cover

རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།

པོད་ང༽

རིག་འཛིན་ཉི་མ་གྲགས་པ།

མཁན་ཆེན་ཨོ་རྒྱན་རིག་འཛིན་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

གྲུབ་བརྙེས་རིག༵་འཛིན༵་ཌཱཀྐིའི་ཐུགས་ཀྱི་བཅུད། །
ཡང་ཟབ་ཆོས་གཏེར་ཉི༵་མ༵་གསར་བའི་གཟིས། །
བསྟན་འགྲོའི་རྒུད་མུན་མིང་གི་མཐར་བྱེད་པའི། །
གྲགས༵་པ༵་ས་གསུམ་རྒྱན་དུ་བརྟན་གྱུར་ཅིག །
རྒྱལ་བ་ཀུན་གྱི་མཁྱེན་ནུས་བརྩེ་བའི་ཡོན་ཏན་གཅིག་ཏུ་སྤུངས་པ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཆོག་གིས། སྙིགས་དུས་ཀྱི་རྒུད་མུན་རྩད་ནས་གཞོམས་ཤིང་། འགྲོ་རྣམས་ཕན་བདེའི་དཔལ་ལ་ཡུན་ནས་ཡུན་དུ་སྤྱོད་པའི་སླད། གྲུབ་བརྙེས་རིག་འཛིན་ཌཱཀྐིའི་ཐུགས་བཅུད། འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་རྣམས། དཀར་པོར་མོས་པའི་མི་མིན་རྫུ་འཕྲུལ་གྱི་ཤུགས་ཅན་དག་ལ་གཉེར་དུ་གཏད་དེ། བསིལ་ལྡན་ཁ་བ་རི་བའི་ཕྱོགས་བཞི་དབུས་ལྔའི་གངས་རི་འགྱུར་མེད་དང་། གཡུ་མཚོ་གཏན་འཁྱིལ་སོགས་སུ་ནམ་ཡང་མི་འཇིག་པའི་ཕྱག་རྒྱས་བཏབ་ནས་སྦས་པའི། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྐོར། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་གྱེས་པ་ཡལ་ག་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུར་བཞུགས་པ་དག ཕྱིས་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་བ་ན། གུ་རུ་ཉིད་དང་རྗེ་འབངས་རིག་འཛིན་མཁའ་འགྲོ་མ་རྣམས་སླར་ཡང་རིག་སྔགས་འཆང་བའི་རྣམ་པར་བྱོན་ནས་འདོན་པར་མཛད་པ་ལས། འདིར་ནི་གངས་ཅན་མིག་གཅིག་ལོ་ཙཱ་བ་ཆེན་པོ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་བའི་རོལ་བ། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྒོ་འབྱེད་པོར་ཚད་ཐུབ་གཏེར་ལུང་དུ་མ་ནས་བསྔགས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན། སྤྲུལ་སྒྱུར་གྱི་རོལ་རྩེད། ནུས་མཐུ་ཡི་དྲག་རྩལ། གཏེར་ཆོག་གི་ཁྱད་ཆོས། མཐོང་ཆོས་ཀྱི་རྫས་གཏེར། ཁྲོམ་གཏེར་གྱི་ངོ་མཚར་སོགས་གང་ནས་བསམ་ཀྱང་གཞན་ལས་ཁྱད་དུ་འཕགས་ཤིང་། གཞན་ལས་ཁྱད་ཆོས་མང་བ། གཏེར་ཆེན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩའི་ཟབ་ཆོས་མཐའ་དག་ལ་དབང་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ། དུས་ལ་བབས་མིན་དང་གཏེར་ཁ་ཡིན་མིན་ལ་མི་ལྟོས་པར་ཟབ་གཏེར་མཐའ་དག་ལ་འདོད་རྒུར་སྤྱོད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གཏེར་སྟོན་ཆེན་མོ། ཆོས་དང་རྫས་ཀྱི་གཏེར་དངོས་ཉུང་བསྡུས་ཙམ་མ་ཡིན་པར་རྒྱ་ཆེན་གྲངས་མང་འཛད་མི་ཤེས་པ་རྒྱལ་བོའི་བང་མཛོད་ལྟ་བུ་དག་འབྱིན་པ་ལ་སྔོན་སྨོན་གྱི་མཐུ་གྲུབ་པ། སྤྲུལ་བའི་གཏེར་སྟོན་ཆེན་མོ་༧རིག་འཛིན་ཉི་མ་གྲགས་པའམ་གར་དབང་འགྲོ་འདུལ་གླིང་བ་དེ་ཉིད་ཀྱི་གཏེར་བྱོན་ཟབ་ཆོས་རྣམས། བོད་ཁམས་ཕྱོགས་རྫ་རྒྱུད་ཨ་སེ་དགོན་ཐུབ་བསྟན་མདོ་སྔགས་བསྟན་གཉིས་དར་རྒྱས་གླིང་དུ། ཨ་སེ་མཆོག་སྤྲུལ་འགྱུར་མེད་རྡོ་རྗེས་ཕྱི་ལོ་(༡༩༢༢)སྐོར་ཡིག་མཁན་ཁྱད་འཕགས་དུ་མ་ཆེད་དུ་གདན་དྲངས་ཏེ་འབྲིར་བཅུག་པའི་གླེགས་བམ་པོད་བཅུ་གསུམ་ཡོད་པ་དག །ཕྱིས་ང་དགུའི་དུས་འགྱུར་སྐབས་མ་རུང་ངན་སྤྱོད་པ་དག་གིས། ཕྱག་དར་ཁྲོད་དུ་དོར་ཏེ་རླག་ལ་ཉེ་བའི་སྐབས། ཨ་སེའི་བླ་མ་ནམ་མཁའ་དང་མཁན་པོ་ཆོས་གྲགས་རྣམ་གཉིས་ཀྱིས་སྲོག་དང་བསྡོས་ཏེ་ཉར་ཚགས་བྱས། དུས་ཕྱིས་ཁོ་བོའི་ཞང་པོ་མཁན་པོ་ཆོས་གྲགས་ནས་དེ་དག་གྲོན་པར་དོག་སྟེ་ཁོ་བོ་ལ་བཀས་སྐུལ་བ་བཞིན། ཕྲན་པས་ཀྱང་རྒྱུ་ཚེགས་གཉིས་ཀྱིས་འབད་འབུངས་མི་དམན་པ་བསྐྱེད་དེ། རྩིས་འཕྲུལ་དུ་ཕབས་ཐོག་སྔ་ཕྱིར་ཞུ་དག་ལན་བདུན་བྱས་ཏེ་དཔར་དུ་བསྐྲུན་པ་ཡིན། དེ་ཡང་སྔོན་མའི་མ་དཔེ་ལྟར་གཏེར་གཞུང་རྩ་བའི་ཆོས་སྐོར་པོད་བཅུ་གསུམ་གཞིར་བཞག་བྱས་ཐོག གཏེར་ཆེན་རིན་པོ་ཆེའི་རང་རྣམ་དང་མགུར་འབུམ་དུམ་པ་གཅིག་མགོར་བཞག །སློབ་རྒྱུད་མཁས་གྲུབ་དག་གིས་མཛད་པའི་རྒྱབ་ཆོས་གལ་ཆེན་གྲས་ཕྱོགས་བསྡུས་དུམ་གཅིག་མཇུག་ཏུ་བསྣན་ཏེ་པོད་བཅོ་ལྔ་བྱས་ཏེ་བསྒྲིགས་བྱས་ཡོད། འོན་ཀྱང་མ་དཔེ་ཟག་རུལ་དུ་སོང་བ་སོགས་ཀྱི་དབང་གིས་ད་དུང་ནོར་འཁྲུལ་ཅི་རིགས་ཡོད་ངེས་པས། དབྱིངས་བཞུགས་རྩ་གསུམ་ཆོས་སྐྱོང་ལ་བཟོད་པ་གསོལ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དགོངས་ཡངས་དང་ནོར་བཅོས་གནང་བར་ཞུ་ཞེས་གསོལ་བ་འདེབས་པ་དང་འབྲེལ། འདིས་མཚོན་ལེགས་བྱས་མཐའ་དག་འབྲེལ་ཐོགས་ཡིད་ཅན་རྣམས་ཀྱི་གཙོས། མཐའ་ཡས་པའི་སེམས་ཅན་མཐའ་དག་བདེ་ནས་བདེ་བར་འགྲོ་བ་དང་། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོར་འཁྲུངས་རྒྱལ་བའི་རིང་ལུགས་གསང་ཆེན་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་འགྱུར་བར་སྨོན་ན། དེ་དེ་བཞིན་འགྲུབ་པའི་མཐུན་འགྱུར་དབྱིངས་བཞུགས་སྲས་བཅས་རྒྱལ་བས་གནང་བར་མཛོད་ཅིག ༈ ཆོས་ཚུལ་འདི་ཡང་མཐའ་ཡས་འགྲོ་བ་རྣམས། །གདོད་མའི་གཞི་དབྱིངས་མངོན་པར་བྱང་ཆུབ་བར། །མི་ནུབ་བརྟན་གནས་བྱིན་བརླབས་གཟི་འོད་ཀྱིས། །སྲིད་པའི་གདུང་བ་ཡོངས་སུ་གཞིལ་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ། །བསླབ་གསུམ་ཡོན་ཏན་དཔལ་གྱིས་བརྒྱན་པའི་འདུས་པའི་སྡེ་ཡིས་ས་སྟེང་གང་། །འབྲེལ་ཐོག་གཙོས་པའི་མཐའ་ཡས་ཡིད་ཅན་གནས་སྐབས་མཐོ་རིས་དཔལ་གྱིས་འབྱོར། །རིང་མིན་ཞི་བ་ཆོས་སྐུའི་དཔལ་ཐོབ་སྤྲུལ་བས་གཞན་དོན་མཐར་ཕྱིན་ཤོག །ཅེས་པར་སྐྲུན་ཡོན་སྦྱར་བ་ཨོ་རྒྱན་རིག་འཛིན་ནས་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༢ ཚེས་ ༢༥ ཕྱི་ལོ་ ༢༠༡༥ ཟླ་ ༤ བའི་ཚེས་ ༡༤ ཉིན་ཆོས་སྐོར་འདི་ཉིད་པར་སྐྲུན་སྐབས་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་རྫོགས་ཆེན་མཁན་ཆེན་ཁྲི་ཟུར་ཨྱོན་རིག་འཛིན་རིན་པོ་ཆེ་མཆོག་ནས་བསྐྱར་དུ་བསྐྲུན་གནང་བའི་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་གླེགས་བག་བཅོ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་མཁན་རིན་པོ་ཆེ་ཉིད་ནས་གནང་འབྱོར་བྱུང་བ་ལགས་ན། སྐུ་ཉིད་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།
ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ལོ་རྒྱུས་གསལ་བའི་འོད་ཟེར།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ལོ་རྒྱུས་གསལ་བའི་འོད་ཟེར་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ དེ་ཡང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོ་ནས༔ མགོན་པོ་ཆོས་ཀྱི་སྐུ་འོད་སྣང་རབ་ཏུ་མཐའ་ཡས་པ་ཞེས་བྱ་བས༔ འགྲོ་བ་རིགས་དྲུག་གི་སྡུག་བསྔལ་གྱི་མུན་པ་ཐམས་ཅད་རབ་ཏུ་བསལ་བའི་ཕྱིར་དུ༔ ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་བཞིན་དུ༔ ནམ་མཁའ་སྟོང་པ་ལས་ཉི་མའི་དཀྱིལ་འཁོར་ཤར་བ་ལྟར༔ འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་སྤྲུལ་ཏེ༔ འགྲོ་དྲུག་སོ་སོའི་གླིང་དུ་རང་རང་གི་སྣང་བ་དང་མཐུན་པ་སྣ་ཚོགས་ཀྱི་གཟུགས་སུ་བསྟན་ནས༔ སོ་སོའི་སྐད་དུ་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཡོངས་སུ་བསྐོར་ཞིང་སྡུག་བསྔལ་གྱི་མུན་པ་ཐམས་ཅད་རབ་ཏུ་བསལ་ཞིང་༔ ཁྱད་པར་དུ་འཛམ་བུའི་གླིང་འདིར་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཆེན་པོ་མངོན་པར་འདུ་བྱེད་ཅིང་༔ ཐོག་མ་དང་ཐ་མ་མེད་པར་འགྲོ་བའི་དོན་སྣ་ཚོགས་མ་འགགས་པའི་རོལ་པར་མཛད་པར་དམ་བཅས་པས༔ མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་ཀྱི་རོལ་བར༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་སྲིད་སྐྱོང་ཐབས་ཀྱི་རང་བཞིན་དུ་སྤྲུལ་ནས༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སྲིད་པའི་དྲ་བ་གཅོད་པ་མཆོག་གི་ཤེས་རབ་ཀྱི་ངོ་བོ་ལས་རང་ཤར་ཞིང་༔ མི་རྣམས་ཚེ་ལོ་བརྒྱད་ཁྲིའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་འགྲོ་བའི་དོན་དུ་བྱོན་ཏེ༔ ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་ཞིང་འགྲོ་བའི་དོན་སྣ་ཚོགས་སུ་མཛད༔ མི་རྣམས་ཚེ་ལོ་བཞི་ཁྲིའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་འགྲོ་བའི་དོན་དུ་བྱོན་ཏེ༔ ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད༔ མི་རྣམས་ཚེ་ལོ་ཉི་ཁྲིའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ཏེ༔ ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད༔ དེ་ནས་མི་རྣམས་ཀྱིས་མི་དགེ་བ་སྣ་ཚོགས་སུ་སྤྱད་པས་སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཚེ་རིམ་གྱིས་བྲི་བ་ལས༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས། མཛད་པའི་ཆོ་འཕྲུལ་ནི་བཅུ་གཉིས་སུ་བསྟན་ཞིང་བཀའ་འཁོར་ལོ་གསུམ་གྱི་སྒོ་ནས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་ཅིང་༔ དགུང་ལོ་བརྒྱད་ཅུ་རྩ་གཉིས་ཀྱི་ལོ་ལ་སེམས་ཅན་རང་རྒྱུད་རྨོངས་ཤིང་འདུས་བྱས་ཀྱི་ཆོས་ལ་རྟག་པར་ལྟ་བ་ཐམས་ཅད་སུན་འབྱིན་པའི་ཆེད་དུ༔ སྐུ་སྐྱེ་འཆི་བགྲེས་རྒུད་ཀྱི་མཐའ་དང་བྲལ་ཡང་༔ མྱ་ངན་ལས་འདའ་བར་བཞེད་ཚེ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་གསུམ་གྱི་མགོན་པོས༔ ཀྱེ་མ༔ སྟོན་པ་བཅོམ་ལྡན་འདས་ཆེན་པོ་ཁྱེད་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་ན༔ བྱང་ཕྱོགས་བོད་ཁམས་མུན་པའི་སྨག་རུམ་དུ་འགྲོ་བའི་དོན་མི་མཛད་དམ་ཞུས་པར༔ སྟོན་པས་བཀའ་སྩལ་པ༔ རིགས་གསུམ་གྱི་མགོན་པོ་ཁྱེད་གསུམ་གྱིས་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་ཐུལ་ཞིག༔ སླར་ཆད་པར་ལྟ་བའི་སེམས་ཅན་ཐམས་ཅད་གྲུབ་པའི་མཐའ་བསལ་བའི་ཕྱིར་དུ་ལོ་བཞི་གསུམ་བཅུ་གཉིས་ཀྱི་སྟེང་དུ༔ དྷ་ན་ཀོ་ཤའི་རྒྱ་མཚོ་ཆེན་པོར་པདྨའི་སྡོང་པོ་ལས་ང་ཉིད་རྫུས་ཏེ་སྐྱེ་བ་ལེན་པའི་དུས་སུ་མཐའ་འཁོབ་དང་ཡང་འཁོབ་དཔག་ཏུ་མེད་པའི་འགྲོ་བའི་དོན་བྱེད་པའི་ཚེ༔ བོད་ཡུལ་དུའང་མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་ཞིག་སྟོན་པར་བྱེད་དོ༔ ཞེས་གསུངས་ཤིང་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ༔ འཕགས་པ་རིགས་གསུམ་མགོན་པོས་བོད་དུ་འགྲོ་དོན་མཛད་པར་དགོངས་ཏེ་གཟིགས་པས༔ སྟོད་མངའ་རིས་སྐོར་གསུམ་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་རྣམས་ཐམས་ཅད་དུ༔ རི་དྭགས་ཀྱི་རིགས་དཔག་ཏུ་མེད་པ་དང་སྤྲེའུའི་ཚོགས་དང་༔ བྲག་སྲིན་མོ་གྲངས་མེད་མང་པོས་ལས་ལ་གསོད་གཅོད་དང་ཟས་སུ་གཅིག་གིས་གཅིག་ཟ་ཞིང་༔ རྒྱལ་ཁམས་དེར་ཤི་བའི་སེམས་ཅན་ཐམས་ཅད་དམྱལ་བའི་ཁང་སྒྲོམ་མེ་འདག་རབ་ཏུ་འབར་བ་ཆེན་པོར་འགྲོ་བ་ཤ་སྟག་ཏུ་འདུག་ཚེ༔ འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ལ་འདི་སྐད་དོ༔ འཕགས་པ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་བོད་ཀྱི་རྒྱལ་ཁམས་འདི་ཐུལ་ཞིག༔ འཕགས་པ་ཕྱག་ན་རྡོ་རྗེ་དང་ང་ཡི་སྤྲུལ་པས་ཀྱང་སྐྱོང་ངོ་༔ ཅེས་གསོལ་བས་འཕགས་པ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེ་ཉིད་ཀྱིས་དུད་འགྲོའི་རྒྱལ་ཁམས་ལ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་མེད་ཅིང་༔ མིའི་ལུས་ལ་བརྟེན་དགོས་པར་མཁྱེན་ཏེ༔ འཕགས་པས་སྤྲེའུ་རིག་པ་གསལ་ལ་དབང་པོ་དངས་པ་གཅིག་ལ་བྱིན་གྱིས་བརླབས༔ སྒྲོལ་མས་བྲག་སྲིན་མོ་བློ་བརྟན་པ་ཞིག་ལ་འོད་སྤྲོས་ཤིང་སྣང་བ་སྒྱུར་བས༔ ཕ་མ་དེ་གཉིས་མཉམ་དུ་ཚོགས་པ་ལས་འགྲོ་བ་རིགས་དྲུག་གི་ཡུལ་ནས་ཚེ་འཕོས་པའི་བུ་དྲུག་བྱུང་བ་ཕ་ཡི་རིགས་ཤས་ཆེ་བ་རྣམས་ནི་སྙིང་རྗེ་ཆེ་ཞིང་ཁོག་གྲིམས་པ༔ ས་མཐོ་བ་ལ་དགའ་བར་བྱུང་སྟེ་སྟོད་ཀྱི་ཆ་ལ་ཡུལ་བཟུང་༔ མ་ཡི་རིགས་རྣམས་ནི་གདོང་པ་དམར་ལ་གསོད་གཅོད་དང་ཤ་ཁྲག་གི་ཟས་ལ་དགའ་བ་རོ་གྱོང་བ་བྱུང་སྟེ་ས་ཡང་སྨད་ཀྱི་ཆ་ལ་གནས་སོ༔ དེར་བོད་ཀྱི་རྒྱལ་ཁམས་མིས་གང་སྟེ་མིང་སྣ་ཚོགས་སུ་བཏགས༔ རུས་སྣ་ཚོགས་སུ་བཟུང་ཞིང་ཉེ་རིང་དང་དགྲ་གཉེན་སྣ་ཚོགས་སུ་ཕྱེས་ཏེ༔ ཡུལ་གྲུ་དང་ལུང་པ་སོགས་རང་རང་གི་ངོ་སྐལ་དུ་བཅད་ཅིང་གནས་པ་ལས༔ འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་ཡུལ་འགྲོ་བ་མིའི་གླིང་ལ་ཐབས་ཤེས་ཀྱིས་འདུལ་བའི་དུས་ལ་བབས་པ་མཁྱེན་ཏེ༔ དེའི་ཚེ་རྒྱ་གར་ཆོས་ཀྱི་རྒྱལ་པོའི་གདུང་བརྒྱུད་ལ་རྒྱལ་པོ་དམག་རྒྱབ་ཞེས་བྱ་བ་ཞིག་ཡོད་པའི་སྲས་ཅིག་ཡུམ་གྱི་ལྷུམས་སུ་ཞུགས་པ་ལ༔ འཕགས་པས་འོད་ཟེར་སྤྲོས་ཤིང་བྱིན་གྱིས་བརླབས་པས་སྲས་དེ་ཡུམ་ལས་བལྟམས་པའི་ཚེ༔ མིག་བྱ་མིག་ལྟར་མས་འགེབས་སུ་ཡོད་པས༔ སྐྲ་དང་སྨིན་མ་གཡུ་མདོག་ལྟར་འཚེར་བ༔ རྐང་ལག་ངང་པའི་རྒྱལ་པོ་ལྟར་འབྲེལ་བ་ཞིག་བྱུང་བས༔ ཡབ་རྒྱལ་པོས་མི་མ་ཡིན་གྱིས་བརླབས་པའི་བུ་ཡིན་པར་སེམས་ཏེ་སྤྱུགས་བཏང་བས༔ རྒྱལ་བུ་རྐང་འཁྱལ་ཏེ་འཕགས་པས་སྣང་བ་སྒྱུར་ཞིང་བྱིན་གྱིས་བརླབས་པས༔ བྱང་ཕྱོགས་བོད་ཀྱི་རི་བོ་ལྷ་རི་རལ་པའི་རྩེ་ལ་བྱོན་ཞིང་དམུ་སྐས་ཐེམ་དགུ་ལ་བབས་པ་བོད་ཀྱི་མི་འགའ་ཞིག་གིས་མཐོང་བས་གང་ནས་ཡིན་དྲིས་ཚེ་གནམ་ལ་མཛུབ་མོ་སྒྲེངས་ཤིང་༔སུ་ཡིན་དྲིས་པ་ལ་བཙད་པོ་ཡིན་ཟེར་བས༔ དེར་ཚོགས་པ་ཐམས་ཅད་ཀྱིས་གནམ་ནས་འོངས་པའི་ལྷའོ་ཞེས་གླེང་ཞིང་༔ ཐམས་ཅད་ཀྱི་གཉའ་བ་ལ་ཁྲི་བཅིངས་ཏེ་དྲངས་པས་གཉའ་ཁྲི་བཙད་པོར་གྲགས་ཤིང་༔ ཁ་བ་ཅན་གྱི་རྗེ་ལ་སྔ་བ་དེ་བྱུང་སྟེ༔ དེ་ནས་རྒྱལ་པོའི་གདུང་རབས་ཉི་ཤུ་རྩ་གསུམ་སོང་བ་དང་རྒྱལ་པོ་ཁྲི་ཐོག་རྗེ་བཙན་གྱི་སྲས་ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་བྱ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་བྱུང་ཞིང་དམ་པའི་ཆོས་ཀྱི་དབུ་བརྙེས༔ དེ་ནས་རྒྱལ་རབས་བཞི་པའི་སྟེང་དུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྲས་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བྱུང་ཞིང་དམ་པའི་ཆོས་ཀྱི་སྲོལ་བཏོད༔ དེ་ནས་རྒྱལ་རབས་ལྔ་འདས་པ་དང་༔ ཁྲི་ལྡེ་གཙུག་བརྟན་ཞེས་བྱ་བའི་རྒྱལ་པོའི་སྲས་ལ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་བྱུང་ཞིང་དམ་པའི་ཆོས་དར་རྒྱས་སུ་མཛད་པ་ལས༔ བདག་ཉིད་པདྨ་འབྱུང་གནས་ཞེས་བྱ་བ་སྔོན་རི་བོ་ཏ་ལའི་རྩེ་མོར་འཕགས་པ་སྤྱན་རས་གཟིགས་དང་ཞལ་མཇལ་ཚེ༔ སྤྲེའུའི་ཚ་བོ་བོད་ཀྱི་རྒྱལ་ཁམས་སུ་མ་འོངས་པ་ན༔ རྒྱུད་མཆོག་མ་རིག་མུན་སེལ་གྱིས་འགྲོ་བའི་དོན་ཆེན་གྱིས་ཤིག་པའི་ལུང་བསྟན་པ་དུས་ལ་བབས་པ་དང་༔ བོད་ཀྱི་རྒྱལ་པོས་བསམ་ཡས་ཀྱི་ས་འདུལ་བར་སྤྱན་འདྲེན་བཏང་བ་དུས་མཚུངས་ཤིང་༔ རྟེན་འབྲེལ་བཟང་བར་གོ་སྟེ་བོད་ཁམས་ཀྱི་ཡུལ་གྲུ་འདིར་འོངས་ཤིང་བོད་ཀྱི་རྒྱལ་པོའི་བསམ་པ་མཐར་ཕྱིན་པར་བྱས༔ བསམ་ཡས་སོགས་གཙུག་ལག་ཁང་མང་པོ་བཞེངས༔ ལྷ་འདྲེ་མ་རུངས་པ་མང་པོ་དམ་ལ་བཏགས༔ རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་མ་འོངས་ཀྱི་འགྲོ་ལ་ཆོས་ཀྱི་ཕན་པར་བྱ་བའི་ཆེད་དུ་ས་འོག་ཐམས་ཅད་གཏེར་གྱིས་བཀང་ནས་བཞག་པ་ལས༔ ཁྱད་པར་དུ་ཡང་ཟབ་པའི་ཆོས་སྐོར་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་གདམས་པ་འདི་དག་རྣམས་ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འཁོན་ཀླུའི་དབང་པོ་སོགས་རྗེ་འབངས་ཕལ་མོ་ཆེས་འཁོར་བ་ལས་སྒྲོལ་བའི་གཉེན་པོར་གང་ཟབ་པའི་གདམས་པ་དགོས་ཟེར་བར༔ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འབྱོངས་པའི་གྲོལ་སྟོན་དུ་བྱང་ཆུབ་སེམས་བསྐྱེད་གླིང་གི་གཙུག་ལག་ཏུ་བཤད་ཅིང་༔ མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ་འགྲོ་བའི་དོན་འབྱུང་བར་སྨོན་ལམ་བཏབ་སྟེ༔ ཤོག་སེར་དུ་བྲིས་ནས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་དུ་སྦས་པའོ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ནས་མེ་ཕོ་འབྲུག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེའུའི་ལོ་ལ་ཤོག་སེར་ལས་ཕབ་པའོ།། སརྦ་མངྒ་ལཾ།

མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་བཞུགས༔ རྒྱ་གར་སྐད་དུ༔ རཏྣ་ཨ་ཀ་སརྦ་ཤྭ་ར་གྷ་གྷ་རས་མི་ནཱ་མ༔ བོད་སྐད་དུ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ཅེས་བྱ་བ༔ ཆོས་ཀྱི་སྐུ་འོད་སྣང་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ དེ་ཡང་ནུབ་ཕྱོགས་བདེ་ཆེན་བཀོད་པའི་ཞིང་མཆོག་ཆེན་པོ་ཞེས་བྱ་བ༔ ཕྱི་དང་ནང་མེད་པའི་གཞལ་ཡས་ཁང་ཆེན་པོ་ཀུན་ཏུ་ཡང་ནང་དུ་གྱུར་པ༔ ཡེ་ཤེས་ཀྱི་འོད་དང་འོད་ཟེར་གྱི་ཚོགས་ནི་ཀུན་ཏུ་འཁྲུག་པ༔ ལྟ་ན་སྡུག་ཅིང་བཀོད་པའི་ཚོགས་བསམ་གྱིས་མི་ཁྱབ་ཅིང་དཔག་པར་དཀའ་བ་མང་པོས་ཡོངས་སུ་བརྒྱན་པ༔ རྣམ་པར་དག་པའི་སྤོས་ཀྱི་དྲི་ངད་ལྡང་བ༔ ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་བབས་པ༔ འཆི་མེད་བདུད་རྩི་ཟས་སུ་ཟ་བ༔ བདེ་ཆེན་གྱི་ཆུ་རྒྱུན་འཐུང་བ༔ ཚུལ་ཁྲིམས་གཙང་མའི་གོས་བཟང་གྱོན་པ༔ འཛད་པ་མེད་པའི་ནོར་ལ་སྤྱོད་པ་དེར་སྐྱེ་ཤི་མེད་པའི་ཚེ་དང་ལྡན་པའི་སངས་རྒྱས་ཆེན་པོ་སྣང་བ་འོད་བྱེད་ཅེས་ཀྱང་བྱ༔ འོད་དཔག་ཏུ་མེད་པ་ཞེས་ཀྱང་བྱ༔ གཟི་བརྗིད་འབར་བའི་རྒྱལ་པོ་ཞེས་ཀྱང་བྱ༔ མགོན་པོ་འོད་སྣང་རབ་ཏུ་མཐའ་ཡས་པ་ཞེས་བྱ་བའི་སངས་རྒྱས་དེ་ཕྱོགས་ལྷུང་བྲལ་བའི་ཁྲི་ལ་རིས་སུ་མ་གྲུབ་པའི་འཁོར་རྒྱལ་བ་རྒྱ་མཚོ་དཔག་ཏུ་མེད་པའི་ཚོགས་དང་༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་བརྗོད་ལས་འདས་པ་མང་པོས་བསྐོར་ནས་དུས་གསུམ་འགྱུར་མེད་ཀྱི་ངང་དུ་ཡོངས་སུ་བཞུགས་སོ༔ བཞུགས་པར་གྱུར་ཏོ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེའི་ཚེ་དེའི་དུས་ན་རྒྱལ་བ་འོད་དཔག་ཏུ་མེད་པ་དེ་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ༔ སོ་སོར་རྟོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཡོངས་སུ་ཞུགས་ནས༔ རྒྱུ་དྲུག་འཁྲུལ་པའི་འཇིག་རྟེན་རྣམ་པ་དྲུག་གི་ཁམས་རྣམས་ཡོངས་སུ་གཟིགས་པས༔ ལས་དྲུག་འཁྲུལ་པའི་སྡུག་བསྔལ་གྱི་མུན་པ་སེལ་བར་དགོངས་ནས་ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཆོས་ཉིད་རང་བྱུང་གི་སྒྲ་ལས་རང་ཤར་གྲགས་སྟོང་བརྗོད་མེད་ཀྱི་དབྱིངས་སུ་འབྲུག་སྟོང་ལྡིར་བ་ཙམ་དུ་བསྒྲགས་པས༔ སྐད་ཅིག་དེ་ཉིད་ལ་སྟོན་པ་ཉིད་ཀྱི་མདུན་གྱི་ནམ་མཁར་ཆུ་ལས་ཆུ་བུར་རྡོལ་བ་ལྟར༔ ལོངས་སྤྱོད་རྫོགས་པའི་སྐུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞེས་བྱ་བ་ཐུགས་ལས་སྤྲུལ་ཏེ་མངོན་པར་བཞུགས་མ་ཐག་ཏུ༔ དེར་འདུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཆོས་ཉིད་རོ་གཅིག་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་ནས༔ དབྱངས་གཅིག་གིས་ཚིག་གི་སྒྲར་ཡོངས་སུ་གྲགས་པ་སྟོན་པ་འོ ད་སྣང་བྱེད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་མ་མགོན་པོ་འོད་དཔག་མེད༔ ཆོས་དབྱིངས་ཀུན་ཁྱབ་ཐུགས་རྗེ་ལས༔ འགག་མེད་ལོངས་སྤྱོད་རྫོགས་སྐུ་ཤར༔ འབྲུ་བཅུ་སྤྲུལ་སྐུའི་སྒྲ་དབྱངས་ལྡིར༔ རྒྱུ་རྐྱེན་མཚན་མ་ཇི་ལྟར་ལགས༔ འདུས་པའི་འཁོར་ལ་བཤད་དུ་གསོལ༔ ཅེས་གསོལ་མགོན་པོ་འོད་སྣང་གིས༔ ཚངས་དབྱངས་གསུང་གི་སྒོ་ཕྱེ་ནས༔ འདུས་པའི་འཁོར་ལ་བཀའ་སྩལ་པ༔ ཉོན་ཅིག་རྒྱལ་བ་འདུས་པའི་འཁོར༔ ཆོས་དབྱིངས་ཀུན་ཁྱབ་ངོ་བོ་ལས༔ མ་འགགས་འཕགས་པ་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྔགས་སྒྲ་སྤྲུལ་པའི་མཆོག༔ མ་རིག་མུན་འཁྲུལ་སེམས་ཅན་དྲུག༔ རང་རིག་ཡེ་ཤེས་མུན་བསལ་ཕྱིར༔ སྐུ་གསུམ་མཆོག་སྤྲུལ་སྣ་ཚོགས་སྣང་༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ གླེང་བསླངས་བའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མགོན་པོ་འོད་དཔག་ཏུ་མེད་པ་ལ་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་མགོན་པོ་ཆོས་ཀྱི་སྐུ༔ རྒྱལ་བ་ཐམས་ཅད་འདུས་པའི་བདག༔ བདེ་ཆེན་བདེ་བའི་ཞིང་ཁམས་འདིར༔ བདེ་ལྡན་མཆོག་གི་བདེ་བར་ལྡན༔ འདི་ལྟར་མར་གྱུར་འགྲོ་དྲུག་ཞེས༔ སྡུག་བསྔལ་གནས་དྲུག་གང་དུ་མཆིས༔ མ་རིག་མུན་པ་ཇི་ལྟར་བསལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ འཕགས་པ་ཆེན་པོ་བདག་ལ་ཉོན༔ དང་པོ་གཞི་མེད་ཕྱོགས་ལྷུང་མེད༔ འཁོར་འདས་གང་དུའང་མི་དམིགས་ཀྱང་༔ གློ་བུར་མ་རིག་རླུང་གིས་སྣུན༔ འགྱུ་རྟོག་ཚོར་བའི་ཕུང་པོ་ལངས༔ འཁོར་བ་མྱང་འདས་གཉིས་སུ་གྲུབ༔ རང་སྣང་མ་རིག་མུན་པས་སྒྲིབས༔ ཕྱི་སྣོད་འབྱུང་བའི་ཁམས་ལྔ་དང་༔ ནང་གི་ཉོན་མོངས་དུག་ལྔ་བོ༔ མ་རིག་ལས་ཀྱིས་བདག་ཏུ་བཟུང་༔ དེ་ལས་འགྲོ་དྲུག་ས་བོན་གྲུབ༔ ལས་དྲུག་འབྲས་བུས་འགྲོ་དྲུག་མནར༔ སྲིད་རྩེ་མནར་མེད་བར་དག་ཏུ༔ སྡུག་བསྔལ་མི་བཟོད་རྦ་ཀློང་འཁྲུག༔ དམྱལ་བ་དམྱལ་མེ་འབར་པས་འཇིགས༔ ཡི་དྭགས་བཀྲེས་དང་སྐོམ་པས་གདུང་༔ དུད་འགྲོ་གཅིག་གི་གཅིག་ཟས་འཇིགས༔ མི་རྣམས་སྐྱེ་རྒ་ན་དང་འཆི༔ ལྷ་རྣམས་བག་མེད་པ་ཡིས་འཇིགས༔ ལྷ་མིན་མཚོན་ཆའི་འཁོར་ལོ་འབར༔ འཁོར་བ་དག་ནི་སྡུག་བསྔལ་རྒྱུ༔ མ་རིག་མུན་པ་འཐིབས་པོ་ཆེར༔ འཕགས་པའི་ཐུགས་རྗེའི་འོད་ཟེར་གྱིས༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་དྲུག་མུན་པ་ཐབས་ཀྱིས་སོལ༔ མ་རིག་མུན་པ་རབ་ཏུ་སེལ་པ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ གདུལ་བྱ་འགྲོ་དྲུག་གི་རྒྱུ་འབྲས་དང་འདུལ་བྱེད་འཕགས་པའི་ཐུགས་རྗེ་ལུང་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཆོས་སྐུ་འོད་མི་འགྱུར་བའི་སྐུ༔ འགྲོ་དྲུག་གཟུགས་ཀྱི་བག་ཆགས་དྲུག༔ འདུལ་བའི་འཕྲིན་ལས་གང་ལྟར་ཟབ༔ འདུས་པའི་འཁོར་ལ་བསྟན་དུ་གསོལ༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ ཀྱེ་ཧོ་ཚུར་ཉོན་འདུས་པའི་འཁོར༔ འགྲོ་དྲུག་གཟུགས་སྣང་ཕུང་པོ་དྲུག༔ དམ་ཚིག་འཕགས་པའི་སྐུ་རུ་བསྒོམ༔ ཡེ་ཤེས་སྨིན་གྲོལ་ནུས་དབང་བསྐུར༔ རང་དང་འཕགས་པ་དབྱེར་མེད་གསལ༔ མཆོད་པ་སྣ་ཚོགས་མཆོད་པས་མཆོད༔ བསྟོད་པ་བརྡ་དང་རྟགས་ཀྱིས་བསྟོད༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་འགྲོ་དྲུག་འཕགས་པའི་སྐུ༔ སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ༔ འགྲོ་དྲུག་གཟུགས་སྣང་ལྷ་སྐུར་གྲོལ༔ སྤྲུལ་པའི་སྐུ་རུ་བྱང་ཆུབ་ནས༔ གཟུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ༔ འཕགས་པ་ཁྱོད་ཀྱི་སྐུ་སྤྲུལ་ཡིན༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ འགྲོ་དྲུག་གཟུགས་ཀྱི་ཕུང་པོ་དྲུག་འཕགས་པའི་སྐུའི་བསྐྱེད་རིམ་གྱིས་འདུལ་བར་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་ཆོས་སྐུ་འོད་མི་འགྱུར༔ འགྲོ་དྲུག་ངག་གི་བག་ཆགས་དྲུག༔ སྦྱོང་བྱེད་འཕྲིན་ལས་གང་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ ཀྱེ་ཧོ་ཚུར་ཉོན་འདུས་པའི་འཁོར༔ ངག་གི་བག་ཆགས་སྦྱང་བའི་ཐབས༔ བག་ཆགས་ཚིག་ནི་ཉོན་མོངས་རླུང་༔ རླུང་ནི་དུས་གསུམ་ཀུན་ཏུ་སྟོང་༔ སྟོང་པའི་རང་རྩལ་མ་འགགས་སྒྲ༔ ཡེ་ཤེས་དབྱངས་གསལ་ཡི་གེ་ཤར༔ ཡི་གེ་འཁོར་ལོ་གསང་སྔགས་སྒྲ༔ སྔགས་བདག་སྔགས་མཆོག་རིགས་སྔགས་འཆང་༔ གསང་སྔགས་རྒྱལ་པོ་དོན་ཆེན་བྱེད༔ བཅུ་དྲུག་འཁོར་ལོ་ཚོགས་ཆེན་ས༔ ལོངས་སྤྱོད་རབ་རྫོགས་ལོངས་སྐུ་གྲོལ༔ སྒྲ་རུ་གྲགས་པ་འཕགས་པའི་གསུང་༔ གྲག་སྟོང་བརྗོད་མེད་འཁྱེར་སོས་བཟླས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ འགྲོ་དྲུག་ངག་གི་འཁྲུལ་པ་སྦྱོང་བའི་ཐབས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ འོད་མཛད་སྣང་བ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་ཉིད་ཉོན་མོངས་དྲུག༔ སྦྱོང་བྱེད་གདམས་ངག་གང་ལྟར་ལགས༔ འདུས་པའི་འཁོར་ལ་བཀའ་སྩོལ་ཞིག༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ ཨེ་མ་འདུས་པའི་འཁོར་ཚོགས་ཉོན༔ འགྲོ་དྲུག་ཁམས་གསུམ་སེམས་ཀྱིས་བྱས༔ སེམས་འབྱུང་སེམས་ནི་རིགས་དྲུག་རྒྱུ༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ རང་བྱུང་ཡེ་ཤེས་འོད་པོ་ཆེ༔ འོད་ཆེན་སྣང་བ་ལམ་མེ་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ མ་རིག་ཉོན་མོངས་གཡུལ་ལས་རྒྱལ༔ ཟང་ཐལ་སྟོང་པ་འོད་མི་འགྱུར༔ མགོན་པོ་སྣང་བ་ཡེ་ཤེས་ཆེ༔ ཆོས་སྐུ་ཀུན་བདག་ཀུན་ལས་རྒྱལ༔ འཁོར་འདས་གཉིས་ཀ་མིང་ཙམ་ཉིད༔ སེམས་ནི་སྤྲོས་བྲལ་གདོད་ནས་དག༔ རང་མདངས་རོལ་པའི་རྩལ་སྣང་ལས༔ མ་འགགས་རོལ་པ་འཕགས་པའི་སྐུ༔ རང་སེམས་འཆར་སྒོ་ཡེ་ཤེས་ལྔ༔ ལོངས་སྐུ་གཙོ་དང་སྤྲུལ་པའི་འཁོར༔ རང་བྱུང་རང་ཤར་ཅིར་ཡང་སྣང་༔ རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ༔ འགྲོ་བའི་ཁམས་ལ་སྣ་ཚོགས་སྟོན༔ དཔེར་ན་བར་སྣང་འཇའ་ལྟར་ཤར༔ ཉི་མ་དང་ནི་འོད་ཟེར་བཞིན༔ མི་གནས་མི་དམིགས་བློ་ལས་འདས༔ མི་བསྒོམ་མ་ཡེངས་རང་སར་བསྐྱངས༔ རྒྱུ་རྐྱེན་མཚན་མ་ངོ་བོར་དག༔ སྟོང་ཉིད་ཆོས་སྐུ་རང་ཞལ་མཇལ༔ མཐོང་མེད་མཐོང་བ་ཐུགས་རྗེ་ཆེ༔ བདེ་བ་ཆེན་པོར་ཡེ་སངས་རྒྱས༔ རྒྱུ་དྲུག་སེམས་འཁྲུལ་རང་མཚང་རྡིབ༔ ལས་དྲུག་རྨི་ལམ་འཁྲུལ་པ་འདྲ༔ འགྲོ་དྲུག་འཁོར་བ་ཆོས་ཀྱི་དབྱིངས༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ འགྲོ་དྲུག་སེམས་ཀྱི་ཉོན་མོངས་སྦྱོང་བའི་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ སྣང་བ་མཐའ་ཡས་འོད་དཔག་མེད༔ དེ་ལྟར་དོན་རྟོགས་སྐྱེས་བུ་ཡི༔ སྒོ་གསུམ་འཁྱེར་སོ་གང་ལྟར་བགྱིད༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་མ་ཡེངས་ཉོན༔ སྣང་བ་ཐམས་ཅད་སྐུ་རུ་འཁྱེར༔ གཟུགས་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ སྣང་ལ་སྟོང་ཞིང་སྟོང་ལ་སྣང་༔ སྣང་སྟོང་གཉིས་མེད་ཟུང་དུ་འཇུག༔ སྒྲ་གྲག་ཐམས་ཅད་གསུང་དུ་འཁྱེར༔ འགྲོ་དྲུག་སྐད་དང་འབྱུང་བཞིའི་སྒྲ༔ རང་བྱུང་ཐུགས་རྗེ་ཆེན་པོའི་གསུང་༔ གྲགས་སྟོང་བརྗོད་མེད་ལྷན་ཅིག་སྐྱེས༔ དྲན་སེམས་ཐམས་ཅད་ཐུགས་སུ་འཁྱེར༔ དུག་ལྔ་རང་གྲོལ་ཡེ་ཤེས་ལྔ༔ དུག་གསུམ་སྐུ་གསུང་ཐུགས་རྡོ་རྗེ༔ ཐམས་ཅད་རང་གྲོལ་ཆོས་ཀྱི་སྐུ༔ སྒོ་གསུམ་འཁྱེར་སོ་འདི་གསུམ་གྱིས༔ དུག་གསུམ་དུག་ལྔ་རྒྱུ་དང་བཅས༔ སྐུ་གསུམ་ཡེ་ཤེས་མངོན་དུ་བྱེད༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ སྒོ་གསུམ་གྱི་འཁྱེར་སོ་བསྟན་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས༔ དབང་གི་ཆོ་ག་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ རྒྱལ་བ་འདུས་པའི་འཁོར་རྣམས་ཉོན༔ དབང་མཆོག་དམ་པ་དབང་གི་རྒྱལ༔ དངོས་གྲུབ་ཐོབ་པའི་སློབ་དཔོན་གྱིས༔ མཚན་ཉིད་ལྡན་པའི་སློབ་མ་ལ༔ སྤྲོས་བཅས་བུམ་པའི་ལྷ་དབང་སྐུར༔ སྐུ་ཡི་དམ་ཚིག་ཡང་དག་སྲུངས༔ སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག༔ སྤྲོས་མེད་ནང་གི་གསང་དབང་བསྐུར༔ གསུང་གི་དམ་ཚིག་ཡང་དག་བསྲུངས༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྤྱོད་བརྒྱན༔ ཤིན་ཏུ་སྤྲོས་མེད་ཚིག་དབང་བསྐུར༔ ཐུགས་ཀྱི་དམ་ཚིག་ཡང་དག་བསྲུངས༔ ཆོས་སྐུ་དེ་བཞིན་དེ་བཞིན་གཤེགས༔ དབང་མཆོག་དབང་བཅུ་དབང་གི་རྒྱལ༔ རྣམ་པ་བཅུ་ཡི་དོན་དང་ལྡན༔ ཕྱིར་མི་ལྡོག་སྟེ་ཕྱིར་མི་འོང་༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ དབང་གི་ཆོ་ག་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་ཆོས་སྐུ་དེ་བཞིན་གཤེགས༔ མཆོད་བསྟོད་ཆོ་ག་ཇི་ལྟར་ལགས༔ འདུས་པའི་འཁོར་ལ་བསྟན་དུ་གསོལ༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ སྨན་གཏོར་མཆོད་རྫས་འབྱོར་ཚད་བཤམས༔ བྱིན་བརླབས་ཏིང་འཛིན་རྣམ་གསུམ་གྱི༔ ས་བོན་ཧྲཱིཿལས་འཕགས་པར་བསྒོམ༔ རིན་ཆེན་སྣ་ཚོགས་གཞལ་ཡས་སུ༔ གཙོ་འཁོར་ཚོམ་བུ་བཀའ་ཉན་བཅས༔ གསལ་བར་བསྐྱེད་ཅིང་སྤྱན་འདྲེན་བཞུགས༔ མཆོད་པ་སྣ་ཚོགས་བསྟོད་པས་བསྟོད༔ འཛབ་ཀྱིས་བསྐུལ་ཞིང་དངོས་གྲུབ་ཞུ༔ ཚོགས་འཁོར་དགའ་སྟོན་བཀྲ་ཤིས་བརྗོད༔བསྔོ་བ་སྨོན་ལམ་མཐའ་རྒྱས་གདབ༔ ལྷ་གཤེགས་དལ་བསྡུ་རྒྱུན་སྤྱོད་བྱ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ མཆོད་ཅིང་བསྟོད་པའི་ཆོ་ག་བསྟན་པའི་ལེའུ་སྟེ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་བཅོམ་ལྡན་འོད་མི་འགྱུར༔ ལས་སྣང་འགྲོ་བ་འཕྲིན་ལས་ཀྱིས༔ སྒྲོལ་བའི་ཁོག་ཕུབ་ཇི་ལྟར་ལགས༔ སྟོན་པས་འཁོར་ལ་བཀའ་སྩལ་པ༔ ཉོན་ཅིག་རྒྱལ་བ་འདུས་པའི་འཁོར༔ འགྲོ་དྲུག་སྒྲོལ་བའི་འཕྲིན་ལས་ཀྱི༔ སྒྲུབ་པའི་ཁོག་ཕུབ་འདི་ལྟ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ གནས་དང་དཀྱིལ་འཁོར་ཡོ་བྱད་དང་༔ སློབ་དཔོན་སློབ་མ་བརྟག་དང་བསྟན༔ གསོལ་བ་བཏབ་ཅིང་གནང་བ་སྦྱིན༔ བསྙེན་དང་སྒྲུབ་པ་དབང་ལ་འཇུག༔ མཐའ་སྐྱོང་བཀྲ་ཤིས་གླུ་གར་དབྱངས༔ ལས་ཀྱི་མཚམས་དབྱེ་གབ་འཁྲུགས་བསལ༔ ཚོམ་བུ་དང་བཅས་གྲོལ་ལམ་འགོད༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ སྒྲུབ་པའི་ལས་ཆོག་ཁོག་ཕུབ་བསྟན་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས༔ ཤེས་རྒྱུད་རྨོངས་པའི་སེམས་ཅན་རྣམས༔ མྱོང་བས་གྲོལ་ཐབས་ཇི་ལྟར་ལགས༔ སྟོན་པས་འཁོར་ལ་བཀའ་སྩལ་པ༔ རཏྣའི་བུམ་པ་མཚན་ལྡན་དུ༔ ཡབ་ཡུམ་བྱང་སེམས་བདུད་རྩི་ལྔ༔ ཤ་སྣ་འབྲུ་སྣ་སྨན་སྣ་དང་༔ སྙིང་པོ་ལྔ་དང་རིན་ཆེན་ལྔ༔ དཀར་གསུམ་མངར་གསུམ་རྒྱ་མཚོའི་ཆུས༔ རིལ་བུ་སྒྲིལ་ཏེ་བུམ་པར་བླུགས༔ ཁ་རྒྱན་མགུལ་ཆིངས་གཟུངས་ཐག་བཏགས༔ སྟོང་པར་སྦྱངས་ནས་ལྷ་རུ་བསྒོམ༔ དཀྱིལ་འཁོར་དབུས་འགོད་བསྙེན་ཞིང་བསྒྲུབ༔ རིལ་བུ་འཕུར་དང་འཕེལ་དང་འཁྲབ༔ འཇའ་འོད་འཁྲུག་ཅིང་དྲི་བཟང་འཐུལ༔ ཞལ་མཇལ་གསུང་ཐོས་ཉམས་རྟོགས་རྒྱས༔ ལྷ་མི་དུད་འགྲོ་གཟུགས་ཅན་དང་༔ གཟུགས་མེད་འགྲོ་བ་ཐམས་ཅད་ལ༔ ལྟོ་རུ་ཐེངས་སམ་གྲིབ་མས་འགོང་༔ དུད་པས་ཕོག་གམ་རླུང་གིས་རེག༔ ཐམས་ཅད་འཕགས་པའི་སྐུ་རུ་གྲོལ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ མྱོང་གྲོལ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས༔ མཐོང་པས་གྲོལ་ཐབས་ཇི་ལྟར་ལགས༔ སྟོན་པས་འཁོར་ལ་བཀའ་སྩལ་པ༔ རྒྱལ་བ་འདུས་པའི་འཁོར་རྣམས་ཉོན༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ དར་ཟབ་ཤོག་བུ་གང་རུང་ངོས༔ འཕགས་པའི་ལྷ་དང་སྔགས་འཁོར་འགོད༔ ལྷ་ཚོགས་དཀྱིལ་འཁོར་ཚོམ་བུར་བསྐྱེད༔ དྲི་བཟང་བྱུག་ཅིང་མེ་ཏོག་འཐོར༔ ཤིས་བརྗོད་རབ་གནས་ཚོང་འདུས་སམ༔ མགྲོན་ཁང་བཞི་མདོ་དག་ཏུ་བཞུགས༔ དེ་མཐོང་འཕགས་པའི་སྐུ་རུ་གྲོལ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ མཐོང་གྲོལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་འོད་མི་འགྱུར་བ་ཆེ༔ ཐོས་པས་གྲོལ་བའི་གདམས་པ་གསུངས༔ འདུས་པའི་འཁོར་ལ་བཀའ་སྩོལ་ཞིག༔ སྟོན་པས་འཁོར་ལ་བཀའ་སྩལ་པ༔ རྒྱལ་བ་འདུས་པའི་འཁོར་རྣམས་ཉོན༔ ཨེ་མ་རང་བྱུང་ཡེ་ཤེས་སྒྲ༔ ཨཱོཾ་ཨཱཿ་ཧཱུྃ་ཧྲཱི༔ ཨཱོཾ་ན་ཎི་པདྨེ་ཧཱུྃ༔ ཨཱོཾ་བྷཻ་རོ་ཙ་ན་ཧཱུྃ༔ ཨཀྵོ་བྷྱ༔ རཏྣ་སཾ་བྷ་ཝ༔ ཨ་མི་དྷེ་ཝ༔ ཨ་མོ་གྷ་སིདྡྷི་ཧཱུྃ༔ པདྨ་ཧ་ས་ཏ་མ་ཧཱ་ཨ་མོ་གྷ་པ་ཤ༔ ས་ཧ་ཡཾ་ས་མ་ཡ་ཧྲི་ཡཾ་ཙ་ར་ཙ་ར་ཧཱུྃ༔ ན་མོ་བྷ་ག་ཝ་ཏེ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ༔ བྷོ་དྷི་སཏྭ་ཡ༔ མ་ཧཱ་སཏྭ་ཡཱ༔ མ་ཧཱ་ཀ་རུ་ནི་ཀཱ་ཡ༔ སིདྡྷི་མཎྜ་པ་ཡ་ནི་སྭཱ་ཧཱ༔ ཅེས་བརྗོད་སྒྲ་ཐོས་སེམས་ཅན་ཀུན༔ འཕགས་པའི་ཞིང་དུ་ངེས་པར་གྲོལ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ ཐོས་པས་གྲོལ་བའི་གདམས་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ མགོན་པོ་འོད་བྱེད་ཞིང་གི་མཆོག༔ རེག་པས་གྲོལ་བའི་གདམས་པ་སྩོལ༔ འདུས་པའི་འཁོར་ལ་བཤད་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ མ་ཡེངས་འདུས་པའི་འཁོར་རྣམས་ཉོན༔ རབ་ནི་རིན་ཆེན་སྣ་ལྔའམ༔ ས་འམ་རྡོ་ལ་སོགས་ཀྱང་རུང་༔ འཕགས་པའི་སྐུ་རྟེན་འདྲ་འབག་དང་༔ རང་བྱུང་སྙིང་པོ་ཡི་གེ་བཅུ༔ བྱང་ཆུབ་རྣམ་རྒྱལ་མཆོད་རྟེན་གསུམ༔ ལེགས་པར་བཞེངས་ཤིང་རབ་ཏུ་གནས༔ གྲིབ་མས་འགོམ་དང་ཆུ་འཐུང་བཀྲུས༔ རླུང་གིས་རེག་གམ་འོག་ཏུ་འཛུལ༔ འབྱུང་བ་བཞི་ལ་ལས་སྦྱོར་བརྩམ༔ རེག་པའི་སྐྱེ་འགྲོ་གཟུགས་ཅན་དང་༔ གཟུགས་མེད་ཐམས་ཅད་གྲོལ་བར་འགྱུར༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ རེག་པས་གྲོལ་བའི་གདམས་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ འགྲོ་བའི་མགོན་པོ་ཆོས་ཀྱི་སྐུ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ༔ རབ་གནས་ཆོ་ག་གང་ལྟར་བགྱིད༔ ཞེས་ཞུས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་མཆོག་ཁྱོད་བདག་ལ་ཉོན༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ རྟེན་ལ་བགེགས་བསྐྲད་ཐུན་གྱིས་བྲབ༔ སྟོང་པར་རྒྱས་གདབ་ལྷ་རུ་བསྐྱེད༔ ཁྲུས་གསོལ་སྤྱན་དབྱེ་ན་བཟའ་དབུལ༔ ཡེ་ཤེས་བསྟིམ་ཞིང་མཆོད་བསྟོད་བྱ༔ མི་དམིགས་རྒྱས་གདབ་དགེ་བ་བསྔོ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ རབ་ཏུ་གནས་པའི་ཆོ་ག་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མི་གཡོ་འགྲོ་བའི་མགོན་པོ་མཆོག༔ མ་བསྒོམ་གྲོལ་ཐབས་གང་ལྟར་ལགས༔ ཞེས་ཞུས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་མཆོག་ཁྱོད་ཚུར་ཉོན་ཅིག༔ རྨོངས་ཤིང་རབ་ཏུ་རྨོངས་པའི་འགྲོ༔ སྡིག་པར་ལྡན་པའི་འགྲོ་བ་གང་༔ མི་དམིགས་འཕགས་པའི་སྐུ་རུ་བསྒོམ༔ སྐྱབས་སེམས་ཡན་ལག་བདུན་པས་འཇུག༔ གསོལ་བ་རྩེ་གཅིག་ངང་ནས་གདབ༔ དབྱིངས་རིག་ཐིག་ལེ་དབུ་མ་ནས༔ སྣང་མཐའ་བླ་མའི་ཐུགས་ཀར་བསྟིམ༔ སྔགས་ཀྱི་ཐབས་ལ་རིག་པའི་མདས༔ ཡང་ཡང་སྦྱང་བས་ཟ་དང་འཚིག༔ མི་གནས་ཕ་རོལ་མྱ་ངན་འདའ༔ བུ་ག་དགུ་ཡི་སྟེང་རོལ་ན༔ བདེ་བ་ཅན་དུ་བགྲོད་པའི་སྒོ༔ བག་ཆགས་ལུས་རྒྱ་ཞིག་པའི་ཚེ༔ མཚམས་མེད་ལྔ་ལ་སྤྱོད་པ་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ མ་བསྒོམས་གྲོལ་བའི་ཐབས་ལམ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་བཅོམ་ལྡན་མཆོག་གི་སྐུ༔ ཆོས་ལ་སྤྱོད་པའི་གང་ཟག་གི༔ ཚེ་མཐར་ཕྱིན་ཐབས་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་ལེགས་པར་ཉོན༔ མཎྜལ་དབུས་སུ་བུམ་པ་འགོད༔ ཁ་རྒྱན་མགུལ་ཆིངས་བཅུད་ཀྱིས་བཀང་༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ བུམ་པ་སྣང་མཐའ་ཚེ་དཔག་མེད༔ ཕྱི་ནང་གསང་བ་དེ་ཁོ་ནས༔ ཚེ་བསྒྲུབ་ཚེ་ཡི་རིག་འཛིན་རྙེད༔ ཨཱོཾ་ཨ་མི་དྷེ་ཝ་ཚེ་བྷྲཱུྃ་སྭཱ་ཧཱ༔ ཞེས་བཟླས་ཚེ་ཡི་དབང་བླང་ཞིང་༔ ཚེ་ཆང་འཐུངས་པས་དངོས་གྲུབ་འཐོབ༔ བར་ཆད་ཙམ་ལ་སྨོས་ཅི་དགོས༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ ཚེ་སྒྲུབ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ༔ ས་མ་ཡཱ༔ རྒྱ་རྒྱརྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ སྟོན་པ་བཅོམ་ལྡན་དེ་བཞིན་གཤེགས༔ རྩ་རླུང་རིམ་པ་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་བསྩལ་པ༔ རྡོ་རྗེ་ལུས་ཀྱི་ཕུང་པོ་ལ༔ སྟོང་ཕྲག་བརྒྱད་ཅུའི་རྩ་གནས་པས༔ རླུང་དང་རིག་པ་བྱང་ཆུབ་སེམས༔ དཀར་དམར་བདེ་སྟོང་འབར་འཛག་སྦྱང་༔ ལུས་གནད་ངང་ནས་སྟེང་རླུང་བཟུང་༔ འོག་རླུང་བསྡམས་ཤིང་མཉེ་བསྲུབ་འཕུར༔ བརྩོན་འགྲུས་བསྐྱེད་དེ་ཉམས་བླངས་པས༔ ལས་རླུང་མི་རྟོག་དབྱིངས་སུ་ཐིམ༔ དབུ་མར་རླུང་དང་མངོན་འཚང་རྒྱ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ རྩ་རླུང་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་བཅོམ་ལྡན་འོད་མི་འགྱུར༔ སྦྱིན་སྲེག་འཕྲིན་ལས་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ མཎྜལ་ལས་བཞིའི་ཐབ་ཁུང་དུ༔ མེ་ལྷའི་ལྟོ་བར་འཕགས་པ་བསྐྱེད༔ ལས་བཞིའི་སྔགས་ཀྱི་ཤམ་བུ་བཏགས༔ སྲེག་རྫས་སྣ་ཚོགས་བྱིན་རླབས་འབུལ༔ གཤེགས་གསོལ་རྗེས་ཆོག་རྒྱས་འདེབས་བྱ༔ ནད་གདོན་ཞི་དང་སྡིག་སྒྲིབ་འདག༔ ཚེ་བསོད་རྒྱས་ཤིང་དགྲ་བགེགས་འཇོམས༔ གང་བརྩམས་འཕྲིན་ལས་མྱུར་དུ་འགྲུབ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ སྦྱིན་སྲེག་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་སྣང་མཐའ་འོད་དཔག་མེད༔ གཤིན་གྱི་མཚན་བྱང་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་ང་ལ་ཉོན༔ དྲི་གོས་མིང་བྱང་མེ་ལོང་གསུམ༔ ལུས་ངག་ཡིད་གསུམ་རྟེན་དུ་དགྲམ༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ ཚེ་འདས་རྣམ་ཤེས་དགུག་གཞུག་བསྟིམ༔ བུམ་པའི་ཆུས་བཀྲུ་སྐྱེ་སྒོ་བགགས༔ དཀྱིལ་འཁོར་གཞུག་སྟེ་དབང་ཡང་བསྐུར༔ འདོད་ཡོན་བསྔོ་ཞིང་རྣམ་ཤེས་སྤར༔ བདེ་བ་ཅན་འདིར་རྒྱངས་ཀྱིས་འཕངས༔ ཕུང་པོའམ་ནི་མཚན་བྱང་བསྲེག༔ ཐལ་བར་སྐུ་གདུང་སཱཙྪ་གདབ༔ ཆོས་རྣམས་དམིགས་མེད་ངང་ལ་བཞག༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ གཤིན་གྱི་མཚན་བྱང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མགོན་པོ་འགྲོ་བ་ཡོངས་ཀྱི་སྐྱབས༔ སཱཙྪའི་ཆོ་ག་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འཁོར་རྣམས་མ་ཡེངས་ལེགས་པར་ཉོན༔ གསེར་དངུལ་ཟངས་ལྕགས་རིན་ཆེན་ལ༔ སྐུ་གདུང་མཆོད་རྟེན་རི་མོ་བཀོད༔ རྩེ་ལ་སྐུ་གསུམ་ས་བོན་འདེབས༔ མཐའ་ལ་འཕགས་པའི་སྙིང་པོ་དྲི༔ བརྐོས་ཕོར་ཆོས་དབྱིངས་ཞིང་ཁམས་ན༔ རིན་ཆེན་བརྡར་བའི་འཇིམ་པ་ལ༔ འབི་འབི་བཟོས་པ་ལོངས་སྐུར་བསམས༔ ལན་གསུམ་སྐུ་གསུམ་སྔགས་བཟླས་གདབ༔ སྤྲུལ་པའི་སྐུ་རུ་ལམ་སྟེ་བྱོན༔ འགྲོ་བའི་མུན་པ་བསལ་བར་བསྒོམ༔ ཡི་གེ་བཅུ་བཟླས་མེ་ཏོག་གཏོར༔ འཇིགས་པ་མེད་པའི་གནས་སུ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྐོར་བ་བསྐོར༔ ཕན་ཡོན་མཐའ་ཡས་བླ་མེད་འཐོབ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ སྐུ་གདུང་སྭཙྪ་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས། སྟོན་པ་ཉིད་ལ་ཡང་གསོལ་པ༔ འགྲོ་བའི་མགོན་པོ་འོད་དཔག་མེད༔ གཏོར་མའི་ཆོ་ག་ཇི་ལྟར་ལགས༔ ཅེས་ཞུས་སྟོན་པས་བཀའ་སྩལ་པ༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ རིན་ཆེན་སྣོད་དུ་ཆུ་གཙང་བཤམས༔ མཆོད་རྫས་ལོངས་སྤྱོད་བདུད་རྩིར་བསྒྱུར༔ ཨཱོཾ་ཨཱཿ ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨོཾ་སཾ་ར་བྷ་སཾ་བྷ་ར་ཧཱུྃ༔ སྔགས་ཀྱིས་སྤེལ་ཞིང་མགྲོན་ལ་འབུལ༔ མི་དགེ་སྡིག་སྒྲིབ་དྲུང་ནས་ཕྱུང་༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་འདག༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ ཆུ་གཏོར་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་རས་གཟིགས་དབང་གིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས༔ ཆོས་སྤྱོད་རིམ་པ་ཇི་ལྟར་ལགས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་ལེགས་པར་ཉོན༔ སྐྱབས་གནས་འཕགས་པའི་ལྷ་ཚོགས་རྣམས༔ མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ༔ སྐྱབས་གནས་དམ་པ་སྐྱབས་ཀྱི་མཆོག༔ བྱང་ཆུབ་བར་དུ་སྐྱབས་གསོལ་ཞིང་༔ མ་གྱུར་འགྲོ་བ་སེམས་ཅན་ཀུན༔ བྱང་ཆུབ་ལམ་འགོད་སེམས་ཀྱང་བསྐྱེད༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་དོན་དུ་བསྔོ༔ ཕྱི་ནང་གསང་གསུམ་དེ་ཁོ་ནའི༔ མཎྜལ་རྣམ་པར་དག་པས་མཆོད༔ བླ་མ་འཕགས་པའི་ལྷ་ཚོགས་ལ༔ ཐུན་དུ་བཅད་ཅིང་གསོལ་བ་གདབ༔ བསྙེན་སྒྲུབ་ལྟ་སྒོམ་སྤྱོད་གསུམ་གཟིར༔ ཐུན་སྐབས་ཚོགས་རྫོགས་དགེ་བ་བསྐུལ༔ སྒྱུ་ལུས་མཆོད་སྦྱིན་རྨི་ལམ་བཟུང་༔ སྤྲུལ་སྒྱུར་བར་དོའི་འཁྲུལ་པ་སྦྱང་༔ མ་དག་བག་ཆགས་ཕྱིར་བསྙིལ་ཏེ༔ འཕགས་པ་ཁྱོད་དང་གཉིས་མེད་གྲོལ༔ ང་ཡི་ཞིང་འདིར་མངོན་འཚང་རྒྱ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ ཆོས་སྤྱོད་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྱན་ར ས་གཟིགས་དབང་གིས། སྟོན་པ་ཉིད་ལ་ཡང་གསོལ་བ༔ སྟོན་པ་འོད་སྣང་དེ་བཞིན་གཤེགས༔ རྒྱུད་ཆེན་རྒྱུད་མཆོག་དམ་པ་འདིའི༔ བཀའ་བབས་ཆོས་བདག་གང་གིས་བྱེད༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་ང་ལ་ཉོན༔ རྒྱུད་ཆེན་རྒྱུད་མཆོག་དྲི་མེད་འདི༔ ད་ལྟ་འཕགས་པའི་ཐུགས་ལ་བསྟིམ༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གསང་སྔགས་ཆོས་ཀྱི་འབྲས་བུ་སྨིན༔ དེ་དུས་ང་ཡི་ཐུགས་ཀྱི་སྤྲུལ༔ མཚོ་སྐྱེས་པདྨའི་སྡོང་པོ་ལས༔ པདྨ་འབྱུང་གནས་ཞེས་བྱ་འབྱུང་༔ སངས་རྒྱས་སྟོང་གི་འཕྲིན་ལས་སྐྱོང་༔ འཕགས་པ་ཁྱོད་དང་བཀའ་བགྲོས་བྱེད༔ དེ་ཚེ་རྒྱུད་མཆོག་དམ་པ་འདི༔ རྡོ་རྗེ་པདྨ་འབྱུང་ལ་ཐིམ༔ མི་མཇེད་འགྲོ་དྲུག་ཐབས་ཀྱིས་འདུལ༔ ཁྱད་པར་མཐའ་འཁོབ་གངས་ཁྲོད་དུ༔ འཕགས་པའི་སྤྲུལ་པས་རྐྱེན་བྱེད་དེ༔ འགྲོ་བ་མི་ཡི་གླིང་ཞིག་འབྱུང་༔ མདོ་སྔགས་ཆོས་ཀྱི་བསྟན་པ་དང་༔ རྩོད་ལྡན་སྙིགས་མ་ལྔ་བདོའི་ཚེ༔ ལོག་འདྲེན་འགོང་པོ་སྟོབས་རྒྱས་པས༔ གཡོ་ཟོག་ཁྲམ་གསུམ་འཁོར་ལོ་བསྐོར༔ བསྟན་པ་ཐབས་ཀྱིས་བརླགས་པའི་ཕྱིར༔ བདུད་སྤྲུལ་གོས་སེར་གྱོན་པ་མང་༔ སེམས་ཅན་བསོད་ནམས་ཟད་པའི་ཕྱིར༔ ཧོར་སོག་དུ་རུ་ཀ་རྣམས་དང་༔ མུ་སྟེགས་བསྟན་པ་ཤར་བའི་རྟགས༔ དགེ་བཤེས་རྣམས་ཀྱིས་དམག་དཔོན་བྱེད༔ འགོང་སྤྲུལ་མང་པོས་ཤེས་རྒྱུད་གཡོ༔ སེམས་བསྐྱེད་སྙིང་རྗེ་ཆུ་རུ་འཕོ༔ བྱང་སེམས་མང་པོ་གྲི་རུ་བཀུམས༔ བདུད་ཀྱི་བྱིན་བརླབས་འཁྲུག་རྩོད་དར༔ འཕགས་པའི་ཐུགས་རྗེས་སྐྱོབ་དཀའ་ཡང་༔ སྨོན་ལམ་དག་པའི་སྟོབས་ཤུགས་ཀྱིས༔ ཆོས་འདིས་སྙིགས་དུས་འགྲོ་དོན་བྱེད༔ པད་འབྱུང་སྤྲུལ་པས་གཏེར་འདོན་ཞིང་༔ འཕགས་པའི་སྤྲུལ་པས་ཆོས་འདི་སྤེལ༔ སྐབས་ཤིག་འགྲོ་བ་བདེ་ལ་འགོད༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ བཀའ་བབས་ལུང་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གྲངས་མེད་དཔག་ཏུ་མེད་པ་ཐམས་ཅད་རྗེས་སུ་ཡི་རང་ཞིང་༔ བཅོམ་ལྡན་འདས་འོད་མི་འགྱུར་བ་ཆེན་པོ་ལ་སྒོ་གསུམ་གུས་པ་ཆེན་པོས་བསྟོད་ཅིང་མཆོད་པ་སྣ་ཚོགས་ཀྱིས་མཆོད་དེ༔ དཔལ་ཆེན་པོ་མ་ཧཱ་ཀཱ་ལས་བཀའ་དང་བསྟན་སྲུང་དུ་སྲོག་སྙིང་ཕུལ༔ འཕགས་པའི་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྲངས་མེད་དཔག་ཏུ་མེད་པ་འཇིག་རྟེན་དྲུག་གི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་པར་སྤྲུལ་ཞིང་༔ འགྲོ་དྲུག་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དེ༔ མ་རིག་མུན་པའི་ཚོགས་ཐམས་ཅད་ཡོངས་སུ་བསལ་ནས་འཁོར་བ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དུ་འགྲོ་བའི་དོན་དུས་གསུམ་དུ་རྒྱུན་ཆད་མེད་པར་མཛད་དོ༔ མ་རིག་མུན་པ་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་ལས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་བཅོམ་ལྡན་འདས་འོད་མི་འགྱུར་བ་ཆེན་པོ་ལ་རྗེས་སུ་ཡི་རང་ཞིང་༔ འཕགས་པའི་སྤྲུལ་པས་འགྲོ་བའི་མུན་པ་རབ་ཏུ་བསལ་བའི་ལེའུ་སྟེ་ཉེར་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བ་བླ་མེད་ཀྱི༔ རྒྱུད་མཆོག་སྙིང་པོ་དྲི་མེད་འདི༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡིས༔ རི་བོ་ཏ་ལའི་དབང་ཕུག་ཏུ༔ པདྨ་འབྱུང་གནས་བདག་ལ་གནང་༔ ད་ལྟ་རྗེ་འབངས་རྣམས་ལ་གདམས༔ མ་འོངས་དོན་དུ་གཏེར་དུ་བཅོལ༔ ཡེ་ཤེས་མགོན་པོས་བཀའ་འདི་སྲུངས༔ བྱ་རོག་གདོང་ལ་གཏེར་འདི་བཅོལ༔ སྐལ་མེད་བྱུང་ན་དབང་པོ་སྣུབས༔ དུས་ལ་བབས་ཚེ་མྱུར་དུ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ཧོར་ཟླ་བཅུ་པའི་ཡར་ཚེས་ལ་མང་ཡུལ་བྱམས་སྤྲིན་རྡོ་རྗེ་སྙིང་རྫོང་ནས་བྱ་རོག་གདོང་གི་ཆོ་འཕྲུལ་ལས་མི་ནག་ཤིན་ཏུ་འཇིགས་པ་ཞིག་གི་ལག་ནས་ཤོག་དྲིལ་གཅིག་གཏད་བྱུང་བ་དང་། སྐྱེས་མཆོག་ཆེན་པོ་རིག་འཛིན་བསྟན་གཉིས་གླིང་པའི་གདུང་དྲི་མ་མེད་པ་ཆོས་རྗེ་གུ་རུ་བདུད་འདུལ་ལ་ཤོག་སེར་གྱི་བཀའ་གཏད་སྨོན་ལམ་དུ་ཕུལ་ཞིང་། དེ་ནས་དམ་དུ་ཚགས་བྱས་ཏེ་ཁམས་སྲིང་མོ་རྫོང་གི་གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ།། སརྦ་མངྒལཾ།།

