Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ།
   
   
   


 
previousཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ།next

ཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ།

ཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ་བཞུགས་སོ༔ བླ་མ་ཡི་དམ་གྱི་ལྷ་ཚོགས༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ༔ བྱིན་གྱིས་བརླབས་པར་མཛད་དུ་གསོལ༔ རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་༔ མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོ་རྒྱན་པདྨ་འབྱུང་གནས་དེ་ཉིད༔ དྷ་ན་ཀོ་ཤའི་མཚོ་གླིང་༔ པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུར་བཞུགས་པའི་དུས་སུ༔ ནུབ་ཀྱི་དུས་སུ་མེ་དཔུང་འབར་བའི་དབུས༔ ཉིན་ཀྱི་དུས་སུ་འཇའ་འོད་འཁྱིལ་བའི་གུར་ཁང་དུ་བཞུགས་པའི་དུས་སུ༔ རྒྱལ་པོས་སྐུ་མཁར་གྱི་རྩེ་ནས་ལྟད་མོ་ལ་གཟིགས་པའི་དུས་སུ༔ མཚོའི་དཀྱིལ་དུ་འཇའ་འོད་ཀྱི་གུར་ཁང་གི་དབུས་སུ༔ སངས་རྒྱས་སྟོང་རྩ་གཉིས་ཞལ་གཟིགས༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཏིང་ངེ་འཛིན་དུ་དེ་ནུབ་སོང་༔ རྒྱལ་པོས་ཕྱིས་ནང་འཁོར་རྣམས་ལ་འདིར་ཤོག་ཁྱེད་རྣམས་ཀྱིས་གྲུ་དང་ཤན་གྱིས་ལ་འདིར་གདན་དྲོང་ལ་ཤོག་གསུངས༔ དེར་སོང་བ་ལས་ལོ་བརྒྱད་པའི་མཆོག་ཏུ་གྱུར་པའི་སྐྱེས་བུ་གཅིག་འདུག་པ་གདན་དྲངས༔ མངའ་རིས་རྣམས་ཀྱིས་བསུ་བ་མཛད༔ ཕོ་བྲང་གི་ནང་དུ་གདན་དྲངས༔ རྒྱལ་པོ་ཁྲི་ནས་རང་བཞིན་ཐུགས་རྗེའི་ཤུགས་ཀྱིས་བབ་ནས་ཕྱག་འཚལ༔ དེ་མ་ཐག་ཏུ་བཙུན་མོ་རྣམས་ཀྱི་ཕྲག་པར་མེ་ཏོག་རེ་འཁྲུངས༔ མེ་ཏོག་དེ་རྣམས་ཨོ་རྒྱན་ལ་ཐིམ༔ བཙུན་མོ་རྣམས་ཀྱིས་ངའི་སྲས་ངའི་སྲས་ཟེར༔ རྒྱལ་པོའི་སྲས་ཀྱི་མཆོག་ཏུ་གྱུར༔ རྒྱ་གར་དུ་རྒྱལ་སྲིད་ཆོས་རྣམས་ཐམས་ཅད་བསྐྱངས༔ མངའ་བདག་རྒྱལ་པོས་བོད་དུ་སྤྱན་དྲངས༔ བོད་ཀྱི་མུན་པ་བསལ༔ གཙུག་ལག་ཁང་གི་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ་ནས༔ མཚོ་རྒྱལ་གྱིས་ཞུས་པ༔ མདང་ངའི་རྨི་ལམ་དུ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཞེས་བྱ་བའི་ལྷུན་གྲུབ་ཡོད་པ༔ དེར་ཁྱེད་ཕེབས་ན་འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་རང་ཞིར་འགྲོ༔ གནས་ཐམས་ཅད་ཀྱི་སྒོ་ཕྱེས་ཤིག་ཞུས་པས༔ ཟིལ་ཆེན་གསང་བའི་ཕུག་པར་བཞུགས་པའི་དུས་སུ༔ གནས་ཙཱ་རི་མཁའ་འགྲོ་ཇི་ཙམ་འདུ༔ སློབ་དཔོན་གྱིས་གཏན་ཚེ་ལ་འདུ་བ་ཕག་གདོང་ནག་མོ་འདུ་བའི་གནས་ཡིན༔ བསམ་ཡས་མཆིམས་ཕུར་ཕྱེད་ཙམ་འདུཿ དེ་བས་ངོ་མཚར་བའི་གནས་བྱང་ཕྱོགས་ཕ་ཀིར་ཡོད་གསུངས༔ འོ་ན་ཁྱེད་ཕྱག་ཕེབས་ནས་བྱིན་གྱིས་བརླབས་པར་མཛད་དགོས་ཞུས༔ དཔལ་གསང་བ་རིན་པོ་ཆེ་བདུད་རྩི་བུམ་པའི་རྒྱུད་ལས༔ ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་རྒོད་པའི་ས༔ གནས་བརྒྱད་དུར་ཁྲོད་ཆེན་པོ་རྔམས་པའི་སྒོ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ མཁའ་འགྲོས་ལུང་བསྟན་བྱིན་གྱིས་བརླབ་པའི་ས༔ རང་བཞིན་ལྷུན་གྲུབ་ཙཱ་རི་ཏྲ་དང་ཁྱད་པར་མེད༔ རྫོང་ཁམས་ཤག་ཅེས་བྱའི་གནས་མཆོག་ཡོད༔ ཨོ་རྒྱན་ཡུལ་ལམ་མཁའ་སྤྱོད་དག་དང་མཚུངས༔ མཁའ་འགྲོ་མེ་ལྟར་འབར་མའི་རྒྱུད་ལས་ཀྱང་༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ དབང་ཕྱུག་དཔལ་ལྡན་མཁའ་འགྲོ་གནས་པའི་ས་ཡོད༔ མ་ག་དྷ་རྡོ་རྗེ་གདན་བརྩེགས་པའི་བྱང་ཤར་མཚམས༔ དོན་ལ་སྦྱར་ན་སྒྲུབ་གནས་ཆེན་པོ་དེར་ཕྱིན་པ་ཙམ་གྱིས་སྡིག་སྒྲིབ་འདག་གོ༔ ཡེ་ཤེས་རང་བཞིན་འཆར་བའི་ཕྱིར་བྱང་ཤར་མཚམས་ཞེས་བྱའོ༔ དཔལ་ཕྱག་ན་རྡོ་རྗེ་རིན་པོ་ཆེ་སྒྲོན་མའི་རྒྱུད་ལས༔ ཡ་ངའི་གནས་མཆོག་ཙཱ་རི་དང་༔ ཁྱད་པར་མེད་པ་ཡ་ང་བ༔ མཆོག་ཐུན་དངོས་གྲུབ་ལོངས་སྤྱོད་གནས༔ ཡང་དག་དོན་མཐོང་ཞེས་བྱའི་ཕྱིར༔ བདེ་བའི་ལམ་ཞུགས་བདེ་བ་ཅན༔ དེར་འགྲོ་ཞེས་གསུངས༔ གང་ཟག་ལས་ཅན་དབང་པོ་རབ་ཟླ་བ་གཅིག་ནས་མཁའ་འགྲོའི་ལུང་བསྟན་ཐོབ༔ གཉིས་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་བོ༔ གསུམ་ནས་ཕྱག་རྒྱ་ཆེན་པོ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅེས་གསུངས༔ གང་ཟག་དབང་པོ་འབྲིང་ཟླ་བ་བདུན་ནས་དངོས་གྲུབ་ཐོབ་པར་གསུངས༔ དབང་པོ་ཐ་མར་གྱུར་པ་ལོ་གཅིག་གི་ནང་དུ་དངོས་གྲུབ་ཐོབ་ཅེས་གསུངས༔ སྒྲུབ་གནས་ཆེན་པོ་དེས་ལམ་ཡིག་བསྟན་པ་ནི༔ སྤྱིར་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ས༔ མཆོད་རྟེན་གླིང་རྒྱུ་རིན་པོ་ཆེ་ལས་ལྷུན་གྱིས་གྲུབ་པ༔ རི་བོ་མཆོག་རབ་གྱི་ལྷོ་ངོས་བཻཌཱུརྱ་སྔོན་པོའི་མདོག༔ ཤིང་འཛམ་བུ་པྲིཀྵས་སྒྲ་འབྱིན་པའི་ས༔ གླིང་གཞན་ལས་ཁྱད་པར་དུ་འཕགས་པའི་ས༔ གྲུ་གསུམ་ཆོས་འབྱུང་སོག་ཁར་ཆགས་པའི་སྟེང་༔ རྒྱ་བོད་གཉིས་ཀྱི་མཚམས་རྟེན་འབྲེལ་སྣ་ཚོགས་ཚང་བའི་གླིང་ཕྲན༔ ས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་ཆགས་པ༔ ལོགས་བཀྲ་ཤིས་རྫས་བརྒྱད་ཀྱི་ཚུལ་དུ་གནས་པ༔ གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་ཚུལ་དུ་གྲུབ་པ༔ ས་གཞི་ཐམས་ཅད་སྔོན་པོ་བཀྲ་ཤིས་པའི་རྫས༔ མཚོ་ནང་དུ་མི་དང་མི་མ་ཡིན་གྱི་གཟུགས་སུ་འཆར་བ༔ རི་བྲག་ཐམས་ཅད་རྡོ་རྗེ་བསྣོལ་བའི་ཚུལ་དུ་འདུག་པ༔ གཡའ་བྲག་ཐམས་ཅད་སྲིན་མོ་རལ་བ་གསིག་པ་འདྲ་བ༔ རྫ་བྲག་ཐམས་ཅད་སེང་གེ་གྱེན་ལ་འགྲོ་བ་འདྲ་བ༔ ཆུ་ཐམས་ཅད་ནི་དར་དཀར་ཕྱར་བ་འདྲ་བ༔ རིའི་སྨད་དུ་ཤིང་ཐམས་ཅད་མི་རིང་ལངས་པ་འདྲ་བ༔ དཔའ་བོ་དང་དཔའ་མོ་ཐམས་ཅད་རང་བཞིན་གྱིས་འདུ་ཤིང་མཁའ་འགྲོས་དངོས་སུ་ཆོས་སྟོན་པའི་གནས༔ སྐལ་མེད་རྣམས་ལ་བར་ཆད་བྱེད་ཅིང་༔ སྐལ་པར་ལྡན་པ་རྣམས་ལ་དངོས་གྲུབ་སྟེར་བའི་ས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གནས༔ རང་བྱུང་གི་རྟེན་མཆོག་གྲངས་མང་དུ་ཡོད་དེ༔ མ་བསྒོམ་པར་རིག་པ་རང་བཞིན་དུ་འཆར་བའི་གནས༔ རྡོ་འཐུལ་བ་དང་ཤིང་གཡོ་བ་དང་ཆུ་འབྲུབ་པ་རླུང་འཕྱོ་བའི་སྒྲ་ཐམས་ཅད་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ལ་སོགས་པ་མཁའ་འགྲོའི་སྒྲ་སྒྲོག་པ་དང་༔ དྲི་བཟང་སྤོས་འཐུལ་བ་ནམ་མཁའ་འཇའ་ཡིས་གང་བ་དང་༔ ཌཱ་མ་རུ་དང་རོལ་མོའི་སྒྲ་སྒྲོག་པ་མང་དུ་འབྱུང་༔ དེ་ལྟར་ཉམས་དགའ་བ་དང་བདེ་བ་ཡིད་དྭངས་ཤིང་༔ ཉོན་མོངས་རྣམ་པར་རྟོག་པ་ཐམས་ཅད་དབྱིངས་སུ་ཡལ་ནས༔ སེམས་མི་རྟོག་པའི་ཉམས་རང་བཞིན་དུ་འཆར༔ དེ་ལྟར་རང་བཞིན་གནས་མཆོག་དེ་ཉིད་ལ༔ རྫོང་ཁམས་ཤག་ཡིན་ཞེས་མཚོ་རྒྱལ་ལ་གསུངས༔ ཙཱ་རིའི་དཀྱིལ་འཁོར་གཞལ་ཡས་ཁང་དུ་ཤར་བའི་སྒོ་བཞི་ཡོད༔ ཤར་སྒོ་འཇམ་དཔལ་གྱི་སྒོ་རྒྱ་ནག་པོ་ལ་གཏད༔ བཀའ་སྲུང་དཔལ་གཤིན་རྗེའི་གཤེད་ཀྱིས་བྱེད༔ ལྷོ་སྒོ་ཕྱག་ན་རྡོ་རྗེའི་སྒོ༔ རྒྱ་དཀར་པོ་ལ་གཏད༔ བཀའ་སྲུང་ཁྲོ་བོ་བདུད་རྩི་འཁྱིལ་བས་བྱེད༔ ནུབ་སྒོ་ཇོ་མོ་སྒྲོལ་མའི་སྒོ༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་ལ་གཏད༔ བཀའ་སྲུང་ལྷ་མོ་ཨེ་ཀ་ཙ་ཏིས་བྱེད༔ བྱང་སྒོ་ཐུགས་རྗེ་ཆེན་པོའི་སྒོ་བོད་ལ་གཏད༔ ཇོ་བོ་དཔལ་འཛོམས་དཀར་པོ་ཞེས་ཀྱང་བྱ༔ བཀའ་སྲུང་དཔལ་ཧྱ་གྷྲི་ཝས་བྱེད༔ མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ལས་ཀྱང་༔ གཡའ་དང་གངས་ཀྱི་ཕ་རོལ་ན༔ སྤྲིན་དང་ན་བུན་ཚུར་རོལ་ན༔ གཡའ་རི་གངས་རིའི་ཁོང་གསེང་ན༔ མཚོ་ཆེན་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར་བ་ཡོད༔ ལ་ལ་ནི་ཞི་བའི་མཚོ་དཀར་པོ་ཟླུམ་པོར་ཡོད༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་རྒྱས་པའི་མཚོ་སེར་པོ་གྲུ་གཞིར་ཡོད༔ རིན་ཆེན་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་ནི་དབང་གི་མཚོ་དམར་པོ་ཟླ་གམ་ལ༔ པདྨ་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་ནི་དྲག་པོའི་མཚོ་གྲུ་གསུམ་ལ༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་གནས༔ ལ་ལ་ནི་ཀླུ་གདུག་པ་ཅན་གནས་པའི་དུག་མཚོ་ཡོད་པ་དེ་ལ་ནི་བཏུང་དུ་མི་རུང་༔ གྲིབ་མ་ཕོག་ཏུ་ཡང་མི་རུང་༔ དེ་ལྟར་ཕྲིན་ལས་རྣམ་བཞི་དང་ཆགས་པའི་མཚོ་ལ་མཁའ་འགྲོ་མ་སྡེ་བཞི་གནས་ཏེ༔ གཡའ་སྨན་དང་གངས་སྨན་མཚོ་སྨན་གྱིས་བསྐོར་ཞིང་༔ རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་འཇིག་རྟེན་གྱི་བྱ་བ་བཏང་ནས༔ སྒྲུབ་པ་ཚུལ་བཞིན་ཉམས་སུ་བླངས་ན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ སློབ་དཔོན་པདྨ་འབྱུང་གནས་དེ་ཉིད་སེང་གེ་དཀར་མོ་ལ་བཅིབས་ནས་ས་ཆ་འདིར་ཕྱག་ཕེབས༔ ཕོ་བྲང་ཆེན་པོ་འདིའི་དབུ་རྩེར་བཞུགས་ཏེ་མ་བརྩིགས་པའི་ཁྲི་ཡིན༔ དཀྱིལ་འཁོར་ཆེན་པོ་མཚོ་འདི་ཉིད་ཀྱི་ནང་ཞལ་ན༔ མཁའ་འགྲོ་མ་ཐམས་ཅད་ཀྱིས་ཁྲུས་བྱས་པ་གཟིགས་པས་ཁྲུས་མཚོ་ཆེན་པོར་མཚན་གསོལ༔ པདྨ་འདབ་མ་སྟོང་དང་ལྡན་པར་ཞལ་གཟིགས༔ རྒྱབ་ཀྱི་ཕོ་བྲང་རྩེ་མོ་འདི་ཉིད་ལ༔ དབུ་ཐོག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་ཞལ་གཟིགས༔ རི་འདི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཞལ་གཟིགས༔ གངས་འདིའི་འོག་ཏུ་མཚོ་སྦལ་བ་འདྲ་བ་ཡོད༔ ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་ཡིན༔ དེའི་འོག་ཏུ་ཐོད་ཕོར་འོ་མས་བཀང་བ་འདྲ་བའི་མཚོ་ཡོད༔ དེ་ལ་སྒྲོལ་མ་ཉིས་སྟོང་བརྒྱད་བརྒྱའི་ཕོ་བྲང་ཡོད༔ སྔོན་པོ་ཆུའི་ཞལ་ཁེབས་བྱས་པ་ཡོད༔ འགགས་གྲེ་བ་འདྲ་བ་ན་ངའི་ཞབས་རྗེས་ཡོད༔ ཕོ་བྲང་ཆེནཔོ་འདིའི་ཕྱོགས་བཞི་ན༔ ཆོས་ཁྲི་བཞི་ཡོད༔ ཕོ་བྲང་འདིའི་གཡས་ཕྱོགས་སུ༔ ཁྲིའི་སྟེང་དུ་བཞུགས་པའི་དུས་སུ༔ ལྷ་སྲིན་སྡེ་བརྒྱད་ལ་ཆོས་གསུངས་པའི་དུས་སུ༔ རྒྱ་གར་གྱི་མཁའ་འགྲོ་མ་ཐམས་ཅད་ཀྱིས་མར་ཕུལ་བའི་ཕུད་ལ་དབུ་ཞྭ་བཟོས་པ་ཡིན༔ འདིའི་འོག་ས་ཁྲུ་གང་གི་ཞབས་སུ་ངའི་ཞབས་རྗེས་ཡོད༔ མ་འོངས་པའི་དུས་སུ་ཁར་ཐོན་ནས་འོང་༔ མཚོ་རྒྱལ་གྱིས་མར་ལོག་སྒྲིལ་བ་འདི་མཚོ་རྒྱལ་གྱི་གུར་ཡིན༔ འདིའི་ནང་དུ་མ་ཧཱ་མུ་ཏྲའི་ཆོས་སྐོར་ཡོད༔ ཞབས་སུ་ཚེ་ཆུ་ཡོད༔ མི་འགྱུར་པ་ཕྱག་མཛུབ་ཀྱི་རྗེས་ཡོད༔ དེའི་འོག་ལ་མར་ཀྱི་ལྷག་མར་མནྡྷ་ར་བའི་གུར་ཡིན༔ དེའི་ནང་དུ་མཁའ་འགྲོ་སྙིང་ཐིག་བི་མ་ལའི་སྙིང་ཐིག་སོགས་སྙིང་ཐིག་ཐམས་ཅད་འདིར་ཡོད༔ འདིའི་ལྡེ་མིག་བསེའི་སྒྲོམ་བུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ནང་དུ་ཡོད༔ དཔག་ཚད་དུ་ཞབས་རྗེས་ཡོད༔ དེའི་གཡས་ཕྱོགས་ཀྱི་ཆོས་ཁྲིའི་སྟེང་དུ་ལྷ་སྲིན་ལ་ཆོས་གསུངས་བའི་དུས་སུ༔ མཁའ་འགྲོ་མ་རྣམས་ཀྱིས་མཚམས་བཅད་ནང་མཚམས་བསྡམ་པའི་དར་ཡོལ་ཕྱི་ནང་གསུམ་དུ་བྱས་པ་ཡོད༔ འགོའི་ཆུ་ཕྱར་འོག་མ་རྣམས་ལ་སྒྲོལ་མ་མཆེད་བདུན་ཞལ་གཟིགས༔ ཆུ་ཕྱར་གོང་མ་ལ་རིགས་གསུམ་མགོན་པོའི་ཞལ་གཟིགས༔ མཚོའི་དཀྱིལ་དུ་ཤེལ་གྱི་མཆོད་རྟེན་རྩེ་དགུ་པ་ཞིག་གཏེར་དུ་སྦས༔ གཞལ་ཡས་ཁང་འདིའི་ཆུ་ཕྱར་བསྣོལ་བ་འདྲ་བའི་གཡོན་ཕྱོགས་སུ༔ བྲག་ལ་སྐུ་རྒྱབ་གཏད་པའི་རྗེས་ཡོད༔ མདུན་དུ་རྒྱ་ཡིག་ཡོད༔ རྒྱབ་ཏུ་མི་འགྱུར་བ་ཡོད༔ གཡས་སུ་ཕྱག་ན་རྡོ་རྗེ་ཡོད༔ མཚོའི་ཆུ་ཕྱར་གྱི་འོག་ཏུ་ཆོས་རྒྱལ་གྱི་སྐུ་ཡོད༔ གཡས་ཕྱོགས་སུ་ཁྲོས་མ་ནག་མོའི་སྐུ་གསང་བའི་བྷ་ག་ནས་ཆུ་འབབ་པ་སྤྱི་གཙུག་ཏུ་ཕག་ཞལ་ངུར་བ་ཡོད༔ རྦ་ཀློང་ཆེ་བའི་ནང་དུ་ཐུབ་པ་གཙོ་འཁོར་གསུམ་ཡོད༔ སྨད་དུ་དུད་སོལ་ལྷ་མོའི་སྐུ་ཡོད༔ དེ་ནས་མཁའ་འགྲོ་རྒྱན་སྤུངས་སུ་ཕྱག་ཕེབས༔ ཚོགས་བཤམས་པའི་ཚོགས་གདན་འདི་མི་པགས་ཀྱི་གཡང་གཞི་ཡིན༔ རྗེས་འདི་ནི་ཕྱག་བེར་གྱི་རྗེས་ཡིན༔ འགགས་འདི་རུ་བེར་ནག་ཅན་གྱི་སྐུ་ཡོད༔ སྤང་མཐོང་འདི་ཐོད་ཁྲག་ཡིན༔ དེའི་འོག་མར་ཕག་མོའི་སྐུ་ཡོད༔ རྒྱབ་ཏུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རྒྱབ་ཡོལ་ཡོད༔ ཕྱག་རྗེས་ཞབས་རྗེས་མང་དུ་ཡོད༔ དེའི་འོག་འགགས་གྲེ་བ་འདྲ་བར་ཚོགས་ཁང་ཆེན་པོ་མ་འོངས་པ་ན་རང་བྱོན་དུ་འོང་༔ དེའི་བཀའ་སྲུང་བྱ་རོག་གདོང་ཆུ་འཐུང་བ་འདྲ་བ་ཡོད༔ དེའི་བདེ་གཟར་གྱི་མཚམས་སུ་ཕ་བོང་གུར་ཕུབ་པ་འདྲ་བ་ཡོད༔ དེའི་ནང་དུ་མཁའ་འགྲོ་མ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་འདྲ་བ་ཡོད༔ ཕ་བོང་སྐྱབས་ཆེན་ཕུག་བྱ་བ་ཡིན༔ འཁོར་བ་ངན་སོང་ནས་སྐྱོབ་པ་ཡིན༔ སྟོད་ཀྱི་བྲག་འདི་ལྷ་སྲིན་ལ་དཀར་གཏོར་ཕུལ་བ་ཡིན༔ དེའི་འོག་འདི་བཙུན་མོ་ལྷའི་ནེ་རིང་ཡིན༔ བདུད་རྩི་ཀླུའི་ཆུ་མིག་ཡོདཿ ཆུ་གཞན་དང་མི་འདྲ་འོ་མ་འདྲ༔ དེའི་འོག་ཆུ་ཕྱར་གྱི་འོག་ཏུ་རེ་མ་ཏཱིའི་སྐུ་ཡོད༔ དེའི་ཆུ་ཕྱར་བར་མར་སློབ་དཔོན་ཕྱག་ཕེབས་པའི་དུས་སུ༔ བདུད་མོ་རྣམས་ཀྱིས་མཐོ་འཚམ་པའི་དུས་སུ༔ རྒྱ་གར་ནས་མཁའ་འགྲོ་མ་རྣམས་ཀྱིས་དམག་དཔུང་དྲངས་ནས་བདུད་མོ་བཏུལ༔ དེའི་རྟགས་ལ་མཁའ་འགྲོ་མའི་དྲིལ་རྗེས་ཡོད༔ མཁའ་འགྲོས་ཕུད་བཤམས་པའི་སྦ་ཟོའི་རྗེས་དང་མཆོད་རྫས་དྲིལ་བུའི་རྗེས་ཡོད༔ དེའི་འོག་ཏུ་སྐུ་བདུད་རྩི་འཕྱུར་བ་འདྲ་བ་ཡོད༔ དེའི་ཆུ་ཕར་ཁ་དཔག་ཚད་ན་སྐུའི་རྗེས་ཡོད༔ དེའི་ཕར་ཁ་སྐུ་རྒྱབ་བྲག་ལ་གཏད་པའི་ཡིག་འབྲུའི་རང་བྱོན་ཡོད༔ དེའི་འོག་ཕྲག་རྟ་འདྲ་བའི་ལོགས་བཙན་བདུད་བཏུལ༔ ཡིག་འབྲུ་རང་བྱོན་མང་བར་ཡོད༔ བྲག་གི་ལོགས་སུ་བུམ་པ་འདྲ་བ་ཡོད༔ དེའི་ནང་དུ་འཆི་མེད་ཚེའི་བདུད་རྩི་ཡོད༔ བྲག་གི་ཁ་ཁྱེར་དུ་རྗེ་བཙུན་གྱི་སྐུ་སོར་བཞི་ཡོད༔ དཔག་ཚད་ན་ཨོ་རྒྱན་ངའི་ཚེ་སྒྲུབ་ཀྱི་ཆུ་ཡོད༔ དེའི་འོག་ཏུ་མཁའ་འགྲོ་མ་རྣམས་ཀྱིས་ཆོས་ཁྲི་ཕུལ་བ་ཡོད༔ དེའི་དཔག་ཚད་ན་ནམ་མཁའ་ཆོས་འབྱུང་ལ་སངས་རྒྱས་མཁའ་འགྲོ་ཞལ་གཟིགས༔ རྡོ་ཆོས་འབྱུང་ལ་རྡོ་རྗེ་མཁའ་འགྲོ་ཞལ་གཟིགས༔ ས་ཆོས་འབྱུང་ལ་རིན་ཆེན་མཁའ་འགྲོ་ཞལ་གཟིགས༔ ཆུ་ཆོས་འབྱུང་ལ་པདྨ་མཁའ་འགྲོའི་ཞལ་གཟིགས༔ ཤིང་ཆོས་འབྱུང་ལ་ལས་ཀྱི་མཁའ་འགྲོའི་ཞལ་གཟིགས༔ ཁྱད་པར་དུ་རྡོ་ཆོས་འབྱུང་ལ་གསང་བའི་ཟེའུ་འབྲུ་ཡོད༔ མཚོ་རྒྱལ་གྱི་ཡིན༔ དེའི་འོག་ཙིཏྟ་གུར་གྱི་ནང་ཞལ་ན༔ ལྷ་མོ་ཞལ་གཟིགས༔ ལྷ་མོའི་རྒྱུད་ལས་གསུངས༔ གསེར་གྱི་ཤིང་ཁྲོ་ལོ་ལོ༔ གཡུའི་མཆོད་རྟེན་སྤུངས་སེ་སྤུང་༔ དུང་གི་ཆོན་ཕུར་ཁྲོ་ལོ་ལོ༔ གསུངས་པ་བཞིན་འཇའ་གུར་གྱི་ནང་དུ་ཐུགས་ཀྱི་ཌཱ་ཀི་མ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུ་ཞལ་གཟིགས༔ གུར་ཁང་ནང་དུ་སྟོན་པ་སངས་རྒྱས་ཞལ་གཟིགས༔ ལྷུང་བཟེད་ཀྱི་ནང་དུ་མཁའ་འགྲོ་མས་ཕུལ་བའི་མར་ཡོད༔ དབུའི་རྗེས་ཡོད༔ གུར་གྱི་ཁ་ཁྱེར་ལ་སངས་རྒྱས་སྟོང་རྩ་གཉིས་ཡོད༔ བར་དོའི་འཕྲང་ཡོད༔ དེའི་ཟུར་ན་གུ་རུ་ཞི་དྲག་གི་སྐུ་ཡོད༔ ང་རང་མཇལ་བ་དང་ཁྱད་པར་མེད༔ མེ་ལོང་ནང་གི་གཟུགས་བརྙན་ལྟར་ཡོད༔ ཞབས་རྗེས་ཆེ་བ་འདི་ཨོ་རྒྱན་གྱི་ཞབས་རྗེས་ཡིན༔ མཁའ་འགྲོ་མ་རྣམས་ཀྱི་ཕྱག་ནས་བཟུང་ནས་བྲོ་འཁྲབ་ནས་བདུད་བཏུལ་བའི་དགའ་བྲོ་ཡིན༔ དེའི་འོག་ཏུ་ཆུ་ཕྱར་ལ་མཆོད་པའི་ལྷ་མོ་རྣམས་ཡོད༔ དེའི་འོག་ཏུ་དཔའ་བོ་རྡོའི་ཐོད་པ་ཡོད༔ དེའི་འོག་ཏུ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་གུར་ཁང་ཡོད༔ ཕྱི་ལྟར་མདོ་རི་རིན་ཆེན་སྤུངས་པ་ཡིན༔ དེའི་གཡས་སུ་བྲག་ཕུག་ཁ་ཤར་དུ་འགྱུ་བ་ཡོད༔ དེའི་བྲག་ནོར་བུ་འདྲ་བའི་འོག་ཏུ་རལ་གྲིའི་བརྒྱ་ཕོན་ཡོད༔ དེའི་གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་སྐུ་ཡོད༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བུམ་པ་ཡིན༔ མཁའ་འགྲོ་འདུ་བའི་འདུས་མདོ་ཡིན༔ གནས་འདི་སློབ་དཔོན་གྱི་ཞབས་ཀྱིས་བཅགས་པའི་གནས་ཡིན༔ ད་འདི་ལ་སྒོ་བཞི་ཡོད༔ ཤར་སྒོ་ཕུག་དཀར་ཡིན༔ རྡོ་རྗེ་མཁའ་འགྲོའི་བསྟོད་པ་བྱ༔ ལྷོའི་སྒོ་ནི་ཕུག་སེར་ཡིན༔ རིན་ཆེན་མཁའ་འགྲོའི་བསྟོད་པ་བྱ༔ ནུབ་གྱི་སྒོ་ནི་མེ་འབར་ཕུག༔ པདྨ་མཁའ་འགྲོའི་བསྟོད་པ་བྱ༔ བྱང་གི་སྒོ་ནི་མེ་མོ་རག་ཕྲོམ་ཡིན༔ ལས་ཀྱི་མཁའ་འགྲོའི་བསྟོད་པ་བྱ༔ གནས་འདི་ནི་རྩ་གསུམ་འདུས་པའི་ཁྲི་སྟེང་ཡིན༔ ནགས་ཞེས་བྱ་བ་རོ་མ་ཡིན༔ སོག་ཅེས་བྱ་བ་རྐྱང་མ་ཡིན༔ གནས་འདི་དབུ་མའི་ཚུལ་དུ་ཡོད༔ ཐུགས་རྗེའི་མངའ་བདག་མི་རྣམས་རང་ཤུགས་ཀྱིས་དད་པར་འོང་༔ དཀར་པོ་ལྷའི་ལུང་བསྟན་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཚོ་རྒྱལ་གྱིས་ཞུས་པ༔ རི་འདི་ལ་བྱ་རྒྱལ་གྱི་ཚང་ཡོད་པ་འདི༔ ཤར་དུང་སེང་གནམ་ལ་མཆོངས་པ་འདྲ༔ ལྷོ་རྒྱ་སྟག་འཕྱོ་བ་འདྲ་བ༔ ནུབ་པདྨ་སྤུངས་པ་འདྲ་བ༔ བྱང་གླང་ཆེན་ཉལ་བ་འདྲ་བ༔ སེང་གེ་གནམ་དུ་འཕྱོང་བ་འདྲ་བ༔ གདུགས་དང་རྒྱལ་མཚན་བྱ་འདབ་དང་བཅས་པ༔ ཤར་ལྷོ་གཞལ་ཡས་ཁང་གི་དབུས་སུ༔ བྲག་དང་ཆུ་ལས་འདོད་དགུ་འབྱུང་༔ དེ་དང་ཉེ་བའི་གནས་ན་མཁའ་འགྲོ་མ་གསང་བ་བླ་ན་མེད་པའི་གནས་ཞེས་བྱ་བ༔ རང་བྱུང་རཏྣ་མེ་ཤེལ་ལས་གྲུབ་པའི་མཆོད་རྟེན་ཡོད༔ རི་བྲག་ལ་བཀྲ་ཤིས་སྒོ་མང་སྒོ་བདུན་ཅུ་རྩ་བདུན་ལ༔ མགོན་པོ་བདུན་ཅུ་རྩ་བདུན་གྱི་སྐུ་ཤེལ་ལས་གྲུབ་པ་ཡོད༔ པདྨའི་འཕྲེང་བ་ལ་ཞི་བ་བཞི་བཅུ་རྩ་གཉིས་ཡོད༔ བང་རིམ་འོག་མ་ལ་ཁྲག་འཐུང་ལྷ་དགུའི་དལ་ཡོད༔ བང་རིམ་གཉིས་པ་ལ་འཇམ་དཔལ་ལྷ་སུམ་བརྒྱའི་དལ་ཡོད༔ བང་རིམ་གསུམ་པ་ལ་པདྨའི་རྒྱུད་ཀྱི་ལྷ་ཚོགས་ཡོད༔ བར་རིམ་བཞི་པ་ལ་ཕ་རྒྱུད་ཀྱི་ལྷ་ཚོགས་ཡོད༔ བང་རིམ་ལྔ་པ་ལ་གསང་སྔགས་ཀྱི་ནང་ནས་དྲག་པོའི་ལྷ་ཚོགས་ཡོད༔ བུམ་པ་ལ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དལ་ཡོད༔ བྲེ་ལ་གསང་བ་འདུས་པའི་ལྷ་ཚོགས་ཡོད༔ བྱ་རུ་གདུགས་དང་བཅས་པ་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་དཔག་ཏུ་མེད་པ་ཡོད༔ བྱིན་རླབས་རང་འབྱུང་གི་མཆོད་རྟེན་མཐའ་ཚུན་ལ༔ རཏྣ་སྣ་ཚོགས་འོད་ལས་བྱང་བ་ཁ་དོག་སྣ་ཚོགས་དང་༔ རི་དང་བྲག་ལ་ལྷའི་གཞལ་ཡས་འདྲ་བ༔ ཤེལ་གྱི་རི་དང་ཤེལ་གྱི་མཆོད་རྟེན་སྣ་ཚོགས་ཡོད༔ དེ་ཉིད་ལ་དུས་བཟང་པོ་མཁའ་འགྲོ་མ་རྣམས་ཀྱིས་ཙན་དན་དཀར་པོའི་ཆར་འབབ་པ་ཡོད༔ དུས་བཟང་པོ་ལ་མཆོད་པའི་བྱེ་བྲག་སྣ་ཚོགས་མཆོད་ཅིང་བཀུར་སྟི་རིམ་གྲོ་བྱེད་པ་ཡོད༔ མཚོའི་ནང་དུ་མེ་ལོང་གི་གཟུགས་བརྙན་ལྟ་བུར་འཆར་༔ ཆུ་ཕྱར་རེ་རེ་ལ་མཁའ་འགྲོ་མའི་གནས་རེ་རེ་ཡོད༔ དེ་དག་རྒྱལ་པོའི་ལ མ་ཡིག་ན་ཡང་གསལ༔ མཚོ་རྒྱལ་ཁྱོད་ཀྱིས་ཕྱི་རབས་རྣམས་ལ་ཕན་པས་ཞུས་པ་ལེགས༔ མངོན་གྱུར་བརྒྱ་ལས་སྦས་ཐབས་གཅིག་ལེགས༔ ཡི་གེ་འདི་རྣམས་དད་དང་ལྡན་པ་རྣམས་མ་ལགས་པའི༔ སྐལ་མེད་རྣམས་ལ་མ་བསྟན༔ དད་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ༔ ཟབ་ཆོས་ནོར་བུའི་འཕྲེང་བ་བཞུགས༔ རྩ་རྒྱལ་རག་ཕྲོམ་འདི་ནི་སྲིན་མོ་གན་རྐྱལ་དུ་ཉལ་བ་འདྲ་བ་ཡིན༔ གཞོག་གཡོན་དུ་རྫ་གོང་སང་གི་རི་ལ༔ སངས་རྒྱས་སྟོང་སྐུ་ཡོད༔ མ་འོངས་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་རང་བྱོན་དུ་ཡོང་༔ ཆུ་ཕྱར་འོག་མར་དཔའ་བོ་རྡོའི་ཐོད་པ་ཡོད༔ ཨོ་རྒྱན་གྱི་ཞབས་རྗེས་ཡོད༔ ཆོས་ཀྱི་རྒྱལ་པོའི་སྐུ་ཡོད༔ ཆུ་ཕྱར་གྱི་ནང་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྐུ་ཡོདཿ དེའི་དཔག་ཚད་དུ་མཁའ་འགྲོ་འབུམ་དེལ་ཞེས་བྱ་བཿ རི་བོ་མཆོད་རྟེན་འདྲ་བའི་རི་ཡོད༔ མཁའ་འགྲོ་འདུ་བའི་གནས་ཡིན་ནོ༔ ཕྱོགས་བཞིར་ཕུག་པ་བཞི་ཡོད༔ ཞབས་རྗེས་ཕུག་པ་ཆེ་བའི་ནང་དུ་ཡོད༔ རལ་གྲིའི་ཕོན་བརྒྱད་ཡོད༔ ནོར་གཏེར་ཆོས་གཏེར་རྣམས་མཆོད་རྟེན་གྱི་དཀྱིལ་གྱི་ཤིང་ཕུང་རྩ་བར་ཡོད༔ ཕྱོགས་བཞིར་སྒྲུབ་པའི་ཕུག་པ་བཞི་ཡོད༔ ཕུག་ནག་ནག་མོ་ཐུགས་ཀྱི་སྒྲུབ་ཁང་ཡིན༔ ཤུག་སྡོང་བར་མར་ཤོག་དྲིལ་ཡོད༔ བྲག་དཀྱིལ་གྱི་ཕུག་པར་རལ་གྲི་དང་ཁྲབ་ཀྱི་གཏེར་ཡོད༔ ཕུག་པའི་ནང་དུ་ཕྱག་རྗེས་ཞབས་རྗེས་དབུ་ཞྭའི་རྗེས་ཡོད༔ ཕུག་པའི་གཞོག་གཡོན་དུ༔ སྟོན་པ་སངས་རྒྱས་འདྲ་བའི་བྲག་གི་ནང་དུ༔ ཐུགས་སྒྲུབ་དང་རིན་པོ་ཆེའི་གཏེར་ཨོ་རྒྱན་གྱི་ཕུར་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཡོད༔ ས་ཚོན་སྣ་ལྔ་ཡོད༔ དེའི་གདོང་དུ་ཁྲོས་མའི་སྐུ་རང་བྱོན་དུ་ཡོད༔ བྲག་གི་འདབས་ལ་མཁའ་འགྲོ་སྡེ་ལྔ་ཡོད༔ ལམ་གྱི་ཤུག་ཆེན་རྩ་ནས་གསལ༔ ཤར་གྱི་ཕུག་པ་ཕུག་དཀར་ཡིན༔ དཀར་མོ་སྐུའི་སྒྲུབ་ཕུག་ཡིནཿ ཨོ་རྒྱན་གྱི་དབུའི་རྗེས་དང་ཕྱག་རྗེས་ཡོད༔ གྲེ་འཕྲང་དེར་རིན་པོ་ཆེ་སྣ་ལྔའི་གཏེར་ཡོད༔ དལ་གྱི་ཞབས་སུ་ཆུ་ཇུ་གང་སྨན་གཏེར་ཡོད༔ སའི་བཅུད་ལེན་ཡོད༔ སྐུའི་སྒྲུབ་སྐོར་དེར་སྦས༔ དེའི་སྒོར་གླང་པོ་ཆེ་འཕྲེད་ལ་ཉལ་བ་འདྲ་བའི་ཕ་བོང་ཡོད༔ དེ་ཚོགས་བདག་གླང་སྣ་ཡིན༔ ཕུག་པའི་བཀའ་སྲུང་ཡིན་པར་ཞལ་གྱིས་བཞེས༔ དེའི་སྒོར་སྒོག་པ་སྨེ་མོ་ནགས་རི་ལྟ་བུར་ཡོད༔ མཁའ་འགྲོའི་ཚོགས་འཁོར་བྱར་རུང་༔ སྒང་བྱ་ཕོའི་ཟེ་བ་འདྲ་བར་ནུབ་ཕྱོགས་སུ་གཟིགས་ཙན༔ བྲག་རྒྱ་ཕིབ་འདྲ་བའི་འོག་ཏུ་གུ་རུ་མཚན་བརྒྱད་མཁའ་འགྲོ་སྡེ་ལྔ་བྲག་ལ་མེ་ལོང་གི་གཟུག་སྙན་ལྟར་རང་བྱོན་དུ་ཡོད༔ དེའི་འོག་དཔག་ཚད་དུ་སྒྲུབ་ཆུ་ཡོད༔ ན་འཁྱིལ་མོ་བྱ་བའི་འོག་ཏུ༔ བྲག་སེང་གེ་འདྲ་བའི་ཟེ་བའི་འོག་ཏུ་ཕུག་སེར་ཡོད༔ སེར་མོ་ཡོན་ཏན་གྱི་སྒྲུབ་ཁང་ཡིན༔ སེར་མོ་ཡོན་ཏན་གྱི་སྒྲུབ་པ་དེར་སྦས༔ ཕུག་པའི་སྒོ་ཁར་ཕ་བོང་གླང་པོ་ཆེ་འདྲ་བ་ལ་ཞབས་རྗེས་ཡོད༔ ནགས་རོང་སྦྲ་མདོ་བྱ་བའི་ཕུ་རུ༔ སྦྲེ་ཕུག་སྔོན་བྱ་བའི་སྒྲུབ༔ ཁང་ཡོད༔ ལྗང་མོ་འཕྲིན་ལས་ཀྱི་སྒྲུབ་པ་དེར་མཛད༔ ལྗང་མོ་འཕྲིན་ལས་ཀྱི་ཆོས་སྐོར་དེར་སྦས༔ ཕུག་པ་དབུ་ཞྭའི་ཚུལ་དུ་གོང་འོག་གསུམ་དུ་ཡོད༔ སྐུ་གསུང་ཐུགས་མཚོན༔ ལྕང་སྡོང་གོང་མའི་རྩར་སྒྲུབ་ཆུ་ཡོད༔ ཕ་བོང་མཎྜལ་འདྲ་བའི་རྩར་ནོར་སྒྲུབ་ཀྱི་གཏེར་ཡོད༔ རྡོ་དཀར་ངང་ཆ་ལེ་བའི་དཀྱིལ་དུ་ཞབས་རྗེས་ཡོད༔ རྫ་གོང་སང་ལ་ཕུག་དམར་ཡོད༔ དམར་མོ་གསུང་གི་སྒྲུབ་པ་དེར་མཛད༔ དམར་མོ་གསུང་གི་སྒྲུབ་སྐོར་རྣམས་དེར་སྦས༔ བྲག་གི་འདན་ལ་ཕྱག་རྗེས་ཡོད༔ རྡོ་རྗེ་ཕག་མོའི་སྐུ་རང་བྱོན་དུ་ཡོད༔ གནས་དེ་ཉིད་ལ་སྒོ་བཞི་ཡོད༔ ལྷོ་སྒོ་ཅི་མདའ་དམར་པོ་རྟ་མགྲིན་གྱི་སྒོ༔ རྟ་མགྲིན་དང་རྣམ་སྲས་ཀྱི་སྐུ་རང་བྱོན་དུ་ཡོད༔ ནུབ་སྒོ་ལྡང་རམ་དམར་པོར་ཐུབ་པ་གཙོ་འཁོར་གསུམ་དང་བྱམས་པའི་སྐུ་རང་བྱོན་དུ་ཡོད༔ བྱང་སྒོ་སོག་ཁུ་རུ་སྨན་འཕྲང་ཡིན༔ ཕུར་པའི་ཆོས་སྐོར་དེར་སྦས༔ ཨཱོཾ་ཨཱཿཧཱུྃ་གསུམ་མི་འགྱུར་པའི་རྟགས་སུ་རང་བྱོན་དུ་ཡོད༔ ཤར་སྒོ་རྫོང་བྲག་དམར་པོ་ལ་གཏད༔ ནུབ་ནས་བལྟས་ན་ཕ་བོང་སྟག་འདྲ་བ༔ ཤར་ནས་བལྟས་ན་གུར་ལྟ་བུ་དེའི་ནང་དུ་ཐུགས་རྗེ་ཆེན་པོའི་སྐུ་ཡོད༔ ཕ་བོང་གི་ལྟག་ཏུ་ཨོ་རྒྱན་གྱི་ཞབས་རྗེས་ཡོད༔ མཁའ་འགྲོ་སེང་གདོང་གི་སྐུ་ཡོད༔ ཞབས་རྗེས་ཀྱི་ཞབས་སུ་གསེར་ཐོད་ཕོར་གང་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆགས་རུའི་སྒྲུབ་ཆུའི་བྲག་ལ་ཕྱི་རབས་གནས་ལ་དགོངས་ཏེ༔ ཞུ་བ་ཞུ་ལེན་འདི་རྣམས་བཀོད་དེ་གཏེར་དུ་སྦས༔ དུས་ཀྱི་ཚོད་ལ་ཨོ་རྒྱན་ལ་དད་པའི་སྟོབས་ཀྱི་བརྟུལ་ཤུགས་ཀྱིས་གཏེར་ནས་བཏོན༔ ལམ་ཡིག་ནོར་བུའི་འཕྲེང་བ་སྤེལ་ཞིང་ཡི་གེར་བཀོད་པ༔ མ་མཁའ་འགྲོ་རྣམས་དང་ཟབ་གཏེར་སྲུང་མ་རྣམས་ལ་བཟོད་པར་མཛད་དུ་གསོལ༔ ལམ་ཡིག་འདི་བྲིས་དགེ་བ་དེས། །ཕྱི་རབས་འགྲོ་བ་ཀུན་ལ་ཕན་ཐོག་ནས། །ལག་ཡིག་ཟབ་མོ་དར་ཞིང་རྒྱས་པར་ཤོག ། །།


previousཁམས་སྲིང་མོ་རྫོང་གི་གནས་ཀྱི་ལམ་ཡིག་ནོར་བུའི་ཕྲེང་བ།next