུ་རང་བསྟན་རང་གིས་བཤིག་སྟེ༔ ཚོགས་ལ་དགེ་འདུན་རི་ལ་རྔོན་པ་བྱེད་པ་འོང་༔ དེ་དུས་ལས་དག་པའི་དགེ་བཤེས་ཀྱང་མང་དུ་འབྱུང་ཞིང་༔ གཏེར་ཁ་ཡང་འགའ་རེ་རྡོལ་ཀྱང་འགྲོ་དོན་ནི་ཆེ་བར་མི་འོང་༔ ཁྱད་པར་ང་ཡི་སྤྲུལ་པ་ལ་གཉལ་སྨད་ལྷ་རྗེ་ཞེས་བྱ་བ་ཞིག་འབྱུང་ཞིང་སྒྲུབ་པའི་བསྟན་པ་འཛུགས༔ ཁམས་ཕྱོགས་འདི་ནས་ཀྱང་གང་ཟག་འགའ་རེ་འབྱུང་ཞིང་དབུས་སུ་འགྲོ་སྟེ་དངོས་གྲུབ་འཐོབ་པ་མང་དུ་འབྱུང་༔ དེ་དུས་ཁམས་པ་འདི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཆེས་ཆེར་དད་པ་འོང་༔ ཆོས་ལ་ཞུགས་ནས་ལམ་སྣ་མི་ཟིན་པ་མི་འབྱུང་༔ དེ་ནས་དགེ་བྱེད་སྡིག་བྱེད་ཀྱི་སྤྱོད་པ་ནི་སྣ་ཚོགས་པ་ཞིག་འོང་ཞིང་༔ སྡེ་དགོན་སྐར་མ་བཀྲ་བ་ལྟ་བུ་ཞིང་འོང་༔ སྡེ་རེ་དང་དགོན་རེ་སྦྲེལ༔ གྲོང་རེ་དང་དཔོན་རེ་སྦྲེལ་ཞིང་དཀར་ནག་གི་ལས་ནི་ཁྲག་དང་འོ་མ་བསྲེས་པ་ལྟ་བུར་སྤྱོད་པའི་དུས་ཤིག་འོང་༔ བླ་མ་ཕལ་མོ་ཆེ་མི་དཔོན་དུ་འགྱུར་ཞིང་ཁྲིམས་ལས་བྱེད༔ མི་དཔོན་ཕལ་མོ་ཆེ་བླ་མར་འགྱུར་ཞིང་དད་ཟས་བཟའ༔ དེ་དུས་བཤད་སྒྲུབ་ཆོས་བརྒྱད་ཀྱི་དབང་ཁོ་ནར་གཏོང་བས་དཀར་ཕྱོགས་ཀྱི་གཞི་བདག་ཉམས་དམའ༔ ནག་ཕྱོགས་དར་བས་ཧོར་སོག་གི་མི་སྣ་ཐར་ཐོར་འབྱུང་༔ ནད་རིགས་དང་མི་དགེ་བའི་ལྟས་ཀྱང་ཚབ་ཚུབ་ལང་༔ དེ་རྣམས་བཟློག་པར་འདོད་ན་མདོ་ཁམས་མཆོད་རྟེན་དང་ཀློང་ཐང་སྒྲོལ་མ་སོགས་ང་ཡིས་རྒྱབ་པའི་ས་གནད་གསོས་པའི་མཆོད་རྟེན་འདི་རྣམས་ལ་ཞིག་གསོ་དང་རབ་གནས་སྐྱོར་ན་བཟློག་ཀྱང་། བྱེད་མཁན་ཤིན་ཏུ་ནས་དཀོན་པ་འབྱུང་༔ དེ་ནས་བོད་ཁམས་སྤྱི་དང་བྱེ་བྲག་མདོ་ཁམས་སྒང་དྲུག་གི་འགྲོ་བ་རྣམས་རང་རང་གི་ཡུལ་མི་དགོན་སྡེ་སོགས་སིལ་བུར་འགྲོ་སྟེ༔ ཐམས་ཅད་ཨར་ཇག་ལིངས་ལ་བརྩོན༔ ནང་འཁྲུག་དང་དམེ་ཁྲག་ཡང་ཡང་འཐོར༔ ལས་སུ་མཚོན་ཆ་ལས་ཤིང་གོས་ལ་ལྕགས་ཆ་གྱོན༔ གཙུག་ལག་ཁང་མང་པོ་བྱ་བྲུན་གྱིས་འགེང་༔ དེ་དུས་ང་ཡི་སྤྲུལ་པ་ལས་ཨ་ཙ་ར་ཞིག་གིས་རྡོ་རྗེ་གདན་གྱི་ཀེ་ཚང་ནས། སྟོན་པའི་འཕེལ་གདུང་བྱེའུའི་སྒོ་ང་ཙམ་ཞིག་གཏེར་ནས་འབྱིན་ཏེ༔ ཁམས་སྒ་རྒྱུད་དུ་བཞུགས་སུ་གསོལ་བས་མཐའ་དམག་ལོ་བརྒྱའི་བར་དུ་ཕྱིར་བསྲིང་༔ ཁམས་པ་རྣམས་གཞན་དབང་དུ་མི་འགྲོ་བར་རང་ཚོད་དར་ཅིག་ཟིན༔ དམ་པ་ཞེས་བྱ་བའི་གང་ཟག་ཁྱད་འཕགས་ཞིག་འབྱོན་ཏེ་ཀ་ཐོག་ཏུ་སྒྲུབ་པའི་སྡེ་འཛུགས་པས་བདུད་ཚོགས་དར་ཅིག་ཉམས་དམའ་བར་འབྱུང་ཞིང་༔ སྒ་སྟོན་དང་རས་ཆེན་པ་དང་༔ ཤཱཀྱ་འབྱུང་སོགས་གང་ཟག་རྣམས་མང་ཞིག་འབྱུང་༔ འོན་ཀྱང་སེམས་ཅན་སྤྱིའི་དགེ་བ་སྟོབས་ཆུང་བས་ནག་པོའི་རིགས་ལ་མངོན་བར་དགའ་བའི་གཞི་བདག་རྣམས་ཀྱི་སྤྲུལ་པ་དང་༔ ཁྱད་པར་ལྷ་མ་ཡིན་གྱི་བུ་ཏོག་བཟང་རབ་དགའ་ཚེ་འཕོས་པ་ཁམས་སུ་མི་ལུས་ལེན་ཅིང་༔ སྨོན་ལམ་གྱི་དབང་གིས་རང་འདྲའི་འཁྲུག་རྩོད་ལ་དགའ་བའི་སྐྱེ་འགྲོ་མང་པོ་འབྱུང་ཞིང་༔ སྟེང་ནས་ལྷ་དང་ལྷ་མིན་འཁྲུག༔ འོག་ན་ཀླུ་དང་ས་བདག་འཁྲུག༔ བར་ན་གཉན་དང་སྡེ་བརྒྱད་འཁྲུག༔ དེའི་རླངས་མི་ཡི་ཤེས་རྒྱུད་ལ་ཕོག་པས་ཀུན་ཀྱང་ཞེ་སྡང་མེ་ལྟར་འབར༔ ཕྲག་དོག་རླུང་ལྟར་འཚུབ༔ འདོད་ཆགས་ཆུ་ལྟར་འཁྲུག་ཅིང་༔ འཁྲུག་པའི་བསྐལ་བ་ཞིག་འུར་ཟིང་ལང་སྟེ༔ གླིང་དང་ཧོར་འཁྲུག༔ མདོ་སྟོད་དང་མདོ་སྨད་འཁྲུག༔ འཇང་དང་གོ་བོ་མེ་ཉག་རྣམས་འཁྲུག༔ གླིང་ནས་རོ་ལངས་མ་ཞིག་འོང་༔ འདན་ནས་མོ་སྨྱོན་གཉིས་འབྱུང་༔ མདོ་སྨད་ནས་བདུད་སྤྲུལ་གྱི་བླ་ཆེན་ཅིག་འོང་༔ ཚ་བ་ནས་འགོང་སྤྲུལ་གྱི་གྲུབ་ཐོབ་ཡིན་ཟེར་བ་ཞིག་འབྱུང་༔ ངོམ་ནས་རང་གྲོལ་ཞེན་ལོག་གི་བརྫུ་ཞིག་ཡོང་༔ དེ་དག་ཐམས་ཅད་བདུད་སྤྲུལ་ཡིན༔ དེ་དུས་པདྨ་ང་ཡི་སྤྲུལ་པ་རྣལ་འབྱོར་བརྟུལ་ཞུགས་དང་ལྡན་པ་ཞིག་གཙང་དུ་འཁྲུངས་ཤིང་༔ ཁ་བ་ཅན་འདིའི་བྱང་རྒྱུད་ཀྱི་ས་མཐའ་རྣམས་ལ་མཐའ་དམག་གི་ཁ་གནོན་མཆོད་རྟེན་ཉེར་ལྔ་བརྩེགས༔ སྐལ་ལྡན་གྱི་སྐྱེས་བུ་ཞིག་གིས་མདོ་ཁམས་མཆོད་རྟེན་དཀར་ཆུང་ལ་ཞབས་རྟོག་བྱེད༔ རྣལ་འབྱོར་པ་སྒ་ལོས་ཅི་རཱ་ཙ་རྫོང་གི་གནས་སྒོ་འབྱེད་ཅིང་གསང་གཏེར་འབྱིན༔ གཙང་གཤིས་རྡོ་རྗེ་གྲོ་ལོད་དུ་སྒྲུབ་སྡེ་ཕྲན་བུ་ཞིག་འབྱུང་༔ དེ་དུས་ཁམས་པ་རྣམས་ཀྱིས་མོ་དང་རྩིས་ལ་བློ་གཏོད༔ སྒྲུང་དང་ཤི་ལོག་མིའུ་རིགས་བརྒྱུད་ཆད་ཁུངས་བཤད་ཅིང་ཆོས་ལྟར་ཉན༔ ཧོར་རྣམས་རྡོལ་ཞིང་ཁམས་པའི་བདེ་བ་བཅོམ༔ ས་ཐེའུ་གནམ་ཐེའུ་བར་ཐེའུ་རྣམས་འཁྲུག་ཅིང་འཐབ་པས་ནད་མཚོན་མུ་གེའི་བསྐལ་པ་ཡང་ཡང་འོང་ཞིང་༔ དཀར་ཕྱོགས་སྐྱོང་བ་ཕལ་མོ་ཆེ་རི་རབ་ལ་འབྲོས༔ ནག་པོའི་རིགས་ཀྱི་གཞི་བདག་དར་ནས་ཧོར་ལ་བདུད་ནལ་ཁྱི་ཁྲག་འཐུང་གི་སྤྲུལ་པའི་རྒྱལ་པོ་སྡིག་ཅན་རྒྱལ་གྱི་མིང་ཅན་ཞིག་འོང་༔ དེའི་མི་བརྒྱུད་ཉེར་ལྔའི་བར་དུ་བདུད་ཀྱི་སྤྲུལ་པ་ཟམ་མ་ཆད་པར་འོང་ཞིང་མི་དགེ་བཅུ་ལ་སྤྱོད༔ ཁ་ལག་འབྲེལ་ཚད་ངན་སོང་དུ་འཁྲིད༔ ཨོ་རྒྱན་ང་དང་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་གང་ཟག་སྦས་ཚུལ་ཅན་མགོན་པོའི་མིང་ཅན་དང་༔ རྡོ་རྗེའི་མིང་ཅན་དང་༔ ཆོས་ཀྱི་མིང་འཛིན་པའི་གང་ཟག་གསུམ་འབྱུང་ཞིང་མཐོང་ཐོས་འགྲོ་བ་ཐར་པར་འགོད༔ འབྲོང་པ་ལ་བདུད་སྤྲུལ་ཨ་ཡི་མིང་ཅན་གྱི་དཔོན་ཅིག་ཡོང་༔ དེའི་མི་རབས་མ་རྫོགས་བར་དུ་བདུད་སྤྲུལ་མི་རྫོགས༔ དེའི་བརྒྱུད་ལ་རྣལ་འབྱོར་གྱི་བུ་མོ་གསུམ་འོང་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པ་སྟེ༔ བདུད་སྤྲུལ་དེ་རྣམས་ཀྱི་ཁ་གནོན་ཡིན་ནོ༔ གོ་བོ་རོང་དུ་ཀུན་དགའི་མིང་ཅན་ཀྱི་བླ་མ་ཞིག་འོང་༔ དེ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པས་དེའི་མི་རབས་མ་རྫོགས་བར་དུ་བྱང་སེམས་རྒྱུན་མི་འཆད༔ གྲགས་པ་དང་འཕགས་པ་དང་དཀོན་མཆོག་དང་ཤེས་རབ་དང་ཚེའི་མིང་ཅན་གྱི་བདུད་སྤྲུལ་ལྔ་དང་༔ སྒྲོལ་མ་དང་དཀར་མོ་དཔལ་འཚོ་ལ་སོགས་པའི་བདུད་མོ་གསུམ་སོགས་ཀྱང་མི་ཐོག་རྣམས་ཀྱི་བར་བར་དུ་འབྱུང་སྟེ༔ མི་དགེ་བའི་ལས་ཀྱི་འགོ་མང་པོ་འཛུགས་ཤིང་འབྲེལ་ཚད་ཐུར་དུ་འཁྲིད་པའང་ཡོང་༔ མེ་ཉག་གི་ཡུལ་དུ་བདུད་སྤྲུལ་གྱི་གཙོ་བོ་དགུ་འབྱུང་༔ རྣལ་འབྱོར་སྤྱོད་པའི་བྱང་སེམས་དགེ་སློང་གསུམ་འོང་༔ སྒ་རྗེ་དང་གླིང་ཡུལ་དུ་བདུད་སྤྲུལ་གྲངས་མེད་འབྱུང་༔ སྤྲུལ་པའི་གང་ཟག་ཀྱང་གསུམ་འབྱུང་ཞིང་འགྲོ་དོན་དཔག་མེད་བྱེད༔ རི་བོ་ཆེ་ན་གང་ཟག་གི་དགེ་བཤེས་གསུམ་འབྱུང་༔ ང་ཡི་སྤྲུལ་པ་སངས་རྒྱས་ཀྱི་མིང་ཅན་ཞིག་ཀྱང་འོང་༔ རྟགས་ཙམ་འཛིན་པའི་དགེ་བཤེས་ལྔ་འབྱུང་༔ བསྟན་ལ་གནོད་པའི་དགེ་བཤེས་གསུམ་འབྱུང་༔ བེ་རི་ལ་རྒྱལ་པོ་རྒྱལ་གྱི་མིང་ཅན་ཞིག་འོང་བ་ནི་བློན་ཏ་ར་ཀླུ་གོང་གི་སྤྲུལ་པ་སྟེ༔ སངས་རྒྱས་བསྟན་ལ་སྡང་ཞིང་འགྲོ་བ་ཡོངས་ལ་སྡིགས༔ དེ་ཉིད་གདུལ་བའི་གཉེན་པོར་མཚོ་རྒྱལ་ཁྱོད་ཀྱིས་སྤྲུལ་པའི་བུད་མེད་དཔལ་གྱི་མིང་ཅན་ཞིག་འབྱུང་ཞིང་༔ དེའི་མི་རབས་མ་རྫོགས་བར་ལ་བདུད་ཀྱི་སྤྲུལ་པ་རྒྱུན་མི་འཆད༔ སྐྱབས་ཀྱི་མིང་འཛིན་ལས་ཅན་འབྱུང་༔ སྒོམ་སྡེར་བསོད་ནམས་དང་ཀརྨའི་མིང་ཅན་བདུད་སྤྲུལ་གྱི་དཔོན་གཉིས་འོང་༔ དེའི་མི་རབས་མ་རྫོགས་བར་དུ་བདུད་སྤྲུལ་འོང་༔ སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་པའི་གང་ཟག་གཉིས་འབྱུང་༔ ཁྱུང་པོར་ཞང་བློན་ཁྲ་མགོ་ཅན་གྱི་སྤྲུལ་པ་དཔོན་ཅིག་འོང་༔ དེའི་མི་བརྒྱུད་ལ་བདུད་ནལ་བུ་ར་གདོང་སོགས་ཀྱི་སྤྲུལ་པའི་བདུད་རིགས་ཕོ་མོ་བཅོ་བརྒྱད་འབྱུང་༔ དེ་རྣམས་ཀྱི་ཁ་གནོན་དུ་དཔལ་དང་དབང་དང་བཀྲ་ཤིས་ཀྱི་མིང་འཛིན་ལས་དག་པའི་དཔའ་བོ་གསུམ་འབྱུང་༔ ངའི་སྤྲུལ་པ་དྲུང་པའི་མིང་ཅན་ཞིག་འབྱུང་ཞིང་ཁ་བྱང་འབྱིན༔ བར་ཆད་ཀྱི་དབང་དུ་མ་སོང་ན་ཆོས་བོན་སོགས་གཏེར་འགའ་འབྱིན་ཞིང་བསྟན་འགྲོ་སྐྱོང་༔ གནས་འདིའི་ཤར་ཕྱོགས་ལུང་གསུམ་ན་སྡེ་དགོན་ཞིང་ལུད་བཀྲམས་པ་ལྟ་བུ་འབྱུང་ཞིང་༔ ཤར་ཟླ་ཕུ་གངས་ཀྱི་ར་བའི་སྲུང་མ་དང་གནས་འདིའི་སྲུང་མ་རྣམས་ཀྱིས་མགོན་སྐྱོབ་བྱེད་པས་མཐའ་དམག་གི་འཇིགས་པ་ཐུབ་པ་འབྱུང་༔ འབྲོང་ངུར་གྱི་སྔགས་བརྒྱུད་ལ་ལས་ཅན་གྱི་གང་ཟག་གསུམ་འབྱོན༔ རྟགས་ཙམ་འཛིན་པའི་སྔགས་བན་གཉིས་འབྱུང་༔ བདུད་སྤྲུལ་གྱི་བླ་གཟུགས་དགུ་འོང་༔ བདུད་སྤྲུལ་གྱི་བུ་མོ་གཉིས་འབྱུང་ཞིང་བྱུར་སྣ་འདྲེན༔ རེ་ཤོད་ཞེས་བྱ་བ་ན་སྔགས་པ་སྲུང་གི་མིང་ཅན་ཞིག་འོང་སྟེ༔ ངས་བརྒྱབ་པའི་མཆོད་རྟེན་ཞིག་གི་རབ་གནས་ཉམས་འཇུག་པས་འཕྲལ་ལ་མི་དགེ་བའི་ལྟས་འབྱུང་བར་འགྱུར་རོ༔ ཡུལ་དེ་ཉིད་དུ་བླ་མ་དཔལ་མགོན་གྱི་མིང་ཅན་ཞིག་འོང་སྟེ་འགྲོ་དོན་ཐེབས་ཅིག་བྱེད༔ ཡུལ་དེར་བདུད་ཀྱི་སྤྲུལ་པའི་བན་བཙུན་འགའ་འབྱུང་༔ ཡུལ་དཀར་ཤོད་བྱ་བ་ནས་ཚེའི་མིང་ཅན་ཀྱི་མི་གྲགས་པ་ཅན་ཞིག་འོང་བ་ནི་བདུད་ཀྱི་སྤྲུལ་པ་ཡིན༔ བསམ་འགྲུབ་བྱ་བའི་ལས་ཅན་ཞིག་ཀྱང་ཡོང་༔ ཨ་སྐྱབས་ཟེར་བའི་སྡིག་ཅན་འབྲེལ་ཚད་ཐུར་དུ་འཁྲིད་མཁན་ཞིག་ཀྱང་འབྱུང་༔ དཀར་རྔུ་བྱ་བའི་ས་ཆ་ན་ནག་པོ་བདུད་ཀྱི་སྤྲུལ་པའི་མི་གསུམ་འོང་༔ བསམ་འཕེལ་ཚེ་སྐྱབས་དཀར་བསྲུང་བྱ་བ་འབྱུང་༔ ནོར་སྐྱོང་བྱ་བའི་བུད་མེད་མཚན་ལྡན་འོང་༔ སོག་ཁུ་རུ་འཕྲང་གི་གནས་འདབས་ན་ཀརྨའི་མིང་ཅན་སྐྱེས་བུ་ཞིག་འབྱུང་ཞིང་ཟབ་གཏེར་ཀྱི་སྒོ་འབྱེད༔ རྟེན་འབྲེལ་འགྲིག་ན་བྱང་སྨན་མོ་རང་འཚོགས་ཀྱི་གནས་སྒོ་འབྱེད༔ གཏེར་ཆོས་ཀྱི་འགྲོ་དོན་ཆེན་པོ་འབྱུང་༔ རྟེན་འབྲེལ་ཉམས་ན་མི་རུང་སྣ་ཚོགས་འོང་༔ སོག་ཟམ་ཁ་ཞེས་བྱ་བ་ན་ཚེ་སྐྱིད་ཞེས་བྱ་བའི་མཁའ་འགྲོ་མ་ཞིག་འབྱུང་སྟེ་གསང་གཏེར་ཟུང་གཉིས་འདོན༔ རྟེན་འབྲེལ་འགྲིག་ན་འགྲོ་དོན་ཀོང་པོར་དར༔ རྟེན་འབྲེལ་ཉམས་ན་རིགས་ངན་གྱི་མི་དང་འབྲེལ་ཞིང་འགྲོ་དོན་རྒུད༔ སོག་གླང་དོ་བྱ་བ་ན་ཚེའི་མིང་ཅན་བདུད་སྤྲུལ་འབྱུང་༔ རྡོ་རྗེའི་མིང་འཛིན་དཔའ་བོ་འོང་༔ ལར་སོག་རོང་འདི་ཉིད་དུ་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པའི་བུད་མེད་མང་དུ་འབྱུང་༔ དེ་རྣམས་དང་ལྷན་དུ་བདུད་སྤྲུལ་གྱི་སྐྱེས་པའང་དེ་བཞིན་འབྱུང་བར་འགྱུར་རོ༔ ནགས་ཤ་ཕོ་བྱ་བ་ན་བདུད་ཀྱི་སྤྲུལ་པ་འཕེན་གྱི་མིང་ཅན་ཁ་དྲག་ཅིག་འབྱུང་༔ དེའི་མི་རབས་དགུའི་བར་དུ་སྲིན་པོ་མགོ་དགུའི་སྤྲུལ་པ་འབྱུང་༔ སྐྱིད་ཀྱི་མིང་ཅན་གྱི་བུད་མེད་མཚན་ལྡན་ཞིག་འོང་ཞིང་དེའི་བརྒྱུད་པ་གཅོད༔ ནགས་ཀྱི་ལུང་པ་འདིར་སྦས་ཚུལ་གྱིས་འགྲོ་བ་འདྲེན་པའི་གང་ཟག་འགའ་འབྱུང་༔ དེ་དང་ལྷན་དུ་མི་མ་ཡིན་གྱིས་བརླམས་པའི་ཕོ་བདུད་ཀྱང་མང་དུ་འབྱུང་༔ ལར་བདུད་བཙན་ཀླུ་གསུམ་གྱིི་ལུང་བ་ཡིན་པས་དངོས་གྲུབ་འཐོབ་པའི་གང་ཟག་དཀོན་ཞིང་༔ རེ་རེ་ཙམ་འབྱུང་ཡང་ཕལ་ཆེར་བར་ཆད་ཀྱི་དབང་དུ་འགྲོ༔ བདུད་དང་ལོག་འདྲེན་ཤིན་ཏུ་དར་བ་ཞིག་འོང་གསུངས་པས༔ བདག་མཚོ་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེ་ལ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ་ལགས༔ གནས་འདི་ཉིད་དུ་གང་ཟག་གང་འདྲ་འབྱུང་༔ བསྟན་པའི་འཕེལ་འགྲིབ་ཅི་འདྲ་འོང་༔ སེམས་ཅན་གྱི་ཚེའི་ཚད་ནམ་ཙ་ན་གནས་འདིའི་འཕྲིན་ལས་དར༔ ད་ལྟ་སྦས་པའི་གཏེར་ཁ་འདི་རྣམས་འདོན་པའི་དུས་ཚོད་ཇི་ལྟར་འབྱུང་ལགས་ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་བཀའ་སྩལ་པ༔ ཉོན་ཅིག་མཚོ་རྒྱལ་མ༔ གནས་འདིའི་བསྟན་པ་དར་ལུགས་གསུམ་ཡོད་དེ༔ ད་ལྟ་བྲག་སྲིན་མོ་དང་སྨན་མོ་དང་གངས་སྨན་གཡའ་སྨན་སྤང་དང་ནགས་ཀྱི་སྨན་མོ་སོགས་འཇིག་རྟེན་པའི་མཁའ་འགྲོ་དང་༔ གནས་ཆེན་པོ་ཙ་རི་ཏྲའི་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་དབྱར་གནས་ལ་བྱོན་པ་འདི་རྣམས་ལ་བདག་གིས་ཆོས་བཤད་དབང་བསྐུར་དམ་ནོད་དམ་ཚིག་ཕོག་སྟེ་གཏེར་དང་ཆོས་དང་བསྟན་པའི་སྲུང་མར་བསྐོས་པ་འདི་རྣམས་དང་༔ རི་བྲག་ལུང་གསུམ་འབྱུང་བཞིའི་ཁམས་དང་བཅས་པ་རྣམས་ལ་ཡེ་ཤེས་ཀྱི་དྲོད་གཏད་ཅིང་རྩ་གསུམ་གྱི་ལྷ་ཚོགས་བསྒྲུབ་པའིི་གནས་སུ་བྱིན་གྱིས་བརླབས་པ་འདི་རྣམས་གནས་ཆེན་པོ་སྲིང་མོ་རྫོང་ཞེས་བྱ་བའི་ཡུལ་འདིའི་བསྟན་པ་སྔ་དར་ཡིན༔ མ་འོངས་པ་ན་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ས་ལ་གནས་པའི་རིག་འཛིན་པདྨ་ང་དང་དབྱེར་མེད་པའི་གང་ཟག་ནག་པོ་རྡོ་རྗེ་ཞེས་བྱ་བ་ཞིག་གནས་འདིའི་ཤར་ལྷོའི་ཕྱོགས་ནས་རྫུས་སྐྱེས་སུ་འོང་ཞིང་གནས་འདིའི་གཟིགས་སྣང་ཐམས་ཅད་གཏན་ལ་འབེབས༔ ང་ཡིས་སྦས་པའི་གཏེར་སྒོ་གཉིས་གསུམ་དབྱེ༔ སྒྲུབ་པ་དང་དུ་ལེན་ཅིང་ལྷ་འདྲེ་དམ་ལ་འདོགས་པས་ནགས་སོག་ཀྱི་ལུང་པ་རྣམས་ལ་ཡུལ་གྲོང་རིམ་གྱིས་ཆགས་ཤིང་༔ རིག་འཛིན་གྱི་བརྒྱུད་པ་ས་ལ་འཇོག་པ་ནི་གནས་འདིའི་བསྟན་པ་བར་དར་ཡིན༔ དེ་ནས་རི་སྟོད་ཀྱི་གངས་འདི་རྣམས་ཀྱང་འཇུ༔ རི་སྨད་ཀྱི་ནགས་རྣམས་ཀྱང་འཛད༔ རི་སྐེད་ཀྱི་རྫ་བྲག་སྤང་གསུམ་རྣམས་ལ་ལམ་ལག་པའི་སོར་མོ་ལྟར་གཏོད་པའི་དུས་ཤིག་འབྱུང་བའི་ཚེ༔ བདུད་བཤན་པ་དམར་པོའི་སྤྲུལ་པའི་མི་ཞིག་སོག་རོང་དུ་འབྱུང་ཞིང་༔ ཆེ་མཆོག་དཔལ་གྱི་བླ་མཚོ་ལ་ཁྲག་ཐབ་གཏོང་བས་ནགས་སོག་གི་ལུང་རལ་གསུམ་དུ་ཆེ་བཙན་བཟང་གསུམ་གྱི་རྒྱུད་པ་འཆད༔ ནད་མཚོན་མུ་གེའི་བསྐལ་པ་དར༔ དམེ་ཁྲག་ཐེངས་འགའ་འཐོར་བ་འབྱུང་༔ དེ་ནས་གནས་འདིའི་བྱང་འདབས་དུག་སྦྲུལ་རྒྱུག་འདྲའི་རི་སྣ་ན་ཤཀྱའི་མིང་ཅན་གྱི་སྔགས་སྒོམ་ཞིག་གིས་སྒྲུབ་པ་དང་དུ་ལེན་པས་ལུང་རལ་གསུམ་གྱི་འགྲོ་བ་ལོ་ཁ་ཤས་བདེ༔ དེ་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཡིན༔ གནས་འདིའི་ལྷོ་འདབས་རི་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ་འདྲ་བའི་ཉྭ་འཁྱིལ་དུ་སྡེ་དགོན་སྒྱེད་པུ་བཅས་བ་འདྲ་པ་འབྱུང་བའི་ཚེ༔ གནས་འདིར་དད་མོས་བྱེད་མཁན་བག་ཙམ་འབྱུང་༔ གང་ཟག་གཏེར་ཕྲན་འབྱིན་པ་གཉིས་གསུམ་འོང་༔ གནས་ཙ་རི་ཏྲའི་དཔའ་བོ་དགེ་སྐྱོང་དང་དཔའ་མོ་རབ་དགའ་མ་གཉིས་འཁོར་ལྔ་བརྒྱ་དང་བཅས་པ་གནས་འཕོ་ཞིང་མདོ་རི་མཁའ་འགྲོ་འབུམ་དེའུ་འདིར་བཞུགས༔ དམ་སྲི་བྱི་སྡེར་ནག་པོའི་སྐྱེ་བ་ཞིག་གིས་གནས་འདིའི་བྱང་ཕྱོགས་ཀྱི་མཚོ་ཞིག་ལ་མཛེ་ཁྲག་གཏོར་བས་མཚོ་སྨན་གྱི་གྲོང་ཁྱེར་འབུམ་ཕྲག་གཅིག་རྩད་ནས་སྟོངས༔ དེའི་དབང་གིས་བྱང་འདབས་ཀྱི་གྲོང་ཁྱེར་གཉིས་ཀྱི་མི་རབས་ཕལ་མོ་ཆེ་འཆད༔ ལྷོ་འདབས་ཀྱི་རྟེན་གསུམ་གྱི་གཟུངས་གཞུག་ཉམས་པས་ཡུལ་དེ་ཉིད་ལ་གཏོགས་པའི་འགྲོ་བ་ལ་མི་དགེའི་ལྟས་ངན་འཕྲལ་དུ་ལྡང་ཞིང་ཤིན་ཏུ་བསེར་བ་འབྱུང་༔ དེའི་རྐྱེན་བྱེད་མཁན་ཀྱི་མི་དེ་བདུད་ནག་པོ་གདོང་རིང་བྱ་བ་ཞིག་གི་སྤྲུལ་པ་ཡིན༔ ཁ་ལག་འབྲེལ་ཐོགས་ཐུར་དུ་འཁྲིད༔ དེ་དག་ནི་གནས་འདིའི་བསྟན་པ་བར་དར་ཡིན༔ དེ་ནས་མ་འོངས་རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་སུ་བོད་རུ་བཞིའི་གཙུགས་ལག་ཁང་རྣམས་ཉམས༔ མདོ་ཁམས་མཆོད་རྟེན་གཡོ་འགུལ་མང་༔ སྐྱེ་འགྲོ་ཐམས་ཅད་ཀྱིས་དགེ་བ་བཅུ་དུག་ལྟར་སྤང་༔ མི་དགེ་བཅུ་སྦྲང་རྩི་ལྟར་གསོག༔ བཤན་པས་རྒྱལ་པོ་བྱེད༔ མི་མགོ་ཆོས་ལ་གཏོད༔ ཆོས་མགོ་ཟོབ་དང་ཆོས་བརྒྱད་ལ་གཏོད་པས་དམ་སྲི་སྡེ་དགུ་ཁ་རྒྱས་ཏེ༔ མི་དགེ་བའི་ལྟས་ངན་བོད་ཁམས་ཡོངས་ལ་འབྱུང་ཞིང་༔ བྱང་ནས་མཐའ་དམག་ཡང་ཡང་འབོ༔ དུ་རུ་ཀ་བཅོ་བརྒྱད་ཀྱིས་བོད་ཡུལ་ཁེངས༔ ང་ཡིས་ས་གནད་བསྡམས་པའི་མཆོད་རྟེན་དང་གཙུག་ལག་ཁང་ཐམས་ཅད་ཉམས་ཤིང་ཕལ་ཆེར་འགྱེལ༔ མཐའ་དམག་བཟློག་ཐབས་ཀྱི་རིམ་གྲོ་ལ་དགོས་པ་རྣམས་ལ་མི་བརྩི་ཞིང་༔ ཚེ་འདིའི་ཕོ་ཚུགས་སུ་བཟང་བྱེད་པའི་ཚེ༔ མཐའ་མིས་བོད་ཁམས་འཇོམས༔ མི་ལ་ཤི་བསད་གཉིས་ལས་མེད་པ་ཞིག་འབྱུང་ཞིང་༔ བཀའ་ལོག་ཁྲིམས་རལ་དམ་ཉམས་པས་ལ་ལུང་ཐམས་ཅད་ཁེངས་བའི་ཚེ༔ ང་ཡི་སྤྲུལ་པ་བོད་ཁམས་ཀུན་ཏུ་རྣམ་མང་ཞིག་འབྱོན་ཀྱང་ཀུན་གྱིས་བདེན་པར་མི་ལྟ་ཟོག་ལ་མཐོང་༔ དེ་དུས་གནས་འདིའི་གཡས་གཡོན་རྣམས་སུ་མཐའ་དམག་དེ་རྣམས་ཀྱི་གནོད་པ་མི་འབྱུང་ཞིང་༔ ཡུལ་གཞན་གྱི་བདེ་སྡུག་རྣ་བས་ཉན་དུས་འོང་༔ བོད་ཁམས་ཀྱི་མཐོ་དམན་དྲག་ཞན་བྱ་བྱེད་དང་བཅས་པ་ཐམས་ཅད་ལུག་རྒྱབ་ཀྱི་རྡུལ་ལྟར་བརྗེ་བའི་དུས་ཤིག་འོང་༔ སོག་རོང་རྡོ་བ་གིལ་རྣམས་ཀྱི་མཆོད་རྟེན་གསུམ་གྱི་བྱང་ཕྱོགས་འཇིག༔ དེ་ཚེ་བདུད་ཁྱབ་བྱེད་ནག་པོའི་སྤྲུལ་པའི་གྲུབ་བརྫུ་ཞིག་ཡོང་༔ གྲུབ་རྟགས་ལྕགས་རྡོས་འགྲོ་བ་མགོ་བསྐོར༔ འབྲེལ་ཚད་མནར་མེད་དམྱལ་བར་འཁྲིད༔ དབུས་ནས་དམ་སྲི་མང་དུ་ལང་ཞིང་མཐའ་ནས་ཐེའུ་རང་སྡེ་དགུ་དར་༔ དེ་ནས་བོད་ཁམས་མིག་བཞིན་རྒྱལ་པོས་སྐྱོང་༔ མདོ་སྔགས་གཉིས་ཀྱི་བསྟན་པ་ཟུང་འཇུག་རྒྱས༔ མཐའ་མི་ཐམས་ཅད་བོད་ཀྱི་འོག་ཏུ་འདུ༔ གངས་རིའི་ལྗོངས་འདིར་མི་དར་བ་སྣ་ཚོགས་དར་བ་ཞིག་འོང་༔ ལ་བདེ་འཕྲང་འཇམ་དར་ཅིག་བོད་འབངས་བདེ་བའི་སྐབས་ཤིག་འོང་༔ དེ་དུས་ཤར་ཕྱོགས་མདོ་ཁམས་སྒང་ནས་ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་བ་ཞིག་གནས་འདིར་འོང་ཞིང་༔ རྟེན་འབྲེལ་རབ་ན་ཕོ་བྲང་ལྷོའི་གཤིན་རྗེའི་གཏེར་ལ་སྤྱོད་ཅིང་ས་སྐྱོང་རྒྱལ་པོའི་བླ་མཆོད་བྱེད༔ རྟེན་འབྲེལ་འབྲིང་ན་ཕོ་བྲང་ནང་གི་རྫོགས་པ་ཆེན་པོ་ཐུགས་ཀྱི་གཏེར་ཁ་འདོན༔ རང་དོན་སྒྲུབ་པ་ལྷུར་ལེན་ཞིང་གསང་བའི་རྒྱ་མ་རལ་ན་འགྲོ་དོན་ཕ་བས་བུ་བཟང་བ་འབྱུང་ངོ་༔ དེའི་ཚེ་ཙ་རི་རྡོ་རྗེ་ཟིལ་ཕུག་གི་སྒྲུབ་གནས་ལ་ཞིག་རལ་འོང་དུས་དཔའ་བོ་གཞོན་ནུ་གཏུམ་པོ་དང་༔ དཔའ་མོ་མཐར་བྱེད་མ་གཉིས་འཁོར་སྟོང་ཕྲག་དང་བཅས་པ་གནས་འཕོ་ཞིང་༔ ཕོ་བྲང་གཡུ་མཚོ་ལ་ཟླ་གསུམ་མཚམས་བསྡམས་ཞག་༁ྃ༔ གསུམ་ཚོགས་འཁོར་བྱེད་ཅིང་བཞུགས་ནས་འགྲོ་དོན་མཛད༔ དེ་དུས་བདུད་སྤྲུལ་ཕོ་མོ་མང་དུ་འབྱུང་ཞིང་ཟོག་པོའི་གཏེར་རྫུན་ཀྱང་རྒྱལ་ཁམས་ཀུན་ཏུ་འབྱུང་བར་འགྱུར་རོ༔ དེ་དུས་ནི་གནས་འདིའི་བསྟན་པ་ཕྱི་དར་འགྲོ་དོན་དུས་བབས་ཀྱི་ཚེའོ༔ ཞེས་གསུངས་པ་དང་བདག་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ་ཡང་ཞུས་པ༔ གུ་རུ་སྤྲུལ་པའི་སྐུ་ལགས༔ མ་འོངས་བསྟན་པ་ཕྱི་དར་གྱི་ཚེ༔ ལོ་ཙཱ་བའི་སྐྱེ་མཐས་གནས་འདིའི་ཟབ་གཏེར་འབྱིན་དུས་སྒྲུབ་གནས་གང་དུ་བྱེད༔ ལས་དག་དང་མ་དག་གི་འགྲོ་བ་འཁོར་སློབ་ཅི་འདྲ་འོང་༔ ཟབ་ཆོས་གཏེར་རྫུན་གྱིས་བར་ཆད་ནུས་སམ་མི་ནུས༔ གནས་ཆེན་པོ་ཙ་རི་ཏྲའི་དཔའ་བོ་མཁའ་འགྲོ་རྣམས་གནས་འདིར་འཕོ་ན་ཕྱི་ནང་གི་རྟགས་ཇི་ལྟར་འོང་༔ གནས་འདིའི་འགྲོ་དོན་ཕྱི་ནང་གང་འདྲ་འབྱུང་༔ ཞེས་ཞུས་པས་སློབ་དཔོན་ཆེན་པོས་བཀའ་སྩལ་པ༔ མཚོ་རྒྱལ་ཉོན་ཅིག༔ གནས་འདིའི་བསྟན་པ་ཕྱི་དར་འགྲོ་དོན་དུས་ལ་བབས་པའི་དུས་སུ་གནས་ཆེན་པོ་ཙཱ་རིའི་དཔའ་བོ་མཁའ་འགྲོ་རྣམས་གནས་འདིར་འཕོ་ཞིང་འགྲོ་དོན་བྱེད་པ་ཞིག་འོང་སྟེ༔ དེ་ཡང་དང་པོར་གནས་མཆོག་ཆེན་པོ་དཔལ་གྱི་ཙཱ་རི་ཏྲ་རུ་ས་ཐོབ་པའི་གང་ཟག་འགས་གནས་ཀྱི་ལམ་གཏོད༔ དེ་ནས་སྐྱེས་ཆེན་ལམ་སྣ་ཟིན་པ་སེང་ཁྱུ་ལྟ་བུ་འབྱུང་༔ རིག་འཛིན་ཕྱིར་མི་ལྡོག་ཅིང་གྲུབ་པ་ཐོབ་པ་སྐར་ཚོགས་ལྟ་བུར་བཀྲ༔ གསང་སྔགས་བསྟན་པའི་རྒྱལ་མཚན་འཛིན་པ་འབྱུང་བར་འགྱུར་རོ༔ དེ་དུས་མ་དང་མཁའ་འགྲོ་ཐམས་ཅད་མ་བསྒྲུབས་རང་བཞིན་དུ་འདུ༔ ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་མ་བརྩམས་ཀྱང་སྒྲུབ་པའི་དུས་ཤིག་འོང་ངོ་༔ བར་དུ་ཆོས་ལུགས་མི་གཅིག་པ་མང་པོ་དར་ཞིང་གྲུབ་མཐའ་ཁོ་ན་རྩོད༔ ཆགས་སྡང་གི་རྟོག་པ་འཁྲུག་ཅིང་དེམ་ལས་སྣ་ཚོགས་ཤིག་བྱེད་པའི་ཚེ༔ ལང་འགྲོའི་སྤྲུལ་པ་ཞིག་གིས་མཁའ་འགྲོ་འབུམ་དེལ་གྱི་གཏེར་ཁ་འབྱིན་ཞིང་གནས་ལ་རབ་གནས་བྱེད་པས་བསྟན་པར་ཅུང་ཟད་ཕན༔ འོན་ཀྱང་བདུད་མོ་དམར་རྒྱན་མའི་སྤྲུལ་པའི་བུད་མེད་ཞིག་གིས་སྒྲུབ་ཚུགས་འཛིན་པའི་ཚུལ་སྟོན་ཞིང་༔ དེ་ཉིད་ཀྱིས་ངན་རྐྱེན་བྱེད་དེ་ཕོ་བྲང་གཡུ་མཚོའི་ལམ་ལ་བུད་མེད་བགགས་པས་མ་མོ་མཁའ་འགྲོ་ཐམས་ཅད་མི་དགྱེས་ཤིང་གཙོ་མོ་འཁོར་སྟོང་ཕྲག་གཅིག་དང་བཅས་པ་མཁའ་སྤྱོད་ཨོ་རྒྱན་གྱི་ཡུལ་དུ་འབྲོས་པས༔ བོད་ཁམས་སྤྱི་དང་དྭགས་ཀོང་བྱར་གཉལ་ལོ་གྲོ་སོགས་ལ་མི་རུང་བ་སྣ་དགུ་འབྱུང་༔ འཛམ་གླིང་ཡོངས་ལ་དམར་ནད་འཕྱོ༔ རྐྱེན་ངན་དེས་ཤི་ཚད་ཀྱི་འགྲོ་བ་བདུད་མོ་དམར་རྒྱན་མའི་འཁོར་དང་བྲན་དུ་སྐྱེ་ཞིང་༔ འཛམ་གླིང་ཀུན་ཏུ་མོའི་སྤྲུལ་པའི་བུད་མེད་ཁོ་ནའི་ལུས་ལེན་ཅིང་༔ སྐྱེ་འགྲོའི་སྲོག་དབུགས་འགམ༔ མོ་ལུས་ཐོབ་ཚད་ཀྱི་བུད་མེད་གསོན་འདྲེར་ལྡང་༔ འཁྲུག་རྩོད་ཡང་མང་དུ་འབྱུང་༔ མི་དགེ་བའི་ལྟས་སྣ་ཚོགས་ཞིག་འབྱུང་བར་འགྱུར་རོ༔ དེ་དུས་གཏེར་སྟོན་དྲི་མེད་ཡེ་ཤེས་སྙིང་པོས་ཀོང་སྟོད་ཨོ་རྒྱན་དབང་གི་ཕུག་པའི་གནས་སྒོ་འབྱེད་ཅིང་༔ སྦ་སྨྱུག་འཕྲང་ལ་སྦས་པའི་གཏེར་ཁ་འབྱིན་ཏེ༔ བདུད་དབང་དུ་མ་ཤོར་ན་འགྲོ་དོན་དར་ཅིག་བྱེད་པར་འགྱུར་རོ༔ དུས་ཀྱི་ཐ་མར་པྲ་ཏི་ཧ་ན་དུས་ཀྱི་མཆོད་པའི་དཀོར་ཟས་སྡུད་ཅིང་བུད་མེད་རྣམས་ཀྱི་ལྟོ་གོས་བྱེད་དེ༔ གཡོ་སྒྱུ་ཟོང་དུ་འཚོང་༔ ཕྱུགས་གསོད་ཅིང་མཆོད་སྦྱིན་གཏོང་བའི་ཚེ་དམེ་འཁྲུག་དང་དམ་འཁྲུག་ཡང་ཡང་བྱེད་པས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་མི་དགྱེས་ཤིང་དཀར་ཕྱོགས་སྐྱོང་བ་རྣམས་ཉམས་དམའ༔ ནག་པོའི་ཕྱོགས་ལ་གནས་པའི་ལྷ་འདྲེ་ཐམས་ཅད་ཁ་འཕྱུར་པས་གནས་ཆེན་པོ་ཙ་རི་ཏྲ་རུ་ཀླ་ཀློས་ཁྲིམས་རྒྱུག་པའི་དུས་ཤིག་འོང་༔ དེ་དུས་འཛམ་གླིང་ཀུན་ཀྱང་དགེ་བ་འབོར་ཞིང་མི་དགེ་བ་ལ་སྤྱོད་པས༔ འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གཡུལ་ཡང་ཕམ་ཞིང་ལྷ་མིན་གྱི་སྡེ་ཚོགས་ཤིན་ཏུ་རྒྱལ་བ་འོང་༔ དེ་ནས་དུས་དང་བསྐལ་བ་ཉམས་ཇེ་དམའ་ཇེ་དམར་འགྲོ་སྟེ༔ གངས་ཀྱི་རི་མཆེད་མི་རོ་ལུད་ལྟར་སྤུངས༔ འབྱུང་བཞིའི་གཡོས་མང་སྐོར་ལམ་འགག་ལ་ཉེ༔ སྤོ་རིའི་ངོས་ལ་བདེ་མཆོག་རང་བྱོན་འབྱུང་༔ དག་པ་ཤེལ་རིའི་ཤར་ཕྱོགས་ནས༔ གངས་ཀྱི་འུ་རུད་ཡང་ཡང་འཆེད༔ དག་པ་ཤེལ་རིའི་ལྷོ་ཕྱོགས་ནས༔ ས་གཡོས་མཆེད་ཅིང་མཚོ་ཡང་རལ༔ དག་པ་ཤེལ་རིའི་ནུབ་ཕྱོགས་ན༔ གནམ་ནས་ལྕེ་འབབ་སྒྲུབ་ཕུག་འཇིག༔ དག་པ་ཤེལ་རིའི་བྱང་ཕྱོགས་སུ༔ དམག་འཁྲུག་མི་གསོད་ཤིང་རྣམས་བསྲེག༔ འདྲེ་འབོད་མཚན་མོ་སྐད་ངན་འབྱུང་༔ དེ་ཚེ་དཔའ་བོ་དཔའ་མོ་རྣམས༔ ལ་ལ་མཁའ་སྤྱོད་གནས་སུ་གཤེགས༔ ལ་ལ་རི་རབ་ཟོམ་ལ་འབྲོས༔ ལ་ལ་ཨོ་རྒྱན་གནས་སུ་འགྲོ༔ ཁྱད་པར་དཔའ་བོ་དཔའ་མོ་རྣམས༔ གནས་མཆོག་འདི་ལ་འགྲོ་དོན་འཕོ༔ དེ་ཚེ་གནས་འདིའི་འགྲོ་དོན་དར༔ དེ་བར་སྦས་པའི་ལུང་དུ་གནས༔ མཚོ་རྒྱལ་མ་ཡེངས་འདུན་པས་ཉོན་ཅིག༔ གནས་འདིའི་འགྲོ་དོན་དར་བའི་དུས་དེར་མི་རྣམ་ཚེ་ལོ་བཞི་བཅུ་ཁ་རལ་ནས་སུམ་ཅུར་ཉེ་བའི་དུས་ཡིན༔ དེ་དུས་བཟང་སྤྱོད་ཐམས་ཅད་ནམ་ལངས་ཀྱི་སྐར་མ་ལྟ་བུར་ནུབ༔ ངན་དགུ་མི་དགེ་མཚམས་མེད་ཀྱི་ལས་ལ་འབུང་གསུམ་འདོན་པའི་ཚེ༔ བདུད་དང་འགོང་པོའི་སྤྲུལ་པས་ས་གཞི་ཐམས་ཅད་འགེང་༔ ཁྱད་པར་དུ་བདུད་ཏ་ར་རྒོད་པོའི་སྤྲུལ་པ་ཞིག་གནས་འདིའི་བྱང་འདབས་སུ་མི་ལུས་ལེན་ཞིང་༔ ཀ་ཡི་མཆོད་རྟེན་ནག་པོའི་སྲོག་ཤིང་གཅོད་པས་བདུད་ཤར་བ་སྡེ་བརྒྱད་འཆོར་ཞིང་ཡུལ་ཁམས་དེར་མི་དགེའི་ལྟས་ངན་འཕྲལ་དུ་ལྡང་སྟེ༔ དུས་ཀྱི་གཡོ་འཁྲུག་ནད་ཡམ་རླུང་ལྟར་འཚུབ༔ ཕོ་བྲང་གཡུ་མཚོའི་ཁ་ན་བདུད་དེས་ཁྲམ་ཞིག་རྒྱག་པས༔ ནག་སོག་ཁྲི་རྡོ་ལུང་གསུམ་དུ་བདུད་ཀྱི་སྤྲུལ་པའི་ཕོ་མོ་བཅོ་བརྒྱད་སྐྱེ༔ ཁྱད་པར་བདུད་སྤྲུལ་གཙོ་བོ་དེ་དང་ཉེ་བ་ན་སྲིན་མོ་གསོད་བྱེད་ནག་མོ་སྤུན་གསུམ་གྱི་སྐྱེས་པ་ལྷན་དུ་འབྱུང་༔ དེ་བཞིན་རྟགས་ཅན་གྱི་བུ་དང་བུ་མོ་དེ་རྣམས་གར་བྱུང་བའི་སར་བཀྲ་མི་ཤིས་པའི་ལྟས་སྣ་ཚོགས་འཕྲལ་དུ་འབྱུང་ཞིང་༔ སྐྱེ་འགྲོ་ཁ་ལག་འབྲེལ་ཚད་དམྱལ་བར་འཁྲིད༔ གསང་སྔགས་ཆོས་ཀྱི་གཏེར་སེལ་དེས་བྱེད་ཀྱང་༔ དཔེ་ནི་ཉི་ཤར་མུན་པས་མི་ཁེགས་བཞིན་དུ༔ ང་ཡི་སྤྲུལ་པའི་སྐྱེས་བུ་ཁམས་ནས་འབྱུང་ཞིང་༔ གནས་འདིའི་ཕྱི་ནང་ཀུན་ཏུ་སྒྲུབ་པ་ནན་གྱིས་བྱེད༔ ཁྱད་པར་གནས་འདིའི་དབུས་སུ་སྒྲུབ་ཁང་རྒྱག༔ བྱང་ཤར་མཚམས་སུ་ང་ཡི་འདྲ་འབག་བཞེངས༔ རྔ་ཡབ་གླིང་ནས་བདག་གིས་རབ་གནས་བྱེད༔ དག་དང་མ་དག་འགྲོ་བ་འགའ་རེ་འདུ་ཞིང་༔ ཞབས་ཏོག་དང་ཞབས་འདྲེན་སྦྲེལ་མར་བྱེད༔ སྒྲུབ་པའི་ཚུགས་ཟིན་གསང་རྒྱ་མཐར་ཕྱིན་ན༔ བདུད་ཀྱི་སྤྲུལ་པའི་སྐྱེ་འགྲོ་ཉམས་དམའ་ཞིང་༔ གསང་སྔགས་བསྟན་པའི་ཉི་མ་ཁམས་འདིར་འཆར༔ ཞེས་གསུངས་པས་བདག་མཚོ་རྒྱལ་གྱིས་སླར་ཡང་ཞུས་པ༔ གུ་རུ་སྤྲུལ་པའི་སྐུ་ལགས༔ གནས་འདིའི་འགྲོ་དོན་དུས་ལ་བབས་པའི་ཚེ༔ གནས་འདི་ཉིད་དུ་གསོལ་བ་བཏབ་པ་ལ་ཕན་ཡོན་ཇི་ལྟར་འཐོབ༔ དངོས་གྲུབ་ཐོབ་པའི་རྟགས་གང་འདྲ་འབྱུང་༔ གནས་འདིའི་ཕྱི་ནང་གི་དཔའ་བོ་དང་དཔའ་མོ་ཡི་དམ་གྱི་ལྷ་ཚོགས་བཞུགས་པ་རྣམས་ཀྱི་མཚན་དོན་བསྟན་དུ་གསོལ༔ ཞེས་གུས་པའི་ཕྱག་བྱས་ཤིང་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས༔ སྒྲུབ་ཟླ་མཚོ་རྒྱལ་མ་ཁྱོད་ཉོན་ཅིག༔ གནས་འདིར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་མཚན་དོན་བསྟན་གྱི༔ དད་འདུན་གྱི་ཕན་ཡོན་སོགས་ལེགས་པར་ཉོན་ལ་ཡི་གེར་ཐོབ་ཅིག༔ དེ་ཡང་གནས་ཆེན་པོ་འདིའི་མཚན་ཉིད་ནི༔ དབུས་ཀྱི་ཇོ་བོ་འདི་རིའི་རྒྱལ་པོའི་རྣམ་པ་ལ༔ ཕྱོགས་དང་ཕྱོགས་མཚམས་ཀྱི་རི་འདི་རྣམས་གསེར་གྱི་རི་བདུན་དང་༔ བར་གྱི་མཚོ་འདི་རྣམས་རོལ་པའི་མཚོ་བདུན་གྱི་རྣམ་པ་སྟེ༔ བྱིན་ཆེ་བརྗིད་ལྡན་བཀོད་པའི་ཁྱད་པར་དུ་མ་དང་ལྡན་པས་ཕུན་སུམ་ཚོགས་པའི་གླིང་ཆེན་པོར་ཡོད་དོ༔ ཇོ་བོ་དཔལ་འཛོམ་དཀར་པོ་བྱ་བ་འདི་ཞི་བ་ལྟར་ན་ཇོ་བོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་པ་རང་བྱོན་དུ་ཡོད་ཅིང་༔ ཁྲོ་བོ་ལྟར་ན་ཆེ་མཆོག་ཧེ་རུ་ཀ༔ ལ་དཔལ་ཆེན་པོ་བརྒྱད་རང་བྱུང་ལྷུན་གྲུབ་ཀྱི་ཚུལ་དུ་འཛོམ་པར་བཞུགས་པས་ན་དཔལ་འཛོམ༔ འཁོར་བའི་ཁམས་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པར་བསྟན་པས་ཞི་བ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོར་བཞུགས་པས་ན༔ དཀར་པོ་ཞེས་བྱ་བའི་མཚན་ཡང་དེར་མཐུན་དུ་གསོལ་བ་ཡིན་ནོ༔ དེའི་མདུན་གྱི་མཚོ་འདི་གནས་འདིར་བཞུགས་པའི་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་འདུ་ཁང་ཡིན་པས་ན་ཕོ་བྲང་༔ དུས་རྣམས་ཀུན་ཏུ་གཙོ་བོ་ལ་འཁྲིལ་བའི་ཚུལ་ཡུམ་ཕག་མོ་མཁའ་འགྲོ་ནག་མོའི་ཚུལ་དུ་གསལ་བས་ན་ཡུམ་མཚོ་ཞེས་བྱའོ༔ འདི་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡིན་ཏེ༔ དངོས་གྲུབ་སྣ་ཚོགས་སྟེར་བར་ནུས་ཤིང་༔ ཁྱད་པར་དུ་འཛམ་བུ་ཀླུ་རུ་དང་མི་མགོན་དཀར་པོ་སོགས་ཀྱིས་བདག་ལ་ཀླུ་ནོར་ཕུལ་བ་ཐམས་ཅད་མཚོ་འདིར་ཀླུ་གཏེར་དང་ནོར་གཏེར་གྱི་རྣམ་པར་སྦས་ཡོད་པས་གསོལ་བ་ཚུལ་བཞིན་བཏབ་ན་ནོར་གྱི་དངོས་གྲུབ་ཀྱང་འཐོབ་པར་འགྱུར་རོ༔ མཚོ་ཆེན་པོ་ཡན་ལག་བརྒྱད་ལྡན་གྱི་དཀྱིལ་འཁོར་འདི་དམིགས་རྟེན་དུ་བྱས་ཤིང་ཚེའི་སྒྲུབ་པ་ལ་འབད་ན་འཆི་བ་མེད་པ་ཚེའི་རིག་འཛིན་མྱུར་དུ་འཐོབ་བོ༔ ཕོ་བྲང་གི་ཆུ་བབས་འདི་ཡུམ་ཕག་མོའི་གསང་གནས་རང་བྱོན་གྱི་ཚུལ་དུ་ཡོད་པས་ཁྲུས་ཀྱི་སྒོ་ཡིན༔ ཚེ་གཟུངས་བཟླས་ཤིང་བཀྲུས་ན་ཚེ་རིང་ཞིང་ཚེ་ལ་གནོད་པའི་རྐྱེན་རྣམས་སེལ༔ ཡི་གེ་བརྒྱ་པ་བཟླས་ཤིང་བཀྲུས་ན་བསྐལ་པ་རེ་རེའི་སྡིག་སྒྲིབ་བསགས་པ་རྣམས་འདག༔ རྣམ་པར་འཇོམས་པའི་གཟུངས་བཟླས་ཤིང་བཀྲུས་ན་མནན་གཏད་སེལ་གསུམ་གྱི་གནོད་པ་སེལ༔ སྡེ་བརྒྱད་ཀྱི་འཇིགས་པ་བཟློག༔ ནད་གདོན་ཀུན་ཀྱང་འཇོམས་པར་འགྱུར་རོ༔ སྨེ་བ་བརྩེགས་པའི་སྔགས་བཟླས་ཤིང་བཀྲུས་ན་ཟས་གོས་གནས་དང་འཁོན་ཡུགས་དམ་གྲིབ་ལ་སོགས་མི་གཙང་བའི་གྲིབ་ཐམས་ཅད་སེལ༔ མི་འཁྲུགས་པའི་གཟུངས་ཀྱི་བཟླས་པ་བྱས་ཏེ་བཀྲུས་ན་མཚམས་མེད་ལྔ་བྱས་པའི་སྡིག་པ་འདག༔ ལྟུང་བ་བཤགས་པའི་མདོ་བཀླགས་ཤིང་བཀྲུས་ན་བན་བཙུན་འདུལ་ཁྲིམས་ཉམས་པའི་སྡིག་སྒྲིབ་འདག༔ ཐེག་པ་རིམ་དགུའི་ལམ་གྱི་བཤགས་པ་བཀླགས་ཤིང་བཀྲུས་ན་ཐེག་པ་རིམ་དགུ་ལ་ཞུགས་པའི་རྣལ་འབྱོར་བ་རྣམས་ལ་ཉམས་ཆག་དང་རྟོག་སྒྲིབ་ཕོག་པའི་སྒྲིབ་པ་རྣམས་འབྱང་༔ དེ་བས་ན་ཀུན་གྱིས་ཁྲུས་གྱིས་ཤིག༔ ཁྲུས་སྒོ་དེ་ནས་མིག་རྒྱང་གང་ལྷོ་རུ་ཕྱིན་པའི་ས་ན༔ ཨོ་རྒྱན་ངས་སྐུ་རྗེས་བཞག་པ་འདི་མ་འོངས་རྣམས་ཀྱིས་གསོལ་བ་འདེབས་པའི་རྟེན་སྐལ་ཡིན་པས༔ མོས་གུས་ལྡན་པས་ང་ལ་གསོལ་བ་ཐོབ༔ ཡིད་ལ་འདོད་པའི་དངོས་གྲུབ་དེ་ལྟར་འཐོབ༔ དེ་ནས་ཐུར་དུ་རྒྱང་གྲགས་གཅིག་འདས་པའི་ས་ན་བྲག་མི་རིང་ལངས་པ་ལྟ་བུ་ཞིག་ཡོད༔ དེའི་རྩ་བ་ན་ཐུན་མོང་གི་གཏེར་ཕྲན་གསུམ་སྦས་ཡོད༔ གཏེར་སྲུང་ཀླུ་མོ་མཆོད་ལ་ཐོན༔ བྲག་དེའི་འོག་ཏུ་མིག་རྒྱང་གང་གི་ས་ན་ཕ་བོང་དཀར་པོ་གུར་ལ་སྒོ་ཡོལ་རྒྱབ་པ་ལྟ་བུ་ཞིག་ཡོད༔ དེ་ན་དཔའ་བོ་མཁའ་འགྲོའི་བླ་རྡོ་གཏེར་ལ་ཡོད༔ བཏོན་ན་གནས་ཀྱི་བཅུད་ཉམས་པས་རབ་གནས་སྐྱོར་ཏེ་བཞག༔ ཕ་བོང་དེའི་ས་ནས་བྱང་དུ་མིག་རྒྱང་གང་གི་ས་ན་བྲག་ཚེས་བརྒྱད་ཀྱི་ཟླ་བ་ས་ལས་སྐྱེས་པ་ལྟ་བུ་ཞིག་ཡོད༔ བྲག་དེའི་རྩ་བ་ན་པདྨ་ངའི་གྲུབ་ཆུ་ཡོད༔ བྲག་དེའི་ནང་ན་ཚེ་བུམ་བདུད་རྩི་དང་བཅས་པ་གཏེར་ལ་བཞུགས་པའི་ཚེ་ཆུ་ཡིན་པས་ཁ་རུ་བཏུངས་ན་ཚེ་རིང་བར་ཆད་ཞི་བར་འགྱུར་རོ༔ བྲག་དེའི་རྩ་བ་ནས་བྱང་ཕྱོགས་ལ་རྒྱང་གྲག་གཅིག་གྱེན་དུ་བལྟས་པའི་བྲག་ལོགས་ལ་མེ་ལོང་ལྟར་འཇམ་ཞིང་ཉི་དཀྱིལ་ལྟར་ཟླུམ་པའི་བྲག་ངོས་ལ་དཔལ་རྡོ་རྗེ་སེམས་དཔའ་ཞི་བའི་ལྷ་ཚོགས་རང་བྱོན་དུ་བཞུགས༔ བྲག་དེ་ཉིད་ནས་རྒྱང་གྲག་གཅིག་ལྷོ་ཕྱོགས་ལ་བལྟས་པས་བྲག་གི་བྱ་སྐྱིབས་ན་ཐུགས་རྗེ་ཆེན་པོ་མཆེད་གཉིས་རང་བྱོན་ལ་ཡོད༔ བྲག་དེའི་མདུན་དུ་ཐང་བདེ་ལ་ཡངས་པ་ཞིག་ཡོད་པ་དེ་ནི་དཔལ་མོ་དཔལ་གྱི་ཐང་ཞེས་བྱ་སྟེ་ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཡིན༔ ཐང་དེའི་འོག་ནས་བྲག་གི་ལྕགས་རི་གཅིག་གིས་བསྐོར་བའི་ཕྱི་ན་ཐང་གྲི་སྐྱོག་ལྟ་བུ་ཞིག་ཡོད་པ་དེ་ནི་ཀླུ་མོ་འབུམ་གྱིི་ཕོ་བྲང་ཡིན༔ ཐང་བཙུན་མོ་ལྷའི་ནེ་རིང་ཞེས་བྱའོ༔ ཐང་དེ་འདས་པའི་མཚམས་ན་འགག་སྲིན་པོའི་གྲེ་བ་འདྲ་བ་ཞིག་ཡོད༔ དེ་ན་བདག་གི་ཞབས་རྗེས་ཤིག་ཡོད་པ་ལ་སྨོན་ལམ་གང་བཏབ་འགྲུབ༔ དེ་གོང་གི་ཆུ་ཕྱར་ཆེ་བ་གཅིག་ཡོད་པའི་འོག་ཏུ་མ་དང་མཁའ་འགྲོའི་ཁྲུས་གཞོང་ཞིག་ཡོད༔ དེ་ནས་རིམ་གྱིས་ཆུ་ཕྱར་རེ་ལ་ཁྲུས་གཞོང་རེ་ཡོད་པ་ལ་གྲངས་ནི་བཅུ་གསུམ་ཡོད༔ ཚངས་པ་བརྒྱ་བྱིན་དགའ་བོ་ལ་སོགས་འཇིག་རྟེན་པའི་ལྷ་ཀླུ་རྣམས་ལ་བདག་གིས་ཆོས་བཤད་པའི་ཚེ༔ གནས་འདིར་འདུས་པའི་རྟགས་སུ་ཁོང་རྣམས་ཀྱིས་རྗེས་བཞག་པ་འགའ་ཡང་ཡོད༔ གཞན་ཡང་མ་དང་མཁའ་འགྲོས་ཆོས་བྲོ་འཁྲབས་པ༔ འཇིག་རྟེན་ལྷ་འདྲེས་དགའ་བྲོ་བརྡུངས་པ་སོགས་ཀྱི་རྗེས་རྣམས་ཀྱང་གསལ་བར་ཡོད༔ དེའི་འོག་ཏུ་བྲག་གིས་བཅད་པའི་མཚམས་ན་ཐང་ཤུན་པགས་རྒྱངས་པ་ལྟ་བུ་ཞིག་ཡོད་པ་ལ་མི་ལྤགས་ཐང་ཞེས་བྱ་བ་སྟེ༔ གནས་འདིའི་བསྲུང་མ་གྲོས་ལ་འཚོགས་པའི་ཐང་ཡིན༔ ཐང་དེའི་དབུས་ན་ཙིཏྟ་གྱེན་ལ་བསླངས་པ་ལྟ་བུའི་བྲག་སྨུག་ལ་དམར་རྔམ་ཆགས་པ་ཞིག་ཡོད་པ་དེ་ནི༔ སྔོན་བདུད་པོ་མ་ཏྲཾ་རཱུ་ཏྲ་བསྒྲལ་བའི་ཚེ་འཁོར་གྱི་དེད་དཔོན་བདུད་མུན་པ་མཐར་བྱེད་བསྒྲལ་བའི་ཙིཏྟ་ནམ་མཁར་འཕངས་པ༔ དཔའ་བོ་འོད་ལྡན་དང་དཔའ་མོ་ས་བསྲུང་མས་ཁྱེར་ནས་གནས་འདི་མི་འགྱུར་བའི་རྟགས་སུ་བཞག་པའི་ལིངྒ་ཡིན་ཏེ༔ བྲག་དེའི་ངོས་ལ་ཁྲག་འཐུང་གི་ལྷ་ལྔ་བཅུ་དང་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་རྣམས་རང་བྱོན་དུ་བཞུགས༔ གསོལ་བ་གང་བཏབ་དངོས་གྲུབ་སྣ་རེ་འཐོབ༔ སྙིང་གི་དོན་ཁྲག་ཐིགས་པ་ལ་བྲག་དེའི་མདུན་རྒྱབ་གཡས་གཡོན་རྣམས་སུ༔ བྲག་དེ་ཉིད་ཀྱི་མདོག་དང་མཐུན་པའི་དེའུ་ཕྲན་བུ་འགའ་གནས་པ་ལ༔ གུ་རུ་ཞི་དྲག་དང་ཕྱི་ནང་གི་ལྷ་མང་པོ་རང་བྱོན་དུ་ཡོད༔ ཐང་དེ་ཉིད་དུ་མ་འོངས་པ་ན་དཔའ་བོ་རྡོའི་ཐོད་པ་ཞིག་མངོན་པ་ཡོང་༔ དེ་ནི་གནས་འདིའི་འཕྲིན་ལས་དར་བའི་དུས་ལ་བབས་པའི་རྟགས་ཆ་ཡིན༔ ཐང་དེའི་ནུབ་ཕྱོགས་ཀྱི་བྲག་མདའ་སྒྲོ་འདྲ་བའི་རི་ལ་གནས་འདིའི་སྲུང་མ་ཞིང་སྐྱོང་རྒྱལ་བ་ཐོད་དཀར་སྡེ་བརྒྱད་ཀྱི་འཁོར་སྡོང་ཟླ་དང་བཅས་པ་གནས་སོ༔ བསངས་དང་ཤ་ཁྲག་གིས་མཆོད་ན་མགོན་སྐྱོབ་བར་ཆད་སེལ་ཞིང་དངོས་གྲུབ་སྟེར༔ དེ་ནས་གྲངས་སུ་བགྲང་བའི་རྦ་རྦབ་ཆུའི་དོན་དོང་དྲུག་པོ་འདི་བཅོམ་ལྡན་ཐུབ་པ་དྲུག་གི་ཕོ་བྲང་ཡིན་ཏེ༔ བཀྲུས་ཤིང་ཁོང་དུ་འཐུངས་པས་མི་དགེ་བའི་སྡིག་ལྟུང་འདག་ཅིང་བར་ཆད་སྣ་རེ་བྱང་༔ ཁྱད་པར་དུ་རིགས་དྲུག་གི་སྐྱེ་སྒོ་ཆོད་ཅིང་ཕ་རོལ་ཕྱིན་དྲུག་འཐོབ༔ ཆུའི་རྦ་དྲུག་ཞལ་ཁེབས་ཀྱི་རྣམ་པ་ཡིན་ཞིང་༔ ཐུབ་པ་དྲུག་གི་སྐུ་ནི་བྲག་གི་ལོགས་ལ་རང་བྱོན་དུ་བཞུགས་ཤིང་༔ ཆུའི་སྒྲ་ལས་ཆོས་དབྱངས་ཀྱི་སྒྲ་རྟག་པ་རྒྱུན་གྱི་འཁོར་ལོར་གྲགས༔ སྐལ་ལྡན་རྣམས་ཀྱིས་ཐོས་ཤིང་ལུང་བསྟན་འཐོབ་པ་དང་༔ འཇའ་ཚོན་ལྔ་ལྡན་འབར་བ་ལ་ཏིང་ངེ་འཛིན་གྱི་དབང་བླངས་ན་སྐུ་ལྔའི་ཡེ་ཤེས་ལ་སྤྱོད་པར་འགྱུར་རོ༔ མདོ་རི་འབུམ་དེའུ་མཁའ་འགྲོ་ཁྲོས་ནག་ལ་སྡེ་བརྒྱད་མཁའ་འགྲོས་བསྐོར་བའི་དཀྱིལ་འཁོར་ཆོས་འབྱུང་ཟུར་དྲུག་གི་ཚུལ་དུ་བཞུགས་པ་ལ་ཚོགས་ཀྱིས་མཆོད་ན་འབུམ་ཕྲག་མཁའ་འགྲོ་མཆོད་པ་དང་མཉམ༔ སྒྲུབ་པ་བྱས་ན་མཁའ་འགྲོས་དངོས་གྲུབ་སྩོལ༔ གནས་འབྲེལ་ཐོགས་རྣམས་ངན་སོང་གི་སྐྱེ་སྒོ་ཁེགས༔ ལས་ལྡན་གྱིས་མཁའ་འགྲོ་མཇལ་ཡང་སྲིད༔ སྲིད་པ་ཐ་མས་དངོས་གྲུབ་སྣ་རེ་འཐོབ༔ མཚོ་ཆེན་དགུ་ལ་ཚོགས་ཀྱིས་སུས་མཆོད་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་མཆོད་དང་མཉམ༔ སྒྲུབ་ཕུག་ལྔ་ལ་མར་མེའི་རྒྱལ་མཚན་དང་༔ སྤོས་དང་མེ་ཏོག་ཕྲེང་བ་ཚོགས་འཁོར་སོགས༔ མཆོད་པས་མཆོག་ཐུན་དཔལ་ལ་སྤྱོད་པ་དང་༔ ཡུལ་ཁམས་བདེ་ཞིང་ནད་མཚོན་མུ་གེ་ཞི༔ འདོད་ཡོན་ལྔ་ཡི་དཔལ་ལ་སྤྱོད་པར་འགྱུར༔ འཕྲང་བཞིར་བགྲོད་པས་བདུད་བཞིའི་བར་ཆད་སེལ༔ ལ་བཞིར་བརྒལ་བས་སྒྲིབ་བཞི་དྲུངས་ནས་འབྱིན༔ རོང་བཞིར་འགྲིམས་པས་རིགས་དྲུག་སྐྱེ་སྒོ་ཆོད༔ ཆུ་བཞིར་བཀྲུས་པས་སྒོ་གསུམ་སྡིག་སྒྲིབ་འདག༔ ནང་དུ་འཐུངས་པས་དབང་བཞིའི་ཏིང་འཛིན་འཆར༔ རྩེ་སྐོར་བརྒྱ་ཡིས་དུག་གསུམ་སྡིག་སྒྲིབ་བྱང་༔ བར་སྐོར་བདུན་གྱིས་མི་དགེ་བཅུ་འདག་ཅིང་༔ དབང་ཆེན་སྤྲེའུ་ལོར་མཐའ་ནས་སུས་སྐོར་བ༔ མཚམས་མེད་ལྔ་ཡི་སྡིག་སྒྲིབ་ངེས་པར་འདག༔ ཐུན་མོང་དངོས་གྲུབ་སྣ་རེ་འཐོབ་པར་འགྱུར༔ དེ་ཕྱིར་མ་འོངས་རྣམས་ཀྱིས་དང་དུ་ལོངས༔ ཅེས་གསུངས་པའི་དུས་སུ་མ ཚོ་རྒྱལ་བདག་གིས་ཞུས་པ༔ གུ་རུ་རིན་པོ་ཆེ་སེམས་ཅན་རྣམས་ཀྱི་དོན་དུ་གནས་ཆེན་པོ་འདིའི་གནས་ལག་རྣམས་ཀྱི་དཀར་ཆག་ཀྱང་ཞིབ་པར་གསུང་དུ་གསོལ༔ ཅེས་ཞུས་པས་སོ་སོའི་ལམ་ཡིག་རྣམས་བཀའ་སྩལ་པས་རྗེས་སུ་ཡི་རང་ནས་ཚོགས་ཀྱི་འཁོར་ལོས་མཆོད་ཅིང་གུས་པའི་ཕྱག་སྐོར་མང་དུ་ཕུལ་ནས་ཡི་གེར་བཏབ་ཏེ་རིན་པོ་ཆེའི་གཏེར་དུ་སྦས་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཁམས་སྲིང་མོ་རྫོང་ནས་ཤིང་ཕོ་སྟག་ལ་གཏེར་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བ་འདི་ཡང་ཁམས་པ་ཉི་མ་གྲགས་པས་སོ། །མངྒ་ལཾ། སྙི་བ་སྐེ་རིང་གིས་ཐེམས་བྱང་ལམ་ཡིག་བཙན་ཁྱེར་བྱས་པས་ཤོག་སེར་ཉིན་གསུམ་བལྟས་ཀྱང་འབེབས་རྒྱུ་མ་རྙེད་ངེས་པ་ཡིན་ཚེ་འདི་ཙམ་གྱིས་འཐུས་པར་ཞུ་ལགས། དྲུང་ན་འཁོད་དང་ནགས་སོག་སྐྱེ་འགྲོ་རྣམས། །ཡུན་དུ་འདྲིས་ཚེ་ཁྱིམ་འཚེས་ཨ་ཁུ་ལ། །དང་བླངས་ཆུང་ཡང་ཕྱོགས་མཐར་ཕན་ཐོགས་ཤོག །


previousསྲིང་རྫོང་གནས་ཀྱི་ལོ་རྒྱུས་གསང་བའི་སྙིང་པོ།next