རྒྱུ་འབྲས་བསྟན་པ་ལས་ཀྱི་མེ་ལོང་།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རྒྱུ་འབྲས་བསྟན་པ་ལས་ཀྱི་མེ་ལོང་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ དང་པོ་གཞི་མེད་ཕྱོགས་ལྷུང་མེད༔ འཁོར་འདས་གང་དུའང་མི་དམིགས་ཀྱང་༔ གློ་བུར་མ་རིག་རླུང་གིས་སྣུན༔ འགྱུ་རྟོག་ཚོར་བའི་ཕུང་པོ་ལངས༔ འཁོར་བ་མྱང་འདས་གཉིས་སུ་གྲུབ༔ རང་སྣང་མ་རིག་མུན་པས་བསྒྲིབས༔ ཕྱི་སྣོད་འབྱུང་བའི་ཁམས་ལྔ་དང་༔ ནང་ནི་ཉོན་མོངས་དུག་ལྔ་པོ༔ མ་རིག་ལས་ཀྱིས་བདག་ཏུ་བཟུང་༔ དེ་ལས་འགྲོ་དྲུག་ས་བོན་གྲུབ༔ ལས་དྲུག་འབྲས་བུས་འགྲོ་དྲུག་མནར༔ སྲིད་རྩེ་མནར་མེད་བར་དག་ཏུ༔ སྡུག་བསྔལ་མི་བཟོད་རྦ་ཀློང་འཁྲུག༔ དམྱལ་བ་དམྱལ་མེ་འབར་བས་འཇིགས༔ ཡི་དྭགས་བཀྲེས་ཤིང་སྐོམ་པས་འཇིགས༔ དུད་འགྲོ་གཅིག་ལ་གཅིག་ཟས་འཇིགས༔ མི་རྣམས་སྐྱེ་རྒ་ན་དང་འཆི༔ ལྷ་རྣམས་བག་མེད་པ་ཡིས་འཇིགས༔ ལྷ་མིན་མཚོན་ཆའི་འཁོར་ལོ་འབར༔ འཁོར་བ་དག་ནི་སྡུག་བསྔལ་རྒྱུ༔ མ་རིག་མུན་པ་འཐིབས་པོ་ཆེར༔ འཕགས་པའི་ཐུགས་རྗེའི་འོད་ཟེར་གྱིས༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་དྲུག་མུན་པ་ཐབས་ཀྱིས་སོལ༔ ཅེས་པས༔ རྒྱུ་འབྲས་ཀྱི་བསྟན་བཅོས་ལས་ཀྱི་མེ་ལོང་འདི་སྐབས་ལྔ་སྟེ༔ འཁོར་འདས་ཀྱི་གྲུབ་གཞི༔ ཕྱི་སྣོད་དང་ནང་བཅུད་ཀྱི་ཆགས་ཚུལ༔ རིགས་དྲུག་ལས་ཀྱི་རང་གཟུགས་སུ་ཤར་ཞིང་ས་བོན་རྒྱུ་དྲུག་གི་གྲུབ་ཚུལ༔ སྡུག་བསྔལ་ལས་དྲུག་གི་བག་ཆགས་ཀྱིས་མནར་བ༔ འཕགས་པའི་ཐུགས་རྗེས་འཁོར་བ་ལས་སྒྲོལ་བའི་སྤྲུལ་པ་བཀྱེ་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་དང་པོ་འཁོར་འདས་ཀྱི་གྲུབ་གཞི་ཇི་ལྟར་ཞེ་ན༔ བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ལས༔ དེ་ལ་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་འབྱུང་སྟེ༔ དེ་ནི་ཆོས་ཉིད་འབྱུང་བའི་གཞི༔ དེ་ལས་ནི་སངས་རྒྱས་བྱུང་ངོ་༔ སེམས་ཅན་བྱུང་ངོ་༔ ཡེ་ཤེས་བྱུང་ངོ་༔ འོད་བྱུང་ངོ་༔ རིག་པ་བྱུང་ངོ་༔ མ་རིག་པ་བྱུང་ངོ་༔ ལས་བྱུང་ངོ་༔ ཐུགས་རྗེ་བྱུང་ངོ་༔ ཡོད་པ་ལྟར་སྣང་བ་བྱུང་ངོ་༔ དེ་ལ་ངོ་བོ་ཡོད་དོ༔ རང་བཞིན་སྣང་བ་ཡོད་དོ༔ ཐུགས་རྗེ་ལྟར་སྣང་བ་ཡོད་དོ༔ རྩལ་ཡོད་དོ༔ སྣང་བ་ཡོད་དོ༔ སེམས་ཡོད་དོ༔ ཡིད་ཡོད་དོ༔ འཁྲུལ་པ་ཡོད་དོ༔ མ་འཁྲུལ་བ་ཡོད་དོ༔ ཐམས་ཅད་འབྱུང་བ་ཆེན་པོའོ༔ དེ་ནི་སངས་རྒྱས་དང་སེམས་ཅན་གྱི་སྤྱི་ས་ཆེན་པོ་ཞེས་བྱའོ༔ ཅེས་པ་འཁོར་འདས་གཉ ིས་ཀའི་མིང་མེད་པའི་གོང་རོལ་དུ་གཞི་སྣང་སྟོང་པ་ཆེན་པོ་ཞེས་བྱ་བའི་ངང་དུ་ཐམས་ཅད་ཆམས་གཅིག་ཏུ་གནས་པ་ལས༔ རང་རིག་པ་དང་རང་མ་རིག་པ་ཞེས་བྱ་བའི་རླུང་༔ བར་སྣང་སྟོང་པའི་རྩལ་ལས་སེར་བུ་ལྡང་བ་ལྟར་ལངས་པས༔ རང་རིག་པའི་ངོ་བོ་ཡེ་ནས་བྱ་རྩོལ་མེད་པར་བྱང་ཆུབ་པའི་དོན་དམ་པ་ཀློང་དུ་གྱུར་པས༔ གདོད་མའི་མགོན་པོ་ཆེན་པོ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ༔ ཐལ་འགྱུར་ལས༔ དེ་ལྟར་འཁོར་འདས་ཐོག་མ་ལས༔ སངས་རྒྱས་འཁྲུལ་བར་མ་གྱུར་པས༔ གཞི་ལས་དཔག་པ་དབང་པོ་ཡིས༔ རང་སྣང་རང་བཞིན་མེད་པར་ཤེས༔ རྟོག་དཔྱོད་ཡིད་རྣམས་ཕྱིར་མ་ཤོར༔ འགྱུ་བ་རང་ཐོག་ཆོད་པའོ༔ ཞེས་སོ༔ རང་ངོ་མ་རིག་པས་བསྒྲིབས་ཏེ་འཁྲུལ་བ་རྣམས་རིགས་དྲུག་ཏུ་མ་རིག་པའི་ལས་ཀྱིས་རྒྱུ་བྱས༔ ཀུན་བརྟགས་ཀྱིས་རྐྱེན་བྱས་ནས་འཁྲུལ་བ་ཡིན་ཏེ༔ ཇི་སྐད་དུ་ཐིག་ལེ་མཆོག་རྒྱུད་ལས༔ རྩ་བ་གཅིག་པའི་སེམས་ཉིད་ལས༔ ཐག་ཁྲ་སྦྲུལ་དུ་བཟུང་བ་ལྟར༔ ལྷན་སྐྱེས་མ་རིག་རྒྱུ་བྱས་ཤིང་༔ ཀུན་བརྟགས་མ་རིག་རྐྱེན་བྱས་ནས༔ ལེ་ལོ་སྙོམས་ལས་དམན་ལ་སྤྱོད༔ ཆགས་སྡང་ལྔ་ལ་ལོངས་སྤྱོད་པས༔ དམྱལ་བས་ལྕགས་བསྲེགས་ས་གཞིར་མཐོང་༔ ཡི་དྭགས་མི་གཙང་མཐོང་ཡུལ་སྣང་༔ བྱོལ་སོང་ངམ་གྲོག་གྱེན་ཐུར་མཐོང་༔ མི་ཡིས་འབྱུང་བ་བཞི་རུ་སྣང་༔ ལྷ་མ་ཡིན་གྱིས་གོ་མཚོན་མཐོང་༔ ལྷ་རྣམས་རིན་ཆེན་སྣ་བདུན་ཏེ༔ ཅེས་པས་དེ་ནི་འཁོར་འདས་གཉིས་ཀྱི་གྲུབ་གཞི་བསྟན་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཕྱི་སྣོད་དང་ནང་བཅུད་ཀྱི་གྲུབ་ཚུལ་ནི༔ དག་པ་དང་མ་དག་པ་གཉིས་ཏེ༔ ཐལ་འགྱུར་ལས༔ ངོ་བོ་ཉིད་ཀྱི་ཡེ་ཤེས་ལ༔ རྣམ་པར་མཚོན་པ་ཀ་དག་ཀྱང་༔ འཁོར་བ་དང་ནི་མྱ་ངན་འདས༔ དག་དང་མ་དག་གཉིས་སུ་བྱུང་༔ ཅེས་པས་དག་པ་མྱ་ངན་ལས་འདས་པའི་སྐུ་དང་ཞིང་ཁམས་ཀྱི་གྲུབ་ཚུལ་ནི༔ བཏགས་གྲོལ་སྙིང་པོའི་རྒྱུད་ལས༔ མ་བྱུང་མ་སྐྱེས་སྔོན་རོལ་ནས༔ ཐོག་མའི་མགོན་པོ་འོད་མི་འགྱུར༔ རང་བྱུང་ལྷུན་གྲུབ་སངས་རྒྱས་ཏེ༔ ཀུན་གྱི་འབྱུང་གནས་ཆེན་པོར་གནས༔ སྐུ་དང་ཞིང་ཁམས་ལྷུན་གྱིས་གྲུབ༔ ཅེས་པས་དཔེ་ནི་མེ་ལོང་རྣམ་པར་དག་པའི་ངོས་ལ་གཟུགས་བརྙན་གང་ཡང་འཆར་དུ་རུང་བ་དང་། ནམ་མཁའ་རྣམ་པར་དག་པ་ལས་ཉི་ཟླ་གཟའ་སྐར་ཐམས་ཅད་ལྷུན་གྲུབ་ལ་རང་ཤར་བ་ལྟར༔ ངོ་བོ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆ་ལས༔ འོད་བྱེད་སྣང་བ་ཆོས་ཀྱི་སྐུ༔ རང་བཞིན་དུ་གསལ་ལ་འགགས་པ་མེད་པའི་རོལ་པ་ལོངས་སྤྱོད་རྫོགས་སྐུ༔ གཉིས་མེད་གོ་མ་འགགས་པའི་ཐུགས་རྗེ་རིག་རྩལ་ཀུན་ཁྱབ་ཏུ་བཞུགས་པ་སྤྲུལ་པའི་སྐུ༔ རྒྱུ་རྐྱེན་ཐམས་ཅད་དང་བྲལ་བ་རྡོ་རྗེ་ལྟ་བུའི་སྐུ༔ སྒྲིབ་པའི་ཚོགས་ཐམས་ཅད་ཀ་ནས་དབྱིངས་སུ་དག་པ་མངོན་པར་བྱང་ཆུབ་པའི་སྐུ༔ ངོ་བོ་ཉིད་རང་བཞིན་དག་པ་ཆེན་པོར་ཡེ་ནས་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ དེའི་རང་གདངས་གོ་མ་འགགས་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས༔ དེ་དབྱེ་བསལ་ཐམས་ཅད་ཀྱི་མཐའ་ལས་རྣམ་པར་འདས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ སོ་སོར་གསལ་ཞིང་ཡོངས་སུ་མ་འདྲེས་པར་རང་གསལ་བ་སོར་རྟོག་ཡེ་ཤེས༔ མ་བྱས་འབད་པ་མེད་པར་རང་བཞིན་དུ་གྲུབ་པ་བྱ་གྲུབ་ཡེ་ཤེས༔ རང་བྱུང་རིག་པ་ཆེན་པོ་དེའི་ངོ་བོ་ལས་ཐམས་ཅད་མ་འདྲེས་པར་གསལ་ཞིང་སྣང་བ་རྣམ་པར་སྣང་མཛད༔ རང་རིག་པའི་ཡོན་ཏན་གོ་མ་འགགས་པ་རིན་ཆེན་འབྱུང་ལྡན༔ ཐུགས་རྗེ་ཆེན་པོའི་སྟོབས་དང་ཡང་དག་པར་ལྡན་པས་ན་སྣང་བ་མཐའ་ཡས༔ ཤེས་པར་བྱ་བའི་མཐའ་ཐམས་ཅད་ལ་ཐོགས་པ་མེད་པས་དོན་ཡོད་གྲུབ་པ༔ གནས་ལུགས་ཀྱི་སྙིང་པོ་མཆོག་དེ་ནམ་ཡང་འགྱུར་བ་མེད་པས་ན་རྡོ་རྗེ་སེམས་དཔའ༔ དཀར་སེར་དམར་ལྗང་མཐིང་ག་ལ་སོགས་མཚན་མར་འཛིན་པའི་ཞེན་པ་བྲལ་བས༔ སྐུ་མདོག་དང་ཞིང་ཁམས་ལ་སོགས་སྣང་ལ་རང་བཞིན་མེད་པ་ཆེན་པོ་ཡེ་ནས་ལྷུན་གྲུབ་ཀྱི་ཚུལ་དུ་རང་བྱུང་དུ་རང་ཤར་བས་ན་དག་པ་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་སོ༔ མ་དག་པ་རིགས་དྲུག་གི་ཕྱི་སྣོད་ནང་བཅུད་ཀྱི་གྲུབ་ཚུལ་ནི༔ ཀློང་གསལ་ལས༔ ཡེ་ཤེས་ཉིད་ལས་མ་རིག་འཁྲུལ༔ ཡེ་ཤེས་ཁ་དོག་འབྱུང་བ་ལྔ༔ གདོད་ནས་ཡེ་ཤེས་རྩལ་ཉིད་དོ༔ འབྲལ་བ་མེད་ཀྱང་མ་རིག་འཁྲུལ༔ ཅེས་པས༔ ལྷུན་གྲུབ་ཆེན་པོའི་འོད་རང་སྣང་རང་བྱུང་གི་འོད་དུ་ངོ་མ་ཤེས་པས༔ ཡུལ་སྣང་གི་འཛིན་པ་ཞུགས་ནས་ཕྱི་སྣོད་ནང་བཅུད་གཉིས་སུ་འཁྲུལ་ཏེ༔ ཐལ་འགྱུར་ལས༔ འཁྲུལ་པའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ནི་རྣམ་པ་གསུམ༔ བདག་ཉིད་གཅིག་གིས་འཁྲུལ་རྩ་བྱས༔ ལྷན་ཅིག་སྐྱེས་པའི་རྟོག་པ་གཉིས༔ ཀུན་ཏུ་བརྟགས་ལས་ཡུལ་དུ་གྱུར༔ ཅེས་གསུངས་པས་དང་པོ་གདོད་མའི་གཞི་ནང་གསལ་ཆེན་པོ་དེ་ཉིད་ལའང་༔ གློ་བུར་བག་ལ་ཉལ་གྱི་དྲི་མ་ལུང་མ་བསྟན་ཙམ་དུ་ལུས་པ་དེ་ཉིད༔ བདག་ཉིད་གཅིག་པའི་མ་རིག་པ་སྟེ༔ འཁྲུལ་པ་ཐམས་ཅད་འབྱུང་བའི་རྩ་བའོ༔ ཐལ་འགྱུར་ལས༔ རྒྱུ་གཅིག་རྩ་བ་དབྱེར་མེད་དེ༔ རང་ངོ་ཡིན་པར་མ་ཤེས་པས༔ འདི་ནི་འཁོར་བའི་ཐོག་མའོ༔ ཅེས་སོ༔ གཉིས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ནི༔ གཞི་ལ་གཞི་སྣང་གི་རང་རྩལ་གསལ་བའི་དུས་སུ༔ ཕ་ཀི་ང་ལས་བྱུང་ངམ་ང་ཕ་ཀི་ལས་བྱུང་སྙམ་པའི་རྟོག་པ་གཉིས་འགྱུས་པས་བཟུང་འཛིན་གྱི་རྟོག་པ་ཤར་རོ༔ ཀུན་ཏུ་བརྟགས་པའི་མ་རིག་པ་ནི༔ འོད་སྣང་གི་ཡུལ་དུ་བཅད་དེ༔ ཡུལ་ཡུལ་ཅན་དུ་བཟུང་བའི་རྟོག་པ་ཅུང་ཟད་རགས་པར་གྱུར་པས༔ ཀུན་ཏུ་བརྟགས་པའི་ཡུལ་དུ་གྱུར་པ་ཉིད་དེ༔ རྒྱུད་ཀུན་གསལ་ལས༔ གཞི་ཉིད་རང་ངོ་མ་ཤེས་པས༔ གཟུང་འཛིན་སྐྱེས་པའི་དུས་ནས་འཁྲུལ༔ སྣོད་བཅུད་སྲིད་པ་རིམ་བཞིན་ཆགས༔ ཅེས་པས་དང་པོ་རྒྱུའི་རྐྱེན་ནི༔ བདག་ཉིད་གཅིག་པའི་མ་རིག་པ་དེའོ༔ གཉིས་པ་བདག་པོའི་རྐྱེན་ནི༔ ལྷན་ཅིག་སྐྱེས་པའི་མ་རིག་པ་དང་༔ ཀུན་ཏུ་བརྟགས་པའི་མ་རིག་པ་འཛིན་སྣང་དང་བཅས་པའོ༔ གསུམ་པ་དམིགས་པའི་རྐྱེན་ནི༔ ལྷུན་གྲུབ་ཀྱི་འོད་སྣང་ཡུལ་དུ་ཤར་བ་དེའོ༔ དེ་མ་ཐག་པའི་རྐྱེན་ནི༔ དེ་གསུམ་མཚུངས་ལྡན་དུ་ཤར་བས་དེ་མ་ཐག་པའི་རྐྱེན་བྱས་པ་སྟེ༔ བཀོད་པ་ཆེན་པོ་ལས༔ ལྷུན་གྲུབ་སྟོང་པའི་ཡུལ་ལ་ཤར༔ དེ་ཚེ་རྐྱེན་བཞིའི་འཁྲུལ་འཁོར་ལས༔ འཛིན་པའི་རྒྱ་དང་བཅས་པར་གྱུར༔ ཞེས་སོ༔ དེ་ཡང་འོད་ལྔ་ལས་འཛིན་སྣང་ཐ་དད་པས༔ ཕྱི་སྣོད་ཀྱི་འབྱུང་བ་བཞི་པོ་སོ་སོར་བྱུང་ཚུལ་ནི༔ ཀློང་གསལ་འབར་མ་ལས༔ འོད་ཁྱིམ་ཁ་དོག་ལྔ་པོ་ལས༔ མ་རིག་དངོས་པོ་ཅན་དུ་བཟུང་༔ འོད་ལྗང་བྱ་གྲུབ་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་རླུང་གི་གཞི༔ བྱི་བའི་ཁ་རླངས་ཙམ་ཞིག་བྱུང་༔ འོད་དཀར་མེ་ལོང་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་ཆུ་ཡི་གཞི༔ དཀར་པོ་སྲན་མ་ཙམ་ཞིག་བྱུང་༔ འོད་སེར་མཉམ་ཉིད་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་ས་ཡི་གཞི༔ སེར་པོ་ར་རིལ་ཙམ་ཞིག་བྱུང་༔ འོད་དམར་སོར་རྟོག་ཡེ་ཤེས་ལ༔ དེར་འཛིན་ཞུགས་པས་མེ་ཡི་གཞི༔ དམར་པོ་མཐེ་བོང་ཙམ་ཞིག་བྱུང་༔ འོད་མཐིང་ནམ་མཁའ་དང་འདྲ་བར༔ ཆོས་དབྱིངས་ཡེ་ཤེས་དབྱེར་མེད་གནས༔ ཅེས་པས༔ འོག་རླུང་རྒྱ་གྲམ་ཅུང་ཟད་གཡོས་པས༔ སྟེང་ཕྱོགས་ཀྱི་ཆུའི་དཀྱིལ་འཁོར་ལ་ཕོག༔ རླངས་པས་སའི་དཀྱིལ་འཁོར་དྲོས༔ དེ་ལས་འབྱུང་བ་བཞིའི་རང་འོད་སྦ་ཕུབ་ཙམ་པ་གསུམ་བྱུང་༔ འོད་དཀར་པོ་གཉིས་ལས་ཉི་མ་དང་ཟླ་བ༔ དེའི་རྩལ་ལས་གཟའ་དང་རྒྱུ་སྐར་ལ་སོགས་ནམ་མཁའི་བཅུད་དང་རྒྱན་དུ་གྲུབ༔ འོད་གཅིག་ལ་ལྷ་གནས་གོང་མ་སྐྱེ་མཆེད་མུ་བཞི༔ དེ་ནས་གཟུགས་ཁམས་གནས་རིས་བཅུ་བདུན༔ འཛིན་སྣང་གི་ཤེས་པ་ཇེ་རགས་སུ་སོང་བས་འདོད་པའི་ཁམས་ལ་སྤྱོད་པའི་སེམས་ཅན་རིགས་དྲུག་རྣམས་ཀྱི་ཚོགས་མང་པོ་བྱུང་སྟེ༔ ཀློང་གསལ་ལས༔ མ་རིག་བདག་འཛིན་དབང་གིས་ནི༔ རིགས་དྲུག་སེམས་ཅན་དཔག་མེད་བྱུང་༔ མ་རིག་འཁྲུལ་བ་འདི་ལ་ཟད་མེད་འཕེལ་བ་མེད༔ ཅེས་པས༔ ལྷུན་གྲུབ་ཀྱི་འོད་སྣང་རིམ་བཞིན་ནུབ་ནས༔ ནང་དུ་འོད་ལ་འཛིན་སྣང་ཐ་དད་དུ་ཤར་བས༔ འགྲོ་བ་རིགས་དྲུག་གི་རང་བཞིན་དུ་དེ་མ་ཁད་འཁྲུལ་པས་མཐོ་རིས་དང་ངན་སོང་གཉིས་སུ་གྲུབ་པ་སྟེ༔ བཀོད་པ་ཆེན་པོ་ལས༔ མ་རིག་འཁྲུལ་པས་འཛིན་པ་ཞུགས༔ འོད་དུ་གསལ་བ་རང་ནུབ་ཅིང་༔ མཐོ་རིས་ངན་སོང་གཉིས་སུ་སྲིད༔ ཅེས་པས༔ མཐོ་རིས་ལ་ཡང་ལྷ་དང་ལྷ་མིན་མི་དང་གསུམ་མོ༔ དང་པོ་ལྷ་ལ་ཡང་གཟུགས་མེད་གཟུགས་ཁམས་འདོད་ཁམས་སོ༔ དང་པོ་གཟུགས་མེད་ཀྱི་ལྷ་རྣམས་ནི་རྟོག་པ་མེད་པའི་ཡུལ་ལ་བརྟེན་པའོ༔ གཟུགས་ཁམས་ཀྱི་ལྷ་འོད་གསལ་གྱི་ཡུལ་ལ་བརྟེན་པའོ༔ འདོད་པའི་ལྷ་དགའ་བདེའི་ཡུལ་ལ་བརྟེན་པའོ༔ ལྷ་མ་ཡིན་དང་མི་རྣམས་གླིང་བཞིའི་ཡུལ་ལ་བརྟེན་པའོ༔ ངན་སོང་གསུམ་ནི་རང་གི་སྣང་བ་ལོག་པའི་ཡུལ་ལ་བརྟེན་པའོ༔ དེ་ནི་ཕྱི་སྣོད་ཀྱི་གྲུབ་ཚུལ་ལོ༔ ད་ནང་བཅུད་སེམས་ཅན་གྱི་གྲུབ་ཚུལ་ནི༔ རྒྱུད་རང་ཤར་ལས༔ འདོད་དང་གཟུགས་དང་གཟུགས་མེད་ཀྱི༔ ཁམས་གསུམ་པོ་ནི་དེ་ལ་བརྟེན༔ ཡོད་མིན་མེད་མིན་ཅི་ཡང་མེད༔ རྣམ་ཤེས་ཅུང་ཟད་མེད་པ་ཡི༔ གཟུགས་མེད་རྣམས་ནི་དེ་ལས་སྐྱེས༔ གནས་གཙང་ལ་སོགས་གཟུགས་ཅན་ནི༔ གོང་འོག་ཏུ་ནི་ཐེག་པའི་ཚུལ༔ འོག་མིན་ལ་སོགས་འདོད་པ་ཡི༔ ལྷ་དང་ལྷ་མིན་མི་རྣམས་ནི༔ མངོན་མཐོ་དེ་ནས་གནས་གསུམ་ཉིད༔ བྱོལ་སོང་ཡི་དྭགས་དམྱལ་བ་དང་༔ ཁམས་གསུམ་པོ་ཡང་དེ་ལ་བརྟེན༔ ཅེས་པའི་དོན་ནི་འདོད་ཁམས་དང་༔ གཟུགས་ཁམས་དང་༔ གཟུགས་མེད་ཀྱི་ཁམས་སོ༔ དང་པོ་འདོད་ཁམས་ལ་ཡང་དྲུག་སྟེ༔ འདོད་པའི་ལྷ་དང་ལྷ་མ་ཡིན་དང་༔ མི་རྣམས་ནི་བདེ་འགྲོའི་གནས་ཡིན་ལ༔ དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ནི་ངན་སོང་གི་གནས་ཡིན་ནོ༔ ལྷ་ལ་དབྱེ་ན་རྒྱལ་པོ་ཆེན་པོ་སྡེ་བཞི་པའི་ལྷ་དང་༔ སུམ་ཅུ་རྩ་གསུམ་པའི་ལྷ་གཉིས་ནི་རི་རབ་ལ་བརྟེན་ནས་གནས་སོ༔ འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་༔ གཞན་འཕྲུལ་དབང་བྱེད་དང་དྲུག་ནི་གནས་སྐབས་བདེ་དགའ་ལོངས་སྤྱོད་ཆེན་པོས་མངོན་པར་མཐོ་བའི་ཟག་པ་དང་བཅས་པའི་དགེ་བའི་ཡོན་ཏན་སྣ་ཚོགས་ལྡན་པའི་ཡུལ་ཡིན་ནོ༔ ལྷ་མ་ཡིན་རྣམས་ལ་ཡང་ལོངས་སྤྱོད་ཀྱི་དགའ་བདེ་ཡོད་ཀྱང་༔ འཐབ་རྩོད་ལ་ལོངས་སྤྱོད་དགོས་པའི་ཡུལ་ལོ༔ མིའི་གླིང་ལ་དབྱེ་ན་གླིང་ཆེན་པོ་བཞིའི་མི་རིགས་རྣམས་ལ་ཡང་སོ་སོར་ལས་དབང་གིས་གཟུགས་བརྙན་བསྟན་པའི་གླིང་སྟེ་ཤར་ལུས་འཕགས་ཀྱི་གླིང་དང་༔ ནུབ་བ་ལང་སྤྱོད་ཀྱི་གླིང་དང་༔ བྱང་སྒྲ་མི་སྙན་གྱི་གླིང་དང་གསུམ་ནི༔ གནས་སྐབས་སུ་ཚེ་དང་ལོངས་སྤྱོད་དུ་མས་བརྒྱན་པའི་གླིང་ཡིན་ཞིང་༔ རང་ཅག་ལྷོ་ཕྱོགས་འཛམ་གླིང་གི་ཡུལ་འདི་ནི་ལས་ཀྱི་ས་པར་གྲུབ་པ་སྟེ༔ སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལས་མངོན་པར་སྣང་བའོ༔ ངན་སོང་གི་གླིང་གསུམ་ལ་ཡང་དབྱེ་ན༔ དམྱལ་བ་ལ་ཚ་བའི་དམྱལ་བ་བརྒྱད༔ གྲང་བའི་དམྱལ་བ་བརྒྱད༔ ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་ཚ་གྲང་གི་དམྱལ་བ་རྣམས་སོ༔ ཡི་དྭགས་ལ་ཡང་ཕྱིའི་སྒྲིབ་པ་ཅན་དང་༔ ནང་གི་སྒྲིབ་པ་ཅན་དང་༔ མེ་ལྕེའི་ཕྲེང་བ་ཅན་དང་༔ ལྗན་ལྗིན་ཟ་བ་ཅན་དང་བཞི་ནི་བཀྲེས་སྐོམ་ཡི་དྭགས་ཀྱི་གནས་སོ༔ དུད་འགྲོ་ལ་ཡང་རྐང་གཅིག་དང་༔ རྐང་མང་དང་འདབ་ཆགས་དང་འགྲེང་བུ་དང་༔ ལྟོ་འགྲོ་ལྔ་ནི་བཀོལ་སྤྱོད་གླེན་ལྐུག་གི་སྡུག་བསྔལ་དུད་འགྲོའི་གནས་སོ༔ རྒྱུད་རང་ཤར་ལས༔ སེམས་ཅན་དེ་དག་སྐྱེ་བ་བཞི༔ དེ་ལྟར་འཇིག་རྟེན་གསུམ་པོ་ཉིད༔ ཅེས་པས༔ འགྲོ་བ་དྲུག་པོ་དེ་དག་ཀྱང་སྐྱེ་གནས་རྣམ་པ་བཞིར་སྐྱེ་སྟེ༔ བརྫུས་ཏེ་སྐྱེ་བ་དང་༔ སྒོ་ང་ལས་སྐྱེ་བ་དང་༔ དྲོད་གཤེར་ལས་སྐྱེ་བ་དང་༔ མངལ་ལས་སྐྱེ་བའོ༔ དེ་རྣམས་ཀྱི་ལུས་དང་སེམས་ཅན་གྱི་མཚན་ཉིད་ཀྱི་རྣམ་དབྱེ་ཇི་ལྟར་ཞེ་ན༔ རང་ཤར་ལས༔ ཕུང་པོ་ལྔ་དང་འབྱུང་བ་ལྔ༔ ཡན་ལག་ལྔ་དང་དོན་སྙིང་ལྔ༔ ཡུལ་ལྔ་དང་ནི་ཉོན་མོངས་ལྔ༔ སེམས་ལྔ་ཡུལ་ལྔ་རྟོག་པ་ལྔ༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔ ཅེས་མ་རིག་པས་རྒྱུ་བྱས་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་ལས༔ རིགས་དྲུག་གི་འཁོར་གནས་ཐམས་ཅད་གྲུབ་བོ༔ གཟུགས་ཀྱི་ཁམས་ལ་དབྱེ་ན༔ ཚངས་པའི་འཇིག་རྟེན་ལ་སོགས་གནས་རིས་བཅུ་བདུན་ནོ༔ འདི་རྣམས་རྡོས་བཅས་ཀྱི་ལུས་མ་ཡིན་པར་འཁྲུལ་པ་ཡིད་ཀྱི་རྒྱུད་བརྟེན་པའི་འོད་ལུས་སོ༔ གཟུགས་མེད་ལ་དབྱེ་ན་ནམ་མཁའ་མཐའ་ཡས་དང་༔ རྣམ་ཤེས་མཐའ་ཡས་དང་༔ ཡོད་མིན་མེད་མིན་དང་༔ གང་ཡང་མ་ཡིན་པ་དང་བཞི་ནི་སྐྱེ་མཆེད་མུ་བཞི་ཡིན་ཏེ༔ འདི་ནི་རྟོག་མེད་ཀྱི་ཡུལ་ལ་རིག་པའི་རྟོག་འཛིན་ཕྲ་མོ་ཙམ་གྱི་གཞི་ཡོད་ཀྱང་༔ ལས་ངན་ཆེན་པོའི་འཁྲུལ་པ་དང་སྡུག་བསྔལ་ཆེན་པོའི་རགས་པ་རྣམས་ནི་མེད་དོ༔ དེ་ལྟར་འགྲོ་བ་རིགས་དྲུག་འཁོར་བའི་སེམས་ཅན་ཡིན་པ་མཉམ་ཡང་༔ ལས་ཀྱི་རང་བཞིན་ལས་གཟུགས་སྣང་གནས་ཡུལ་ཕྱི་སྣོད་ནང་བཅུད་ཀྱི་ཚོགས་ནི་ཐ་དད་སྣ་ཚོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རིགས་དྲུག་ལས་ཀྱི་རང་གཟུགས་སུ་ཤར་ཞིང་རྒྱུ་ས་བོན་དྲུག་གི་གྲུབ་ཚུལ་ནི༔ རིན་ཆེན་ཀུན་རྫོགས་འདུས་པའི་རྒྱུད་ལས༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་སེར་སྣའི་ལས༔ མ་རིག་ལས་བྱུང་ས་བོན་གྲུབ༔ འགྲོ་བའི་ཁམས་དང་གཟུགས་སྣང་ཤར༔ ཅེས་པས༔ ཉོན་མོངས་པ་མ་རིག་པ་ལས༔ འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་དང་སེར་སྣ་སྟེ༔ ཉོན་མོངས་པ་དྲུག་གི་རྟོག་ཚོགས་བག་ཆགས་དང་བཅས་པ་འཕྲོས་པས༔ ས་བོན་ཨ་ནྲི་སུ་ཏྲི་པྲེ་དུ་ཞེས་པའི་ཡི་གེ་འབྲུ་དྲུག་པོ་འདི་འགྲོ་བ་དྲུག་གི་སྲོག་བསྐྱེད་པའི་རྩའི་འཁོར་ལོ་ཡི་གེའི་རྣམ་པར་རང་ཤར་བས༔ ལས་ཀྱི་རང་གཟུགས་བག་ཆགས་ཨ་འཐས་པས་ས་བོན་དུ་ཤར་ཞིང་༔ ས་བོན་གྱི་རང་མདངས་གཟུགས་སུ་གྲུབ་སྟེ༔ ལས་རང་མཐུན་དུ་ཤར་བའི་གཟུགས་སྣང་དེ་ལ༔ ཉོན་མོངས་པ་དྲུག་གི་ཚོགས་ཀྱི་སྡུག་བསྔལ་གྱིས་ཡང་དག་པར་མནར་བར་གྱུར་པ་སྟེ༔ རྒྱུད་རྣམ་བཀོད་ལས༔ འགྲོ་དྲུག་ལས་ཀྱི་ཉོན་མོངས་དྲུག༔ རང་སྣང་རང་གཟུགས་ལས་ཀྱིས་མནར༔ ཅེས་སོ༔ བཞི་པ་སྡུག་བསྔལ་ལས་དྲུག་གི་བག་ཆགས་ཀྱིས་མནར་ཚུལ་བསྟན་པ་ནི༔ མ་རིག་མུན་སེལ་ལས༔ དམྱལ་བ་དམྱལ་མེ་འབར་བས་འཇིགས༔ ཡི་དྭགས་བཀྲེས་ཤིང་སྐོམ་པས་འཇིགས༔ དུད་འགྲོ་གཅིག་ལ་གཅིག་ཟས་འཇིགས༔ མི་རྣམས་སྐྱེ་རྒ་ན་དང་འཆི༔ ལྷ་རྣམས་བག་མེད་པ་ཡིས་འཇིགས༔ ལྷ་མིན་མཚོན་གྱི་འཁོར་ལོ་འབར༔ འཁོར་བ་འདི་ནི་སྡུག་བསྔལ་རྒྱུ༔ ཞེས་པས༔ དམྱལ་བ་ལ་ཡང་ཚ་བའི་དམྱལ་བ་དང་གྲང་བའི་དམྱལ་བ་གཉིས་སོ༔ དང་པོ་ཚ་བའི་དམྱལ་བ་ལ་ཡང་བརྒྱད་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་༔ ངུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་༔ མནར་མེད་པ་སྟེ་བརྒྱད་དོ༔ རྡོ་རྗེ་མེ་ལྟར་འབར་བའི་རྒྱུད་ལས༔ འདི་འོག་སྟོང་ཕྲག་ཉི་ཤུ་ན༔ མནར་མེད་ལ་སོགས་ཚ་དམྱལ་བརྒྱད༔ ཁང་ཁྱིམ་ཐོག་བརྩེགས་རྣམ་པའི་ཚུལ༔ དེ་དག་རྣམས་སུ་ལྷག་དང་བཅས༔ རྡོ་རྗེ་མེ་འདག་འབར་པས་འཇིགས༔ ཅེས་པས༔ མནར་མེད་པའི་དམྱལ་བ་ཆེན་པོ་རྡོ་རྗེ་གདན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་ཁྲི་ཕྲག་བཅུ་དང་སྟོང་ཕྲག་བརྒྱད་དུ་སྡུག་བསྔལ་ལ་སྤྱོད་དགོས་སོ༔ སྡུག་བསྔལ་ནི་ལྕགས་བསྲེགས་ཀྱི་ས་གཞི་མེ་རབ་ཏུ་འབར་བའི་དཀྱིལ་དུ་ལྕགས་བསྲེགས་ཀྱི་ཁང་སྒྲོམ་་མེ་འདག་ཆལ་ཆིལ་ཉལ་ཉིལ་རབ་ཏུ་འབར་བའི་ནང་དུ་ཁྲོ་ཆུ་དང་ཟངས་ཆུ་ཁོལ་མའི་ནང་ན་འཚོད་ཅིང་རབ་ཏུ་འཚོད་པའི་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ རབ་ཏུ་ཚ་བའི་དམྱལ་བའི་ཚེའི་ཚད་ནི༔ བསྐལ་བ་ཆེན་པོ་འབུམ་ཕྲག་གཉིས་དང་སྟོང་ཕྲག་དྲུག་དང་ཁྲི་ཕྲག་ལྔའི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་སོ༔ སྡུག་བསྔལ་ནི་ཁྲོ་ཆུ་དང་ཟངས་ཆུ་ཁོལ་མ་མང་པོས་ཕྱི་ནས་འཁྲུད་པ་ལྟར་འབྲབ་པ་དང་༔ ནང་དུ་ཁ་ཟས་ལྟར་བཟའ་བ་དང་བཏུང་དགོས་པའི་སྡུག་བསྔལ་ལ་སྤྱོད་པའོ༔ ཚ་བའི་དམྱལ་བ་ཆེན་པོར་སྐྱེས་པའི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་འབུམ་ཕྲག་ལྔ་དང་ཁྲི་ཕྲག་གཉིས་སྟོང་ཕྲག་གཅིག་གི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་ནི་ས་གཞི་ཐམས་ཅད་ལྕགས་བསྲེགས་ཀྱི་མེ་ཐོ་རོ་རོ་འབར་བ་ལས་མེ་སྟག་ཚུབ་ཚུབ་ཏུ་འཁྱིལ་ཞིང་༔ རང་གི་ལུས་ལ་གཞོབ་བུན་བུན་བསྲེགས་པ་སྙམ་གྱི་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ དེའི་སྟེང་གི་དམྱལ་བ་ངུ་འབོད་ཆེན་པོའི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་བྱེ་བ་བརྒྱ་ཕྲག་ཁྲི་སྟོང་གི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་སོ༔ སྡུག་བསྔལ་ནི་ནམ་མཁའི་མཐོངས་ལས་མེ་རབ་ཏུ་འབར་བའི་འཁོར་ལོ་རྩིབས་སྟོང་ཕྲག་མང་པོ་ཡོད་པའི་ཆར་ཆེན་པོས༔ གང་དང་གང་དུ་འབྲོས་ས་དང་ཡིབ་སའི་གནས་མེད་པར་ལུས་ལ་དབང་མེད་དུ་འཕོག་པས༔ མི་བཟོད་པའི་སྡུག་བསྔལ་དྲག་པོས་འདི་ལྟར་ཡོངས་སུ་མནར་བ་འདི་ནི་ཅི་ཞིག༔ ཀྱེ་མ་ཕའོ༔ ཀྱེ་མ་མའོ༔ ཀྱེ་མ་སུ་ཞིག་ང་སྐྱོབས་ཤིག་སྨྲ་ཞིང་འོ་དོད་ཀྱི་ཆོ་ངེ་དྲག་པོས་འབོད་པར་བྱེད་པའོ༔ དེའི་སྟེང་གི་དམྱལ་བ་ངུ་འབོད་ཀྱི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་བྱེ་བ་གཅིག་དང་བསྐལ་པ་སྟོང་ཕྲག་བཞིའི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་སོ༔ སྡུག་བསྔལ་ནི་བར་སྣང་སྟོང་པ་ལས་མེ་སྟག་གི་ཆར་པ་ཚྭ་ཚྭ་ཕྲོམ་ཕྲོམ་དུ་འབབ་ཅིང་༔ རང་གི་ཕ་མ་ཉེ་དུ་རྣམས་ཀྱི་མིང་ནས་འབོད་དེ༔ ང་སྡུག་བསྔལ་འདི་ལས་སྐྱོབས་ཤིག་སྨྲ་བཞིན་མི་བཟོད་པའི་ཆོ་ངེ་དབྱངས་ནས༔ ལུས་ཐམས་ཅད་བན་བུན་ཐལ་ཐུལ་དུ་འཚིག་པར་བྱེད་པའི་སྡུག་བསྔལ་ལ་སྤྱོད་དགོས་སོ༔ དེའི་སྟེང་གི་དམྱལ་བ་བསྡུས་འཇོམས་ཀྱི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་བྱེ་བ་བརྒྱ་དང་འབུམ་ཕྲག་གསུམ་ཁྲི་ཕྲག་བརྒྱད་དང་སྟོང་ཕྲག་གཅིག་གི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་གྱི་ཚད་ནི༔ དཔག་ཚད་སྟོང་ཕྲག་མང་པོའི་བར་གྱི་གནམ་ལྕགས་ཀྱི་ནམ་མཁའ་དང་༔ ཁྲོ་ཆུའི་ས་གཞི་ཆེན་པོ་ལས་ཀྱི་དབང་ལས་བྱུང་བའི་རླུང་ཆེན་པོས་ཆ་ལང་ལྟར་བརྡབས་པས༔ ཤ་ཁྲག་གི་གཟུགས་ཕུང་ཐམས་ཅད་དམར་ཉིལ་ཉིལ་ཁྲག་ཆིལ་ཆིལ་དུ་བརྡབས་པའི་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ དེའི་སྟེང་གི་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་ས་ཡ་གཅིག་དང་བྱེ་བ་འབུམ་ཕྲག་དྲུག་ཁྲི་སྟོང་ཕྲག་ལྔའི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་གྱི་ཚད་ནི་ལུས་གན་རྐྱལ་དང་ཁ་བུབ་ཏུ་བསྒྱེལ་བའི་སྟེང་དུ༔ ལྕགས་ཀྱི་ཐིག་སྐུད་ནག་པོས་གཤིན་རྗེ་རྣམས་ཀྱིས་ཐིག་མིག་མང་རིས་སུ་བཏབ་ནས༔ མཚོན་ཆ་སྣ་ཚོགས་པ་སྟེ༔ རལ་གྲི་དང་དགྲ་སྟ་དང་སོག་ལེ་དང་ཁ་ཊྭཱཾ་དང་ཏྲི་ཤུ་ལ་སོགས་མེ་འབར་བ་དང་བཅས་པས་འབུགས་པ་དང་གཤག་པ་དང་འདྲལ་བར་བྱེད་པའི་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ དེའི་སྟེང་གི་དམྱལ་བ་ཡང་སོས་ཀྱི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་བཞི་དང་འབུམ་ཕྲག་གཅིག༔ ཁྲི་ཕྲག་དྲུག༔ སྟོག་ཕྲག་བཞིའི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་ནི་རང་བཞིན་གྱི་ནམ་མཁའ་ནས༔ ནད་ཧུར་ཐུམ་དྲག་པོ་ལ་གདོན་ལས་ངན་གྱི་རྣམ་སྨིན་བསྡོངས་ནས༔ དམྱལ་བའི་ཡུལ་ཁམས་དེར་སྐྱེས་པའི་སེམས་ཅན་རྣམས་ལ་ཐོགས་མེད་དུ་ནད་གདོན་དེ་གཉིས་བརྒྱབ་པས༔ ཐམས་ཅད་ཤི་བར་གྱུར་ཅིག་པའི་སྒྲ་ཆེན་པོ་ཡོངས་སུ་གྲགས་པས༔ མི་མཟོད་པའི་སྡུག་བསྔལ་སྲོག་འཆད་དགོས་པའི་ཚོར་བ་དང་བཅས་པའི་ངང་སྐད་ཅིག་དེ་ལ་འཆི་བར་བྱེད་དོ༔ སླར་ཡང་ལས་ངན་པའི་རླུང་གིས་སྒྲ་འབྱིན་ཏེ༔ སླར་ཐམས་ཅད་སོས་པར་གྱུར་ཅིག་པའི་སྒྲ་བྱུང་ཚེ༔ སྔ་མ་ཤི་བའི་རོ་དེ་རྣམས་སྔར་བཞིན་སོས་པར་འགྱུར་རོ༔ དེ་བཞིན་ཡང་ཤི་ཡང་སོས་ཀྱི་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ དེ་དག་བརྒྱད་པོ་ནི་ཚ་བས་བསྲེག་ཅིང་འཇོམས་པར་བྱེད་པའི་དམྱལ་བ་ཆེན་པོ་བརྒྱད་དོ༔ དེ་ལྟར་གྱི་དམྱལ་བ་དེ་རྣམས་ཀྱི་ཚེ་ཚད་སྡུག་བསྔལ་རྣམས་རྫོགས་ནས༔ སླར་ལས་ངན་གྱི་ལྷག་རོལ་གྱི་རྣམ་སྨིན་ཐམས་ཅད་སྦྱང་བའི་གནས༔ དམྱལ་བ་དེ་རྣམས་ཐམས་ཅད་ལ་ཕྱོགས་ཕྱོགས་མཚམས་མཚམས་རྣམས་སུ་མེ་མ་མུར་དང་༔ ཐལ་ཆུ་ཁོལ་མ་དང་༔ རོ་མྱགས་ཀྱི་འདམ་ཆེན་པོ་དང་༔ སྤུ་གྲིའི་ལམ་པོ་ཆེ་དང་༔ ཆུ་བོ་རབ་མེད་དང་༔ ལྕགས་ཀྱི་ཤལ་མ་རི་དང་༔ རལ་གྲིའི་ལོ་མའི་ཚལ་དང་༔ འདི་ལྟར་ལྷག་མ་བརྒྱད་པོ་ཕྱོགས་བཞིར་རེ་རེ་རྣམས་གནས་ཤིང་༔ ཚེའི་ཚད་ཀྱང་ས་ཡ་གསུམ་དང་བྱེ་བ་གསུམ་འབུམ་ཕྲག་གསུམ་སྟོང་ཕྲག་གཉིས་ཀྱི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་གྱི་ཚད་ནི་མེ་མ་མུར་གྱི་ནང་དུ་རང་དབང་མེད་པར་ཤ་ཁུ་འཛག་ཁྲག་ཐིགས་འབབ་བཞིན་འགྲོ་དགོས་པ་དང་༔ ཐལ་ཆུ་ཁོལ་མའི་ནང་དུ་ཤ་རུས་སྐྱ་ཟེང་ཟེང་འཚོད་བཞིན་འཕྱོ་དགོས་པ་དང་༔ རོ་མྱགས་ཀྱི་འདམ་ཆེན་པོར་སྐྱི་བུང་བུང་མགྲིན་པ་ཡན་ཆད་ནུབ་པར་འགྲོ་དགོས་པ་དང་༔ སྤུ་གྲིའི་ལམ་པོ་ཆེར་ཤ་རུས་ཐམས་ཅད་དུམ་བུ་དང་ཚལ་བར་འཆད་བཞིན་འགྲོས་དལ་མེད་དུ་རྒྱག་དགོས་པ་དང་༔ ཆུ་བོ་ཆེན་པོ་རབ་མེད་ཞེས་བྱ་བ་ཚ་ཞིང་རབ་ཏུ་སྲེག་པར་བྱེད་པའི་གཞུང་ལ་འཁྱེར་ཞིང་བྱིང་བར་བྱེད་པ་དང་༔ ལྕགས་ཀྱི་ཤལ་མ་རི་ཞེས་བྱ་བ་གནམ་ལྕགས་ཞུན་མའི་རི་བོ་ཤིང་སྡོང་གི་རྣམ་པ་ལ༔ ཚེར་མ་ཁྲི་འབུམ་ས་ཡ་མང་པོས་རབ་ཏུ་གཏམས་པའི་ངོས་ལ་གྱེན་ཐུར་དུ་འགྲོ་ཞིང་རྐང་མཐིལ་དང་སྤྱི་བོ་ལ་སོགས་དབང་མེད་དུ་ཏུལ་ཏུལ་དབུག་པར་བྱེད་པའི་སྡུག་བསྔལ་ལ་སྤྱོད་དགོས་པ་དང་༔ རལ་གྲིའི་ལོ་མའི་ཚལ་ཞེས་པ་ནམ་མཁའི་མཐོངས་ནས་སྤུ་གྲི་མེ་ལྟར་ཚ་བའི་ཆར་པ་སི་ལི་ལི་འབབ་ཅིང་༔ ལུས་མགོ་མཇུག་གང་དང་གང་དུ་ཕོག་པའི་སར་ཚལ་བར་བཤག་ཅིང་རབ་ཏུ་གཅོད་པའི་སྡུག་བསྔལ་མི་བཟོད་པ་ལ་སྤྱོད་དགོས་པའོ༔ སེམས་ཅན་ཉི་ཚེ་བའི་ཚེའི་ཚད་ནི་བསྐལ་པ་ས་ཡ་ཆེན་པོ་དྲུག་དང་༔ བྱེ་བ་དྲུག་འབུམ་ཚོ་དྲུག་སྟོང་ཕྲག་བཞིའི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་གྱི་ཚད་ནི་ཉིན་མཚན་མེད་པར་བཤའ་བ་དང་གཏུབ་པའི་སྡུག་བསྔལ་ལ་དལ་མེད་དུ་སྤྱོད་པར་བྱེད་དགོས་སོ༔ ཉི་ཚེ་ཆུང་བའི་ཚད་ནི་སྲིད་རྩེ་མནར་མེད་ཀུན་གྱི་ཡུལ་དུ་ཁྱབ་པར་གནས་སོ༔ ཚེའི་ཚད་ནི་བསྐལ་པ་ཆེན་པོ་གཅིག་ཐུབ་པའི་བར་སྡུག་བསྔལ་ལ་སྤྱོད་པའོ༔ སྡུག་བསྔལ་གྱི་ཚད་ནི་ནམ་མཁའ་ལང་བ་དང་དུས་མཉམ་པར་བརྫུས་ཏེ་སྐྱེ་ཞིང་༔ ཉི་མ་ནུབ་པའི་དུས་འཆི་བར་བྱེད་དགོས་པའོ༔ དེ་དག་རྣམས་ནི་ཚ་དམྱལ་བརྒྱད་དང་ཉི་ཚེ་ཉེ་འཁོར་བ་གཉིས་ཀྱི་རིམ་པའོ༔ དེ་དག་རྣམས་ཀྱང་རང་རང་གི་ལས་ཀྱི་སྣང་བ་ལས་གྲུབ་པ་ཤ་སྟག་སྟེ༔ ལས་བརྒྱ་པའི་མདོ་ལས༔ ལྕགས་བསྲེགས་ས་གཞི་སུ་ཡིས་བྱས༔ མེ་ཚོགས་འདི་དག་ཅི་ལས་བྱུང་༔ འདི་འདྲ་འདི་དག་མ་ལུས་པ༔ སྡིག་སེམས་ལས་ཀྱི་སྣང་བར་གྲུབ༔ ཅེས་སོ༔ དེས་ན་དེ་དག་རྣམས་སུ་སྐྱེ་བར་བྱེད་པའི་རྒྱུ་རྐྱེན་དང་འབྲས་བུ་ལས་གང་དང་གང་ལས་བྱུང་བ་ཡིན་ཞེ་ན༔ ཉོན་མོངས་པ་ཞེ་སྡང་གི་ལས་ཀྱིས་ཀུན་ཏུ་བསགས་པའི་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལས༔ སེམས་ཅན་ཚ་བའི་དམྱལ་བ་དེ་དག་རྣམས་སུ་སྐྱེ་ཞིང་སྡུག་བསྔལ་མྱོང་བའི་རྒྱུ་ཁོ་ན་བྱེད་པ་ཡིན་ཏེ༔ མདོ་སྡེ་ལས་བརྒྱ་པ་ལས༔ ཞེ་སྡང་ལས་ཀྱི་འབྲས་བུ་ལས༔ སེམས་ཅན་དམྱལ་བའི་འཇིག་རྟེན་སྲིད༔ ཅེས་སོ༔ ཁྱད་པར་དུ་དབྱེ་ན༔ མཚམས་མེད་པ་ལྔའི་ལས་བྱས་པ་རྣམས་ནི་མནར་མེད་པའི་དམྱལ་བར་སྐྱེའོ༔ དེ་དང་ཉེ་བ་ལྔ་བྱས་པས་རབ་ཏུ་ཚ་བའི་དམྱལ་བར་སྐྱེའོ༔ མི་དགེ་བཅུ་བྱས་པའི་འབྲས་བུས་ཚ་བའི་དམྱལ་བར་སྐྱེའོ༔ ལོག་པར་ལྟ་བ་བརྒྱད་བྱས་པའི་འབྲས་བུས་ངུ་འབོད་ཆེན་པོའི་དམྱལ་བར་སྐྱེའོ༔ ལྕི་བ་བཞིའི་ལས་བྱས་པའི་འབྲས་བུས་དམྱལ་བ་ངུ་འབོད་དུ་སྐྱེའོ༔ ཁ་ན་མ་ཐོ་བའི་ལས་ཀྱི་འབྲས་བུས་དམྱལ་བ་བསྡུས་འཇོམས་སུ་སྡུག་བསྔལ་ལ་སྤྱོད་དོ༔ སེམས་ཅན་ཕ་རོལ་བོ་བཤའ་བ་དང་གཏུབ་པའི་ལས་ཁོ་ན་གཙོ་བོར་བཏོན་ཏེ་སྤྱད་པའི་འབྲས་བུས་དམྱལ་བ་ཐིག་ནག་ཏུ་སྐྱེ་བར་བྱེད་དོ༔ གསོད་གཅོད་ཁོ་ན་གཙོ་བོར་སྤྱོད་པ་རྣམས་ནི་སེམས་ཅན་དམྱལ་བ་ཡང་སོས་ཞེས་བྱ་བའི་འཇིག་རྟེན་དུ་སྐྱེ་བར་བྱེད་དོ༔ དཀར་པོ་དགེ་བ་བཅུའི་ལམ་བཀགས་པ་རྣམས་ནི་སྤུ་གྲི་འབར་བའི་ལམ་པོ་ཆེ་ཞེས་བྱ་བའི་དམྱལ་བར་སྐྱེ་བར་བྱེད་དོ༔ བརྡུང་བ་དང་གཙོགས་པ་དང་འཁྱིག་པ་དང་འབིགས་པ་དང་གཏར་བ་སོགས་བྱས་པའི་སེམས་ཅན་རྣམས་ནི༔ གནམ་ལྕགས་ངར་མ་རབ་ཏུ་འབར་བའི་ཤལ་མ་རི་ཞེས་བྱ་བར་སྐྱེའོ༔ ཡུལ་གྱི་དེད་དཔོན་དུ་གྱུར་ནས་དམག་ལ་སོགས་པའི་ལས་ལ་རབ་ཏུ་ཞུགས་ཤིང་༔ ཕ་རོལ་གྱི་འགྲོ་བ་རྣམས་ལ་མཚོན་ཆ་སོགས་ཀྱིས་བསད་བཅད་ཁོ་ནར་སྤྱད་པ་རྣམས་ནི་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ་ཞེས་བྱ་བའི་དམྱལ་བར་སྐྱེ་བར་འགྱུར་རོ༔ དཀོན་མཆོག་གསུམ་གྱི་དཀོར་ལ་འབགས་པ༔ དེ་བཞིན་གཤེགས་པའི་བཀའ་ལ་ཀློག་རྫུན་དུ་བཏབ་པ༔ བདག་པོས་བཟུང་བའི་ཆུང་མ་དང་༔ རྒྱལ་རིགས་ལ་སོགས་ཀྱིས་བསྲུངས་བ་དང་༔ ཆོས་ལ་ཞུགས་ནས་ཁྲིམས་ལ་གནས་པའི་དགེ་བསྙེན་ཡན་ཆད་ཀྱི་མོ་བཙུན་རྣམས་ལ་ཆགས་པ་སྤྱད་པ་དང་༔ དཀོན་མཆོག་གསུམ་དང་ཕ་མ་སློབ་དཔོན་རྣམས་ཀྱི་ཉེ་འཁོར་དུ་མི་ཚངས་པར་སྤྱད་པ་རྣམས་ནི༔ དེ་འདག་འབར་བའི་འདམ་རྫབ་ཞེས་བྱ་བའི་དམྱལ་བར་སྐྱེ་བར་འགྱུར་རོ༔ ཆུར་གནས་ཀྱི་དུད་འགྲོ་བསད་པ་དང་༔ བདེན་པའི་དོན་ལ་ངག་འཁྱལ་བ༔ ཆོས་སྤྱོད་དགེ་བའི་ཚོགས་གཞན་གྱིས་བསགས་པ་ལ་བཞད་གད་དང་ཁྲེལ་བའི་གཏམ་སྨྲ་བ༔ དཀོན་མཆོག་གསུམ་དང་ཕ་མ་སློབ་དཔོན་ལ་མ་དད་པ་དང་མ་གུས་པའི་ལས་བགྱིས་པ་རྣམས༔ ཆུ་བོ་རབ་མེད་མེ་འདག་འབར་བ་ཞེས་བྱ་བའི་དམྱལ་བར་སྐྱེ་བར་འགྱུར་རོ༔ སེམས་ཅན་ཆུང་ངུ་དང་འབྲིང་པོ་ལ་སོགས་པ་གསོད་གཅོད་ཀྱི་ལས་ཁོ་ན་བྱས་པ་རྣམས་ནི༔ ཉི་ཚེ་བའི་སེམས་ཅན་ཞེས་བྱ་བའི་དམྱལ་བར་སྐྱེ་བར་འགྱུར་རོ༔ ལས་བརྒྱ་པའི་མདོ་ལས༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ ལོག་པར་ལྟ་བ་ཁོ་ནར་སྤྱད༔ དམྱལ་བའི་འཇིག་རྟེན་དེས་མཐོང་སྟེ༔ དེ་ནི་དེ་ཡི་ལས་ཀྱིས་མནར༔ ཅེས་སོ༔ གྲང་བའི་དམྱལ་བ་ལ་ཡང་བརྒྱད་དེ༔ ཆུ་བུར་ཅན་དང་༔ ཆུ་བུར་རྡོལ་བ་ཅན་དང་༔ སོ་ཐམ་ཐམ་པ་དང་༔ ཨ་ཆུ་བ་དང་༔ ཀྱི་ཧུད་ཟེར་བ་དང་༔ པདྨ་ལྟར་གས་པ་དང་༔ ཨུཏྤལ་ལྟར་གས་པ་དང་༔ ཨུཏྤལ་ལྟར་ཆེར་གས་པ་བརྒྱད་པོ་རྣམས་ཀྱི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་མང་པོ་ཐུབ་བོ༔ སྡུག་བསྔལ་གྱི་ཚད་ནི་གྲང་བ་ཆེན་པོས་རབ་ཏུ་མནར་བའི་ལས་མངོན་དུ་གྱུར་པ་ཁོ་ན་སྟེ༔ མུན་ནག་རབ་ཏུ་དམ་པའི་སྨག་རུམ་བུ་ཡུག་འཚུབ་ཅིང་འཁྱག་སྦུབས་ཤིན་ཏུ་གྲང་བའི་འཇིག་རྟེན་ན༔ གྲང་བས་ཉམ་ཐག་པའི་སྡུག་བསྔལ་བརྗོད་ལས་འདས་པ་ལས་སྤྱོད་དགོས་པའོ༔ དེར་སྐྱེ་བའི་ལས་ནི་མི་དགེ་བ་བཅུ་དང་༔ དཀོན་མཆོག་གསུམ་གྱི་བསྟན་པ་ལ་སྡང་ཞིང་ལོག་པར་ལྟ་བ་དང་༔ སྐུ་གསུང་ཐུགས་ཀྱི་རྟེན་གཙུག་ལག་ཁང་རྣམས་བཤིགས་པ་དང་༔ བྲ་ཟེའམ། དགེ་སྦྱོང་དཀའ་ཐུབ་ཅན་ནགས་ལ་གནས་པ་དབེན་པ་བསྟེན་དུ་མ་བཅུག་པའི་ལས་ལ་སྤྱད་པ་རྣམས་སྐྱེ་བར་འགྱུར་རོ༔ མདོ་ལས༔ ཏིལ་སྦྱངས་ནང་ནས་ལོ་བརྒྱ་བཞིན༔ ཏིལ་རེ་ཕྱུང་བས་དེ་ཟད་ན༔ ཆུ་བུར་ཅན་གྱི་ཚེ་ཡིན་ཞིང་༔ གཞན་གྱི་ཚེ་ནི་ཉི་ཤུར་འགྱུར༔ ཅེས་སོ༔ དེ་དག་རྣམས་ནི་ཚ་གྲང་གི་དམྱལ་བ་འཇིག་རྟེན་གྱི་ཚེའི་ཚད་དང་བདེ་སྡུག༔ དེར་སྐྱེ་བར་བྱེད་པའི་ལས་འབྲས་བསྟན་པའི་རིམ་པའོ༔ དེ་དག་རྣམས་སུ་མ་ཟད་པའི་གསང་སྔགས་བླ་ན་མེད་པའི་དབང་བཞིའི་དམ་ཚིག་ཉམས་པ་དང་༔ ལྟ་སྒོམ་ཁྱད་པར་ཅན་སྤྱོད་ཉེས་པ་དང་༔ རྒྱལ་བའི་དགོངས་པ་ཁྱད་པར་ཅན་གྱི་ལྟ་སྒོམ་ཟབ་མོ་ལ་ལོག་པར་བལྟས་པའི་སེམས་ཅན་རྣམས་སྐྱེ་བའི་ག ནས་དམྱལ་བ་ཆེན་པོ་རྡོ་རྗེ་འབར་བ་ཅན་ཞེས་བྱ་བ་དང་༔ སྣ་ཚོགས་འབར་བ་ཅན་ཞེས་བྱ་བའི་དམྱལ་བ་རྣམས་ཀྱང་ཡོད་དེ༔ དེ་ཡང་རྡོ་རྗེ་འབར་བ་ཞེས་བྱ་བའམ༔ རྡོ་རྗེའི་དམྱལ་བ་ཆེན་པོ་ཞེས་བྱ་བའི་ཚེའི་ཚད་ནི༔ བསྐལ་པ་ཆེན་པོ་གྲངས་མེད་པ་བཞི་དང་ས་ཡ་གསུམ་བྱེ་བ་གཉིས་འབུམ་ཕྲག་བརྒྱད་ཁྲི་ཕྲག་གསུམ་སྟོང་ཕྲག་བཞིའི་བར་དུ་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྡུག་བསྔལ་གྱི་ཚད་ནི་གནམ་ལྕགས་ཞུན་མ་ལས་གྲུབ་པའི་ས་གཞི་ཆེན་པོའི་འཇིག་རྟེན་དེར༔ མེ་ཆེན་པོ་དུས་མཐའི་བསྐལ་བ་ལྟར་འབར་བའི་ཀློང་ནས༔ ཚ་བའི་ཟེར་རྣོ་བའི་དབལ་ཁྲོ་ཆུའི་ཞུན་ཐིགས་ཕྲོམ་ཕྲོམ་ཤར་ཤར་དུ་འཕྲོ་བའི་རྡོ་རྗེའི་ཆར་པ་སི་ལི་ལི་འབབ་ཅིང་༔ དེར་སྐྱེས་པའི་སེམས་ཅན་ཐམས་ཅད་མགོ་བོ་ཚལ་བ༔ ཤ་རུས་ཕྱེ་མ་དང་ཚལ་པ་ཚལ་པར་གཏོང་བར་བྱེད་པའི་སྡུག་བསྔལ་ལ་སྤྱོད་དགོས་པའོ༔ སྣ་ཚོགས་འབར་བའི་དམྱལ་བ་ཞེས་བྱ་བ་ནི་ཚེ་ཚད་ཀྱང་གོང་གི་ཚ་བའི་དམྱལ་བ་ཐམས་ཅད་ཀྱི་ཚེ་ཕྱོགས་གཅིག་ཏུ་སྨོས་པ་ཐུབ་ཅིང་༔ སྡུག་བསྔལ་ཡང་གནམ་ལྕགས་ཀྱི་ས་གཞི་རབ་ཏུ་འབར་བའི་གླིང་ཆེན་པོ་དེར༔ མཚོན་ཆ་སྣ་ཚོགས་རྒྱོབ་སོད་ཀྱི་སྒྲ་དང་བཅས་ཏེ༔ སྐད་ཅིག་རེ་རེ་ལའང་སེམས་ཅན་རེ་རེའི་སྟེང་དུ་མཚོན་ཆ་སྟོང་ཕྲག་བརྒྱ་བརྒྱའི་ཆར་པས་རྡུལ་དུ་བརླག་ཅིང་འཇོམས་པར་བྱེད་པའི་དམྱལ་བ་ཡོད་དོ༔ ཡི་དྭགས་ལ་ཡང་ཕྱིའི་སྒྲིབ་པ་ཅན་ཞེས་བྱ་བ༔ ཟས་སྐོམ་ལོངས་སྤྱོད་ཐམས་ཅད་རྣག་ཁྲག་དང་ངན་སྐྱུགས་སྣ་ཚོགས་སུ་མཐོང་ནས་སྤྱོད་པར་མི་ནུས་པས་ཕྱིའི་སྒྲིབ་པ་ཅན་ཞེས་བྱའོ༔ ཚེའི་ཚད་ཀྱང་བསྐལ་བ་ཁྲི་ཕྲག་གཅིག་ཐུབ་ཅིང་བར་སྲིད་པ་ཡང་ཡོད་དོ༔ སྡུག་བསྔལ་གྱི་ཚད་ནི་སྐོམ་པ་ཆུ་ལ་གདུང་བ་ཙམ་གྱི་བཀྲེས་སྐོམ་དང་ལྡན་ཡང་༔ བཟའ་བཏུང་གི་ལོངས་སྤྱོད་མཐོང་བའི་དུས་སུ་རྣག་ཁྲག་དང་མི་གཙང་བ་སོགས་སུ་མཐོང་ནས་བཟའ་བ་དང་བཏུང་བའི་དབང་མེད་པའོ༔ དེར་སྐྱེ་བའི་ལས་ནི་སྐྱེ་བ་སྔ་མ་གཞན་གྱི་ནོར་རྫས་ཕྲོགས་པ་དང་བརྐུས་པ་ལས་བྱུང་བའོ༔ ལུས་ནི་སྣ་ཚོགས་སམ་ཁྲུ་བཅུ་དྲུག་པའོ༔ གནས་ནི་མངོན་པ་ལས༔ འཛམ་བུའི་གླིང་གི་དབུས་ནས་དཔག་ཚད་ལྔ་བརྒྱའི་ས་ན་ཕྱིའི་སྒྲིབ་པ་ཅན་ཡོད་དོ༔ ནང་གི་སྒྲིབ་པ་ཅན་ནི༔ ཁ་ཟས་ལ་ལོངས་སྤྱོད་པར་སེམས་ཤིང་རོལ་བའི་དུས་སུ༔ ཁ་ཟས་སུ་རོལ་བ་དེ་ལས་མེ་འབར་བར་བྱེད་པས་ན་ནང་གི་སྒྲིབ་པ་ཅན་ཞེས་བྱའོ༔ ཚེའི་ཚད་ནི་ལོ་འབུམ་ཕྲག་གཅིག་གོ༔ དེར་སྐྱེ་བའི་ལས་ནི་ཚེ་སྔ་མ་རང་གི་ནོར་ལ་སེར་སྣ་ཆེན་པོ་བྱས་ཤིང་སྦྱིན་པའི་ཕྱོགས་སུ་ཡེ་ནས་མ་ཉེ་བ་ཁོ་ནས་བྱས་སོ༔ སྡུག་བསྔལ་གྱི་ཚད་ནི་ལྟོ་བ་ཆེ་བས་ཁ་ཟས་གང་རོལ་ཀྱང་མི་ཁེངས་པ་དང་༔ གལ་སྲིད་ཁེངས་ཀྱང་ཡན་ལག་ཕྲ་བས་མི་ཐེགས་ཤིང་༔ ཟས་བཟའ་རྒྱུ་རྙེད་ཀྱང་ཁ་ཤིན་ཏུ་དོག་པས་མི་ཤོང་བ་དང་༔ གལ་སྲིད་ལྟོ་བར་བཟའ་བཏུང་གང་སོང་མེའི་ཕུང་པོར་འབར་ཏེ་རབ་ཏུ་སྲེག་པ་སོགས་ཀྱི་སྡུག་བསྔལ་ལ་ལོངས་སྤྱོད་དགོས་པའོ༔ ལུས་ཀྱང་ལྟོ་བ་ལ་དཔག་ཚད་ལྔ་བརྒྱའི་རྒྱ་ཁྱོན༔ ཡན་ལག་རྣམས་རྟ་རྔ་ཙམ༔ ཁ་ཁབ་མིག་ཙམ་མོ༔ མདོ་ལས༔ ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ༔ ལྟོ་བ་རི་ཡི་གཏོས་ཙམ་ལྡིར་བས་མནར༔ ཅེས་སོ༔ མེ་ལྕེའི་ཕྲེང་བ་ཅན་ནི༔ སྣང་བ་ཐམས་ཅད་མེ་ལྕེ་འབར་བའི་སྣང་བས་བསྲེགས་ཤིང་རབ་ཏུ་བསྲེགས་པར་སེམས་པས་ན་མེ་ལྕེའི་ཕྲེང་བ་ཅན་ཞེས་བྱའོ༔ ཚེའི་ཚད་ནི་ལོ་བྱེ་བ་གཅིག་གོ༔ སྡུག་བསྔལ་ནི་བཟའ་བ་དང་ལོངས་སྤྱོད་ཅུང་ཟད་རེ་ཐོབ་པ་ཁྲོ་ཆུ་དང་ཟངས་ཆུ་ཁོལ་མར་འགྱུར་ཞིང་བསྲེག་པར་བྱེད་པའོ༔ དེར་སྐྱེ་བའི་ལས་ནི་རང་གི་དབང་མེད་ཀྱང་༔ གཞན་གྱིས་མཆོད་སྦྱིན་བྱེད་པ་ལ་བཤོལ་བའི་ཐབས་སྣ་ཚོགས་སུ་བྱས་པ་དང་༔ བླ་མའི་དཀོར་ལ་ཐུབ་ཐུབ་ཏུ་བགྱིད་ཅིང་འབགས་པ་ལས་བྱུང་བའོ༔ ལུས་ཀྱང་སྣ་ཚོགས་ཀྱི་གཟུགས་ཅན་ལ༔ མགོ་བོ་གཉིས་པ་དང་༔ མགོ་བོ་གསུམ་པ་དང་༔ མགོ་བོ་ལྔ་པ་དང་༔ ལྟོ་བ་རྫིང་བུ་ཙམ་པ་དང་༔ དཔག་ཚད་ཙམ་པ་དང་༔ ཟག་པའི་བུག་པ་གཉིས་མེད་པ་དང་༔ ཁ་ལ་རྒྱང་གྲགས་རེ་རེ་གཉིས་གཉིས་གསུམ་གསུམ་ཡོད་པ་རྣམས་སོ༔ གནས་ནི་ས་འོག་གི་ནུབ་ཕྱོགས་སུ་དྲན་པའི་གླིང་ཞེས་བྱ་བ་ན་ཡོད་དོ༔ ཟས་སུ་ལྗན་ལྗིན་ཟ་བ་ཞེས་བྱ་བ་ཡང་༔ འཇིག་རྟེན་ཁམས་ཐམས་ཅད་ཀྱི་ལྗན་ལྗིན་སྣ་ཚོགས་ལ་བཟའ་བར་བྱེད་པས་ན༔ ལྗན་ལྗིན་བཟའ་བ་ཅན་ཞེས་བྱ་བའི་ཡི་དྭགས་སོ༔ ཚེའི་ཚད་ཀྱང་ལོ་ས་ཡ་གསུམ་ཐུབ་པ་ཡོད་དོ༔ སྡུག་བསྔལ་གྱི་ཚད་ཀྱང་དྲི་ཆེན་དྲི་ཆུ་ལ་སོགས་མ་བསྔོས་ན་མི་འཐོབ་ཅིང་༔ ལ་ལས་ཐོབ་ཀྱང་ནང་གི་སྒྲིབ་པ་ཅན་ལྟར་སྡུག་བསྔལ་གྱིས་མནར་བ་ལ་སོགས་པ་དང་ལྡན་པའོ༔ དེར་སྐྱེ་བའི་ལས་ཀྱང་༔ ཡུལ་མཐོན་པོ་རྣམས་ལ་ངག་འཁྱལ་སྨྲས་པ་དང་༔ མཆོད་པའི་རྫས་ལ་འབགས་པ་དང་༔ བླ་མ་དང་སློབ་དཔོན་གྱི་གསོལ་མཆོད་ལ་འབགས་བཙོག་དང་ཚང་ཚིང་དུ་སྤྱད་པ་ལས་སོ༔ ལུས་ཀྱང་སྣ་ཚོགས་པ་སྟེ༔ ཆེ་བ་དག་ནི་དཔག་ཚད་གསུམ་ཁྱབ་པའི་གཟུགས་ལ་མགོ་བོ་མང་པོ་དང་ལྡན་པའམ༔ ཁྲུ་བརྒྱད་པ་ལ་མགོ་བོ་བཅོ་བརྒྱད་ལ་སོགས་པའོ༔ གནས་ནི་གླིང་དང་འཇིག་རྟེན་ཐམས་ཅད་ལ་ཁྱབ་བོ༔ དེ་དག་རྣམས་མ་ཡིན་པའི་ཡི་དྭགས་ཀྱང་སྣ་ཚོགས་སུ་ཡོད་དེ༔ ལུས་པོ་རེ་རེ་ལའང་མགོ་པོ་གསུམ་པ་དང་ལྔ་པ་དང་བཅུ་པ་དང་བཅོ་བརྒྱད་ལ་སོགས་པ་ཡོད་པ་ལ༔ ཟས་སྐོམ་གྱི་འདུ་བ་ལ་བཀྲེས་སྐོམ་དང་དགག་སྒྲུབ་ལ་སོགས་རྣམ་པ་སྣ་ཚོགས་ཀྱི་སྣང་བ་ཅན༔ ལྟོ་བར་ཆུ་བོ་ཆེན་པོ་འཕྲུག་ཅིང་འབབ་སྙམ་བྱེད་པ་དང་༔ འགྲོ་དྲུག་མང་པོའི་གླིང་རང་གི་ཁོག་པར་ཆགས་ནས་ཀུ་ཅོ་འོ་དོད་རྒྱོབ་སོད་འཐབ་རྩོད་ལ་སོགས་ཀྱི་སྣང་བ་འཆར་བ་སོགས་ཀྱང་ཡོད་དོ༔ ཚེ་ཡང་ལོ་ས་ཡ་རེ་རེ་ཐུབ་པ་དང་དེ་ལས་མང་བ་དང་ཉུང་བ་སྣ་ཚོགས་པའོ༔ དེར་སྐྱེ་བའི་ལས་ཀྱང་༔ རྫུན་དང་ཕྲ་མ་དང་མཐུན་པ་གཉིས་དབྱེན་བྱས་པ་དང་༔ གཡོ་སྒྱུ་སྣ་ཚོགས་ཀྱིས་གཞན་གྱི་ནོར་ལ་བརྔམས་པ་ལ་སོགས་ལས་འབྱུང་བའོ༔ གནས་ནི་ས་འོག་གི་དྲན་པ་སྣ་ཚོགས་ཞེས་བྱ་བའི་གླིང་ན་གནས་སོ༔ གཞན་ཡང་འཇིག་རྟེན་གྱི་ཁམས་རྣམས་ཆགས་པ་དང་མཉམ་དུ་སྲིད་པའི་ཡི་དྭགས་ཞེས་བྱ་བ༔ འབྱུང་བ་རྣམས་ལ་དབང་བའི་ཡི་དྭགས་ཀྱི་སྡེ་དང་༔ ལྷའི་གདོན་དང་༔ འབྱུང་པོའི་གདོན་དང་༔ དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་དང་བྲམ་ཟེ་དང་༔ ལྟོ་འཕྱེ་དང་མ་མོ་དང་མྱོས་བྱེད་དང་བརྗེད་བྱེད་དང་༔ དྲག་པོ་དང་གཞོན་ནུ་དང་བདུད་དང་བཙན་དང་དམུ་དང་ལྷ་མ་ཡིན་དང་༔ གཟའ་དང་ནམ་མཁའ་ལྡིང་དང་ཕྱོགས་སྐྱོང་བ་རྣམས་དང་༔ ཁྱབ་འཇུག་གི་བུ་དང་ནག་མོ་ཆེན་པོ་དང་༔ ཟ་བའི་འདྲེ་ལྔ་དང་ལྷན་ཅིག་སྐྱེས་པའི་འདྲེ་དང་༔ དཀར་ཕྱོགས་ལ་གནས་པ་ལ་མི་དགའ་བ་ལ་སོགས་ཏེ༔ མདོར་ན་གནས་སྣ་ཚོགས་པར་ལུས་སྣ་ཚོགས་པ༔ ལས་སྣ་ཚོགས་པ་ལ་སྤྱོད་ཅིང་སྡུག་བསྔལ་སྣ་ཚོགས་པ་མྱོང་བའི་སྡེ་ཚན་ནི༔ ཉི་ཟེར་གྱི་རྡུལ་ལས་ཀྱང་ཆེས་ཆེར་གྲངས་མང་བ༔ སྔ་མའི་མི་དགེ་བ་སྣ་ཚོགས་པར་སྤྱད་པའི་འབྲས་བུ་ལས་བྱུང་བ༔ གཟུགས་དང་ཚེ་ཡང་སྣ་ཚོགས་སུ་གྱུར་པ་རྣམས་ཀྱང་ཡི་དྭགས་ཀྱི་སྡེ་ཞེས་བྱ་བའོ༔ དུད་འགྲོ་ལ་ཡང་༔ རྐང་གཅིག་པ་ཞེས་བྱ་བ་རྐང་པ་གཅིག་པུའི་སྟེང་ན་འགྲོ་བའི་རིགས་དང་༔ རྐང་མང་ཞེས་བྱ་བ་ལུས་མགོ་མཇུག་ཐམས་ཅད་རྐང་པས་ཁེངས་པའི་རིགས་དང་༔ འདབ་ཆགས་ཞེས་བྱ་བ་གཤོག་པས་འགྲོ་བའི་རིགས་དང་༔ འགྲེང་བུ་ཞེས་བྱ་བ་རྐང་པ་ཕྱི་ན་མི་མངོན་ཞིང་དབུགས་ཀྱིས་འགྲོ་བའི་རིགས་དང་༔ ལྟོ་འགྲོ་ཞེས་བྱ་བ་ལྟོ་བ་ས་ལ་དྲུད་དེ་འགྲོ་བའི་རིགས་དང་༔ ཕྱི་འབྱུང་བ་བཞིའི་ཁམས་ལ་གནས་པའི་དུད་འགྲོ་དང་༔ ནང་འགྲོ་བའི་ལུས་ལ་གནས་པའི་སྲིན་འབུ་ཉི་ཁྲི་ཆིག་སྟོང་གི་ཚོགས་ཀྱི་དུད་འགྲོ་དང་༔ གཞན་ཡང་ཆེ་བ་དང་ཆུང་བ་དང་ཤིན་ཏུ་ཕྲ་བ་སྣ་ཚོགས་ཀྱི་ཚོགས་དང་བཅས་པའོ༔ གནས་ནི་ཕྱི་སྣོད་ནང་བཅུད་ཀུན་ལ་ཁྱབ་ཅིང་༔ ཁྱད་པར་དུད་འགྲོ་བྱིངས་ཀྱི་གནས་ནི་ཉི་མ་དང་ཟླ་བ་སོགས་ཀྱིས་མ་སླེབས་པའི་གླིང་བར་མུན་ནག་གི་སྨག་རུམ་ལ་སོགས་པར་གནས་པ་དང་༔ རི་རབ་ལ་སོགས་ཀྱི་ཁོང་གསེང་རྣམས་སོ༔ གྲངས་ནི་གྲངས་མེད་བརྗོད་ལས་འདས་པ་བསམ་གྱིས་ཀྱང་མི་ཁྱབ་པའོ༔ གཟུགས་ནི་གོང་ལྟར་ལ་ཁྱད་པར་ཆེ་བ་རྣམས་ནི་དཔག་ཚད་མང་པོ་དང་ལྡན་པ་ཡང་ཡོད་ལ༔ ཆུང་བ་རྣམས་ནི་བ་སྤུའི་རྩེ་མོ་བཅད་པ་ཙམ་གྱི་གཟུགས་ཀྱང་ཡོད་དོ༔ དབྱིབས་ནི་སྣ་ཚོགས་པ་སྟེ་འཇིགས་སུ་རུང་བ་དང་༔ ལྟར་མི་བཟོད་པ་དང་༔ ཤིན་ཏུ་ཉམས་ངན་པ་ལ་སོགས་སོ༔ ཚེའི་ཚད་ཀྱང་བསྐལ་པ་མང་པོ་ཐུབ་པ་དང་༔ བསྐལ་པ་རེ་རེ་ཐུབ་པ་དང་༔ བསྐལ་པ་ཕྱེད་ཕྱེད་ཐུབ་པ་དང་༔ ལོ་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་བརྒྱ་སྟོང་ལྔ་བཅུ་བཅོ་ལྔ་བདུན་བརྒྱད་གཉིས་གསུམ་གཅིག་དང་༔ ཟླ་བ་ལྔ་དྲུག་བཞི་གཅིག་དང་ཞག་བཅོ་ལྔ་ཉིན་རེ་སོགས་ཐུབ་པའི་རིགས་ཀླུའི་ཁམས་དང་བཅས་སྣ་ཚོགས་པའོ༔ མང་ཉུང་གི་ཚད་ཀྱང་ཆང་གི་སྦང་མ་ཁོལ་བ་ལྟ་བུའམ༔ ཉི་མའི་ཟེར་ལ་རྡུལ་འཚུབ་པ་ལྟ་བུའོ༔ སྡུག་བསྔལ་གྱི་ཚོགས་ནི་གཅིག་གིས་གཅིག་ཟ་བ་དང་༔ གསོད་པ་དང་གཅོད་པ་ལ་སོགས་ཀྱི་སྡུག་བསྔལ་དང་༔ གླེན་ཞིང་གཏི་མུག་པའི་རང་བཞིན་དུ་གནས་པ་ལ་སོགས་ལ་སྤྱོད་དགོས་པའོ༔ དེ་དག་རྣམས་སུ་སྐྱེ་བའི་ལས་ཀྱང་༔ མ་རིག་པའི་གཏི་མུག་གིས་ཀུན་ནས་བསླངས་པའི་གཟུགས་དང་སྡུག་བསྔལ་མངོན་སྣང་དུ་རང་ཤར་བའི་ལས་དེར་མཐུན་གྱི་མི་དགེ་བ་ལ་སྤྱད་པས་སྐྱེ་བར་བྱེད་དོ༔ མདོ་སྡེ་ལས་བརྒྱ་པ་ལས༔ རིགས་ཀྱི་བུ་རྣམས་རང་གི་ལས་ཀྱི་རྣམ་པར་སྨིན་པ་ལས་རང་ཤར་བའི༔ ཡི་དྭགས་དང་དུད་འགྲོ་ལ་སོགས་ཀྱི་ལུས་སྣ་ཚོགས་པ་ལ་སྡུག་བསྔལ་ཀྱང་སྣ་ཚོགས་ཀྱིས་མནར་བ་དང་བཅས་པའི་སྡེ་ནི་བསམ་གྱིས་མི་ཁྱབ་བོ༔ བརྗོད་པར་ཡང་མི་ལང་ཞིང་སྡུག་བསྔལ་གྱིས་ཀུན་ཏུ་ཁ་འཁོར་བའོ༔ ཡང་དག་པར་ཁ་འཁོར་བའོ༔ ཅེས་སོ༔ ལྷ་མ་ཡིན་གྱི་གནས་ནི་རི་རབ་ཀྱི་ཁོང་གསེང་ངོ་༔ ལོངས་སྤྱོད་དང་དགའ་བདེ་སུམ་ཅུ་རྩ་གསུམ་པའི་ལྷ་ལ་འགྲན་ཀྱང་༔ འཐབ་རྩོད་དང་གཡུལ་འགྱེད་པ་སོགས་ཀྱི་སྡུག་བསྔལ་ནི་དཔག་ཏུ་མེད་པ་མྱོང་དགོས་པའོ༔ ཚེའི་ཚད་ཀྱང་འདོད་ལྷ་རྣམས་དང་མཉམ༔ དེར་སྐྱེ་བའི་ལས་ཀྱང་ཉོན་མོངས་པ་ཕྲག་དོག་གི་ལས་ཁོ་ན་ལས་བྱུང་བའི་འབྲས་བུའོ༔ གཟུགས་ནི་འདོད་ཁམས་ཀྱི་ལྷ་རྣམས་དང་དབྱེ་བ་མེད་པའོ༔ ལྷའི་འཇིག་རྟེན་ལ་ཡང་རྒྱལ་པོ་ཆེན་པོ་སྡེ་བཞི་པའི་ལྷ་དང་༔ སུམ་ཅུ་རྩ་གསུམ་པའི་ལྷ་གཉིས་ནི་རི་རབ་ལ་བརྟེན་ཏེ་གནས་པའོ༔ ཚེའི་ཚད་ཀྱང་མི་ལོ་ལྔ་བཅུ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱའི་བར་དུ་ཐུབ་བོ༔ ལུས་ཀྱི་ཚད་ཀྱང་རྒྱང་གྲགས་བཞི་ཆའི་ལུས་པོ༔ སྡུག་བསྔལ་ནི་ཞག་བདུན་གྱི་སྟེང་ནས་མི་སྙན་པའི་སྒྲ་ལས་འཆི་བའི་ལུང་བསྟན་འཐོབ་པས་འཕོ་ལྟུང་གི་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པའོ༔ དེར་སྐྱེ་བའི་ལས་ཀྱང་དཀར་པོ་དགེ་བ་བཅུའི་ལས་སྤྱད་པ་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ཞིང་༔ ང་རྒྱལ་གྱི་དབང་དུ་ཤོར་བའི་འབྲས་བུས་སོ༔ དེའི་སྟེང་ན་རིམ་བཞིན་འཐབ་བྲལ་དང་འགའ་ལྡན་དང་འཕྲུལ་དགའ་དང་༔ གཞན་འཕྲུལ་དབང་བྱེད་སོགས་ཀྱི་ལྷའི་ཞིང་ཁམས་དཔག་ཏུ་མེད་པ་རྣམས་ཀྱང་༔ བདེ་དགའ་ལོངས་སྤྱོད་ཀྱི་ཚོགས་དཔག་ཏུ་མེད་པས་མངོན་པར་མཐོ་ཞིང་༔ ཚེ་ལ་སོགས་པ་ཡང་གྲངས་མེད་མང་པོ་ཐུབ་པ་དག་ཡོད་ཀྱང་མཐར་ལྟུང་བའི་སྡུག་བསྔལ་ཁོ་ན་ལས་མ་འདས་ཏེ༔ ལས་བརྒྱ་པའི་མདོ་ལས༔ རིགས་ཀྱི་བུ་རྣམས་ཚངས་པ་ཆེན་པོ་ལྟ་བུའི་ལྷའི་ཞིང་ཁམས་ལོངས་སྤྱོད་དཔག་ཏུ་མེད་པ་ལ་སྤྱོད་པར་སྐྱེས་ཀྱང་༔ མཐར་ངན་སོང་གི་འཇིགས་པ་ལས་མ་འདས་པས་འཁོར་བ་འདི་ནི་སྡུག་བསྔལ་གྱི་རྒྱ་མཚོའོ༔ ཅེས་སོ༔ མིའི་འཇིག་རྟེན་ལ་ཡང་༔ སྟོང་དང་པོ་དང་གཉིས་པ་གསུམ་པ་ལ་སོགས་ཀྱི་འཇིག་རྟེན་རྒྱ་ཆེ་ལ་གྲངས་མང་བར་གསུངས་པའི་ཚོགས་རྣམས་ཀྱང་༔ གནས་ནི་གླིང་བཞི་དང་གླིང་ཕྲན་ལ་སོགས་ཀྱི་རྣམ་པར་གནས་ཤིང་༔ ཚེ་ཡང་སྣ་ཚོགས་པ་ལ༔ ལས་ཀྱི་དབང་གིས་བདེ་སྡུག་ཀྱང་དེ་བཞིན་དུ་སྣང་ཞིང་༔ ཁྱད་པར་དུའང་སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་མང་པོས་ཀུན་ལ་ཡོངས་ཁྱབ་ཀྱིས་མནར་བའོ༔ དེར་སྐྱེ་བའི་ལས་ཀྱང་འདོད་སྲེད་འཛིན་པའི་ལས་འབྲས་ལ་སྤྱོད་པས་སོ༔ དེ་དག་རྣམས་ཀྱི་ནང་ནས་རི་རབ་ལྷོ་ཕྱོགས་ཀྱི་ཆར་གནས་པའི་འཛམ་བུའི་གླིང་ཞེས་བྱ་བ་འདིར་ཡང་༔ ད་ལྟ་མི་ལུས་ཐོབ་པ་འདི་རྣམས་ཀྱང་གླིང་གཞན་ལྟར་ལས་སྤྱི་མཐུན་པའི་སེམས་ཅན་མིན་ཞིང་ལས་སྣ་ཚོགས་འགྲོ་བ་སྣ་ཚོགས་ཀྱི་གཟུགས་སུ་གྱུར་པས་སྡུག་བསྔལ་ཡང་སྣ་ཚོགས་སུ་ཡོད་པའི་གླིང་ངོ་༔ དེ་ལ་དང་པོ་གླིང་དེར་སྐྱེ་བའི་སྡུག་བསྔལ་ནི༔ དགའ་བོ་མངལ་འཇུག་གི་མདོ་ལས༔ ཇི་ལྟར་མངལ་གྱི་གྲོང་ཁྱེར་དམྱལ་བའི་དོང་༔ དྲི་ང་བག་ཚ་ཚ་གྲང་སྡུག་བསྔལ་ཅན༔ ཅེས་པས༔ སྐྱེས་བུ་གང་ཞིག་འཆི་བའི་དུས་བཏབ་ནས་ཚེ་ཡོངས་སུ་ཕ་རོལ་དུ་འདའ་བའི་དུས་ཤར་བའི་ཚེ༔ འཆི་ཀའི་བར་དོ་དང་༔ ཆོས་ཉིད་བར་དོ་དང་སྲིད་པ་བར་དོ་ཤར་བའི་ཚེ༔ ཞག་བཞི་བཅུ་ཞེ་དགུར་སེམས་བྱ་སྒྲོ་རླུང་གིས་སྐྱོད་པ་ལྟར་ཡད་ཡུད་ཕྱད་ཕྱོད༔ ལུས་ཀྱང་དབང་པོ་ཀུན་ཚང་ཞིང་འབྱུང་བ་བཞི་ལ་ཟང་ཐལ་དུ་སྤྱོད་ནུས་པ་ལ༔ སྡུག་བསྔལ་གྱི་ཚོགས་ཀྱང་རྣམ་པ་མང་པོས་ཡོངས་སུ་མནར་ཞིང་༔ ཁྱད་པར་ཞག་བདུན་བདུན་ན་འཆི་བ་རེ་དང་༔ སྐད་ཅིག་དེ་ཉིད་ལ་སྐྱེ་བའི་སྡུག་བསྔལ་རེ་མྱོང་དགོས་པའི་དུས་དེར་ཕོ་མོ་སྦྱོར་བ་བྱེད་པའི་མངལ་སྒོར་ཤ་རུལ་ལ་སྦྲང་བུ་འཁོར་བ་ལྟར༔ རྣམ་ཤེས་ཡད་ཡུད་ཕྱད་ཕྱོད་དུ་འཁོར་བའི་ཚེ༔ སྔ་མའི་ལས་ཀྱི་འཕེན་པ་བཟང་ངན་གྱིས་འགྲོ་བ་དྲུག་གི་མངལ་སྒོ་དྲུག་སོ་སོར་མཐོང་སྟེ༔ ལྷ་རུ་སྐྱེ་ན་གཞལ་མེད་ཁང་༔ ལྷ་མ་ཡིན་ལ་སྐྱེ་ན་གོ་ཁྲབ༔ མི་ལ་སྐྱེ་ན་ཁང་ཁྱིམ༔ དུད་འགྲོར་སྐྱེ་ན་དུད་འགྲོའི་ར་བ་དང་ནགས་ཚལ༔ ཡི་དྭགས་ལ་སྐྱེ་ན་ཆར་རླུང་དྲག་པོ་དང་གད་སྐྱིབས་དམར་ཧྲལ་ཧྲོལ༔ དམྱལ་བ་ལ་མེ་ཆུའི་ནང་ལྟ་བུའམ་འོད་ནག་པོ་སོགས་སུ་མཐོང་ཞིང་༔ དེ་རྣམས་ལ་ཆགས་པའི་སྣང་བ་ཤར་བའི་ཚེ༔ རིགས་དྲུག་སོ་སོར་གང་ལ་ཞེན་ཅིང་ཆགས་པ་དེར་སྐྱེ་བར་འགྱུར་སྟེ༔ མངལ་འཇུག་གི་མདོ་ལས༔ གང་ལ་ལ་དག་ལས་ཀྱི་འཕེན་པ་ཟད་ནས་ཡོངས་སུ་ཤི་བའི་སྡུག་བསྔལ་ལ་སྤྱོད་དགོས་པའི་ཚེ༔ མངལ་གྱི་སྣང་བ་རྣམས་ཀྱང་འཆར་ཞིང་འགྲོ་བ་དྲུག་གི་གཟུགས་སྣང་སོ་སོར་ལེན་པར་བྱེད་དོ༔ དེ་ནི་དེར་ཡོངས་སུ་གང་ཆགས་པ་དེ་ཡང་སྡུག་བསྔལ་གྱི་གནས་ཆེན་པོའོ༔ ཞེས་སོ༔ དེ་ནས་ཕ་མའི་རྒྱུ་རྐྱེན་གཉིས་དང་རང་གི་ལུས་ལེན་བྱེད་ཀྱི་ལས་ཀྱི་རླུང་བཞི་ལྷན་ཅིག་ཏུ་འདྲེས་པའི་དུས་སུ༔ རང་གི་ཤེས་པ་ལ་དུམ་བུ་དང་ཚལ་པ་མང་པོར་སོང་ངོ་སྙམ་པའི་སྡུག་བསྔལ་ཆེན་པོ་མྱོང་དགོས༔ དེ་ནས་ཞག་བདུན་གྱི་སྟེང་ནས་ལུས་ཀྱི་རྒྱ་ཆགས་པས་ཤེས་པ་འདུ་སྟེ༔ བྱ་སྒྲོ་མེ་ལ་བཤུར་བ་ལྟ་བུའི་སྡུག་བསྔལ་ལ་སྤྱོད་དགོས་སོ༔ དེ་ནས་ཞག་བདུན་པའི་དུས་ན་ནུར་ནུར་པོ་ཞིག་ཏུ་འགྲོ་སྟེ༔ ཞག་དང་པོར་འབྱུང་བ་ཆུས་སྡུད་པར་བྱེད་པས༔ ཁ་ཆར་དང་བུ་ཡུག་འཚུབ་པའི་དཀྱིལ་དུ་ལུས་གཅེར་བུར་འདུག་པ་སྙམ་བྱེད་པའི་སྡུག་བསྔལ་དང་ལྡན༔ ཞག་གཉིས་པར་རླུང་གིས་སོ་སོར་ཕྱེ་བས༔ ཤེས་པ་འཕྱོ་ཞིང་གཡང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་དང་ལྡན༔ ཞག་གསུམ་པའི་སྟེང་དུ་སས་བརྟན་པར་བྱེད་པས༔ ཤེས་པ་འཐིབ་ཅིང་ས་འཚུབ་ཆེན་པོའི་དཀྱིལ་དུ་གཏུམས་པ་སྙམ་བྱེད་པའི་སྡུག་བསྔལ་དང་ལྡན༔ ཞག་བཞི་པའི་སྟེང་དུ་མེས་སྨིན་པར་བྱེད་པས༔ ཤེས་པ་རབ་ཏུ་ཚ་བའི་ཟེར་དང་ལྡན་ཏེ༔ མགར་བའི་སྐོལ་ཕོར་ནང་དུ་བཞུས་པ་ཙམ་གྱི་སྡུག་བསྔལ་དང་ལྡན༔ ཞག་ལྔ་པའི་སྟེང་དུ་རླུང་དང་མེས་བསྲེགས་པའི་ཚེ༔ རླུང་གིས་ཁྱེར་བ་སྙམ་དང་མེས་ཚིག་པ་སྙམ་བྱེད་པའི་སྡུག་བསྔལ་ལ་སྤྱོད་དོ༔ ཞག་དྲུག་པའི་སྟེང་དུ་ཆུ་དང་ས་གཅིག་ཏུ་བསྡུས་པའི་དུས་ན༔ སས་མནན་པ་ལྟ་བུ་དང་ཆུས་ཁྱེར་བ་ལྟ་བུའི་སྡུག་བསྔལ་གཉིས་ལྡན་དུ་ཡོད་དོ༔ ཞག་བདུན་པའི་སྟེང་དུ་འབྱུང་བ་བཞི་འདུས་ནུར་ནུར་པོར་གྱུར་པའི་ཚེ༔ རླུང་ཆེན་པོས་བསྐྱོད་པ་ལྟ་བུ་དང་༔ སས་འཚུབས་པ་ལྟ་བུ་དང་༔ སོལ་མེས་བསྲེགས་པ་ལྟ་བུ་དང་༔ ཆབ་ཕྲོམ་གྱི་དཀྱིལ་དུ་ཆུད་པ་ལྟ་བུའི་སྡུག་བསྔལ་བཞི་ལྡན་དུ་སྤྱོད་དགོས་སོ༔ ནུར་ནུར་པོ་དེ་ལས་ལྟེ་བའི་རྩ་ཤིན་ཏུ་ཕྲ་བའི་འཁོར་ལོ་ཆགས་ཤིང་༔ རྩ་མདུད་གྲུ་གསུམ་དུ་ཆགས་པའི་དབུས་སུ་ཉུང་འབྲུ་ཆ་མང་པོར་བགོས་པ་ཙམ་གྱི་མིག་གཉིས་ཆགས་པར་བྱེད་དོ༔ དེ་བཞིན་འབྱུང་བ་བཞིའི་དྭངས་སྙིགས་ཀྱི་དབྱེ་སྡུད་རྣམས་སྔ་མ་ལྟར་ནམ་སྤྱོད་པའི་ཚེ༔ སྡུག་བསྔལ་གྱི་ཚོགས་གོང་དུ་སྨོས་པ་ལྟར་འབྱུང་ཞིང་༔ ལྟར་ལྟར་པོ་དང་༔ མཁྲང་གྱུར་ལ་སོགས་པའི་མཇུག་ཏུ་ཟླ་བ་གཉིས་དང་ཞག་པོ་དྲུག་ན་ཁྱབ་འཇུག་རུས་སྦལ་གྱི་རྣམ་པར་འགྱུར་ཏེ༔ སོ་སོའི་མ་ཉིད་ཀྱི་མཐོ་གང་བའི་ཚུལ་རྫོགས་པའི་ཚེ༔ མས་ཁ་ཟས་གང་ཟོས་པའི་དྭངས་མས་གཟུགས་ཡོངས་སུ་སྐྱེད་པར་བྱེད་དོ༔ སྡུག་བསྔལ་ཆེར་གྱུར་རྣམས་ཅུང་ཉམས་ཤིང་༔ ཕྲན་ཚེགས་ནི་སྣ་ཚོགས་སུ་སྣང་ངོ་༔ དེ་ནས་ཟླ་བ་གསུམ་པའི་སྟེང་དུ་ཤེས་པ་རབ་ཏུ་གཡོ་བའི་རྩལ་འབྱུང་བས༔ མའི་མངལ་དུ་ཡང་འགུལ་ཞིང་འཕྲིག་པའི་ལས་བྱེད་དོ༔ ཁ་ཟས་གྲང་མོ་ལ་མས་རོལ་ན་གྲང་དམྱལ་ལྟ་བུའི་སྡུག་བསྔལ་ལ་སྤྱོད༔ ཚ་བ་ལ་རོལ་ན་ཚ་དམྱལ་ལྟ་བུའི་སྡུག་བསྔལ་ལ་སྤྱོད༔ ལྟོ་འགྲངས་ན་རི་བྲག་གི་བར་དུ་བཙིར་སྙམ་བྱེད༔ ལྟོ་ལྟོགས་ན་ནམ་མཁའ་དང་བར་སྣང་ལ་དབྱུག་པ་སྙམ་བྱེད༔ འཆོང་བ་དང་རྒྱུག་པའི་ལས་བྱས་ན་གཡང་ལ་ལྷུང་བ་དང་སྦབ་ཏུ་འདྲིལ་བ་སྙམ་བྱེད་པའི་སྡུག་བསྔལ་ལ་སྤྱོད༔ དེ་ནས་འབྱུང་བའི་རང་རྩལ་དེར་མཐུན་དུ་རྒྱས་པས༔ ཟླ་བ་དགུ་ལ་ལུས་ཀྱི་ལང་ཚོ་རྒྱས་ཤིང་༔ ངོ་བཅུའི་སྟེང་ནས་ལས་ཀྱི་རླུང་གིས་མགོ་མཇུག་བཟློག་སྟེ༔ མའི་མངལ་སྒོ་འགྲིམས་པའི་དུས་སུ་གནམ་ས་མགོ་ཞབས་ལོག་པ་ལྟ་བུའི་སྡུག་བསྔལ་དང་༔ ལྕགས་ཀྱི་འཇུར་མིག་རབ་ཏུ་དམ་པོ་ནས་དྲངས་པ་ཙམ་གྱི་སྡུག་བསྔལ་མྱོང་ངོ་༔ མངལ་ནས་འཐོན་ཏེ་སར་ལྷུང་བའི་དུས་སུ་ཚེར་མའི་དོང་དུ་ལྷུང་བ་ཙམ་གྱི་སྡུག་བསྔལ་དང་༔ ས་ནས་ལག་ཏུ་བླངས་པའི་དུས་སུ་བྱིའུ་ཁྲས་ཁྱེར་བ་ཙམ་གྱི་སྡུག་བསྔལ་མྱོང་བ་དང་༔ ལྟེ་ཐག་བཅད་པའི་དུས་སུ་སྲོག་གི་རྩ་བྲེགས་པ་ཙམ་གྱི་སྡུག་བསྔལ་དང་༔ གོས་ཀྱིས་གཡོགས་པའི་ཚེ་ལུས་ཀྱི་ཤུན་ལྤགས་བཤུས་པ་ཙམ་གྱི་སྡུག་བསྔལ་དང་༔ ནུ་ཞོ་ཁར་བླུད་པའི་དུས་སུ་ཁྲོ་ཆུ་འཐུང་བ་ཙམ་གྱི་སྡུག་བསྔལ་རྣམས་འབྱུང་བ་སྟེ༔ དགའ་བོ་མངལ་འཇུག་གི་མདོ་ལས༔ ཇི་ལྟར་མངལ་ན་གནས་པའི་བདེ་སྡུག་རྣམས༔ བཟོད་པར་དཀའ་བ་སྡུག་བསྔལ་རྒྱ་མཚོ་སྟེ༔ ལས་དྲུག་འཁྲུལ་བའི་ཉོན་མོངས་རྒྱུ་ལས་བྱུང་༔ ཅེས་སོ༔ ད་ནི་རྒས་པའི་སྡུག་བསྔལ་བྱུང་ཚུལ་ནིི༔ དང་པོ་མ་ལས་སྐྱེས་པ་ནས་ལོ་ལྔ འམ་བཅུ་མན་ཆད་ལ་རང་གི་རྩལ་མ་རྫོགས་པས༔ ལུས་ཀྱི་དྲི་ཆུ་དཀར་ནག་འདོར་བ་ཙམ་གྱི་ལས་མི་ཡོང་བས་ན༔ སྡུག་བསྔལ་གྱི་ཚོགས་ནི་སྣ་ཚོགས་པའོ༔ ལོ་བཅུ་ཡན་ཆད་ལ་ཤེས་པ་ཡང་ཇེ་གསལ་ཇེ་གསལ་ལ་འགྲོ་བ་ནི༔ འབྱུང་བ་བཞིའི་རྒྱ་ལ་འཐུམས་པ་དེ་རྣམས་སྲབ་ཏུ་སོང་པའི་རྟགས་ཡིན་ཞིང་༔ ཉི་ཤུ་ནས་སུམ་ཅུའི་བར་ལ་འབྱུང་བའི་རྩལ་རང་སོར་རྒྱས་པས་ལུས་ཀྱི་སྟོབས་དང་རྩལ་ཤུགས་རྣམས་ཀྱང་དེར་མཐུན་དུ་རབ་ཏུ་དར་བར་འགྱུར་བའི་ཚེའོ༔ བཞི་བཅུ་ལོན་པའི་དུས་སུ་འབྱུང་བ་ཆུའི་སྡུད་པ་ཡལ་བའི་རྟགས་སུ་བཏུང་བ་དང་སྐོམ་ལ་གདུང་བ་ཞིག་འོང་༔ ལྔ་བཅུའི་ལོ་ལ་འབྱུང་བ་སའི་བསྐྱེད་ཆད་པས་ལུས་སྟོབས་ངན་ཞིང་ལྡང་འདུག་ལ་ལྕི་བ་ཞིག་འོང་༔ དྲུག་ཅུའི་ནང་དུ་འབྱུང་བ་རླུང་གི་དབྱེ་འབྱེད་གུད་པས་ཤིན་ཏུ་འགྲོ་འདུག་ལ་འཚེར་བར་འབྱུང་༔ མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་ཆ་ཆེ་བ་རྣམས་རྒུད་དོ༔ བདུན་ཅུའི་ནང་དུ་འབྱུང་བ་མེའི་དྲོད་ཡལ་བའི་རྟགས་སུ་སོ་དང་སེན་མོ་ལ་སོགས་ཀྱི་བཀྲག་འཆོར༔ ལུས་ཀྱི་ཤ་འཆོར་ཞིང་བཀྲག་མདངས་ཐམས་ཅད་རྒུད་དོ༔ བརྒྱད་ཅུའི་ནང་དུ་ཆུའི་རླན་དང་སའི་བརྟན་གཉིས་ཉམས་པའི་རྟགས་སུ་ཁ་ཆུ་དང་མིག་ཆུ་མང་པོ་ཕྱི་རོལ་དུ་འཛག་ཅིང་༔ ཟས་ཀྱི་རོ་ལ་སྲེད་འཛིན་ཤིན་ཏུ་གདུང་བ་ཞིག་འོང་༔ དགུ་བཅུའི་ནང་དུ་མེ་རླུང་གི་སྲེད་འཛིན་ཉམས་པའི་རྟགས་སུ་ལངས་དུས་འགྱེལ་བ་དང་༔ ཤེས་པ་མི་གསལ་བ་དང་༔ ཁ་ནས་ཀྱང་འཆལ་ཚིག་སྨྲ་བ་དག་འབྱུང་ངོ་༔ དེ་ལྟར་ལོ་ཟླ་ཞག་དུས་ཀྱི་དམག་གིས་མི་འདང་མི་ཕྱིད་པའི་ངང་ལ་མ་ཚོར་བཞིན་དུ་མི་ལུས་ཐོབ་པ་སྟོང་ཟད་དུ་འགྱུར་ཞིང་༔ རྒས་ཤིང་འཁོགས་པའི་ཚེ༔ ལུས་ཤིན་ཏུ་དར་ལ་ལང་ཚོ་དང་ལྡན་པ་དེ༔ ཡི་དྭགས་ལྟར་ཚིགས་བཞི་རྣམས་ལྷངས་ལ་བུད་ཅིང་༔ བཤོངས་བཞི་གཉེར་མས་གང་༔ སྐྲ་ནག་པོ་བུང་བ་ལྟར་གནག་པ་དེ་ཡང་༔ ཁ་དོག་དཀར་བའི་བལ་གདན་ལྟར་འཕྱིངས༔ ཚེམས་ཀྱི་ཕྲེང་བ་ཆུ་ཤེལ་ལྟར་དཀར་བ་དེ་ཡང་༔ ལོ་བརྒྱ་སོང་བའི་རུས་རྙིང་བཙས་ཁྱེར་བ་ལྟར་སོང་༔ མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟར་གསལ་བ་དེ་ཡང་༔ ཆུ་དཀར་ཉོག་པོ་ལྟར་སོང་༔ རྣ་བའི་སྒྲ་རི་དྭགས་ལྟར་གསང་བ་དེ་ཡང་༔ དམུས་ལོང་ལྟར་འོན་འཐིབས་ཅིག་ཏུ་གྱུར༔ ལུས་ཀྱི་སྤྱོད་ལམ་མཛེས་དགུར་ལྡན་པ་དེ་ཡང་༔ སྨྱོན་པ་ཐལ་དོང་དུ་འཕངས་པ་ལྟར་གྱུར༔ ཡར་ལང་ན་ཕྱིར་འགྱེལ་ཞིང་ཁ་སྣ་མིག་གསུམ་ནས་ཆུའི་རྒྱུན་རེ་འཕྲུག༔ གཏམ་ལབ་ན་ཀུན་གྱི་ཁྲེལ་གད་བསླང་ཞིང་༔ རང་ལུས་ཀྱང་ཚགས་སུ་མི་ཚུད་ཅིང་རང་གིས་ཀྱང་འཆི་བ་ལ་སྨོན་ཞིང་༔ གཞན་གྱིས་ཀྱང་འདི་ལ་འཆི་བའི་དུས་མེད་པ་ཟེར་ཏེ་ཀུན་གྱིས་སྡང་༔ ཁའི་བཟའ་བཏུང་དང་ལུས་ཀྱི་རྒྱབ་གོས་ཙམ་ཡང་ཁ་ལོར་མི་འདུ་བའི་སྡུག་བསྔལ་ཆེན་པོས་ཡོངས་སུ་མནར་བར་བྱེད་དེ༔ མདོ་སྡེ་རྒྱ་ཆེ་རོལ་པ་ལས༔ ཀྱེ་རིགས་ཀྱི་བུ་རྣམས༔ ལོ་ཟླ་ཞག་དུས་ཀྱི་དམག་གིས་མ་ཚོར་བཞིན་དུ་མནར་ཏེ༔ རྒས་པའི་སྡུག་བསྔལ་ནི་མྱོང་བར་འགྱུར་རོ༔ ཅེས་པ་དང་༔ སྐུ་གདུང་འབར་བ་ལས༔ ལས་ལས་སྐྱེས་ནས་ལས་ཀྱི་དབང་གིས་འཁྲུལ༔ ལང་ཚོ་དར་མ་རྒས་པའི་སྡུག་བསྔལ་མང་༔ ཅེས་སོ༔ དེ་ནས་ན་བའི་སྡུག་བསྔལ་ནི༔ ཆུའི་ཟུག་པ་གནས་སུ་གྱུར་པས་བད་ཀན་གྱི་ནད་དུ་གྱུར་པ་དང་༔ མེའི་ཟུག་པ་གནས་སུ་གྱུར་པ་མཁྲིས་པའི་ནད་དུ་སྨིན་པ་དང་༔ རླུང་གི་ཁམས་ལོག་པས་རླུང་གི་ནད་དུ་གྱུར་པ་དང་༔ སའི་ཁམས་ལོག་པས་འདུས་པའི་ནད་དུ་གྱུར་པ་དང་བཅས་པའི་ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞི་གང་དང་གང་དུ་གྱུར་པ་ཞིག་གིས་མནར་བའི་ཚེ༔ དེ་ཡང་གར་འོངས་ཆ་མེད་པ་ཞིག་ནས༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་བགེགས་ཅིག་དང་བསྡོང་སྟེ༔ ཟུང་འཇུག་གིས་སྐྱེས་བུའི་ལུས་ལ་བཏབ་པའི་ཚེ༔ མི་བཟོད་པའི་གཟེར་དྲག་པོས་ནི་མཁུན༔ མི་འདོད་པའི་སྡུག་བསྔལ་དུ་མས་ནི་གཟིར༔ ཡ་ང་བའི་ཚོར་བ་ཆེན་པོས་ནི་གདུང་༔ ཉིན་ཆོད་ཀྱང་མཚན་མི་ཆོད་པར་ཨ་ན་དང་ཨ་ཚའི་སྐད་ངན་ནི་སྒྲོག༔ སྐད་ཅིག་རེ་རེ་ལའང་ལོ་ཟླ་མང་པོའི་སྣང་བ་ལྟར་འགྲོ་མི་ཐུབ༔ ཟས་ཞིམ་དགུ་མངར་བཅུ་གང་ཟོས་ཀྱང་དང་ཁས་ནི་མི་ལེན་ཞིང་༔ སྐྱུག་ལོག་པའི་སྣང་བ་མང་པོ་འཆར་ཞིང་དབང་པོའི་སྒོ་ཐམས་ཅད་ཉམས༔ ཡིད་ཀྱི་གདུང་བ་ནི་རགས༔ ནད་ཀྱི་ཟུག་པ་ནི་ཆེ༔ རྐང་ལག་སྐྱོང་སྐུམ་དང་སྟེང་འོག་འགྱུར་བ་ཙམ་ཡང་མི་ཐུབ་ཅིང་༔ ན་བ་དང་ཚ་བ་དང་སྦྲིད་པ་དང་འཐོམ་པ་དང་འཁོར་བ་སྙམ་བྱེད་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱིས་གདུང་བར་འགྱུར་ཞིང་༔ སྡུག་བསྔལ་གྱི་ཚོགས་དཔག་ཏུ་མེད་པ་མྱོང་དགོས་སོ༔ དེ་ནས་འཆི་བའི་སྡུག་བསྔལ་ཡང་༔ སྙིང་རྗེ་མེད་པའི་གཤིན་རྗེའི་ཞགས་པ་དེས་ཟིན་ནས༔ དབུགས་ངར་ངར་བོའི་ནད་ཀྱི་འཚེ་བ་དྲག་པོ་དེས་བཏབ་པའི་ཚེ༔ གདན་ཇི་ལྟར་འབོལ་ཡང་གྲམ་ཁྲོད་དུ་ཉལ་བ་ལྟ་བུ་ལ༔ གོས་ཇི་ལྟར་བཟང་ཡང་ཚེར་དོང་དུ་སྐྱུར་པ་ལྟ་བུར་ལྡན་ཚེ༔ སྨན་དཔྱད་མཁན་དང་སྔས་སྲུང་བ་རྣམས་ཀྱིས་ཀྱང་ཕན་པའི་ཐབས་ནི་ཟད༔ ཉེ་དུ་དང་གཉེན་བཤེས་མང་པོ་རྣམས་ཀྱིས་མཐའ་བསྐོར་བཞིན་དུ༔ གཏམ་ལབ་པའི་ཐ་མ་ཁ་ཆེམས་སུ་སྨྲ༔ ཟས་བཟའ་བའི་ཐ་མ་དུར་བརྒྱགས་ལ་སྤྱོད༔ སེམས་བསམ་པའི་ཐ་མ་འཆི་བའི་ཚོར་བ་ཉ་བྱེ་ཚན་ལ་བཏོན་པ་ལྟ་བུའི་ངང་ནས༔ ས་ས་ལ་ཐིམ་པས་ལུས་ལྕི་ཞིང་འཐིབ༔ ཆུ་ཆུ་ལ་ཐིམ་པས་ཁ་ཆུ་དང་སྣ་ཆུ་ལུད་ཅིང་སྐམ༔ དྲོད་མེ་ལ་ཐིམ་པས་ལུས་ཀྱི་མཐའ་ནས་དྲོད་རྣམས་རིམ་གྱིས་ཡལ༔ དབུགས་རླུང་ལ་ཐིམ་པས་དབུགས་ངར་ངར་དུ་རྩེག་ཅིང་ནང་རླུང་ཕྱིར་འཕུལ༔ ཕྱི་དབུགས་ནང་དུ་འཐེན་མི་ཐུབ༔ མི་འདོད་བཞིན་དུ་གཤིན་ཡུལ་དུ་སྙོག་ནས་འགྲོ་དགོས་པ་སྟེ༔ མདོ་ལས༔ འཇིག་རྟེན་འདི་ནི་འདོར༔ འཇིག་རྟེན་ཕ་རོལ་དུ་ནི་འགྲོ༔ སྐྱས་ཆེན་པོ་ནི་འདེགས༔ མུན་པ་ཆེན་པོར་ནི་འཇུག༔ ཕ་མ་ཕུ་ནུ་བུ་བུ་མོས་ནི་བསྐོར༔ དབུགས་ནི་འཆད༔ ནོར་རྣམས་ནི་བགོ་བཤའ་བྱེད་དེ༔ ཀྱི་ཧུད་ཕ༔ ཀྱི་ཧུད་མ༔ ཀྱི་ཧུད་བུ་ཞེས་ནི་ཟེར༔ སྐྲ་ནི་བཤིག༔ ཆོས་མ་གཏོགས་སྐྱབས་དང་གནས་དང་དཔུང་གཉེན་གཞན་མེད་དོ༔ དེའི་དུས་ན་ཆོས་ནི་གླིང་དང་མགོན་དང་སྟོན་པར་འགྱུར་རོ༔ ཅེས་སོ༔ དེ་ལྟར་རིགས་དྲུག་གི་ཁམས་གང་ནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་འཁོར་བའི་བཙོན་དོང་ཁོ་ན་སྟེ༔ ལས་བརྒྱ་པའི་མདོ་ལས༔ འཁོར་བ་དག་ན་བདེ་བ་མེད༔ མི་གཙང་ཁང་པར་དྲི་ཞིམ་མེད༔ འཁོར་བ་ཁབ་ཀྱི་རྩེ་ཙམ་ལ༔ བདེ་བ་ནམ་ཡང་ཡོད་མ་ཡིན༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འཁོར་བ་རིགས་དྲུག་གི་གྲོང་ཁྱེར་འདི་རྣམས་སུ༔ འཕགས་པའི་ཐུགས་རྗེས་འགྲོ་བའི་སྐྱབས་མགོན་དུ་སྤྲུལ་པ་ཇི་ལྟར་བཀྱེས་ཚུལ་ནི༔ ཆོས་སྐུ་ཡང་དག་པ་བདེ་བ་ཆེན་པོ་འགྱུར་བ་མེད་པའི་ངང་ལས༔ འཕགས་པ་ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་རིགས་ལྔའི་རྣམ་པར་ཞལ་ཕྱག་གི་གཟུགས་བརྙན་དུ་བསྟན་ཞིང་༔ སྤྲུལ་པའི་སྐུ་ནི་རིགས་དྲུག་གཟུགས་དང་མཐུན་པར༔ གང་ལ་གང་འདུལ་གྱི་ཐུབ་པ་དྲུག་ཏུ་སྤྲུལ་ནས༔ སྐུ་གསུམ་གྱི་སྟོན་པ་དེ་དག་རྣམས་ཀྱི༔ སྐུ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པའི་ཆོས་རྒྱ་ཆེ་ལ་གྲངས་མང་བར་ཡོངས་སུ་གསུངས་ཤིང་༔ སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་གྲངས་མེད་བསམ་འདས་བརྗོད་ཀྱིས་མི་ལང་བའི་ཚོགས་རྣམས་ཀྱིས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་༔ འགྲོ་བའི་དོན་མཐར་ཕྱིན་པར་མཛད་པ་སྟེ༔ རྒྱུད་ལས༔ འགྲོ་བའི་ཁམས་ནི་སྣ་ཚོགས་པར༔ འཕགས་པའི་སྤྲུལ་པ་དེར་མཐུན་སྤྲུལ༔ འགྲོ་དྲུག་མུན་པ་ཐབས་ཀྱིས་བསལ༔ ཅེས་སོ༔ དེ་ནི་རིགས་དྲུག་སོ་སོའི་གནས་སུ་གང་ལ་གང་འདུལ་གྱི་སྐུ་རུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ནང་ནས་ཀྱང་༔ ཆོས་བཞིན་སྤྱོད་པའི་སྐལ་བ་དང་ལྡན་པ་མིའི་འཇིག་རྟེན་ཀུན་ཏུ་འགྲོ་དོན་རྒྱ་ཆེ་བས༔ སྤྲུལ་པ་མང་དུ་འབྱུང་བར་འགྱུར་ཞིང་༔ ཁྱད་པར་དུའང་མི་མཇེད་པ་ཐུགས་ཀྱི་ཞིང་ཆེན་པོ་འདིར༔ གསང་བ་སྔགས་ཀྱི་ཐེག་པ་ཉི་མ་ཤར་བ་ལྟར་འབྲས་བུའི་ཆོས་དར་ཞིང་འགྲོ་དོན་མཛད་ཚུལ་ནི༔ མདོ་རྒྱུད་རྣམས་ལས་གསལ་བ་ལྟར་ཡིན་ཞིང་༔ ཡང་སྒོས་སུ་ཁྱེད་བོད་ཡུལ་གྱི་སྐྱེ་འགྲོ་ཕོ་མོ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོ་ཁོ་ནའི་སྤྲུལ་པས་འགྲོ་བ་འདྲེན་པའི་ཡུལ་ཏེ༔ ཅིའི་ཕྱིར་ཞེ་ན༔ སྔོན་ཐུབ་པ་ཆེན་པོས་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་ཞིང་འགྲོ་བའི་དོན་མཐར་ཕྱིན་པར་མཛད་ཀྱང་༔ བྱང་ཕྱོགས་བོད་ཀྱི་སྐྱེ་འགྲོ་རྣམས་ལ་ཆོས་ཀྱི་སྣོད་དུ་མ་གྱུར་བར་མཁྱེན་ཏེ༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་བཀས་གནང་ཞིང་ལུང་དུ་བསྟན་ཏེ༔ བྱང་ཕྱོགས་མཐའ་འཁོབ་གངས་ཀྱི་ར་བར་ཆུད་པའི་འགྲོ་བ་རྣམས་ཁྱེད་ཀྱིས་ཐུལ་ལ༔ དམ་པའི་ཆོས་ཀྱི་ཐེག་པ་འདི་ཡང་རབ་ཏུ་སྟོན་ཞིག༔ ཅེས་གསུངས་ཤིང་བཀས་གནང་བ་ལྟར༔ ཁྱེད་སྤྲེའུའི་ཚ་བོ་བོད་ཀྱི་སྐྱེ་འགྲོ་ཕལ་མོ་ཆེ་རྣམས༔ འཕགས་པས་ཆོས་ཀྱི་བསྟན་པ་དར་བའི་ཕྱིར་དུ་སྤྲེའུའི་སྣང་བ་བསྒྱུར་བའི་རིགས་ལས་ཁྱེད་རྣམས་ཀྱི་ལུས་འདི་ཆད་ཅིང་༔ འཕགས་པ་ཉིད་མངོན་སྣང་གིས་བོད་འབངས་སྐྱོབ་པའི་ཕྱིར་བྱོན་པ༔ སྤྲུལ་པའི་རྒྱལ་པོ་གཉའ་ཁྲི་བཙད་པོ་དང་༔ དེ་ནས་རིམ་གྱིས་བརྒྱུད་པའི་བར་མ་ཆོད་པར་བྱོན་པ་རྣམས་དང་༔ ཁྱད་པར་དུའང་ཐོ་ཐོ་རི་སྙན་ཤལ་དང་༔ མེས་ཆེན་པོ་སྲོང་བཙན་སྒམ་པོ་དང་༔ ད་ལྟར་གྱིའང་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་བཅས་པ་འདི་རྣམས་ཀྱང་༔ ཁྱེད་བོད་ཡུལ་གྱི་འགྲོ་བ་འདྲེན་པའི་ཕྱིར་དུ་རིགས་གསུམ་གྱི་མགོན་པོ་དང་༔ ཁྱད་པར་དུ་འཕགས་པ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཁོ་ན་ཡིན་ཏེ༔ འདི་རྣམས་ནི་སེམས་ཅན་རང་རྒྱུད་པ་མིན་ཞིང་༔ ཕལ་མོ་ཆེ་སྐྱེ་འཇུག་ལ་རང་དབང་ཐོབ་ཀྱང་༔ འགྲོ་བའི་གླིང་གཞན་དུ་མི་འབྱོན་པར་བོད་ཡུལ་ཁོ་ན་ལ་ཡང་ཡང་དུ་ཐུགས་རྗེས་སུ་ཆགས་པའི་ཚུལ་གྱིས་འགྲོ་བའི་དོན་ལ་འབྱོན་པ་སྟེ༔ ཞི་བ་དང་དྲག་པོ་དང་ཞི་མ་ཁྲོ་སྣ་ཚོགས་ཀྱིས་འགྲོ་བའི་དོན་དུས་གསུམ་རྒྱུན་ཆད་མེད་པར་མཛད་པ་ཡིན་ཏེ༔ སྤྲུལ་པ་འོད་གསལ་ལྷ་ལས་ཆད་པའི་རྒྱལ་པོའི་རིམ་པ་སྔ་མ་རྣམས་ཀྱང་༔ སྐྱེ་བ་སྣ་ཚོགས་པར་བཟུང་ཡང་མི་འགལ་ཞིང་༔ ཕལ་ཆེ་བ་རྣམས་ནི་གཅིག་ནས་གཉིས་སུ་འཕགས་པའི་སྤྲུལ་པས་བོད་འབངས་བློས་མི་གཏོང་ཞིང་ངོ་བོ་གཅིག་ལ་སྐྱེ་བ་སྣ་ཚོགས་སུ་བརྒྱུད་ནས་འགྲོ་བའི་དོན་མཛད་པ་ནི་གཙོ་ཆེ་བར་ཡོད་དོ༔ ད་སྟེའང་ད་ལྟར་གྱི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྷའི་ལྡེའུ་བཙན༔ ཆོས་བློན་ལོ་པཎ་དང་བཅས་པ་རྣམས་ཀྱང་༔ ད་ལྟར་ཡང་ལྷན་ཅིག་དང་ཐབས་ཅིག་ཏུ་ཚོགས་ནས་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་འདི་རྣམས་འགྲོ་དོན་དུ་བསྐོར་ཞིང་༔ བོད་ཁམས་དཀར་པོར་བཏང་བ་ཡང་འཕགས་པའི་སྤྲུལ་པ་ཡིན་ཞིང་༔ ཁོ་བོ་པདྨ་འབྱུང་གནས་ཀྱང་རི་བོ་ཏ་ལ་དབང་གི་རྩེ་མོར༔ འཕགས་པ་ཐུགས་རྗེ་ཆེན་པོ་དང་མངོན་སུམ་དུ་མཇལ་ཞིང་༔ བོད་ཕྲུག་སྤྲེའུའི་ཚ་བོ་རྣམས་ཡང་དག་པར་དུས་གསུམ་དུ་ཁྱོད་ཀྱིས་སྐྱོངས་ཤིག༔ དེ་ཅིའི་ཕྱིར་ཞེ་ན༔ ཆོས་ཀྱི་སྐུ་འོད་དཔག་ཏུ་མེད་པ་དང་༔ འཕགས་པ་བདག་དང་རྡོ་རྗེ་པདྨ་འབྱུང་གནས་གསུམ་ལ་དབྱེ་བ་མེད་པས༔ བོད་ཁམས་ཀྱི་འགྲོ་བ་འདུལ་བ་དང་༔ མཐའ་འཁོབ་ཀྱི་སེམས་ཅན་འདུལ་བའི་སྨོན་ལམ་ཡོད་དོ་གསུངས་ཤིང་ལུང་བསྟན་པ་ཡང་མང་དུ་ཡོད་པས༔ ད་ལྟར་གྱི་ཟབ་ཆོས་འདི་རྣམས་ཉན་བཤད་འཛིན་གསུམ་བྱེད་པར་བྱུང་བ་འདི་ཡང་འཕགས་པའི་ཐུགས་རྗེ་ཁོ་ན་ལས་བྱུང་བ་དང་༔ བོད་ཁམས་འདིར་ཀླ་ཀློའི་བསྟན་པ་དར་ཡང་༔ ནམ་ལངས་ཤིང་ཉི་མ་ཤར་བའི་སྟོབས་ཀྱིས་བ་མོ་ཇི་ལྟར་འཐུག་ཀྱང་༔ སྐད་ཅིག་དེ་ཉིད་གར་སོང་ཆ་མེད་དུ་གཏོང་བ་ལྟར༔ མུ་སྟེགས་པའི་བསྟན་པ་ནུབ་ཅིང་སངས་རྒྱས་ཀྱི་བསྟན་པ་དར་བ་དང་༔ ཆོས་འཁོར་ཆེན་པོ་དཔལ་གྱི་བསམ་ཡས་ཞེས་བྱ་བ༔ དབུས་འགྱུར་རྡོ་རྗེ་གདན་གཉིས་པ༔ བཞེངས་པ་མི་འདྲ་སྐྱེས་པ་འདྲ་བ༔ མིག་གིས་མཐོང་བས་ངན་སོང་གསུམ་གྱི་སྒོ་ཡང་དག་པར་ཁེགས་ཤིང་༔ ཚུལ་བཞིན་འདུན་པ་རྣམས་ནི་བྱང་ཆུབ་མྱུར་དུ་སྟེར་བར་བྱེད་པའི་གཙུག་ལག་ཁང་ཆེན་པོ་འདི་འབྱོངས་ཤིང་༔ དགའ་སྟོན་ལ་འཕགས་པའི་ཟབ་ཆོས་འདི་ལྟ་བུ་བདག་གིས་བཤད་ཅིང་༔ ཁྱེད་རྣམས་ཀྱིས་ཐོས་ནས་ཉམས་སུ་ལོང་དང་༔ འཕགས་པ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པར་གྲོལ་ཞིང་༔ མ་འོངས་ལྔ་བརྒྱ་རྩོད་ལྡན་ཡང་མཐའི་དུས་ནའང་༔ འཕགས་པ་ཐུགས་རྗེ་ཆེན་པོ་དང་བདག་ཅག་རྣམས་དབྱེར་མེད་གཅིག་ཏུ་འགྱུར་ཏེ༔ བསྟན་པ་དང་སེམས་ཅན་སྣ་ཚོགས་ཀྱི་དོན་བྱེད་པར་འགྱུར་རོ༔ དེ་ལྟ་བས་ན་འཕགས་པའི་སྤྲུལ་པ་ཡང་སྤྲུལ་འགྲོ་བ་སོ་སོའི་གནས་སུ་བྱོན་པ་ཐམས་ཅད་ཀྱི་ནང་ནས༔ སྨྲ་ཤེས་དོན་གོ་མིའི་འཇིག་རྟེན་དུ་རྐང་གཉིས་ཀྱི་དེད་དཔོན་ཆེན་པོར་བྱོན་པ་འདི་མཆོག་གི་སྤྲུལ་པ་ཡིན་ཏེ༔ བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ་ལ་སོགས་བསྐལ་བཟང་འདི་ལའང་༔ འཕགས་པ་ཐུགས་རྗེ་ཆེན་པོ་ནམ་མཁའ་འོད་བྱེད་ཀྱི་རྒྱལ་པོའི་སྤྲུལ་པ་ལས༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཚེ༔ ལྷ་དང་མི་དང་ལྷ་མ་ཡིན་དང་༔ དྲི་ཟ་དང་གྲུལ་བུམ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་༔ ནམ་མཁའ་ལྡིང་ལ་སོགས་པའི་འགྲོ་བ་མཐའ་དག་གི་དོན་བྱེད་པར་ནུས་ཤིང་༔ སོ་སོའི་སྐད་དུ་ཆོས་ཀྱི་འཁོར་ལོ་ཡང་དེར་མཐུན་དུ་བཤད་པར་ནུས་ཤིང་༔ རིགས་དྲུག་གཞན་གྱི་ཡུལ་དུ་སྤྲུལ་པ་བཀྱེ་བ་རྣམས་ཀྱིས་ནི༔ སོ་སོའི་ཡུལ་དེ་མ་གཏོགས་གཞན་ལ་ཆོས་སྟོན་པ་དང་སྤྲུལ་པ་འགྱེད་པ་སོགས་ནི་མི་ནུས་ཏེ༔ ཆོས་ཀྱི་ཁམས་ལ་སྤྱོད་པའི་དགེ་བའི་རྟེན་མི་ལུས་ཁྱད་པར་འཕགས་པས༔ སྤྲུལ་པ་དང་ཆོས་ཀྱི་ཐེག་པ་རྣམས་ཀྱང་ཁྱད་པར་དུ་འཕགས་པའོ༔ དེའི་ཕྱིར་ན་མི་ལུས་འདི་འཐོབ་པར་ཤིན་ཏུ་དཀའ་བ་ཡིན་ཏེ༔ ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས༔ མི་ཁོམ་པའི་གནས་རྣམས་ལས་ལོག་ཅིང་༔ དལ་འབྱོར་གྱིས་བརྒྱན་པའི་ལུས་འདི་ཤིན་ཏུ་ཐོབ་པར་དཀའ་འོ༔ ཞེས་དང་༔ མངོན་པ་ལས༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ཀླ་ཀློ་ཚེ་རིང་ལྷ་དང་ནི༔ ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ༔ ལྐུགས་པ་འདི་རྣམས་མི་ཁོམ་བརྒྱད༔ ཅེས་པས་དེ་ལྟར་སྡུག་བསྔལ་གྱི་གྲོང་བརྒྱད་དམ་མི་ཁོམ་པའི་གནས་བརྒྱད་ལས་ལོག་ཅིང་༔ ཆོས་ལ་འཇུག་པའི་སྐལ་བ་ཅན༔ འབྱོར་བ་བཅུས་ཕྱུག་པའི་ལུས་འདི་ཤིན་ཏུ་རྙེད་པར་དཀའ་ཞིང་༔ འབྱོར་བ་བཅུ་ཡང་༔ སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས༔ མིར་གྱུར་ཡུལ་དབུས་སྐྱེས་དང་དབང་པོ་ཚང་༔ ལས་མཐའ་བཟང་བས་བསྟན་ལ་དད་པ་དང་༔ སངས་རྒྱས་བྱོན་ཞིང་ཆོས་ཀྱི་བསྟན་པ་གནས༔ ཐེག་པར་ཞུགས་ཤིང་སྙིང་རྗེས་ཡོངས་སུ་ཟིན༔ ཅེས་དང་༔ པདྨ་དཀར་པོ་ལས༔ མིར་སྐྱེ་བ་ནི་རྙེད་པར་དཀའ༔ སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཡང་རྙེད་པར་དཀའ༔ དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ༔ དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ༔ ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ༔ ཞེས་སོགས་རྒྱ་ཆེ་ཡང་དག་པར་བསྔགས་པའི་ལུས་བརྟེན་འདི་ལྟ་བུ་ཐོབ་པའི་དུས་སུ་རྒྱུ་འབྲས་ལ་ཚུལ་བཞིན་བརྩོན་དགོས་པ་སྟེ༔ པདྨ་དཀར་པོ་ལས༔ འཇིག་རྟེན་དག་ནི་ལས་ལས་སྤྲུལ་པའོ༔ སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པས་ལས་ཀྱི་རྒྱུ་ལས་རབ་ཏུ་དབྱེ་བའོ༔ ཅེས་དང་༔ ལས་བརྒྱ་པ་ལས༔ མི་དགེ་བ་སྤྱད་པ་རྣམས་ནི་ངན་སོང་གསུམ་མྱོང་ཞིང་༔ མིར་སྐྱེས་ཀྱང་སྡུག་བསྔལ་བ་སྟེ༔ སྲོག་བཅད་པས་ནི་ཚེ་ཐུང་བར་འགྱུར་རོ༔ གཞན་ལ་འཚེ་བས་ནི་གནོད་པ་དང་བཅས་པའོ༔ བརྐུས་པས་ནི་ལོངས་སྤྱོད་དབུལ་བར་འགྱུར་བའོ༔ བྱི་བྱས་པས་ན་དགྲ་སྡང་བའོ༔ བརྫུན་དུ་སྨྲས་པས་ནི་སྐུར་བ་ཅན་ནོ༔ ཕྲ་མ་བཅུག་པས་ནི་གཉེན་བཤེས་དང་འབྲལ་ལོ༔ ཚིག་རྩུབ་མོར་སྨྲས་པས་ནི་མི་སྙན་པ་ཁོ་ན་ཐོས་སོ༔ གཞན་ལ་སྡང་བས་ཚིག་མི་བཙུན་པར་བྱེད་དོ༔ བརྣབ་སེམས་ཀྱིས་རེ་བ་ཐམས་ཅད་འཇོམས་སོ༔ གནོད་སེམས་ཀྱིས་འཇིགས་པ་མང་པོ་འབྱུང་ངོ་༔ ལོག་པར་ལྟ་བས་ནི་མནར་མེད་པའོ༔ ཞེས་དང་དེ་ཉིད་ལས༔ ལུས་ཅན་རྣམས་ཀྱི་ལས་རྣམས་ནི༔ བསྐལ་པ་བརྒྱར་ཡང་ཆུད་མི་ཟ༔ ཚོགས་ཤིང་དུས་ལ་བབས་པ་ན༔ འབྲས་བུ་ཉིད་དུ་སྨིན་པར་འགྱུར༔ ཅེས་སོགས་གསུངས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ཀྱི་ཆོས་ལ་ཡང་དག་པར་སྤྱོད་པར་བྱའོ༔ རྣམ་དཀར་དགེ་བའི་ལས་ནི་ནམ་ཡང་མི་འདོར་བར་བྱའོ༔ སྡིག་པ་དང་བཅས་པའི་ཚོགས་ནི་ཡང་དག་པར་སྤང་བར་བྱའི༔ འཆི་བ་མི་རྟག་པ་ཡང་བསྒོམ་ཞིང་ལས་འབྲས་བུ་དང་བཅས་པའི་ཆོས་ལ་ཆོས་ཉིད་ཀྱི་བདེན་པ་དང་༔ ཀུན་རྫོབ་ཀྱི་བདེན་པ་ཡོད་པར་བློ་གཏད་ཅིང་༔ ཡང་དག་པར་ཡིད་ཆེས་པར་བྱའོ༔ དེ་ལྟར་སྟོན་པའི་ལམ་མཆོག་ཐེག་པ་ཐམས་ཅད་ཀྱི་མངའ་བདག༔ བླ་མ་རྡོ་རྗེ་འཛིན་པ་དང་བཅས་པའི་ཚོགས་ལ་ཡང་ཡང་དག་པར་བཀུར་ཞིང་བསྟོད་དེ་དད་པར་བྱའོ༔ དེ་ལྟར་དུ་སྤྱོད་པའི་གང་ཟག་རྣམས་ནི་མཐར་འཕགས་པ་ཆེན་པོ་ཆོས་ཀྱི་སྐུ་དང་༔ ལོངས་སྤྱོད་རྫོགས་པའི་སྐུ་དང་༔ སྤྲུལ་པའི་སྐུ་ལ་སོགས་པར་མངོན་པར་བྱང་ཆུབ་ཅིང་འཚང་རྒྱ་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་བོད་འབངས་ཀྱི་སྐྱེ་འགྲོ་ཕལ་མོ་ཆེ་རྣམས་ལ་ཆོས་འཁོར་ཆེན་པོ་འབྱོངས་པའི་གྲོལ་སྟོན་ཆོས་ཀྱི་ཕ་འབབས་སུ༔ རྒྱུ་འབྲས་ཀྱི་རིམ་པ་གསལ་བར་བསྟན་པ་འདི་ཡང་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཤིང་། ལྕགས་སྤྲེལ་ལོ་ལ་ཤོག་སེར་ལས་ཕབ་པའོ།། ༈ འདི་བཞེངས་དགེ་བས་རྒྱུ་སྦྱོར་བརྩོན་བྱེད་དང་། ལྟོས་བཅས་ཀྱིས་མཚོན་དུས་གསུམ་མར་གྱུར་འགྲོའི། །སྒྲིབ་དག་ཚོགས་རྫོགས་ཟབ་ལམ་འདིར་བརྟེན་ནས། །འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ་འགྲུབ་ཤོག། སརྦ་མངྒ་ལཾ།། །།

