Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིག
   
   
   
   
   


 
previousཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིགnext

ཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིག

ཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིག༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ དེ་ནས་ཡང་མཚོ་རྒྱལ་བདག་གིས་སློབ་དཔོན་ཆེན་པོ་ལ་ཞུས་པ༔ དུས་གསུམ་མཁྱེན་པའི་གུ་རུ་པདྨ་འབྱུང་གནས་ལགས༔ གནས་ཆེན་པོ་སྲིང་མོ་རྫོང་གི་ནུབ་ཕྱོགས་ན་བྱིན་གྱིས་བརླབས་པའི་གནས་ཉེར་གཅིག་ཡོད་གསུངས་པའི་ནང་ནས༔ ཅི་མདའ་རྟ་མགྲིན་བཞད་པའི་བྲག་ཅེས་བྱ་བའི་གནས་ཡོད་གསུངས་པའི་ལམ་ཡིག་དང་༔ དུས་དང་གང་ཟག་མཇལ་བའི་ཕན་ཡོན་སོགས་བཀའ་སྩལ་དུ་གསོལ༔ ཅེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཉོན་ཅིག་མཚོ་རྒྱལ་གསང་བའི་ཡུམ༔ གནས་ཆེན་པོ་འདིའི་སྒོ་མོ་ཅི་མདའ་བྲག་དམར་རྟ་མགྲིན་བཞད་པའི་གནས་ཀྱི་ལམ་ཡིག་བདག་གིས་བཤད་ཀྱི༔ མ་བརྗེད་པར་ཡིད་ལ་གཟུང་ལ་དཀར་ཆག་ཏུ་ཐོབ་ལ་མ་འོངས་འགྲོ་བ་ཕོ་མོ་རྣམས་ཀྱི་དོན་དུ་གཏེར་དུ་སྦོས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གནས་མཆོག་ཆེན་པོ་མ་དང་མཁའ་འགྲོ་འབུམ་འདུ་བའི་ཚོགས་ཁང་མདོ་དེའུ་ཞེས་བྱ་བ་འདི་ནས་དཔག་ཚད་གཅིག་གཞལ་བའི་ས་ན་ཡོད་དེ༔ དེ་ཡང་གནས་དེ་ནི་གནམ་ས་ཟླ་གམ་གྱི་དབྱིབས་སུ་ཡོད་པ༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ དབང་ལྡན་གྱི་ཕྱོགས་ནས་ཉི་ཟླ་འཆར་བ༔ ལྷོར་བྱ་ཕོའི་ཟེ་བ་ལྟར་རམ་སྲིན་མོས་རལ་བ་གསིག་པ་འདྲ་བའི་བྲག་ཡོད་པ༔ བྱང་རི་སྐྱོར་བ་ནུབ་བྱང་ནས་སྦྲུལ་རྒྱུག་པ་འདྲ་བའི་བྲག་ཡོད་པ༔ དེའི་ཤར་ཕྱོགས་དགེ་བསྙེན་དམག་ཡོལ་ལ་རྒྱབ་གཏད་པ་ཞིག་ཡོད༔ ཁྱད་པར་ནུབ་ཕྱོགས་རྒྱང་གྲགས་གཅིག་གི་ས་ན་དེའུ་འབུར་ཞིག་ཡོད་པ་དེར་དགེ་བསྙེན་ར་ཤ་དང་ཆང་ཕུད་ཀྱིས་མཆོད༔ བར་ཆད་མི་འབྱུང་བའི་གསོལ་བ་བཏབ་སྟེ་བྱང་ཤར་དུ་རྒྱང་གྲགས་ཕྱེད་ཕྱིན་པའི་ས་ན་ཕུག་པ་ཆོས་འབྱུང་གི་དབྱིབས་ཅན་ཁ་བྱང་དུ་བསྟན་པ༔ མཐོང་བ་ཙམ་གྱིས་སྐྱི་བུང་བྱེད་པ་ཞིག་ཡོད་པ་དེ་ནི༔ བདག་ཉིད་པདྨ་འབྱུང་གནས་ཁྱུང་ལ་སྤྲུལ་ཞིང་ཀླུ་བདུད་དམ་ལ་བཏགས་པའི་ཕུག་པ་ཡིན་པས་ཀླུ་འདུལ་ཁྱུང་ཁྲ་ཕུག་ཅེས་བྱ༔ ཕུག་པ་དེའི་ནང་ན་བྱ་ཁྱུང་རིགས་ལྔ་རང་བྱོན་དུ་ཡོད༔ སྒོ་མདོར་ཀླུའི་བླ་རྡོ་ཕ་བོང་ཆེ་བ་གཅིག་ལ་ཆུང་བ་མང་པོས་བསྐོར་བ་ཡོད༔ ཕུག་པའི་ནང་ན་ཀླུ་བདུད་དམ་སྲི་ནག་པོ་གནས༔ དྲག་པོའི་ལས་རྣམས་ཐོགས་མེད་དུ་འགྲུབ༔ མཐུ་དང་ཀླུ་ས་བདག་གི་གནོད་པ་མི་འབྱུང་བའི་དངོས་གྲུབ་ཞུ༔ དྲི་མ་དང་བྲུན་ལ་སོགས་པའི་སྤྱོད་པ་གཟབ་པར་བྱ༔ བསང་དང་གཏོར་མ་བཏང་སྟེ་འགྲོའོ༔ དེ་ནས་ཤར་ལྷོར་ཁ་གཏད་དེ་རྒྱང་གྲགས་ཕྱེད་གྱེན་དུ་བརྒལ་བ་ན་བྲག་དར་ནག་གི་ཡོལ་བ་ཐེན་པ་འདྲ་བ་ཁ་ནུབ་བྱང་དུ་ལྟ་བ་ཞིག་ཡོད་པ་དེ་ཀླུ་མོ་ལེ་ཐོད་དཀར་དང་ཀླུ་མོ་ཁྱབ་བྱེད་མ་གནས་པ་བསང་དང་འབྲུ་ཡིས་མཆོད༔ ཆུ་དེ་ནས་ཁྲུས་བྱ་ཞིང་ཐུན་མོང་གི་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ དེ་ནས་གྱེན་དུ་རྒྱང་གྲགས་ཕྱེད་གཞལ་བ་ན་བྲག་རི་ཟུར་གསུམ་པ་རིན་པོ་ཆེ་འབར་བའི་དབྱིབས་ཅན་ཞིག་ཡོད་པ་དེ་ནི་ཁྲོ་བོ་རྟ་མགྲིན་དམར་པོ་རང་བྱོན་ཡིན་མཆོག་གི་དངོས་གྲུབ་འཐོབ་པའི་གསོལ་བ་འདེབས༔ རྟ་མགྲིན་དམར་པོ་རང་བྱོན་གྱི་དེའུ་དེའི་སྤྱི་བོ་བདེ་ཆེན་གྱི་འ ཁོར་ལོ་ན་པད་འབྱུང་སྤྲུལ་སྐུའི་སྒྲུབ་ཕུག་ཡོད༔ སྐུའི་སྒྲུབ་བསྐོར་མང་དུ་སྦས་ལུས་སྤྲུལ་སྐུ་འཐོབ་པའི་གསོལ་བ་འདེབས༔ དེའི་འོག་ཏུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་པད་འབྱུང་ལོངས་སྐུའི་སྒྲུབ་ཕུག་ཡོད༔ ལོངས་སྐུའི་སྒྲུབ་སྐོར་གཏེར་ཁ་གསུམ་ཡོད༔ ངག་ལོངས་སྐུ་འཐོབ་པའི་གསོལ་བ་འདེབས༔ དེའི་འོག་ཏུ་སྙིང་ག་ཆོས་ཀྱི་འཁོར་ལོ་ན་པད་འབྱུང་ཆོས་སྐུའི་སྒྲུབ་ཕུག་ཡོད༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ཨ་ཏི་ཡང་གསང་བླ་མེད་མན་ངག་སྙིང་གི་དགོངས་པ་ཞེས་བྱ་བའི་གཏེར་ཁ་གསུམ་ཡོད༔ སེམས་ཆོས་སྐུ་འཐོབ་པའི་གསོལ་བ་འདེབས༔ མ་འོངས་པའི་སྐལ་ལྡན་རྣམས་ཀྱིས་དེར་བསྒྲུབས་པས་མཆོག་གི་ས་འཐོབ༔ རྩ་གསུམ་ཞལ་མཇལ་མཁའ་འགྲོས་ལུང་སྟོན་སྲུང་མས་བར་ཆད་སེལ་མ་བསྒོམས་པར་ཡང་ཏིང་འཛིན་ཤུགས་ཀྱིས་འཆར༔ བདུན་གསུམ་བསྒྲུབ་ན་བར་ཆད་རྐྱེན་རྣམས་འབྱང་༔ ཟླ་གསུམ་བསྒྲུབ་ན་ཐུན་མོང་དངོས་གྲུབ་འཐོབ༔ ལོ་གསུམ་བསྒྲུབ་ན་མཆོག་གི་ས་ལ་རེག༔ མཇལ་བ་ཙམ་གྱིས་ངན་སོང་སྐྱེ་སྒོ་གཅོད༔ གནས་འབྲེལ་ཙམ་གྱིས་མཐོ་རིས་ལམ་སྣ་ཟིན༔ ཤ་ཕུད་མཆོད་ན་སྡེ་བརྒྱད་ཡམས་ཁ་ཁེགས༔ ཆང་ཕུད་མཆོད་ན་མཁའ་འགྲོས་བར་ཆད་སེལ༔ ཁྲག་ཕུད་མཆོད་ན་མ་མོའི་ཡམས་ནད་འཆད༔ འབྲུ་ཕུད་མཆོད་ན་བཙའ་སད་སེར་གསུམ་གཅོད༔ ཚོགས་འཁོར་བསྐོར་ན་བདེ་ཆེན་ཞིང དུ་སྐྱེ༔ ཕྱི་མཆོད་ཕུལ་ན་ལུས་ཀྱི་སྡིག་སྒྲིབ་འདག༔ ནང་མཆོད་ཕུལ་ན་ངག་གི་སྡིག་སྒྲིབ་འདག༔ བསང་མཆོད་ཕུལ་ན་ཉམས་ཆག་རྟོག་སྒྲིབ་སྐོང་༔ ཅེས་གསུངས་པས་བདག་མཚོ་རྒྱལ་གྱིས་དེ་ལྟ་བུའི་གནས་དེ་བདག་ལ་བསྟན་དུ་གསོལ༔ ཞེས་ཞུས་པས་སྐད་ཅིག་དེ་ལ་འོད་ཟེར་ལ་ཞོན་ནས་སློབ་དཔོན་ཆེན་པོ་ནམ་མཁར་གཤེགས༔ བདག་ཀྱང་འོད་ཀྱི་ལམ་དུ་སོང་བས་གནས་ཀྱི་གཟིགས་སྣང་རྣམས་མཇལ་༔ སྒྲུབ་ཕུག་ཆེན་མོའི་གཡོན་ཕྱོགས་སུ་ཁོ་མོས་རྟ་མགྲིན་ཞག་བདུན་བསྒྲུབས༔ སློབ་དཔོན་ཡང་རྩེའི་བྲག་ལ་བཞུགས༔ ཚེ་ཡི་སྒྲུབ་པ་བདུན་གསུམ་མཛད༔ ལྷ་ཀླུ་གཞི་བདག་དཔག་མེད་ཚོགས༔ མཁའ་འགྲོ་སྲུ ང་མས་ཚོགས་འཁོར་ཕུལ༔ ཆོས་དང་ལུང་བསྟན་མང་དུ་གསུངས་སོ༔ དེ་ཚེ་བདག་གིས་སློབ་དཔོན་ཆེན་པོ་ལ་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ ད་དུང་ཀྱང་གནས་འདིའི་དཀར་ཆག་རྣམས་གསུང་དུ་གསོལ༔ ཞེས་ཞུས་པས་འདི་སྐད་གསུངས་སོ༔ གནས་མཆོག་ཆེན་པོ་བྲག་དེའུའི་རྣམ་པར་རྟ་མགྲིན་དམར་པོ་རང་བྱོན་དུ་བཞུགས་པ་འདིའི་གཡོན་ཕྱོགས་ཀྱི་ཕུག་པ་འདི་དཔའ་བོ་མཁའ་འགྲོའི་ཚོགས་ཁང་ཡིན༔ མཁའ་འགྲོ་སེང་གེའི་གདོང་ཅན་རང་བྱོན་ཡོད༔ མཚོ་རྒྱལ་ཁྱོད་ཀྱི་སྒྲུབ་ཕུག་འདིར་རྡོ་རྗེ་ཕག་མོ་རང་བྱོན་ཡོད༔ འཁོར་ལོ་གསུམ་གྱི་སྒྲུབ་ཕུག་ན་དམ་པ་རིགས་བརྒྱའི་ལྷ་ཚོགས་རང་བྱོན་བཞུགས༔ གཡས་ཕྱོགས་ཀྱི་ཆུ་རྒྱུན་འདི་ཚེ་དཔག་མེད་ཀྱི་གསང་ཆུ་ཡིན༔ བར་དོའི་འཕྲང་འདི་ངན་སོང་གི་སྒོ་གཅོད་ཅིང་མཐོ་རིས་སུ་འགྲོ་བའི་ལམ་ཡིན་ཏེ༔ གཡས་སུ་འཛུལ་ན་ལྷ་ལ་སྐྱེ༔ གཡོན་དུ་འཛུལ་ན་ལྷ་མ་ཡིན་ལ་སྐྱེ༔ དབུས་སུ་འཛུལ་ན་ཆོས་ལྡན་གྱི་མི་ལུས་འཐོབ༔ སྒང་འདི་ནས་སྒྲུབ་གནས་རྟ་དབུ་མཇལ་ཞིང་བདེ་བ་ཅན་ན་སྐྱེ་བའི་སྨོན་ལམ་འདེབས༔ ཡང་རྩེ་བྲག་འདིར་ཚེ་དཔག་མེད་རང་བྱོན་དུ་ཡོད༔ ཕུག་པའི་ནང་དུ་སངས་རྒྱས་སྣང་བ་མཐའ་ཡས་དང་མགོན་པོ་བྱམས་པ་སྟོན་པ་བཅོམ་ལྡན་འདས་རྣམས་རང་བྱོན་དུ་བཞུགས༔ ཕུག་པའི་ནང་གི་ཆུ་ཚེའི་བདུད་རྩི་ཡིན༔ སྒྲུབ་གནས་ཀྱི་ལྷོ་ཕྱོགས་ཀྱི་དེའུ་གོང་འོག་གཉིས་པོ་འདི་འཇམ་དཔལ་གཤིན་རྗེ་དང་ཕྱག་རྡོར་རང་བྱོན་ཡིན༔ ལྷོ་ཕྱོགས་ཀྱི་བྲག་སྲིན་མོ་རལ་བ་གསིག་པ་འདྲ་བ་འདིའི་ངོས་ལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རང་བྱོན་དུ་བཞུགས༔ གཏེར་ཆེན་གསུམ་དང་གཏེར་ཕྲན་གཉིས་ཡོད༔ དེའི་ལོགས་འདབས་སུ་ཆུ་ཟངས་སྦུབས་ལ་དྲངས་པ་འདྲ་བ་ན་ནོར་སྒྲུབ་ཀྱི་གཏེར་ཡོད༔ གནས་ཆེན་པོ་འདི་ལན་རེ་མཇལ་ན་དངོས་གྲུབ་སྣ་རེ་འཐོབ༔ ཁྱད་པར་སྤྲེའུ་ཟླ་བའི་ཚེས་བཅུ་ལ་ཚོགས་འཁོར་ཕུལ་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་ཅིང་ཕྱི་མ་པདྨ་འོད་ན་སྐྱེ༔ ཅེས་གསུངས་པས་བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལེགས༔ གནས་འདིའི་འགྲོ་དོན་དུས་ནམ་དར༔ ས་རྟགས་དང་དུས་རྟགས་ཅི་འདྲ་འོང་༔ ལམ་ཡིག་འདི་གཏེར་གནས་གང་དུ་སྦ༔ འདོན་པའི་གང་ཟག་ཅི་འདྲ་འབྱུང་༔ སྲུང་མ་མཆོད་ཐབས་ཅི་ལྟར་བགྱིད༔ ཞུས་པས་གུ་རུའི་ཞལ་ནས༔ ཀྱེ་ཧོ་ཉོན་ཅིག་མཚོ་རྒྱལ་གསང་བའི་ཡུམ༔ ད་ནས་བཟུང་སྟེ་རིང་དུས་འདས་པའི་འོག༔ མི་རྣམས་ཚེ་ལོ་བཞི་བཅུ་ཁ་རལ་དུས༔ འབྱུང་བཞི་འཁྲུག་ཅིང་ལྷག་ཆད་མང་བའི་དུས༔ ལོངས་སྤྱོད་རྒྱས་ཤིང་འདུ་འཛི་ཆེ་བའི་དུས༔ དུག་ལྔ་རགས་ཤིང་འཁྲུག་རྩོད་དར་བའི་དུས༔ ཕ་བུ་རྩོད་ཅིང་མིང་སྲིང་ནལ་བྱེད་དུས༔ སྤྱོད་ལམ་འགྱུར་ཞིང་མཐོ་དམན་བརྗེ་བའི་དུས༔ ཆོས་དང་བསྟན་པ་ཡ་མ་ཟུང་འབྱུང་དུས༔ ལུས་གོས་རྒྱན་ཆ་གང་དྲན་བྱེད་པའི་དུས༔ འདོད་ཆགས་ལས་གྱུར་བཙའ་སད་སེར་འབྱུང་དུས༔ གཏི་མུག་ལས་གྱུར་ནད་ཡམས་འཚུབས་པའི་དུས༔ ཞེ་སྡང་ལས་གྱུར་མཚོན་ཆར་འབེབས་པའི་དུས༔ རོ་ལ་མགོ་མེད་ཤིང་སྡོང་བཅད་འདྲའི་དུས༔ ས་གཡོ་ལྕེ་འབེབས་ཐུག་ཆོམ་མང་བའི་དུས༔ སྐར་མ་ཕུད་ཅན་ཉི་ཟླ་འགས་པའི་དུས༔ ཆར་ཆུ་མི་སྙོམ་ལྷོ་བྱང་གོ་ལོག་དུས༔ འཛམ་གླིང་རྒྱལ་པོས་བོད་ཁམས་འདུལ་པའི་དུས༔ ལྷོ་ནུབ་བྱང་ཤར་མཆོད་རྟེན་འཇིག་པའི་དུས༔ ནུབ་ཕྱོགས་ཡུལ་གྲོང་འཕོ་སྐྱས་བྱེད་པའི་དུས༔ ནགས་སོག་གཉིས་ནས་བདུད་སྤྲུལ་གསུམ་འབྱུང་དུས༔ ཤར་གྱི་ཕྱོགས་ན་ང་སྤྲུལ་སྐལ་ལྡན་ཞིག༔ ཁམས་སུ་སྐྱེས་ནས་དབུས་ཀྱི་ཕྱོགས་སུ་འཁྱར༔ སྲིང་མོ་རྫོང་གི་གནས་ལ་གསལ་ཆ་བྱེད༔ ད་ལྟ་སྦས་པའི་གཏེར་ཁ་ཕལ་ཆེར་འབྱིན༔ སྒྲུབ་པའི་དྲོད་ཐོན་སྐྱེ་འགྲོ་སྨིན་གྲོལ་འགོད༔ དེ་དུས་འགྲོ་བ་ཕོ་མོབསོད་ནམས་བསགས༔ མཐོང་ཐོས་འགྲོ་བ་ཐར་པའི་ལམ་ལ་འགོད༔ ལུས་འབྲེལ་ཐོགས་པའི་བུད་མེད་མཁའ་སྤྱོད་བགྲོད༔ དབང་ཆོས་འབྲེལ་རྣམས་རིག་འཛིན་ས་ལ་འགོད༔ བདུད་འགོང་སྤྲུལ་པ་མང་པོས་གཤེ་ཞིང་སྡང་༔ དེ་ཡིས་གནས་འདིའི་སྒོ་འབྱེད་འགྲོ་དོན་འབྱུང་༔ བསོད་ནམས་དར་དང་འཕེལ་གྱི་མིང་ཅན་གསུམ༔ གནས་འདིའི་ཕྱོགས་སུ་འབྱུང་ཞིང་ཞབས་ཏོག་སྟེ༔ ལམ་ཡིག་འདི་དང་སྲུང་མ་མཆོད་ཐབས་རྣམས༔ གནས་མཆོག་དམ་པ་རྡོ་རྗེ་སྙིང་རྫོང་དུ༔ རྒྱ་གསུམ་ཐོབ་ལ་སྦོས་ཤིག་དྷཀྐི་མ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རྡོ་རྗེ་སྙིང་རྫོང་གི་གནས་ལ་སྦས་པ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤིང་ཕོ་སྟག་གི་ལོ་ལ་སཱུརྱ་ཀིརྟིས་གཏེར་ནས་སྤྱན་དྲངས་ཤིང་ལྕགས་སྤྲེལ་ལ་མཁའ་འགྲོའི་གསང་ཤོག་ལས་བོད་ཡིག་ཏུ་བསྒྱུར་བའོ།། །།


previousཅི་མདའ་རྟ་མགྲིན་བྲག་གི་ལམ་ཡིགnext