སྒྲུབ་ཐབས་ཡིད་བཞིན་ནོར་བུ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགས༔ དམིགས་མེད་མཐའ་བྲལ་ཆོས་སྐུ་སྣང་མཐའ་ཡས༔ འགག་མེད་རང་གསལ་ལོངས་སྐུ་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྟོན་པ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ དེ་ཡང་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི་ལ་དོན་རྣམ་པ་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པའོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ༔ དེ་ལ་བྲི་བ་དང་སྒྲུབ་རྫས་འགོད་པའོ༔ དང་པོ་དེ་ལ་བྲི་བ་ནི༔ སྟེགས་བུ་ཤིན་ཏུ་འཇམ་པའི་སྟེང་དུ་བཅུ་དྲུག་ཐིག་ཏུ་གདབ་ཅིང་ལོ་མ་ལོ་ཆུང་ལན་གསུམ་གཏུབས་ཏེ༔ ལྟེ་བའི་ཆ་སྟེ་ཟླུམ་པོར་བྱ༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི༔ དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་དེ༔ དེ་ཡི་ཕྱི་རིམ་འདབ་མ་དྲུག༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་ལ་པདྨ་འདབ་མ་སྟོང་ལྡན་དུ་འབྲི༔ ཆ་བཞི་པ་ནི་མི་གདབ་ཁྱམས་སུ་བཞག་ཅིང་ལྷག་མ་རྣམས་ལ་སྒོ་རྫོགས་ལ་སོགས་སྤྱི་འགྲོས་ལྟར་བྲི་ཞིང་ལྷའི་སྐུ་མདོག་དང་མཚུངས་པའི་ཚོན་གྱིས་བསྒྱུར༔ སྒོ་གྲུ་ལ་སོགས་སྤྱི་ལྟར་མཛེས་ཚོན་བྱུག༔ གཉིས་པ་སྒྲུབ་རྫས་འགོད་པ་ནི༔ དབང་དང་བུམ་སྒྲུབ་རང་གཞུང་ལྟར་ལ༔ འདིར་སྒྲུབ་པ་ཆིག་རྐྱང་གི་སྒྲུབ་རྫས་ནི༔ དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར་ཉེར་ལྔའི་བུམ་རྫས་ལྡན་པའི་བུམ་པ་ཁ་རྒྱན་མགུལ་ཆིངས་གྱིས་སྤྲས་ཤིང་གཟུངས་ཐག་རྡོ་རྗེས་བརྒྱན་པ་བཤམས༔ བུམ་པའི་སྟེང་དུ་གཙོ་བོའི་འདྲ་འབག་གམ་རས་བྲིས་ལ་དར་དམར་པོའི་གུར་ཕུབ༔ གཡས་སུ་སྨན་གཡོན་དུ་རཀྟ་མདུན་དུ་གཏོར་མ་རྒྱབ་ཏུ་པོ་ཏི་བཤམས༔ དེའི་ཕྱི་རོལ་རྣམས་སུ་ཕྱི་ནང་གསང་གསུམ་གྱི་མཆོད་རྫས་ཚོགས་ཀྱི་འཁོར་ལོ་ལ་སོགས་རྒྱས་པར་དཀྲམ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་བསྒྲུབ་པའི་རིམ་པ་ལ་བཅུ་གཉིས་ཏེ༔ ཏིང་ངེ་འཛིན་གསུམ་དང་ཞིང་ཁམས་ཕོ་བྲང་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བསྙེན་སྒྲུབ་བོ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཨཱོཾ་མ་ཧཱ་ཤུ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཅེས་བརྗོད་པ་ཙམ་གྱིས་སྤྲོས་མེད་རྣམ་པར་དག་པ་ཆེན་པོའི་རང་བཞིན་ལས༔ ཆོས་སྐུ་དེ་བཞིན་ཉིད་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་བརྡལ་ཕྱོགས་ལྷུང་མེད་པར་བསམས༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཨཱོཾ་དྷརྨ་དྷརྟུ་སྭ་བྷཱ་ཝ་སརྦ་ཤུདྡྷེ་ཨཱ༔ ཅེས་བརྗོད་པ་ཙམ་གྱིས་གདོད་ནས་དག་པའི་བདེ་བ་ཆེན་པོ་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བ་དེ་རང་ངོ་རང་རིག་དྲི་མེད་དུ་མི་ཤེས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ༔ བྱམས་མགོན་ཐུགས་རྗེའི་བརྩེ་བ་ཆེན་པོའི་སྙིང་རྗེ་དྲག་པོས་ཀུན་ལ་ཁྱབ་པར་བསྒོམ༔ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཨཱོཾ་ཨཱ༔ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་བཛྲ་ཧྲཱི༔ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཐམས་ཅད་འཕགས་པའི་ཐུགས་དང་གཉིས་སུ་མེད་ཀྱང་རང་ངོ་རང་གིས་མ་ཤེས་པའི་འཁྲུལ་བ་འགྲོ་བ་དྲུག་གི་མུན་པ་བསལ་པའི་ཕྱིར༔ འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོའི་རང་མདངས་ལས༔ རྒྱལ་བ་ཀུན་འདུས་འཕགས་པ་མ་རིག་མུན་སེལ་གྱི་ཐུགས་སྲོག་ས་བོན་ཡི་གེ་ཧྲཱིཿཚེག་དྲག་དང་ལྡན་པ་ཞིག་རྒྱུའི་ངོ་བོ་ཁམས་གསུམ་སྒྲོལ་བའི་གཉེན་པོར་རང་ཤར་བར་བསྒོམ༔ བཞི་པ་ཞིང་ཁམས་བསྐྱེད་པ་ནི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་ཞེས་བརྗོད་པ་ཙམ་གྱིས་རྒྱུའི་ས་བོན་ཐུགས་སྲོག་ཡི་གེ་ཧྲཱིཿདེ་ལས་ཨེ་མཐིང་ནག་ཅིག་ཆད་པས་སྟོང་ཉིད་མཐའ་དབུས་བྲལ་བའི་ཀུན་ཁྱབ་ཀྱི་ནམ་མཁའ་ཆེན་པོ་ཞིག་ཏུ་བསམ༔ ཡཾ་ལྗང་གུ་ཞིག་ཆད་པས་རྡོ་རྗེ་རང་བྱུང་གི་རླུང་ཆེན་པོ་རྒྱ་གྲམ་བསྣོལ་བའི་ཚུལ་ཅན་ཞིག་ཏུ་གྱུར་པ་བསམ༔ རཾ་དམར་པོ་ཞིག་ཆད་པས་རཀྟའི་རྒྱ་མཚོ་མུ་མཐའ་མེད་པར་ཁྱབ་པ་ཞིག་ཏུ་བསམ༔ སུཾ་སེར་སྐྱ་ཞིག་ཆད་པས་དབང་ཆེན་གྱི་ས་གཞི་བཀོད་ལེགས་པ་ཞིག་དུ་བསམ༔ ཀེཾ་དམར་པོ་ཞིག་ཆད་པས་རི་རབ་ཆེན་པོ་གྲུ་གསུམ་པའི་ཚུལ་ཅན་བརྗིད་དང་ལྡན་པ་ཞིག་ཏུ་བསམ༔ རཾ་དམར་པོ་ཞིག་ཆད་པས་ཡེ་ཤེས་ཆེན་པོའི་མེ་རི་མེ་དཔུང་ཕྱོགས་བཅུར་འབར་བ་ཞིག་ཏུ་བསམ༔ ལྔ་པ་ཕོ་བྲང་བསྐྱེད་པ་ནི༔ བྷྲཱུྃ་བྷི་ཤ་བྷི་ཤུདྡྷེ་ཛྙ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ ཅེས་བརྗོད་པ་ཙམ་གྱིས་ས་བོན་ལས་བྷྲཱུྃ་སེར་པོ་འོད་ལྔ་ལྡན་པ་ཞིག་ཆད་པ་ལས་རིན་ཆེན་འབར་བའི་གཞལ་ཡས་ཀྱི་ཁང་ཆེན་པོ་རྒྱུ་རིན་པོ་ཆེ་ལྔ་ལས་བརྩིགས་པ༔ གྲུ་བཞི་སྒོ་བཞི་མཛེས་ཤིང་ལྟ་ན་སྡུག་པ༔ འོད་དང་འོད་ཟེར་གྱི་ཚོགས་མང་པོ་དྲྭ་བ་ར་བ་འབྲེལ་ཞིང་འདོད་སྣམ་ལ་མཆོད་པའི་ལྷ་མོ་མང་པོས་གར་བྱེད་པ༔ ཕྱི་ནང་ཀུན་ཏུ་གསལ་ཞིང་ཡོངས་སུ་གསལ་བ༔ ཡེ་ཤེས་ཀྱི་རླུང་གི་ཁོར་ཡུག་ཅན་ཟླ་ཕྱེད་རྡོ་རྗེའི་སྐར་ཁུག་མཛེས་པ༔ ངོ་མཚར་རྨད་བྱུང་རྒྱལ་བ་རྒྱ་མཚོའི་ཕོ་བྲང་ཆེན་པོ་མ་བཅོས་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཆེན་པོ་ཞིག་ཏུ་བསྒོམ་མོ༔ དྲུག་པ་ལྷ་བསྐྱེད་པ་ནི༔ པཾ་པདྨ་མ་སཱུ་རྱ་ཨ་ཙཎྜ་མཎྜལ་བྷྲཱུྃ༔ ཅེས་བརྗོད་པ་ཙམ་གྱིས་ཆོས་དབྱིངས་གཞལ་ཡས་ཁང་གི་དབུས་དང་ཕྱོགས་མཚམས་ཀུན་ཏུ་གདན་སུམ་བརྩེགས་རེས་ཁྱབ་ཅིང་འོད་ཟེར་དུ་འཚེར་བའི་དབུས་སུ་འཕགས་པའི་ཐུགས་སྲོག་ཡི་གེ་ཧྲཱིཿདེ་ཁྲ་ཐབས་ཀྱི་ཚུལ་གྱིས་སྐད་ཅིག་ཉིད་ལ་བབས་པ་ལས༔ ཧྲཱིཿཧྲཱིཿཞེས་པའི་སྒྲ་ཆེན་པོས་འཁོར་འདས་ཐམས་ཅད་ཁྱབ༔ འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་ཞིག་འཕྲོས་པ་ལས༔ ཡར་འོག་མིན་བདེ་བ་ཆེན་པའི་ཞིང་ཁམས་སུ་སྐུ་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ འགྲོ་བའི་དོན་མཛད་པར་བསྐུལ༔ ཐུགས་རྗེ་བྱིན་རླབས་ཐམས་ཅད་བསྡུས༔ བར་ལྷ་མིའི་འཇིག་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་འཕྲོས་འགྲོ་བའི་ཤེས་རྒྱུད་སྦྱངས༔ དགེ་བའི་ལས་ལ་རྒྱུད་བསྐུལ༔ མར་ངན་སོང་གསུམ་གྱི་གནས་སུ་འཕྲོས་དུག་གསུམ་གྱི་བག་ཆགས་ངན་པའི་ཚོགས་ཐམས་ཅད་སྦྱངས༔ འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ༔ གཟི་བརྗིད་འོད་དུ་འཚེར་ཞིང་ཡོངས་སུ་གྱུར་པ་ལས༔ རང་རིག་གི་ངོ་བོ་འཕགས་པ་མ་རིག་མུན་སེལ་སྐུ་མདོག་བྱི་རུའི་སྡོང་པོ་ལ་ཏིལ་གྱི་མར་ཁུས་བྱུགས་པ་ལྟ་བུ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡུམ་ལ་འཁྱུད་པ་གཡས་ཀྱི་འོག་མས་པདྨའི་ཕྲེང་བ་དམར་པོ་འདྲེན་པ་གཡོན་གྱི་འོག་མས་བདུད་རྩིའི་བུམ་པ་དམར་པོ་བསྣམས་པ༔ སྤྱན་གསུམ་ཤིན་ཏུ་འཛུམ་པའི་མདངས་ཅན་རལ་པའི་གཙུག་ཏོར་རཏྣའི་པྲོག་ཞུ་སྙན་རྒྱན་མགུལ་ཆུན་དཔུང་རྒྱན་གདུ་བུ་མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཕྲེང་དར་སྣ་ཚོགས་ཀྱི་ན་བཟའ་དང་ཅོད་པན་དུ་མ་འཕུར་བའི་པང་དུ༔ ཡུམ་མཆོག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་བཅུ་དྲུག་གི་ན་ཚོད་ཅན་ཕྱག་གཡས་པདྨས་མཚན་པའི་གྲི་གུག་གཡོན་ཚེ་ཡི་བུམ་པ་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ་རྒྱན་དྲུག་གིས་བརྒྱན་ཅིང་པདྨའི་ཕྲེང་བས་དོ་ཤལ་མཛད་པ་དབུ་སྐྲ་གྲོལ་ཞིང་འཛུམ་མདངས་ཅན་ཡབ་ཡུམ་གཉིས་མེད་པད་ཟླའི་གདན་ལ་བཞུགས་པའི་སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་དཔེས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ་ཚེ་བུམ་བསྣམས་པ་འོད་ཟེར་འཕྲོ་བ་ཞིག་ཏུ་བསྒོམ༔ འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ཡབ་ཡུམ་གྱི་མདུན་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་ཅིང་ཡུམ་དབྱིངས་ཕྱུག་མ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ གཡས་སུ་སྲས་ནོར་བུ་འཛིན་པ་གཡོན་དུ་སྲས་མོ་རིག་སྔགས་འཛིན་མ་གཉིས་དཀར་དམར་མདངས་དང་ལྡན་པའི་ཕྱག་ན་མེ་ཏོག་དམར་པོའི་ཕྲེང་བ་འདྲེན་པ༔ ཞབས་ཕྱེད་སྐྱིལ་ཅན་རྒྱན་ཕྲེང་དུ་མས་བརྒྱན་ཞིང་དར་སྣ་ཚོགས་ཀྱི་ཅོད་པན་འཕུར་བ༔ སྤྱན་གཉིས་འཛུམ་པའི་མདངས་ཀྱིས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་གཟིགས་ཏེ་བཞུགས་པར་བསྒོམ༔ རྒྱབ་ཏུ་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་སྤྱན་གསུམ་རབ་ཏུ་བགྲད་པ་གྲི་ཐོད་ཅན་རྟ་སྐད་འཚེར་ཞིང་བདུད་བཞི་འདུལ་བ་དུར་ཁྲོད་ཆས་བརྒྱད་གསོལ་ཞིང་ཞབས་དོར་སྟབས་སུ་བགྲད་དེ་མེ་དཔུང་གི་ཀློང་དུ་བཞུགས་པར་བསྒོམ༔ དེའི་ཕྱི་རིམ་པདྨ་འདབ་མ་བཞིའི་ཤར་ཕྱོགས་སུ་མི་བསྐྱོད་པ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་ཡུམ་མཱ་མ་ཀི་མཐིང་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་སེར་པོ་རིན་ཆེན་དྲིལ་བུ་འཛིན་ཞིང་ཡུམ་སངས་རྒྱས་སྤྱན་མ་སེར་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་དམར་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་བ་ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ་དང་གཉིས་མེད་དུ་འཁྲིལ་བར་བསྒོམ༔ ཡབ་ཡུམ་ཐམས་ཅད་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས་པ༔ ཡུམ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་རང་རྟགས་དང་དྲིལ་བུ་ཅན་རྡོ་རྗེའི་སྐྱིལ་ཀྲུང་རང་འོད་ཀྱི་ཀློང་དུ་བཞུགས་པར་བསྐྱེད༔ དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་ལ་ཤར་དུ་སའི་སྙིང་པོ་དཀར་པོ་ཕྱག་ན་རིན་པོ་ཆེ་དང་མྱུ་གུ་བསྣམས་ཤིང་ཡུམ་ལཱ་སེ་དཀར་མོ་མེ་ལོང་འཛིན་པ༔ ཤར་ལྷོར་བྱམས་པ་དཀར་པོ་ཕྱག་ན་ཀླུ་ཤིང་དང་དྲིལ་བུ་བསྣམས་ཤིང་ཡུམ་པུཥྤེ་དཀར་མོ་མེ་ཏོག་འཛིན་པ༔ ལྷོ་རུ་ནམ་མཁའི་སྙིང་པོ་མཐིང་ག་ཕྱག་ན་རལ་གྲི་དང་དྲིལ་བུ་བསྣམས་ཤིང་ཡུམ་དྷུ་པེ་སེར་མོ་སྤོས་ཕོར་འཛིན་པ༔ ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ་དཀར་པོ་པུ་ཏི་དང་དྲིལ་བུ་བསྣམས་ཤིང་ཡུམ་གྷནྡྷེ་མ་དཀར་མོ་དུང་ཕོར་འཛིན་པ༔ ནུབ་ཏུ་སྤྱན་རས་གཟིགས་དམར་པོ་ཕྱག་ན་པདྨ་དང་དྲིལ་བུ་བསྣམས་ཤིང་ཡུམ་གྷིརྟི་མ་དམར་མོ་པི་ཝཾ་འཛིན་པ༔ ནུབ་བྱང་དུ་ཀུན་ཏུ་བཟང་པོ་མཐིང་ག་རིན་ཆེན་དྲིལ་བུ་ཕྲེང་བ་བསྣམས་ཤིང་ཡུམ་མཱ་ལེ་མ་མཐིང་སྐྱ་ཕྲེང་བ་འཛིན་པ༔ བྱང་དུ་ཕྱག་ན་རྡོ་རྗེ་ལྗང་གུ་ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས་ཤིང་ཡུམ་ནཻ་ཝི་ཏི་ལྗང་མོ་ཞལ་ཟས་འཛིན་པ༔ བྱང་ཤར་དུ་འཇམ་དབྱངས་སེར་པོ་ཕྱག་ན་ཨུཏྤལ་དང་དྲིལ་བུ་བསྣམས་ཤིང་ཡུམ་ཨཱ་ལོ་ཀེ་མ་སེར་མོ་མར་མེ་འཛིན་པ༔ དེ་ལྟར་རིགས་ཀྱི་སེམས་དཔའ་ཡབ་ཡུམ་ཐམས་ཅད་ཞབས་ཕྱེད་སྐྱིལ་ཅན༔ སེམས་དཔའ་རྣམས་ཀྱི་གཡོན་ནས་འཛུམ་པའི་མདངས་ཀྱིས་ཡུམ་རྣམས་འཁྱུད་པ༔ ཕྱག་གདུབ་ཞབས་གདུབ་མགུལ་ཆུན་དཔུང་རྒྱན་དོ་ཤལ་ཅོད་པན་དར་དཔྱང་སྣ་ཚོགས་ཀྱིས་བརྒྱན་པ༔ གཞོན་ཚུལ་ལང་ཚོ་རྒྱས་ཤིང་གཟི་བརྗིད་དང་ལྡན་པར་བསྐྱེད༔ དེའི་ཕྱི་རིམ་པདྨ་འདབ་མ་དྲུག་ལ་ཡི་གེ་འབྲུ་དྲུག་གི་འཕྲོ་འདུ་ལས་བརྒྱ་བྱིན་ལྷའི་ཐུབ་པ་སྐུ་མདོག་དཀར་པོ་པི་ཝང་བསྣམས་པ༔ ཐག་བཟང་རིས་ལྷ་མ་ཡིན་གྱི་ཐུབ་པ་སྐུ་མདོག་ལྗང་གུ་གོ་མཚོན་བསྣམས་པ༔ ཤཱཀྱ་སེང་གེ་མི་ཡི་ཐུབ་པ་སྐུ་མདོག་སེར་པོ་ལྷུང་བཟེད་དང་མཁར་གསིལ་བསྣམས་པ༔ སེངྒེ་རབ་བརྟན་དུད་འགྲོའི་ཐུབ་པ་སྐུ་མདོག་མཐིང་ག་པུ་ཏི་བསྣམས་པ༔ ཁ་འབར་སྒྲོམ་བུ་ཡི་དྭགས་ཀྱི་ཐུབ་པ་སྐུ་མདོག་དམར་པོ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ༔ ཆོས་ཀྱི་རྒྱལ་པོ་དམྱལ་བའི་ཐུབ་པ་སྐུ་མདོག་ནག་པོ་མེ་ཆུ་བསྣམས་པ༔ ཀུན་ཀྱང་སྤྲུལ་སྐུའི་མཚན་བཟང་སུམ་ཅུས་བརྒྱན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང་འགྲོ་བ་འདུལ་བའི་ཕྱིར་ཞབས་གཉིས་བཤིབས་ཏེ་དྲང་པོར་བཞེངས་པ༔ ཆོས་གོས་ངུར་སྨྲིག་ན་བཟའ་ཅན་དུ་བསྒོམ༔ དེའི་ཕྱི་རིམ་མུ་ཁྱུད་ཕྱི་ནང་གསུམ་ལ་འདས་མ་འོངས་ད་ལྟ་དུས་་གསུམ་གྱི་སངས་རྒྱས་ཀྱིས་གཙོས་པའི་སྟོང་ཕྲག་རྩ་གཉིས་ཀྱི་རྒྱལ་བ་ཐམས་ཅད་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན་ས་གནོན་དང་མཉམ་གཞག་གི་ཕྱག་རྒྱ་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཆོས་གོས་རྣམ་གསུམ་གྱི་ན་བཟའ་ཅན་མཚན་དཔེས་བརྒྱན་པ་འོད་ཟེར་འཕྲོ་བའི་ཀློང་དུ་བཞུགས་པར་བསྒོམ༔ གཞལ་ཡས་ཁང་གི་སྒོ་བཞིར་བདུད་བཞི་བརྫིས་པའི་སྟེང་དུ༔ ཤར་དུ་བཛྲ་ཧེ་རུ་ཀཿམཐིང་ནག་རྡོ་རྗེ་གཡས་ལྕགས་ཀྱུ་གཡོན༔ ལྷོར་རཏྣ་ཧེ་རུ་ཀཿསེར་ནག་བེ་ཅོན་གཡས་ཞགས་པ་གཡོན༔ ནུབ་ཏུ་པདྨ་ཧེ་རུ་ཀཿདམར་ནག་དབྱུག་ཐོ་གཡས་ལྕགས་སྒྲོག་གཡོན༔ བྱང་དུ་ཀརྨ་ཧེ་རུ་ཀཿལྗང་ནག་རྒྱ་གྲམ་གཡས་དྲིལ་བུ་གཡོན་ན་བསྣམས་ཤིང་འབར་ཁྲོ་རབ་བརྗིད་ཞབས་དོར་སྟབས་སུ་བཞུགས་པ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་སྤྲས་ཤིང་མེ་ཀློང་དུ་བཞུགས་པར་བསྒོམ༔ ཕྱི་རོལ་ཁྱམས་དང་ཁོར་ཡུག་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལས་བྱེད་རྒྱ་མཚོ་དང་བཅས་པ་ཐམས་ཅད་རང་མདངས་ཀྱི་ངོ་བོར་ཤིགས་སེ༔ ཚོམ་བུའི་རྣམ་པར་སྤུང་ངེ༔ མེ་ལོང་གི་གཟུགས་བརྙན་ནམ་ཆུ་ཟླ་འཇའ་ཚོན་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་ལོ༔ བདུན་པ་སྤྱན་འདྲེན་པ་ནི༔ ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་ཧྲཱི༔སོགས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་སྐར་ལྟར་དུ་འཕྲོས་པས་ཆོས་དབྱིངས་བདེ་བ་ཆེན་པོའི་ཞིང་དང་༔ འགྲོ་འདུལ་པོ་ཊ་ལའི་ཕོ་བྲང་ནས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་དངས་པའི་མཁའ་ལ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་གཟུགས་སྣང་ལྷ་སྐུ་དམ་ཚིག་སེམས་དཔའ་ལ༔ སྣང་སྟོང་གཉིས་མེད་ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་གྱུར་པར་བསྒོམ་མོ༔ བརྒྱད་པ་བཞུགས་སུ་གསོལ་བ་ནི༔ ཕོ་བྲང་ཆོས་དབྱིངས་མཉམ་ཉིད་ཀྱི་གཞལ་ཡས་ཆེན་པོའི་ཕྱི་ནང་ཐམས་ཅད་དུ་གཙོ་འཁོར་ཐམས་ཅད་ཉི་ཟླ་པདྨ་འབར་བའི་གདན་ལ་སྒྲུབ་པ་པོས་མཆོག་ཐུན་གྱི་དངོས་གྲུབ་མ་ཐོབ་བར་དུ་བརྟན་པར་བཞུགས་པར་དམིགས་སོ༔ དགུ་པ་ཕྱག་འཚལ་བ་ནི༔ རང་དང་ལྷ་གཉིས་འདུ་འབྲལ་སྐད་ཅིག་ཀྱང་མེད་པར་བསམ་ཞིང་ཕྱག་འཚལ༔ བཅུ་པ་མཆོད་པ་འབུལ་བ་ནི༔ ཕྱི་འདོད་ཡོན་ལྔ་ལྡན་གྱི་མཆོད་པ༔ ནང་སྨན་རག་གཏོར་གསུམ་གྱི་མཆོད་པ༔ གསང་བ་བདེ་སྟོང་དགའ་བཞིའི་མཆོད་པས་མཆོད་དོ༔ བཅུ་གཅིག་པ་བསྟོད་པ་ནི༔ རང་དང་གཉིས་སུ་མེད་པའི་ཚུལ་གྱིས་བརྡ་དང་རྟགས་ཀྱིས་ཡང་དག་པར་བསྟོད་དོ༔ བཅུ་གཉིས་པ་བསྙེན་ཅིང་སྒྲུབ་པ་ནི༔ དེ་ལྟར་རང་རིག་པའི་རང་གདངས་མ་འགགས་པའི་རང་རྩལ་ལས་རང་ཤར་བའི་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་སྐུ་འཁོར་ཚོམ་བུ་བཀའ་ཉན་སྲུང་མ་ཕོ་བྲང་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱི་ངོ་བོ་ནི་སྟོང་པ་རང་བཞིན་ནི་གསལ་བ་ཐུགས་རྗེ་ནི་འགག་པ་མེད་པ་དེ་ཉིད་ཀྱི་ངང་ལ་དར་ཅིག་མཉམ་ཉིད་དུ་གཞག༔ སྐད་ཅིག་དེ་ལ་ཨཱོཾ་ཨཱཿཧཱུྃ་ཧྲཱི༔ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་པའི་སྒྲ་ཆེན་པོ་ཞིག་གྲགས་པས་འཁོར་འདས་ལམ་གསུམ་ཐམས་ཅད་ཁྱབ༔ ཤེས་རྒྱུད་ཆོས་ལ་བསྐུལ་ཞིང་ཡེ་ཤེས་ཀྱི་ངོ་བོ་རང་གི་སྤྱི་གཙུག་གམ་མདུན་གྱི་ནམ་མཁར་ཡི་གེ་འབྲུ་བཅུ་པ་རྒྱལ་བ་ཐམས་ཅད་ཀྱི་ཡང་སྙིང་གི་ངོ་བོ་དེ་འོད་དམར་པོའི་རྣམ་པ་ལ་ཡི་གེ་རྣམས་གསལ་བར་རང་ཤར་ཞིང་༔ ཡིག་འབྲུ་དེ་རྣམས་ལས་འོད་ཟེར་གྱི་ཚོགས་འཁོར་བ་མྱང་འདས་སྲིད་རྩེ་མནར་མེད་ཀྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས༔ དེ་ཐམས་ཅད་འབྲུ་བཅུ་རྒྱལ་བའི་ཡང་སྙིང་གྲག་སྟོང་ནམ་མཁའི་འབྲུག་སྒྲ་སྒྲོག་པ་ལྟར་གྲགས་པས༔ འཕགས་པའི་བྱིན་རླབས་ཐམས་ཅད་ཐོབ་ཅིང་སྐུའི་དཀྱིལ་འཁོར་མཇལ་གསུང་གི་གདམས་པ་ཐོབ་ཐུགས་ཀྱི་མཁྱེན་བརྩེས་གཟིགས་པར་བསྒོམ་ཞིང་༔ སྙིང་པོ་འབུམ་བདུན་བཟླས་པས༔ འཕགས་པས་ལུང་སྟོན་པ་ཆོས་འཆད་པ་སོགས་འབྱུང་ངོ་༔ སྒྲུབ་པ་ནི་སྣང་སྲིད་མི་དམིགས་པ་སྟོང་པར་སྦྱངས་ཤིང་སྟོང་པའི་ངང་ལས་མ་རིག་མུན་སེལ་གྱི་རང་བཞིན་དུ་ཡེ་ནས་གསལ་བ་དེ་ཡང་གསལ་དུ་གདབ་ཅིང་༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་དང་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་གི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་རྣམས་གཡས་བསྐོར་དུ་འོད་དམར་པོའི་རྟ་ལ་ཞོན་ནས་འཁོར་བ་ལས་འོད་ཟེར་གྱི་ཚོགས་ཉི་མ་འབུམ་གྱི་ཟེར་ལྟར་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་ཁྱད་པར་དུ་འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་དང་༔ ཕོ་བྲང་རི་བོ་ཏ་ལ་ནས་སྤྱན་དྲངས་ཤིང་རང་དང་སྒྲུབ་རྫས་རྣམས་ལ་གཉིས་མེད་དུ་ཐིམ་ཞིང་ཆུ་ལ་ཆུ་བཞག་པའམ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར་བསྒོམ་ཞིང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གྷུ་རུ་བྷུདྡྷ་དྷེ་ཝ་ཌཱཀྐི་ནི་ཛྙ་ན་དྷརྟུ་སརྦ་སིདྡྷི་ཧཱུྃ༔ ཅེས་བདུན་འབུམ་མམ་ཉི་ཁྲི་གྲངས་སྦྱར་ཏེ་བཟླས་པས་དངོས་གྲུབ་ཐོབ་པའི་རྟགས་སྣ་ཚོགས་སུ་འབྱུང་བར་འགྱུར་རོ༔ དེ་ཚེ་དགའ་བྲོད་དང་འཁུ་འཕྲིག་གི་འཛིན་པ་མ་ཞུགས་པར་བྱ་སྟེ་ཐམས་ཅད་ཆོས་དབྱིངས་ཀྱི་རོལ་པར་ཤེས་པར་བྱའོ༔ དེ་ལྟ་བུའི་ངང་ནས་སྙིང་པོ་རྒྱུན་ཆད་མེད་པར་བཟླས་པས་འཕགས་པ་མ་རིག་མུན་སེལ་དང་གཉིས་སུ་མེད་པར་འགྱུར་རོ༔ དེ་ཡང་བསྐྱེད་རིམ་ལམ་དུ་བྱས་པའི་སྒྲུབ་ཐབས་བདེ་གཤེགས་རྒྱལ་བ་རྣམས་དང་གཉིས་སུ་མེད་པར་སྒྲུབ་པའི་འབྲས་བུ་སྦྱོར་བ་བྱེད་པའི་རིམ་པ་འདིའི་དོན་ནི༔ ཐ་མལ་གྱི་ཤེས་པ་རྣམ་རྟོག་དང་བཅས་པའི་དུས་སུ་མ་རིག་པའི་སེམས་ཅན་ཞེས་བྱ་བའོ༔ དེ་ཉིད་རང་རིག་ཏུ་ངོ་སྤྲད་པས་སྐད་ཅིག་ཀྱང་གནས་སུ་མི་འདོད་པ་ལ་རྟོག་པ་དུམ་བུ་དུམ་བུར་འཆད་ཅིང་སྣ་ཚོགས་སུ་འཕྲོ་ཚེ༔ རང་རིག་ལ་འཕྲིག་ཚུད་པ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཉམས་སུ་བླངས་པས་བཟང་རྟགས་དང་ངན་རྟགས་སྣ་ཚོགས་འཆར་བའི་སྐབས་ཡིན་ནོ༔ དེ་ཉིད་ངང་ལས་རྐྱེན་ལ་མི་བལྟ་བར་རྒྱུ་ལ་བལྟས་པས་འཁོར་བ་གཞི་མེད༔ སེམས་ཉིད་རྟེན་མེད༔ བྱས་པའི་ལས་ཐམས་ཅད་དོན་མེད་དུ་ཁྲོ་ལེར་སོང་ཚེ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་སྟོང་པའི་རང་བཞིན་དུ་ཡེ་ནས་གནས་པ་དེ་ཉིད་ཀྱི་ངང་ལས་རང་ལྷ་སྐུ་སྦྱངས༔ འགྱུ་བྱེད་འཕྲིན་ལས་སུ་སྦྱངས་པས་སེམས་ཉིད་མ་རིག་པ་དང་བྲལ་བའི་རིག་པ་ངོ་འཕྲོད་པར་འགྱུར་རོ༔ རང་སེམས་རང་གིས་མ་རིག་པའི་དབང་གིས་སྣ་ཚོགས་སུ་འཕྲོ་བ་ནི་སེམས༔ རང་ཉིད་ཀྱི་ངོ་བོ་རང་བྱུང་གི་ཆོས་ཉིད་དུ་ལྟར་གྱིས་ཤར་བ་ནི་རིག་པའོ༔ དེ་ཡང་སེམས་ཅན་རྣམས་ཀྱི་སེམས༔ རྣལ་འབྱོར་པ་རྣམས་ཀྱི་རིག་པ༔ ཆོས་ཉིད་ཀྱི་ངོ་བོ་བྱ་རྩོལ་ལས་འདས་པ་ཞེས་བྱ་བ་དེ་ཐམས་ཅད་མིང་གི་རྣམ་གྲངས་མང་ཡང་དོན་དུ་རང་གི་རིག་པ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པ་འདི་ཡིན་པས༔ མ་བཅོས་པའི་ངང་ལ་སྟོང་ངེ་༔ མི་འགྱུར་བའི་ངང་ལ་སེང་ངེ་༔ རྒྱ་ཆད་དང་ཕྱོགས་ལྷུང་བྲལ་བ་ནམ་མཁའ་ལྟ་བུ༔ གསལ་ལ་འཛིན་པ་མེད་པ་ཉི་མའི་སྙིང་པོ་ལྟ་བུ༔ གཡོ་འགུལ་དང་འཕོ་འགྱུར་མེད་པ་རི་རབ་ལྟ་བུ༔ ངོ་བོ་ཉིད་ལ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་སྐུའི་རང་བཞིན༔ སྟོང་པའི་རྩལ་སྣང་འགག་མེད་དུ་ཤར་བ་ལོངས་སྐུའི་དཀྱིལ་འཁོར༔ གང་ཤར་གྱི་རིག་རྩལ་ཐམས་ཅད་རང་གྲོལ་དུ་རང་སར་དག་པ་ཐུགས་རྗེ་སྤྲུལ་པའི་སྐུ་སྟེ༔ རང་རིག་དུས་གསུམ་སངས་རྒྱས་ཀྱི་ངོ་བོ་དེ་གང་ཤར་ལ་འཛིན་པ་མེད་པར་གཞག༔ སྟོང་པ་ཉིད་ལ་དམིགས་གཏད་མེད་པར་གཞག་གོ༔ དེ་ལྟ་བུའི་གདམས་པ་འདི་ནི་འབྲས་བུ་མ་རིག་པ་ཡེ་ཤེས་ལ་ལྡོག་པའམ་སེམས་ཅན་སངས་རྒྱས་སུ་གྲོལ་བ་ཞེས་བྱ་བས༔ སྒྲུབ་ཐབས་དང་བསྐྱེད་རིམ་གྱི་སྙིང་པོ་དམ་པ་འདི་ཁོ་ནའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་གསུམ་སྟེ༔ དང་པོ་ཉམས་སུ་ལེན་པའི་ཐབས་གསུམ་ནི༔ རྨུགས་པར་མ་སོང་བའི་གནས་པ༔ འཛིན་པ་མ་ཞུགས་པའི་གསལ་བ༔ རེས་འཇོག་རེས་སྐྱོང་མ་ཡིན་པའི་བརྩོན་འགྲུས་གསུམ་གྱིས་སྒྲུབ་པའི་ཐབས་ཟབ་མོ་འདི་ཉམས་སུ་ལེན་པར་བྱའོ༔ གཉིས་པ་ཉམས་ལེན་གྱི་དྲོད་ཐོབ་ཚེ་མཐའ་སྐྱོང་བའི་ལས་གསུམ་ནི༔ སྒྲུབ་པ་གྲོལ་ཚེ་དངོས་གྲུབ་མྱུར་དུ་འཐོབ་པའི་ལས༔ སྒྲུབ་རྫས་ལྷའི་ངོ་བོར་མངོན་སུམ་དུ་གསལ་བ་ལ་གསོལ་བ་དྲག་ཏུ་གདབ་ཅིང་དབང་བཞི་ལེན་ནོ༔ ཟག་བཅས་དང་ཟག་མེད་ཀྱི་དགེ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་བའི་ལས༔ མར་མེ་སྨོན་ལམ་གྱིས་རྒྱས་འདེབས་སོ༔ བཀྲ་ཤིས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བའི་ལས༔ དགའ་སྟོན་གྱི་ཚོགས་ལ་རོལ་ཞིང་བཀྲ་ཤིས་པའི་གླུ་བྲོས་ཉམས་སྐྱོང་ངོ་༔ གསུམ་པ། འདི་ལྟར་བསྐྱེད་རྫོགས་ཟབ་མོ་ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ལ་སྒོ་གསུམ་སྐུ་གསུང་ཐུགས་སུ་མི་གྲོལ་བའི་ཐབས་མེད་པའི་ཕྱིར་འཁྱེར་སོ་གསུམ་གྱི་ལས་གསུམ་སྟེ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་འཕགས་པའི་སྐུ༔ སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ༔ གཟུགས་སྣང་ཐམས་ཅད་སྤྲུལ་སྐུར་གྲོལ༔ སྤྲུལ་པའི་སྐུ་རུ་བྱང་ཆུབ་ནས༔ གཟུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ༔ གཟུགས་སྣང་ཐམས་ཅད་འཕགས་པའི་སྐུ༔ སྒྲ་གྲག་ཐམས་ཅད་འཕགས་པའི་གསུང་༔ གྲག་སྟོང་བརྗོད་མེད་འཁྱེར་སོས་དབྱངས༔ ཡི་གེ་འཁོར་ལོ་གསང་སྔགས་སྒྲས༔ བག་ཆགས་ཚིག་གིས་ཉོན་མོངས་སྦྱོང་༔ ལོངས་སྤྱོད་རྫོགས་སྐུར་བྱང་ཆུབ་ནས༔ གསུང་གི་སྤྲུལ་པས་འགྲོ་བ་འདུལ༔ སེམས་ཉིད་སྤྲོས་བྲལ་གདོད་ནས་དག༔ སྟོང་ཉིད་ཆོས་སྐུར་རང་ཞལ་མཇལ༔ མཐོང་མེད་མཐོང་བ་ཐུགས་རྗེ་ཆེ༔ དྲན་རྟོག་རང་གྲོལ་འཕགས་པའི་ཐུགས༔ ཆོས་ཀྱི་སྐུ་རུ་བྱང་ཆུབ་ནས༔ ཐུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ༔ སྒོ་གསུམ་སྐུ་གསུང་ཐུགས་སུ་གྲོལ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ སྒྲུབ་ཐབས་མཐའ་རྒྱས་གདམས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྣང་བ་མཐའ་ཡས་དགོངས་པ་ཡི༔ སྤྱན་རས་གཟིགས་ཀྱི་ཐུགས་བརྒྱུད་ནས༔ རི་བོ་ཏ་ལའི་ཕོ་བྲང་དུ༔ བདག་འདྲ་མཚོ་སྐྱེས་རྡོ་རྗེ་ལ༔ མ་རིག་མུན་སེལ་ཏནྟྲ་བབས༔ འགྲོ་བའི་དོན་དུ་བོད་འདིར་འོངས༔ སངས་རྒྱས་སྐུ་གསུང་ཐུགས་བསྟན་རྒྱས༔ རྒྱལ་བློན་འབངས་གསུམ་ཆོས་ལ་སྤྱོད༔ མདོ་སྔགས་ཆོས་ཀྱི་ཉི་མ་ཤར༔ མ་འོངས་རྩོད་ལྡན་ཡང་མཐའ་ལ༔ རྒྱ་བོད་ཧོར་སོག་བོད་ན་འདུ༔ མི་ལ་ལུས་ཆས་སྣ་ཚོགས་འབྱུང་༔ ནོར་སྣ་མང་ཞིང་ལོངས་སྤྱོད་རྒྱས༔ ཆོས་པ་རྣམས་ཀྱང་ཐུགས་འཁྲུལ་ཏེ༔ ལོངས་སྤྱོད་མངའ་ཐང་སུ་མཐོ་བྱེད༔ བླ་མེད་ལྟ་སྒོམ་ཚིག་སྨྲ་ཡང་༔ ཆོས་དང་སྤྱོད་པ་ཡ་མ་ཟུང་༔ དེ་དུས་ང་ཡི་ཐུགས་ཀྱི་འཕྲུལ༔ ཀླུ་ཡི་དབང་པོའི་སྐྱེས་མཐའ་ཞིག༔ ཟབ་ཆོས་འདི་ཡི་གཏེར་ལ་སྤྱོད༔ སྒྲུབ་ཐབས་འདི་བཞིན་ཉམས་སུ་ལོང་༔ བུམ་སྒྲུབ་མྱོང་གྲོལ་འགྲོ་དོན་སྤེལ༔ མཐོང་གྲོལ་ཐོས་གྲོལ་ལས་སྦྱོར་འབུངས༔ མཐོང་ཐོས་སྐྱེ་འགྲོ་མཐའ་ཅན་བྱེད༔ འཕགས་པའི་ཞིང་དུ་གྲོལ་བར་འགྱུར༔ ཡེ་ཤེས་མགོན་པོས་བཀའ་འདི་སྲུངས༔ ལས་ཀྱི་མགོན་པོས་གཏེར་འདི་འཚོས༔ དུས་ལ་བབས་ཚེ་བུ་ལ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེན་སྟོན་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ།། མངྒ་ལཾ།།

ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ་ཞེས་བྱ་བ་བཞུགས༔ འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་ལ་ཕྱག་འཚལ་ལོ༔ འདིར་ལས་དང་སྐལ་བ་ལྡན་པའི་སྐྱེས་བུ་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བར་བྱེད་པའི་མན་ངག་ཕྱག་རྒྱ་ཆེན་པོ་མ་རིག་མུན་པའི་སེལ་གྱི་ཁྲིད་འདི་ལ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་རིམ་པའོ༔ དང་པོ་སྔོན་དུ་འགྲོ་བ་ལ་གསུམ་སྟེ༔ ཕྱི་ཐུན་མོང་གི་སྔོན་འགྲོ༔ ནང་ཐུན་མོང་མ་ཡིན་པའི་སྔོན་འགྲོ༔ གསང་བ་དེ་ཁོ་ན་ཉིད་ཀྱི་སྔོན་འགྲོའོ༔ ཕྱི་ནང་གི་སྔོན་འགྲོའི་རིམ་པ་རྣམས་གཞན་དུ་བལྟ༔ གསུམ་པ་གསང་བ་དེ་ཁོ་ན་ཉིད་ཀྱི་སྔོན་འགྲོ་ལ་གསུམ་སྟེ༔ དང་པོ་སེམས་ཀྱི་འབྱུང་ཁུངས་རྩད་བཅད་པ༔ གཉིས་པ་སེམས་ཀྱི་གནས་ས་ངོས་འཛིན་པ༔ གསུམ་པ་སེམས་ཀྱི་འགྲོ་ས་བལྟ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སེམས་ཀྱི་འབྱུང་ཁུངས་རྩད་བཅད་པ་ནི༔ ཕྱི་ནས་བྱུང་ངམ་ནང་ནས་བྱུང་༔ རྒྱུ་ལས་བྱུང་ངམ་རྐྱེན་ལས་བྱུང་ལེགས་པར་བལྟ་བར་བྱའོ༔ དང་པོ་ཕྱི་ནས་བྱུང་ན་གླིང་བཞི་རི་རབ་སྟོང་གསུམ་སྲིད་རྩེ་མནར་མེད་ལ་སོགས་གང་ནས་བྱུང་༔ འབྱུང་བའི་གཞི་ཇི་ལྟར་གྲུབ་ཅིང་ཚུལ་ཇི་ལྟར་ཤར་ནས་བྱུང་ཡང་དག་པར་བརྟག་ཅིང་དཔྱད་པར་བྱའོ༔ ཕྱི་ནས་བྱུང་བའི་ཡུལ་རྙེད་ན་ངོ་བོ་ཉིད་ལ་ཆིག་དྲིལ་གྱིས་བླ་མའི་གདམས་པས་རྩད་བཅད་ཅིང་ཞུན་མཐར་དུ་སྦྱང་བར་བྱའོ༔ མ་རྙེད་ན་ནང་ནས་ཨེ་བྱུང་བརྟག་པར་བྱ་སྟེ༔ རི་རབ་ཀྱི་ཟོམ་མམ༔ འབྱུང་བ་མེའི་དཀྱིལ་ལམ༔ ཆུའི་ནང་ངམ༔ རླུང་གི་དབྱིངས་སོགས་གང་ནས་བྱུང་༔ ཡང་ན་ནམ་མཁའི་ཁམས་སོགས་ནས་བྱུང་ངམ༔ གཞི་ཇི་ལྟར་གྲུབ་ནས་ཤར་ཚུལ་གང་ལྟར་སྣང་ནས་གྲུབ་ལེགས་པར་བརྟག་གོ༔ ཡུལ་རྙེད་ན་སྔ་མ་ལྟར་བྱ་ཞིང་༔ མ་རྙེད་ན་རྒྱུ་ལས་བྱུང་མ་བྱུང་བརྟག་སྟེ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ༔ རྒྱུ་མ་རིག་པ་ཉོན་མོངས་པ་དུག་གསུམ་བག་ཆགས་དང་བཅས་པ་ཐམས་ཅད་ལས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་བྱུང་༔ རྒྱུ་རང་རིག་པའི་ཡེ་ཤེས་ཆེན་པོ་ལས་མྱ་ངན་ལས་འདས་པའི་ཞིང་ཁམས་དང་སྟོན་པ༔ སྐུ་གསུམ་གྱི་ཕོ་བྲང་ངོ་མཚར་བཀོད་པ་དུ་མས་ཡོངས་སུ་མཚར་ཞིང་ལྟ་ན་སྡུག་པ༔ བློའི་ཡུལ་ལས་འདས་ཤིང་དཔག་པར་དཀའ་བ་དེ་རྣམས་བྱུང་བས༔ དེ་ལྟར་གྱི་སེམས་ཉིད་ཅེས་མིང་དུ་བཏགས་པའི་ང་རུ་བཟུང་བ་འདི་འཁོར་འདས་ཐམས་ཅད་ཀྱི་བྱེད་པོར་སྣང་ཚེ༔ འདི་འབྱུང་བའི་རྒྱུ་དེ་ཅི་འདྲ་བ་ཞིག་ཡོད་ལེགས་པར་བརྟག་ཅིང་ཡོངས་སུ་དཔྱད་པར་བྱའོ༔ རྒྱུ་འདི་ལས་བྱུང་ཞེས་ཡོངས་སུ་རྙེད་ན་སྔ་མ་ལྟར་བྱ་ཞིང་༔ མ་རྙེད་ན་རྐྱེན་ལས་བྱུང་མ་བྱུང་བརྟག་སྟེ༔ རྒྱུ་ལས་མ་བྱུང་ཕྱིན་ཆད་རྐྱེན་ལས་འབྱུང་བར་མི་སྲིད༔ འོན་ཀྱང་རྐྱེན་ལས་བྱུང་ངམ་མ་བྱུང་བརྟག་སྟེ༔ རྐྱེན་གྱི་ཚོགས་ནི་གཉིས་ཏེ༔ ཕྱི་སྣོད་གྱི་རྐྱེན་དང་ནང་གཟུགས་ཕུང་གི་རྐྱེན་ནོ༔ ཕྱི་སྣོད་ཀྱི་རྐྱེན་ནི་གཟུགས་སྒྲ་དྲི་རོ་རེག་བྱ༔ ནང་ཕུང་པོའི་རྐྱེན་ནི་སྣ་དང་ལྕེ་དང་རྣ་བ་དང་མིག་དང་ལུས་རྣམས་ཏེ༔ འདི་རྣམས་ལས་བྱུང་ངམ་མ་བྱུང་ལེགས་པར་བརྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སེམས་ཀྱི་གནས་ས་ངོས་འཛིན་པ་ནི༔ ཕྱི་ན་གནས་སམ་ནང་ན་གནས་སམ་བར་ན་གནས༔ ཕྱི་ན་གནས་ན་སྣོད་ཀྱི་འཇིག་རྟེན་ཕུང་པོའི་ཤ་པགས་འཁོར་འདས་གང་དུ་གནས༔ ནང་ན་གནས་ན་བཅུད་ཀྱི་སྐྱེ་འགྲོ་འབྱུང་བའི་ཁམས་ཕུང་པོའི་ནང་རོལ་གང་དུ་གནས༔ བར་ན་གནས་ན་ནམ་མཁའི་ཁམས་ཕྱི་ནང་གི་མཚམས་གང་དུ་གནས༔ གནས་མཁན་གྱི་ངོ་བོ་ཇི་ལྟ་བུ༔ གནས་སའི་ཡུལ་གནས་བྱེད་ཀྱི་རྐྱེན་སོགས་ལེགས་པར་དཔྱད་ཅིང་བརྟགས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་སེམས་ཀྱི་འགྲོ་ས་ལ་བལྟ་བ་ནི༔ ཕྱི་དང་ནང་དང་གསང་བ་སྟེ༔ ཕྱི་སྣོད་ཀྱི་འཇིག་རྟེན་རི་ར་བ་གང་ནས་ལམ་བྱས་ཤིང་གང་ནས་འགྲོས་རྒྱག༔ ནང་འབྱུང་བའི་ཁམས་དབང་པོའི་ལམ་སོགས་གང་ལ་བརྟེན་ནས་འགྲོ༔ གསང་བ་ཕུང་པོའི་འགུལ་སྐྱོད་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་ལེགས་པར་བརྟག་ཅིང་ལེགས་པར་དཔྱད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་རྣམས་ལ་ཐུན་དུ་བཅད་ཅིང་གྲངས་སུ་བགྲངས་ཏེ་བརྟག་ཅིང་དཔྱད་པར་བྱ་བ་གལ་ཆེ་སྟེ༔ ལུས་དྲང་པོར་བསྲང་ལག་པ་མཉམ་གཞག་བྱ༔ ཐུན་འགོར་ཕྱི་ནང་གི་སྔོན་འགྲོ་རྣམས་ལེགས་པར་སྦྱངས་པའི་མཇུག་ཏུ༔ སེམས་ཉིད་ཀྱི་བྱུང་གནས་འགྲོ་གསུམ་ལ་ལེགས་པར་བརྟགས་པས༔ ངེས་པ་གོ་ན་རང་སེམས་ཀྱི་ངོ་བོ་འདི་ནི་ཡེ་གདོད་མ་ནས་རྣམ་པར་དག་པ་སྟོང་ཞིང་བདག་མེད་པ་ཆེན་པོའོ༔ ངོ་བོ་ཉིད་དེ་རྒྱུ་རང་གིས་རང་མ་རིག་པའི་སྒྲིབ་པར་སྣུན་ཏེ༔ རྐྱེན་ཁམས་གསུམ་དུ་འཁྲུལ་ཞིང་འབྲས་བུ་བདེ་སྡུག་གི་ཚོར་བ་སྣ་ཚོགས་སུ་སྣང་བ་ཡིན་ཏེ༔ དཔེར་ན་ནམ་མཁའ་སྟོང་པ་ཞེས་རྒྱུ་རྐྱེན་མཚན་མ་གང་དུ་ཡང་མ་གྲུབ་པ་འདིའི་ཀློང་ནས༔ འབྱུང་བ་ས་ཆུ་མེ་རླུང་སྣ་ཚོགས་སུ་གྲུབ་ཅིང་༔ ནམ་མཁའ་སྟོང་ཞིང་རིས་མེད་པའི་ངང་ལས་མ་གཡོས་ཀྱང་༔ འབྱུང་བཞིའི་འདུ་འཕྲོ་དར་གུད་སྣ་ཚོགས་སུ་སྣང་བ་ལྟར༔ གདོད་མའི་གནས་ལུགས་རྣམ་པར་དག་པའི་ཀློང་ནས་སེམས་དང་སེམས་འབྱུང་གི་འཁྲུལ་སྣང་སྣ་ཚོགས་སུ་རང་ཤར་བའོ༔ གང་ཤར་བ་ཐམས་ཅད་འཁྲུལ་བའི་འཁྲུལ་པ་བག་ཆགས་རབ་ཏུ་འཐས་པའི་རང་བཞིན་ཁོ་ན་ལས༔ ངོ་བོ་ཉིད་ལ་ནི་ཡེ་ནས་འཁྲུལ་གྲོལ་གྱི་ཡུལ་གདོད་མ་ནས་དག་པའོ༔ དེ་ལྟ་བུའི་ངང་ལས་རྣམ་པར་རྟོག་པ་སྣ་ཚོགས་སུ་འཆར་ཞིང་སྐྱོན་ཡོན་ཐམས་ཅད་ནི་འབྱུང་༔ འཁོར་འདས་ཐམས་ཅད་ལ་ཡོངས་སུ་ཁྱབ༔ བལྟས་ན་མི་མཐོང་ཞིང་མ་བལྟས་ན་སྣ་ཚོགས་སུ་འཕྲོ་བ༔ བཙལ་ན་མི་རྙེད་ཅིང་མ་བཙལ་ན་རྣམ་རྟོག་རགས་པ༔ སྟོང་པ་ཡིན་ཡང་རིག་པ་འགག་རྒྱུ་མེད་པ༔ ཆོས་ཉིད་ཡིན་ཡང་བཞག་ན་སྡོད་མི་ཚུགས་པ༔ དངོས་པོ་གཟུགས་དང་ཁ་དོག་དབྱིབས་ལས་འདས་ཀྱང་མཚན་མའི་དངོས་སྣང་སྣ་ཚོགས་འཆར་བ༔ ངོ་བོ་ཉིད་ལ་སྐྱེ་ཤི་མེད་པ་ལ་ཕུང་པོའི་འདོར་ལེན་མང་བ༔ ཡང་དག་པའི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་ཟད་མི་ཤེས་པར་སྤྱོད་པ༔ མ་རིག་པའི་སེམས་ཅན་ཡིན་ཡང་སྐྱོན་གྱིས་མ་གོས་པ༔ འཁོར་འདས་གཉིས་སུ་གྲུབ་ཀྱང་རིག་པའི་ངོ་བོ་གཅིག་ལས་མེད་པ༔ གཉིས་མེད་རོ་གཅིག་ཡིན་ཡང་རྐྱེན་གྱི་དབང་གིས་གཉིས་སུ་སྣང་བ༔ ཡོད་པ་ཡིན་ནམ་སྙམ་ན་ངོས་གཟུང་དང་བྲལ་བ༔ མེད་པ་ཡིན་ནམ་སྙམ་ན་གསལ་རིག་རྒྱུན་ཆད་མེད་པར་འཆར་བ༔ བདེན་པར་གྲུབ་བམ་སྙམ་ན་རྟག་པ་མེད་པ༔ བརྫུན་པ་ཡིན་ནམ་སྙམ་ན་གང་ཡང་གོ་མ་འགགས་པ་སྟེ༔ ཐ་མ་འཛམ་གླིང་འཇིག་རྟེན་ཐམས་ཅད་འཇིག་པའི་ཚེ་ཡང་སྟོང་པ་ཆེན་པོ་ནམ་མཁའི་དབྱིངས་ལ་འབྱུང་བ་ཐམས་ཅད་ཐིམ་པ་ལྟར༔ འགྲོ་བའི་སྣང་ཚུལ་འཁྲུལ་པའི་བག་ཆགས་ཕུང་པོའི་འདོར་ལེན་ཐམས་ཅད་ཀྱང་༔ ངོ་བོ་ཉིད་ལས་ཤར་ཞིང་ངོ་བོ་ཉིད་ཀྱི་ངང་དུ་ཐིམ་པ་སྟེ༔ རྒྱུད་ལས༔ འགྲོ་དྲུག་ཁམས་གསུམ་སེམས་ཀྱིས་བྱས༔ སེམས་བྱུང་སེམས་ནི་རིགས་དྲུག་རྒྱུ༔ མ་རིག་ཉོན་མོངས་མུན་པས་བསྒྲིབས༔ རང་བྱུང་ཡེ་ཤེས་འོད་པོ་ཆེ༔ འོད་ཆེན་སྣང་བ་ལམ་མེ་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ མ་རིག་ཉོན་མོངས་གཡུལ་ལས་རྒྱལ༔ ཟང་ཐལ་སྟོང་པ་འོད་མི་འགྱུར༔ ཅེས་གསུངས་པས་དེའི་ཕྱིར་ཀུན་བྱེད་བདག་པོ་སེམས་ཞེས་བྱ་བ་ནི༔ རྟག་པར་ཡང་གྲུབ་པ་མེད་པ༔ ཕྱོགས་མེད་དུ་རླུང་ལྟར་འཕྱོ་བ༔ མེད་པ་མ་ཡིན་པ་ངོ་བོ་སྐྱོན་དང་བྲལ་བ་ལ༔ ཉེས་སྐྱོན་ཐམས་ཅད་རང་ལས་བྱུང་ཞིང་ཐེ་ཚོམ་གྱི་རྣམ་རྟོག་ལ་སྤྱོད་པས་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་ཚེ༔ རང་གི་རིག་པ་རང་གིས་བཙལ་ཞིང་ཡང་དག་པར་བརྟགས་ཏེ་དཔྱད་པས༔ འཁྲུལ་པའི་ཚང་བརྡིབ༔ སེམས་ཀྱི་ཁང་བུ་ཞིག་ནས་ཆོས་ཉིད་གདོད་མའི་གནས་ལུགས་མངོན་དུ་འགྱུར་བའི་དགོས་པ་ཡོད་དེ༔ རྒྱུད་ལས༔ རྒྱུ་དྲུག་སེམས་འཁྲུལ་རང་ཚང་རྡིབ༔ ལས་དྲུག་རྨི་ལམ་འཁྲུལ་པ་འདྲ༔ འགྲོ་དྲུག་འཁོར་བ་ཆོས་ཀྱི་དབྱིངས༔ ཅེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་གསུམ་སྟེ༔ ཞི་གནས་མཉམ་པར་འཇོག་པ༔ ལྷག་མཐོང་ལ་ངེས་ཤེས་བསྐྱེད་པ༔ ཞི་ལྷག་ཟུང་འཇུག་གི་མཐར་ཕྱིན་བསྟན་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཞི་གནས་ལ་མཉམ་པར་འཇོག་པ་ནི་བཞི་སྟེ༔ རྡེའུ་ལ་བརྟེན་པ་དང་༔ ཐིག་ལེ་ལ་བརྟེན་པ་དང་༔ དམིགས་མེད་ལ་བརྟེན་པ་དང་༔ ཤིན་ཏུ་དམིགས་མེད་ལ་བརྟེན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྡེའུ་ལ་བརྟེན་པ་ནི༔ རང་གི་ལུས་ཆོས་བདུན་གྱི་འཕྲུལ་འཁོར་བྱ༔ མདུན་དུ་རྡེའུ་དཀར་པོ་དྲི་མ་མེད་པ་མཐེ་བོང་ཙམ་ཞིག་བཞག་ནས༔ སེམས་འགྱུ་བྱེད་ཀྱི་འཕྲོ་རྦད་ཀྱིས་བཅད་དེ༔ མིག་མི་འགུལ་བར་རྡེའུ་དེ་ཉིད་ལ་ལྷན་གྱིས་བལྟ་ཞིང་གསལ་ལེར་བཞག་ནས༔ གནས་ཤིང་གསལ་བའི་མོད་ལ་ཕཊ་ཅེས་བརྗོད༔ གནས་པ་དེ་བཤིག་ཅིང་ཡང་སྔ་མ་ལྟར་མཉམ་པར་བཞག་ཅིང་ཐུན་ཆུང་ལ་གྲངས་མང་བར་བསྒོམ་མོ༔ གཉིས་པ་ཐིག་ལེ་ལ་བརྟེན་པ་ནི༔ རང་གི་སྙིང་གར་འོད་དཀར་པོ་མེ་ལོང་ཙམ་ཞིག་གི་དཀྱིལ་དུ་ཐིག་ལེ་མུ་ཏིག་གི་རྡོག་པོའམ་སྲན་མའི་འབྲུ་གུ་ཙམ་པ༔ དངུལ་ཆུའི་ཁ་དོག་ལྟར་འོད་དང་ལྡན་པ་ཞིག་ལ་སེམས་གཏད་དེ༔ སྔ་མ་ལྟར་ཐུན་ཆུང་ལ་གྲངས་མང་བར་བསྒོམ་པར་བྱའོ༔ གསུམ་པ་དམིགས་མེད་ལ་བརྟེན་པ་ནི༔ ལྟ་སྟངས་མདུན་གྱི་ནམ་མཁར་ཧྲིག་གེར་གཏད་ཅིང་རང་གི་རིག་པ་དང་ནམ་མཁའ་བསྲེས་ཏེ༔ ཡུན་རིང་དུ་མཉམ་པར་འཇོག་ཅིང་བསྒོམ་མོ༔ བཞི་བ་ཤིན་ཏུ་དམིགས་མེད་ལ་བརྟེན་པ་ནི༔ ཅི་ཡང་ཡིད་ལ་མི་བྱེད་པར་སྙམ་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་སྟོང་ཉིད་ཀྱི་ངང་དེར་ཆམ་མེར་བཞག་ཅིང་ཡུན་ཅི་རིང་དུ་བསྒོམ་མོ༔ དེ་ལྟར་མཉམ་པར་བཞག་པས་སྒོམ་རང་བྱུང་གིས་ལྷུག་གེར་འབྱུང་སྟེ༔ དེ་ཚེ་རྣམ་རྟོག་འགྱུ་བྱེད་ཐམས་ཅད་རང་སར་ཞི་ནས༔ སེམས་རང་སོར་ལྷན་ནེར་གནས་པ་ཞིག་འོང་བ་དེ་ལ་ཞི་གནས་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཞེས་བྱ་བ་ཡིན་ཏེ༔ རྒྱུད་ལས༔ མི་གནས་མི་དམིགས་བློ་ལས་འདས༔ མི་བསྒོམ་མ་ཡེངས་རང་སར་བསྐྱངས༔ རྒྱུ་རྐྱེན་མཚན་མ་ངོ་བོར་དག༔ སྟོང་ཉིད་ཆོས་སྐུར་རང་ཞལ་མཇལ༔ ཅེས་པས་སྒོམ་གྱི་གཞིའམ་རྨང་ཐེངས་པ་ཞེས་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལྷག་མཐོང་ལ་ངེས་ཤེས་བསྐྱེད་པ་ནི་གསུམ་སྟེ༔ བཞག་ཐབས་དང་ངོ་བོ་ཉམས་མྱོང་ངོ་༔ དང་པོ་བཞག་ཐབས་ནི༔ ད་ལྟར་གྱི་ངོ་བོ་ཉིད་དེ་ལ་གང་ཤར་རང་མལ་དེའི་སྟེང་དུ་བཟང་ངན་གྱི་རྟོག་པས་མ་བསླད་པར་རང་ངོ་ལ་སང་ངེར་བཞག་ཅིང་༔ རྟོག་དང་མི་རྟོག་གནས་སམ་མི་གནས་འགྱུའམ་མི་འགྱུ་ལ་སོགས་པའི༔ རྟོག་པ་གང་ཡང་ཡིད་ལ་མི་བྱེད་ཅིང་༔ ཡིད་ལ་མི་བྱེད་སྙམ་པའི་འགྱུ་བ་ཕྲ་མོ་ཙམ་ཡང་མི་དམིགས་པར༔ གང་ཤར་གྱི་ངོ་བོ་དེ་སྟོང་ཉིད་དུ་ཆམ་མེར་རང་བཞིན་གྱི་མདངས་ཙམ་དུ་གསལ་ལེ་ཧྲིག་གེ་དུས་གསུམ་སྟོས་མེད་དུ་མཉམ་པར་བཞག་པར་བྱའོ༔ གཉིས་པ་ངོ་བོ་ཉིད་ཀྱི་གནས་ཚུལ་བསྟན་པ་ནི༔ དེ་ལྟར་མཉམ་པར་བཞག་ཚེ༔ སྟོང་ཉིད་དུ་ཆམ་མེ༔ འཛིན་མེད་དུ་ལྷུག་གེ༔ བརྗོད་མེད་དུ་ཁྲེ་སེ༔ ཡུལ་མེད་དུ་ཝལ་ལེ༔ འགག་མེད་དུ་ཟང་ཐལ་ལེ༔ རང་མདངས་སུ་རྗེན་ནེ་བ་འབྱུང་སྟེ༔ དེ་ལ་ལྷག་མཐོང་གི་ངོ་བོ་ཡང་དག་པ་ཟེར་སྟེ༔ བླ་མའི་མན་ངག་གིས་སྟོན་དུ་མི་ཐུབ་ཅིང་༔ སློབ་མའི་ཤེས་རབ་ཀྱིས་གོ་བར་མི་ནུས་པར༔ ངོ་བོ་ཉིད་མཐོང་དུ་ཡོད་ཅིང་ཚིག་གིས་སྨྲ་མི་ཤེས༔ ཉམས་སུ་མྱོང་དུ་ཡོད་ཅིང་འདི་ཞེས་མཚོན་དུ་མེད་པ་དེ་ལ༔ སངས་རྒྱས་རྣམས་ལ་ཀ་དག་གི་ཐུགས་ཞེས་བརྗོད་དེ༔ རང་གིས་རང་རིག་པའི་ཡེ་ཤེས་དེ་ཀློང་དུ་གྱུར་ཅིང་ཀུན་ཏུ་ཡང་དག་པར་སློང་དུ་གྱུར་པའོ༔ རྣལ་འབྱོར་པ་རྣམས་ཀྱི་རྟོགས་པ་ཞེས་བརྗོད་དེ༔ རང་གི་གནས་ལུགས་དེ་བཞིན་ཉིད་ཀྱི་དོན་རྟོགས་པའི་འགོ་ཙམ་མོ༔ སེམས་ཅན་རྣམས་ལ་ཀུན་གཞི་ཞེས་བཏགས་ཏེ༔ རང་གི་ངོ་བོ་དེ་རང་གིས་མ་རིག་པར་འཁྲུལ་ནས་དབང་པོ་སྒོ་ལྔ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སོགས་ཐམས་ཅད་འཕྲོ་བའི་གཞི་བྱེད་པའོ༔ རྒྱུད་ལས༔ ཆོས་སྐུ་ཀུན་བདག་ཀུན་ལས་རྒྱལ༔ འཁོར་འདས་གཉིས་ཀ་མིང་ཙམ་ཉིད༔ སེམས་ནི་སྤྲོས་བྲལ་གདོད་ནས་དག༔ ཅེས་སོ༔ གསུམ་པ་ཉམས་མྱོང་ནི༔ རྟོགས་པའི་གནས་ལུགས་དེའི་ངང་ལས་རྩལ་གདངས་གོ་མ་འགགས་པར་འགྱུ་རྟོག་གི་སྣང་བ་ཡང་སྣ་ཚོགས་སུ་འཕྲོ་ཞིང་༔ བཀག་ཀྱང་མི་ཁེགས་བཞག་ཀྱང་མི་སྡོད་པ་སོགས་ཀྱི་འགྱུ་རྟོག་ཇི་ལྟར་ཤར་ཡང་ཆབ་རོམ་གྱི་ངོ་བོ་ཆུའི་རང་བཞིན་ལས་གཞན་དུ་མི་གནས་པ་ལྟར༔ བརྟག་དཔྱད་དང་དགག་སྒྲུབ་ཅི་ཡང་མི་བྱེད་པར་རང་ངོ་རང་གསལ་ཙམ་པའི་ངང་དུ་གསལ་ལེ་ཧྲིག་གེར་བསྒོམས་པས་འགྱུ་རྟོག་སྣ་ཚོགས་ཆབ་ཕྲོམ་དང་འདྲ་བ་དེ་རྣམས༔ བརྗོད་མེད་དུ་ཤར་ཤར༔ སྟོང་ཉིད་དུ་བུན་བུན༔ རང་སར་རང་གྲོལ་དུ་ཆམ་ཆམ་གནས་ལུགས་ཀྱི་ངང་ལས་གཞན་དུ་མེད་པ་ནི་ཡང་དག་པའི་ཉམས་མྱོང་ངོ་༔རྒྱུད་ལས༔ དཔེར་ན་བར་སྣང་འཇའ་ཤར་ལྟར༔ ཉི་མ་དང་ནི་འོད་ཟེར་བཞིན༔ མི་གནས་མི་དམིགས་བློ་ལས་འདས༔ མི་བསྒོམ་མ་ཡེངས་རང་སར་བསྐྱངས༔ རྒྱུ་རྐྱེན་མཚན་མ་ངོ་བོར་དག༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཞི་ལྷག་ཟུང་འཇུག་གི་མཐར་ཕྱིན་བསྟན་པའི་རིམ་པ་ནི༔ དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་འཛིན་མེད་པས་རྟག་པའི་མཐའ་བསལ༔ རིག་པ་སྟོང་གསལ་མཐའ་བྲལ་དུ་རྟོགས་པས་ཆད་པའི་མཐའ་བསལ༔ མཐའ་བྲལ་གྱི་ངོ་བོར་རང་གསལ་རྗེན་པར་མཐོང་བས་གཉིས་ཀའི་མཐའ་བསལ༔ དེ་ཡང་རིག་པ་སྐད་ཅིག་མའི་སྟེང་དུ་ཐམས་ཅད་ཧྲིལ་གྱིས་གནས་པ་དེ་ལ་ཞི་ལྷག་ཟུང་དུ་འཇུག་པའི་ཡེ་ཤེས་ཆེན་པོ༔ སངས་རྒྱས་ཀྱི་དགོངས་པ་སྐྱོན་མེད་མཐར་ཕྱིན་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་གསུམ་སྟེ༔ གོལ་ས་གཅོད་པ་དང་༔ སྐྱོང་ཐབས་བསྟན་པ༔ ས་ལམ་གྱི་ཐོབ་ཚུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གོལ་ས་གཅོད་པ་ནི༔ དེ་ལྟར་གྱི་གནས་ལུགས་དམ་པ་དེ་ཉམས་སུ་བླངས་པའི་ཚེ༔ ཟག་བཅས་ཀྱི་ཉམས་གསུམ་འབྱུང་སྟེ༔ བདེ་བ་སྙམ་ཡོངས་སུ་བྱེད་པ་དང་༔ རེས་འགའ་གསལ་སྙམ་བྱེད་པ་དང་༔ རེས་འགའ་མི་རྟོག་པ་སྙམ་བྱེད་པ་གསུམ་འཆར་ཏེ༔ དེ་གསུམ་ནི་ཟག་མེད་ཀྱི་དགོངས་པ་དེ་རྟོགས་པའི་ཤུགས་ཀྱིས༔ གནས་ལུགས་ཀྱི་ཡེ་ཤེས་ལ་གདོད་མ་ནས་སྤྲོས་པས་དབེན་ཀྱང་༔ ད་ལྟར་གྱི་ཤ་ཁྲག་གི་དྲ་བ་འདིར་ཆུད་པའི་སྟོབས་ཀྱིས་ཡང་དག་པའི་ཡེ་ཤེས་དེ་རང་ངོ་འཕྲོད་པའི་མདངས་མ་འགགས་པ་ཕུང་པོའི་འབྱུང་བ་དང་འདྲེས་པས༔ ཉམས་ཀྱི་སྣང་བ་དེ་གསུམ་རང་ཤར་བ་ཡིན་པས༔ བདེ་བ་ལ་མ་ཆགས་པ༔ གསལ་བ་ལ་མི་རྟོག་པ༔ མི་རྟོག་པ་ལའང་མི་འཛིན་པར་བསྒོམ༔ དེ་ལྟར་མ་ཡིན་པར་ཉམས་བདེ་བ་ལ་ཆགས་ན་འདོད་ཁམས་སུ་གོལ༔ གསལ་བ་ལ་ཆགས་ན་གཟུགས་ཁམས་སུ་གོལ༔ མི་རྟོག་པ་ལ་ཆགས་ན་གཟུགས་མེད་ཀྱི་ཁམས་སུ་གོལ་བས༔ གནས་ལུགས་ངོ་འཕྲོད་ནས་གེགས་སེལ་ཞིང་གོལ་ས་འདི་གསུམ་ཆོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྐྱོང་ཐབས་བསྟན་པ་ནི༔ དེ་ལྟར་ཐ་མལ་གྱི་ཤེས་པ་རང་ངོར་སྣང་བའི་སོ་མ༔ གདོད་ནས་གྲུབ་པའི་རྣལ་མ་དེ་ཉམས་སུ་ལེན་ཚེ༔ འཕྲོ་འམ་རྒོད་ན་ཅུང་ཟད་རེ་སྒྲིམ༔ བྱིང་ངམ་རྨུགས་ན་བག་རེ་བསེང་༔ འབྱམས་སམ་འཐས་ན་ཅུང་ཟད་རེ་དྲུང་ཕྱུང་༔ བདེ་གསལ་གྱི་ཉམས་ལ་སོགས་པར་ཕཊ་ཅེས་བཤིག་ཅིང་ཡང་ལྟ་ཡང་སྐྱོང་༔ གེགས་སེལ་བ་དང་བོགས་འདོན་པ་ལ་ཕཊ་ཅེས་གང་ལའང་བརྗོད་ཅིང་སྐྱོང་༔ མདོར་ན་སྒོམ་གསལ་ལམ་མི་གསལ༔ བྱུང་ངམ་མ་བྱུང་༔ གནས་སམ་མི་གནས་བསམ་པའི་ཆ་ཕྲ་མོའི་འཛིན་པའང་སྤངས་ཏེ༔ ཤར་གྲོལ་འཛིན་མེད་བློ་བྲལ་གྱི་ངང་ལ་མ་བཅོས་པར་ཁད་ཀྱིས་བཞག་པར་བྱའོ༔ དེ་ཚེ་མཉམ་གཞག་གི་དུས་ན་གསལ་སྟོང་རིག་གསུམ་རྗེན་ནེ༔ རྗེས་ཐོབ་ཀྱི་དུས་ནའང་གཏད་མེད་དུ་བུན་ནེ༔ སྣང་སེམས་དབྱེར་མེད་དུ་ཆམ་མེར་འདུག་ན༔ གནས་ལུགས་ལ་དྲོད་ཐོབ་པའི་རྟོགས་པ་ཕལ་མོ་ཆེ་འབྱོངས་པ་ཡིན་ནོ༔ དེ་ཁོར་ར་ཁོར་ཡུག་ཏུ་རྣལ་མར་རྒྱུད་ལ་འབྱོངས་པ་ནི་དོན་གྱི་རྣལ་འབྱོར་པ་ཆེན་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ས་ལམ་གྱི་ཐོབ་ཚུལ་བསྟན་པ་ནི༔ གནས་ལུགས་ཆོས་ཉིད་ཀྱི་དོན་རྟོགས་པས་རྒྱུ་དང་འབྲས་བུར་བསྟན་པའི་ཆོས་རྣམས་ལ་ཡིད་ཆེས་ཤིང་༔ ཏིང་ངེ་འཛིན་དེའི་གནས་ལུགས་ལ་བྲོད་པ་ཐོབ་པ་ནི་ཚོགས་ལམ༔ དེ་ལྟར་དུ་ཉམས་སུ་བླངས་ཤིང་བསྒོམས་པས་རང་གི་སེམས་ཉིད་འདི་ཡུལ་མེད་རྩ་བྲལ་དུ་རང་གསལ་ཞིང་༔ སོ་སོར་ཡང་དག་པའི་ངོ་བོ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་མཐོང་ལམ༔ སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡུལ་མེད་ཆེན་པོར་གསལ་ཞིང་༔ ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དབྱིངས་སུ་དག་སྟེ༔ རྒྱུ་འབྲས་ལས་བྱུང་བའི་ཆོས་ཐམས་ཅད་སྟོང་པར་རྟོགས་པ་དེ་སྦྱོར་ལམ༔ སྣང་སེམས་གཅིག་ཏུ་འདྲེས་ཏེ་སྟོང་པ་རྒྱུ་འབྲས་སུ་ཤར་བས་རྟེན་འབྲེལ་མངོན་དུ་འགྱུར་ཞིང་༔ མཉམ་གཞག་གི་ཏིང་ངེ་འཛིན་ཡུལ་མེད༔ རྟེན་འབྲེལ་གྱི་རྩལ་སྣང་རྗེན་པར་གསལ་བ་ལ༔ རྗེས་ཐོབ་ཀྱི་དུས་ཡུལ་སྣང་ཕྲ་མོ་ཙམ་ཡོད་པ་བསྒོམ་པའི་ལམ་ཡིན་ཞིང་༔ དེ་ལ་རྒྱུན་བསྲིངས་པས་སྣང་སྲིད་འཁོར་འདས་ཐམས་ཅད་སྐྱེ་འགག་གཉིས་མེད་རྟོག་བརྗོད་ཀྱི་མཐའ་ཟད༔ རང་ངོར་གསལ་བ་མངོན་དུ་གྱུར་པས་ཤེས་བྱའི་སྒྲིབ་པ་དག་སྟེ༔ ཆོས་ཐམས་ཅད་ཡེ་ཤེས་སུ་འཆར་བའི་སྐད་ཅིག་མ་དེ་མཐར་ཕྱིན་པའི་ལམ་ཞེས་བྱ་བ༔ སངས་རྒྱས་ཀྱི་དགོངས་པ་ལ་མངོན་སུམ་དུ་སྤྱོད་པའི་གདམས་པ་ཚེ་འདིར་རྡོ་རྗེ་འཆང་ཆེན་པོ་འགྲུབ་པའི་ཆོས་མཆོག་ཟབ་མོའོ༔ རྒྱུད་ལས༔ རྒྱུ་རྐྱེན་མཚན་མ་རང་སར་དག༔ སྟོང་ཉིད་ཆོས་སྐུར་རང་ཞལ་མཇལ༔ མཐོང་མེད་མཐོང་བ་ཐུགས་རྗེ་ཆེ༔ བདེ་བ་ཆེན་པོར་ཡེ་སངས་རྒྱས༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་མ་རིག་མུན་སེལ་ཞེས་བྱ་བ་འདི༔ ཆོས་འཁོར་ཆེན་པོ་འབྱོངས་པའི་གྲོལ་སྟོན་དུ་སེམས་བསྐྱེད་གླིང་གི་གཙུག་ལག་ཁང་དུ༔ བོད་འབངས་རྣམས་ལ་གདམས་པའི་མན་ངག་མདོར་བསྡུས་ཏེ༔ བདག་འདྲ་པདྨས་ཤོག་སེར་དུ་བཏབ་ནས་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ སྲུང་མ་རྣམས་ཀྱིས་མེལ་ཚེ་མཛོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ།། །། སརྦ་མངྒ་ལཾ། །

སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ལམ་ཁྱེར།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ལམ་འཁྱེར་བཞུགས༔ འཕགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བའི་སྐུ་ལ་ཕྱག་འཚལ་ལོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ༔ སྣང་བ་ཐམས་ཅད་སྐུ་རུ་འཁྱེར༔ གཟུགས་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ སྐུ་མདོག་དཀར་སེར་དམར་ལྗང་ནག༔ མཐིང་ག་ལ་སོགས་སྣ་ཚོགས་མདོག༔ ཞལ་གཅིག་པ་ལ་ཕྱག་གཉིས་པ༔ ཡང་ན་ཕྱག་སྟོང་འཁོར་ལོས་སྒྱུར༔ སྤྱན་སྟོང་བསྐལ་བཟང་སངས་རྒྱས་སྟོང་༔ ཞལ་ནི་བཅུ་གཅིག་སྣ་ཚོགས་མདོག༔ ཡང་ན་ཞལ་གཅིག་ཕྱག་བཞི་པ༔ དམར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་༔ སྣང་སྲིད་འཇིག་རྟེན་གཞལ་ཡས་ཁང་༔ ཁམས་གསུམ་ཡེ་ནས་འཕགས་པའི་ཞིང་༔ མ་དག་སྣང་བ་གདོད་ནས་བྲལ༔ སྣང་སྟོང་གཉིས་མེད་ཟུང་འཇུག་དག༔ ཕྱི་སྣོད་འཇིག་རྟེན་ཞིང་དུ་འཁྱེར༔ ནང་བཅུད་སྐྱེ་འགྲོ་འཕགས་པའི་སྐུ༔ སྣང་བ་སྐུ་ཡི་འཁྱེར་སོས་བཟླ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ༔ སྒྲ་གྲག་ཐམས་ཅད་གསུང་དུ་འཁྱེར༔ འགྲོ་བའི་སྐད་དང་འབྱུང་བཞིའི་སྒྲ༔ རང་བྱུང་ཐུགས་རྗེ་ཆེན་པོའི་གསུང་༔ མ་ཎིའི་སྒྲ་དབྱངས་དི་རི་རི༔ ཨཱ་ལི་ཀཱ་ལིའི་རང་སྒྲ་སྟེ༔ གྲགས་སྟོང་བརྗོད་མེད་ལྷན་ཅིག་སྐྱེས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ དྲན་སེམས་ཐམས་ཅད་ཐུགས་སུ་འཁྱེར༔ དུག་ལྔ་རང་གྲོལ་ཡེ་ཤེས་ལྔ༔ དུག་གསུམ་སྐུ་གསུང་ཐུགས་རྡོ་རྗེ༔ ཐམས་ཅད་རང་གྲོལ་འཕགས་པའི་ཐུགས༔ ཟབ་མོ་ལྷན་སྐྱེས་ཕྱག་རྒྱ་ཆེ༔ མ་བཅོས་གཉུག་མ་སྤྱན་རས་གཟིགས༔ རང་སེམས་ཐུགས་རྗེ་ཆེན་པོའི་སྐུ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སྣང་སྲིད་འཁོར་འདས་འཕགས་པའི་ཞིང་༔ གདོད་ནས་སྟོང་པའི་དོན་ལ་སྟོས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ནང་བཅུད་སྐྱེ་འགྲོ་ལྷ་ཡི་སྐུ༔ གཟུགས་སྣང་སྟོང་པའི་དོན་ལ་ལྟོས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ རང་སེམས་ཐུགས་རྗེ་ཆེན་པོ་སྟེ༔ ཆོས་ཉིད་རང་བྱུང་དོན་ལ་ལྟོས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འགྲོ་འདུག་སྐོར་བའི་འཁྱེར་སོ་སྟེ༔ ལངས་འདུག་ལྷ་ཕྱག་རྒྱུན་ཆད་མེད༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཟའ་བ་ཚོགས་ཀྱི་རང་བཞིན་ཏེ༔ བཏུང་བ་ཡོན་ཆབ་བདུད་རྩིར་བསྒྱུར༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེ་སྡང་མེ་ལོང་ཡེ་ཤེས་ཏེ༔ མི་བསྐྱོད་ཐུགས་རྗེ་ཆེན་པོར་ཤར༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་ཏེ༔ རིན་འབྱུང་ཐུགས་རྗེ་ཆེན་པོའི་སྐུ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འདོད་ཆགས་སོར་རྟོག་ཡེ་ཤེས་ཏེ༔ སྣང་བ་མཐའ་ཡས་སྤྱན་རས་གཟིགས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་ཏེ༔ དོན་གྲུབ་ཐུགས་རྗེ་ཆེན་པོའི་སྐུ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་ཏེ༔ བྷུདྡྷ་ཐུགས་རྗེ་ཆེན་པོའི་སྐུ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བཟླ་ཞིང་ཚིག་དོན་གྱི་དགོངས་པ་ཀློང་དུ་འཁྱོལ་ཐབས་ཀྱི་ཉམས་ལེན་ལ་འབད་པས༔ གཟུགས་སྣང་ཐམས་ཅད་རང་སར་གྲོལ་ནས༔ འཕགས་པ་མ་རིག་མུན་སེལ་དང་གཉིས་སུ་མེད་པས་གྲོལ་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་ནས་སྤྱན་དྲངས་པའོ༔ མངྒ་ལཾ།།

དབང་ཆོག་སྐལ་ལྡན་མྱུར་གྲོལ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ དབང་ཆོག་སྐལ་ལྡན་མྱུར་གྲོལ་བཞུགས༔ ཐུགས་རྗེ་ཆེན་པོ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་ལ་ཕྱག་འཚལ་ལོ༔ སྨིན་བྱེད་དབང་གི་ཆོ་ག་སྐལ་ལྡན་མྱུར་གྲོལ་འདི་ལ་དོན་རྣམ་པ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ དང་པོ་ཐུན་མོང་གི་རིམ་པ་ནི་སྒྲུབ་ཆེན་ལྟར་བྱ་ཞིང་༔ གཉིས་པ་ཐུན་མོང་མ་ཡིན་པའི་རིམ་པ་ལ་བཞི་སྟེ༔ གསོལ་བ་གདབ་པ་ལྷར་བསྐྱེད་པ་ཡེ་ཤེས་པ་དབབ་པ་རྒྱས་གདབ་པའོ༔ ས་མ་ཡཱ༔ རྒྱ༔ དང་པོ་གསོལ་བ་གདབ་པ་ནི༔ བླ་མ་ལྷ་དང་དབྱེར་མེད་དུ་གསལ་ཞིང་མོས་གུས་ཐུན་མོང་མ་ཡིན་པ་བསྐྱེད་དེ༔ དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་བླ་མ་སྐུ་བཞིའི་བདག༔ ཡེ་ཤེས་ཁྱབ་བདག་རྡོ་རྗེ་འཆང་༔ དབང་བཞིའི་སྨིན་གྲོལ་དངོས་གྲུབ་མཆོག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་གདབ༔ གཉིས་པ་སློབ་བུ་རྣམས་ལྷ་བསྐྱེད་པ་ནི༔ འབྱུང་བ་ལྔ་འདུས་པའི་ཕུང་པོ་འདི་སྟོང་པའི་ངང་ལས་རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔ རིན་པོ་ཆེའི་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་ཀྱིས་ཡོངས་སུ་རྫོགས་པས་བརྒྱན་པ་ཞིག་ཏུ་གསལ་བའི་དབུས་ཕྱོགས་ཆོས་དབྱིངས་འཁོར་ལོའི་དཀྱིལ་དུ་སེམས་ཉིད་གསལ་སྟོང་སྤྲོས་དང་བྲལ་བའི་ཆ་ལས་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་མངོན་རྟོགས་ལྟར་གསལ་ཞིང་༔ ཡན་ལག་གི་སྒོ་ལ་རིགས་བཞིའི་ཁྲག་འཐུང་༔ བ་སྤུའི་འོད་ཀློང་རེ་རེ་ན་ཡང་དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་མངོན་སུམ་དུ་བསྐྱེད་ཅིང་སྣང་སྟོང་སྤྲོས་བྲལ་གྱི་ངང་ནས་ལྷམ་མེར་བསྒོམ་མོ༔ གསུམ་པ་ཡེ་ཤེས་པ་དབབ་པ་ནི༔ དེ་ལྟར་དུ་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་མཆོག་དང་༔ ཕོ་བྲང་རི་བོ་ཏ་ལ་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཐམས་ཅད་ནས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ངང་ལས་འགག་མེད་འགྲོ་བའི་དོན་དུ་ཐུགས་རྗེ་ཡེ་ཤེས་སེམས་དཔའི་ཚོགས་རྣམས་ཉི་ཟླ་གཟའ་སྐར་འཇའ་ཚོན་ལྟར་ཤར༔ མོས་པའི་གདུང་ཤུགས་བསྐྱེད་པའི་མཐུས་ལྷོ་སྤྲིན་ལྟར་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་བསྟིམ༔ གསོལ་བ་རྩེ་གཅིག་ཏུ་བཏབ་པའི་དབང་གིས་ཆར་སྤྲིན་ལྟར་བབས་ནས་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ཐིམ་པར་བསྒོམ་ཞིང་དྲི་བཟང་གི་དུད་པ་གཏོང་༔ སྙན་པའི་རོལ་མོ་ལྡིར་སྤྱན་འདྲེན་གྱི་ཚིག་གིས་ཐུགས་དམ་བསྐུལ་བར་བྱའོ༔ བཞི་པ་རྒྱས་གདབ་པ་ནི༔ ཡེ་ཤེས་སེམས་དཔའ་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་དགོངས་པ་སྤྲོས་བྲལ་གྱི་ངོ་བོ་དེ་དང་༔ དམ་ཚིག་སེམས་དཔའ་རང་རང་གི་རིག་པ་སྟོང་ཞིང་བདག་མེད་པ་དེ་གཉིས་དབྱེར་མེད་གཅིག་ཏུ་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་ཏེ་གཉིས་སུ་མེད་པར་བསམས་ཤིང་༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པས་སློབ་བུའི་གནས་ལྔར་རྒྱས་གདབ་ཅིང་༔ ཧཱུྃ༔ རང་བྱུང་རྡོ་རྗེ་ཡེ་ཤེས་སེམས༔ དམ་ཚིག་རང་རིག་དྲི་མ་མེད༔ གདོད་ནས་ངོ་བོ་དབྱེ་བསལ་བྲལ༔ མི་འགྱུར་རྡོ་རྗེ་ཆོས་དབྱིངས་ཐུགས༔ འཕོ་འགྱུར་མེད་པ་ཡང་དག་པར༔ བྱང་ཆུབ་རྡོ་རྗེ་མཆོག་རྒྱས་འདེབས༔ བཛྲ་ཛྙ་ན་སིདྡྷི་རཀྵ་ཧཱུྃ༔ ཅེས་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་དབང་བསྐུར་བའི་རིམ་པ་ལ་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སོ༔ དང་པོ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ནི༔ རྣམ་རྒྱལ་བུམ་པ་སློབ་མའི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ གདོད་ནས་དག་པ་ཆོས་དབྱིངས་བུམ་པའི་ནང་༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ རྒྱལ་བ་རྒྱ་མཚོ་འདུས་པའི་དབང་ཐོབ་སྟེ༔ སྣང་སྟོང་བསྐྱེད་རིམ་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿ ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་ཆུ་ངག་ཏུ་བླུད༔ དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ དེ་བཞིན་གཤེགས་པ་འཁོར་འདས་ཡོངས་ཀྱི་བདག༔ སྐུ་གསུམ་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ༔ འཕགས་པ་མ་རིག་མུན་སེལ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ སྐུ་ཡི་དབང་མཆོག་ཡོངས་རྫོགས་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ཏེ༔ ཧཱུྃ༔ ཆོས་སྐུ་མི་འགྱུར་རྒྱལ་བ་འོད་དཔག་མེད༔ རིགས་ཀྱི་བདག་པོ་དམར་གསལ་མཚན་དཔེས་རྒྱན༔ ཆོས་དབྱིངས་ངོ་བོ་བདེ་བ་ཆེན་པོའི་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཆོས་སྐུའི་སངས་རྒྱས་རིགས་བདག་དབང་ཐོབ་ཤོག༔ ཨཱོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲས་པོ་ནོར་བུ་འཛིན་པས་དབང་བསྐུར་བ་ནི༔ ཧཱུྃ༔ ཐུགས་ལས་སྤྲུལ་པ་སྲས་མཆོག་བྱང་ཆུབ་སེམས༔ སྐུ་མདོག་དམར་གསལ་མདངས་ལྡན་པད་ཕྲེང་འདྲེན༔ ཞབས་གཉིས་ཕྱེད་སྐྱིལ་རྒྱན་རྫོགས་ཅོད་པན་འཕུར༔ རྒྱས་སྲས་དམ་པ་མཆོག་གི་དབང་བསྐུར་བས༔ བྱང་ཆུབ་སེམས་དཔའ་ཐབས་ཀྱིདབང་ཐོབ་ཤོག༔ ཨོཾ་མ་ཎི་བྷོ་དྷི་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲས་མོ་རིག་སྔགས་འཛིན་མས་དབང་བསྐུར་བ་ནི༔ ཧཱུྃ༔ གཉིས་མེད་སྤྲུལ་པའི་སྲས་མོ་གསང་སྔགས་འཛིན༔ ཞལ་འཛུམ་མདངས་ལྡན་དཀར་དམར་མཛེས་པའི་སྐུ༔ དབང་གི་ཕྲེང་བ་དམར་པོ་ཕྱག་ན་འདྲེན༔ མེ་ཏོག་ཕྲེང་བ་རིན་ཆེན་རྒྱན་གྱིས་བརྒྱན༔ བྱང་ཆུབ་སེམས་མ་མཆོག་གི་དབང་བ སྐུར་བས༔ ཐུགས་རྗེ་ཤེས་རབ་རྣམ་དག་དབང་ཐོབ་ཤོག༔ ཨཱོཾ་བྷོ་དྷི་མུཾ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྟ་མགྲིན་དམར་པོས་དབང་སྐུར་བ་ནི༔ ཧཱུྃ༔ མི་བཟད་འབར་བ་ཁྲོ་བོ་པདྨ་དབང་༔ སྐུ་མདོག་དམར་པོ་གྲི་གུག་ཐོད་ཁྲག་ཐོགས༔ དུར་ཁྲོད་ཆས་ལྡན་དབང་གི་རྟ་སྐད་འཚེར༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཡི་དམ་རྟ་མགྲིན་དམར་པོའི་དབང་ཐོབ་ཤོག༔ ཨཱོཾ་ཧྱ་གྷྲི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྣམ་སྣང་གི་དབང་བསྐུར་བ་ནི༔ ཧཱུྃ༔ རྣམ་སྣང་དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ སངས་རྒྱས་མཁའ་འགྲོ་དབྱིངས་ཕྱུག་དཀར་མོ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའ་ིདབང་བསྐུར་བས༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོཾ་ཛཱི་ན་ཛིཀ་ལཾ་ཏེ་ཤྭ་ར་ཏི༔ ཨ་བྷི་ཥིཉྩ་ཧཱུྃ༔ མི་བསྐྱོད་པས་དབང་བསྐུར་བ་ནི༔ ཧཱུྃ༔ མི་བསྐྱོད་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ སངས་རྒྱས་སྤྱན་མ་མཐིང་སྐྱ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོཾ་བཛྲ་དྷྲིཀ་མུཾ་དྷཪྟུ་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་འབྱུང་གི་དབང་བསྐུར་བ་ནི༔ ཧཱུྃ༔ རིན་འབྱུང་སེར་པོ་རིན་ཆེན་དྲིལ་བུ་འཛིན༔ མཱ་ཀི་སེར་སྐྱ་གཉིས་སུ་མེད་པར་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ སྭ་རཏྣ་དྷྲིཀ་པྱཾ་ར་ག་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣང་མཐས་དབང་བསྐུར་བ་ནི༔ ཧཱུྃ༔ སྣང་མཐའ་དམར་པོ་པདྨ་དྲིལ་བུ་འཛིན༔ གོས་དཀར་དམར་སྐྱ་གཉིས་མེད་སྐུ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨཱོཾ་ཨ་རོ་ལཱ ི ཀ་མཾ་མོ་ཧ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དོན་གྲུབ་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ དོན་གྲུབ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ དམ་ཚིག་སྒྲོལ་མ་ལྗང་སྐྱ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧ་པྲཛྙ་དྷྲིཀ་ཏཱཾ་བཛྲ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སའི་སྙིང་པོ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ས་སྙིང་དཀར་པོ་རིན་ཆེན་མྱུ་གུ་འཛིན༔ ལཱ་སེ་དཀར་མོ་མེ་ལོང་ཕྱག་རྒྱ་འཆང་༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཀྵི་ཧི་རཱ་ཛ་ཡ་ཧཱུྃ་ལཱ་སེ་ས་མ་ཡ་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནམ་མཁའི་སྙིང་པོ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ནམ་སྙིང་སེར་པོ་རལ་གྲི་དྲིལ་བུ་འཛིན༔ དྷཱུ་པེ་སེར་མོ་སྤོས་ཁང་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་བརླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཏྲཱྃ་ཨ་གརྦྷཱ་ཡ༔ ཏྲཾ་མ་ལེ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྱན་རས་གཟིགས་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ སྤྱན་གཟིགས་དམར་པོ་པདྨ་དྲིལ་བུ་འཛིན༔ གིརྟི་དམར་མོ་པི་ཝང་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཧྲཱིཿཔདྨ་བྷ་ཏ་དྷ་ར་ཧྲཱི་གིརྟི་ར་ཧོ་ཧཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་ན་རྡོ་རྗེ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ཕྱག་རྡོར་ལྗང་གུ་རྡོ་རྗེ་དྲིལ་བུ་འཛིན༔ ནེ་ཏི་ལྗང་མོ་ཞལ་ཟས་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཛིཾ་ཀུ་རུ་པ་ནི་ཧྲཱི༔ ཨ་ནིརྟི་ར་ག་ཡ་མི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱམས་པ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ བྱམས་པ་དཀར་པོ་ཀླུ་ཤིང་དྲིལ་བུ་འཛིན༔ པུཥྤེ་དཀར་མོ་མེ་ཏོག་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ མཻ་ཏྲི་དྷཱ་ར་ནི་སྭཱ་ཧཱ༔ ཛ་དྷུ་པེ་པྲ་ཝེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲིབ་སེལ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ སྒྲིབ་སེལ་དཀར་པོ་པོ་ཏི་དྲིལ་བུ་འཛིན༔ གྷན་དྷེ་དཀར་མོ་དུང་ཕོར་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ བྷ་ནི་ས་རཾ་པ་ན་ཡེ་སྭཱ་ཧཱ༔ བྃ་དཱི་པྃ་སུ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ཀུན་བཟང་མཐིང་ག་རིན་ཆེན་དྲིལ་བུ་འཛིན༔ མཱ་ལེ་མཐིང་སྐྱ་ཕྲེང་བའི་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཨཱོཾ་པྲ་ཏྲ་བྷ་དྲ་ཡ་ཧཱུྃ་པུསྤེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཇམ་དཔལ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ འཇམ་དཔལ་སེར་པོ་ཨུཏྤལ་དྲིལ་བུ་འཛིན༔ ཨཱ་ལོ་དམར་སེར་མར་མེའི་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ མུཾ་ཤྲཱི་རཱ་ག་ཡ་སྭཱ་ཧཱ༔ ཧོ་གྷནྡྷེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷའི་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ ལྷ་ཡི་ཐུབ་པ་དཀར་པོ་པི་ཝཾ་བསྣམས༔ ང་རྒྱལ་དག་པ་ལྷ་དབང་བརྒྱ་བྱིན་དབང་༔ ལྷ་ཡི་འཇིག་རྟེན་བལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་ཀྲེཾ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་མིན་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ ལྷ་མིན་ཐུབ་པ་ལྗང་གུ་གོ་མཚོན་བསྣམས༔ ཕྲག་དོག་དག་པ་ཐགས་བཟང་རིས་ཀྱི་དབང་༔ ལྷ་མིན་འཇིག་རྟེན་བལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ མིའི་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ མི་ཡི་ཐུབ་པ་གསེར་མདོག་མཁར་གསིལ་བསྣམས༔ འདོད་ཆགས་དག་པ་ཤཱཀྱ་ཐུབ་པའི་དབང་༔ མི་ཡི་འཇིག་རྟེན་བལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དུད་འགྲོའི་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ དུད་འགྲོའི་ཐུབ་པ་མཐིང་ག་པོ་ཏི་བསྣམས༔ གཏི་མུག་དག་པ་སེང་གེ་རབ་བརྟན་དབང་༔ དུད་འགྲོའི་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཡི་དྭགས་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ ཡི་དྭགས་ཐུབ་པ་དམར་པོ་སྒྲོམ་བུ་བསྣམས༔ སེར་སྣ་དག་པ་ཁ་འབར་སྒྲོམ་བུའི་དབང་༔ ཡི་དྭགས་འཇིག་རྟེན་བལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དམྱལ་བའི་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་བསྣམས༔ ཞེ་སྡང་དག་པ་ཆོས་ཀྱི་རྒྱལ་པོའི་དབང་༔ དམྱལ་བའི་འཇིག་རྟེན་བལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དུས་གསུམ་སངས་རྒྱས་སམ་སངས་རྒྱས་སྟོང་གི་སྐུའི་ཙཀ་ལི་ཐོགས་ཤིང་༔ བསྐལ་པའི་དུས་སྟོན་པའི་སྐུ་མདོག་ཕྱག་མཚན་སྨོན་ལམ་གྱི་མཛད་པ་ཆོས་ཀྱི་འཁོར་ལོ་སོགས་ཀྱི་ཚིགས་སུ་བཅད་པའི་མཐར་མཚན་སྔགས་སྦྱར་ཞིང་དབང་བསྐུར་བར་བྱའོ༔ དེ་ནས་བཛྲ་ཧེ་རུ་ཀས་དབང་བསྐུར་བ་ནི༔ ཧཱུྃ༔ བཛྲ་ཁྲག་འཐུང་དཀར་པོ་རྡོར་དྲིལ་བསྣམས༔ བཛྲ་ཀྲོ་ཏཱི་དཀར་མོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པས་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རཏྣ་ཧེ་རུ་ཀས་དབང་བསྐུར་བ་ནི༔ ཧཱུྃ༔ རཏྣ་ཁྲག་འཐུང་སེར་པོ་རིན་ཆེན་དྲིལ༔ རཏྣ་ཀྲོ་ཏཱི་སེར་མོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པས་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་པདྨ་ཧེ་རུ་ཀས་དབང་བསྐུར་བ་ནི༔ ཧཱུྃ༔ པདྨ་ཁྲག་འཐུང་དམར་པོ་པདྨ་འཁྲིལ༔ པདྨ་ཀྲོ་ཏི་དམར་པོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པས་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀརྨ་ཧེ་རུ་ཀས་དབང་བསྐུར་བ་ནི༔ ཧཱུྃ༔ ཀརྨ་ཁྲག་འཐུང་ལྗང་གུ་རྒྱ་གྲམ་དྲིལ༔ ཀརྨ་ཀྲོ་ཏི་ལྗང་མོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པས་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨཱོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་སྤྲོས་མེད་གསུང་གི་དབང་བསྐུར་བ་ནི༔ བདུད་རྩི་མགྲིན་པར་བཞག་ཅིང་ངག་ཏུ་བླུད་དེ༔ ཧཱུྃ༔ རང་བྱུང་བྷན་དྷ་ཡངས་བའི་སྣོད་མཆོག་ཏུ༔ ཆོས་ཉིད་རྣམ་པར་དག་པའི་བདུད་རྩིས་བརྒྱན༔ སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ རྒྱལ་བ་རྣམས་ཀྱི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥཉྩ་ཧཱུྃ༔ ཡི་གེ་ཨཱོཾ་གཏད་ཅིང་༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོ་ལས༔ དུག་ལྔ་རྣམ་དག་སྐུ་ལྔ་ཡེ་ཤེས་མདངས༔ འགག་མེད་རང་ཤར་ས་བོན་ཡི་གེ་ཨཱོཾ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ཨཱོཾ་ཨཱོཾ་ཨཱོཾ༔ ཅེས་བརྗོད་དོ༔ དེ་ནས་ཨཱཿགཏད་ཅིང་༔ ཧཱུྃ༔ སྒྲ་གྲགས་རང་བྱུང་མཚོན་བརྗོད་ཀུན་བྲལ་ཡང་༔ གྲག་སྟོང་བརྗོད་མེད་རང་གྲོལ་རང་ཤར་བ༔ གསུང་དབྱངས་ཡེ་ཤེས་ས་བོན་རང་ཤར་ཨཱ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསུངས་དབྱངས་རྣམ་དག་ཆེན་པོའི་དབང་ཐོབ་ཤོག༔ ཨཱ་ཨཱ་ཨཱ༔སོགས༔ དེ་ནས་ཧཱུྃ་གཏད་ཅིང་༔ ཧཱུྃ༔ གདོད་ནས་མི་དམིགས་སྤྲོས་བྲལ་དེ་བཞིན་གཤེགས༔ འཁོར་འདས་ཡོངས་ཁྱབ་ཡོངས་གྲོལ་ངོ་བོ་ཉིད༔ མ་བཅོས་རང་ཤར་ས་བོན་ཡི་གེ་ཧཱུྃ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ཡི་ཡེ་གེ་ཧྲཱིཿགཏད་ཅིང་༔ ཧཱུྃ༔ ཉག་ཅིག་ཀློང་ནས་འཁོར་འདས་ཐམས་ཅད་ཤར༔ ཤར་གྲོལ་ཀློང་ཐིམ་གང་ལ་གང་འདུལ་སྟོན༔ རབ་འབྱམས་འགྲོ་བ་འདྲེན་པའི་ནུས་མཐུར་ལྡན༔ སྤྲུལ་པས་འགྲོ་འདུལ་ས་བོན་ཡི་གེ་ཧྲཱི༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག༔ ཧྲཱིཿཧྲཱིཿཧྲཱིཿ དེ་ནས་འབྲུ་དྲུག་གི་ཨཱོཾ་གཏད་ཅིང་༔ ཧཱུྃ༔ མ་རིག་འཁྲུལ་པས་ང་རྒྱལ་ལས་ཀྱིས་ཁྱེར༔ སྲིད་པ་ལྷ་ཡི་འཇིག་རྟེན་མངོན་སུམ་གྲུབ༔ ང་རྒྱལ་སྦྱོང་བྱེད་ཚད་མེད་བཞི་ལྡན་ཨཱོཾ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ང་རྒྱལ་དག་པ་མཉམ་ཉིད་དབང་ཐོབ་ཤོག༔ དེ་ནས་མ་གཏད་ཅིང་༔ ཧཱུྃ༔ མ་རིག་འཁྲུལ་པས་ཕྲག་དོག་ལས་ཀྱིས་ཁྱེར༔ སྲིད་པ་ལྷ་མིན་འཇིག་རྟེན་མངོན་སུམ་གྲུབ༔ ཕྲག་དོག་སྦྱོང་བྱེད་བྱང་ཆུབ་ས་བོན་མ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲག་དོག་དག་པ་བྱ་གྲུབ་དབང་ཐོབ་ཤོག༔ དེ་ནས་ཎི་གཏད་ཅིང་༔ ཧཱུྃ༔ མ་རིག་འཁྲུལ་པས་འདོད་ཆགས་ལས་ཀྱིས་ཁྱེར༔ སྲིད་པ་མི་ཡི་འཇིག་རྟེན་མངོན་སུམ་གྲུབ༔ འདོད་ཆགས་སྦྱོང་བྱེད་ས་བོན་ཡི་གེ་ཎི༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འདོད་ཆགས་དག་པ་སོར་རྟོག་དབང་ཐོབ་ཤོག༔ དེ་ནས་པད་གཏད་དེ༔ ཧཱུྃ༔ མ་རིག་འཁྲུལ་པས་གཏི་མུག་དབང་གིས་ཁྱེར༔ སྲིད་པ་དུད་འགྲོའི་འཇིག་རྟེན་མངོན་སུམ་གྲུབ༔ གཏི་མུག་སྦྱོང་བྱེད་ས་བོན་ཡི་གེ་པད༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཏི་མུག་དག་པ་ཆོས་དབྱིངས་དབང་ཐོབ་ཤོག༔ དེ་ནས་མེ་གཏད་ལ༔ ཧཱུྃ༔ མ་རིག་འཁྲུལ་པས་སེར་སྣའི་ལས་ཀྱིས་ཁྱེར༔ སྲིད་པ་ཡི་དྭགས་འཇིག་རྟེན་མངོན་སུམ་གྲུབ༔ སེར་སྣ་སྦྱོང་བྱེད་ས་བོན་ཡི་གེ་མེ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སེར་སྣ་རང་གྲོལ་ཆགས་མེད་དབང་ཐོབ་ཤོག༔ དེ་ནས་ཧཱུྃ་གཏད་ལ༔ ཧཱུྃ༔ མ་རིག་འཁྲུལ་པས་ཞེ་སྡང་ལས་ཀྱིས་ཁྱེར༔ སྲིད་པ་དམྱལ་བའི་འཇིག་རྟེན་མངོན་སུམ་གྲུབ༔ ཞེ་སྡང་སྦྱོང་བྱེད་ས་བོན་ཡི་གེ་ཧཱུྃ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞེ་སྡང་དག་པ་མེ་ལོང་དབང་ཐོབ་ཤོག༔ གསུམ་པ་ཤིན་ཏུ་སྤྲོས་མེད་ཐུགས་ཀྱི་དབང་བསྐུར་བ་ནི༔ མེ་ལོང་ལ་གཙོ་བོའི་སྐུ་བསྟན་ཅིང་སློབ་བུའི་སྙིང་གར་བཞག་ལ༔ ཧཱུྃ༔ སྣང་བའི་ངོ་བོ་དག་པ་སྤྲོས་བྲལ་དབྱིངས༔ སྟོང་པའི་རྩལ་ཁ་འགག་མེད་སྤྱན་རས་གཟིགས༔ གཟུང་འཛིན་ཡོངས་བྲལ་སྣང་སྟོང་གཉིས་མེད་སྐུ༔ ཞེན་མེད་ཕྱོགས་བྲལ་རོ་གཅིག་འཕགས་པའི་ཐུགས༔ བརྗོད་མེད་ལྷན་སྐྱེས་རང་རིག་སོ་མ་འདི༔ འཕགས་པ་མཆོག་དང་གཉིས་སུ་མེད་པའི་དབང་༔ སྒོ་གསུམ་རང་གྲོལ་སྐུ་གསུང་ཐུགས་རྡོ་རྗེ༔ ཡེ་ཤེས་སྤྲོས་མེད་མཆོག་གི་དབང་ཐོབ་ཤོག༔ ཙིཏྟ་ཛྙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མ་ཆོས་བདུན་བཅས་ལ་བླ་མས་འདི་སྐད་དོ༔ ཧཱུྃ༔ མ་ཡེངས་བུ་ཁྱོད་རྩེ་གཅིག་ངང་ནས་ཉོན༔ སྣང་སྟོང་སྐུ་རུ་བསྒོམ་པས་བརྡོས་བཅས་གྲོལ༔ གྲག་སྟོང་སྔགས་སུ་བསྒྱུར་བས་ཡེ་ཤེས་རྒྱས༔ མི་རྟོག་མཉམ་པར་བཞག་པས་རེ་དོགས་བྲལ༔ ད་ནི་འཕགས་པ་མངོན་གྱུར་མཐར་ཕྱིན་ཆེ༔ མ་སྐྱེས་མི་འགག་རང་བྱུང་འོད་པོ་ཆེ༔ ནམ་ཡང་འགྱུར་མེད་མཆོག་འདི་རྟག་ཏུ་སྤྱོད༔ ཨཱ་ཨཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་དོ༔ བཞི་པ་ཡོན་ཏན་ཡོངས་རྫོགས་ཕྱག་མཚན་གྱི་དབང་ནི༔ རྡོ་རྗེ་གཏད་ཅིང་༔ ཧཱུྃ༔ ཡེ་ཤེས་ལས་བྱུང་ཐབས་ཀྱི་རྡོ་རྗེ་འདི༔ མཆོག་གྱུར་དམ་པ་མཆོག་གི་ཡོན་ཏན་བདག༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཐབས་མཆོག་རྡོ་རྗེའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་གཏད་ཅིང་༔ ཧཱུྃ༔ ཤེས་རབ་ལས་བྱུང་ཡེ་ཤེས་དྲིལ་བུ་འདི༔ ཤེས་བྱ་མཐར་ཕྱིན་རྣམ་དག་ཆགས་པ་མེད༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཐབས་མཆོག་དྲིལ་བུའི་དབང་ཐོབ་ཤོག༔ ཨཱོཾ་ཤཔྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྲེང་བ་གཏད་ཅིང་༔ ཧཱུྃ༔ ཐུགས་དམ་པདྨ་རཱ་གའི་ཕྲེང་བ་འདི༔ ཨཱ་ལི་ཀཱ་ལི་སྔགས་ཀྱི་ཡོན་ཏན་ལྡན༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་མི་བཟད་མཆོག་གི་དབང་ཐོབ་ཤོག༔ དབྱངས་གསལ་བྱེད་བཟླ་བ་དང་བསྙེན་སྒྲུབ་རྣམས་ཀྱི་བཟླས་ལུང་འབོགས༔ ཚེ་བུམ་གཏད་དེ༔ ཧཱུྃ༔ རིན་ཆེན་བྱི་རུའི་བུམ་པ་ཚེ་ཡི་རྟེན༔ འཆི་བ་མེད་པའི་དངོས་གྲུབ་འབྱུང་བའི་གནས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཚེ་བྷྲཱུཾ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་འཕྲིན་ལས་ཡོངས་རྫོགས་ཆས་ཀྱི་དབང་ནི༔ དབུ་རྒྱན་སྐོན་ཏེ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་སངས་རྒྱས་སྐུ་ལྔ་རྫོགས༔ རིགས་ལྔའི་པྲོག་ཞུ་རྒྱལ་ཚབ་འཕྲིན་ལས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་འཕྲིན་ལས་པྲོག་ཞུའི་དབང་ཐོབ་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྟོད་གཡོགས་སྨད་དཀྲིས་དར་དཔྱངས་གཏད་དེ༔ ཧཱུྃ༔ ལེ་བརྒན་སྟོད་གཡོགས་དར་དམར་ཤམ་ཐབས་བཅས༔ ལྔ་ལྡན་དར་གྱི་ཅོད་པན་ཆེན་པོ་འདིས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་འཕྲིན་ལས་ན་བཟའི་དབང་ཐོབ་ཤོག༔ ཨཱོཾ་ཝསྟྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྐུ་རྒྱན་རྣམས་གཏད་ལ༔ ཧཱུྃ༔ ཕྱག་ཞབས་གདུ་བུ་མགུལ་རྒྱན་དཔུང་བའི་རྒྱན༔ རིན་ཆེན་རུས་པའི་རྒྱན་ཆ་མེ་ཏོག་ཕྲེང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་འཕྲིན་ལས་རྒྱན་གྱི་དབང་ཐོབ་ཤོག༔ དེ་ནས་སྒྲུབ་ཡིག་གཏད་ཅིང་༔ ཧཱུྃ༔ ཞི་བ་རྒྱས་པ་དབང་དང་དྲག་པོའི་ལས༔ འཕྲིན་ལས་རབ་འབྱམས་གང་འདུལ་གཉེན་པོ་ཡིས༔ ཡོངས་འདུལ་སྒྲུབ་ཡིག་པོ་ཏིས་དབང་བསྐུར་བས༔ རྒྱལ་བའི་འཕྲིན་ལས་པོ་ཏིའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་སཏྭ་ཧཱུྃཨ་བྷི་ཥཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་ཏེ༔ ཧཱུྃ༔ བྷ་ལིང་གཏོར་མ་ལས་རྣམས་ཀུན་གྱི་བདག༔ འཕགས་པའི་ལྷ་དང་གཉིས་སུ་མེད་པ་འདིས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕགས་པའི་འཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་གཏོར་མ་དངོས་གྲུབ་ཏུ་རོལ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་འཁོར་བསྐོར་ཞིང་དབང་ཡོན་དབུལ༔ ཤིས་བརྗོད་དགའ་སྟོན་གླུ་བྲོ་བྱ༔ བསྔོ་བ་སྨོན་ལམ་མཐའ་རྒྱས་སྐྱོང་༔ དལ་བསྡུ་ལ་སོགས་ལས་རིམ་རྣམས༔ སྒྲུབ་ཁོག་ལས་བྱང་ལྟ་བུར་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྩོད་ལྡན་ཡང་མཐར་ལས་ཅན་བུས༔ གདམས་པ་ཟབ་པོ་འདི་འཕྲད་ནས༔ འགྲོ་བའི་དོན་ཆེན་བྱེད་པར་ཤོག༔ ཡེ་ཤེས་མགོན་པོས་དཀའ་འདི་སྐྱོངས༔ ལས་ཀྱི་མགོན་པོས་གཏེར་འདི་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་མེ་ཕོ་འབྲུག་གི་ལོ་ལ་སྤྱན་དྲངས་ཤིང་། ལྕགས་ཕོ་སྤྲེལ་ལོ་ཧོར་ཟླ་དྲུག་པའི་གནམ་གང་གི་ཉིན་མོ་ཤོག་སེར་ལས་ཞལ་བཤུས་པའོ།། སརྦ་མངྒ་ལཾ།། །།

དོན་དབང་མཐར་ཐུག་དབང་གི་སྙིང་པོ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ དོན་དབང་མཐར་ཐུག་དབང་གི་སྙིང་པོ་བཞུགས༔ འཕགས་པ་མ་རིག་མུན་སེལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ དྲོད་རྟགས་ལྡན་པའི་རྣལ་འབྱོར་པས༔ བཀྲ་ཤིས་ཤིང་ཡིད་དུ་འོང་བའི་གནས་སུ༔ མནྜལ་ལ་དྲི་བཟང་གིས་ཆག་ཆག་གདབ་ཅིང་བྱ་རྗེས་བཙལ་ཏེ་ཐིག་རྣམས་སྤྲོ༔ ཐུགས་རྗེ་ཆེན་པོའི་ཞིང་ཁམས་དང་ཕོ་བྲང་མངོན་སུམ་དུ་བསམས་ཤིང་༔ བྷི་ཤུདྡྷེ་མཎྜལ་ཛྙཱ་ན་ཙཀྲ་ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཅེས་བརྗོད་ཅིང་དཀྱིལ་འཁོར་བྲི༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད༔ དབུས་སུ་བུམ་པ་གཡས་སུ་བདུད་རྩི་གཡོན་དུ་གཏོར་མ༔ མདུན་དུ་མར་མེ་རྒྱབ་ཏུ་པྲོག་ཞུ་མཐའ་སྐོར་རྣམས་སུ་མཆོད་པ་སྣ་ཚོགས་བཤམས་ཤིང་༔ ཀཱ་ཡ་ཝཱཀྐ་ཙིཏྟ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཛྙ་ན་ཏིཥྛ་ལྷན༔ ཅེས་བརྗོད་ཅིང་དབང་རྫས་རྣམས་དཀྱིལ་འཁོར་ལ་འགོད་དོ༔ དེ་ནས་ལས་ཀྱི་གཞུང་བསྲང་བསྐྱེད་རིམ་གསལ་ཞིང་བསྙེན་སྒྲུབ་ཀྱི་འཛབ་ཅི་མང་བཟླ༔ ཚོགས་ཀྱི་འཁོར་ལོ། བསྐོར་ཞིང་ཏིང་ངེ་འཛིན་གྱིས་དབང་བཞི་བདག་འཇུག་ཏུ་བླང་༔ མི་དམིགས་པའི་ངང་ལ་མ་བཅོས་པར་དར་ཅིག་མཉམ་པར་གཞག༔ དེ་ནས་སློབ་མ་རྣམས་ལ་གདོང་གཡོགས་བཅིངས་ཤིང་ཕོ་བྲང་སྒོ་ནས་དབང་ཡོན་མེ་ཏོག་བཟང་པོ་ཐོགས་ལ་འདི་སྐད་ཞུའོ༔ ཀྱེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་མ་རིག་རྨོངས་པའི་བུ༔ ཁྱེད་ཀྱི་བརྩེ་བས་རྗེས་སུ་བཟུང་༔ འཁོར་བའི་འདམ་ནས་འདྲེན་དུ་གསོལ༔ སྨིན་གྲོལ་དངོས་གྲུབ་སྩལ་དུ་གསོལ༔ ཅེས་ཞུས༔ སློབ་དཔོན་གྱིས་གནང་བ་སྦྱིན༔ ཧོ༔ ཁྱེད་རྣམས་སྐལ་བར་ལྡན་ལགས་སམ༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ ལས་ལྡན་རིགས་ཀྱི་བུ་ཡིན་ན༔ ཁྱེད་རྣམས་ཕོ་བྲང་ནང་འདིར་ཤོག༔ སྨིན་གྲོལ་མཆོག་ཐུན་སིདྡྷི་སྦྱིན༔ ཅེས་བརྗོད་སློབ་བུ་རྣམས་གྲལ་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་དབུལ་ཞིང་རྩེ་གཅིག་ཉན༔ ཆོས་དང་བརྒྱུད་པའི་ལོ་རྒྱུས་བརྗོད༔ དབང་དོན་གསོལ་བ་འདི་ལྟར་གདབ༔ ཧོ༔ རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ འཕགས་པ་མ་རིག་མུན་སེལ་གྱི༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཁྱེད་ཀྱིས་བརྩེ་བས་བདག་སྐྱོངས་ཤིག༔ ཅེས་བརྗོད་སློབ་མའི་རྒྱུད་དག་ཕྱིར༔ ལས་བྱང་བཞིན་དུ་སྐྱབས་སེམས་འབོགས༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ མིག་དར་དབྱེ་ཞིང་དཀྱིལ་འཁོར་སྟོན༔ དམ་ཚིག་ལྷ་རུ་སློབ་བུ་བསྐྱེད༔ ཡེ་ཤེས་བསྟིམ་ཞིང་རྒྱས་ཀྱང་གདབ༔ བུམ་པ་མགོར་བཞག་འདི་སྐད་དོ༔ ཧཱུྃ༔ མཚན་ལྡན་བུམ་པ་ཆོས་ཀྱི་དབྱིངས༔ འཕགས་པའི་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མ་རིག་མུན་སེལ་ལྷ་ཚོགས་ཀྱི༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་ངག་ཏུ་བླུད༔ བྷནྡྷ་མགྲིན་པར་བཞག་ཅིང་༔ ཧཱུྃ༔ བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ རང་བྱུང་དག་པ་ཨ་མྲྀ་ཏ༔ སངས་རྒྱས་ཀུན་གྱི་གསང་བའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན༔ མར་མེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཀོང་བུ་རུ༔ རྒྱུ་མཆོག་རང་བྱུང་ཡེ་ཤེས་མེ༔ མཁྱེན་དང་བརྩེ་བའི་ཐུགས་རྗེའི་དཔལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་མ་རིག་མུན་སེལ་གྱི༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཐོགས་ཏེ༔ ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཡོན་ཏན་རབ་འབྱམས་འཕྲིན་ལས་བཞིའི༔ རིན་ཆེན་རྒྱན་མཆོག་པྲོག་ཞུའི་དབང་༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ ཡོན་ཏན་ཀུན་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་ཨ་བྷི་ཥཉྩ་ཧཱུྃ༔ གཏོར་མ་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་སྣོད་དུ་བྷ་ལིངྟ༔ ཡི་དམ་ལྷ་དང་གཉིས་སུ་མེད༔ ཡོངས་རྫོགས་འཕྲིན་ལས་ཐོགས་མེད་དབང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཕགས་པ་མ་རིག་མུན་སེལ་གྱི༔ འཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཚོགས་འོད་ཞུ་སློབ་མར་བསྟིམ༔ འཕགས་པའི་སྐུ་རུ་གྱུར་པར་བསམས༔ གཏོར་མ་དངོས་གྲུབ་ཚུལ་གྱིས་རོལ༔ བཀའ་དྲིན་ཁུར་ཞིང་དབང་ཡོན་འབུལ༔ དམ་ཚིགས་བསྲུང་ཞིང་བསྙེན་གྲུབ་བརྩམ༔ འཕགས་པའི་དྲོད་ཐོབ་རྣལ་འབྱོར་པས༔ སྣོད་དང་ལྡན་པའི་སློབ་བུ་ལ༔ མཐར་ཐུག་དབང་གི་སྙིང་པོ་འདི༔ ལན་ག ཅིག་འབྲེལ་བའི་སྐལ་ལྡན་རྣམས༔ མི་དགེ་བཅུ་ཡི་ལས་སྒྲིབ་འདག༔ མཚམས་མེད་ལྔ་ཡི་ཉེས་པ་བྱང་༔ དམ་ཚིག་ཉམས་ཆག་རྟོག་སྒྲིབ་སྐོངས༔ མཐར་ཐུག་འཕགས་པའི་ཞིང་དུ་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་མེ་ཕོ་འབྲུག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེལ་ལོའི་དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་གསུམ་གྱི་ཉིན་མདོ་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་བོད་ཡིག་ཏུ་ཕབ་པའོ།། སརྦ་མངྒ་ལཾ།། །།

ལས་བྱང་ཀུན་འདུས་ནོར་བུའི་ཕྲེང་།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ལས་བྱང་ཀུན་འདུས་ནོར་བུའི་ཕྲེང་བ་བཞུགས༔ མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་པ་གཉིས་བྱང་བའི་ཆེད་དུ༔ མཆོད་བསྟོད་ལས་བྱང་གི་ཆོ་ག་ཀུན་འདུས་ནོར་བུའི་ཕྲེང་བ་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་དགུ་སྟེ༔ སྐྱབས་སུ་འགྲོ་བ་དང་༔ སེམས་བསྐྱེད་པ༔ བཀའ་བསྒོ་བ༔ མཚམས་གཅོད་པ༔ མཆོད་པ་བྱིན་བརླབ༔ དམ་བཅའ་བ༔ བརྡ་སྒོ་དབྱེ་བ༔ བརྡ་ཕྱག་འཚལ་བ༔ དམ་བཤགས་འབུལ་བའོ༔ ས་མ་ཡཱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་བཅོ་ལྔ་སྟེ༔ ཏིང་ངེ་འཛིན་གསུམ༔ གཞལ་ཡས་ཁང་བསྐྱེད་པ༔ ལྷ་ཚོགས་བསྐྱེད་པ༔ སྤྱན་འདྲེན་པ༔ བཞུགས་སུ་གསོལ་བ༔ ཕྱག་འཚལ་བ༔ ཕྱིའི་མཆོད་པ༔ ནང་གི་མཆོད་པ༔ གསང་བའི་མཆོད་པ༔ བསྟོད་པས་བསྟོད་པ༔ འཛབ་བཟླ་བ༔ ཐུགས་དམ་བསྐུལ་བ༔ དངོས་གྲུབ་ཞུ་བའོ༔ ས་མ་ཡཱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་གསུམ་སྟེ༔ ཚོགས་བྱིན་གྱིས་བརླབ་པ༔ ཚོགས་ཕུད་འབུལ་བ༔ བར་པ་བཤགས་པ༔ ཐ་མ་བསྒྲལ་བ༔ ཚོགས་ཞུས༔ ལྷག་མ་བསྔོ་བ༔ ཆད་ཐོ་གྱེར་བ༔ བསྟན་མ་སྐྱོང་བ༔ རྟ་བྲོ་བརྡུང་བ༔ བསྐྱེད་རིམ་བསྡུ་བ༔ སྨོན་ལམ་གདབ་པ༔ བཀྲ་ཤིས་བརྗོད་པ༔ རྫོགས་རིམ་བསྒོམ་པའོ༔ ས་མ་ཡཱ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ ཐུགས་རྗེ་ཀུན་ཁྱབ་ཆོས་སྐུ་སྣང་མཐའ་ཡས༔ མ་རིག་མུན་སེལ་ལྷ་ཚོགས་ལོངས་སྤྱོད་རྫོགས༔ རྣམ་འཕྲུལ་དཔག་ཡས་གང་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ བདག་སོགས་འགྲོ་དྲུག་བྱང་ཆུབ་མ་ཐོབ་བར༔ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ཏིང་འཛིན་གྱིས༔ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་ནས་ཀྱང་༔ འགྲོ་ཀུན་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ རང་རིག་རང་ཤར་ལྷ་ལ་ཕྱག་འཚལ་ལོ༔ འགག་མེད་རང་གསལ་རང་གྲོལ་མཆོད་པ་འབུལ༔ མ་རིག་འཁྲུལ་སྣང་གདོད་མའི་དབྱིངས་སུ་བཤགས༔ དུས་གསུམ་མཉམ་ཉིད་ཆེན་པོར་ཡི་རང་ངོ་༔ འགྲོ་དྲུག་འཁོར་བ་དོང་ནས་སྤྲུག་པར་བསྐུལ༔ ཀ་དག་རང་རིག་འདུ་འབྲལ་མེད་པར་བཞུགས༔ དམིགས་མེད་ཁྱབ་བརྡལ་ཆེན་པོར་བསྔོ་བར་བགྱི༔ ཀུན་ཀྱང་ཆོས་དབྱིངས་ཟང་ཐལ་མངོན་གྱུར་ཤོག༔ གསུམ་པ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་དབང་ཆེན་ཁྲོ་རྒྱལ་འདུས་པའི་སྐུ༔ མ་རིག་ལོག་འདྲེན་གདོན་བགེགས་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ བཀའ་ལས་འགལ་ན་རྡུལ་ཕྲན་བཞིན་དུ་བརླག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྱ་གྷྲཱི་ཝ་བྷིདྱ་ར་ཛ་ཡ་ཧཱུྃ་ཕཊ༔ བཞི་པ་མཚམས་གཅོད་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཀུན་ཁྱབ་དཀྱིལ་འཁོར་ཆེན་པོ་འདིར༔ ཡེ་ནས་གསང་བ་བླ་མེད་རྡོ་རྗེའི་གུར༔ མཆོག་ཏུ་གསང་བ་རིན་ཆེན་འབར་བའི་གུར༔ ཤིན་ཏུ་གསང་བ་འདབ་སྟོང་པདྨའི་གུར༔ རབ་ཏུ་གསང་བ་རྒྱ་གྲམ་བསྣོལ་མའི་གུར༔ མཚམས་ཀྱི་དཀྱིལ་འཁོར་ཡེ་ཤེས་མེ་རླུང་འཁྲུག༔ གཉིས་འཛིན་མ་རིག་གདོན་བགེགས་མཚམས་ཆོད་ཅིག༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་རཏྣ་པདྨ་ཀརྨ་རཾ་རཾ་ད་ཧ་པ་ཙ་བྷན་དྷ་ཧ་ན་ཧཱུྃ་ཕཊ༔ ལྔ་པ་མཆོད་པ་བྱིན་བརླབ་ནི༔ ཧཱུྃ༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟའི་ཚོགས༔ འདོད་ཡོན་ལྷུན་གྲུབ་ལོངས་སྤྱོད་གཅལ་དུ་བཀྲམ༔ མ་རིག་མུན་སེལ་འཕགས་པའི་ཏིང་འཛིན་གྱིས༔ བསྲེག་གཏོར་སྦྱངས་བཀྲུས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སྭ་བྷཱ་ཝ་བྷི་ཤུདྡྷོ་སརྦ་དྷརྨཱ་ཏེ་བྷི་ཤུདྡྷོ྅་ཧཾཿ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏེ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟེ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿ་ཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་སརྦ་པཱུཥྩ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ༔ དྲུག་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པ་དེ་བཞིན་གཤེགས༔ འགྲོ་དྲུག་སྐྱབས་མགོན་བདག་གི་ཡི་དམ་ལྷ༔ དུས་འདིར་རང་རིག་དྲི་མེད་རང་ཞལ་མཇལ༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱིད༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཛྙཱ་ན་བཛྲ་ས་མ་ཡཱ་ཙིཏྟ་སིདྡྷི་ཧཱུྃ་༔ བདུན་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ གདོད་ནས་སྤྲོས་བྲལ་འཁོར་འདས་ཆོས་དབྱིངས་ཞིང་༔ མ་རིག་འཁྲུལ་པས་རང་བྱུང་འཆར་སྒོ་བགགས༔ རང་རིག་དག་པ་ཡེ་ཤེས་གསལ་སྟོང་སྒོ༔ གཉིས་མེད་རང་གྲོལ་དབྱིངས་ནས་ད་ཕྱེ་ཞིག༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཛྙཱ་ན་དྷརྟུ་པྲ་ཝེ་ཤ་ཡ་ཕཊ༔ བརྒྱད་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ སེམས་ཉིད་སྟོང་པ་ཆོས་དབྱིངས་མཐའ་དབུས་མེད༔ རང་རིག་དྲི་མེད་བདེ་གཤེགས་བཅོམ་ལྡན་འདས༔ གསལ་སྟོང་འགག་མེད་འཕགས་པ་སྤྱན་རས་གཟིགས༔ རང་སེམས་གདོད་མའི་གནས་ལུགས་མཇལ་ཕྱག་འཚལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཛྙཱ་ན་དྷརྟུ་ལོ་ཀི་ཤྭ་ར་ཨ་ཏི་པུ་ཧོ༔ དགུ་པ་དམ་བཤགས་འབུལ་བ་ནི༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པ་སྤྱན་རས་གཟིགས༔ བྱམས་མགོན་བརྩེ་བའི་ཐུགས་རྗེས་བདག་ལ་དགོངས༔ མ་རིག་དབང་གིས་རང་རིག་དོན་མ་མཇལ༔ རྣམ་དག་ཐུགས་རྗེའི་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་རང་བྱུང་མངོན་གྱུར་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ས་མ་ཡ་ཤུདྡྷེ་ཛྙཱ་ན་སིདྡྷི་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་རིམ་བཅོ་ལྔ་ལས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ གདོད་ནས་རྣམ་དག་སྤྲོས་བྲལ་དེ་བཞིན་ཉིད༔ རང་རིག་ཟང་ཐལ་མ་བཅོས་ཆོས་ཀྱི་སྐུ༔ དྲི་མེད་ཡེ་ཤེས་ཕྱོགས་ལྷུང་མུ་མཐའ་མེད༔ ཀུན་ཁྱབ་སྣང་བ་མཐའ་ཡས་དེ་སྐད་སྨྲ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་མ་ཧཱ་ཤུ་ཛྙཱ་ན་བཛྲཿསཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་དབྱིངས་ཀུན་ཁྱབ་བརྗོད་མེད་སྙིང་པོའི་དོན༔ རང་ངོ་མ་ཤེས་མ་རིག་མུན་པར་འཁྲུལཿ གཟུང་འཛིན་བག་ཆགས་ཨ་འཐས་ཞེན་པས་བསྒྲིབས༔ གཉིས་འཛིན་འཁྲུལ་པའི་འགྲོ་རྣམས་སྙིང་རེ་རྗེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ དྷརྨཱ་དྷརྟུ་སྭ་བྷཱ་ཝ་ཤུདྡྷེ་ཨཱཿ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ འཁོར་འདས་མ་ལུས་ཀུན་ཁྱབ་འཕགས་པའི་ཐུགས༔ མ་རིག་ཕ་མ་འགྲོ་རྣམས་སྒྲོལ་དོན་དུ༔ རང་རིག་འགྱུར་མེད་འཕགས་པའི་ཐུགས་སྲོག་ཧྲཱིཿ ཡེ་ཤེས་རང་བཞིན་རྒྱུ་ཡ་ིས་བོན་གསལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་བཛྲ་ས་མ་ཡ་ཧྲཱིཿ བཞི་པ་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྟོང་གསལ་ནམ་མཁའ་རྣམ་དག་ཨེ་ཡི་ཀློང་༔ རང་བྱུང་རྡོ་རྗེ་སྲ་བརྟན་ཡཾ་ལས་རླུང་༔ རྒྱུ་དྲུག་བསྒྲལ་བས་ར་ལས་རཀྟ་འཁྱིལ༔ དབང་ཆེན་གསེར་གྱི་ས་གཞི་སུཾ་ལས་བརྡལ༔ རི་རབ་ལྷུན་པོ་ཀེཾ་ལས་རབ་ཏུ་བརྗིད༔ ཡེ་ཤེས་འོད་ཟེར་མེ་དཔུང་རཾ་ལས་འབར༔ གདོད་ནས་རྣམ་དག་མཁའ་ཀློང་ཡངས་པའི་དཀྱིལ༔ ཧྲཱིཿལས་བྷྲུྃ་འཕྲོས་རིན་ཆེན་གཞལ་ཡས་ཁང་༔ མ་བཅོས་ལྷུན་གྲུབ་རང་བྱུང་འོད་ལྔའི་ཀློང་༔ བལྟ་ན་སྡུག་ཅིང་ཕྱི་ནང་ཟང་ཐལ་གསལ༔ ལྟེ་བ་མུ་ཁྱུད་ཕྱི་ནང་པད་འདབ་མཛེས༔ གྲུ་བཞི་སྒོ་བཞི་གྲུ་ཆད་མུ་ཁྱུད་རྫོགས༔ རྒྱུ་མཆོག་རིན་ཆེན་རྣམ་ལྔའི་རྩིགས་པ་ལ༔ ཟླ་ཕྱེད་རྡོ་རྗེའི་སྐར་ཁུང་དག་གིས་བརྒྱན༔ ཡེ་ཤེས་བསིལ་ལྡན་རླུང་གི་ཁོར་ར་འཁོར༔ འདོད་ཡོན་ལྷ་མོས་གར་བྱེད་ཆར་སྤྲིན་གཏིབ༔ མ་བཅོས་ལྷུན་གྲུབ་མཉམ་ཡངས་འོད་དུ་འཁྱིལ༔ ངོ་མཚར་རྨད་བྱུང་གཞལ་ཡས་ཡོངས་རྫོགས་གསལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བྷྲུྃ་བྷི་ཤ་བྷི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ པཾ་པདྨ་མ་སཱུརྱ་ཨ་ཙནྡྲ་མཎྜལ་བྷྲཱུྃ༔ ལྔ་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རྒྱལ་བའི་ཕོ་ཕྲང་དཀྱིལ་འཁོར་ཆེན་པོའི་དབུས༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ཡོངས་གྱུར་པས༔ མ་རིག་མུན་སེལ་འཕགས་པ་དེ་བཞིན་གཤེགས༔ ཞལ་གཅིག་ཕྱག་བཞི་དམར་གསལ་ལོངས་སྤྱོད་རྫོགས༔ དང་པོའི་ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད༔ གཡས་ཀྱི་འོག་མས་པད་ཕྲེང་དམར་པོ་འདྲེན༔ གཡོན་གྱི་འོག་མས་བྱི་རུའི་ཚེ་བུམ་བསྣམས༔ ཞལ་འཛུམ་སྤྱན་གསུམ་རྡོ་རྗེའི་སྐྱིལ་ཀླུང་བཞུགས༔ གསང་བ་ཡེ་ཤེས་མཁའ་འགྲོ་དམར་མོ་འཁྲིལ༔ ཕྱག་གཡས་པདྨའི་གྲི་གུག་ཡབ་ལ་འཁྱུད༔ ཕྱག་གཡོན་འཆི་མེད་ཚེ་ཡི་བུམ་པ་བསྣམས༔ གཞོན་ནུ་བཅུ་དྲུག་འཛུམ་མདངས་དབུ་སྐྲ་གྲོལ༔ ཡབ་ཡུམ་གཉིས་མེད་རྒྱན་དྲུག་པྲོག་ཞུས་བརྒྱན༔ རིན་ཆེན་པད་འཕྲེང་དོ་ཤལ་ཅོད་པན་འཕུར༔ འགྲོ་མགོན་ཡབ་ཡུམ་སྟོང་གསལ་ལྷམ་མེ་བ༔ འོད་ཟེར་སྣ་ཚོགས་འབར་བའི་ཀློང་དུ་བསྐྱེད༔ སྤྱི་གཙུག་རིགས་བདག་ཆོས་སྐུ་སྣང་མཐའ་ཡས༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་མ ཉམ་གཞག་སྟེང་༔ ཚེ་བུམ་བསྣམས་ཤིང་ཆོས་གོས་རྣམ་གསུམ་གསོལ༔ སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་རྫོགས༔ མདུན་དུ་རྣམ་སྣང་དབྱིངས་ཕྱུག་དཀར་གསལ་འཁྲིིལ༔ འཁོར་ལོ་དྲིལ་འཛིན་ཡབ་ཡུམ་ལོངས་སྤྱོད་རྫོགས༔ གཡས་སུ་ནོར་འཛིན་གཡོན་དུ་གསང་སྔགས་འཛིན༔ སྐུ་མདོག་དམར་པོ་པད་ཕྲེང་ཕྱེད་སྐྱིལ་བཞུགས༔ ཅོད་པན་མེ་ཏོག་རིན་ཆེན་ཕྲེང་བས་བརྒྱན༔ གཙོ་བོའི་རྒྱབ་ཏུ་དབང་ཆེན་རྟ་མགྲིན་དམར༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བགྲད༔ གྲི་ཐོད་ཕྱག་རྒྱ་དབང་གི་རྟ་སྐད་འཚེར༔ དུར་ཁྲོད་ཆས་རྫོགས་མེ་ཀློང་དོར་སྟབས་འགྱིང་༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ ཤར་དུ་མི་བསྐྱོད་མཱ་ཀི་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡབ་ཡུམ་འཁྲིལ༔ ལྷོ་རུ་རིན་འབྱུང་སྤྱན་མ་སྐུ་མདོག་སེར༔ རིན་ཆེན་དྲིལ་བུའི་ཕྱག་རྒྱ་ཡབ་ཡུམ་འཁྲིལ༔ ནུབ་ཏུ་སྣང་མཐའ་གོས་དཀར་སྐུ་མདོག་དམར༔ པདྨ་དྲིལ་བུའི་ཕྱག་རྒྱ་ཡབ་ཡུམ་འཁྲིལ༔ བྱང་དུ་དོན་གྲུབ་སྒྲོལ་མ་སྐུ་མདོག་ལྗང་༔ རྒྱ་གྲམ་དྲིལ་བུའི་ཕྱག་རྒྱ་ཡབ་ཡུམ་འཁྲིལ༔ ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུ་གཟི་འོད་འབར༔ རིན་ཆེན་རྒྱན་རྫོགས་འོད་ཟེར་ཀློང་དུ་བཞུགས༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཤར་དུ་བྱང་སེམས་ས་སྙིང་ལཱ་སེ་དཀར༔ རིན་ཆེན་མྱུ་གུ་མེ་ལོང་ཕྱག་ན་བསྣམས༔ ཤར་ལྷོར་བྱང་སེམས་བྱམས་པ་པུཥྤེ་དཀར༔ ཀླུ་ཤིང་དྲིལ་བུ་མེ་ཏོག་ཕྱག་ན་བསྣམས༔ ལྷོ་རུ་བྱང་སེམས་ནམ་སྙིང་དྷཱུ་པེ་སེར༔ རལ་གྲི་དྲིལ་བུ་སྤོས་ཕོར་ཕྱག་ན་བསྣམས༔ ལྷོ་ནུབ་བྱང་སེམས་སྒྲིབ་སེལ་གྷནྡྷེ་དཀར༔ པོ་ཏི་དྲིལ་བུ་དུང་ཕོར་ཕྱག་ན་བསྣམས༔ ནུབ་ཏུ་བྱང་སེམས་སྤྱན་གཟིགས་གྷིརྟི་དམར༔ པདྨ་དྲིལ་བུ་པི་ཝང་ཕྱག་ན་བསྣམས༔ ནུབ་བྱང་བྱང་སེམས་ཀུན་བཟང་མཱ་ལེ་མཐིང་༔ རིན་ཆེན་དྲིལ་བུ་ཕྲེང་བ་ཕྱག་ན་བསྣམས༔ བྱང་དུ་བྱང་སེམས་ཕྱག་རྡོར་ནེ་ཏེ་ལྗང་༔ རྡོ་རྗེ་དྲིལ་བུ་ཞལ་ཟས་ཕྱག་ན་བསྣམས༔ བྱང་ཤར་བྱང་སེམས་འཇམ་དབྱངས་ཨཱ་ལོ་སེར༔ ཨུཏྤལ་དྲིལ་བུ་མར་མེ་ཕྱག་ན་བསྣམས༔ ཡབ་ཡུམ་ཐམས་ཅད་ཕྱེད་སྐྱིལ་གཡོན་ཕྱོགས་ནས༔ བྱང་ཆུབ་སེམས་མ་བརྒྱད་ཀྱིས་ཡབ་ལ་འཁྱུད༔ ཕྱག་གདུབ་ཞབས་གདུབ་མགུལ་ཆུན་དཔུང་རྒྱན་དང་༔ དོ་ཤལ་ཅོད་པན་དར་དཔྱང་འོད་ཟེར་འབར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་ལྟ་ན་སྡུག༔ མཛེས་པའི་རྒྱན་ལྡན་འཛུམ་མདངས་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་པདྨ་འདབ་དྲུག་ལ༔ བརྒྱ་བྱིན་དཀར་པོས་པི་ཝང་ཆོས་སྒྲ་སྒྲོགས༔ ཐགས་བཟང་ལྗང་གུ་གོ་མཚོན་ཕྱག་རྒྱ་ཅན༔ ཤཱཀ་ཐུབ་གསེར་མདོག་ལྷུང་བཟེད་མཁར་གསིལ་བསྣམས༔ སེང་གེ་རབ་བརྟན་མཐིང་ག་པོ་ཏི་འཛིན༔ ཁ་འབར་དམར་པོ་རིན་ཆེན་སྒྲོམ་བུ་ཅན༔ ཆོས་རྒྱལ་ནག་པོ་ཕྱག་ན་མེ་ཆུ་བསྣམས༔ ཀུན་ཀྱང་འགྲོ་འདུལ་ཐུགས་རྗེའི་འོད་ཟེར་འཕྲོ༔ སྤྲུལ་པའི་སྐུ་ལ་འོད་མདངས་ལྡན་པར་བསྐྱེད༔ ཕྱི་རིམ་སུམ་འཁོར་པད་འདབ་སྟོང་རྩའི་སྟེང་༔ འཕགས་པའི་འོད་ཟེར་ཐུགས་རྗེའི་རང་རྩལ་ལས༔ བསྐལ་བཟང་སངས་རྒྱས་བདེ་གཤེགས་སྟོང་རྩ་གཉིས༔ ས་གནོན་མཉམ་གཞག་རྡོ་རྗེ་སྐྱིལ་ཀྲུང་ཅན༔ སྐུ་མདོག་སྣ་ཚོགས་འོད་ཟེར་ལྷམ་མེ་བ༔ སྲིད་གསུམ་འགྲོ་བའི་ས་མཁན་སྟོན་པ་པོ༔ མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས༔ ངུར་སྨྲིག་ཆོས་གོས་ན་བཟའ་སྐུ་ལ་རྫོགས༔ གང་ལ་གང་འདུལ་སྤྲུལ་པ་འཕྲོ་བར་བསྒོམ༔ ཧཱུྃ༔ ཕོ་བྲང་སྒོ་བཞིར་བདུད་བཞི་དྲེགས་པའི་སྟེང་༔ ཁྲག་འཐུང་རིགས་བཞི་དཀར་སེར་དམར་ལྗང་ཞལ༔ ཕྱག་གཡས་རང་རྟགས་ཕྱག་གཡོན་དྲིལ་བུ་བསྣམས༔ ཀྲོ་ཏི་ཡུམ་བཞི་སྐུ་མདོག་ཡབ་དང་མཚུངས༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དྲག་གཏུམ་དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ གཞལ་ཡས་ཕྱི་རིམ་བར་འཁྱམས་ཁོར་ཡུག་ལ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས༔ དཔག་མེད་མ་འདྲེས་འཇའ་ཚོན་ལྟ་བུར་གསལ༔ དྲུག་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དང་༔ གནས་མཆོག་ཆེན་པོ་རི་བོ་གྲུ་འཛིན་ནས༔ འཕགས་པ་སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྲས་འཁོར་ཚོམ་བུར་བཅས༔ སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས༔ སྔོན་གྱི་དམ་བཅའ་ཐུགས་རྗེས་བརྩེར་དགོངས་ལ༔ སྒྲུབ་པའི་གནས་མཆོག་བསྐྱེད་པའི་གཞལ་ཡས་འདིར༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་བུ་ལ་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་གྷུ་རུ་བྷུདྡྷ་རཏྣ་པདྨ་ཀརྨ་དྷེ་ཝ་དྷཱཀྐི་ནི་སརྦ་ས་མ་ཡ་ཛཿཛཿ བདུན་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ལྷུན་གྲུབ་ཡེ་ཤེས་ཟང་ཐལ་ཕོ་བྲང་དུ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས་ནས་ཀྱང་༔ གཉིས་སུ་མེད་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བརྒྱད་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ རིགས་ཀྱི་བདག་པོ་ཆོས་སྐུ་སྣང་མཐའ་ཡས༔ འགགས་མེད་འཕགས་མཆོག་མ་རིིག་མུན་སེལ་སྐུ༔ རྣམ་འཕྲུལ་དཔག་ཡས་སངས་རྒྱས་བྱང་ཆུབ་སེམས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ན་མོ་ལོ་ཀི་ཤྭ་ར་ཨ་ཏི་པུ་ཧོ༔ དགུ་པ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ ཿ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ མེ་ཏོག་འདབ་ལྡན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་པུཥྤེ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ དྲི་ཞིམ་སྨན་སྤོས་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་ཤངས་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་དྷུ་པེ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ སྣང་གསལ་སྒྲོན་མེ་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཙ་ཨཱཿཧཱུྃཿ ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ དྲི་ཆབ་བྱུག་མཆོག་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་གྷནྡྷེ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ ཞལ་ཟས་རོ་བཅུད་ནུས་ལྡན་ཇི་སྙེད་ཀུན༔ དཀྱིལ་འཁོར་ལྷ་ཚོགས་ལྗགས་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་ནཻ་ཝི་ཏེ་པུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ སྒྲ་སྙན་རོལ་མོ་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་སྙན་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་ཤཔྟ་པཱུ་ཙ་ཨཱཿཧཱུྃ༔ བཅུ་པ་ནང་མཆོད་འབུལ་བ་ནི། ཧཱུྃ༔ རང་བྱུང་སྣོད་མཆོག་བྷནྡྷ་ཡངས་པའི་ནང་༔ གདོད་ནས་དག་པའི་བདུད་རྩི་ཨ་མྲྀ་ཏ༔ རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན༔ མ་རིག་མུན་སེལ་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ མ་རིག་འཁྲུལ་སྣང་རྒྱུ་དྲུག་བསྒྲལ་བའི་ཁྲག༔ འདོད་ཆགས་རང་གྲོལ་མ་ཧཱ་རཀྟ་བསྐྱིལ༔ བློ་ངན་དུག་གསུམ་འཁོར་བའི་རྒྱུན་བཅད་ཕྱིར༔ མ་རིག་མུན་སེལ་དཀྱིལ་འཁོར་ལྷ་ཚོགས་ལ༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྣང་སྟོང་གཉིས་མེད་གཏོར་གཞོང་ཡངས་པ་རུ༔ འཁོར་འདས་ཡོངས་གྲོལ་ཆེན་པོའི་གཏོར་མ་བཤམས༔ མ་འགགས་ཐབས་ཤེས་སྣ་ཚོགས་རྒྱན་མཆོད་གཏིབས༔ མ་རིག་མུན་སེལ་དཀྱིལ་འཁོར་ལྷ་ལ་འབུལ༔ སྟོང་གསུམ་འཇིག་རྟེན་གཏོར་གཞོང་ཡངས་པ་རུ༔ ནང་བཅུད་སྐྱེ་འགྲོ་ཐམས་ཅད་གཏོར་མར་བཤམས༔ གཟུགས་སྣང་སྐྱེ་མཆེད་བཀྲག་མདངས་རྒྱན་མཆོད་གཏིབས༔ མ་རིག་མུན་སེལ་དཀྱིལ་འཁོར་ལྷ་ལ་འབུལ༔ རིན་ཆེན་སྣོད་དུ་འབྲུ་བཅུད་གཏོར་མར་སྦྱར༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་སྟེ༔ བཟའ་དང་བཅའ་དང་བཏུང་བ་སྣ་ཚོགས་སྦྲན༔ མ་རིག་མུན་སེལ་དཀྱིལ་འཁོར་ལྷ་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་བྷ་ལིངྟ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཅུ་གཅིག་པ་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ སྟོང་ཉིད་ཡུམ་ཆེན་ཆོས་སྐུའི་རྣམ་འཕྲུལ་ལས༔ འགག་མེད་ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་འཕྲོ༔ སྤྲུལ་སྐུའི་མཁའ་འགྲོ་བཅུ་དྲུག་གཞོན་ནུ་མ༔ སངས་རྒྱས་རིན་ཆེན་གསང་མཆོག་བདེ་བ་ཅན༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་མཆོད་པར་འབུལ༔ གསང་བ་བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ པདྨ་ཡོ་གི་ནི་མ་ཧཱ་མུ་དྲ་པྲ་ཝེ་ཤ་ཡ་པཱུ་ཙ་ཧོ༔ བཅུ་གཉིས་པ་བསྟོད་པས་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཀུན་གྱི་སྲས༔ ཐུགས་རྗེའི་མངའ་བདག་འགྲོ་དྲུག་མུན་པ་སེལ༔ ཆོས་སྐུ་འགྱུར་མེད་ཐིག་ལེ་ཉག་གཅིག་ཞལ༔ འཁོར་འདས་ཡོངས་ལ་དབང་མཛད་སྐུ་མདོག་དམར༔ མ་རིག་མུན་སེལ་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱག་བཞི་ཚད་མེད་རྣམ་བཞིའི་ཕྱག་རྒྱ་འཆང་༔ ཐབས་ཤེས་དབྱེར་མེད་རྡོར་དྲིལ་ཡུམ་ལ་འཁྱུད༔ གཡས་འོག་ཆགས་མེད་པདྨ་རཱ་ག་འདྲེན༔ གཡོན་འོག་རིན་ཆེན་བྱི་རུའི་ཚེ་བུམ་བསྣམས༔ མཆོག་ཐུན་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་མཉམ་ཉིད་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ བརྡ་དོན་རྟགས་ཀྱི་ཆོས་འཁོར་བསྐོར་བའི་ཕྱིར༔ རིན་ཆེན་རྒྱན་ཕྲེང་སྣ་ཚོགས་ཅོད་པན་འཕུར༔ ཉི་ཟླ་པད་གདན་སྐུ་གསུམ་འདུ་འབྲལ་མེད༔ ཡེ་ཤེས་སྐུ་མཆོག་ཟང་ཐལ་འོད་ཀྱིས་སྤྲས༔ ཐུགས་རྗེའི་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ འགག་མེད་ཚངས་དབྱངས་ལོངས་སྤྱོད་རབ་རྫོགས་ཤིང་༔ གསུང་དབྱངས་དྲུག་ཅུས་འགྲོ་དྲུག་ཁྱོན་བཀང་སྟེ༔ ཐེག་པ་སྣ་ཚོགས་ཆོས་ཀྱི་ཆར་པ་འབེབས༔ སོ་སོའི་སྐད་དུ་གསུང་སྙན་ཆོས་སྒྲ་སྒྲོགས༔ མ་རིག་མུན་སེལ་གསུང་ལ་ཕྱག་འཚལ་བསྟོད༔ གདོད་ནས་སྤྲོས་བྲལ་ངོ་བོ་ཉིད་ཀྱི་ངང་༔ གསལ་སྟོང་ཐུགས་རྗེ་འགག་མེད་མུ་མཐའ་མེད༔ བྱམས་དང་སྙིང་རྗེས་འགྲོ་དྲུག་ཡོངས་ལ་གཟིགས༔ མ་ལྟར་བརྩེ་བའི་ཐུགས་རྗེས་སྡུག་བསྔལ་སྐྱོབས༔ མ་རིག་མུན་སེལ་ཐུགས་ལ་ཕྱག་འཚལ་བསྟོད༔ སྐུ་མཆོག་དེ་ལ་དགྱེས་པའི་སྦྱོར་ཡུམ་ནི༔ མདངས་ལྡན་དམར་མོ་གསང་བ་ཐུགས་ཀྱི་ཡུམ༔ དགའ་བཞིའི་ཡེ་ཤེས་བདེ་སྟོང་ཕ་རོལ་ཕྱིན༔ ལམ་ལྔ་ས་བཅུར་འགྲོ་བ་འདྲེན་མཛད་མ༔ གསང་བའི་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ སྤྱི་གཙུག་རིགས་བདག་རྒྱལ་བ་འོད་དཔག་མེད༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ རྣམ་འཕྲུལ་དཔག་མེད་སངས་རྒྱས་ཀུན་གྱི་ཡབ༔ རིགས་བདག་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ གཡས་ན་སྲས་མཆོག་ནོར་བུ་འཛིན་པ་དང་༔ གཡོན་ན་སྲས་མོ་གསང་སྔགས་འཛིན་མའི་སྐུ༔ དཀར་དམར་མདངས་ལྡན་རྒྱན་རྫོགས་པད་ཕྲེང་འདྲེན༔ ཐབས་དང་ཤེས་རབ་འགྲོ་བ་འདྲེན་པའི་སྲས༔ ནོར་འཛིན་གསང་འཛིན་སྐུ་ལ་ཕྱག་འཚལ་བསྟོད༔ དབང་དྲག་ལས་མཛད་བདུད་དང་མུ་སྟེགས་འདུལ༔ དབང་ཆེན་ཉི་མ་འབུམ་གྱི་འོད་ཟེར་འཕྲོ༔ སྐུ་མདོག་དམར་པོ་ཁྲོ་གཏུམ་ཁྲོས་པའི་ཞལ༔ རྟ་མགྲིན་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ ལྷུན་གྲུབ་ལྔ་ལྡན་ཚོམ་བུ་ལོངས་སྤྱོད་རྫོགས༔ རྣམ་དག་ཡེ་ཤེས་འོད་ལྔའི་ཀློང་དུ་འཁྲིལ༔ བདེ་གཤེགས་རྒྱལ་བ་རིགས་ལྔར་ཕྱག་འཚལ་བསྟོད༔ རྒྱལ་དང་རྒྱལ་བ་རྣམས་ཀྱི་སྲས་ཆེན་པོ༔ རབ་མཛེས་ཞི་བའི་ངང་ཚུལ་མཉེན་ལྕུག་འཁྲིལ༔ གསལ་མཚེར་མདངས་ལྡན་འཕྲིན་ལས་བསམ་མི་ཁྱབ༔ སེམས་དཔའ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ རིགས་དྲུག་གནས་སུ་ཐུབ་དྲུག་བཅོམ་ལྡན་འདས༔ རྒྱུ་དྲུག་ལས་མཐུན་གཟུགས་ཀྱི་སྐུ་རུ་བཞེངས༔ ལས་དྲུག་བག་ཆགས་སྡིག་སྒྲིབ་སྦྱོང་མཛད་ལྷ༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ གྲངས་མེད་བསྐལ་པ་མང་པོར་བསགས་སྦྱངས་མཛད༔ བྱ་དཀའི་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས༔ བསྐལ་བཟང་གཅིག་ལ་མཛད་པ་རྨད་བྱུང་སྟོན༔ དུས་གསུམ་སངས་རྒྱས་སྟོང་ལ་ཕྱག་འཚལ་བསྟོད༔ ཕོ་བྲང་ཆེན་པོའི་སྒོ་བཞིའི་གཞལ་ཡས་ནས༔ ཁྲག་འཐུང་རིགས་བཞི་ཀྲོ་ཏི་ཡུམ་དང་སྦྱོར༔ རབ་འཇིགས་ཁྲོ་བོའི་གར་གྱིས་བདུད་བཞི་འདུལ༔ རྣམ་བཞིའི་འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ གཞན་ཡང་མ་རིག་མུན་སེལ་དཀྱིལ་འཁོར་འདིར༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་བྲན༔ དམ་ཅན་ཆོས་སྐྱོང་ནོར་ལྷ་གཏེར་བདག་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བཅུ་གསུམ་པ་འཛབ་བསྐུལ་བ་ནི༔ ཧཱུྃ༔ འགྲོ་དྲུག་མུན་པ་སེལ་བའི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྔ་ལྡན་འོད་ཟེར་འཇའ་ཚོན་འཁྲིག༔ གེ་སར་པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ ཧྲཱིཿ མ་རིག་མུན་སེལ་འཕགས་པ་སྤྱན་རས་གཟིགས༔ རིགས་ཀྱི་བདག་པོ་འོད་སྣང་མཐའ་ཡས་སྐུ༔ གསང་ཡུམ་ལྷ་མོ་པདྨ་དབང་ཆེན་རྒྱལ༔ ཡབ་ཡུམ་སྲས་བཅས་བདེར་གཤེགས་རིགས་ལྔའི་ཚོགས༔ བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད༔ འགྲོ་འདུལ་ཐུབ་དྲུག་སངས་རྒྱས་སྟོང་རྩ་གཉིས༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་མཁའ་འགྲོ་གིང་༔ རིག་འཛིན་དམ་ཅན་བསྲུང་མ་རྒྱ་མཚོའི་ཚོགས༔ སྐུ་མདོག་ཕྱག་མཚན་མ་འགགས་རྒྱན་ཆ་ལུགས༔ ནམ་མཁའ་འཇའ་ཤར་མེ་ལོང་གཟུགས་བརྙན་ལྟར༔ གཟི་བརྗིད་མདངས་ལྡན་གར་སྟབས་ཤིགས་སེ་ཤིགས༔ བརྗོད་མེད་འཛབ་དབྱངས་འབྲུག་སྒྲ་འུ་རུ་རུ༔ དྲན་རྟོག་རང་གྲོལ་ཡེ་ཤེས་ཟངས་སེ་ཟང་༔ མི་རྟོག་སྤྲོས་བྲལ་ཉམས་མྱོང་ཤ་ར་ར༔ དམ་ཚིག་ཡེ་ཤེས་གཉིས་མེད་ཏ་ལ་ལ༔ བསྙེན་སྒྲུབ་ཏིང་འཛིན་མཐའ་རུ་མ་ཕྱིན་བར༔ ནམ་ཡང་མི་གཏོང་རྩེ་གཅིག་ངང་ནས་བསྒྲུབ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཅུ་བཞི་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་སྐུ་བཞེངས་ཤིག༔ བྱམས་མགོན་ཁྱེད་ལ་གཤེགས་བཞུད་མི་མངའ་ཡང་༔ འགྲོ་བའི་དོན་དུ་རི་བོ་ཏ་ལ་ནས༔ བདག་ཅག་ལས་ཀྱི་མཐུན་སྣང་ཚུལ་སྟོན་ལ༔ བཅོམ་ལྡན་མ་རིག་མུན་སེལ་གསང་ཡེ་ཡུམ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་ད་སྐྱོད་ཅིག༔ རིགས་བདག་ཚོམ་བུའི་གཞལ་ཡས་དཀྱིལ་འཁོར་ལྷ༔ མཉམ་ཉིད་ལྷུན་གྲུབ་འདུས་མ་བྱས་པའི་སྐུ༔ སྔོན་ཚེ་བསྐལ་པ་བརྒྱད་ཁྲིའི་སྔོན་རོལ་ནས༔ ཐུགས་བསྐྱེད་སྨོན་ལམ་ཐུགས་དམ་ཞལ་བཞེས་རྣམས༔ བདག་སོགས་འགྲོ་རྣམས་སྒྲོལ་ཕྱིར་རྗེས་སུ་བསྐུལ༔ རྩེ་གཅིག་གུས་པས་ཁྱེད་ལ་འབོད་པའི་ཚེ༔ བྱམས་མགོན་སྙིང་རྗེས་བདག་ལ་མ་དགོངས་ན༔ ལས་ཀྱི་འཕྲོ་ཆད་སྐྱབས་དང་མགོན་མེད་ཅིང་༔ ཁམས་གསུམ་རིགས་དྲུག་སྡུག་བསྔལ་དོང་ལྷུང་ན༔ འཕགས་པ་ཐུགས་རྗེ་ཆེ་ཡང་ཅི་ཞིག་བྱ༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེས་འགྲོ་དྲུག་སྒྲོལ༔ ཞི་བདེ་བྱང་ཆུབ་ལམ་ལ་དུས་འདིར་སྦྱོར༔ གཉིས་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ བཅོ་ལྔ་པ་དངོས་གྲུབ་ཞུ་བ་ནི༔ ཧཱུྃ༔ དགོངས་ཤིག་ཐུགས་རྗེ་ཆེ་མངའ་སྤྱན་རས་གཟིགས༔ མ་རིག་མུན་སེལ་ལྷ་ཚོགས་དགོངས་སུ་གསོལ༔ བསྙེན་དང་སྒྲུབ་པ་ལས་སྦྱོར་མཐའ་རུ་ཕྱིན༔ སྐྱ་རེངས་དང་པོ་ལངས་པའི་དུས་ཆེན་འདིར༔ དངོས་གྲུབ་སྩོལ་བའི་དུས་ལ་བབས་པའི་ཚེ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོངས་དངོས་གྲུབ་མ་ལུས་པ༔ དེང་འདིར་བདག་ཅག་རྣམས་ལ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཀཱ་ཡ་སིདྡྷི་ཨཱོཾ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་བཅུ་གསུམ་ལས༔ དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ངང་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཞལ་ཟས་ཚོགས་ལ་མ་རིག་སྒྲིབ་པའི་ཚོགས༔ ཆོས་ཀྱི་དབྱིངས་ཀྱི་ངང་དུ་སྦྱངས་བཀྲུས་གཏོར༔ ཡེ་ཤེས་རྣམ་དག་བདུད་རྩིར་བྱིན་གྱིས་བརླབ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཉིས་པ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ ཞལ་ཟས་དམ་པ་ཀུན་བཟང་མཆོད་པའི་སྤྲིན༔ ཚོགས་ཀྱི་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ ཚོགས་རྗེ་ཚོགས་བདག་ཆེན་པོ་དབང་དང་ལྡན༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གྷ་ན་ཙཀྲ་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ གསུམ་པ་བར་པ་བཤགས་པ་ནི༔ ཧཱུྃ༔ མ་རིག་མུན་སེལ་འཕགས་མཆོག་དཀྱིལ་འཁོར་ལྷ༔ བདག་སོགས་ཕ་མ་འགྲོ་དྲུག་སེམས་ཅན་གྱི༔ ཉེས་བྱས་འགལ་འཁྲུལ་ཕམ་ལྷུང་ཅི་བསགས་པ༔ གནོང་ངོ་འགྱོད་དོ་ཚོགས་ཀྱི་མཆོད་པས་བཤགས༔ བྱང་ཞིང་དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ས་མ་ཡ་ཤུདྡྷེ་ཨཱཿ བཞི་བ་ཐ་མ་བསྒྲལ་བ་ནི༔ ཧཱུྃ༔ བྱང་སེམས་ཐུགས་ཀྱི་སྙིང་རྗེ་དྲག་པོ་ཡིས༔ རྒྱུ་དྲུག་ལོག་འཛིན་སེམས་ཅན་རྗེས་བཟུང་ཕྱིར༔ ཡེ་ཤེས་ཕུར་བུས་རྣམ་རྟོག་ཆོས་དབྱིངས་བསྒྲལ༔ ཉོན་མོངས་མཚན་འཛིན་གདོན་བགེགས་རྡུལ་དུ་རློགས༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཛཿཨ་མུ་ཀ་མུ་ཡ་རྦད་རྦད༔ ཞལ་བསྟབ༔ ཧཱུྃ༔ མ་རིག་གཉིས་འཛིན་བསྒྲལ་བའི་ཤ་ཁྲག་རུས༔ འཁོར་འདས་མཉམ་ཉིད་རང་གྲོལ་མཆོད་པ་འདི༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ཕོ་ཉ་བ༔ ལས་བྱེད་དམ་ཅན་རྒྱ་མཚོའི་ཞལ་ཏུ་བསྟབ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁ་ཧི༔ ལྔ་བ་ཚོགས་ཞུས་ནི༔ རྡོ་རྗེ་སློབ་དཔོན་ལ་དྲངས་ཤིང་༔ ཀྱེ༔ དགོངས་ཤིག་རྡོ་རྗེ་རྒྱལ་པོ་མཆོག་དགོངས་ཤིག༔ བཟའ་བཏུང་འདོད་ཡོན་ཡེ་ཤེས་ཚོགས་སུ་བསྒྱུར༔ གཙང་སྨེར་འཛིན་པའི་རྣམ་རྟོག་ཀུན་དང་བྲལ༔ གཙང་མ་བྲམ་ཟེ་ཁྱི་དང་གདོལ་བ་ཕག༔ ཆོས་དབྱིངས་ངང་དུ་གཅིག་པར་དགོངས་ཏེ་རོལ༔ སློབ་དཔོན་གྱིས་ལན་གདབ་པ་ནི༔ ཧཱུྃ་ཧོཿ ཡེ་ཤེས་ལས་བྱུང་ཚོགས་ཀྱི་བདུད་རྩི་འདི༔ ངོ་མཚར་རྨད་བྱུང་མཆོག་ཐུན་དངོས་གྲུབ་ཅན༔ དེ་བཞིན་ཉིད་ཀྱི་རྫས་ལ་བདག་ཕྱག་འཚལ༔ བདག་སོགས་ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔ ཐུགས་རྗེ་ཆེན་པོའི་སྐུ་རུ་གྲོལ་བར་ཤོག༔ དྲུག་པ་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ འཕགས་པ་མ་རིག་མུན་སེལ་དཀྱིལ་འཁོར་འདིར༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་འབུམ༔ མ་མོ་མཁའ་འགྲོ་གིང་དང་ལང་ཀ་དང་༔ མ་བདུན་སྲིང་བཞི་དབང་མོ་ཉི་ཤུ་བརྒྱདཿ སྣ་ཚོགས་འཇིགས་པའི་གཟུགས་ལ་མཛེས་པའི་ཚུལ༔ མེ་ཏོག་ཆུན་འཕྱང་དྲིལ་བུའི་སྐ་རགས་ཅན༔ གནས་ཡུལ་དུར་ཁྲོད་དཀྱིལ་འཁོར་མུ་རན་སྐྱོང་༔ བཀའ་ཡི་ཕ་འབབ་ལྷག་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་གིས་བཅོལ་བའི་འཕྲིན་ལས་སྒྲུབས༔ ཨཱོཾ་ཨཱཿཧཱུྃ་བྷྱོ་བྷྱོ་ས་མ་ཡ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ བདུན་པ་ཆད་ཐོ་གྱེར་བ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཆོས་སྐུའི་མགོན་པོ་སྣང་བ་མཐའ་ཡས་ཀྱིས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་དབང་དང་༔ སངས་རྒྱས་བྱང་སེམས་རྒྱལ་བ་རྒྱ་མཚོ་ལ༔ མ་རིག་མུན་སེལ་རིན་ཆེན་རྒྱུད་གསུངས་ཚེ༔ ཡེ་ཤེས་དཔལ་མགོན་སྲུང་མ་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ ཕོ་བྲང་ཆེན་པོ་རི་བོ་ཏ་ལའི་རྩེར༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་གིས༔ རྒྱ་མཚོར་སྐུ་འཁྲུངས་པདྨ་འབྱུང་གནས་ལ༔ མ་རིག་མུན་སེལ་རིན་ཆེན་འདུས་རྒྱུད་ཀྱི༔ སྒྲུབ་ཐབས་བཀའ་གཏད་ལུང་བསྟན་གནང་བའི་ཚེ༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ༔ ཆོས་འཁོར་ཆེན་པོ་དཔལ་གྱི་བསམ་ཡས་ཀྱི༔ བྱང་ཆུབ་སེམས་སྐྱེད་གླིང་གི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སློབ་མ་མངའ་བདག་བོད་འབངས་ཐམས་ཅད་ལ༔ མ་རིག་མུན་སེལ་དཀྱིལ་འཁོར་ཞལ་ཕྱེ་ནས༔ སྨིན་གྲོལ་གདམས་པའི་དངོས་གྲུབ་གནང་བའི་ཚེ༔ ལས་མགོན་མཁའ་འགྲོ་གིང་དང་བཅས་པ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མཚམས་སྦྱོར་འདི་སྤྲང་བན་གྱིས་བྲིས་པས་འདོན་མི་འདོན་རང་རང་གང་དགའ་མཛོད། ཧཱུྃ༔ དེ་འོག་ལྔ་བརྒྱ་རྩོད་ལྡན་ཡང་མཐའི་དུས༔ མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཏུ། །རིག་འཛིན་ཁམས་པ་ཉི་མ་གྲགས་པ་དང་། །སྔགས་སྐྱེས་དྷཱཀྐི་དྷརྨཱའི་མིང་ཅན་གྱིས། །ཡང་གསང་ཚེ་སྒྲུབ་བྱས་ཚེ་བག་ཆགས་སད། །ལས་མགོན་ནག་པོས་རྒྱུད་དཔེ་མངོན་སུམ་གཏད། །ཟབ་གཏེར་བཏོན་ཚེ་སྲུང་མས་སྲོག་སྙིང་ཕུལ། །ཞལ་བཞེས་དམ་བཅའ་ཐ་ཚིག་རྗེས་དགོངས་ལ། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ཏེ། རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བརྒྱད་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ འཇིག་རྟེན་བོད་ཁམས་བསྟན་སྐྱོང་སྲུང་མའི་ཚོགས༔ རང་རང་ཡུལ་ནས་གནས་འདིར་སྐུ་སྐྱོད་ལ༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་ཚིག་གཉེན་པོ་རྗེས་དགོངས་ལ༔ ཇི་ལྟར་ཁས་བླངས་དམ་བཅའ་དེ་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་སྲུངས་འཁོར་སྐྱོངས་རྐྱེན་ངན་ཟློག༔ བླ་མེད་བསྟན་པའི་མེལ་ཚེ་རྟག་ཏུ་མཛོད༔ མཐའ་དམག་འཁྲུག་རྩོད་ནད་ཡམས་ཐམས་ཅད་ཟློག༔ དགུ་པ་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ མ་རིག་མུན་སེལ་དཀྱིལ་འཁོར་ཆེན་པོ་འདིར༔ བར་ཆད་དམ་སྲི་དགྲ་བགེགས་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་པདྨ་དབང་གི་རྒྱལ༔ ཁྲོ་བོའི་འབྲུག་སྒྲ་དཔལ་གྱི་རྟ་སྐད་འཚེར༔ རོལ་པའི་ལྟ་བྲོས་བདུད་དང་དམ་སྲི་འདུལ༔ ཆེམས་ཆེམས་དྲག་ཏུ་འཁྲབས་པས་རྡུལ་དུ་བརླག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཡ་མ་དམ་སྲི་སརྦ་སྟམ་བྷ་ཡ་ནན༔ བཅུ་པ་བསྐྱེད་རིམ་བསྡུ་བ་ནི༔ ཧཱུྃ༔ སྣང་སྟོང་ཟུང་འཇུག་དཀྱིལ་འཁོར་གསང་བའི་ལྷ༔ གང་ཤར་འཛིན་མེད་རང་གྲོལ་ཀློང་དུ་གཤེགས༔ དམ་ཚིག་ལྷ་སྐུ་དམིགས་མེད་སྤྲོས་བྲལ་ཆེ༔ སྔགས་འཁོར་ས་བོན་ཐིག་ལེ་ནཱ་དར་ཡལ༔ སྐྱེ་མེད་རང་རིག་ཐུགས་རྗེ་ཆེན་པོར་གྲོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་མུཿཛྙཱ་ན་སིདྡྷི་ཨ་ཨ༔ བཅུ་གཅིག་པ་སྨོན་ལམ་གདབ་པ་ནི༔ ཧཱུྃ༔ མ་རིག་མུན་སེལ་དཀྱིལ་འཁོར་འདིར་ཞུགས་ཤིང་༔ བསྐྱེད་རྫོགས་ཟབ་མོའི་སྒོམ་བསྒྲུབ་སྤྱད་པའི་མཐུས༔ བདག་སོགས་ཕ་མ་རིགས་དྲུག་སེམས་ཅན་རྣམས༔ མ་རིག་མུན་སེལ་རང་རིག་མངོན་གྱུར་ནས༔ ཆོས་དབྱིངས་བདེ་བ་ཅན་དུ་གྲོལ་བར་ཤོག༔ བཅུ་གཉིས་པ་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ ཕུན་ཚོགས་ལྔ་ལྡན་ཆོས་ཀྱི་དབྱིངས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ འཕགས་པའི་གནས་མཆོག་དཔལ་གྱི་ཞིང་༔ རི་བོ་ཏ་ལའི་གཞལ་ཡས་ནས༔ སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ ལྷོ་ནུབ་རྔ་ཡབ་གླིང་གི་མཆོག༔ པདྨ་འོད་ཀྱི་གཞལ་ཡས་ནས༔ པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ མ་རིག་མུན་སེལ་དཀྱིལ་འཁོར་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་བཅས༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ བཅུ་གསུམ་པ་རྒྱུན་སྤྱོད་ནི༔ ཧཱུྃ༔ བདག་ཉིད་དག་པའི་ནམ་མཁའ་ནས༔ རང་རིག་གསལ་སྣང་ཆུ་ཟླ་ལྟར༔ ཐུགས་རྗེ་ཆེན་པོའི་སྐུར་གསལ་ཏེ༔ འཕྲིན་ལས་འགྲོ་བའི་དོན་ལ་འཇུག༔ འགྲོ་དྲུག་མ་ལུས་ཀུན་སྒྲོལ་ཤོག༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ ཨེ་མ་ཀུན་གྱི་ཁ་སྐོང་དུ༔ ལས་བྱང་ནོར་བུའི་ཕྲེང་བ་འདི༔ སློབ་དཔོན་ཆེན་པོའི་བཀའ་བཞིན་དུ༔ ཁོ་མོས་ཤོག་སེར་ལོགས་ལ་བཏབ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ འགྲོ་བ་མ་ལུས་ཀུན་སྒྲོལ་ཤོག༔ བཀའ་འདི་ཡེ་ཤེས་མགོན་པོས་སྲུངས༔ གཏེར་འདི་བྱ་རོག་གདོང་གིས་འཚོས༔ དུས་ལ་བབས་ཚེ་མྱུར་དུ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་མེ་ཕོ་འབྲུག་གི་ལོ་ལ་གཏེར་ནས་སྤྱན་དྲངས་ཤིང་ལྕགས་སྤྲེལ་ལོར་ཤོག་སེར་ལས་ཕབ་པའོ།། །།མངྒ་ལཾ།།

བསྐང་བཤགས་ཉམས་ཆགས་རང་དག

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བསྐང་བཤགས་ཉམས་ཆག་རང་དག་བཞུགས༔ ཐུགས་རྗེ་ཆེན་པོ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བའི་མངའ་བདག་ལ་ཕྱག་འཚལ་ལོ༔ མ་འོངས་པའི་རྣལ་འབྱོར་པ་རྣམས་ལ་མཚན་རྟགས་འཁྲུགས་པའམ༔ ཉམས་ཆག་རྟོག་སྒྲིབ་བྱུང་ན་བསྐང་བའི་ཆོ་ག་འདི་ལྟར་བྱ་སྟེ༔ གནས་ཡིད་དང་མཐུན་པར་མ་རིག་མུན་སེལ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ ཕྱི་ནང་གསང་བའི་མཆོད་རྫས་ཅི་འབྱོར་དང་༔ སྤྱན་གཟིགས་སྣ་ཚོགས་དྲི་ཞིམ་གྱི་སྤོས༔ མདངས་ལྡན་གྱི་མེ་ཏོག༔ སྣང་གསལ་གྱི་མར་མེ༔ རོ་ལྡན་གྱི་ཞལ་ཟས༔ དྲི་ལྡན་གྱི་བྱུག་པ༔ སྒྲ་སྙན་གྱི་རོལ་མོ་སྨན་རག་གཏོར་གསུམ་ཚོགས་ཀྱི་འཁོར་ལོ་ལ་སོགས་རྒྱས་པར་བཤམས་ཤིང་༔ ལས་གྱི་གཞུང་བསྲང་བསྐྱེད་རིམ་གསལ་གདབ༔ བསྙེན་སྒྲུབ་བརྒྱ་སྟོང་གིས་ཁ་གསོ་ཞིང་༔ གདུང་བའི་ཡིད་ཀྱི་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུའི་རྒྱལ་བ་འོད་དཔག་མེད་མགོན་ནི༔ སྐུ་མདོག་དམར་པོ་མཉམ་གཞག་མཚན་དཔེས་སྤྲས༔ ཆོས་སྐུའི་ལྷ་ཚོགས་མང་པོའི་འཁོར་གྱིས་བསྐོར༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ རིག་འཛིན་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ གནས་མཆོག་ཆེན་པོ་རི་བོ་ཏ་ལ་ནས༔ ཐུགས་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ རིན་ཆེན་རྒྱན་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ ལོངས་སྐུའི་བྱང་སེམས་མང་པོའི་འཁོར་གྱིས་བསྐོར༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ ས་ལམ་ཡོན་ཏན་ཡོངས་རྫོགས་དངོས་གྲུབ་སྩོལ༔ ཧཱུྃ༔ གླིང་གི་གླིང་མཆོག་རྔ་ཡབ་དཔལ་རི་ནས༔ སྤྲུལ་པའི་སྐུ་མཆོག་ཨོ་རྒྱན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་རྒྱལ་པོ་རོལ་པའི་ཚུལ༔ འཁོར་དུ་སྤྲུལ་སྐུ་དཔའ་བོ་མཁའ་འགྲོས་བསྐོར༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ འཕྲིན་ལས་འགྲོ་བ་འདུལ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་བའི་རྫས༔ ཕྱི་མཆོད་འདོད་ཡོན་ལྔ་དང་ལོངས་སྤྱོད་ཚོགས༔ ནང་མཆོད་སྨན་གཏོར་རཀྟ་དམར་གྱིས་བརྒྱན༔ གསང་མཆོད་རྣམ་དག་བདེ་སྟོང་དགའ་བ་བཞི༔ མཆོད་པའི་བྱེ་བྲག་སྤྱན་གཟིགས་སྐར་ལྟར་བཀྲམ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྐུ་གསུམ་བླ་མ་བརྒྱུད་པའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་དབང་དང་དངོས་གྲུབ་སྩོོལ༔ ཧཱུྃ༔ མ་རིག་མུན་སེལ་དཀྱིལ་འཁོར་ཆེན་པོ་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ ཚད་མེད་རྣམ་བཞི་མཆོག་ཐུན་ཕྱག་རྒྱས་སྤྲས༔ ལོངས་སྤྱོད་རྒྱན་ལྡན་གསང་བའི་ཡུམ་མཆོག་འཁྲིལ༔ མ་རིག་མུན་སེལ་ཡབ་ཡུམ་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་མཆོག་ཐུན་དངོས་གྲུབ་སྩོལ༔ གཡས་གཡོན་ནོར་འཛིན་གསང་འཛིན་དཀར་དམར་ཞལ༔ ཕྱག་ན་རིན་ཆེན་པད་རཱག་ཕྲེང་བ་འདྲེན༔ མེ་ཏོག་དོ་ཤལ་དར་དཔྱངས་ཅོད་པན་འཕུར༔ ཐུགས་སྲས་མཆོག་སྤྲུལ་ལྕམ་དྲལ་ཐུགས་དམ་བསྐང་༔ ཧཱུྃ༔ མ་ཆགས་པདྨ་དབང་གི་དཀྱིལ་འཁོར་ནས༔ རྟ་མཆོག་རྒྱལ་པོ་དབང་ཆེན་རྟ་སྐད་འཚེར༔ སྐུ་མདོག་དམར་པོ་གྲི་ཐོད་དོར་སྟབས་བགྲད༔ ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་བའི་རྫས༔ ཕྱི་མཆོད་འདོད་ཡོན་ལྔ་དང་ལོངས་སྤྱོད་ཚོགས༔ ནང་མཆོད་སྨན༴ གསང་མཆོད་རྣམ་དག༴ མཆོད་པའི་བྱེ་བྲག་སྤྱན༴ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ་གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ལྷ༔ གཟུགས་ཕུང་རང་གྲོལ་ལོངས་སྤྱོད་རྫོགས་པའི་སྐུ༔ འཁོར་ལོ་དྲིལ་བུའི་ཕྱག་རྒྱ་སྐུ་མདོག་དཀར༔ བཅོམ་ལྡན་རྣམ་པར་སྣང་མཛད་ཐུགས་དམ་བསྐང་༔ ཞེ་སྡང་རྣམ་དག་ལེ་ལོང་ཡེ་ཤེས་ལྷ༔ རྣམ་ཤེས་རང་གྲོལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྐུ་མདོག་མཐིང་༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐངས༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ལྷ༔ ཚོར་བ་རང་གྲོལ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་དྲིལ་བུའི་ཕྱག་རྒྱ་སྐུ་མདོག་སེར༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཐུགས་དམ་བསྐང་༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ལྷ༔ འདུ་ཤེས་རང་གྲོལ་ལོངས་སྤྱོད་རྫོགས་པའི་སྐུ༔ པདྨ་དྲིལ་བུའི་ཕྱག་རྒྱ་སྐུ་མདོག་དམར༔ བཅོམ་ལྡན་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ལྷཿ འདུ་བྱེད་རང་གྲོལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྒྱ་གྲམ་དྲིལ་བུའི་ཕྱག་རྒྱ་སྐུ་མདོག་ལྗང་༔ བཅོམ་ལྡན་དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་བསྐལ༴ ཕྱི་མཆོད༴ ནང་མཆོད༴ གསང་མཆོད༴ མཆོད་པའི༴ བཅོམ་ལྡན་རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་ཡེ་ཤེས་ལྔ་ལྡན་སྩོལ༔ ཧཱུྃ༔ ནམ་མཁའ་རྣམ་དག་སངས་རྒྱས་རིགས་ཀྱི་ཡུམ༔ སྐུ་མདོག་དཀར་སྐྱ་འཁོར་ལོ་དྲིལ་བུ་འཛིན༔ མཉེན་ལྕུག་འཁྲིལ་ལྡེམ་ཡབ་ཀྱི་མགུལ་ནས་འཁྱུད༔ མཁའ་འགྲོ་དབྱིངས་ཕྱུག་མ་ཡི་ཐུགས་དམ་བསྐང་༔ ས་ཁམས་རྣམ་དག་རྡོ་རྗེ་རིགས་ཀྱི་ཡུམ༔ སྐུ་མདོག་མཐིང་སྐྱ་རྡོ་རྗེ་དྲིལ་བུ་འཛིན་༔ མཉེན་ལྕུག༴ མཁའ་འགྲོ་སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་༔ ཆུ་ཁམས་རྣམ་དག་རིན་ཆེན་རིགས་ཀྱི་ཡུམ༔ སྐུ་མདོག་སེར་སྐྱ་རིན་ཆེན་དྲིལ་བུ་འཛིན༔ མཉེན་ལྕུག་འཁྲིལ་ལྡེམ་ཡབ་ཀྱི་མགུལ་ནས་འཁྱུད༔ མཁའ་འགྲོ་མཱ་མ་ཀི་ཡི་ཐུགས་དམ་བསྐང་༔ མེ་ཁམས་རྣམ་དག་པདྨ་རིགས་ཀྱི་ཡུམ༔ སྐུ་མདོག་དམར་སྐྱ་པདྨ་དྲིལ་བུ་འཛིན༔ མཉེན་ལྕུག་འཁྲིལ་ལྡེམ་ཡབ་ཀྱི་མགུལ་ནས་འཁྱུད༔ མཁའ་འགྲོ་ན་བཟའ་དཀར་མོའི་ཐུགས་དམ་བསྐང་༔ རླུང་ཁམས་རྣམ་དག་ལས་ཀྱི་རིགས་ཀྱི་ཡུམ༔ སྐུ་མདོག་ལྗང་སྐྱ་རྒྱ་གྲམ་དྲིལ་བུ་འཛིན༔ མཉེན་ལྕུག་འཁྲིལ་ལྡེམ་ཡབ་ཀྱི་མགུལ་ནས་འཁྱུད༔ མཁའ་འགྲོ་དམ་ཚིག་སྒྲོལ་མའི་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་བའི་རྫས༔ ཕྱི་མཆོད༴ ནང་མཆོད༴ གསང་མཆོད༴ མཆོད་པའི༴ དབྱིངས་ཕྱུག་ཡུམ་ཆེན་ལྔ་ཡི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ མིག་གི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དཀར་པོ་མྱུ་གུ་དྲིལ་བུ་འཛིན་༔ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་སོགས༔ ཤར་ཕྱོགས་བྱང་སེམས་རྒྱ་མཚོའི་ཐུགས་དམ་བསྐང་༔ ལྕེ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་སེར་པོ་རལ་གྲི་དྲིལ་བུ་འཆང་༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སོགས༔ ལྷོ་ཕྱོགས་བྱང་སེམས་རྒྱ་མཚོའི་ཐུགས་དམ་བསྐང་༔ ལུས་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དམར་པོ་པདྨ་དྲིལ་བུ་འཆང་༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་སོགས༔ ནུབ་ཕྱོགས་བྱང་སེམས་རྒྱ་མཚོའི་ཐུགས་དམ་བསྐང་༔ ཉོན་ཡིད་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན་༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སོགས༔ བྱང་ཕྱོགས་བྱང་སེམས་རྒྱ་མཚོའི༴ རྣ་བའི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དཀར་པོ་ཀླུ་ཤིང་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་བྱམས་པ་མཻ་ཏྲི་སོགས༔ ཤར་ལྷོ་བྱང་སེམས་རྒྱ་མཚོའི༴ ཀུན་གཞིའི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་དཀར་པོ་པོ་ཏི་དྲིལ་བུ་འཛིན༔ བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་སོགས༔ ལྷོ་ནུབ་བྱང་སེམས་རྒྱ་མཚོའི༔ སྣ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་མཐིང་ག་སྙེ་མ་དྲིལ་བུ་འཆང་༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སོགས༔ ནུབ་བྱང་བྱང་སེམས་རྒྱ་མཚོའི་ཐུགས་དམ་བསྐང་༔ ཡིད་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག༔ སྐུ་མདོག་སེར་པོ་ཨུཏྤལ་དྲིལ་བུ་ཅན༔ བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་སོགས༔ བྱང་ཤར་བྱང་སེམས་རྒྱ་མཚོའི༴ ཧཱུྃ༔ བསྐང་ངོ་བསྐལ་པར༴ ཕྱི་མཆོད་འདོད་ཡོན༴ ནང་མཆོད༴ གསང་མཆོད༴ མཆོད་པའི༴ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ གཟུགས་སུ་སྣང་བ་མ་སྤངས་གནས་སུ་དག༔ ལྷ་མོ་དཀར་མོ་མེ་ལོང་དྲིལ་བུ་འཛིན༔ བཛྲ་ལཱ་སེ་མ་ཡི་ཐུགས་དམ་བསྐང་༔ དྲི་རུ་བྲོ་བ་མ་སྤངས་གནས་སུ་དག༔ ལྷ་མོ་སེར་མོ་དྲི་ཞིམ་སྤོས་ཕོར་ཅན༔ བཛྲ་དྷཱུ་པེ་མ་ཡི༴ སྒྲ་རུ་གྲག་པ་མ་སྤངས་གནས་སུ་དག༔ ལྷ་མོ་དམར་མོ་པཱི་ཝཾ་སྒྲ་སྒྲོགས་མ༔ བཛྲ་གིརྟི་མ་ཡི༴ རོ་ཡི་བྲོ་བ་མ་སྤངས་གནས་སུ་དག༔ ལྷ་མོ་ལྗང་མོ་བཅུད་ལྡན་ཞལ་ཟས་འཛིན༔ བཛྲ་ནཻ་ཏི་མ་ཡི༴ འདས་པའི་རྟོག་པ་མ་སྤངས་གནས་སུ་དག༔ ལྷ་མོ་དཀར་མོ་པད་དཀར་དྲིལ་བུ་འཛིན༔ བཛྲ་པུཥྤེ་མ་ཡི༴ ད་ལྟའི་རྟོག་པ་མ་སྤངས་གནས་སུ་དག༔ ལྷ་མོ་ལྗང་མོ་དྲི་བཟང་དུང་ཕོར་འཛིན༔ བཛྲ་གྷནྡྷེ་མ་ཡི༴ ཆོས་ཅན་རྟོག་པ་མ་སྤངས་གནས་སུ་དག༔ ལྷ་མོ་དམར་སེར་ཕྲེང་བ་དྲིལ་བུ་ཅན༔ བཛྲ་མཱ་ལེ་སེར་མོའི༴ མ་འོངས་རྟོག་པ་མ་སྤངས་གནས་སུ་དག༔ ལྷ་མོ་དམར་མོ་སྣང་གསལ་མར་མེ་འཛིན༔ བཛྲ་དྷི་པཾ་མ་ཡི་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་བསྐལ་པར༴ ཕྱི་མཆོད་འདོད་ཡོན༴ ནང་མཆོད ༴ གསང་མཆོད༴ མཆོད་པའི༴ བྱང་ཆུབ་སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ང་རྒྱལ་རྣམ་དག་ལྷ་ཡི་འཇིག་རྟེན་འདྲེན༔ སྐུ་མདོག་དཀར་པོ་སྤྲུལ་སྐུའི་མཚན་བཟང་འཛིན༔ པི་ཝང་ཕྱག་རྒྱས་ཆོས་ཀྱི་སྒྲ་སྒྲོགས་པ༔ བཅོམ་ལྡན་ལྷ་དབང་ཐུབ་པའི་ཐུགས་དམ་བསྐང་༔ ཕྲག་དོག་རྣམ་དག་ལྷ་མིན་འཇིག་རྟེན་འདྲེན༔ སྐུ་མདོག་ལྗང་གུ་སྤྲུལ་སྐུའི་མཚན་བཟང་འཛིན༔ འཐབ་རྩོད་འཇིགས་སྐྱོབ་གོ་མཚོན་ཕྱག་རྒྱ་ཅན༔ བཅོམ་ལྡན་ལྷ་མིན་ཐུབ་པའི་ཐུགས་དམ་བསྐང་༔ འདོད་ཆགས་རྣམ་དག་མི་ཡི་འཇིག་རྟེན་འདྲེན༔ སྐུ་མདོག་སེར་པོ་སྤྲུལ་སྐུའི་མཚན་དཔེས་བརྒྱན༔ ལྷུང་བཟེད་མཁར་གསིལ་བསྣམས་པའི་ཕྱག་རྒྱ་ཅན༔ བཅོམ་ལྡན་མི་ཡི་ཐུབ་པའི༴ གཏི་མུག་རྣམ་དག་བྱོལ་སོང་འཇིག་རྟེན་འདྲེན༔ སྐུ་མདོག་མཐིང་ག་སྤྲུལ་སྐུའི་མཚན་འཆང་བ༔ ཕྱག་ན་སྡེ་སྣོད་གླེགས་བཾ་པོ་ཏི་བསྣམས༔ བཅོམ་ལྡན་བྱོལ་སོང་ཐུབ་པའི་ཐུགས༴ སེར་སྣ་རྣམ་དག་ཡི་དྭགས་འཇིག་རྟེན་འདྲེན༔ སྐུ་མདོག་དམར་པོ་སྤྲུལ་སྐུའི་མཚན་བཟང་ཅན༔ རིན་ཆེན་འདོད་འབྱུང་སྒྲོམ་བུ་ཕྱག་ན་བསྣམས༔ བཅོམ་ལྡན་ཡི་དྭགས་ཐུབ་པའི་ཐུགས༴ ཞེ་སྡང་རྣམ་དག་དམྱལ་བའི་འཇིག་རྟེན་འདྲེན༔ སྐུ་མདོག་ནག་པོ་སྤྲུལ་སྐུའི་མཚན་འཆང་བ༔ ཚ་གྲང་སྐྱོབ་མཛད་མེ་ཆུའི་ཕྱག་རྒྱ་ཅན༔ བཅོམ་ལྡན་དམྱལ་བའི་ཐུབ་པའི༴ ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་བའི་རྫས༔ མདངས་ལྡན་ཡིད་འོང་མེ་ཏོག་སྣ་ཚོགས་དང་༔ དྲི་ཞིམ་ཙན་དན་དཀར་དམར་བདུག་པའི་སྤོས༔ སྣང་གསལ་མར་མེ་ཉི་ཟླ་སྒྲོན་མེའི་མདངས༔ དྲི་ཡི་ཆབ་བཟང་རྡོ་རྗེའི་བྱུག་པ་དང་༔ འབྲུ་བཅུད་དཀར་མངར་ལོངས་སྤྱོད་ཞལ་ཟས་བཤོས༔ སྒྲ་སྙན་རོལ་མོ་སྣ་ཚོགས་མཆོད་པའི་སྤྲིན༔ མཆོད་པའི་བྱེ་བྲག་སྤྱན་གཟིགས་སྐར་ལྟར་བཀྲམ༔ བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ བསྐལ་བཟང་སངས་རྒྱས་བདེ་གཤེགས་སྟོང་རྩ་གཉིས༔ སྐུ་མདོག་སྣ་ཚོགས་འོད་ཟེར་མདངས་ལྡན་ཞལ༔ སྤྲུལ་པའི་སྐུ་མཆོག་མཚན་དང་དཔེ་བྱད་འབར༔ ས་གནོན་མཉམ་གཞག་ཕྱག་རྒྱ་སྐྱིལ་ཀྲུང་ཅན༔ བསྐལ་བཟང་སངས་རྒྱས་སྟོང་རྩའི་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་བསྐལ་བར་ཐུགས་དམ་བསྐང་བའི་རྫས༔ མདངས་ལྡན་ཡིད་འོང་མེ་ཏོག་སྣ་ཚོགས་དང་༔ དྲི་ཞིམ་ཙན་དན་དཀར་དམར་བདུག་པའི་སྤོས༔ སྣང་གསལ་མར་མེ་ཉི་ཟླ་སྒྲོན་མེའི་མདངས༔ དྲི་ཡི་ཆབ་བཟང་རྡོ་རྗེའི་བྱུག་པ་དང་༔ འབྲུ་བཅུད་དཀར་མངར་ལོངས་སྤྱོད་ཞལ་ཟས་བཤོས༔ སྒྲ་སྙན་རོལ་མོ་སྣ་ཚོགས་མཆོད་པའི་སྤྲིན༔ མཆོད་པའི་བྱེ་བྲག་སྤྱན་གཟིགས་སྐར་ལྟར་བཀྲམ༔ སངས་རྒྱས་སྟོང་དང་རྩ་གཉིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ཤར་སྒོར་བཛྲ་ཁྲག་འཐུང་ཡབ་ཡུམ་དཀར༔ རྡོ་རྗེ་དྲིལ་བུ་ཀྲོ་ཏི་ཡུམ་ལ་འཁྱུད༔ གྲི་གུག་ལྕགས་ཀྱུའི་ཕྱག་རྒྱས་ཡབ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང་༔ ལྷོ་སྒོར་རཏྣ་ཁྲག་འཐུང་ཡབ་ཡུམ་སེར༔ རིན་ཆེན་དྲིལ་བུའི་ཕྱག་རྒྱས་ཡུམ་ལ་འཁྱུད༔ གྲི་གུག་ཞགས་པའི་ཕྱག་རྒྱས་ཡབ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ༴ ནུབ་སྒོར་པདྨ་ཁྲག་འཐུང་ཡབ་ཡུམ་དམར༔ པདྨ་དྲིལ་བུའི་ཕྱག་རྒྱས་ཡུམ་ལ་འཁྱུད༔ གྲི་གུག་ལྕགས་སྒྲོག་ཕྱག་རྒྱས་ཡབ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི༴ བྱང་སྒོར་ཀརྨ་ཁྲག་འཐུང་ཡབ་ཡུམ་ལྗང་༔ རྒྱ་གྲམ་དྲིལ་བུའི་ཕྱག་རྒྱས་ཡུམ་ལ་འཁྱུད༔ གྲི་གུག་དྲིལ་བུའི་ཕྱག་རྒྱས་ཡབ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི༴ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ མཆོག་ཆེན་དམ་པ་མཆོག་ཕྲན་མཚན་ལྡན་དང་༔ བདུད་རྩི་སྨན་མཆོད་རཀྟའི་ཨརྒྷཾ་དམར༔ བྷ་ལིང་གཏོར་མ་ཚོགས་ཀྱི་ལོངས་སྤྱོད་དང་༔ ཤ་ཆེན་གསུར་གྱི་དུད་སྤྲིན་སྣང་གསལ་མེ༔ ཐོད་པའི་རྔ་སྒྲ་རྐང་གླིང་རོལ་མོ་དུང་༔ མཆོད་རྫས་བསྐང་རྟེན་ཡོ་བྱད་སྣ་ཚོགས་ཀྱིས༔ ཁྲག་འཐུང་དཔལ་གྱི་འཁོར་ཚོགས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ཕོ་བྲང་ཕྱི་ནང་བར་འཁྱམས་ཁོར་ཡུག་ནས༔ རྩ་གསུམ་ཆོས་སྐྱོང་སྲུང་མ་གཏེར་བདག་རྣམས༔ སོ་སོའི་གཡོག་འཁོར་བྱེ་བ་དཀའ་སྡོད་འབུམ༔ རང་རང་མཆོད་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ མཆོག་ཆེན་དམ་པ་མཆོག་ཕྲན་མཚན་ལྡན་དང་༔ བདུད་རྩི་སྨན་མཆོད་རཀྟའི་ཨརྒྷཾ་དམར༔ བྷ་ལིང་གཏོར་མ་ཚོགས་ཀྱི་ལོངས་སྤྱོད་དང་༔ ཤ་ཆེན་གསུར་གྱི་དུད་སྤྲིན་སྣང་གསལ་མེ༔ ཐོད་པའི་རྔ་སྒྲ་རྐང་གླིང་རོལ་མོ་དུང་༔ མཆོད་རྫས་བསྐང་རྟེན་ཡོ་བྱད་སྣ་ཚོགས་ཀྱིས༔ རྩ་གསུམ་ཆོས་སྐྱོང་གཏེར་སྲུང་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་རྐྱེན་ངན་བར་གཅོད་ཟློག༔ དེ་ནས་གནོང་འགྱོད་དྲག་པོས་དཀྱིལ་འཁོར་ལྷ་ཚོགས་ལ་འགྱོད་བཤགས་འབུལ་བ་ནི༔ རྣལ་འབྱོར་པ་རྣམས་ཀྱི་ལག་ཏུ་མར་མེ་དང་སྤོས་ཀྱི་རེང་བུ་ཐོགས་ཏེ༔ ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་དབྱངས་སྙན་པོས་འདི་སྐད་དོ༔ ཀྱེ་མ་ཀྱེ་མ་བྱམས་མགོན་དཀྱིལ་འཁོར་ལྷ༔ མ་རིག་མུན་སེལ་ལྷ་ཚོགས་དགོངས་སུ་གསོལ༔ ཐོག་མ་མེད་ནས་འཁོར་བའི་གཡང་ས་འདིར༔ མ་རིག་ལས་ཀྱིས་མནར་བའི་སྡིག་ཅན་བདག༔ བདེ་བ་འདོད་བཞིན་མི་དགེའི་ལས་ལ་སྤྱད༔ སྡུག་བསྔལ་མི་བཟོད་དུ་མས་རང་རྒྱུད་མནར༔ གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་ལྟར༔ སྡུག་བསྔལ་འཁོར་བའི་དོང་རིང་འདིར་ལྷུང་ཚེ༔ སྐྱབས་དང་མགོན་བྲལ་ལས་ཀྱིས་དབང་བཙན་ན༔ སྙིང་ནས་སྐྱབས་གསོལ་ཐུགས་རྗེ་རྒྱལ་བའི་ལྷ༔ ཁྱེད་ཀྱིས་ཡལ་ཡོལ་ལེ་ལོ་མ་མཛད་པར༔ འཁོར་བའི་འདམས་ནས་དྲོངས་ཤིག་སྤྱན་རས་གཟིགས༔ ལས་ཀྱི་འཕྲོ་ཆད་སྐྱབས་དང་མགོན་མེད་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བདག་ནི་ཐེག་མཆོག་ཟབ་མོ་འདིར་ཞུགས་ཤིང་༔ རྡོ་རྗེ་རྒྱལ་པོ་རྒྱལ་བའི་རྒྱལ་ཚབ་ལ༔ དད་གུས་མོས་པའི་སྲི་ཞུ་ཆུང་བ་དང་༔ སྒོ་གསུམ་ནོར་རྫས་འབུལ་བ་མ་འབྱོར་ཏེ༔ རྡོ་རྗེ་སློབ་དཔོན་སྐུ་ཡི་དམ་ཚིག་འགལ༔ ཉེས་བྱས་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས༔ ཞལ་གྱི་གདམས་པ་མན་ངག་རྒྱས་བཏབ་སྟེ༔ ཐུགས་ཀྱི་ཉིང་ཁུ་ཕྱུངས་ནས་གནང་ན་ཡང་༔ ཚེ་འདིའི་དབང་ཤོར་ཐོས་བསམ་གོལ་ཤོར་འདས༔ གསོལ་འདེབས་བསྙེན་སྒྲུབ་བཟླས་བརྗོད་མཐར་མ་ཕྱིན༔ གསུང་གི་དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ ཆོས་ཉིད་སྤྲོས་བྲལ་ཀ་དག་གཉུག་མའི་དོན༔ སྐྱེ་མེད་རང་རིག་མངོན་སུམ་ངོ་སྤྲད་ཀྱང་༔ ལེ་ལོ་གཡེང་བས་ཉམས་ལེན་ཕྱི་དུས་འགྱངས༔ ཉམས་རྟོགས་རྒྱུད་ལ་སྐྱེ་བའི་དུས་མ་མཆིས༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ མདོར་ན་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས༔ བདག་ནི་མ་རིག་ལས་ཀྱིས་དབང་ཁྱེར་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་འགལ༔ སྦོམ་པོ་ཕྲ་མོ་ལ་སོགས་ཉེས་ལྟུང་ལས༔ ཐོག་མེད་བསྐལ་པའི་གོང་ནས་ད་བར་དུ༔ མི་དགེ་སྡིག་པའི་ལས་གྱུར་ཅི་བསགས་པ༔ གནོང་ངོ་འགྱོད་དོ་མཐོལ་བཤགས་དག་གྱུར་ཅིག༔ ཐུགས་རྗེ་ཆེར་མངའ་ཁྱེད་རྣམས་བརྩེར་དགོངས་ནས༔ བྱང་ཞིང་དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་སོགས་བཤགས་ཚིག་སྣ་ཚོགས་སུ་བརྗོད་པས་ཉམས་ཆག་རྟོག་སྒྲིབ་ཐམས་ཅད་རབ་ཏུ་བྱང་ཞིང་དངོས་གྲུབ་སྣ་ཚོགས་འཐོབ་པ་དང་༔ བར་ཆད་ཐམས་ཅད་རབ་ཏུ་བྱང་ནས་འཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ༔ བསྐང་བཤགས་ཉམས་ཆག་རང་དག་ཅེས་བྱ་བ་འདི་ནི༔ ཨོ་རྒྱན་གྱི་སློབ་དཔོན་པདྨའི་གསུང་བཞིན་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ༔ མ་འོངས་པའི་གང་ཟག་རྣམས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་མེ་ཕོ་འབྲུག་གི་ལོ་ལ་གཏེར་ནས་གདན་དྲངས་ཤིང་། ལྕགས་ཕོ་སྤྲེའུའི་ལོ་ལ་ཤོག་སེར་ལས་ཕབ་པའོ།། །།སརྦ་མངྒ་ལཾ།། །།

འཛབ་དགོངས་དོན་གྱི་སྙིང་པོ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ འཛབ་དགོངས་དོན་གྱི་སྙིང་པོ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ བསྙེན་སྒྲུབ་དབང་དང་བུམ་སྒྲུབ་སོགས༔ ཏིང་འཛིན་དྲོད་ལ་སྒོམ་སྒྲུབ་ཚེ༔ འཛབ་དགོངས་དོན་གྱི་སྙིང་པོ་འདི༔ ལྟ་སྒོམ་འདྲེས་པར་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་བསྙེན་སྒྲུབ་སོགས་ཀྱི་བསྐྱེད་རྫོགས་རང་གཞུང་ལྟར་ལ༔ སྐབས་སྐབས་སུ་སྤྲོ་བསྡུ་བསྒྱུར་ཞིང་དབྱངས་དང་བཅས་ཏེ་འདི་སྐད་དོ༔ ཧྲཱིཿ རང་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་འཕྲེང་འོད་ཟེར་དཀར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་སྐུ་ལ་ཕོག༔ མཆོད་པས་སྐུ་མཉེས་བྱིན་རླབས་བསྡུས༔ བདག་ལ་ཐིམ་པས་བུམ་དབང་ཐོབ༔ སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས༔ འགྲོ་དྲུག་སེམས་ཅན་ལུས་ལ་ཕོག༔ ཁམས་གསུམ་སེམས་ཅན་ལུས་སྒྲིབ་སྦྱངས༔ སེམས་ཅན་ལུས་ཀུན་དབང་བསྡུས་ཏེ༔ འཕགས་པའི་སྐུ་རུ་གྲོལ་བར་བསམས༔ ཨཱོཾ་ཨཱ༔ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ རང་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་འཕྲེང་འོད་ཟེར་དམར་པོ་འཕྲོས༔ བདེ་གཤེགས་ཀུན་གྱི་གསུང་ལ་ཕོག༔ མཆོད་པས་གསུང་མཉེས་བྱིན་རླབས་བསྡུས༔ བདག་ལ་ཐིམ་པས་གསང་དབང་ཐོབ༔ སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས༔ འགྲོ་དྲུག་སེམས་ཅན་ངག་ལ་ཕོག༔ ཁམས་གསུམ་སེམས་ཅན་ངག་སྒྲིབ་སྦྱངས༔ སེམས་ཅན་ངག་ཀུན་དབང་བསྡུས་ཏེ༔ འཕགས་པའི་གསུང་དུ་གྲོལ་བར་བསམས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ རང་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་འཕྲེང་འོད་ཟེར་མཐིང་ག་འཕྲོས༔ བདེ་གཤེགས་ཀུན་གྱི་ཐུགས་ལ་ཕོག༔ མཆོད་པས་ཐུགས་མཉེས་བྱིན་རླབས་བསྡུས༔ བདག་ལ་ཐིམ་པས་ཚིག་དབང་ཐོབ༔ སླར་ཡང་འོད་ཟེར་ཕྱོགས་བཅུར་འཕྲོས༔ འགྲོ་དྲུག་སེམས་ཅན་ཡིད་ལ་ཕོག༔ ཁམས་གསུམ་སེམས་ཅན་ཡིད་སྒྲིབ་སྦྱངས༔ སེམས་ཅན་ཡིད་ཀུན་དབང་བསྡུས་ཏེ༔ འཕགས་པའི་ཐུགས་སུ་གྲོལ་བར་བསམས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ རང་ཉིད་འཕགས་པའི་ཐུགས་ཀ་ནས༔ སྔགས་འཕྲེང་འོད་ཟེར་འཕྲོ་འདུ་ལས༔ ཁྲོ་ཆུང་མཚོན་ཐོགས་སྟེང་འོག་གང་༔ ཚ་ཚ་འཁྲུག་ཅིང་ཧཱུྃ་ཕཊ་སྒྲོག༔ སྟོང་གསུམ་ཀུན་ཀྱང་ཡོམ་ཡོམ་ཤིག༔ ཞི་བས་མི་ཐུལ་བདུད་དང་བགེགས༔ བསྐྲད་གཟིར་མནན་ཏེ་རྡུལ་དུ་རླགས༔ དྲེགས་པ་མ་ལུས་ཚར་བཅད་བསམས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ཕཊ་སྭཱ་ཧཱ༔ རྔུབ་པའི་རླུང་ལ་ཨཱོཾ་ཨཱཿཧཱུྃ༔ ཧྲཱི་རྣམས་རང་སྒྲ་དི་རི་རི༔ གནས་པའི་རླུང་ལ་ཨཱོཾ་མ་ཎི༔ པད་རྣམས་ཡེ་ཤེས་ཟངས་སེ་ཟང་༔ འབྱིན་པའི་རླུང་ལ་མེ་དང་ཧཱུྃ༔ འགྲོ་འདུལ་སྤྲུལ་སྐུ་ཤར་ར་ར༔ རྡོ་རྗེའི་རླུང་གིས་བཟླས་པར་བྱ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ རང་སྣང་ཐུགས་རྗེ་ཆེན་པོའི་སྐུ༔ གཟུང་འཛིན་བྲལ་བའི་སེམས་ལ་ལྟོས༔ སྣང་བ་ཐམས་ཅད་རང་སྣང་ཡིན༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ སྒྲ་གྲགས་ཐམས་ཅད་འཕགས་པའི་གསུང་༔ བརྗོད་པ་བྲལ་བའི་དོན་ལ་ལྟོས༔ གྲགས་སྟོང་བརྗོད་མེད་ངོ་མཚར་ཆེ༔ ཡེ་ཤེས་རིག་པ་བླ་ན་མེད༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ དྲན་རྟོག་ཐུགས་རྗེ་ཆེན་པོའི་ཐུགས༔ རྟོག་པ་ཐམས་ཅད་རང་གྲོལ་ཡིན༔ གཉིས་འཛིན་བྲལ་བའི་ངང་ལ་ཞོག༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ བལྟས་པས་འཕགས་པའི་ཞལ་མི་མཐོང་༔ མ་ལྟས་བཞག་ན་ལྷ་དང་མཇལ༔ མ་བསྒྲུབས་བཞག་པས་སངས་རྒྱས་འགྲུབ༔ རང་བྱུང་ཐུགས་རྗེ་ཆེན་པོ་ཡིན༔ མ་ཡེངས་མི་བསྒོམ་སྔགས་འདི་བགྲང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ རང་སྣང་སྣང་བ་མཐའ་ཡས་ཏེ༔ རང་རིག་འཕགས་པ་སྤྱན་རས་གཟིགས༔ རིག་སྟོང་ངོ་བོ་གསང་ཡེ་ཡུམ༔ ཐབས་ཤེས་རང་གྲོལ་ལྕམ་དྲལ་སྲས༔ འགག་མེད་ཟང་ཐལ་རྟ་མཆོག་དཔལ༔ དུག་ལྔ་རྣམ་དག་སྐུ་ལྔ་སྟེ༔ འབྱུང་བ་ལྔ་དག་ཡུམ་མཆོག་ལྔ༔ ཚོགས་བརྒྱད་གནས་དག་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་བརྒྱད༔ རྟོག་ཚོགས་རང་གྲོལ་ཐུབ་པ་དྲུག༔ མཁྱེན་རྩལ་ཡེ་ཤེས་སངས་རྒྱས་སྟོང་༔ རང་གསལ་ཁྲོ་ཚོགས་སྒོ་བ་ཡབ༔ རང་གྲོལ་ཀྲོ་ཏི་ཤེས་རབ་ཡུམ༔ ཡེ་ནས་ལྷ་ཚོགས་རང་ལ་རྫོགས༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ འཁོར་འདས་གཉིས་མེད་ཆོས་ཀྱི་སྐུ༔ མ་འགགས་གསལ་སྟོང་ལོངས་སྤྱོད་རྫོགས༔ རིག་རྩལ་འགག་མེད་སྤྲུལ་པའི་སྐུ༔ སྐུ་གསུམ་སངས་རྒྱས་ལོགས་ན་མེད༔ ཡེ་ཤེས་རིག་པ་ངོ་མཚར་ཆེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་ཐུན་མཚམས་རྣམས་སུ་གསལ་གདབ་ཅིང་བསྙེན་པར་བྱའོ༔ འདི་ནི་ཡང་དག་ལྟ་བ་སྟེ༔ འདི་ནི་ཚུལ་བཞིན་སྒོམ་པ་མཆོག༔ འདི་ནི་སྙིང་པོའི་མཐར་ཐུག་སྟེ༔ འདི་ནི་བསྙེན་སྒྲུབ་འཛབ་དགོངས་སོ༔ འདི་ཡི་དོན་དང་ལྡན་པ་ན༔ ཐུགས་རྗེ་ཆེན་པོར་རང་གྲོལ་སྟེ༔ རྒྱལ་བ་ཀུན་དང་གཉིས་སུ་མེད༔ ཟབ་ཕྱིར་བོད་འབངས་འགྲོ་ལ་གདམས༔ ད་ལྟ་ཁྱེད་རྣམས་ཉམས་ལེན་འབུངས༔ མཐའ་འཁོབ་བོད་ཀྱི་ལུང་པ་འདིར༔ སངས་རྒྱས་བསྟན་པ་ད་ལྟ་དར༔ ཐོས་བསམ་སྒོམ་གསུམ་ཉི་མ་ཤར༔ ཁྱེད་རྣམས་སྐལ་བཟང་ལས་འཕྲོ་བཟང་༔ མ་འོངས་རྩོད་ལྡན་སྙིགས་མའི་དུས༔ བཀའ་དང་བསྟན་བཅོས་ཡ་མ་ཟུང་༔ གྲུབ་མཐའ་རྩོད་ཅིང་ཆོས་ལུགས་མང་༔ སངས་རྒྱས་བཀའ་ལ་རས་གཅོད་བྱེད༔ མདོ་སྔགས་ཆོས་ལ་གཟུ་ལུམ་རྒྱག༔ ཆོས་དང་གང་ཟག་རྒྱལ་བསྟན་གསུམ༔ ཡ་བྲལ་རྟགས་འཛིན་བསྟན་པ་འཆར༔ དེ་དུས་ཟབ་པའི་མཐར་ཐུག་བཀའ༔ ང་ཡི་ཆོས་འདིས་འགྲོ་བ་འདུལ༔ ཅེས་གསུངས་པ་རྣམས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་། ལྕགས་ཕོ་སྤྲེའུ་ལོ་ལ་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་མགྱོགས་པར་ཞལ་བཤུས་པའོ། །སརྦ་མངྒ་ལཾ།། །།

སྒྲུབ་པའི་ཁོག་དབུབ་དངོས་གྲུབ་སྒྲོམ་བུ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ སྒྲུབ་པའི་ཁོག་དབུབ་དངོས་གྲུབ་སྒྲོམ་བུ་བཞུགས༔ རིགས་བདག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒྲུབ་པའི་ཁོག་དབུབ་དངོས་གྲུབ་ཀྱི་སྒྲོམ་བུ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་བཅུ་གསུམ་སྟེ༔ སློབ་དཔོན་སློབ་མའི་མཚན་ཉིད༔ གཉིས་པ་སྙན་གསན་དབབ་པ༔ གསུམ་པ་གནས་དང་ཡོ་བྱད་སྟ་གོན༔ བཞི་པ་གཟའ་སྐར་བརྟག་པ༔ ལྔ་བ་ས་ཆོག་བྱ་བ༔ དྲུག་པ་མ་ཏྲཾ་བསྒྲལ་བ༔ བདུན་པ་དཀྱིལ་འཁོར་འབྲི་བ༔ བརྒྱད་པ་སློབ་མ་སྟ་གོན༔ དགུ་པ་ཕྱི་མཚམས་གཅོད་པ༔ བཅུ་པ་ལྷག་ཆད་གསོ་བ༔ བཅུ་གཅིག་པ་རྒྱན་འགོད་པ༔ བཅུ་གཉིས་པ་ཞལ་བཀོད་གདབ་པ༔ བཅུ་གསུམ་པ་དམ་རྫས་བཤམས་ཤིང་བྱིན་དབབ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སློབ་དཔོན་གྱི་མཚན་ཉིད་ནི་གཉིས་ཏེ༔ ཡོན་ཏན་ཅན་བསྟེན་པ་དང་སྐྱོན་ཅན་སྤང་པའོ༔ དེ་ཡང་ཡོན་ཏན་ལྡན་ཞིང་བསྟེན་པར་འོས་པའི་སློབ་དཔོན་ནི༔ ཐེག་པ་མཐའ་དག་གི་ཐོས་པ་དང་ལྡན་ཞིང་དོན་བསྐྱེད་རྫོགས་ལ་དྲོད་ཐོབ་པ༔ དངོས་པོ་ལ་མི་ཞེན་ཅིང་ཆོས་ཉིད་ཀྱི་གདེང་དང་ལྡན་པ༔ སྙིང་རྗེ་ཆེ་ཞིང་ཐབས་ལ་མཁས་པ༔ རྒྱུད་དག་ཅིང་དཀྱིལ་འཁོར་གྱི་བྱ་བ་ལ་མཁས་པ༔ དེ་ལྟ་བུའི་སློབ་དཔོན་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གདུང་འཛིན་པ་ཞེས་བྱ་བས་ལུས་སྲོག་ལ་ལྟོས་པ་མེད་པར་ཡང་དག་པར་བསྟེན་པར་བྱའོ༔ གཉིས་པ་སྐྱོན་ཅན་སྤང་བ་ནི༔ ཐོས་བསམ་ཞན་ཅིང་སྙིང་རྗེ་ཆུང་བ༔ ང་རྒྱལ་ཆེ་ཞིང་ཕྲག་དོག་རྒོད་པ༔ བསྐྱེད་རྫོགས་ཀྱི་དྲོད་དང་མི་ལྡན་ཞིང་ཆོས་བརྒྱད་ཀྱི་ཕོ་ཚུགས་ཆེ་བ༔ ཁ་ལྟ་མཐོ་ཞིང་གྲུབ་མཐའ་དམན་པ༔ དེ་ལྟ་བུ་ནི་སློབ་མའི་བདུད་ཡིན་པས་ཡང་དག་པར་སྤང་བར་བྱའོ༔ སློབ་མའི་མཚན་ཉིད་ལ་ཡང་གཉིས་ཏེ༔ སྐྱོན་མེད་དང་སྐྱོན་ཅན་ནོ༔ དང་པོ་སྐྱོན་མེད་ནི༔ དད་པ་ཆེ་ཞིང་བློ་གསལ་བ༔ ངང་རྒྱུད་རིང་ཞིང་བརྩོན་འགྲུས་དང་ལྡན་པ༔ ཕྱི་ཐག་བཟང་ཞིང་ཐེག་པ་ཆེན་པོ་ལ་མོས་པ༔ ཚེ་འདིར་མི་ཆགས་ཤིང་ཕྱི་མ་ཡིད་ལ་བཅགས་པ༔ མོས་གུས་འདེམ་རྐྱང་མེད་པ་ཞིག་ནི་ཡང་དག་པའི་གདམས་པ་ཟབ་མོ་བཤད་སའི་སྣོད་དམ་པའོ༔ གཉིས་པ་སྐྱོན་ཅན་ནི༔ བློ་རྨོངས་ངང་ཐུང་རྒྱུད་རྩུབ་ཅིང་༔ ཕྲ་མ་གཡེམ་ཆེ་འགྱུར་ལྡོག་རྐྱེན༔ ཁ་མཁས་ལག་དམ་ཕྱི་ཐག་ཐུང་༔ དད་བརྩོན་ཤེས་རབ་སྙིང་རྗེ་ཆུང་༔ ཚེ་འདིའི་ཁེ་གྲགས་གཏམ་ལ་དགའ༔ ཐོས་བསམ་ཆོས་ལ་རྒྱབ་ཀྱིས་ཕྱོགས༔ འདི་ནི་མི་གཙང་འདམ་རྙོག་དང་༔ དུག་ལྟར་འཕུང་བས་རིང་དུ་སྤང་༔ གཉིས་པ་སྙན་གསན་དབབ་པ་ནི༔ དེ་ནས་ཡོན་ཏན་ལྡན་པའི་སློབ་དཔོན་ཕྱོགས་གང་དུ་འདུག་པའི་དྲུང་དུ་དད་གུས་དང་ལྡན་པའི་སློབ་མས༔ གདམས་པ་ཟབ་མོ་ཟབ་ལ་རྒྱས་པ་གོ་བདེ་ལ་འཁྱེར་སླ་བ༔ ཚིག་བསྡུས་ལ་དོན་ཟབ་པ་ཞིག་བདག་ཅག་རྣམས་ལ་སྐུ་དྲིན་དུ་སྩལ་དུ་གསོལ༔ ཞེས་ལོ་ཟླའི་གོང་ནས་ཞུ་ཞིང་ཞལ་བཞེས་ཟུར་ཙམ་བྱུང་ཚེ་ཡུལ་དུ་གདན་དྲངས་ནས༔ མཉེས་པའི་ཞབས་ཏོག་ཕུན་སུམ་ཚོགས་པས་བསྟེན་ཅིང་༔ བཀའ་ཟུར་ཙམ་ཡང་མ་ཉམས་པར་བྱ་སྟེ༔ འདོད་པའི་ཆོས་ཟབ་ཀྱི་དབང་ལུང་མན་ངག་ལ་གསོལ་བ་རྩེ་གཅིག་ཏུ་གདབ་ཅིང་བརྩོན་འགྲུས་དང་ལྡན་པས་ཡང་དག་པའི་མན་ངག་རྣམས་ནོད་པར་བྱའོ༔ གསུམ་པ་གནས་དང་ཡོ་བྱད་སྟ་གོན་ནི༔ བཀྲ་ཤིས་ཤིང་ཉམས་དགའ་བའི་གླིང་ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ རྒྱབ་རི་བཟང་ཞིང་མི་རྒོད་དང་ཅེ་སྤྱང་གི་འཚེ་བ་མེད་པ༔ གོང་མས་བྱིན་གྱིས་བརླབས་པའི་གནས་སམ་གཞི་བདག་དཀར་ཕྱོགས་ཅན་གནས་ས་ཞིག་ཏུ༔ ཡོ་བྱད་ནི་རྡོ་རྗེ་རྒྱལ་པོ་མཆེད་ལྕམ་དྲལ་ཐམས་ཅད་ཀྱིས་མཁོ་བའི་ཡོ་བྱད་ན་བའི་གསོ་སྨན༔ གྷ་ནའི་ལོངས་སྤྱོད་རིན་ཆེན་མཎྜལ་ལ་སོགས་པ་རྣམས་མ་ཚང་བ་མེད་པར་བསག་གོ༔ བཞི་པ་གཟའ་སྐར་བརྟག་པ་ནི༔ ཉ་དང་གནམ་སྟོང་ཚེས་བརྒྱད་ཚེས་བཅུ་ལ་སོགས་ལ་དབང་ཁྲིད་ཆོས་སྤྱོད་སོགས་གང་ལ་ཞུགས་ཀྱང་ཁྲི་འབུམ་དུ་འཕེལ་བས་བཟང་ཞིང་༔ གཟའ་ནི་ཉི་མ་ཟླ་བ་ཕུར་བུ་པ་སངས་སྤེན་པ་ལྔ་ལ་དབང་ཆོས་ལ་ཞུགས་ན་བསམ་དོན་འགྲུབ༔ སྣར་མ་དཔོ་དང་རྒྱལ་ནབས་སོ་ས་རི་ས་ག་ཁྲུམས་སྟོད་ནམ་གྲུ་ལ་སོགས་ལ་བསོད་ནམས་འཕེལ༔ དཔལ་བཟང་དངོས་གྲུབ་འཐོབ་པས་བཟང་ཞིང་༔ དུས་ཀྱང་དབྱར་མ་སྟོན་ལྟ་བུའམ༔ དཔྱིད་ཀ་མེ་ཏོག་བཀྲ་བའི་དུས་སམ་མདོར་ན་འབྱུང་བ་སྙོམས་པ་ཞིག་གི་དུས་གལ་ཆེའོ༔ ལྔ་པ་ས་ཆོག་བྱ་བ་ནི༔ ས་མདོག་དམར་ཞིང་ཟླ་གམ་ལྟ་བུ་ཞིག་ནས་ས་བླངས་ཏེ༔ དེ་ཡང་ས་བདག་ལྟོ་འཕྱེ་བྱ་བ་གང་ཤར་ཟླ་བ་སྔས་སུ་བྱས་ཏེ༔ ཕོ་བྲང་ལ་བསྐོར་བ་ལས་དཔྱིད་གསུམ་མགོ་བོ་ནུབ་ཁ་བྱང་༔ དབྱར་གསུམ་མགོ་བོ་བྱང་ཁ་ཤར༔ སྟོན་གསུམ་མགོ་ཤར་ཁ་ལྷོ་དགུན་གསུམ་མགོ་བོ་ལྷོ་ཁ་ནུབ་ཏུ་བལྟ་བ་བརྟགས་པས་ཁོའི་ལྟོ་བ་ནས་ས་བླང་ངོ་༔ དེ་ཡང་ལས་བཞི་སོ་སོའི་ས་ནི༔ རང་རང་གི་གཞུང་གཙོ་ཞིང་ཁྱད་པར་དུ་ཞི་བའི་ས་དཀར་ལ་འཇམ་པ༔ རྒྱས་པའི་ས་སེར་ལ་སྣུམ་པ༔ དབང་གི་ས་དམར་ལ་སྤྱིན་པ༔ དྲག་པོའི་ས་ནག་ལ་བརྔམ་པ༔ ཕྱོགས་ཀྱང་ལས་བཞི་དང་མཐུན་པར་ཤར་ལྷོ་ནུབ་བྱང་གཙོ་ཞིང་༔ དེར་མ་ཟད་པའི་རིགས་ནི༔ སྲིད་འབེབས་ཀྱི་ས་མཚོ་བཟང་པོའི་འགྲམ༔ ཤི་ཁ་གཅོད་པའི་ས་རི་གསུམ་གྱི་རྩེ་མོ༔ དགྲ་སྲི་གནོན་པའི་ས་ལུང་གསུམ་གྱི་མདོ༔ ལས་རབ་འབྱམས་ཡོངས་སུ་བསྡོམས་པའི་ས་ནི་དབུས་ནས་བླང་ངོ་༔ དེ་ལྟར་ལས་མཐུན་ལྟར་དཔྱད་པའི་ས་སློང་བའི་རི་དེར་སློབ་དཔོན་གྱི་བུམ་གཏེར་རྫས་དང་བཅས་པ་ཁྱེར་ཏེ༔ ས་གང་ནས་སློང་བའི་གནས་དེར་རས་དཀར་སྟེང་དུ་ཚོམ་བུ་ལྔ་བཀོད་ལ༔ གཏོར་མ་ཆ་གསུམ་བཤམས་ནས་རང་གི་མདུན་དུ་ལྷ་མོ་བསྟན་མ་སྐུ་མདོག་སེར་མོ་བུམ་པ་དང་མཆོག་སྦྱིན་ཅན་འཁོར་ལྷ་མོ་མང་པོའམ་ས་བདག་གི་ཚོགས་ཀྱིས་བསྐོར་བར་དམིགས་ཤིང་༔ རང་གི་ཐུགས་ཀའི་འོད་ཟེར་གྱིས་ལྷ་མོ་འཁོར་བཅས་སྤྱན་དྲངས་བསྟིམ་ཞིང་༔ རྡོ་རྗེ་སློབ་དཔོན་གྱི་ཕྱག་གཡས་པ་ས་ལ་ལན་གསུམ་བརྡེག་ཅིང་གཏོར་མ་བྱིན་གྱིས་བརླབས༔ ཧཱུྃ༔ ལྷ་མོ་ཆེན་མོ་བསྟན་མ་དཔལ་ལྡན་མ༔ སྐུ་མདོག་སེར་མོ་མཆོག་སྦྱིན་བུམ་པ་ཅན༔ ན་བཟའ་རྒྱན་ཕྲེང་ཅོད་པན་སྤྲིན་ལྟར་གཏིབས༔ འཁོར་དུ་ལྷ་མོ་ས་བདག་རྣམས་ཀྱིས་བསྐོར༔ མཆོད་པའི་གནས་འདིར་སྤྱན་འདྲེན་གཏོར་མ་བཞེས༔ བཅུ་གཉིས་ལོ་ཡི་རྟར་ཞོན་ནས༔ ཀོ་ལོང་སྡོམ་པའི་ལྷ་དགུ་སོགས༔ མ་ལུས་འཁོར་དང་བཅས་པ་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ས་འདི་བདག་ཅག་རྣམས་ལ་སྩོལ༔ ཇི་ལྟར་ཤཱཀྱ་སེང་གེ་ཡིས༔སྔོན་ཚེ་ས་འདི་བཏུལ་ནས་ཀྱང་༔ རྫོགས་སངས་རྒྱས་ཤིང་ཆོས་འཁོར་བསྐོར༔ དེ་བཞིན་བདག་ཅག་སྒྲུབ་པ་པོས༔ ཚོགས་གཉིས་གསོག་ཅིང་སྒྲིབ་སྦྱང་ཕྱིར༔ ས་འདི་ཞུའོ་བདག་ལ་སྩོལ༔ ཁྱེད་ཅག་བདེ་བར་གནས་སྤོས་ཤིག༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ ཅེས་གཏོར་མ་འབུལ་ཞིང་ལྷ་མོ་འཁོར་བཅས་དགྱེས་པའི་མདངས་ཕྱུངས་ནས་ཐུགས་ཀྱིས་གནང་བ་བྱིན་ཏེ་འོད་དུ་ཡལ་ནས་ས་ལ་ཐིམ་པར་བསམས༔ དེ་ནས་ས་འདུལ་བ་ནི་རང་ཡི་དམ་དུ་བསྒོམ་ཞིང་ས་ལ་ཕུར་བུས་གཟིར་ཞིང་༔ ཧཱུྃ༔ ང་ནི་དབང་ཆེན་དབང་མཛད་ལྷ༔ སྤྲུལ་པས་ས་གཞི་བར་སྣང་གང་༔ གནམ་ལྕགས་ཕུར་བུ་འདྲིལ་ཞིང་འདེབས༔ སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ སྤྲུལ་པ་མེ་དཔུང་ཁྲོ་ཚོགས་འཕྲོ༔ ཡེ་ཤེས་སྲས་མཆོག་ཀཱི་ལཱ་ཡ༔ ས་འདི་བདག་ཏུ་བཟུང་བར་བགྱིད༔ བདེ་གཤེགས་བཀའ་ལ་མི་ཉན་ཞིང་༔ བྱང་ཆུབ་བསྒྲུབ་ལ་མི་དགའ་བའི༔ ལོག་འདྲེན་ས་བདག་འབྱུང་པོའི་ཚོགས༔ འཕྲིན་ལས་གནམ་ལྕགས་ཕུར་བུས་སྲེག༔ ཨཱོཾ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་ཧཱུྃ་ཕཊ༔ སརྦ་བྷིགྣན་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་ཝཱཀྐ་ཙིཏྟ་རོ་ལ་ཉ་པ་ཏི་དུཥྟན་ཧཱུྃ་ཕཊ༔ དེ་ནས་ས་བརྟག་པ་ནི༔ ས་བདག་འཁོར་ཚུལ་གོང་ལྟར་བསྟུན་ཞིང་ཁྲུ་གང་བརྐོས་པའི་ནང་ནས་གྱོ་མོ་གསེག་མ་སོལ་བ་རྣམས་བུད་ན་སྤང་ཞིང་༔ ས་མདོག་སྣུམ་ལ་ལས་བཞི་གང་ཡིན་གྱི་ཁ་དོག་མཚུངས་ན་བརྐོ༔ སླར་ས་བརྐོས་པ་རྣམས་ཤུལ་དུ་བླུགས་ཏེ་བརྟགས་པས་ཁེངས་ཤིང་ལུད་ན་མཆོག༔ སྙོམས་པར་ཁེངས་ན་འབྲིང་༔ མ་ཁེངས་སྟོང་ན་ངན་པས་ས་གཞན་ན་སྤོ་ཞིང་ས་ཆོག་བྱའོ༔ དེ་ནས་ས་སྦྱང་བ་ནི༔ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་བྷྲཱུྃ་དམར་པོ་ཞིག་འཕྲོས་པས༔ འཕགས་པའི་ཡེ་ཤེས་ཀྱི་ངོ་བོ་དེ་ས་ལ་ཐིམ༔ སའི་ཕུང་པོ་དེ་ཡི་གེ་བྷྲཱུྃ་གཅིག་ཏུ་གྱུར༔ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་ནས་རྒྱལ་བ་རྣམས་ཀྱི་བྱིན་རླབས་བསྡུས་ཤིང་ས་ལ་ཐིམ༔ སླར་འོད་འཕྲོས་པས་ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་རྣམས་ལ་ཕོག༔ འབྱུང་བའི་དུག་དང་སེམས་ཅན་རྣམས་ཀྱི་མ་དག་པའི་ཤེས་རྒྱུད་སྦྱངས༔ འབྱུང་བའི་དངས་མ་དང་སེམས་ཅན་རྣམས་ཀྱི་དཔལ་འབྱོར་ཐམས་ཅད་དབང་དུ་བསྡུས༔ ཕོ་བྲང་འདེབས་པའི་ས་ལ་ཐིམ་པས་འཁོར་འདས་ལམ་གསུམ་གྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་༔ དངོས་གྲུབ་འབྱུང་བའི་རྒྱུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོ་ཡེ་ཤེས་སེམས་དཔའི་བྱིན་རླབས་དང་ལྡན་པ་ཞིག་ཏུ་བསམས་ཤིང་༔ ཧཱུྃ་བྷྲཱུྃ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཅེས་བརྗོད་དོ༔ དེ་ནས་སྒྲུབ་ཁང་དུ་དྲི་བཟང་གི་ཆུས་འཐོར༔ གཙང་ཆབ་ཀྱིས་སྟེགས་བུའི་ས་སྦོལ་ཞིང་༔ མཚོ་སྨན་ལྷ་མོ་འབྱུང་བ་བཞི་ཡི་བདག༔ ར་བ་བཞི་ལ་ནམ་མཁའི་དབྱིངས་སུ་བཞུགས༔ འབྲིང་པོ་བཞི་ལ་བར་སྣང་ཁམས་ན་གནས༔ ཐ་ཆུང་བཞི་ལ་རྒྱ་མཚོའི་ཀློང་དུ་སྤྱོད༔ ཁྱོད་ནི་འགྲོ་བའི་བདེ་ལེགས་སྩོལ་བའི་མ༔ རྒྱལ་བའི་ཕོ་བྲང་འདེབས་ཕྱིར་ཆུ་འདི་སྩོལ༔ ས་ཆུ་ནང་འཕྲད་སྟོབས་སྦྱོར་སྦོལ་ཞིང་སྤེལ༔ འགྲོ་བ་སྒྲོལ་ཕྱིར་ཕོ་བྲང་འདི་བསྒྲུབ་བོ༔ ཅེས་བརྗོད་ཅིང་འདམ་བསྲུབ༔ ད་ལ་གནས་ཁང་དང་དཔག་པར་བཟོའོ༔ དྲུག་པ་མ་ཏྲཾ་བསྒྲལ་བ་ནི༔ ཁམས་ལ་བཟོས་པའི་མ་ཏྲཾ་སྟེགས་བུའི་དབུས་སུ་འགུགས་བསྟིམ་བྱས་ལ༔ གིང་པ་རྣམས་ཀྱིས་གྲི་མཚོན་ཐོགས་ཤིང་༔ ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་འདི་སྐད་དོ༔ ཧཱུྃ༔ དབང་ཆེན་ཐུགས་ལས་སྤྲུལ་པ་ཡི༔ ཕོ་ཉ་གིང་ཆེན་སྡེ་བཞིའི་སྡེ་བཞིའི་ཚོགས༔ སྔོན་ཚེ་འདས་དུས་བསྐལ་པ་ལ༔ ལོག་རྟོག་རུ་ཊའི་སྡེ་དཔུང་བཅོམ༔ སངས་རྒྱས་བསྟན་པའི་རྒྱལ་མཚན་སྒྲེངས༔ གསང་སྔགས་བསྟན་པའི་སྒྲོན་མེ་སྦར༔ དེ་བཞིན་དེང་དུས་ཐུགས་དམ་བསྐུལ༔ སྔོན་ཚེ་དབང་ཆེན་བཀའ་ལུང་ལྟར༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ ཕོ་ཉ་གིང་ཆེན་ཐམས་ཅད་གཤེགས༔ སྦྱོར་སྒྲོལ་སྤྱོད་པ་རྨད་བྱུང་གིས༔ རྣམ་རྟོག་ལོག་རྟོག་ངན་པ་ཡི༔ མ་རིག་རཱུ་ཏྲའི་སྡེ་དཔུང་ཐུལ༔ ཅེས་བརྗོད་ཐུན་གྱིས་བྲབ་ཅིང་༔ ཧཱུྃ༔ མ་ཏྲཾ་བྱ་བའི་སྡིག་ཅན་ལས་ངན་ཁྱོད༔ སྔོན་ཚེ་བསྐལ་པའི་དུས་ནས་ད་བར་དུ༔ བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པའི་བགེགས༔ དངོས་གྲུབ་འཕྲོག་པའི་བདུད་སྡེ་ལས་ངན་ཁྱོད༔ དབང་མཛད་ཏིང་འཛིན་ཕོ་ཉ་གིང་ཆེན་གྱིས༔ ཁྱོད་ཀྱི་མ་དག་རྣམ་སྨིན་ང་བདག་འདྲེ༔ དབྱིངས་སུ་བསྒྲལ་ནས་ཕུང་པོ་གཞལ་ཡས་ཁང་༔ འགྲོ་དྲུག་སྐྱོབ་ཕྱིར་རྒྱལ་བའི་ཕོ་བྲང་འདེབས༔ དུར་ཁྲོད་གནས་ཡུལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཨཱོཾ་བཛྲ་རཏྣ་པདྨ་ཀརྨ་གིང་ཀ་ར་ས་མ་ཡ༔ མ་ཏྲཾ་རཱུ་ཏྲ་ཨ་ཀར་ཤ་ཡ་རཱུ་ཏྲ་ཛ༔ ཁ་ཏྲཾ་རཱུ་ཏྲ་ཛ༔ པྲ་ཝེ་ཤ་ཡ་ཕཊ༔ ཅེས་བསྒྲལ་ཞིང་རཱུ་ཏྲའི་ཁོག་པ་དུམ་བུ་བརྒྱད་དུ་བཅད་དེ་དཀྱིལ་འཁོར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་འགོད་དོ༔ བདུན་པ་དཀྱིལ་འཁོར་འབྲི་བ་ནི༔ བའི་རྣམ་ལྔ་དང་དྲི་བཟང་གིས་ཆག་ཆག་གདབ་ཅིང་༔ ཐིག་ཆོག་རྫོགས་པ་དེའི་ནུབ་ནས་སློབ་དཔོན་རྒྱན་གྱིས་སྤྲས་ཤིང་ཤར་ཕྱོགས་ལ་བལྟ༔ རིག་མ་མཚན་ལྡན་ཤར་ནས་ནུབ་ཏུ་བལྟ་སྟེ་ཐིག་སྐུད་མཚན་ཉིད་དང་ལྡན་པ་ཐོགས་ལ་རོལ་མོ་འཁྲོལ་ཞིང་དྲི་བཟང་གི་དུད་པ་གཏོང་སྟེ༔ དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་སྐད་ཅིག་གིས་ཝལ་གྱིས་བསྐྱེད་ཅིང་༔ ཧཱུྃ༔ བདག་ནི་འཕགས་མཆོག་བཅོམ་ལྡན་འདས༔ ལྷ་མོ་ཡུམ་མཆོག་དྷཀྐི་མ༔ བློ་འདས་ཆོས་དབྱིངས་ངང་ཉིད་ལས༔ འགག་མེད་རང་བྱུང་ལོངས་སྤྱོད་རྫོགས༔ སྤྲུལ་པ་ཡབ་ཡུམ་གཙོ་དང་འཁོར༔ སྣང་སྟོང་ཟུང་འཇུག་ལྷ་རུ་ཤར༔ སྟོང་པའི་རང་བཞིན་ཤེས་རབ་ཡུམ༔ སྣང་བའི་རང་བཞིན་ཐབས་ཀྱི་ཡབ༔ སྣང་སྟོང་བདེ་སྟོང་བྱང་ཆུབ་སེམས༔ དཀར་དམར་ཐབས་ཤེས་འཕྲོ་འདུས་བསྟིམ༔ ནམ་མཁའ་ཆོས་དབྱིངས་ཞིང་ཁམས་སུ༔ ཆོས་སྐུ་སྤྲོས་བྲལ་ཐིག་གདབ་བོ༔ བར་སྣང་འགག་མེད་ཕོ་བྲང་དུ༔ ལོངས་སྤྱོད་རྫོགས་སྐུའི་ཐིག་གདབ་བོ༔ སྣ་ཚོགས་སྣང་བའི་ས་གཞི་ལ༔ འགྲོ་འདུལ་སྤྲུལ་སྐུའི་ཐིག་གདབ་བོ༔ མཚན་ལྡན་བཅུ་དྲུག་བདེ་བའི་ཡུམ༔ མཁའ་དབྱིངས་དག་པའི་ཕོ་བྲང་དུ༔ དགའ་བཞིའི་ཡེ་ཤེས་ཐིག་གདབ་བོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བྷྲཱུྃ་སཾ་ཏྲི་ཏ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཅེས་ཐིག་གདབ་བོ༔ ཚངས་ཐིག་གི་ཆར་འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ནམ་མཁའི་མཐོངས་ལ་ཡོད་པར་བསམས་ཤིང་༔ མཆོད་བསྟོད་བསྡུས་པ་ཞིག་བྱའོ༔ དེ་ནས་ཐིག་སྐུད་སིན་དྷུ་རའི་ཆུར་སྦངས་པས་ཆ་ཆེན་བཅུ་དྲུག་གི་ཐིག་རྣམས་གདབ་ཅིང་དཀྱིལ་འཁོར་རྣམས་བཅད༔ སྒོ་རྫོགས་སོགས་ཐིག་རྣམས་མཚལ་གྱིས་གདབ་པར་བྱའོ༔ དེ་ནས་རབ་རིན་པོ་ཆེ་རྣམ་ལྔ༔ འབྲིང་གནས་ཆེན་རྣམས་ཀྱི་ས་རྡོ༔ ཐ་ནའང་ཅོང་ཞི་ཞིབ་མོར་འཐག་ཅིང་མཛེས་པའི་ཚོན་གྱིས་ཁ་དོག་བསྒྱུར་ཏེ༔ སྣོད་སོ་སོར་བཏབ་ཅིང་རིགས་ལྔའི་ས་བོན་བྲིས་ལ༔ ཕྱོགས་དང་མདོག་མཚུངས་པར་ད་ལའི་དབུས་དང་ཕྱོགས་མཚམས་སུ་དགྲམ་ཞིང་༔ སྔགས་ཀྱིས་སྟོང་པར་སྦྱངས༔ སྟོང་བའི་ངང་ལས་རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྐུ་རུ་གསལ་ཞིང་༔ སྤྱན་འདྲེན་མཆོད་བསྟོད་བྱས་པའི་མཐར༔ ལྷ་ཚོགས་རྣམས་འགྲོ་བའི་དོན་དུ་འོད་དུ་ཞུ་ནས་རྡུལ་ཚོན་དང་གཉིས་སུ་མེད་པར་བསམས་ཤིང་༔ དཀྱིལ་འཁོར་གྱི་ཤར་ནས་སློབ་དཔོན་གྱིས་ཚོན་བཀྱེ་སྟེ་འདི་སྐད་དོ༔ ཧཱུྃ༔ བདག་ནི་འགྲོ་དྲུག་ཕ་མའི་དོན༔ བྱང་ཆུབ་སེམས་ཀྱི་སྡོམ་ལ་འཇུག༔ རྡུལ་ཚོན་ཡེ་ཤེས་ལྔ་ཡི་ངོས༔ སྟེགས་བུ་རྒྱལ་བའི་ཞིང་གི་གཞིར༔ ཐིག་འདི་བྱང་ཆུབ་བཅུ་དྲུག་ཤར༔ ཡེ་ཤེས་དམ་ཚིག་གཉིས་མེད་ཕྱིར༔ ཚོན་གྱིས་གླན་ཞིང་མཛེས་པར་འབྲི༔ བྱང་ཆུབ་མཆོག་གི་བསོད་ནམས་མཐུས༔ ཁམས་གསུམ་སྐྱེ་འགྲོ་མ་ལུས་པ༔ འཕགས་པའི་ཞིང་དུ་གྲོལ་བར་ཤོག༔ ཅེས་བརྗོད་ལས་ཀྱི་སློབ་དཔོན་སོགས་ཀྱིས་བརྩོན་འགྲུས་ཀྱི་གོ་གྱོན་ཏེ༔ བརྟུལ་ཞུགས་ཀྱི་རྟ་ལ་ཞོན་ནས་གཟབས་ཏེ་འབྲི་བར་བྱའོ༔ དེ་ཡང་ཐིག་སྐུད་ཕྲ་ན་རྣལ་འབྱོར་པའི་ཚེ་ལ་གཟན༔ སྦོམ་དྲག་ན་གཅོང་གིས་འཛིན༔ ཧ་ཅང་རིང་ན་བསམ་དོན་མི་འགྲུབ༔ ཐུང་ན་སྒྲུབ་པ་ལམ་དུ་མི་འགྲོ༔ ཆད་ན་བར་གཅོད་འཕྲལ་དུ་འོང་༔ འཇུར་མ་སོགས་བྱུང་ན་ནོར་ལ་གོད་འབྱུང་བས་ཤིན་ཏུ་གཟབ༔ ཚོན་ཁ་དོག་མི་གསལ་ན་ཏིང་ངེ་འཛིན་རྒྱུད་ལ་མི་སྐྱེ༔ རྩིང་ཞིབ་མ་སྙོམས་ན་དངོས་གྲུབ་མི་འཐོབ༔ མཐུག་ན་ཉམས་རྟོགས་འཐིབ་ཅིང་མི་གསལ་ཞིང་ནད་འབྱུང་༔ བསྲབས་ན་བསོད་ནམས་ཉམས་ནོར་དབུལ༔ ཚོན་ཆད་ན་དཔོན་སློབ་ཐམས་ཅད་ལ་ངན༔ རེ་ཁ་འཁྱོགས་ན་འཕྲིན་ལས་བཞིའི་ལས་མི་འགྲུབ་པ་སོགས་ཀྱི་སྐྱོན་ཤིན་ཏུ་ཆེ་བས་བརྩོན་འགྲུས་དང་ལྡན་པས་འབྲིའོ༔ ལྟེ་བ་རྣམས་ནི་ལྷའི་སྐུ་མདོག་ལྟར་ཚོན་གྱིས་བསྒྱུར་ཞིང་སྒོ་གྲུ་རྟ་བབས་སོགས་སྤྱི་དང་མཚུངས་སོ༔ བརྒྱད་པ་སློབ་མ་སྟ་གོན་ནི༔ རྡོ་རྗེ་སློབ་དཔོན་ཁྲི་ལ་འགོད༔ སློབ་མ་རྣམས་ཀྱིས་ཕྱག་འཚལ་འདི་སྐད་ཞུའོ༔ ཀྱེ༔ རྡོ་རྗེ་རྒྱལ་པོ་བདེ་གཤེགས་རྒྱལ་བའི་གདུང་༔ སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད༔ བདག་ཅག་རྣམས་ལ་བརྩེ་བས་དགོངས་སུ་གསོལ༔ བདག་ནི་ཚེ་འདིར་བྱང་ཆུབ་སྒྲུབ་འདོད་ཅིང་༔ གསང་བ་སྔགས་ཀྱི་ཐེག་མཆོག་སྤྱད་འདོད་པས༔ ཐབས་ཤེས་ཐུགས་རྗེས་བདག་ཅག་སྨིན་པར་མཛོད༔ སློབ་དཔོན་གྱིས༔ ཀྱེ་ཧོ་ཁྱེད་ཅག་འདིར་ཚོགས་རྣམས༔ བྱང་ཆུབ་ལམ་ལ་འཇུག་འདོད་ན༔ སྣོད་ལྡན་དམ་ཚིག་བསྲུང་ནུས་སམ༔ ཐེག་པ་མཆོག་ལ་སྤྱོད་འདོད་ན༔ ཚེ་འདི་བློ་ཡིས་གཏོང་ཕོད་དམ༔ ལན་གསོལ་བ༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ཅག་སྣོད་ལྡན་དམ་ཚིག་བསྲུང་༔ ཚེ་འདི་བློས་གཏོང་བྱང་ཆུབ་བསྒྲུབ༔ བླ་མ་རིགས་བདག་དཀྱིལ་འཁོར་ལྷ༔ ནམ་ཡང་མི་སྤང་བསྒྲུབ་པར་བགྱིད༔ བདག་ཅག་བརྩེ་བས་རྗེས་སུ་བཟུང་༔ སློབ་དཔོན་གྱིས༔ ཀྱེ༔ རིགས་ཀྱི་བུ་རྣམས་ལེགས་པར་ཉོན༔ འདས་དང་མ་འོངས་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མེད་ཆོ་ག་འདི་མཁྱེན་ནས༔ འབྲས་བུ་རྡོ་རྗེའི་སྐུ་གྲུབ་ཅིང་༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ༔ དེང་འདིར་སྐལ་ལྡན་ཁྱེད་རྣམས་ཀྱང་༔ ཆོ་ག་ཟབ་མོ་འདིར་ཞུགས་ལ༔ ཉོན་མོངས་འདུལ་བའི་སྡོམ་པ་དང་༔ བླ་མེད་ས་བོན་དམ་ཚིག་བསྲུང་༔ བདག་གི་རྗེས་སུ་ཡང་དག་ཞུགས༔ ཅེས་གནང་བ་བྱིན་ཞིང་འདི་སྐད་བརྗོད་དོ༔ འོ་ལས་དང་སྐལ་པར་ལྡན་པ་ཁྱེད་རྣམས་མ་ཡེངས་པར་ཉོན་ཅིག༔ ནམ་མཁའ་འདི་གདོད་ནས་ངོ་བོ་ཉིད་ཀྱི་དག་པ་ཡིན་པས༔ ཆོས་ཀྱི་དབྱིངས་སུ་དམིགས་ལ༔ དེའི་དབུས་སུ་ཆོས་དབྱིངས་འགྱུར་མེད་སྤྲོས་པ་དང་བྲལ་བའི་ལྷ་ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་འཕགས་པ་མ་རིག་མུན་སེལ་ལ་འཁོར་སྤྲུལ་སྐུའི་ལྷ་ཚོགས་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཐམས་ཅད་མངོན་སུམ་དུ་བདག་ཅག་ལ་སོགས་པའི་འགྲོ་བ་མཐའ་ཡས་ཤིང་མུ་མེད་པ་རྣམས་ཀྱི་སྐྱབས་མགོན་དུ་ལྷམ་མེ་ལྷན་ནེར་བཞུགས་པའི་མོས་པ་རྩེ་གཅིག་ཏུ་དུང་དུང་བ་ལན་གསུམ་བསྐྱེད་ལ༔ དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་འདུན་པས་འདིའི་རྗེས་བཟློས་མཛོད༔ ན་མོ་ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་ཀྱི༔ བླ་མ་རྒྱལ་བ་སྲས་དང་བཅས༔ སྐྱབས་གྱུར་འཕགས་པ་བྱང་ཆུབ་སེམས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་དགེ་འདུན་སྡེ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་༔ དཔལ་ལྡན་རྩ་བའི་བླ་མ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་བདག༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ༔ ལེགས་སྦྱིན་རྟེན་འབྲེལ་ཀུན་གྱི་བདག༔ བར་ཆད་སེལ་ཞིང་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ གང་ལ་གང་འདུལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི༔ ལན་གསུམ་བརྗོད༔ སོ་ཐར་གྱི་སྡོམ་པ་བླང་བ་ནི༔ ཧོ༔ དམ་པ་མཆོག་གི་སྤྱན་སྔ་རུ༔ སོ་ཐར་སྡོམ་བཟུང་མི་གཏོང་བསྒྲུབ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གི༔ སོ་སོར་ཐར་པའི་གནང་བཀག་རྣམས༔ བདག་གིས་ཚུལ་བཞིན་སྤྱད་ཅིང་སྲུང་༔ དེ་ནས་སྨོན་པའི་སེམས་བསྐྱེད་ནི༔ དེ་རིང་དུས་གཉན་མཆོག་འདི་ནས༔ ཁམས་གསུམ་འགྲོ་བ་མཐའ་དག་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་ཅིང་༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་འགྲོལ་བའི་ཕྱིར༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་བྱ༔ སྨོན་པ་མཆོག་གི་སེམས་བསྐྱེད་དོ༔ ལན་གསུམ༔ འཇུག་པ་ནི༔ སྔོན་ཚེ་རྒྱལ་བ་དེ་བཞིན་གཤེགས༔ བྱང་ཆུབ་སེམས་བསྐྱེད་སྡོམ་གནས་ལྟར༔ ཕ་རོལ་ཕྱིན་དྲུག་སྡོམ་པ་གསྲུང་༔ བརྩོན་འགྲུས་བརྩམ་ཞིང་ཐམས་ཅད་བསྒྲལ༔ ཚུལ་ཁྲིམས་རྣམ་གསུམ་ཡང་དག་བསྲུང་༔ མ་ལུས་འགྲོ་བ་ཡོངས་སྒྲོལ་ཏེ༔ མྱ་ངན་འདས་པ་དེ་བཞིན་གཤེགས༔ འཕགས་པའི་གོ་འཕང་མཆོག་ལ་འགོད༔ དེ་ནས་སྡོམ་པ་བཟུང་བ་ནི༔ དཀོན་མཆོག་གསུམ་བཟུང་མི་གཏོང་ངོ་༔ སྤྱན་རས་གཟིགས་དབང་རྟག་ཏུ་བསྒྲུབ༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ སྐྱོན་རྣམས་སྤངས་ཤིང་ཡོན་ཏན་སྤེལ༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཡི་གེ་འབྲི་མཆོད་ཁ་ཏོན་བགྱིད༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ སྡོམ་པ་བསྲུང་ཞིང་ལྟ་ལོག་སྤང་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ལ་ཡང་དག་བལྟ༔ མི་བསྐྱོད་པ་ཡི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཏུ༔ ལྟ་བ་སྤྲོས་བྲལ་སྙེམས་ཐག་གཅོད༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཡིན༔ ལོངས་སྤྱོད་རྫོགས་སྐུའི་དམ་ཚིག་ཏུ༔ སྒོམ་པ་བློ་འདས་ཟང་ཐལ་སྐྱོང་༔ ལོངས་སྤྱོད་རྫོགས་སྐུའི་དམ་ཚིག་ཡིན༔ སྤྲུལ་པའི་སྐུ་ཡི་དམ་ཚིག་ཏུ༔ སྤྱོད་པ་གཏད་མེད་རང་གྲོལ་སྤྱད༔ སྤྲུལ་པའི་སྐུ་ཡི་དམ་ཚིག་ཡིན༔ ལུས་སྲོག་གཅེས་ཀྱང་དཔང་དུ་འཛུགས༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ མཆོག་གི་བསོད་ནམས་རྡོ་རྗེའི་མཐུས༔ བདག་ཅག་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཅེས་བརྗོད་ཅིང་ཕན་ཡོན་གྱི་རིམ་པ་རྒྱས་པར་བཤད་དོ༔ དེ་ནས་སློབ་མ་རྣམས་སྟོང་པར་སྦྱངས་ཤིང་༔ སྟོང་པའི་ངང་ལས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་སྐད་ཅིག་གིས་བསྐྱེད་དེ༔ དེའི་དཔྲལ་བར་གཡུང་དྲུང་དམར་པོའི་ལྟེ་བ་ལ་ཧྲཱིཿཡིག་རྭ་བཞི་ལ་ཧ་རི་ནི་ས་བཞི་གཡས་སུ་འཁོར༔ གཡུང་དྲུང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྒྱ་མཚོ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསྒོམ་ཞིང་༔ སློབ་བུ་རྣམས་མ་ཡེངས་པར་སྨིན་མཚམས་ཀྱི་གཡུང་དྲུང་དང་སྔགས་འཁོར་ལ་རིག་པ་རྩེ་གཅིག་ཏུ་གཏོད་བཅུག༔ སྤོས་སྲེག་རོལ་མོ་འཁྲོལ་ལོ༔ བྱིན་ཕེབས་པའི་རྟགས་ནི་འཁྲབ་པ་དང་འདར་བ་དང་གཏད་མེད་ཀྱི་ཉམས་སོགས་འཆར་རོ༔ མེ་ཏོག་འཐོར་བརྟན་པར་བྱ༔ དེས་ནི་དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ་པའི་དགོས་པ་ཡོད་དོ༔ དཔེར་ན་བཅུད་བཟང་པོ་བླུགས་པའི་ཐོག་མར་སྣོད་གཙང་མར་སྦྱང་བ་ལྟ་བུའོ༔ དེ་ནས་མཎྜལ་གྲུ་བཞིའི་སྟེང་དུ་དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ་ལྷོར་རིན་པོ་ཆེ་ནུབ་ཏུ་པདྨ་བྱང་དུ་རྒྱ་གྲམ་མཚམས་བཞིར་མཛེས་ཚོན་གྱིས་བྱུགས་པའི་ཚོམ་བུ་དེ་ལ་རིགས་ལྔའི་ལྷ་ཚོགས་བསྐྱེད་བསྟིམ་མཆོད་བསྟོད་བསྡུས་པ་ཞིག་བྱས་པའི་མཐར༔ དྲི་བཟང་གི་ཤིང་ལ་རྩེ་མོར་རྒྱ་མདུད་རྩ་བ་ཕྲ་བར་བཟོས་པ་མེ་ཏོག་གི་ཅོད་པན་བཏགས་པ་སློབ་བུའི་ལག་ཏུ་བཞག་ཅིང་༔ ཧཱུྃ༔ བྱང་ཆུབ་སྐུ་ལྔ་ཡེ་ཤེས་ལྔའི༔ དཀྱིལ་འཁོར་ཚོམ་བུ་དམ་པ་འདིར༔ དངོས་གྲུབ་པྲ་རྟགས་བརྟག་པའི་ཕྱིར༔ བདག་གིས་སོ་ཤིང་འདི་འདོར་བས༔ མཆོག་ཐུན་དངོས་གྲུབ་གང་འཐོབ་པའི༔ ལེགས་ཉེས་པྲ་རྟགས་གསལ་བར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཏྲཱཾཿཨཱཿསིདྡྷི་ཕ་ལ་ཧཱུྃ༔ ཅེས་སྐུ་ལྔའི་དཀྱིལ་འཁོར་དུ་དམིགས་ཤིང་མོས་པ་རྩེ་གཅིག་ཏུ་དོར་བར་བྱའོ༔ ཤར་དུ་བབས་ན་རྡོ་རྗེ་རིགས་ཀྱི་དངོས་གྲུབ་འཐོབ༔ ནད་གདོན་བར་ཆད་ཞི༔ ཕྱི་མ་མི་བསྐྱོད་པའི་ཞིང་དུ་གྲོལ༔ ལྷོར་བབས་ན་རིན་ཆེན་རིགས་ཀྱི་དངོས་གྲུབ་འཐོབ༔ ཚེ་དཔལ་འབྱོར་བ་རྒྱས༔ ཕྱི་མ་དཔལ་ལྡན་དུ་སྐྱེ༔ ནུབ་ཏུ་བབས་ན་པདྨ་རིགས་ཀྱི་དངོས་གྲུབ་འཐོབ༔ ཁམས་གསུམ་སྲིད་གསུམ་ཉམས་རྟོགས་ཐམས་ཅད་དབང་དུ་འདུ༔ ཕྱི་མ་བདེ་བ་ཅན་དུ་སྐྱེ༔ བྱང་དུ་བབས་ན་ཀརྨ་རིགས་ཀྱི་དངོས་གྲུབ་འཐོབ༔ གདོན་བགེགས་འབྱུང་པོས་གླགས་མི་རྙེད༔ ཕྱི་མ་ལས་རབ་རྫོགས་པར་སྐྱེ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་འཐོབ༔ སྡིག་པ་ཕྲན་ཚེགས་འདག༔ ཕྱི་མ་མཐོ་རིས་སུ་སྐྱེ༔ དབུས་སུ་བབས་ན་དེ་བཞིན་གཤེགས་པའི་དངོས་གྲུབ་འཐོབ༔ ཚེ་འདིར་མཆོག་ཐུན་གཉིས་ཀ་འགྲུབ༔ ཕྱི་མ་འཕགས་པའི་ཞིང་མཆོག་ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་དུ་གྲོལ༔ རྩ་བ་རང་ལ་བསྟན་ན་ངན་པས་སྤོང་དག་དང་འཆི་བསླུ་དང་ཚེ་ཆོག་སོགས་བྱའོ༔ དེ་ནས་སྲད་བུ་ལྔ་དྲིལ་དུ་བྱས་པ་ལ་རྡོ་རྗེའི་མདུད་པ་བརྒྱབ་ཅིང་འཕགས་པའི་སྙིང་པོར་རཀྵ་བཏགས་ཏེ་བཟླས་པ་སློབ་བུ་རྣམས་ཀྱི་དཔུང་པར་བཅིངས་ཏེ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ རྡོ་རྗེའི་མདུད་པས་རྒྱས་གདབ་ནས༔ ཁྱོད་ཀྱི་དཔུང་པར་བཅིངས་པ་ཡིས༔ བར་ཆད་གཡུལ་ལས་རྒྱལ་བར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་རཀྵ་རཀྵ༔ ཞེས་བརྗོད་དོ༔ དེ་ནས་ཀུ་ཤ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་པ་སློབ་མ་རྣམས་ལ་སྔས་གདན་དུ་སྦྱིན་ཞིང་༔ ཧཱུྃ༔ རྩྭ་མཆོག་དམ་པ་བྱང་ཆུབ་རྫས༔ འདི་ནི་བཀྲ་ཤིས་ཡོན་ཏན་ལྡན༔ སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས༔ རྡོ་རྗེ་གདན་གྱི་གནས་མཆོག་ཏུ༔ བྱང་ཆུབ་རྡོ་རྗེའི་རྩྭ་འདི་ལ༔ བརྟེན་ནས་མངོན་པར་བྱང་ཆུབ་ཅིང་༔ རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ དེ་ཕྱིར་སྐལ་ལྡན་བུ་ཁྱོད་ཀྱིས༔ རྩྭ་མཆོག་རྡོ་རྗེའི་རྫས་མཆོག་འདི༔ སྔས་དང་གདན་དུ་ཁྱེར་མཛོད་ལ༔ སེང་གེ་བཞིན་ཉོལ་རྨི་ལམ་རྟོགས༔ ནང་པར་གང་བྱུང་བདག་ལ་སྨྲོས༔ ཅེས་བརྗོད་རྩྭ་གཏད་སློབ་བུ་རྣམས་དཀྱིལ་འཁོར་ལྷ་ཚོགས་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་ཉལ་བར་བྱའོ༔ བཟང་པོའི་རྟགས་ནི༔ དར་འཕྱར་བ་དུང་འབུད་པ་རོལ་མོའི་རིགས་འཁྲོལ་བ༔ ཞལ་མཇལ་བ་གསུང་ཐོས་པ་ལུང་བསྟན་འཐོབ་པ༔ ཉི་ཟླ་ཤར་བ་གངས་རི་ལ་འཛེག་པ༔ མཆོད་རྟེན་ལ་བསྐོར་བ་ཉི་ཟླ་ཞོན་པ་གྱེན་ལ་འགྲོ་བ༔ རྣག་ཁྲག་ཟགས་པ་ཆས་གོས་གཟབས་པ་མེ་ཏོག་འཐུ་བ་གཏེར་སྟོན་པ་ནམ་མཁའ་ལ་འཕུར་བ༔ ཕྱག་མཚན་རྙེད་པ་གྲུ་བཏང་བ་ཟམ་ལས་བརྒལ་བ་ལ་སོགས་སོ༔ ངན་པའི་རྟགས་ནི༔ གོས་ཧྲུལ་དང་ནག་པོ་སོགས་གྱོན་པ༔ དམག་གིས་བསྐོར་བ་ཆུས་ཁྱེར་བ་རྦབ་ལ་འདྲིལ་བ༔ གཡང་ལ་ལྷུང་བ༔ ཁང་སྟོང་མང་པོ་འགྲིམ་པ༔ ཁ་ཟས་ངན་པ་ཟ་བ་ཉི་ཟླ་ནུབ་པ་སྣོད་སྟོང་ཐོགས་པའམ་རྙེད་པ༔ མཚོན་ཆ་ཆག་པ་ཕ་རོལ་དང་འཐབས་པས་རང་ཕམ་པ༔ གཅན་སྤྱང་གིས་འདྲེད་པ་སོགས་ཀྱི་རྨི་ལམ་རྣམས་སོ༔ དེ་ཡང་བཟང་ན་གསོལ་བ་གདབ་མཎྜལ་འབུལ༔ ངན་ན་རྨི་ལམ་གྱི་ཚུལ་དང་བསྟུན་ལ་རིམ་གྲོ་འགྱོད་བཤགས་བསྐང་གསོལ་ལ་སོགས་བྱའོ༔ དགུ་པ་ཕྱི་མཚམས་བཅད་པ་ནི༔ སྒྲུབ་ཁང་གི་ཕྱི་རོལ་དུ་ཐོ་བཞི་བརྩིགས་པའི་སྟེང་དུ་རྒྱལ་པོ་ཆེན་པོ་སྡེ་བཞིའི་སྐུ་ལ་བསྐྱེད་བསྟིམ་བྱས༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ སྔོན་གྱི་དམ་མཅའ་རྗེས་དགོངས་ལ༔ རྒྱན་གྱི་གཏོར་མ་འདི་བཞེས་ཏེ༔ བྱང་ཆུབ་བསྒྲུབ་ལ་བར་གཅོད་བགེགས༔ ཕོ་བྲང་ཤར་སྒོ་ཁྱོད་ཀྱིས་སྲུངས༔ དངོས་གྲུབ་འཐོབ་པའི་སྡོང་གྲོགས་མཛོད༔ ཨཱོཾ་བཛྲ་ཏིཥྛ་ར་ཙ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ རྒྱན་གྱི་གཏོར་མ་འདི་བཞེས་ཏེ༔ བྱང་ཆུབ་བསྒྲུབ་ལ་བར་གཅོད་བགེགས༔ ཕོ་བྲང་ལྷོ་སྒོ་ཁྱོད་ཀྱིས་སྲུངས༔ དངོས་གྲུབ་འཐོབ་པའི་སྡོང་གྲོགས་མཛོད༔ ཨཱོཾ་བྷེ་རུ་ར་ཏ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་པོ་ཆེན་པོ་མིག་མི་བཟང་༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ རྒྱན་གྱི་གཏོར་མ་འདི་བཞེས་ཏེ༔ བྱང་ཆུབ་བསྒྲུབ་ལ་བར་གཅོད་བགེགས༔ ཕོ་བྲང་ནུབ་སྒོ་ཁྱོད་ཀྱིས་སྲུངས༔ དངོས་གྲུབ་འཐོབ་པའི་སྡོོང་གྲོགས་མཛོད༔ ཨཱོཾོཾ་བྷེ་རུ་བྷཀྵ་ཡེ་སྭཱ་ཧཱ༔ ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ རྒྱན་གྱི་གཏོར་མ་འདི་བཞེས་ཏེ༔ བྱང་ཆུབ་བསྒྲུབ་ལ་བར་གཅོད་བགེགས༔ ཕོ་བྲང་བྱང་སྒོ་ཁྱོད་ཀྱིས་སྲུངས༔ དངོས་གྲུབ་འཐོབ་པའི་སྡོངས་གྲོགས་མཛོད༔ ཨཱོཾ་བྷེ་ཤ་ར་མ་ན་ཡེ་སྭཱ་ཧཱ༔ ན་མོ་དེང་གི་གནས་མཆོག་དམ་པ་འདིར་སྒྲུབ་པའི་ཆོ་ག་མ་ཐོན་གྱི་བར་དུ་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་འཕྲིན་ལས་དམ་པ་མཛད་དུ་གསོལ༔ ཅེས་བཞི་ཆར་ལ་རིགས་འགྲེས་ཏེ་བརྗོད་དོ༔ དེ་ནས་དམ་སྲི་མནན་པ་ནི༔ ར་སོགས་ལ་ནང་དུ་དམ་སྲིའི་ལིངྒ་བྲི༔ སྙིང་གར་དམ་སྲི་ནན་བྱ་བ་འབྲི༔ ཐ་མ་ལ་དམ་སྲི་ས་ག་པ་རི་མཱ་ར་ཡ་ཛཿནན༔ ཏྲེའུ་ཏྲེའུ་ཡ༔ ན་མ་ཤྭ་ཛ༔ ཁུག་ནན༔ ཅེས་བྲིས་ལ་སྒྲུབ་ཁང་གི་ཕྱི་སྒོའི་ཐེམ་པའི་འོག་ཏུ་མནན་ནོ༔ རང་ཉིད་དབང་ཆེན་དུ་བསྒོམས་ལ་ཕོ་ཉ་བསྐུལ་ཞིང་དགུག་གཞུག་དྲག་ཏུ་བྱ༔ རྒྱ་གྲམ་གྱིས་ཁ་བཅད་ཅིང་སྟེང་དུ་བྲོ་བྱ་བ་འདི་སྐད་དོ༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ མ་རིག་ལས་ཀྱི་རྒྱུ་ལས་སྐྱེས༔ འདོད་ཆགས་ཞེ་སྡང་གཏི་མུག་འཐི བས༔ བླ་མ་ལ་བསྡོས་བསྟན་ལ་སྡང་༔ མཆེད་ལྕམ་ཡོངས་ལ་གནོད་ཅིང་འཚེས༔ དེ་ཕྱིར་ཉེས་ཅན་རུ་ཏྲ་ཁྱོད༔ ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ རང་དབང་མེད་པར་བཀུག་ནས་ཀྱང་༔ དྲག་ཏུ་ཁྲོས་པའི་ཏིང་འཛིན་གྱིས༔ གླིང་བཞིའི་འཇིག་རྟེན་འོག་ཏུ་མནན༔ བསྐལ་པའི་མེ་ཆེན་འབར་བས་བསྲེག༔ མཐའ་མེད་རྒྱ་མཚོའི་ཀློང་དུ་སྐྱུར༔ རྔམ་བྱེད་ཕོ་ཉའི་ཞལ་དུ་སྟོབ༔ མུན་པ་རིམ་དགུའི་དོང་དུ་སྦ༔ ཆུ་སྲིན་འབར་བའི་གྲེ་བར་བརྫངས༔ ནམ་ཡང་ཐར་པའི་དུས་མེད་པའི༔ རྡོ་རྗེ་འབར་བའི་རྒྱས་གདབ་བོ༔ དེ་ནས་བྲོ་དྲག་ཏུ་འཁྲབ་ཅིང་༔ ཧཱུྃ༔ ཆོས་སྐུ་ཐིག་ལེ་ཉག་ཅིག་རྒྱ༔ དམ་སྲི་རྒྱ་ལས་མ་འདའ་ཞིག༔ ལོངས་སྐུ་སྐུ་ལྔ་ཡེ་ཤེས་རྒྱ༔ དམ་སྲི་རྒྱ་ལས་མ་འདའ་ཞིག༔ སྤྲུལ་སྐུ་སངས་རྒྱས་སྟོང་རྩའི་རྒྱ༔ དམ་སྲི་རྒྱ་ལས་མ་འདའ་ཞིག༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ་རྒྱ་རྒྱ་རྒྱ༔ ཨ་ལཾ་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ དེ་ནས་སྒྲུབ་ཁང་གི་ཕྱི་སྒོའི་ཡ་ཐེམ་ལ་རྟ་མགྲིན་གྱི་སྐུ་བཏགས་ཤིང་༔ ཧཱུྃ༔ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ན༔ ཆོས་རྗེ་བཅོམ་ལྡན་ཆེན་པོས་བཀའ་སྩལ་ལྟར༔ དེང་གི་སྒྲུབ་པའི་གནས་མཆོག་དམ་པ་འདིར༔ དངོས་གྲུབ་རྣམ་གཉིས་མངོན་དུ་མ་གྱུར་བར༔ ཁྲོ་བོ་ཆེན་པོ་པདྨ་དབང་ཆེན་གྱིས༔ བར་ཆད་བྱེད་པའི་འབྱུང་པོ་མཚམས་ཆོད་ཅིག༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་བདུད་རྩི་འཁྱིལ་བའི་སྐུ་ཡ་ཐེམ་གྱི་ནང་དུ་གདགས་ཤིང་༔ ཧཱུྃ༔ ཡེ་ཤེས་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྐུ༔ སྤྲུལ་པའི་འོད་ཟེར་འབར་བ་ཆེན་པོ་ཡིས༔ དངོས་གྲུབ་བསྒྲུབ་ལ་བར་དུ་གཅོད་པའི་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་རྒྱུན་ཆོད་ལ༔ ས་འདི་ཡན་ཆད་བསྲུང་བའི་གོ་སྒོས་ཤིག༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཚིན་དྷ་ཚིན་དྷ་དམ་སྲི་སརྦ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྵ་རཀྵ༔ བཅུ་པ་ལྷག་ཆད་གསོ་བ་ནི༔ རྡོ་རྗེ་རྒྱལ་པོ་མཆེད་ལྕམ་རྣམས་ཀྱིས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་ད་ལ་བསྐོར་ཏེ་ཡི་གེ་བརྒྱ་པ་བཟླ་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་བློ་ལས་འདས་ན་ཡང་༔ འགག་མེད་རང་རྩལ་ཐུགས་རྗེའི་དཀྱིལ་འཁོར་ཤར༔ འགྲོ་དྲུག་འདྲེན་པའི་ཕོ་བྲང་ཆེན་པོ་འདིར༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་སྤྱན་འདྲེན་ན༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ མོས་པའི་མཐུ་ཡིས་དབང་དང་དངོས་གྲུབ་སྩོལ༔ འདུ་འབྲལ་མེད་པའི་ངང་དུ་བཞུགས་ནས་ཀྱང་༔ ལྷག་ཆད་འགལ་འཁྲུལ་ཉམས་ཆག་བཟོད་པར་གསོལ༔ ཚངས་པར་མཛད་ནས་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བརྗོད་མཆོད་བསྟོད་བསྡུས་པ་ཞིག་བྱའོ༔ བཅུ་གཅིག་པ་རྒྱན་བཀོད་པ་ནི༔ མཆེད་ལྕམ་རྣམས་ལངས་ནས་དཀྱིལ་འཁོར་གྱི་མཆོད་རྫས་རྒྱན་རྣམས་ཐོགས་ཏེ༔ ཧཱུྃ༔ བཀྲ་ཤིས་བུམ་པ་འཕགས་པའི་གཞལ་ཡང་ཁང་༔ ད་ལ་ཞིང་ཁམས་དབུས་སུ་བཞུགས་སུ་གསོལ༔ མེ་ལོང་སྐུ་བཞིའི་ཡེ་ཤེས་འདུ་འབྲལ་མེད༔ བདུད་རྩི་སྨན་མཆོད་དངོས་གྲུབ་མཆོག་གི་རྫས༔ བྷ་ལིང་ཆེན་པོ་ཐུགས་དམ་བསྐང་བའི་རྟེན༔ དམར་ཆེན་ཨརྒྷཾ་ཉོན་མོངས་བསྒྲལ་བའི་ཁྲག༔ ཕྱི་མཆོད་རྣམ་ལྔ་འདོད་ཡོན་ལོངས་སྤྱོད་རྟེན༔ མཚན་ལྡན་དྷཀྐི་གསང་མཆོད་བདེ་བའི་ཡུམ༔ རྡོ་རྗེ་དྲིལ་བུ་ཐབས་ཤེས་གཉིས་སུ་མེད༔ རྔ་དུང་རོལ་མོ་རྒྱལ་བ་མཆོད་པའི་རྟེན༔ ཕུར་པ་རལ་གྲི་བར་ཆད་སྒྲོལ་བའི་རྫས༔ མེ་ལོང་མདའ་དར་ཚོན་སྐུད་སྲུང་བའི་གུར༔ ཡོལ་བ་བླ་རེ་འཕན་གདུགས་སྤྱན་གཟིགས་རྟེན༔ གིང་ཕོ་གིང་མོ་དཔལ་གྱི་ཕོ་ཉ་བ༔ གྷ་ནའི་མཆོད་རྫས་ཀུན་བཟང་མཆོད་པའི་སྤྲིན༔ ཐམས་ཅད་ཡོངས་རྫོགས་འཕགས་པའི་ཞིང་འདིར་འབུལ༔ མ་ལུས་ཐམས་ཅད་ཕོ་བྲང་རྒྱན་དུ་བཀྲམ༔ འཕགས་པ་མ་རིག་མུན་སེལ་ལྷག་པའི་ལྷ༔ ཁྱེད་ལ་རྩེ་གཅིག་མོས་པ་གཏད་པའི་མཐུས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནས་ཀྱང་༔ ལས་བཞི་རབ་འབྱམས་དངོས་གྲུབ་རྒྱ་མཚོའི་ཚོགས༔ བདག་ཅག་སྒྲུབ་པོ་རྣམས་ལ་སྩལ་དུ་གསོལ༔ ཅེས་བརྗོད་ཕྱི་མཆོད་རྣམ་ལྔ་ཤར་དུ་འགོད༔ ནང་མཆོད་འདོད་ཡོན་སྣ་ཚོགས་ལྷོ༔ གསང་མཆོད་སྨན་ཕུར་རཀྟ་ནུབ༔ ལས་གཏོར་རོལ་ཆས་བྱང་དུ་བཀོད༔ རྒྱན་དང་བཀོད་པས་མཛེས་པར་བརྒྱན༔ བག་དྲོ་བརྗིད་དང་ལྡན་པར་བྱའོ༔ བཅུ་གཉིས་པ་ཞལ་བཀོད་གདབ་པ་ནི༔ མཆེད་ལྕམ་རྣམས་གྲལ་དུ་འཁོད་ཅིང་༔ རྡོ་རྗེ་ལས་བྱེད་པས་རྡོ་རྗེ་སློབ་དཔོན་ལ་ཕུད་དྲངས་ཤིང་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་རྒྱལ་པོ་བདེ་གཤེགས་རྒྱལ་བའི་སྐུ༔ རྡོ་རྗེ་རྒྱལ་ཐེབས་རྒྱལ་བའི་གདུང་གསོབ་པ༔ རྡོ་རྗེ་རིག་མ་བྱང་ཆུབ་བདེ་བའི་ལམ༔ རྡོ་རྗེ་མཚམས་པ་ཕྱི་ནང་བརྡ་སྤྲོད་པ༔ ལས་ཀྱི་རྒྱལ་ཐེབས་ཕོ་བྲང་ཕྱག་ཚང་འཛིན༔ རྡོ་རྗེ་གཡོས་པ་ལོངས་སྤྱོད་གཏེར་གྱི་མཛོད༔ རྡོ་རྗེ་དུས་འཛིན་དངོས་གྲུབ་བསྐུལ་བའི་བདག༔ རྡོ་རྗེ་ཕྱག་ཚང་འདོད་དགུའི་གཏེར་འཆང་བ༔ རྡོ་རྗེ་གར་གིང་ཕོ་ཉ་ལས་བྱེད་དེ༔ ཐམས་ཅད་མ་ལུས་བཀོད་པ་ཕུན་སུམ་ཚོགས༔ དཀྱིལ་འཁོར་ཆེན་པོའི་བཀོད་པ་ལྷུན་གྱིས་གྲུབ༔ སྟོན་པ་རྡོ་རྗེ་རྒྱལ་པོས་དགྱེས་སྐོངས་ཤིག༔ དེ་ནས་མཚན་ལྡན་མུ་དྲ་ལྔ་གསུམ་བདུན་སོགས་གང་འབྱོར་རྒྱན་གྱིས་སྤྲས་པ་རྡོ་རྗེ་སློབ་དཔོན་ལ་འབུལ་སྟེ༔ ཧཱུྃ༔ འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་དགོངས༔ བཀྲ་ཤིས་ལྷ་མོ་སྒྱུ་འཕྲུལ་ལྟ་ན་སྡུག༔ བྱང་ཆུབ་མཆོག་གི་བདེ་བ་སྩོལ་པའི་ཡུམ༔ ཟག་མེད་ཏིང་འཛིན་བསྐྱེད་པའི་ཤེས་རབ་མོ༔ དགའ་བཞིའི་ཡེ་ཤེས་འཆང་བའི་གར་མཁན་མ༔ ལང་ཚོའི་འདབ་སྟོང་གཡོ་བའི་གཟི་བརྗིད་ཅན༔ རྡོ་རྗེ་རྒྱལ་པོ་བདེ་ཆེན་ཧེ་རུ་ཀ༔ མུ་དྲའི་མཆོད་པ་དམ་པ་འདི་བཞེས་ལ༔ བདག་ཅག་རྣམས་ལ་དགའ་བཞིའི་དངོས་གྲུབ་སྩོལ༔ མ་ཧཱ་མུ་དྲ་ཛྙཱ་ན་པུཥྩ་ཧོ༔ ཅེས་འབུལ་སློབ་དཔོན་གྱིས་བསྒོ་གདམས་ཞལ་བཀོད་འབོགས་པ་ནི༔ ཧོ༔ འདིར་ཚོགས་སྐལ་ལྡན་འདུས་པའི་ལྕམ་དྲལ་ཉོན༔ ཚེ་རབས་བསྐལ་པ་མང་པོའི་གོང་རོལ་ནས༔ ཐོས་བསམ་སྒོམ་སྒྲུབ་ཟབ་མོ་སྤྱད་པའི་མཐུས༔ ད་ལམ་དལ་འབྱོར་བཅོ་བརྒྱད་མི་ལུས་རྙེད༔ གསང་སྔགས་བླ་མེད་དཀྱིལ་འཁོར་འདིར་ཚོགས་ཤིང་༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་ཡིས༔ དུག་གསུམ་མ་སྤངས་སྐུ་གསུང་ཐུགས་སུ་གྲོལ༔ བསྐལ་པ་མང་པོའི་སྦྱངས་སྒྲོད་ལྟ་བཞག་ནས༔ ཚེ་གཅིག་སྒྲུབ་རྩོལ་ཙམ་ཡང་མ་སྨོས་པར༔ མཆོག་ཐུན་དངོས་གྲུབ་ཞག་གི་གྲངས་འཛིན་ཚེ༔ བརྩོན་འགྲུས་སྲོག་དང་བསྡོ་དགོས་སྐལ་ལྡན་རྣམས༔ བར་ཆད་བདུད་ནི་སྣ་ཚོགས་གཟུགས་སུ་འོང་༔ དངོས་གྲུབ་ཟབ་པར་རྐྱེན་ཡང་དེར་ཟབ་པས༔ ལེ་ལོ་མ་བྱེད་དུག་གསུམ་དབང་མ་གཏོང་༔ གཏི་མུག་གཉིད་དང་མྱོས་བྱེད་ཆང་ལ་སོགས༔ འཆལ་གཏམ་འཇོ་སྒེག་ཁོང་ཁྲོ་ང་རྒྱལ་ཚིག༔ སྒོ་གསུམ་ཉེས་ཚོགས་བྱ་བ་ཐམས་ཅད་སྤོངས༔ དད་པ་མོས་གུས་བརྩོན་འགྲུས་ངེས་འབྱུང་དང་༔ བསྐྱེད་རྫོགས་སྒོམ་བཟླས་ཐུན་དུ་ཤེས་རབ་བསྐྱེད༔ འདི་འདྲའི་དབང་སྒྲུབ་འཇིག་རྟེན་གསུམ་ན་དཀོན༔ སྤྲོ་བ་བསྐྱེད་ཅིང་བརྩོན་འགྲུས་གལ་ཆེའོ༔ ཐར་པའི་དེད་དཔོན་བྱང་ཆུབ་ས་ལམ་མཁན༔ རྡོ་རྗེ་རྒྱལ་པོའི་ཚིག་ལ་གུས་པས་ཉོན༔ བཀའ་ལས་འདས་ན་དངོས་གྲུབ་བརླག་པར་འགྱུར༔ དེ་ཕྱིར་སྙིང་ལ་བྲོ་བོར་སྐལ་ལྡན་རྣམས༔ ཅེས་ཉིན་རེ་བཞིན་བསྐུལ་ལོ༔ བཅུ་གསུམ་པ་དམ་རྫས་བཤམས་ཤིང་བྱིན་དབབ་པ་ནི༔ རིན་པོ་ཆེའི་བུམ་པའམ་ཐོད་པ་སོགས་ཀྱི་སྣོད་ཁྱད་པར་ཅན་གྱི་ནང་དུ་བདུད་རྩི་མྱོང་གྲོལ་གྱི་རིལ་བུ་མཚན་ལྡན་རིག་མས་དཀྱིལ་འཁོར་གྱི་དབུས་སུ་འགོད་ཅིང་ལྷ་ཚོགས་བསྐྱེད་བསྟིམ་དྲག་ཏུ་བྱ༔ གུ་གུལ་སོགས་སྤོས་བཟང་པོ་བསྲེག་ཅིང་འདི་སྐད་དོ༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ ཁྱེད་རྣམས་ཆོས་སྐུ་ཉག་གཅིག་སྤྲོས་བྲལ་ཡང་༔ འགག་མེད་རབ་འབྱམས་འཕྲིན་ལས་མཐའ་ཡས་ཀྱིས༔ མཁའ་དབྱིངས་ཀློང་ནས་སྤྲིན་བྲལ་ཉི་མ་ལྟར་༔ མ་རིག་མུན་སེལ་འཕགས་པས་རྗེས་དགོངས་ལ༔ གསང་བའི་རྫས་མཆོག་འདི་ལ་བྱིན་གྱིས་རློབས༔ སྒྲུབ་པོ་རྣལ་འབྱོར་བདག་ལ་དབང་བཞི་བསྐུར༔ མཆོག་ཐུན་དངོས་གྲུབ་ཕུང་པོ་བྱིན་བརླབས་སྩོལ༔ ཅེས་ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་ཕོ་བྲང་ནུབ་ཕྱོགས་བདེ་ཆེན་ནས༔ རྒྱལ་བ་འོད་དཔག་མེད་མགོན་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ རྣམ་དག་སྤྲོས་བྲལ་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཕོ་བྲང་རི་བོ་ཏ་ལའི་གཞལ་ཡས་ནས༔ འཕགས་མཆོག་སྤྱན་རས་གཟིགས་དབང་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ མ་འགགས་ལྷུན་གྲུབ་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷོ་ནུབ་རྔ་ཡབ་གླིང་གི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བརྩེར་དགོངས་ལ༔ འགྲོ་འདུལ་འཕྲིན་ལས་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ མཁའ་སྤྱོད་དྷཀྐི་ཐུགས་ཀྱི་ཀློང་ཡངས་ནས། །ཛྙཱ་ན་ཌཱ་ཀི་འབུམ་ཕྲག་གཙོ་དང་འཁོར། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །མཁའ་སྤྱོད་མཁའ་འགྲོའི་གནས་ནས་སྐུར་བཞེངས་ཏེ། །སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར། །བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ། །སྦྱངས་པའི་ཡོན་ཏན་མཐར་ཕྱིན་ཕོ་བྲང་ནས། །ལོ་ཆེན་ཀླུ་དབང་པཎ་གྲུབ་གཙོ་དང་འ ཁོར། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །ཚད་མེད་རྣམ་བཞིའི་ཀློང་ནས་སྐུར་བཞེངས་ཏེ། །སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར། །བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ། །སྔོན་གྱི་སྨོན་ལམ་སད་པའི་ཕོ་བྲང་ནས། །ཉི་མ་གྲགས་པ་ཆོས་བདག་གཙོ་དང་འཁོར། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །ཟབ་གཏེར་རྒྱ་མཚོའི་ཀློང་ནས་སྐུར་བཞེངས་ཏེ། །སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར། །བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ། །འགྲོ་དྲུག་འདྲེན་པའི་ཐུགས་རྗེའི་གཞལ་ཡས་ནས༔ འཕགས་པ་མ་རིག་མུན་སེལ་ཡུམ་སྲས་བཅས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ བསྐྱེད་རྫོགས་སྨིན་གྲོལ་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ པདྨ་དབང་གི་གཞལ་ཡས་ཆེན་པོ་ནས༔ རྟ་མཆོག་རྒྱལ་པོ་པདྨ་དབང་ཆེན་ཚོགས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ དབང་དྲག་འབར་བའི་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ མི་བསྐྱོད་རྡོ་རྗེ་ཡབ་ཡུམ་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ མེ་ལོང་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེཿ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིརཿ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལཿ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནསཿ རིན་ཆེན་འབྱུང་ལྡན་ཡབ་ཡུམ་གཙོ་དང་འཁོརཿ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོས་ལ ཿ མཉམ་ཉིད་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཡབ་ཡུམ་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ སོར་རྟོགས་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ བྱང་ཕྱོགས་ལས་རབ་རྫོགས་པའི་གཞལ་ཡས་ནས༔ དོན་ཡོད་གྲུབ་པ་ཡབ་ཡུམ་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ བྱ་གྲུབ་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་གཞལ་ཡས་ནས༔ རྣམ་པར་སྣང་མཛད་ཡབ་ཡུམ་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ ཚོགས་བརྒྱད་ཡུལ་དག་དབྱིངས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཐུགས་རྗེས་འགྲོ་དྲུག་སྒྲོལ་བའི་གཞལ་ཡས་ནས༔ དེ་བཞིན་གཤེགས་པ་བཅོམ་ལྡན་ཐུབ་པ་དྲུག༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ ཕ་རོལ་ཕྱིན་དྲུག་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ངོ་མཚར་བསྐལ་པ་བཟང་པོའི་གཞལ་ཡས་ནས༔ རྫོགས་པའི་སངས་རྒྱས་བདེ་གཤེགས་སྟོང་རྩ་གཉིས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ རྒྱུ་འབྲས་མཐར་ཕྱིན་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཁྲག་འཐུང་རོལ་པའི་གཞལ་ཡས་ཆེན་པོ་ནས༔ རིགས་བཞི་དཔལ་ཆེན་ཡབ་ཡུམ་གཙོ་དང་འཁོར༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ དུག་ལྔ་རྣམ་དག་ཀློང་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ སྟེང་འོག་ཕྱོགས་བཅུ་གནས་ཡུལ་དུར་ཁྲོད་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ རང་རང་སོ་སོའི་གནས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ རྒྱ་བོད་གནས་མཆོག་སྒྲུབ་གནས་ཐམས་ཅད་ནས༔ དངོས་གྲུབ་བརྙེས་པའི་རིག་འཛིན་ཕོ་མོ་རྣམས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྩེར་དགོངས་ལ༔ དག་པ་མཁའ་སྤྱོད་གནས་ནས་སྐུར་བཞེངས་ཏེ༔ སྒྲུབ་པའི་གནས་མཆོག་གསང་བའི་དཀྱིལ་འཁོར་འདིར༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཅེས་བརྗོད་བསྙེན་སྒྲུབ་ཀྱི་འཛབ་བགྲང་བའི་མཐར་སརྦ་ས་མ་ཡཱ༔ ཕེཾ་ཕེཾ་ཧྲིང་ཧྲིང་ཨ་ཝེ་ཤ་ཡ་ཨ་ཨཱ༔ སོགས་བརྗོད་ཅིང་ལྷ་ཚོགས་ཐམས་ཅད་སྒྲུབ་པའི་གཞལ་ཡས་བསྐྱེད་པའི་དཀྱིལ་འཁོར་ལ་ཐིམ་པར་བསྒོམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་བདུན་ཏེ༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་ཀྱི་རིམ་པ་དང་གཅིག༔ བར་ཆད་གདོན་བགེགས་ཉུ་ལེ་བསྐྲད་པ་དང་གཉིས༔ བསྒྲུབ་པའི་ལྟས་བརྟག་པ་དང་གསུམ༔ སློབ་མ་དཀྱིལ་འཁོར་ལ་འཇུག་པ་དང་བཞི༔ ལྷ་ངོ་སྤྲོད་པ་དང་ལྔ༔ དབང་བསྐུར་བ་དང་དྲུག༔ དངོས་གྲུབ་བླང་བ་དང་བདུན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལས་ཀྱི་གཞུང་བསྲང་ཞིང་བསྙེན་སྒྲུབ་ལ་འཇུག་པ་ནི༔ རྒྱུན་དུ་འཕྲིན་ལས་ནར་མར་གཞུང་བསྲང་ཞིང་དུས་བཞིར་ཚོགས་དང་ལྷག་མཆོད་ཐེམ་པར་བྱ༔ དེ་ནས་བསྙེན་སྒྲུབ་ལས་སྦྱོར་ཐུན་དུ་བཅད་དེ༔ ཞག་ལྔ་བྱེད་ན་ཞག་གཅིག་བསྙེན་པའི་འཛབ་བགྲང་ཞིང་༔ ཞག་བཞི་ལ་སྒྲུབ་པ་གཙོ་བོར་འདོན༔ ཞག་བདུན་གྱི་དབང་ཡང་དེ་བཞིན་རིགས་པས་འཁྲོལ་ཤེས་པར་བྱ་ཞིང་༔ ཟླ་བ་གཅིག་བསྒྲུབ་ན་ཞག་བདུན་བསྙེན་པ་དེ་ནས་སྒྲུབ་པའི་འཛབ་དབྱངས༔ ལར་སྒྲུབ་པ་ཡུན་རིང་ཐུང་གང་ལྟར་བརྩམ་ཡང་ནམ་ལངས་ཞི་བའི་དུས་བསྙེན་པ་དུམ་རེ་བསྐྱལ་ཞིང་༔ ཐུན་མགོ་རྣམས་སུ་བསྙེན་སྒྲུབ་དལ་རེ་སྦྲེལ་ཏེ་བཟླ༔ སྐབས་སྐབས་སུ་འཕྲིན་ལས་བཞིའི་ལས་སྦྱོར་ཡང་བཟླ་བར་བྱ་བ་ནི་ཡང་དག་པའི་རིམ་པའོ༔ གཉིས་པ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི༔ སྒྲུབ་པ་ལ་ཞུགས་ནས་ཐུན་དྲུག་གམ་བཅུ་གཉིས་སུ་གིང་པ་ཆས་སུ་ཞུགས་ཏེ༔ སྒྲོལ་གིང་ལས་ཀྱི་ཕོ་ཉར་མངའ་གསོལ་བསྐྱེད་བསྟིམ་ནན་དུ་བྱ་ཞིང་༔ སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་པའི་ཚིགས་བཅད་ཀྱིས་རབ་གནས་བྱས་ཏེ༔ སྒྲུབ་པའི་ཕོ་བྲང་འདུས་པའི་ལྕམ་དྲལ་རྣམས་ཀྱི་མཐའ་དཀྱིལ་ཡོངས་སུ་ཁྱབ་པར་རྒྱུག་སྟེ༔ ཞལ་ནས་ཧཱུྃ་དང་དྲགས་སྔགས་བརྗོད༔ རྐང་པ་རྡོ་རྗེའི་སྟངས་སྟབས་འཕྱོ༔ ལག་ན་ཐུན་དང་མཚོན་ཆ་དང་༔ མི་ལྤགས་བོང་བུའི་མཇེ་སོགས་ཐོགས༔ ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་འདི་སྐད་དོ༔ ཧཱུྃ༔ ཤར་ཕྱོགས་དཀར་བོ་དུང་གི་གཞལ་ཡས་ནས༔ དཔལ་ཆེན་ཐུགས་སྤྲུལ་ལས་བྱེད་དབང་མོ་ཆེ༔ ཁྲག་གི་མདོག་ཅན་བསེ་ཡི་ལན་ཕྲན་འཕྱོ༔ སྡང་མིག་སྤྱན་ལས་ཉི་ཟླའི་འོད་ཟེར་འཕྲོ༔ ཨག་ཚོམ་སྨིན་མའི་མེ་ཆེན་སྲིད་གསུམ་སྲེག༔ ཤངས་ནས་རྡོ་རྗེའི་རླུང་འཚུབ་ཐོག་ཆར་འབེབས༔ ཞལ་གདངས་ལྗགས་འདྲིལ་མེ་འབར་གློག་དམར་འཁྱུག༔ ཞལ་ནས་བསྐལ་པའི་འབྲུག་སྒྲས་སྟ ོང་གསུམ་འགེངས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་མེ་འབར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ བ་སྤུའི་ཀློང་ནས་རྡོ་རྗེའི་ཚྭ་ཚྭ་འཐོར༔ སྨིན་མའི་མཚམས་ནས་ཁྲོ་ཆུང་བུ་ཡུག་འཚུབ༔ ཞབས་ཀྱི་འཁོར་ལོས་སྲིན་མོ་ལྔ་བརྒྱ་གཟིར༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་ཁྲག་ཁ་ཟས་སྐོམ་དུ་གསོལ༔ དཔག་ཚད་མང་པོ་འཕྱོ་ཞིང་ཉུ་ལེ་སྒྲོལ༔ ཕྱོགས་བཅུའི་བར་ཆད་འབྱུང་པོ་རྡུལ་དུ་བརླག༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུང་༔ སྲི་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཕྲུ་འདེབས༔ བགེགས་ལ་བབས་ན་ཐལ་བའི་རྡུལ་དུ་བརླག༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ལས་མཁན་མོ༔ དམ་ཉམས་དགྲ་བགེགས་ལོག་འདྲེན་འབྱུང་པོ་དང་༔ བསྐྱེད་རྫོགས་སྒྲུབ་ལ་བར་ཏུ་གཅོད་པའི་བགེགས༔ དུས་ལ་རྒྱུ་བའི་ཉུ་ལེ་བཅུ་གཉིས་ཚོགས༔ རྡུལ་དུ་རློག་ལ་ཤ་རུས་དོན་སྙིང་གསོལ༔ དམ་ཚིག་ཆེན་པོའི་ཐུགས་དམ་དུས་ལ་བབས༔ མ་གཡེལ་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་གྲུ་སུ་ཨ་པ་ཙེ༔ རུ་པ་ཙེ༔ ནེ་རེ་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟམ་བྷ་ཡ་བྱི་ན་ཡ་ག་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན་ཙིཏྟ་རྦད་ནན༔ ཅེས་བཟླས་ཤིང་བསྐྲད་པས་ཉུ་ལེ་བར་གཅོད་བྱེད་པའི་ཚོགས་ཐམས་ཅད་དཔག་ཚད་དང་རྒྱང་གྲགས་སུ་ཡང་མི་གནས་པར་འབྲོས་པར་འགྱུར་རོ༔ འཚུབ་ཤིན་ཏུ་ཆེ་ན་ཉུ་ལེ་བཅུ་གཉིས་སམ་ཡང་ན་དམ་སྲིའི་ལིངྒ་བྲིས་ཏེ་ཧོམ་དུ་བཅུག་ནས་དགུག་གཞུག་བྱ༔ ཕོ་ཉ་བསྐུལ་ཞིང་ཨཱོཾ་སུམ་བྷ་ནིའི་སྔགས་ཤམ་དུ༔ ཨཱོཾ་གྷ་གྷ་གྷ་ཏ་ཡ༔ སརྦ་དུཥྟཱན་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི༔ སརྦ་བྷིགྣན་ཀཱ་ཡ་ཝཱཀྐ་ཙིཏྟ་སོགས་ཀྱི་ཤམ་བུ་ལ་དྲག་སྔགས་བཟླས་ཤིང་ཐུན་མཚོན་ཆ་སྣ་ཚོགས་ཀྱི་ཆར་པ་ཕབ་བོ༔ ཕྱི་ཕོ་ཉས་བསྐྲད་པ་དང་ནང་སྔགས་དམིགས་ཏིང་ངེ་འཛིན་གྱིས་བསྐྲད་པ་ཞེས་བྱ་བ་འདི་གཉིས་ནི་ཐབས་ཤེས་མ་བུས་བར་གཅོད་སྒྲོལ་བའི་ལག་ལེན་ཤིན་ཏུ་ཟབ་པའི་རིམ་པའོ༔ གྲུ་གསུམ་གྱི་ཁ་རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ སྒྲུབ་པ་གྲོལ་ནས་སྟེགས་བུའི་འོག་ཏུ་མནན་པར་བྱའོ༔ དེས་ནི་ཕྱིས་ཀྱང་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་དགོས་པ་ཡོད་དོ༔ གསུམ་པ་སྒྲུབ་པའི་ལྟས་བརྟག་པ་ནི༔ ཉམས་སྤྲོ་བ་དང་བླ་མ་མཆེད་ལྕམ་ལ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེ་བ་དང་༔ བག་དྲོ་བ་ཤེས་པ་དྭངས་པ་བྱིན་ཆགས་པ་ཏིང་ངེ་འཛིན་གསལ་བ་སྒྲུབ་རྫས་ལ་འོད་འཁྱུག་པ༔ རིལ་བུ་འཕུར་ཞིང་མར་མེ་འཛིན་པ་དྲི་བཟང་འཐུལ་བ་ལ་སོགས་ཀྱི་རྟགས་ཁྱད་པར་ཅན་མངོན་སུམ་དུ་འབྱུང་བ་དང་༔ རྨི་ལམ་དུ་ཡང་གྱེན་ལ་འཛེག་པ་ཉི་མ་དང་ཟླ་བ་ཤར་བ༔ ཆུ་ཟམ་བརྒལ་བ་དར་འཕྱར་བ་དུང་བུས་པ་རོལ་མོ་བཀྲོལ་བ༔ ཁྲི་གདན་བཟང་པོ་ལ་འདུག་པ་ཁྲུས་བྱས་པ༔ རྒྱན་བཏགས་པ་བུད་མེད་བཟང་མོས་ཟས་སྟེར་བ༔ གོ་མཚོན་སོགས་ལུས་ལ་གྱོན་པ་དང་ལག་ཏུ་འཁྱེར་བ་སོགས་ཀྱི་ལྟས་རྣམས་འབྱུང་བར་འགྱུར་རོ༔ ལྟས་དེ་དག་རྣམས་ལས་ལོག་པའི་རིགས་སོགས་བྱུང་ན༔ བཤགས་རྒྱུད་བཀླག་ཅིང་ཚོགས་འཁོར་བསྐོར༔ བསྐང་བཤགས་ཆོ་ག་ཅི་མང་གཏོང་༔ མཆེད་ལྕམ་ཐམས་ཅད་ལུག་རྒྱུད་སྦྲེལ་ཞིང་འདི་སྐད་དོ༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོ་འདིར༔ ལས་ཀྱིས་བསྒྲིབས་པའི་འགྲོ་བ་བདག་ཅག་གིས༔ བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཚུལ་བཞིན་བསྙེན་སྒྲུབ་ལས་སྦྱོར་དམ་བཅས་ཀྱང་༔ མ་རིག་དབང་གིས་སྐུ་གསུང་ཐུགས་ལ་སོགས༔ རྩ་བ་ཡན་ལག་ཉམས་ཆགས་འགལ་འཁྲུལ་རྣམས༔ ཅི་མཆིས་ཆོས་དབྱིངས་ཡངས་པའི་ཀློང་དུ་བཤགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་བཟོད་པར་གསོལ༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ༔ མ་རིག་མུན་སེལ་འཕགས་པ་དེ་བཞིན་གཤེགས༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ འདའ་དཀའ་ཁས་བླངས་གསང་སྔགས་ཟབ་མོའི་ཆོས༔ སྤྲོས་མེད་དོན་གྱི་སྙིང་པོ་འཐོབ་བྱའི་ཕྱིར༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་པར་བགྱིད༔ བདག་ཅག་འདུས་པའི་མཆེད་དང་ལྕམ་དྲལ་ལ༔ རྡོ་རྗེ་རྒྱལ་པོས་བྱིན་གྱིས་བརླབ་ཏུ་གསོལ༔ སྙིགས་མ་ལྔ་ལྡན་དུས་ཀྱི་ཐ་མ་འདིར༔ སངས་རྒྱས་རྣམས་ཀྱི་མཛད་པ་བདག་གིས་སྒྲུབ༔ དམ་ཚིག་གཅིག་གིས་འབྲེལ་བའི་ཕྲེང་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ བླ་མེད་སངས་རྒྱས་མ་ཐོབ་དེ་ཡི་བར༔ ལུས་དང་སྲོག་ལ་མི་བལྟ་རྩེ་གཅིག་བསྒྲུབ༔ ཁམས་གསུམ་ཕ་མ་འགྲོ་བའི་དོན་གྱི་ཕྱིར༔ བདག་གི་བསམ་པ་སྐྱོན་མེད་འགྲུབ་པར་ཤོག༔ ཅེས་བརྗོད་དོ༔ གོང་གི་བཟང་ལྟས་ལེགས་པ་ནམ་བྱུང་སྐབས་སུ་ཐོད་པར་བདུད་རྩི་བླུགས་པ་ཐོགས་ཏེ༔ མཆེད་ལྕམ་རྣམས་ལངས་ནས་མཐེབ་སྲིན་གྱིས་བདུད་རྩི་འཐོར་ཞིང་༔ ཧཱུྃ༔ འཕགས་པ་ཡབ་ཡུམ་མཁའ་ཀློང་ཡངས་པ་ནས༔ ཡེ་ཤེས་ལྔ་ཡི་བདུད་རྩི་འཕྲོ་འདུ་བསྒྱུར༔ དམ་ཚིག་ལྡན་པའི་ལྷ་སྲུང་རྒྱ་མཚོ་ཡིས༔ འཁོར་འདས་ས་ལམ་ཡོན་ཏན་བཅུད་བསྡུས་ཏེ༔ དམ་ཚིག་བདུད་རྩིར་ཡེ་ཤེས་བཅུད་ཀྱིས་རླན༔ རང་བྱུང་སྣོད་མཆོག་ཐོད་པའི་ནང་དུ་བསྐྱིལ༔ མཆོག་དང་ཐུན་མོང་དངོས་གྲུབ་རྒྱ་མཚོ་འདིས༔ ཡར་ལ་མཆོད་པས་བདེ་གཤེགས་རྒྱལ་བ་མཉེས༔ མར་ལ་མཆོད་པས་རིགས་དྲུག་ཕ་མ་ཚིམ༔ ཕར་ལ་མཆོད་པས་དམ་ཅན་ཐུགས་དམ་བསྐོང་༔ ལུས་ལ་བཏབ་པས་ནད་གདོན་བར་ཆད་ཞི༔ ངག་ལ་སྦྱར་བས་བསྙེན་སྒྲུབ་ལས་སྦྱོར་འཕེལ༔ སེམས་ལ་གསལ་བས་ཆོས་སྐུ་མངོན་དུ་འགྱུར༔ ལྗགས་ལ་མྱང་བས་དངོས་གྲུབ་ཕུང་པོ་འཐོབ༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང་༔ དམ་ཅན་ཆོས་སྐྱོང་སྲུང་མ་དགྱེས་པར་རོལ༔ འདུས་པའི་མཆེད་ལྕམ་རྣལ་འབྱོར་བདག་ཅག་ལ༔ མཆོག་དང་ཐུན་མོང་འཕྲིན་ལས་རྣམ་པ་བཞི༔ ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས༔ མ་ལུས་ཐམས་ཅད་བདག་ལ་དེང་འདིར་སྩོལ༔ ཅེས་བརྗོད་ཅིང་བདུད་རྩི་ལ་རོལ་ལོོ༔ བཞི་པ་སློབ་མ་འཇུག་པ་ནི༔ ཕོ་བྲང་ཕྱི་སྒོའི་དྲུང་དུ་སློབ་མ་རྣམས་ཚོགས་ནས༔ ལས་ཀྱི་རྒྱལ་ཐེབས་པས་གསོལ་བ་གདབ་པ་ནི༔ ཧོ༔ དགོངས་ཤིག་དཀྱིལ་འཁོར་གཉེན་པོའི་ལྷ་ཚོགས་དགོངས༔ བདག་ཅག་འདིར་ཚོགས་ལས་དང་སྐལ་པར་ལྡན༔ བསྐྱེད་རྫོགས་མྱོང་གྲོལ་མཆོག་ཐུན་དངོས་གྲུབ་སྩོལ༔ བཀའ་ཡི་སྒོ་བའི་ཚོགས་ཀྱིས་སྐབས་དབྱེ་འཚལ༔ ལྷ་ཚོགས་རྣམས་ལས་གནང་བ་ཐོབ་པར་བསམ་ཞིང་ལས་ཀྱི་རྒྱལ་ཐེབས་པས་བུམ་ཆུས་སྒྲུབ་ཁང་གི་སྒོ་དྲུང་དུ་གདོང་སོགས་ཡན་ལག་རྣམས་དག་པར་བཀྲུ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་འབོག་ཅིང་ཡི་གེ་བརྒྱ་པ་ཅི་མང་བཟླ༔ དེ་ནས་སློབ་བུ་རྣམས་ལ་མིག་དར་དམར་པོ་རེ་བཀབ་ཅིང་༔ ཐམས་ཅད་ལུ་གུ་རྒྱུད་སྦྲེལ་ཏེ་ལས་ཀྱི་སློབ་དཔོན་གྱི་གསེར་གྱི་རྡོ་རྗེས་སྣ་ཁྲིད་ནས༔ རྡོ་རྗེ་སེམས་དཔའི་འཛབ་ཀྱི་དབྱངས་དང་བཅས་ཕོ་བྲང་ལ་སྐོར་བ་གསུམ་བསྐོར་ནས༔ ཕོ་བྲང་གཉན་པོའི་སྒོ་དྲུང་ནས་གསོལ་བ་འདི་ལྟར་གདབ་བོ༔ ཧཱུྃ༔ དཔལ་ཆེན་རིགས་ལྔ་ཁྲོ་བོའི་རྒྱལ༔ ཉོན་མོངས་བདུད་བཞི་འདུལ་བའི་ལྷ༔ ཁྲོ་གཏུམ་མི་བཟད་རྔམ་པའི་སྐུ༔ བདག་ཅག་མ་རིག་སེམས་ཅན་རྣམས༔ རིགས་དྲུག་འཁོར་བའི་ལམ་བགགས་ནས༔ བྱང་ཆུབ་རྡོ་རྗེ་མཆོག་ཐོབ་ཕྱིར༔ ཁྱེད་ཀྱིས་ཕོ་བྲང་སྒོ་ཕྱེ་ཞིག༔ ཐུགས་རྗེ་མཆོག་གིས་སྐྱང་དུ་གསོལ༔ ཅེས་ལན་གསུམ་སྒོ་བ་ཡབ་ཡུམ་ལ་ཞུ་བ་ཕུལ་ལོ༔ དེ་ནས་སྒོ་བ་ཡབ་ཡུམ་གྱིས་ལན་བཏབ་པ༔ ཧོཿཁྱེད་ཅག་འདིར་ཚོགས་སློབ་བུ་རྣམས༔ ཕོ་བྲང་འདི་རུ་འཇུག་པ་ལ༔ སྒོ་གསུམ་དམ་ཚིག་བསྲུང་དགོས་པས༔ སྐལ་ལྡན་རེ་རེའི་སྤྱོད་ཡུལ་ལས༔ སྐལ་མེད་ལོག་ལྟ་སྲེག་ཅིང་བརླག༔ དེ་ཕྱིར་དམ་ལྡན་ནང་དུ་ཤོག༔ སྐལ་མེད་ཐམས་ཅད་ཕྱིར་དེངས་ཤིག༔ ཅེས་ལན་གསུམ་བྱའོ༔ དེ་ནས་སློབ་མ་རྣམས་ཀྱིས༔ ཀྱེཿ དགོངས་ཤིག་དཔལ་ཆེན་ཡབ་ཡུམ་དགོངས༔ བདག་ཅག་འདིར་ཚོགས་སྐལ་ལྡན་བུ༔ རིགས་དྲུག་སྡུག་བསྔལ་མུན་གླིང་འདིར༔ ཐོག་མ་མེད་ནས་ལས་ཀྱིས་མནར༔ ཤིན་ཏུ་སྐྲགས་ཤིང་སྐྱི་གཡའ་ནས༔ བླ་མ་ལྷ་དང་བཅས་པ་ལ༔ སྐྱབས་ཕྱིར་ཁྱེད་ཀྱིས་ནང་དུ་ཐོང་༔ ཅེས་ཞུས་ཤིང་ལས་ཀྱི་སློབ་དཔོན་གྱིས་སྣ་ཁྲིད་ནས་ཡོལ་བའི་ཕྱི་རོལ་གྱི་བར་འཁྱམས་སུ་བཞག༔ སློབ་དཔོན་ཐམས་ཅད་ཆས་ཀྱིས་བརྒྱན་ཞིང་རོལ་མོ་འབིར༔ གུ་གུལ་བདུག༔ གིང་པ་བརྒྱད་དམ་བཞི་སོགས་ཀྱི་ལག་ན་ཐོད་དབྱུག་ཞགས་པ་ལྕགས་སྒྲོག་ལ་སོགས་འཁྱེར་ནས་དབང་ཞུ་བ་རྣམས་ལ་བརྡེག་ཅིང་འདི་སྐད་དོ༔ ཧཱུྃ༔ ཕོ་བྲང་ཆེན་པོ་དངོས་གྲུབ་འཕྲོ་བའི་གླིང་༔ ཐར་པའི་ཞིང་ཁམས་གསང་སྔགས་དཀྱིལ་འཁོར་འདིར༔ སྒོམ་སྒྲུབ་ཟབ་མོ་གསང་བའི་ཆོ་ག་ལ༔ བལྟ་བར་མི་དབང་ཉན་བཤད་སྣོད་མེད་པའི༔ བདུད་དང་ལོག་འདྲེན་འབྱུང་པོ་བྱད་མའི་ཚོགས༔ འབར་བའི་ཏིང་འཛིན་འབར་བའི་བརྟུལ་ཞུགས་ཀྱིས༔ རབ་ཏུ་གཟིར་ཞིང་ཐལ་བའི་རྡུལ་བཞིན་བརླག༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སོགས་དྲག་སྔགས་ཅི་མང་བརྗོད༔ དཔལ་དབང་ཆེན་ཁྲོས་པའི་ཏིང་ངེ་འཛིན་གྱིས་བགེགས་རྣམས་བསྐྲད་དོ༔ དེ་ནས་སློབ་མ་རྣམས་ཀྱི་ལག་ན་མེ་ཏོག་ཁྱེར་ནས་ཡོལ་བའི་ཕྱི་རོལ་ནས་འདི་སྐད་ཞུའོ༔ ཧོཿ རྡོ་རྗེ་རྒྱལ་པོ་བྱམས་མགོན་བརྩེ་བའི་བདག༔ ཐུགས་རྗེས་བདག་ཅག་འདིར་ཚོགས་བུ་རྣམས་ལ༔ སྨིན་གྲོལ་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་ཞུ༔ དེ་ནས་བླ་མས༔ ཀྱེ་མ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཁྱེད་རྣམས་ལས་དང་སྐལ་བར་ལྡན༔ སྔོན་ལས་བསོད་ནམས་ཚོགས་བསགས་པས༔ ད་ལམ་ཕོ་བྲང་གཞལ་ཡས་འདིར༔ སྨིན་གྲོལ་ནོད་པའི་དུས་ལ་བབས༔ མཆོག་ཐུན་མ་ལུས་བདག་གིས་སྦྱིན༔ གསང་སྔགས་བླ་མེད་ཆོ་ག་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་ལོག་ལྟ་བདུད་ཀྱི་རིགས༔ རྟོག་གེ་འགྲན་སེམས་ཐེ་ཚོམ་ཅན༔ མ་དག་འགྲོ་ལ་མ་སྨྲ་ཞིག༔ གསང་བའི་དམ་ཚིག་འདི་སྲུངས་ན༔ མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ གསང་དམ་ཉམས་ན་དམྱལ་བར་ལྟུང་༔ རྡོ་རྗེའི་མེ་འདག་འབར་བས་བསྲེག༔ དེ་ཕྱིར་ཁྱོད་ཀྱིས་ཡང་དག་སྲུངས༔ ཨཱོཾ་ཨཱཿཧཱུྃ་ཨ་མྲྀ་ཏ་ས་མ་ཡཱ༔ ན་ར་ཀན་ཧཱུྃ༔ དེ་ནས་ཕྲེང་བ་ལག་ཏུ་གཏད་ལ༔ ཧཱུྃ༔ དམ་ཚིག་གཟུངས་ཀྱི་ཕྲེང་བ་ལ༔ རིག་པ་མི་འགྱུར་ལུ་གུ་རྒྱུད༔ བསྙེན་སྒྲུབ་ལས་སྦྱོར་ཡང་དག་ཏུ༔ ཚུལ་བཞིན་བསྒྲུབ་པའི་དམ་བཅའ་ལོང་༔ ཅེས་བརྗོད་ཨཱ་ལི་ཀཱ་ལི་བགྲང་༔ དེ་ནས་རྡོ་རྗེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ རང་བྱུང་ཡེ་ཤེས་རང་སེམས་འདི༔ མ་རིག་འཛིན་པའི་མུན་པར་འཐུམས༔ ད་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ བླ་མ་འཕགས་པ་སྤྱན་རས་གཟིགས༔ སྙིང་གི་དཀྱིལ་དུ་མ་ཤར་བར༔ ཚུལ་བཞིན་ལྟ་སྒོམ་ཉམས་སུ་ལོང་༔ ཐུགས་ཀྱི་དམ་ཚིག་ཡང་དག་སྲུངས༔ དེ་ནས་བླ་མའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་བཅས་རིན་ཆེན་འབར་པའི་ཕྱག་རྒྱ་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ བུ་ཁྱོད་མ་ཡེངས་རྩེ་གཅིག་ཉོན༔ ང་ནི་སྐུ་གསུམ་བདག་ཉིད་མཆོག༔ འཁོར་འདས་ཐམས་ཅད་ང་ཡི་རྩལ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་དྲུག་ཀུན་གྱི་འདྲེན་པ་མཆོག༔ ཁྱེད་ལ་དངོས་གྲུབ་སྦྱིན་པའི་ལྷ༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ལ་བརྙས་པར་མི་བྱ་ཞིང་༔ སྒོ་གསུམ་ཚུལ་དང་མཐུན་པ་ཡི༔ དམ་ཚིག་རྣམས་ཀྱང་ཡང་དག་བསྲུང་༔ མ་རིག་མུན་སེལ་དཀྱིལ་འཁོར་འདིར༔ ཁྱོད་གཞུག་དངོས་གྲུབ་ཐམས་ཅད་སྦྱིན༔ དེ་ཕྱིར་སྙིང་ནས་དམ་ཚིག་སྲུངས༔ ཨཱོཾ་བཛྲ་ས་མ་ཡ་ཛ༔ སརྦ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ དེ་ནས་རིན་པོ་ཆེའི་མེ་ཏོག་ཅོད་པན་དང་བཅས་པ༔ སློབ་བུའི་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་ཞིང་དཀྱིལ་འཁོར་ལ་འདོར་བ་ནི༔ ཧཱུྃ༔ མ་རིག་མུན་སེལ་རྒྱལ་བའི་ཕོ་བྲང་འདིར༔ རིན་ཆེན་མེ་ཏོག་གསེར་གྱི་ཅོད་པན་ཅན༔ བདག་གིས་མོས་གུས་གདུང་བའི་བརྟུལ་ཞུགས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ༔ ཚེ་རབས་སྔོན་གྱི་ལྷ་ལ་འབབས་པར་ཤོག༔ པུཥྤེ་པཱུ་ཙ་སརྦ་སིདྡྷི་སྟོམ༔ ཅེས་མེ་ཏོག་དོར་རོ༔ དེ་ནས་སློབ་དཔོན་གྱིས་གསེར་གྱི་ཐུར་མ་ཐོགས་ཏེ༔ ཧཱུྃ༔ སྔོན་ཚེ་མིག་མཁན་རྒྱལ་པོ་ཡིས༔ ཐུགས་རྗེའི་ཐབས་ཤེས་གསེར་ཐུར་གྱི༔ མ་རིག་རྨོངས་པའི་མིག་བསལ་ལྟར༔ དེང་འདིར་སྐལ་ལྡན་བུ་ཁྱོད་ཀྱི༔ མ་རིག་འཁྲུལ་སྣང་ལས་སྒྲིབ་མིག༔ ཡེ་ཤེས་སྤྱན་དང་ལྡན་པར་བྱ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙཀྵུ་བྷྱ་སྭཱ་ཧཱ༔ ཅེས་མིག་དར་དཀྲོལ༔ དེ་ནས་སློབ་དཔོན་གྱིས་མེ་ཏོག་གར་བབས་ལེགས་པར་བརྟག་ཅིང་༔ ཤར་དུ་བབས་ན་སེམས་དཔའ་བཛྲ་རྩལ༔ ལྷོ་རུ་སེམས་དཔའ་རཏྣ་རྩལ༔ ནུབ་ཏུ་སེམས་དཔའ་པདྨ་རྩལ༔ བྱང་དུ་སེམས་དཔའ་ལས་རབ་རྩལ༔ ཤར་ལྷོར་བཛྲ་ལས་འབྲེལ་རྩལ༔ མཚམས་གསུམ་ལ་ཡང་དེ་བཞིན་འགྲེ༔ དབུས་སུ་དབང་ཕྱུག་འཁོར་ལོ་རྩལ༔ ཅེས་གདགས་མེ་ཏོག་ཅོད་པན་དང་བཅས་པ་སྤྱི་བོར་འགོད་ཅིང་༔ ཧཱུྃ༔ བཀྲ་ཤིས་མེ་ཏོག་ཅོད་པན་འཆང་༔ གསང་བ་རིག་འཛིན་མིང་གི་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་ནས་ཀྱང་༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ ཅོད་པན་མིང་གི་དབང་ཐོབ་ཤོག༔ ཨཱོཾ་སརྦ་ཨ་བྷི་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་མེ་ཏོག་གཏོར་རོ༔ ལྔ་པ་ལྷ་ངོ་སྤྲོད་པ་ནི༔ རྡོ་རྗེ་སློབ་དཔོན་གྱིས་གསེར་གྱི་ཐུར་མ་ཐོགས་ཏེ༔ འོ་སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཞིག༔ རྒྱལ་བ་རྒྱ་མཚོ་འདུས་པའི་ཞིང་མཆོག༔ མ་བཅོས་ལྷུན་གྲུབ་ཀྱི་དབྱིངས་ལས་རང་ཤར་བའི་ཕོ་བྲང་ཆེན་པོ་གྲུ་བཞིར་ལྡན་པ་ནི་ཚད་མེད་བཞི་དང་ལྡན་པའི་བརྡ་ཡིན༔ སྒོ་བཞི་དང་ལྡན་པ་ནི་རྣམ་པར་ཐར་པ་ཆེན་པོའི་སྒོ་བཞི་མཚོན་པའི་བརྡ་ཡིན༔ སྒོ་བཞི་ཕྱོགས་མདོག་དང་མཐུན་པར་བསྒྱུར་བ་ནི་ཁྲག་འཐུང་རིགས་བཞི་ལ་ཞིང་ཁམས་སོ་སོར་ཡོད་པའི་བརྡ་ཡིན༔ གྲུ་ཆད་བཞི་དང་ལྡན་པ་ནི་འཕྲིན་ལས་གང་བརྩམས་ཐོགས་མེད་དུ་འགྲུབ་པའི་བརྡ་ཡིན༔ ཤར་ཕྱོགས་དཀར་པོར་སྣང་བ་ནི་མངོན་པར་དགའ་བ་ཤེལ་ལས་གྲུབ་པའི་བརྡ་ཡིན༔ ལྷོ་ཕྱོགས་སེར་པོར་སྣང་བ་ནི་དཔལ་དང་ལྡན་པ་གསེར་ལས་གྲུབ་པའི་བརྡ་ཡིན༔ ནུབ་ཕྱོགས་དམར་པོར་སྣང་བ་ནི་བདེ་ཅན་པདྨ་རཱ་ག་ལས་གྲུབ་པའི་བརྡ་ཡིན༔ བྱང་ཕྱོགས་ལྗང་གུར་སྣང་བ་ནི་ལས་རབ་རྫོགས་པ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་བརྡ་ཡིན༔ དབུས་དམར་པོར་འདུག་པ་ནི་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཐོགས་པ་མེད་པས་འཁོར་འདས་ཐམས་ཅད་ལ་དབང་སྒྱུར་ཞིང་སེམས་ཅན་ཐམས་ཅད་ལས་ངན་པའི་དབང་དུ་མི་གཏོང་སྟེ་ཡེ་ཤེས་ཆེན་པོས་རང་དབང་མེད་པར་དབང་དུ་བསྡུས་ནས་ཐར་པའི་ལམ་ལ་སྦྱོར་བའི་བརྡ་ཡིན༔ སྟེང་འོག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་བཀོད་པ་དུ་མས་བརྒྱན་པ་ནི་དགོས་འདོད་ཐམས་ཅད་ལྷུན་གྲུབ་ཏུ་ཡེ་ནས་བཞུགས་ཤིང་འདོད་པའི་རེ་བ་ཕྱོགས་མེད་དུ་སྐོང་པའི་བརྡ་ཡིན༔ ཉི་ཟླའི་སྐར་ཁུང་བཞི་རུ་གསལ་བ་ནི་ཐུགས་རྗེ་སེམས་ཅན་ཐམས་ཅད་ལ་འགྱུར་བ་མེད་པར་གཟིག་པའི་བརྡ་ཡིན༔ འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་མང་པོས་གར་འཁྲབ་ཅིང་མཆོད་པའི་ཆར་སྤྲིན་གཏིབས་པ་ནི་འདོད་པའི་ཡོན་ཏན་ལྔ་མི་སྤོང་ཞིང་ལམ་དུ་སློང་བའི་བརྡ་ཡིན༔ རིན་པོ་ཆེའི་ཕ་གུ་སེར་པོར་འདུག་པ་ནི་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་བརྡ་ཡིན༔ དྲ་བ་དང་དྲ་ཕྱེད་མང་པོས་བརྒྱན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་བརྡ་ཡིན༔ ཀ་རྒྱན་རྣམ་པ་སྣ་ཚོགས་མཛེས་པར་བརྒྱན་པ་ནི་རྣམ་པར་ཐར་པ་ཆེན་པོ་བརྒྱད་དང་ལྡན་པའི་བརྡ་ཡིན༔ རྡོ་ཀ་མ་ལ་ཤི་ལའི་མཆོད་རྟེན་གྱི་ཕྲེང་བས་ཡོངས་སུ་བསྐོར་བ་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བརྡ་ཡིན༔ གཞལ་ཡས་ཁང་གི་ཕྱོགས་ཕྱོགས་སུ་བཀྲ་ཤིས་པའི་རྒྱལ་མཚན་རྣམས་ཀྱིས་བརྒྱན་པ་ནི་དམ་པའི་ཆོས་ཡོངས་སུ་མི་ནུབ་པའི་བརྡ་ཡིན༔ རི་དྭགས་གཉིས་གཉིས་དང་ལྡན་པ་ནི་ཉོན་མོངས་པའི་རྣམ་རྟོག་གི་དབེན་པའི་བརྡ་ཡིན༔ ཆོས་ཀྱི་འཁོར་ལོ་བཅུ་གཉིས་སུ་འདུག་པ་ནི་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་པའི་བརྡ་ཡིན༔ རིན་པོ་ཆེ་སྣ་ཚོགས་ཀྱི་གདུགས་ཕུབ་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་ཡེ་ཤེས་ལྔ་ལྡན་གྱིས་འཁོར་པའི་སྡུག་བསྔལ་སྐྱོབ་པའི་བརྡ་ཡིན༔ དར་སྣ་ཚོགས་ཀྱི་ཅོད་པན་ཕྱོགས་ཐམས་ཅད་དུ་འཕུར་བ་ནི་རྣམ་རྟོག་གི་འགྱུ་བ་དྲན་རིག་དང་བྲལ་བའི་བརྡ་ཡིན༔ པདྨའི་ཕྲེང་བས་བསྐོར་བ་ནི་བག་ཆགས་ཀྱི་དྲི་མ་ཐམས་ཅད་དང་ཡོངས་སུ་བྲལ་བའི་བརྡ་ཡིན༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ནི་རྣམ་ཤེས་བརྒྱད་རང་སར་དག་པའི་བརྡ་ཡིན༔ རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཆོས་དབྱིངས་ཀྱི་ཞིང་ཁམས་གཞོམ་གཞིག་དང་བྲལ་བའི་བརྡ་ཡིན༔ ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར་བ་ནི་ཕྱིན་ཅི་ལོག་པའི་རྣམ་རྟོག་ཐམས་ཅད་བསྲེག་པའི་བརྡ་ཡིན༔ དེ་ལྟ་བུའི་ཕོ་བྲང་གི་དབུས་སུ་དབང་གི་བུམ་མཆོག་ཟླུམ་པོ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་བརྡ་ཡིན༔ བུམ་པའི་ཁ་རྒྱན་རྨ་བྱའི་སྒྲོ་ཁ་དོག་ལྔ་ལྡན་གྱིས་བྱས་པ་ནི་ལོངས་སྐུ་རིགས་ལྔ་མཚོན་པའི་བརྡ་ཡིན༔དཔག་བསམ་ཤིང་གི་སྡོང་པོས་བརྒྱན་པ་ནི་ཐུགས་རྗེ་སྤྲུལ་སྐུས་འགྲོ་བའི་དོན་མཛད་པའི་བརྡ་ཡིན༔ གཟུངས་ཐག་སྣ་ལ་རྡོ་རྗེ་བཏགས་པ་ནི་རང་རིག་གདོད་མའི་ཡེ་ཤེས་ལ་འགྱུར་བ་མེད་པའི་བརྡ་ཡིན༔ མགུལ་ཆིངས་ཁ་དོག་ལྔ་ལྡན་དུ་འདུག་པ་ནི་ཉོན་མོངས་དུག་ལྔ་ཡུལ་ནས་དག་པའི་བརྡ་ཡིན༔ གཟུངས་ཐག་ལྔ་དྲིལ་དུ་འདུག་པ་ནི་ཡེ་ཤེས་ལྔས་འགྲོ་བ་འདྲེན་ཞིང་སྐུ་ལྔའི་དངོས་གྲུབ་སྩོལ་བའི་བརྡ་ཡིན༔ ལྷ་ཚོགས་ཐམས་ཅད་ཀྱི་འདྲ་འབག་ཙཀ་ལིས་བརྒྱན་པ་ནི་སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་བརྡ་ཡིན༔ བདུད་རྩི་སྨན་གཏོར་རཀྟས་བརྒྱན་པ་ནི་ཐབས་ཤེས་འདུ་འབྲལ་མེད་ཅིང་དཀྱིལ་འཁོར་ལྷ་ཚོགས་ལ་མཆོད་པས་ཡང་དག་པར་མཆོད་པའི་བརྡ་ཡིན༔ རྒྱལ་མཚན་དང་འཕན་དར་སྣ་ཚོགས་འཕྱར་བ་ནི་སངས་རྒྱས་ཀྱི་བསྟན་པ་མི་ནུབ་ཅིང་སྙན་གྲགས་ཕྱོགས་བཅུར་སྒྲོགས་པའི་བརྡ་ཡིན༔ མདའ་བཞི་གྲི་བཞི་ཚོན་སྐུད་ཀྱི་དྲ་བ་དྲ་ཕྱེད་རྣམས་ཀྱིས་བརྒྱན་པ་ནི་བར་ཆད་ཀྱི་ཚོགས་ཐམས་ཅད་ཡོངས་སུ་བསལ་ནས་འཕྲིན་ལས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བརྡ་ཡིན༔ ཡོལ་བ་བླ་རེས་མཛེས་པར་བརྒྱན་པ་ནི་རྒྱལ་བའི་ཕོ་བྲང་དང་གཉིས་སུ་མེད་པའི་བརྡ་ཡིན༔ གདན་ཁྲི་བཀོད་པ་དང་ལྡན་པར་བརྩིགས་པ་ནི་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་གནོན་པའི་བརྡ་ཡིན༔ རྔ་དུང་རོལ་མོ་སྣ་ཚོགས་སྒྲོག་པ་ནི་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པའི་བརྡ་ཡིན༔ གཞན་ཡང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་བརྒྱན་པ་ནི་དབང་བཞིའི་ཆུ་བོ་མ་ཉམས་པར་དད་ལྡན་རྣམས་ལ་དབབ་པའི་བརྡ་ཡིན༔ རྡོ་རྗེ་སློབ་དཔོན་རྒྱལ་ཐེབས་གཟུངས་མ་མཆེད་ལྕམ་ཐམས་ཅད་ཚང་བར་བཞུགས་པ་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་བརྡ་ཡིན༔ དེ་ལྟ་བུའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་མ་རིག་མུན་སེལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་བྱི་རུའི་སྡོང་པོ་ལ་ཏིལ་གྱི་མར་ཁུས་བྱུགས་པ་ལྟར་དམར་གསལ་མདངས་དང་ལྡན་པར་བཞུགས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ལ་དབང་པའི་དཔལ་དང་ལྡན་ཞིང་འགྲོ་དྲུག་གི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བའི་ཕྲིན་ལས་ཟབ་མོ་མངའ་བས་རྗེས་སུ་བཟུང་བའི་ཕྱིར་རྗེས་སུ་ཆགས་པའི་བརྡ་ཡིན༔ ཞལ་གཅིག་དང་ལྡན་པ་འདི་ཆོས་སྐུ་ཉག་གཅིག་དང་ལྡན་པའི་བརྡ་ཡིན༔ ཕྱག་བཞི་དང་ལྡན་པ་འདི་ཚད་མེད་པའི་ཕྲིན་ལས་བཞི་དང་ལྡན་པའི་བརྡ་ཡིན༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ནི་འཁོར་འདས་གཉིས་སུ་མེད་པའི་བརྡ་ཡིན༔ དང་པོའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་ནི་ཐབས་ཤེས་འདུ་འབྲལ་མེད་པའི་བརྡ་ཡིན༔ དེའི་འོག་མ་གཉིས་ཀྱིས་ཕྲེང་བ་དང་བུམ་པ་བསྣམས་པ་འདི་བསྙེན་སྒྲུབ་ལས་སྦྱོར་རྩོམ་པ་ལ་དངོས་གྲུབ་འདོད་འབྱུང་གི་ཆར་འབེབས་པའི་བརྡ་ཡིན༔ དབུ་སྐྲ་ཐོར་ཚུགས་ལ་པྲོག་ཞུས་བརྒྱན་པ་ནི་ཉོན་མོངས་པའི་ཚོགས་ལས་རབ་ཏུ་རྒྱལ་ཞིང་སྐུ་དང་ཡེ་ཤེས་མངོན་དུ་འགྱུར་བའི་བརྡ་ཡིན༔ སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་བཞུགས་པ་ནི་ཆོས་སྐུའི་ལྷ་ཚོགས་དང་འདུ་འབྲལ་མེད་པའི་བརྡ་ཡིན༔ རྒྱན་ཕྲེང་དུ་མས་ཡོངས་སུ་བརྒྱན་པ་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཐམས་ཅད་མ་འདྲེས་པར་སོ་སོར་སྟོན་པའི་བརྡ་ཡིན༔ དེའི་པང་དུ་ཡུམ་མཆོག་ཆེན་མོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡོངས་སུ་བསྐྱེད་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ལྷ་མོ་དམར་མོ་སྐུ་ལ་གཉིས་མེད་དུ་འཁྲིལ་བ་ནི་དགའ་བ་བཞིའི་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་པའི་བརྡ་ཡིན༔ ཡུམ་མཆོག་དེའི་ཕྱག་གཡས་ན་པདྨས་མཚན་པའི་གྲི་གུག་བསྣམས་པ་ནི་མ་རིག་པའི་སྐྱེ་ཤི་རྩད་ནས་གཅོད་པའི་བརྡ་ཡིན༔ ཕྱག་གཡོན་ན་ཚེའི་བུམ་པ་བསྣམས་པ་ནི་འཆི་མེད་ཚེའི་དངོས་གྲུབ་སྩོལ་བའི་བརྡ་ཡིན༔ གཞོན་ནུའི་མདངས་ལྡན་དམར་ལ་ལང་ཚོ་རབ་ཏུ་རྒྱས་པ་ནི་བདེ་བའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས་པའི་བརྡ་ཡིན༔ རྒྱན་དང་ཕྲེང་བ་མང་པོས་བརྒྱན་པ་ནི་སྣང་བ་ཐམས་ཅད་དབང་དུ་འདུས་ཤིང་དབྱིངས་སུ་དག་པའི་བརྡ་ཡིན༔ གཡས་གཡོན་གཉིས་སུ་སྲས་པོ་ནོར་བུ་འཛིན་པ་དང་སྲས་མོ་གསང་སྔགས་འཛིན་མ་གཉིས་འདུ་འབྲལ་མེད་པར་བཞུགས་པ་ནི་ཐབས་ཤེས་དབྱེར་མེད་འཕྲིན་ལས་ཟབ་མོས་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་མ་འབད་བཞིན་དུ་སངས་རྒྱས་ཀྱི་ཞིང་ལ་སྦྱོར་བའི་བརྡ་ཡིན༔ རྒྱབ་ཕྱོགས་སུ་པདྨ་དབང་ཆེན་བཞུགས་པ་ནི་བདུད་བཞི་དྲེགས་པ་ཅན་ཞི་བས་མི་ཐུལ་པ་རྣམས་དབང་དྲག་གི་འཕྲིན་ལས་ཟབ་མོས་ཡོངས་སུ་སྒྲོལ་བའི་བརྡ་ཡིན༔ བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་ཡབ་ཡུམ་འཁོར་དུ་བསྐོར་ནས་བཞུགས་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བརྡ་ཡིན༔ བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ཀྱིས་བསྐོར་བ་ནི་ཚོགས་བརྒྱད་དང་ཡུལ་བརྒྱད་གནས་སུ་དག་པའི་འགག་མེད་ཀྱི་རོལ་པ་ལས་སེམས་དཔའ་སེམས་མ་ཐམས་ཅད་རང་ཤར་བའི་བརྡ་ཡིན༔ བཅོམ་ལྡན་འདས་ཐུབ་པ་དྲུག་གི་ཚོགས་ཡོངས་སུ་གསལ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངང་ནས་རྒྱུད་དྲུག་གི་འགྲོ་བ་ཐམས་ཅད་ཐར་པའི་ཞིང་དུ་འདྲེན་པའི་བརྡ་ཡིན༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་སྐུ་མ་འདྲེས་པར་བཞུགས་པ་ནི་ཁམས་གསུམ་གྱི་འཁོར་བ་དོང་ནས་མ་སྤྲུགས་ཀྱི་བར་དུ་གང་ལ་གང་འདུལ་གྱི་སྐུ་རུ་སྤྲུལ་ནས་འཁོར་བ་དོང་ནས་སྤྲུག་བག་ཆགས་ཐམས་ཅད་ཕྱིར་བསྙིལ་ཏེ་ཡང་དག་པར་ཕྱིར་མི་ལྡོག་པའི་ཞིང་ལ་སྦྱོར་བའི་བརྡ་ཡིན༔ ཀྱེ་རིགས་ཀྱི་བུ་རྣམས་མོས་པའི་གདུང་ཤུགས་དྲག་པོས་མ་རིག་མུན་སེལ་འཕགས་པའི་ཞིང་ཁམས་ཆེན་པོ་འདི་ཡང་དག་པར་མཇོལ་ལ་ཅི་འདོད་པའི་དངོས་གྲུབ་ཐམས་ཅད་ཞུས་ཤིག༔ ཅེས་བརྗོད་དཀྱིལ་འཁོར་ལྷ་ཚོགས་ལ་མཎྜལ་འབུལ༔ དྲུག་པ་དབང་བསྐུར་བ་ནི་སྒྲུབ་པ་བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན་པའི་སྐབས་ལས་ལྡན་རྣམས་ལ་རིམ་པར་བསྐུར་ཞིང་༔ དབང་རྐྱང་བྱེད་ན་ཞག་ལྔ་གསུམ་བདུན་སོགས་ཀྱི་སྐབས་དང་བསྟུན་ཞིང་རྒྱས་བསྡུས་རིགས་པས་འཁྲོལ༔ སྒྲུབ་པ་དང་འབྲེལ་བར་བྱེད་ན་སྔོན་འགྲོ་དབང་དང་སྒྲུབ་པ་གསུམ་གབ་འཁྲུགས་སྤྲད་ཤེས་པར་བྱའོ༔ གཞུང་ལུགས་མ་ནོར་བར་བྱས་ནས་ཟབ་ལ་རྒྱས་པར་བསྐུར་བར་བྱའོ༔ བདུན་པ་དངོས་གྲུབ་བླང་བའི་རིམ་པ་ནི༔ མཚན་ལྡན་ཐོད་པའི་ནང་དུ་ཕྱེ་གཙང་མ་ཆང་གི་ཉིང་ཁུས་སྦྲུས་པ་ལ་ཨ་མྲྀ་ཏ་དང་དཀར་གསུམ་མངར་གསུམ་སྤོད་དང་མར་ཁུ་སོགས་ཀྱིས་སྦྲན་པར་གཏོར་མ་རིན་ཆེན་འབར་བ་བྱས་པ་ལ་སློབ་དཔོན་འོད་ཟེར་སྤྲོ་བསྡུས་དངོས་གྲུབ་ཀྱི་ཕུང་པོ་ཆེན་པོར་བྱིན་གྱིས་བརླབས་པ་རིག་མ་རྒྱན་གྱིས་སྤྲས་པས་ཐོགས༔ གཞན་ཡང་བདུད་རྩིའི་བུམ་པ་འབྲང་རྒྱས་ཚོགས་ཀྱི་ཡོ་བྱད་བྷ ན་ཆང་ལ་སོགས་ཐོགས་ཏེ༔ སྒྲུབ་པ་དང་དབང་སོགས་གྲོལ་བའི་དུས་ཡིན་ན་སྐྱ་རེངས་དང་པོའི་ནམ་མཁའ་ལངས་པའི་ཚེ༔ དཀྱིལ་འཁོར་མཐའ་ནས་མཆེད་ལྕམ་ཐམས་ཅད་ལངས་ཏེ་པད་སྐོར་གྱི་ཕྱག་རྒྱ་བསྒྱུར་ཞིང་བསྐུལ༔ སྒྲུབ་གཞུང་གི་ཚེ་ཡང་ཉིན་རེ་བཞིན་རིག་མས་ཐོད་ཆང་ཐོགས་ནས་དངོས་གྲུབ་ཀྱི་རྟེན་དུ་དམིགས་ཤིང་བསྐུལ་བར་བྱའོ༔ དཀྱིལ་འཁོར་ལྷ་ཚོགས་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ཐམས་ཅད་འཕགས་པའི་སྐུ་རུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུ་དུས་གསུམ་གྱི་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས༔ ལྷ་ཚོགས་ཐམས་ཅད་སྙོམས་འཇུག་མཛད་པས་བདུད་རྩིའི་རྒྱུན་བབས་དངོས་གྲུབ་འབྱུང་བའ ི་རྫས་རྣམས་ལ་ཐིམ་པར་བསྒོམ་ཞིང་སྙིང་པོ་འདི་བཟླའོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཧྱ་སིདྡྷི་ཧཱུྃ་སྭཱ་ཧཱ༔ ཅེས་མང་ཉུང་སྐབས་དང་བསྟུན་ཏེ་བཟླས་ཤིང་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ མ་རིག་མུན་སེལ་དཀྱིལ་འཁོར་ལྷ༔ མ་ལུས་ཐམས་ཅད་དགོངས་སུ་གསོལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ སྐྱ་རེངས་དང་པོ་ཤར་བའི་ཚེ༔ རྡོ་རྗེ་སྲིན་པོའི་ནམ་ལངས་དུས༔ བསྙེན་སྒྲུབ་ལས་སྦྱོར་ཞག་གྲངས་ཐེམས༔ བཟླས་བརྗོད་བསྙེན་སྒྲུབ་ཁ་ཡང་ཁེངས༔ སྨན་གཏོར་ཡོ་བྱད་གཞུང་ལྟར་ཚོགས༔ སྒྲུབ་པའི་གནས་མཆོག་ཉམས་རེ་དགའ༔ རིག་འཛིན་མཆེད་ལྕམ་དམ་རེ་གཙང་༔ འཕགས་པ་ཐུགས་རྗེའི་རང་བཞིན་ཀྱང་༔ གནད་ནས་བསྐུལ་དུ་མི་འཚལ་ཡང་༔ དེ་རིང་ཐུགས་དམ་གནད་ནས་བསྐུལ༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ གསུང་གི་བྱིན་རླབས་ངག་ལ་སྩོལ༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ༔ བླ་མེད་དབང་མཆོག་བསྐུར་དུ་གསོལ༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ དགོས་འདོད་ཀུན་འབྱུང་དངོས་གྲུབ་སྩོལ༔ འཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས༔ ལས་བཞི་རབ་འབྱམས་དངོས་གྲུབ་སྩོལ༔ འདིར་འདུས་མོས་པའི་བདག་ཅག་གིས༔ གདུང་ཤུགས་དྲག་པོས་འབོད་པའི་ཚེ༔ ཁྱེད་ཀྱི་ཐུགས་རྗེ་གཡེལ་ནས་ཀྱང་༔ དངོས་གྲུབ་བདག་ལ་མ་བསྩལ་ཏེ༔ བསྒྲུབ་པའི་འབྲས་བུ་མ་ཐོབ་ན༔ ཐུགས་བསྐྱེད་ཉམས་པར་མི་འགྱུར་རམ༔ སྔོན་གྱི་ཐུགས་དམ་ཞལ་བཞེས་ལྟར༔ བསྒྲུབ་པའི་བུ་ལ་དངོས་གྲུབ་སྩོལ༔ རྣམ་འབྱོར་བདག་ལ་དངོས་གྲུབ་སྩོལཿ སྐད་ཅིག་འདི་ལ་དངོས་གྲུབ་སྩོལ༔ མྱུར་བ་ཉིད་དུ་དངོས་གྲུབ་སྩོལ༔ ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ནྲི་བྷྲཱུྃ༔སརྦ་སིདྡྷི་ཕ་ལ་ཧོ༔ ཅེས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ཤིང་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་སོགས་འདུས་པའི་དམ་ཚིག་གཅིག་ལ་ཞུགས་པ་ཐམས་ཅད་ཀྱིས་རྫས་ལ་རོལ་ལོ༔ སླར་སློབ་བུ་རྣམས་ཀྱིས༔ ཧཱུྃ༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་དགོངས་སུ་གསོལ༔ མ་བསྒྲུབ་སངས་རྒྱས་མངོན་དུ་བྱེད་པའི་རྫས༔ མྱོང་གྲོལ་བུམ་པའི་དབང་གིས་བདག་སྨིན་མཛོད༔ ཅེས་ཞུ༔ དཀྱིལ་འཁོར་དབུས་ནས་བུམ་སྒྲུབ་རིལ་བུའི་ཕོ་བྲང་རིག་མ་རྣམས་ཀྱིས་དར་གྱི་འདོ་ལེ་ལ་བཏེགས་ཤིང་སློབ་དཔོན་ལ་འབུལ་ཏེ༔ ཧཱུྃ་ཧོ༔ དགོངས་ཤིག་རྡོ་རྗེ་རྒྱལ་པོ་མཆོག་དགོངས་ཤིག༔ མ་རིག་མུན་སེལ་འཕགས་མཆོག་བཅོམ་ལྡན་འདས༔ ལྷ་ཚོགས་རྣམས་དང་གཉིས་སུ་མེད་པའི་རྫས༔ བསྟེན་པས་བླ་མེད་རྫོགས་འཚང་མྱུར་དུ་རྒྱ༔ འདི་ནི་ཡིད་བཞིན་ནོར་བུ་དབང་གི་རྒྱལ༔ རྡོ་རྗེ་རྒྱལ་པོ་མཆོག་གིས་རྫས་འདི་ལོང་༔ ཅེས་དབུལ༔ སློབ་དཔོན་གྱིས་སྒྲུབ་པའི་སྒྲོམ་བུ་ཕྱག་ཏུ་བསྣམས་ཤིང་༔ ཧཱུྃ༔ ངོ་མཚར་རྫས་མཆོག་ཟག་མེད་སྙིང་པོའི་བཅུད༔ མ་རིག་མུན་སེལ་ལྷ་དང་གཉིས་སུ་མེད༔ དུས་གསུམ་བདེ་གཤེགས་རྒྱལ་བ་བསྐྱེད་པའི་ཡུམ༔ དྷཱཀྐིའི་སྐུ་ལས་སིདྡྷིའི་འོད་ཟེར་འཕྲོ༔ བདག་ལ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བརྗོད་གནས་གསུམ་དུ་གཏུག་ཅིང་བསྙེན་སྒྲུབ་ཀྱི་འཛབ་བགྲང་ཞིང་༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཅེས་བཟླས༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྣམས་ཀྱིས་ལྕེ་ལ་མྱང་༔ དེ་ནས་མཆེད་ལྕམ་རྣམས་ལ་དབང་བསྐུར་བ་ནི༔ ཧཱུྃ༔ གསང་བའི་ཕོ་བྲང་སྒྲུབ་པའི་བུམ་པ་འདི༔ འཕགས་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་ལ༔ མཆོག་གི་དངོས་གྲུབ་འཐོབ་པའི་དབང་བསྐུར་རོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷིི་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དབང་བསྐུར་མཆོག་གི་རྫས་ལ་མྱོང་དུ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་བཅུ་གཅིག་སྟེ༔ ཚེ་འགུགས་པ་དང་གཅིག༔ ལྷག་ཆད་བསྐང་བ་དང་གཉིས༔ སྨོན་ལམ་འདེབས་པ་དང་གསུམ༔ དཀྱིལ་འཁོར་བསྡུ་བ་དང་བཞི༔ གཏེར་སྦ་བ་དང་ལྔ༔ གཏོར་མ་སྐྱོང་བ་དང་དྲུག༔ ཡོན་འབུལ་བ་དང་བདུན༔ བསྔོ་བ་བྱ་བ་དང་བརྒྱད༔ བཀྲ་ཤིས་བརྗོད་པ་དང་དགུ༔ ལུས་བསྲུང་བ་དང་བཅུ༔ གནས་བསྲུང་བ་དང་བཅུ་གཅིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཚེ་འགུགས་པ་ནི༔ རིན་པོ་ཆེའི་བུམ་པའི་སྣོད་དུ་སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ་སྦྲང་རྒོད་བུ་རམ་བ་དམར་མོའི་འོ་མ་ར་མོ་ཤག་དབང་ལག་ཅོང་ཞི་ཤ་སྙིང་འདི་རྣམས་བུམ་ཆུ་དང་ཛ་གད་ལ་སྦྱར༔ མར་གྱི་ཉི་ཟླ་རིལ་བུ་ལ་སོགས་ཀྱིས་བརྒྱན་ཅིང་༔ ཁ་རྒྱན་མགུལ་ཆིངས་སོགས་ཀྱིས་ལེགས་པར་བརྒྱན་པ་འབྲས་སམ་ནས་དཀར་མོ་བྲེ་གང་ཚོམ་བུར་བཀོད་པའི་སྟེང་དུ་བཞག༔ གཡས་སུ་ཚེ་ཟན་གཡོན་དུ་ཚེ་ཆང་མདུན་དུ་ཚེ་རྟེན་རིན་ཆེན་སྣ་ལྔ་བཏགས་པའི་མདའ་དར་རྣམས་འགོད༔ བགེགས་བསྐྲད་མཚམས་གཅོད༔ བུམ་པ་གཞལ་ཡས་ཁང་གི་ནང་དུ་བཅུད་ཀྱི་ངོ་བོ་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་སུ་བསྐྱེད་ཅིང་༔ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་འཁོར་འདས་ལམ་གསུམ་གྱི་ནུས་པ་དང་ཡོན་ཏན་ཚེ་བསོད་དབང་ཐང་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་ཚེའི་རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པར་བསམ་ཞིང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཨ་ཡུ་ཛྙ་ན་ཚེ་བྷྲཱུྃ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཅེས་མང་དུ་བཟླ༔ དེ་ནས་མདའ་དར་གཡབ་ཅིང་དམིགས་པ་གོང་ལྟར་གནད་དུ་བསྣུན་ལ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་དྲི་མེད་ལོངས་སྤྱོད་རྫོགས༔ གསང་བ་ཡུམ་དང་གཉིས་མེད་འཁྲིལ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང་༔ ཡང་སྤྲུལ་ཉིང་སྤྲུལ་མང་པོ་ལས༔ དཀྱིལ་འཁོར་ཚེ་ལྷ་གྲངས་མེད་གསལ༔ ཐུགས་རྗེའི་སྤྲུལ་པ་གློག་ལྟར་འཁྱུག༔ ཚེ་ལྷ་མགྱོགས་མ་སྐར་ལྟར་འཁྲུག༔ འཁོར་འདས་ཀུན་གྱི་ཚེ་བསོད་དཔལ༔ རྒྱལ་བ་ཀུན་གྱི་བྱིན་རླབས་དང་༔ དྲང་སྲོང་རིག་འཛིན་ནུས་མཐུའི་རྩལ༔ འོད་ཀྱི་འཕྲོ་འདུས་དབང་དུ་སྡུས༔ ཚེ་རྫས་བསྐྱེད་པའི་ལྷ་ལ་བསྟིམ༔ ལྷ་ཚོགས་ཚེ་ཡི་བདུད་རྩིར་འཁྱིལ༔ བདུད་རྩིའི་དྭངས་མ་རླངས་པའི་འོད༔ བདག་ཅག་རྣལ་འབྱོར་ལུས་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ༔ རིག་འཛིན་རྡོ་རྗེ་ཚེ་དབང་གྲུབ༔ སྤྲོས་པས་ཁམས་གསུམ་བཀྲག་དང་ལྡན༔ བསྡུས་པས་ཚེ་སྲོག་རྣམས་ལ་ཐིམ༔ སྲུང་བས་ལུས་ལ་གཟི་བརྗིད་རྒྱས༔ བཅིང་བས་རྡོ་རྗེ་ལུ་གུ་རྒྱུད༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ༔ བུམ་པ་འཆི་མེད་བཅུད་ཀྱིས་གང་༔ ཚེ་དཔག་མེད་དང་གཉིས་སུ་མེད༔ བདག་ཅག་རྣམས་ལ་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ གོང་གི་སྔགས་བརྗོད༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་པ་སྤྱི་བོར་གཏུག༔ བུམ་ཆུ་འཐུང་༔ ཧཱུྃ༔ མཚན་ལྡན་ཐོད་པའི་སྣོད་མཆོག་ཏུ༔ འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས༔ སྙིང་པོ་ཚེ་ཡི་དངོས་གྲུབ་སྩོལ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བྷནྡྷ་མགྲིན་པར་གཏུག༔ ཚེ་ཆང་འཐུང་༔ ཧཱུྃ༔ འབྲུ་བཅུད་རོ་མཆོག་བརྒྱ་དང་ལྡན༔ ཟག་མེད་ཟས་མཆོག་ཚེ་ཡི་ཟས༔ དངོས་གྲུབ་དམ་པ་དེང་འདིར་སྩོལ༔ ཡང་དག་ཚེ་ཡི་དངོས་གྲུབ་སྩོལ༔ ཙིཏྟཱ་ཨ་བྷི་ཥིནྩ་ཧཱུྃ༔ ཅེས་བརྗོད་ཚེ་ཟན་ལ་རོལ༔ ལྷ་ཚོགས་ཚེ་རྫས་དང་གཉིས་སུ་མེད་པར་རང་ལ་ཐིམ་པར་བསམས་ཤིང་བསྙེན་པ་དུམ་ཅིག་བྱའོ༔ གཉིས་ལ་ལྷག་ཆད་ཁ་བསྐང་པ་ནི༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ༔ ཧཱུྃ༔ འཕགས་པ་མ་རིག་མུན་སེལ་གྱི༔ ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བདག་ཅག་ཐོག་མ་མེད་པ་ནས༔ མ་རིག་གཏི་མུག་རྨོངས་པས་སྒྲིབས༔ རང་སེམས་ཆོས་སྐུར་མ་རྟོགས་ཤིང་༔ རང་རིག་ལྷ་རུ་མ་ཤར་བས༔ འཕགས་པའི་དཀྱིལ་འཁོར་ཞལ་མ་མཇལ༔ ཉེས་བྱས་འགལ་འཁྲུལ་སྣ་ཚོགས་བསགས༔ སྨིན་གྲོལ་སྒྲུབ་པ་འདིར་ཞུགས་ཀྱང་༔ ལྟ་བ་དམའ་དང་སྒོམ་པ་གཡེལ༔ བཟླས་བརྗོད་མ་དག་སྒྲ་ཟུར་ཉམས༔ མཆོད་རྫས་མ་ཚང་ནོར་འཁྲུལ་ཤོར༔ རྡོ་རྗེ་རྒྱས་པོ་ཡབ་ཡུམ་དང་༔ མཆེད་ལྕམ་ལ་སོགས་སྒྲུབ་ཟླའི་ཚོགས༔ ཐུགས་དང་འགལ་ཞིང་ནོར་འཁྲུལ་འཆལ༔ ཉེས་བྱས་སྡིག་སྒྲིབ་ཅི་མཆིས་པ༔ བྱམས་མགོན་ཐུགས་རྗེའི་ཀློང་དུ་བཤགས༔ ཕྱིན་ཆད་ནོངས་པར་མ་གྱུར་ཅིག༔ ཅེས་བརྗོད་དབྱངས་གསལ་བྱེད་དང་ཡི་གེ་བརྒྱ་པ་ཅི་མང་བཟླའོ༔ གསུམ་པ་སྨོན་ལམ་གདབ་པ་ནི༔ རྡོ་རྗེ་སློབ་དཔོན་གྱི་མདུན་དུ་རིག་མ་རྣམས་རྒྱན་གྱིས་སྤྲས་ཤིང་ཐོད་ཆང་ཐོགས༔ མཆེད་ལྕམ་རྣམས་ཀྱི་ལག་ཏུ་མར་མེ་དང་སྤོས་ཀྱི་རེང་བུ་ཐོགས་ཏེ༔ ཡིད་གཉིས་ཐེ་ཚོམ་མེད་པར་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྣམས་འཕགས་པ་མ་རིག་མུན་སེལ་མངོན་སུམ་དུ་བསྒོམ་ཞིང་མོས་གུས་ཀྱི་གདུང་ཤུགས་བསྐྱེད་དེ་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་བཞུགས་པའི་གནས༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་དང་༔ སྟོན་པ་རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྣམས༔ མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོའི་ཚོགས༔ མ་ལུས་ཐམས་ཅད་བདག་ལ་བརྩེར་དགོངས་ལ༔ བྱང་ཆུབ་མཆོག་གི་དཀྱིལ་འཁོར་འདིར་ཞུགས་ཏེ༔ བདག་གི་སྨོན་ལམ་འགྲུབ་པའི་དཔང་པོ་མཛོད༔ རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པའི་དཔལ༔ རྒྱལ་བའི་ཡུམ་མཆོག་རྒྱལ་བ་བསྐྱེད་པའི་ཡུམ༔ ཐུགས་སྤྲུལ་རྒྱལ་སྲས་བྱང་སེམས་བསྟན་པའི་བཙས༔ མཆེད་ལྕམ་དམ་ཚིག་གཅིག་པའི་རིགས་འཛིན་ཚོགས༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ མི་འབྲལ་སྤྱི་གཙུག་རྒྱན་དུ་འགྲོག་པར་ཤོག༔ བདག་གི་དུས་གསུམ་ཀུན་ཏུ་སྒོ་གསུམ་ཡུལ༔ ཐ་ན་རྨི་ལམ་གཉིད་དུ་འཕྲེང་བའི་ཚེ༔ བླ་མ་ཡབ་ཡུམ་མཆེད་ལྕམ་མཐོང་བར་ཤོག༔ སྐུ་གསུང་ཐུགས་ཀྱི་དགྱེས་པ་ཀུན་བསྒྲུབ་ཅིང་༔ དད་གུས་གདུང་བའི་སྲི་ཞུས་བསྟེན་པར་ཤོག༔ ཚེ་འདིའི་སྣང་བ་ནུབ་པར་གྱུར་པའི་ཚེ༔ འཆི་བ་དང་པོ་འོད་གསལ་ཆོས་ཀྱི་སྐུ༔ ངོ་ཤེས་རྩལ་རྫོགས་བརྟན་པ་མཆོག་ཐོབ་ནས༔ ཆོས་སྐུ་འོད་དཔག་མེད་དང་དབྱེར་མེད་པར༔ ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རང་རིག་ཆོས་སྐུར་རང་རྩལ་མ་རྫོགས་ནས༔ བར་དོའི་སྣང་ཤེས་རང་སྣང་ལྷར་ཤར་ན༔ རང་སེམས་དག་པའི་རྩལ་དུ་ངོ་འཕྲོད་དེ༔ སྒྲ་འོད་ཟེར་གསུམ་མདངས་ལྡན་རང་སྒྲར་བཅས༔ ལྔ་ལྡན་ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ དེ་ལྟར་རང་རིག་ཚད་ལ་མ་ཕེབས་ནས༔ སྲིད་པ་བར་དོའི་འཁྲུལ་བས་གཡེང་གྱུར་ན༔ རྡོ་རྗེ་རྒྱལ་པོ་ཡབ་ཡུམ་རྗེས་དྲན་ཏེ༔ སྣང་གསལ་མར་མེ་འདི་ཡི་རྒྱུད་བརྟེན་ནས༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ༔ མཁའ་སྤྱོད་དག་པའི་གནས་སུ་གྲོལ་བར་ཤོག༔ ལས་ཀྱི་དབང་གིས་རིགས་དྲུག་ཡུལ་མཐོང་ཞིང་༔ བག་ཆགས་དབང་གིས་འཁོར་བ་འདིར་འཁྱམས་ཀྱང་༔ བསྐྱེད་རྫོགས་ཟབ་མོ་འདི་ཡི་མཚམས་སྦྱོར་ནས༔ དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་ཐོབ་སྟེ༔ དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་རྟེན་འབྲེལ་དང་༔ མར་མེ་གཅིག་ལ་བལྟས་པའི་ཏིང་འཛིན་གྱིས༔ མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་པར་ཤོག༔ དེ་ཚེ་འཕགས་མཆོག་ཡི་དམ་ལྷར་འགྱུར་ཞིང་༔ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས༔ ཐོས་བསམ་སྒོམ་གསུམ་ཡང་དག་རང་རྒྱུད་ལྡན༔ ཚུལ་བཞིན་སྤྱོད་ལ་ཉེར་འཚེ་ཀུན་ཞི་ཞིང་༔ བསྒྲུབ་པའི་འབྲས་བུ་མཐར་ཕྱིན་འགྲུབ་པར་ཤོག༔ དངོས་གྲུབ་རྣམ་གཉིས་མཆོག་གི་ནོར་འཆང་ཞིང་༔ མ་དག་འགྲོ་བ་དྲུག་གི་ཁམས་རྣམས་སུ༔ རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས༔ གདོལ་པ་བུད་མེད་ཁྱེའུ་དགེ་སྦྱོང་དང་༔ ཀུན་ཏུ་རྒྱུ་དང་སླབ་གནས་རིག་བྱེད་མཁན༔ རིགས་ཀྱིས་བཀུར་བ་དང་ནི་མ་བཀུར་བ༔ སྨད་དང་བསྟོད་དང་ནད་པ་ཆོས་སྨྲ་དང་༔ བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ༔ གང་ལ་གང་འདུལ་དེ་ལ་དེར་མཐུན་དུ༔ སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་ཤོག༔ སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་སོགས༔ བསྡུ་བ་རྣམ་པ་བཞི་ཡི་དཔུང་གྲོགས་བཅས༔ ཐབས་ལ་མཁས་པའི་རྣམ་གྲངས་དཔག་མེད་ཀྱིས༔ རང་སྐལ་གང་ལྡན་ཆོས་ཀྱི་ཆར་འབེབས་ཤིང་༔ ཕ་མ་འགྲོ་དྲུག་འཁོར་བ་ལས་སྒྲལ་ཞིང་༔ མ་རིག་མུན་པའི་སྒྲོན་མེ་བྱེད་པར་ཤོག༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་ཡེ་གནས་ཀློང་༔ མ་རིག་དག་པ་རང་བྱུང་རྡོ་རྗེ་མཆོག༔ བྱ་རྩོལ་མེད་པར་འགྲོ་ཀུན་ཕྱམ་ཅིག་ཏུ༔ རིགས་བདག་ཡི་དམ་ལྷ་དང་གཉིས་མེད་པར༔ གཉིས་སུ་མེད་པའི་འབྲས་བུ་འཐོབ་པར་ཤོག༔ ཅེས་སྨོན་ལམ་གདབ་བོ༔ བཞི་པ་དཀྱིལ་འཁོར་བསྡུ་བ་ནི༔ ལས་ཀྱི་རྡོ་རྗེས་དཀྱིལ་འཁོར་གྱི་མཐའ་ནས་བསྡུང་ཞིང་ལས་བྱང་ལྟར་བྱ༔ རྡུལ་ཚོན་རྣམས་ཀྱང་མཐའ་ནས་དབུས་སུ་བསྡུའོ༔ ལྔ་པ་གཏེར་སྦ་བ་ནི༔ རྫའི་གའུ་སོ་བཏང་བའི་ནང་དུ་སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ་དར་སྣ་ལྔ་རིན་པོ་ཆེ་རྣམ་ལྔ་དང་༔ རྡུལ་ཚོན་དང་གཏོར་མ་སོགས་ནས་དུམ་རེ་བཅད་པ་བཅུག་ཅིང་༔ སློབ་དཔོན་གྱིས་རྒྱས་གདབ་པ་གཟུངས་མས་ཐོགས༔ སློབ་དཔོན་མཆེད་ལྕམ་ཐམས་ཅད་སྟེགས་བུ་ལ་བསྐོར་ཞིང་མེ་ཏོག་འཐོར་ཏེ་འདི་སྐད་དོ༔ ཧཱུྃ༔ འབྱུང་བ་ལྔ་ནི་ཡུམ་ལྔའི་ཀློང་༔ ས་ཡི་ལྷ་མོ་ས་ཡི་བདག༔ བདག་ཅག་རིག་འཛིན་འཁོར་དང་བཅས༔ སྒྲུབ་པའི་འབྲས་བུ་མངོན་དུ་གྱུར༔ བྱང་ཆུབ་ས་བརྟེན་སྐུ་དྲིན་མཆོད༔ སྨན་སྤོས་འབྲུ་སྣ་དར་ཟབ་ལྔ༔ གསེར་དངུལ་ཟངས་ལྕགས་རིན་པོ་ཆེ༔ རྡུལ་ཚོན་སྨན་གཏོར་རཀྟ་བཅས༔ དངོས་གྲུབ་མཆོག་གི་རིལ་བུས་བརྒྱན༔ ལྷ་མོ་ཁྱོད་ལ་མཆོད་པར་འབུལ༔ རིན་ཆེན་ས་ལ་གཏེར་དུ་སྦ༔ འདུས་པའི་མཆེད་ལྕམ་གཙོ་དང་འཁོར༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ མཆོག་ཐུན་དངོས་གྲུབ་བསྟན་པའི་བཙས༔ གཏེར་འདི་སྦས་པས་ཐོབ་གྱུར་ཅིག༔ ཡུལ་དང་ཕྱོགས་དང་རྒྱལ་ཁམས་སུ༔ ནད་མཚོན་མུ་གེ་ལ་སོགས་པའི༔ འཇིགས་པ་ཆེན་པོ་བརྒྱད་བཅུ་དྲུག༔ ཐམས་ཅད་མ་ལུས་ཞི་བར་ཤོག༔ བཀྲ་ཤིས་ཐམས་ཅད་འབྱུང་གྱུར་ཅིག༔ དགེ་ལེགས་ཐམས་ཅད་འཕེལ་བར་ཤོག༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཅེས་བརྗོད་སྟེགས་བུའི་དཀྱིལ་དུ་སྦ༔ ཡང་ན་དཔལ་བཟང་རི་ལ་སྦེད༔ དྲུག་པ་གཏོར་མ་སྐྱོང་བ་ནི༔ ཆད་ཐོ་སོགས་གྱེར་ཞིང་ཟོར་དུ་འཕང་༔ ཕལ་ཆེར་ཆུ་ལ་སྦྱངས༔ ཕལ་ཆེར་རི་བོ་བཟང་པོའི་རྩེ་ལ་སྐྱེལ༔ ཕལ་ཆེར་མཛོད་ཀྱི་དབུས་སུ་སྦ༔ ཚུར་ལོག་ནས་སྒྲུབ་ཁང་ཐེམ་འོག་ཏུ་སྒབ་འདྲེ་དགུག་གཞུག་བྱས་སྟེང་དུ་གཏོར་གཞོང་སྦུབ་ཅིང་ལས་བྱང་ལྟར་བྲོ་བྱ༔ མེ་ཆུས་རྒྱས་གདབ་བོ༔ བདུན་པ་ཡོན་དབུལ་བ་ནི༔ མཆེད་ལྕམ་རྣམས་ཀྱི་རྔུལ་གཟན་སྟེགས་བུའི་སྟེང་དུ་བཏིང་ནས་བླ་མ་ཡབ་ཡུམ་ཐུགས་སྲས་རྒྱལ་ཐེབས་པ་རྣམས་འཁོད༔ མཆེད་ལྕམ་རྣམས་ཀྱིས་རིན་པོ་ཆེ་སྣ་ཚོགས་དང་༔ མདོར་ན་བུ་དང་ཆུང་མ་ནོར་གྱི་དབྱིག་རང་ལ་གང་ཡོད་སྦ་སྲི་མེད་པར་སློབ་དཔོན་གྱི་མདུན་དུ་སྤུངས༔ གསེར་དངུལ་གྱི་སྐྱོགས་ཆང་སྣ་མང་པོས་གཏམས་ཤིང་སྐྱེམས་སུ་དྲངས་ཏེ་འདི་སྐད་ཞུའོ༔ ཧཱུྃ༔ སངས་རྒྱས་ཀུན་འདུས་རྡོ་རྗེ་རྒྱལ་པོ་དང་༔ རྒྱལ་ཐེབས་གསང་ཡུམ་ཐུགས་སྲས་ཚོམ་བུར་བཅས༔ མ་ལུས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་ཅག་འདིར་འདུས་མཆེད་དང་ལྕམ་དྲལ་གྱི༔ མོས་གུས་གདུང་བས་ཁྱེད་ལ་གསོལ་བཏབས་པས༔ སྒྲུབ་པའི་འབྲས་བུ་མངོན་གྱུར་དངོས་གྲུབ་སྩོལ༔ རང་རིག་འཕགས་པའི་ཐུགས་དང་གཉིས་མེད་གྲོལ༔ བཀའ་དྲིན་ཟབ་མོ་རྒྱ་ཆེ་དཔག་དཀའ་ཞིང་༔ སྟོང་གསུམ་རིན་ཆེན་གསེར་དངུལ་ནོར་གྱིས་བཀང་༔ ཡོངས་སུ་ཕུལ་ཀྱང་སྐུ་གསུང་ཐུགས་ཀྱི་དྲིན༔ ཆ་ཙམ་ཞིག་ཀྱང་འཁོར་བ་ག་ལ་སྲིད༔ ཁྱད་པར་ལྔ་བརྒྱའི་སེམས་ཅན་བསོད་ནམས་དམན༔ བདག་ཅག་རྣམས་ཀྱིས་འབད་རྩོལ་རྔོ་མ་ཐོགས༔ དངོས་སུ་གང་འབྱོར་ཕངས་སྲི་མེད་པར་འབུལ༔ བློ་ཡིས་སྤྲུལ་ཏེ་ཀུན་བཟང་མཆོད་པའི་སྤྲིན༔ དུས་གསུམ་མཉམ་ཉིད་རྟག་པ་རྒྱུན་འཁོར་ལོར༔ རིགས་བདག་བླ་མ་ཡབ་ཡུམ་སྐུ་ལ་མཆོད༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ བདག་ཅག་རྣམས་ཀྱི་འདྲེན་པར་ཁྱོད་གྱུར་ཅིག༔ སྐུ་གསུང་ཐུགས་ཀྱི་དགྱེས་པར་མཛད་དུ་གསོལ༔ ཅེས་བརྗོད་ན་བཟའ་སོགས་སྐུ་ལ་སྒྲོན་ཞིང་མཁོ་བའི་མལ་ཆ་རྣམས་ཡོངས་སུ་བཟུང་བ་མེད་པར་དབུལ་བར་བྱའོ༔ བརྒྱད་པ་བསྔོ་བ་ནི༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཕྱོགས་བཅུར་བཞུགས་པའི་སྐུ་གསུམ་གྱི་སངས་རྒྱས་འཕགས་པ་རྒྱལ་བ་རྒྱ་མཚོ་མ་རིག་མུན་སེལ་གྱི་ལྷ་ཚོགས་མ་ལུས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ༔ བདག་ཅག་རྣམས་ཀྱིས་དུས་གསུམ་ཀུན་ཏུ་རྣམ་པར་སྤྱོད་པའི་དགེ་བའི་རྩ་བ་ཟག་བཅས་དང་ཟག་མེད་ཀྱི་ཚོགས་ཅི་མཆིས་པ་ཐམས་ཅད་ཡོངས་སུ་བསྡུས་ནས་གཅིག་ཏུ་བསགས་ཏེ༔ ད་ལྟར་གྱི་དུས་ཕུན་སུམ་ཚོགས་པ་འདིར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་འཐོབ་པའི་རྒྱུར་ཡོངས་སུ་བསྔོ་བར་བགྱིའོ༔ དགེ་བའི་རྩ་བ་དེ་ཡོངས་སུ་བསྔོས་པའི་མཐུ་ཆེན་པོ་ལ་བརྟེན་ནས་བདག་སོགས་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་ཉིད་དུ་འཐོབ་པར་གྱུར་ཅིག༔ དེ་ལྟར་མ་ཐོབ་ཀྱི་བར་དུ་ཡང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་གནས་ངན་ལེན་ངན་སོང་གསུམ་གྱི་སྐྱེ་སྒོ་ཡང་དག་པར་ཆོད་ཅིང་༔ མཐོ་རིས་ལྷ་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག༔ རིགས་མཆོག་ཏུ་གྱུར་པའི་ལུས་རྟེན་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཐམས་ཅད་ཚངས་ཞིང་བླ་མ་རྡོ་རྗེ་སློབ་དཔོན་གྱིས་བརྩེ་བས་རྗེས་སུ་བཟུང་ནས་ཐོས་བསམ་སྒོམ་གསུམ་ལས་སུ་རུང་སྟེ་སྐུ་དང་ཡེ་ཤེས་ལ་མངོན་དུ་སྤྱོད་པར་གྱུར་ཅིག༔ བྱམས་དང་སྙིང་རྗེ་ཚད་མེད་པའི་སྤོབས་པས་འགྲོ་བ་མཐའ་དག་གི་དོན་གང་ལ་གང་འདུལ་དུ་བསྒྲུབ་ནུས་པར་གྱུར་ཅིག༔ དེ་ལྟར་གྱི་ལྷག་བསམ་རྣམ་པར་དག་པ་སྤྱོད་པ་ལ་ཉེ་བར་འཚེ་བ་དང་བར་དུ་གཅོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག༔ མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མངོན་པར་བྱང་ཆུབ་ཅིང་༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ཏེ་མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་བསལ་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་འཕྲིན་ལས་རབ་འབྱམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་གྱུར་ཅིག༔ དེ་ལྟར་གྱི་དགེ་བའི་བསམ་པ་ཕུན་སུམ་ཚོགས་པ་འདིའི་མཐུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག༔ གསང་སྔགས་རྡོ་རྗེ་ཐེག་པ་འདིས་ཀྱང་འགྲོ་བ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པར་གྱུར་ཅིག༔ བསྟན་པའི་རྩ་ལག་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱང་སྐུ་ཚེ་དང་མཛད་འཕྲིན་ཐམས་ཅད་ཡར་ལྡན་དུ་འཕེལ་ཞིང་སེམས་ཅན་གྱི་སྒྲོན་མེ་ཡུན་རིང་དུ་མཛད་པར་གྱུར་ཅིག༔ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་འབབ་ནས་ནད་མཚོན་མུ་གེའི་བསྐལ་པ་ཐམས་ཅད་ཞི་ཞིང་བསྐལ་པ་རྫོགས་ལྡན་གྱི་དུས་ལྟར་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་སྤྱོད་པར་གྱུར་ཅིག༔ འཇིག་རྟེན་མི་དབང་གི་རྒྱལ་པོ་རྣམས་ཀྱང་དགེ་བའི་དཔལ་གྱིས་ས་སྐྱོང་ཤིང་༔ ཆབ་སྲིད་འབངས་མངའ་འཁོར་ཐམས་ཅད་དར་ཞིང་རྒྱས་ནས་དགེ་བའི་ལས་སྣ་ཚོགས་བརྩམ་ཞིང་བཀྲ་ཤིས་པའི་ཡོན་ཏན་དུ་མ་མངོན་དུ་བྱེད་པར་གྱུར་ཅིག༔ ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས༔ མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ༔ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཕྱམ་ཅིག་གདོད་མའི་ས་ལ་ཕྱིན་པར་ཤོག༔ ཅེས་བརྗོད་ཅིང་འཁོར་གསུམ་དམིགས་མེད་ཀྱི་ངང་ནས་བསྔོ་བས་རྒྱས་འདེབས་པར་བྱའོ༔ དགུ་པ་བཀྲ་ཤིས་བརྗོད་པ་ནི་ལས་བྱང་ལྟར་རམ་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་མང་དུ་བྱའོ། །བཅུ་པ་ལུས་བསྲུང་བ་ནི༔ རང་ཉིད་སྐད་ཅིག་གི་དབང་ཆེན་རྟ་མགྲིན་དམར་པོར་བསྐྱེད་ཅིང་འདི་སྐད་དོ༔ ཧཱུྃ༔ ང་ནི་ཆེ་བཙན་དབང་གི་རྒྱལ༔ སྐུ་ལས་བསྐལ་པའི་མེ་དཔུང་འབར༔ སྟེང་འོག་ཕྱོགས་མཚམས་བསྲུང་བའི་གུར༔ འཇིགས་མེད་ཡེ་ཤེས་སྟོང་ཉིད་མཁར༔ རྣམ་རྟོག་མ་རིག་གདོན་བགེགས་རྣམས༔ བསྐྲད་ཅིང་གཟིར་ཏེ་རྡུལ་དུ་བརླག༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་རཾ་རཾ་རཀྵ་རཀྵ༔ འབྱུང་པོ་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ༔ བཅུ་གཅིག་པ་མཚམས་འགྲོལ་ཞིང་གནས་བསྲུང་བ་ནི༔ ཟླུམ་གཏོར་བྱིན་གྱིས་བརླབས་པ་རྒྱལ་པོ་བཞི་དང་སྒོ་བསྲུང་རྣམས་ལ་འབུལ་ཞིང་ཤིང་བྱང་རྣམས་བསྡུ༔ གཤེགས་གསོལ་བྱ༔ བླ་མ་ཡི་དམ་གྱི་གཏོར་མ་རྒྱས་པར་བཤམས་ཤིང་ལས་གཞུང་བསྲང་༔ ཚོགས་ཀྱི་འཁོར་ལོ་བསྐོར༔ བཀྲ་ཤིས་པའི་གླུ་བྲོ་སྣ་ཚོགས་བྱ༔ གནས་གཞན་དུ་མི་འགྲོ༔ དམེ་ཡུགས་མཛེ་སྤྲང་དམ་མེད་རྣམས་བསྲུང་༔ དཀྱིལ་འཁོར་རྡུལ་ཚོན་དར་གྱི་འདོ་ལེར་བཏེགས་ནས་རོལ་མོའི་རིགས་ལྡིར་ཞིང་རི་བོའི་རྩེ་དང་ཆུ་བོའི་གཞུང་ལ་སྐྱེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒྲུབ་པའི་ཁོག་དབུབ་རིན་པོ་ཆེ་དངོས་གྲུབ་ཀྱི་སྒྲོམ་བུ་ཞེས་བྱ་བ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་ཕྱི་རབས་རྣམས་ལ་ཕན་པའི་ཕྱིར་འཕགས་པའི་སྒྲུབ་ཐབས་དངོས་གྲུབ་ཀྱི་སྒྲོམ་བུར་བྲིས་ཏེ༔ མངའ་བདག་རྗེ་འབངས་རྣམས་སྨིན་གྲོལ་ལ་བཀོད་ནས་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་མེ་ཕོ་འབྲུག་གི་ལོ་ལ་སྤྱན་དྲངས་ཤིང་ལྕགས་ཕོ་སྤྲེལ་གྱི་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་མོ་ཤོག་སེར་ལས་མགྱོགས་པར་ཕབ་པའོ།། །། སརྦ་མངྒ་ལཾ།། །།

བུམ་སྒྲུབ་མྱོང་གྲོལ་ཆེན་མོ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བུམ་སྒྲུབ་མྱོང་གྲོལ་ཆེན་མོ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ རཏྣའི་བུམ་པ་མཚན་ལྡན་དུ༔ ཡབ་ཡུམ་བྱང་སེམས་བདུད་རྩི་ལྔ༔ ཤ་སྣ་འབྲུ་སྣ་སྨན་སྣ་དང་༔ སྙིང་པོ་ལྔ་དང་རིན་ཆེན་ལྔ༔ དཀར་གསུམ་མངར་གསུམ་རྒྱ་མཚོའི་ཆུས༔ རིལ་བུ་སྒྲིལ་ཏེ་བུམ་པར་བླུགས༔ ཁ་རྒྱན་མགུལ་ཆིངས་གཟུངས་ཐག་གདགས༔ སྟོང་པར་སྦྱང་ཞིང་ལྷ་རུ་བསྒོམ༔ དཀྱིལ་འཁོར་དབུས་འགོད་བསྙེན་ཅིང་བསྒྲུབ༔ རིལ་བུ་འཕུར་དང་འཕར་དང་འཁྲབ༔ འཇའ་འོད་འཁྲུག་ཅིང་དྲི་བཟང་འཐུལ༔ ཞལ་མཇལ་གསུང་ཐོས་ཉམས་རྟོགས་རྒྱས༔ ལྷ་མི་དུད་འགྲོ་གཟུགས་ཅན་དང་༔ གཟུགས་མེད་འགྲོ་བ་ཐམས་ཅད་ལ༔ ལྟོ་རུ་ཐེངས་སམ་གྲིབ་མར་འགོམས༔ དུད་པས་ཕོག་གམ་རླུང་གིས་རེག༔ ཐམས་ཅད་འཕགས་པའི་སྐུ་རུ་གྲོལ༔ ཅེས་པས་བུམ་སྒྲུབ་བདུད་རྩི་མྱོང་གྲོལ་གྱི་རིལ་བུ་སྒྲུབ་ཐབས་བསྟན་པ་འདི་ལ་རིམ་པ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ རབ་གསེར་འབྲིང་དངུལ་ཐ་མ་ཟངས་སམ་ས་ལ་བུམ་པ་དབྱིབས་ནི་དཔག་བསམ་ཤིང་གི་ཐོག་གུའམ་འབྲས་བུའི་ཚུལ་དུ་དགོས་པ་ཡིན་པས་ལྟོ་བ་ལྡིར་བ་སྟོད་རྒྱས་པ༔ སྨད་གཞོལ་བ༔ ཁ་ཁྱེར་དང་ཞབས་ཐེབ་ཆ་སྙོམས་པ་ལ་ཞབས་སོར་གཉིས་ལས་ཆེ་བ༔ ནང་དུ་འབྲས་སྒྲུབ་པ་པོའི་སྙིམ་པ་བཅོ་བརྒྱད་ཤོང་བ༔ སྐེ་དཔངས་ཞབས་དཔངས་སོར་ལྔ་པ༔ ཁ་དོག་འཁོར་འདས་ཀུན་གྱི་དབང་ཆེན་པོས་འགྲོ་དྲུག་ལམ་སྣ་འདྲེན་པའི་བརྡར་དམར་པོ་ལ་རིགས་ལྔའི་ཕྱག་མཚན་བྲིས་པ་ཞིག་བསྒྲུབ་ཅིང་༔ རང་ཉིད་དབང་ཆེན་གྱི་ཏིང་ངེ་འཛིན་གསལ་བས་གུ་གུལ་ནག་པོ་དྲག་སྔགས་ཀྱི་དྲོད་ཀྱིས་གླན་པའི་དུད་པས་བདུག་ཅིང་༔ ཡུངས་ཀར་ཐུན་གྱིས་བྲབ་སྟེ་ཡི་དམ་གྱི་དྲག་སྔགས་བརྗོད་ཅིང་བགེགས་བསྐྲད་དོ༔ དེ་ནས་དྲི་ཆབ་ཀྱིས་བུམ་པའི་ནང་བསིལ་ཞིང་༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ༔ ཅེས་བཟླ༔ ཨ་ཀ་རུ་དང་ཙན་དན་སོགས་ཀྱིས་བདུག་ཅིང་༔ ཨཱོཾ་ཤ་ཀ་རི་སིདྡྷི་ཧཱུྃ༔ ཅེས་བུམ་ཆུ་ནུས་མཐུ་གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསམས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་ཀ་ལ་ཤ་སརྦ་གྷུ་ན་སིདྡྷི་ཧཱུྃ༔ འཕྲིན་ལས་བཞི་འདུས་ཀྱི་གཞལ་ཡས་དངོས་གྲུབ་སྣ་ཚོགས་འཐོབ་པའི་སྣོད་བཀྲ་ཤིས་པའི་རང་བཞིན་དུ་བྱིན་གྱིས་བརླབ་བོ༔ དེ་ནས་སྣོད་མཚན་ཉིད་དང་ལྡན་པའི་ནང་དུ་བྲམ་ཟེ་སྐྱེ་བདུན་གྱི་ཤ་ཁྲག་འབྲུ་བཟང་པོའི་ཕྱེ་དང་བསྲེས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་སྭཱ་ཧཱ༔ ཅེས་བརྗོད༔ གསེར་བྱི་རུ་མུ་ཏིག་དངུལ་མུ་མེན་ལ་སོགས་པས་གཙོས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་བླུགས་ཏེ༔ ཨཱོཾ་རཏྣ་གརྦ་སིདྡྷི་ཧཱུྃ༔ ཅེས་བརྗོད༔ ལན་ཚྭ་མར་བུ་རམ་སྦྲང་རྩི་ཏིལ་མར་ཏེ་སྙིང་པོ་ལྔ་བླུགས་ལ༔ ཨཱོཾ་པཉྩ་ཏྲི་ཏ་མ་ལ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ གུར་གུམ་དབང་ལག་སླེ་ཏྲེས་ཙན་དན་དཀར་པོ༔ ཀཎྜ་ཀ་རི་དང་སྨན་སྣ་ཚོགས་ཀྱི་ཕྱེ་མ་བླུགས་ཏེ༔ ཨཱོཾ་པཉྩ་ཤྲཱི་བྷི་ཤ་ད་ར་པ་ཧཱུྃ༔ ཅེས་བརྗོད་དོ༔ ནས་འབྲས་ཏིལ་གྲོ་སྲན་མ་དང་འབྲུ་ལྔའི་ཕྱེ་མ་བླུགས་ཏེ༔ ཨོཾ་པཉྩ་བྱ་ཙ་ལ་སོ་མ་ལ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ དེ་ནས་གུར་གུམ་ཙན་དན་དམར་པོ་དུ་རུ་ཀ་ཛ་ཏི་ག་པུར་དང་དྲི་ལྔའི་ཕྱེ་མ་བླུགས་ཤིང་༔ ཨཱོཾ་པཉྩ་པ་ར་མི་ཏ་དྷུ་པ་ཧཱུྃ༔ ཅེས་བརྗོད་དོ༔ དར་སྣ་ལྔའི་ཕྱེ་མ་བླུག་ཅིང་༔ ཨཱོཾ་སུ་དྷ་ར་ཚིནྡྷ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ འོ་མ་སིདྡྷུ་ར་བླུག་ཅིང་༔ ཨཱོཾ་བྷོ་དྷི་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ གཞན་ཡང་བཟང་དྲུག་གི་རིགས་ཀྱི་སྨན་སྣ་ཅི་འཛོམ་གྱི་ཕྱེ་མ་ཅི་མང་༔ ཚེ་བ་ལུའི་མེ་ཏོག་རྟག་ངུ་དབང་ལག་སོགས་བཅུད་ལེན་གྱི་སྨན་སྣ་གང་འཛོམ་གྱི་ཕྱེ་མ༔ སྲིད་པའི་བྱང་སེམས་དཀར་དམར་གྱི་རིགས་ཅི་མང་གི་ཕྱེ་མ༔ གཏེར་ཁ་གཞན་སོགས་ཀྱི་ཡང་སྐྱེ་བདུན་གྱི་ཕབས་རིལ་དང་དེ་བཞིན་གཤེགས་པའི་རིང་བསྲེལ་སོགས་ཀྱི་ཕབས་བཏབ་སྟེ༔ རིགས་ལྡན་གྱི་ཁྱེའུས་སྦོལ༔ བུ་མོ་རིགས་བཟང་གིས་གཙང་ཆབ་བཟང་པོའི་ཆུས་སྦྲན་ཅིང་༔ ཁཾ་ཛྙ་ན་སྨི་མ་ལག་ཏུ་ནི་ཀ་ཡ་ས་པ་ར་ཤ་སིདྡྷི་ཧཱུྃ་ཨ༔ ཞེས་བརྗོད་གར་སླ་རན་པར་སྣག་ཐག་བཟང་པོས་བསྣུར་ནས་རིལ་བུ་ཆེ་ཆུང་གང་རིགས་སུ་བསྒྲིལ་ཏེ་མཚལ་གྱི་ན་བཟའ་གསོལ་ཞིང་ཀ་རའི་རྩི་བཀོན་ནས་གོང་གི་བུམ་པར་བླུགས་ཏེ་རིགས་ལྔའི་པྲོག་ཞུས་ཁ་བརྒྱན༔ འབྲས་བུ་ཅན་གྱི་ཤིང་དང་འཕགས་པ་དེ་བཞིན་གཤེགས་པའི་སྐུའི་ཙཀླི་བཙུགས༔ དར་ཚོན་སྣ་ལྔའི་མགུལ་ཆིངས་ཀྱིས་སྤྲས༔ དར་དམར་པོའི་གུར་ཕུབ་གཟུངས་ཀྱི་ཐག་པ་བཏགས་ཏེ༔ ཨཱོཾ་ཏིཥྛ་བཛྲ་ས་མ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབུས་སུ་འགོད་དོ༔ གཞན་ཡང་འཕགས་པའི་སྒྲུབ་གཏོར་སྨན་རག་སོགས་ཕྱི་ནང་གི་མཆོད་རྫས༔ གྷ་ནའི་ལོངས་སྤྱོད་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན༔ གནམ་རྒྱན་ས་རྒྱན་ཀ་རྒྱན་ཡོལ་བ་བླ་རེ༔ མདའ་བཞི་གྲི་བཞི་མེ་ལོང་ཕུར་པ་ཚོན་སྐུད་སྟག་ཤམ་གྱི་སྒབ་སྐོར་ལ་སོགས་སྒྲུབ་ཆེན་ལྟར་རྒྱས་པར་བཤམས་ཤིང་ཡིད་དུ་འོང་ལ་དངས་ཤིང་བཀོད་པས་མཛེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔སྔོན་དུ་འགྲོ་བའི་རིམ་པ་ནས་བཟུང་སྟེ་ལས་ཀྱི་ཆོ་ག་གཞུང་བསྲང་ཞིང་༔ ལས་བྱང་གཅིག་གི་ཁོང་ནས་བདག་བསྐྱེད་དང་མདུན་བསྐྱེད་གཉིས་ཆར་སྐད་ཅིག་གི་ལམ་གྱིས་གསལ་བར་བསྐྱེད་ཅིང་༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་སོགས་རྒྱས་པར་སོང་རྗེས༔ བསྙེན་པའི་རིམ་པ་ནི༔ བུམ་པ་གཞལ་ཡས་ཁང་གི་དབུས་སུ་རིལ་བུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཡོངས་རྫོགས་ཀྱི་ངོ་བོ་ལྷམ་མེ་ལྷན་ནེར་བསྒོམས་ལ་རང་ཉིད་ཀྱི་ཐུགས་ཀར་སྔགས་ཀྱི་ཕྲེང་བས་མཚན་པ་ལས་འོད་ཟེར་འཕྲོས་པ་གཟུངས་ཀྱི་ཐག་པ་ལ་ཞོན་ཏེ་སོང་༔ བདུན་བསྐྱེད་ལྷའི་ཞལ་དུ་ཞུགས་ཤིང་ཐུགས་ཀའི་སྔགས་ཕྲེང་ལ་ཕོགས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ལ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་རིག་འཛིན་དྲང་སྲོང་ཐམས་ཅད་དང་༔ ཁྱད་པར་དུ་རྩ་གསུམ་གྱི་ལྷ་ཚོགས་སྐུ་གསུམ་གྱི་སྟོན་པ་འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ མཉེས་པའི་མཆོད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཡོན་ཏན་ཐམས་ཅད་ཡོངས་སུ་ལྷག་མ་མ་ལུས་པར་བསྡུས་ནས༔ འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་ཚུར་འདུས་ཏེ་སྒྲུབ་པའི་རྫས་བསྐྱེད་པའི་གཞལ་ཡས་རྣམས་ལ་ཐིམ་པས་དུས་གསུམ་གྱི་སངས་རྒྱས་འཕགས་པ་མ་རིག་མུན་སེལ་དང་གཉིས་སུ་མེད་པར་བསྒོམ་ནས༔ གཟུངས་ཀྱི་ཐག་པ་ནས་བཟུང་སྟེ་འཛབ་དགོངས་ལྟར་དུ་ཕྱི་སྣོད་ཐམས་ཅད་ཞིང་ཁམས༔ ནང་བཅུད་ཐམས་ཅད་ལྷའི་རང་བཞིན༔ སྒྲ་གྲགས་ཐམས་ཅད་སྙིང་པོའི་རང་སྒྲ༔ དྲན་རྟོག་ཐམས་ཅད་འཕགས་པའི་ཐུགས་དང་གཉིས་སུ་ཡེ་ནས་མེད་པ་ལ་མེད་པའི་ཏིང་ངེ་འཛིན་གྱིས་རྒྱས་འདེབས་དང་བཅས་པའི་ངང་ནས་ངག་གི་སྨྲ་བ་བཅད༔ ལེ་ལོ་དང་གཉིད་ཉལ་བ་སོགས་མདོར་ན་བག་མེད་ཀྱི་ལས་ཐམས་ཅད་སྒོ་གསུམ་བརྩོན་འགྲུས་དང་ལྡན་པའི་ངང་ནས་རབ་ཏུ་སྤང་ཞིང་ལུས་ངག་ཡིད་གསུམ་ཚུལ་དང་ལྡན་པས་ཐུན་དུ་བཅད་དེ༔ བསྙེན་སྒྲུབ་སྔགས་ཀྱི་རིམ་པ་འདི་རྣམས་སྒྲ་དག་ལ་དབྱངས་སྙན་པས་བཟླ་བར་བྱའོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ གྷུ་རུ་བྷུདྡྷ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཛྙཱ་ན་དྷརྟུ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོཾ་ཨ་ཧ་ར་པ་ཙ་མི་ཏ་ཧྲཱི་དྷ་ཡ་སྭཱ་ཧཱ༔ ཅེས་བཟླས་ཤིང་སྒྲུབ་པའི་ཞག་གྲངས་ལྔ་བདུན་བདུན་འབྲེལ་ཟླ་བ་སོགས་བསྒྲུབ་ཡུན་རིང་ཐུང་དང་དཔགས་པར་སྒྲུབ་གཞུང་གི་བསྙེན་པ་ཞག་གྲངས་དེར་མཐུན་དུ་གཏོང་༔ དངོས་གཞི་བུམ་སྒྲུབ་ཀྱི་བསྙེན་སྒྲུབ་འདི་གཙོ་བོར་བཟླས༔ སྐབས་སྐབས་སུ་ཧྱ་གྷྲི་ཝ་སོགས་ཀྱི་དྲག་སྔགས་ཡང་དུམ་རེ་བཟླ་ཞིང་༔ ལར་སྒྲུབ་པ་ཞག་བདུན་གྱི་དབང་དུ་བྱེད་ན་ཞག་གཅིག་སྒྲུབ་གཞུང་གི་བསྙེན་པ་སྐྱངས༔ དེ་ནས་དངོས་གཞིའི་བསྙེན་པ་ཐུན་དུ་བཅད་ཅིང་བཟླ་སྟེ༔ ཐུན་འགོ་རྣམས་ལ་སྒྲུབ་གཞུང་གི་བསྙེན་པ་དུམ་རེ་བྱ༔ ལས་བྱང་ལ་སོགས་གཏོང་ཚུལ་ཁོག་དབུབ་ལྟར་བྱས་པའི་ཐུན་འཇུག་རྣམས་ལ་ལྷ་ཚོགས་ཐམས་ཅད་རིལ་བུ་དང་གཉིས་མེད་དུ་ཐིམ་པར་བསམས་ཤིང་འོད་དུ་ཞུ་བའི་དམིགས་པ་གལ་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ནི༔ དེ་ལྟར་རྩེ་གཅིག་བསྒྲུབས་པས་མངོན་སུམ་དུའང་རིལ་བུ་འཕེལ་ཞིང་ལུད་པ༔ འཕུར་བ་དྲི་བཟང་འཐུལ་བ་འཇའ་འཛུག་པ་འོད་འཁྱུག་པ༔ མེ་སྟག་འཕྲོ་བ་སྨན་གཏོར་རཀྟ་སོགས་ཁོལ་བ༔ ཉམས་དངས་ཤིང་ཤེས་པ་གསལ་ལ་བསྐྱེད་རྫོགས་ལས་སུ་རུང་བ༔ བླ་མ་ལ་མོས་གུས་འབར་བ༔ མཆེད་གྲོགས་ལ་དག་སྣང་སྐྱེ་བ༔ མི་རྟོག་པའི་ཏིང་ངེ་འཛིན་འཕེལ་བ༔ ལྷ་ཞལ་མཇལ་བ་དང་གསུང་ཐོས་པ༔ རྨི་ལམ་ཡ་མཚན་ཅན་རྨི་བ་སོགས་ཀྱི་རྟགས་རྣམས་འབྱུང་བར་འགྱུར་རོ༔ དེ་ལྟར་གྱི་རྟགས་རྣམས་ལས་ཁྱད་པར་ཅན་གྱི་རྟགས་བྱུང་བ་ནི་གྲུབ་པའི་རྟགས་ཡིན་ནོ༔ བསྙེན་སྒྲུབ་ལས་སྦྱོར་གྱི་གྲངས་ནི་གོང་དུ་སྨོས་པ་ལྟར་ལ༔ གྲངས་བསྙེན་ཀྱང་རབ་དུང་ཕྱུར་འབྲིང་འབུམ་ཚོ་བཅུ་ཐ་ནའང་འབུམ་ཚོ་གསུམ་ལས་མི་ཉུང་བར་བཟླ་བར་བྱའོ༔ རྟགས་རྫོགས་ནས་སྒྲུབ་པའི་མཇུག་ཁོག་དབུབ་ལྟར་བསྐྱང་ལ་མྱོང་གྲོལ་གྱི་འགྲོ་དོན་སྤེལ་བར་བྱའོ༔ འདི་ལྟར་ཚུལ་ལྡན་དུ་སྤྱོད་པའི་མྱོང་གྲོལ་རིལ་བུ་ཆེན་པོ་དེ་ལྟོར་སོང་བའི་སྐྱེ་འགྲོ་ཕྱིར་མི་ལྡོག་པར་གྲོལ་བར་བྱེད་དོ༔ མི་མ་ཡིན་དང་བྱ་རིགས་གཅན་སྤྱང་འབུ་སྲིན་ལ་སོགས་ཀྱི་ཡང་ལྟོར་སོང་ན་གྲོལ་བར་ཐེ་ཚོམ་མེད་ཅིང་༔ དུད་པས་ཕོག་གམ་གྲིབ་མས་འགོམས་ཀྱང་མཐོ་རིས་ཀྱི་ལུས་སུ་སྐྱེ་བར་འགྱུར་རོ༔ དེ་བས་ན་འགྲོ་བ་མཐའ་དག་གི་དོན་ལ་བརྩོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ མྱོང་གྲོལ་ཆེན་མོ་མ་བསྒོམས་གྲོལ་བའི་ཐབས༔ སྙིང་གི་བརྣག་པ་ཟབ་པའི་མཐར་ཐུག་འདི༔ ད་ལྟ་པུར་རྒྱལ་བོད་ཀྱི་རྗེ་འབངས་རྣམས༔ ཆོས་འཁོར་འབྱོངས་པའི་གྲོལ་སྟོན་ཆོས་འདིས་བྱས༔ ཁྱེད་རྣམས་མ་ལུས་འཁོར་བའི་སྡུག་བསྔལ་གྲོལ༔ སངས་རྒྱས་བསྟན་པའི་ཉི་མ་བོད་ན་ཤར༔ གསང་སྔགས་འབྲས་བུའི་སྨིན་གྲོལ་ཀུན་གྱིས་ཐོབ༔ དོན་དང་ལྡན་ནོ་བོད་འབངས་སྐྱེ་འགྲོ་རྣམས༔ འདུས་བྱས་འཁོར་བའི་ཆོས་ཀྱི་མཐའ་སྟོན་དུས༔ རང་རེ་ཐམས་ཅད་མི་རྟག་སོ་སོར་འབྲལ༔ པདྨ་བདག་ཀྱང་རྔ་ཡབ་གླིང་དུ་འགྲོ༔ ཁྱེད་རྣམས་ཐམས་ཅད་མི་རྟག་མྱ་ངན་འདའ༔ མ་འོངས་ལྔ་བརྒྱ་རྩོད་ལྡན་སྙིགས་མ་ལ༔ སངས་རྒྱས་བསྟན་པ་འདི་ཡང་མཐའ་ལ་ཐུག༔ རྟགས་ཙམ་འཛིན་པའི་སྟོན་པས་ཆོས་སྒྲ་སྒྲོག༔ ཆོས་བརྒྱད་སུ་བཟང་གྲུབ་མཐའ་སུ་མཁས་མཐོ༔ ཆོས་ལུགས་མི་གཅིག་ཡ་མ་ཟུང་དུ་གྱེས༔ གྲུབ་མཐའ་མི་གཅིག་འདྲ་མིན་འདྲ་བཟོ་མང་༔ ལྷས་སྦྱིན་སྤྲུལ་པའི་དགེ་བཤེས་བཟང་དགུ་མང་༔ པདྨ་བདག་དང་བདག་གི་བསྟན་འཛིན་སྨོད༔ སངས་རྒྱས་བསྟན་ལ་རས་གཅོད་གཟུ་ལུམ་བྱེད༔ བདུད་འགོང་དམ་སྲིའི་སྤྲུལ་པ་བུ་སློབ་རྒྱས༔ ཁ་ནས་ཆོས་འཆད་ལས་སུ་མཚམས་མེད་སྤྱོད༔ སྲིད་སྡེ་ཆོས་དང་སྦྲེལ་ཏེ་འཁྲུག་རྩོད་འཐབ༔ བླ་མས་དཔོན་བྱེད་མཁན་པོས་ཁྲིམས་ལས་བྱེད༔ བན་བཙུན་སྒོམ་ཆེན་ལས་སུ་དམེ་འཁྲུག་རྩོད༔ མཐའ་མི་དབུས་གཏིབ་དབུས་མི་མཐའ་ལ་འབྲོས༔ བདུད་སྤྲུལ་མང་པོས་བརྫུན་གཏེར་མང་པོ་འདོན༔ གང་འབྲེལ་སེམས་ཅན་ངན་སོང་གླིང་ལ་འཁྲིད༔ ཆེ་བཙན་བཟང་དགུ་ནུབ་ནས་ངན་དགུ་དར༔ ཆོས་རྣམས་ཐམས་ཅད་བཀའ་འཆལ་བརྒྱུད་པ་ཉམས༔ དེ་དུས་ང་ཡི་ཐུགས་སྲས་རྣལ་འབྱོར་པ༔ གཏད་མེད་སྨྱོན་པ་ཟང་ཐལ་ཞིག་པོའི་ཚུལ༔ བརྫུན་ཆེ་རྟག་དཀའ་ཤེས་རྒྱུད་ཆོ་ལེ་བ༔ ཚིག་རྩུབ་གཏི་མུག་ལས་ཀྱི་ལྷག་རོལ་ཅན༔ ཚེ་འདིར་ཞེན་བྲལ་སྐལ་ལྡན་ཉི་མ་གྲགས༔ ཤར་ཕྱོགས་མདོ་ཁམས་གླིང་གི་ཆ་ནས་འོང་༔ ང་ཡི་ཟབ་ཆོས་འདི་ཉིད་གཏེར་ནས་འབྱིན༔ ལས་ཅན་འགའ་ལ་སྨིན་གྲོལ་དངོས་གྲུབ་སྟེར༔ དེ་དུས་རྒྱ་འགྱུར་དགོངས་པ་མ་འཆུགས་པ༔ བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ན་བུན་གཏིབས༔ ང་ཡི་ཟབ་གཏེར་ཆོས་ལ་ཡིད་ཆེས་བསྐྱེད༔ ཉམས་སུ་ལོང་ཞིག་མ་འོགས་སྐལ་ལྡན་བུ༔ ཡེ་ཤེས་མགོན་པོས་བཀའ་འདིའི་མེལ་ཚེ་མཛོད༔ ལས་ཀྱི་མགོན་པོ་ཡབ་ཡུམ་གཏེར་འདི་སྲུངས༔ དུས་ལ་བབས་ཚེ་མ་ཐོགས་མྱུར་དུ་སྤྲོད༔ ས་མཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་སྤྱན་དྲངས་ཤིང་ཁམས་སྲིང་མོ་རྫོང་གི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པའི་སྒྲུབ་ཕུག་ཏུ་ཤོག་སེར་ལས་ཕབ་པའོ།། མངྒ་ལཾ།། །།

མཐོང་གྲོལ་འགྲོ་བ་ཀུན་གྲོལ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ མཐོང་གྲོལ་འགྲོ་བ་ཀུན་གྲོལ་བཞུགས༔ འཕགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་བསལ་བའི་སྐུ་ལ་ཕྱག་འཚལ་ལོ༔ བསྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས༔ འགྲོ་བའི་དོན་དུ་སེམས་བསྐྱེད་དེ༔ མཐོང་གྲོལ་འཁོར་ལོ་འདི་ལྟར་འབྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་མཐོང་གྲོལ་འབྲི་བ་ནི༔ རྒྱུད་ལས༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ དར་ཟབ་ཤོག་བུ་གང་རུང་ངོས༔ འཕགས་པའི་ལྷ་དང་སྔགས་འཁོར་འགོད༔ ལྷ་ཚོགས་དཀྱིལ་འཁོར་ཚོམ་བུར་བསྐྱེད༔ དྲི་བཟང་བྱུག་ཅིང་མེ་ཏོག་འཐོར༔ ཤིས་བརྗོད་རབ་གནས་ཚོང་འདུས་སམ༔ མགྲོན་ཁང་བཞི་མདོ་དག་ཏུ་བཞུགས༔ དེ་མཐོང་འཕགས་པའི་སྐུ་རུ་གྲོལ༔ ཅེས་པས་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་གྱི་རིམ་པས་སྟོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི༔ བཀྲ་ཤིས་ཤིང་གཟའ་སྐར་དར་བའི་ཉི་མ་ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ རབ་དར་བཟང་པོ་འབྲིང་རས་ཐ་ནའང་ཤོག་བུ་ལ༔ རབ་གསེར་འབྲིང་དངུལ་ཐ་ནའང་རྒྱ་སྣག་དང་རྒྱ་མཚལ་སོགས་རྒྱུ་བཟང་པོས༔ འཁོར་ལོ་མུ་ཁྱུད་བཅུ་བཞིར་བསྐོར་ཞིང་༔ ལྟེ་བ་ལ་འཕགས་པ་གཙོ་འཁོར་ལྔ་ཚོམ་བུའི་རྣམ་པར་འབྲི་ཞིང་༔ གཙོ་བོའི་གཙུག་ཏོར་གྱི་སྟེང་དུ་རིགས་བདག་དང་བཅས་པ་ཚད་དང་ལྡན་པར་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་སྙིང་པོ་ཡི་གེ་བཅུ་པ་ཅི་མང་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་ལེགས་པར་ཡུམ་དང་འཁྲིལ་བ་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཛཱི་ན་ཛི ཀ་ལཾ་ཏེ་ཤྭ་ར་ཏི་ཧཱུྃ༔ ཨཱོཾ་བཛྲ་དྷྲི ཀ་མུཾ་དྷརྟུ་ཤྭ་རི་སྟྭཾ༔ སྭ་རཏྣ་དྷྲི ཀ་པྱཾ་རཱ་ག་ར་ཏི་སྟྭཾ༔ ཨཱཾ་ཨ་རོ་ལིཀ་མཾ་མོ་ཧ་ར་ཏི་སྟྭཾ༔ ཧ་པྲ་ཛྙ་དྷྲིག་ཏཾ་བཛྲ་ར་ཏི་སྟྭཾ༔ཅེས་ཚར་ཅི་མང་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ཟུང་འཇུག་ཏུ་མངོན་རྟོགས་ལྟར་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཀྵི་ཧི་རཱ་ཛ་ཡ་ཧཱུྃ་ལ་སྱ་ས་མ་ཡ་སྟྭཾ༔ ཏྲཾ་ཨ་ཀཪྴ་ཡ་ཡཾ་ཏཱཾ་མཱ་ལེ་ས་མ་ཡ་སྟྭཾ༔ ཧྲཱིཿཔདྨ་བྷནྡྷ་དྷ་ར་ཧྲཱི་གྷིརྟི་ར་ཧོ་ཧཾ༔ ཛིཾ་ཀུ་རུ་པ་ན་ཧྲི༔ ཨ་ནིརྟི་རྭ་ག་ཡ་མི་སྟྭཾ༔ མེ་དྷ་ར་ནི་སྭཱ་ཧཱ༔ ཛ་དྷུ་པེ་པྲ་ཝེ་ཤ་ཡ་སྟྭཾ༔བྷ་ནི་པ་རཾ་པ་ན་ཡེ་སྭཱ་ཧཱ༔ བཾ་ཏི་བ་སུ་ཀི་ནི་སྟྭཾ༔ ཨཱོཾ་པྲ་ཏ་བྷ་ཏྲ་ཡ་ཧཱུྃ༔ པུཥྤེ་ཨ་ཝེ་ཤ་ཡ་སྟྭཾ༔ མུཾ་ཤྲཱི་ར་ག་ཡ་སྭཱ་ཧཱ༔ ཧོ་གྷནྡྷེ་ཙིཏྟ་སྟྭཾ༔ཅེས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཐུབ་པ་དྲུག་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་མུ་ནེ་ཏྲཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཏྲུམ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་བྷྲཱུཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཞེས་འབྲི༔ དེའི་ཕྱི་རིམ་པདྨའི་ཁོར་ཡུག་ཕྱི་ནང་གསུམ་གྱི་ནང་དུ༔ བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་སངས་རྒྱས་སྟོང་གི་མཚན་སྔགས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཕྱོགས་བཞིར་ཁྲག་འཐུང་རིགས་བཞི་འབྲི་ཞིང་༔ ཁྲག་འཐུང་རིགས་བཞིའི་བར་མཚམས་རྣམས་སུ་ཞི་ཁྲོ་བཀའ་བརྒྱད་ཀྱི་སྙིང་པོ་མང་དུ་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཐུགས་རྗེ་ཆེན་པོས་དམ་བཅས་པའི་གཟུངས་མདོ་སྔགས་ཀྱི་ལུགས་ཅི་མང་འབྲི་ཞིང་༔ འདོད་གསོལ་འདི་ལྟར་འབྲི་བར་བྱའོ༔ འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བསྐལ་པ་མང་པོའི་གོང་རོལ་ནས་ཐུགས་བསྐྱེད་དང་སྨོན་ལམ་རླབས་པོ་ཆེ་འགྲོ་བའི་དོན་དུ་བཏབ་པ་རྗེས་སུ་དགོངས་ཏེ༔ མཐོང་གྲོལ་གྱི་འཁོར་ལོ་ཟབ་མོ་འདི་དང་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེན་པོ་གཉིས་སུ་མེད་པར་ཇི་སྲིད་ཀྱི་བར་དུ་བཞུགས་ནས༔ རྟེན་མཆོག་དམ་པ་འདི་མཐོང་བའི་འགྲོ་བ་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་བསྒྲལ་ཏེ༔ སངས་རྒྱས་སྐུ་གསུམ་རྒྱལ་བ་རྒྱ་མཚོ་ལྷ་ཚོགས་རྣམས་ཀྱི་གོ་འཕང་འཐོབ་པར་མཛད་དུ་གསོལ༔ ལམ་སྣ་འདྲེན་པར་མཛད་དུ་གསོལ༔ ཕྱིར་མི་ལྡོག་པའི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་དབྱངས་གསལ་བྱེད་དང་ཡེ་དྷརྨཱ་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་སྐུ་གདུང་སྟོང་གི་རི་མོ་བྱ༔ ཕྱི་རོལ་འོད་ལྔའི་ར་བས་བསྐོར༔ ལྷ་ཚོགས་ཐམས་ཅད་སྒྲུབ་ཁོག་ལས་བྱང་ལྟར་སྐུ་མདོག་ཕྱག་མཚན་མཚུངས་པར་འབྲི་ཞིང་༔ སྔགས་ཀྱི་ཡིག་འབྲུ་རྣམས་ཀྱང་མུ་ཁྱུད་ཕྱི་ནང་རང་མལ་མ་གང་བར་དུ་འདེབས་པར་བྱའོ༔ བྲིས་བསུབས་དང་ལྷག་ཆད་སྤངས་ཏེ་བརྩོན་འགྲུས་དང་ལྡན་པས་འབྲིའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ནི༔ དེ་ལྟར་ཡིད་བཞིན་ནོར་བུ་ལྟ་བུའི་འཁོར་ལོ་དེ་ལ་དྲི་བཟང་པོའི་ཚོགས་དང་༔ མཛེས་པའི་ཚོན་གྱིས་ལེགས་པར་བྱུགས་ནས༔ འབྲུའི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་སྟེང་དུ་བཤམས༔ སྨན་གཏོར་རཀྟ་སོགས་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས་ཤིང་༔ གུ་གུལ་བདུག་ཅིང་བགེགས་བསྐྲད༔ བསྲུང་བའི་འཁོར་ལོ་བསྒོམ༔ ལས་ཀྱི་གཞུང་བསྲང་ལྷ་ཚོགས་བསྐྱེད་བསྟིམ་དང་ཁྲུས་གསོལ་རབ་གནས་རྒྱས་པར་བྱ་ཞིང་༔ ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་མང་པོས་མེ་ཏོག་འཐོར༔ མཆོད་བསྟོད་རྒྱས་པར་བྱ༔ གཟུངས་སྔགས་རྣམས་ལ་རྒྱལ་བ་ཐམས་ཅད་ཀྱི་གསུང་༔ སྐུ་གཟུགས་རྣམས་ལ་བདེ་བར་གཤེགས་པའི་སྐུ༔ སྐུ་གདུང་རྣམས་ལ་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡོངས་སུ་རྫོགས་ནས༔ མིག་གིས་མཐོང་བའི་འགྲོ་བ་ཐམས་ཅད་འཕགས་པ་མ་རིག་མུན་སེལ་གྱི་གོ་འཕང་ཐོབ་པའི་རང་བཞིན་དུ་བསམས་ཏེ་རྣམ་པར་དག་པའི་སྨོན་ལམ་ཡང་ཅི་མང་གདབ་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ དེ་ལྟ་བུའི་མཐོང་གྲོལ་གྱི་གདམས་པ་འདི༔ རབ་རེག་གྲོལ་དང་སྦྲེལ་ཏེ་ཀ་ནི་ཀའི་གཞལ་ཡས་མས་ཕིབས་སུ་བྱ་བའམ༔ ཡང་ན་ཚོང་དུས་མགྲོན་ཁང་བཞི་མདོ༔ མདོར་ན་སྐྱེ་འགྲོ་རྣམས་ཀྱི་འགྲིམ་འགྲུལ་ཆེ་བའི་སར་ལྷ་ཁང་གི་རྣམ་པ་ལྟ་བུ་ལ་སོགས་འབྱུང་བས་མི་འཇིགས་པའི་གནས་བཟོ་ཞིང་༔ དེར་བཞུགས་སུ་གསོལ་བས་སྐྱེ་འགྲོ་སེམས་ཅན་སུས་མཐོང་ཐམས་ཅད༔ བསོད་ནམས་ཀྱི་ཚོགས་ཀྱི་རིམ་པ་ལྟར་སྐུ་གསུམ་གྱི་ཞིང་དུ་གྲོལ་བར་འགྱུར་བ་ནི་གདོན་མི་ཟའོ༔ དེ་ལྟ་བས་ན་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་རྣལ་འབྱོར་པས༔ བརྩོན་འགྲུས་ཀྱི་གོ་ཆ་གྱོན་ཏེ་ཡང་དག་པར་བརྩོན་པར་བྱའོ༔ ཚུལ་བཞིན་ཉམས་སུ་བླང་བར་བྱའོ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་གཏེར་ནས་སྤྱན་དྲངས་ཤིང་༔ ལྕགས་ཕོ་སྤྲེའུའི་ལོ་ལ་ཤོག་སེར་ལས་བཤུས་པའོ།། སརྦ་མངྒ་ལཾ།། །།

ཐོས་གྲོལ་ཚོར་བ་རང་གྲོལ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཐོས་གྲོལ་ཚོར་བ་རང་གྲོལ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་འགྲོ་དོན་དང་༔ ད་ལྟ་མངའ་བདག་བོད་འབངས་རྣམས༔ ཐོས་བསམ་སྒོམ་བསྒྲུབ་ལ་སོགས་པའི༔ རྩོལ་བས་འབད་པར་མི་དགོས་པར༔ ངན་སོང་འགྲོ་བའི་སྒོ་གཅོད་ཅིང་༔ སངས་རྒྱས་ཞིང་དུ་གྲོལ་བའི་ཐབས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རི་བོ་ཏ་ལའི་ཕོ་བྲང་དུ༔ འཕགས་པ་སྤྱན་རས་གཟིགས་ལ་ཞུས༔ ད་ལྟ་ཆོས་འཁོར་འདི་འབྱོངས་པའི༔ གྲོལ་སྟོན་ཆོས་ཀྱི་སྟོན་མོ་ལ༔ ཐོས་གྲོལ་ཚོར་བ་རང་གྲོལ་འདི༔ ལེགས་པར་ཉོན་ཅིག་བོད་འབངས་རྣམས༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བྷཻ་རོ་ཙ་ན་ཧཱུྃ༔ ཨཀྵོ་བྷྱ༔ རཏྣ་སཾ་བྷ་ཝ༔ ཨ་མི་དྷེ་ཝ༔ ཨ་མོ་གྷ་སིདྡྷི་ཧཱུྃ༔ པདྨ་ཧ་ས་ཏ་མ་ཧཱ་ཨ་མོ་གྷ་པ་ཤ༔ ས་ཧ་ཡཱཾ་ས་མ་ཡ་ཧྲི་ཡཾ་ཙ་ར་ཙ་ར་ཧཱུྃ༔ ན་མོ་བྷ་ག་ཝ་ཏེ་ཨརྱ་ཨ་ཝ་ལོ་ཀི་ཤྭ་ར་ཡ༔ བྷོ་དྷི་སཏྭ་ཡ༔ མ་ཧཱ་སཏྭ་ཡ༔ མ་ཧཱ་ཀ་རུ་ནི་ཀ་ཡ༔ སིདྡྷི་མནྚ་ཡ་ཡཱ་ནི་སྭཱ་ཧཱ༔ སྒྲ་དག་དབྱངས་གསལ་སྙན་པའི་གླུས༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ སྒྲ་ཐོས་སེམས་ཅན་ཐམས་ཅད་ཀུན༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས༔ བརྡ་ཡིག་ཏུ་བཏབ་སྟེ་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་༔ ཁམས་སྲིང་མོ་རྫོང་གི་ཕུག་ནག་ཨོ་རྒྱན་སྒྲུབ་གནས་སུ་ཤོག་སེར་ལས་ལྕགས་སྤྲེལ་ཧོར་ཟླ་དྲུག་པར་ཞལ་བཤུས་པའོ།། སརྦ་མངྒ་ལཾ། །

རེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་སྐྱེ་འགྲོ་འཁོར་བ་ལས་བསྒྲལ་ཕྱིར༔ རེག་གྲོལ་གདམ་པ་སངས་རྒྱས་ལྷུན་གྲུབ་འདི༔ རྒྱུད་ལ་བརྟེན་ནས་ཁོ་བོ་པདྨས་འབྲི༔ བྱང་ཆུབ་སེམས་ལྡན་སྐྱེས་བུས་འགྲོ་དོན་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་མ་འབད་བཞིན་དུ་གྲོལ་བར་བྱེད་པའི་གདམས་པ་ཟབ་མོ་འདི་དོན་གསུམ་གྱི་སྒོ་ནས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི༔ བཀྲ་ཤིས་ཤིང་གཟའ་སྐར་བཟང་པོའི་ཉི་མ་ལ་བབས་པའི་ཚེ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ རབ་གསེར་དངུལ་འབྲིང་ཟངས་རག་དང་ཁྲོ་ལི༔ ཐ་ནའང་ས་རྡོ་ཤིང་སོགས་གང་རུང་ལ༔ འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་དང་སྙིང་པོ་ཡི་གེ་བཅུ་པ༔ བྱང་ཆུབ་རྣམ་རྒྱལ་གྱི་མཆོད་རྟེན་གསུམ་བཞེངས་ཏེ༔ སེང་ཁྲི་ལ་ཀ་ནི་ཀའི་སྒོ་ཡོད་པ༔ བུམ་པར་འཕགས་པའི་སྐུ་བཞུགས་པ༔ བུམ་པའི་སྒོ་ལ་སྙིང་པོ་འབུར་མ་ཤིན་ཏུ་གསལ་བས་མཚན་པར་བཞེངས༔ ཀ་ནིའི་མར་ཕིབས་ཀྱི་ངོས་ལ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་ལྷ་ཚོགས་ཚོམ་བུ་ཤིགས་སེར་བཞུགས་པ་འབྲི་བར་བྱའོ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་ནི༔ དེ་ལྟར་གྱི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་པོ་དེ་འཕགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གསལ་ཏེ༔ བསྙེན་སྒྲུབ་ཐེམས་ཤིང་སེམས་བསྐྱེད་དང་ལྡན་པའི་རྣལ་འབྱོར་པས༔ ལས་ཀྱི་གཞུང་བསྲང་ཞིང་རབ་ཏུ་གནས་ཏེ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དུ་མངོན་སུམ་དུ་བསྐྱེད་དེ༔ འཁོར་བའི་སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ༔ འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་དང་གཉིས་སུ་མེད་པར༔ རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ནས༔ རྟེན་འདིའི་འོག་ཏུ་འཛུལ་ཞིང་རེག་པ་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གྱུར་ཅིག༔ ཅེས་པའི་སྨོན་ལམ་རླབས་པོ་ཆེ་བཏབ་བོ༔ མེ་ཏོག་འཐོར་ཤིས་པ་བརྗོད་བཀྲ་ཤིས་པའི་གླུ་བྲོ་དང་ཚོགས་ཀྱི་འཁོར་ལོ་ལ་སྤྱོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ནི༔ རྒྱུད་ལས༔ རབ་ནི་རིན་ཆེན་སྣ་ལྔའམ༔ སའམ་རྡོ་ལ་སོགས་ཀྱང་རུང་༔ འཕགས་པའི་སྐུ་རྟེན་འདྲ་འབག་དང་༔ རང་བྱུང་སྙིང་པོ་ཡི་གེ་བཅུ༔ བྱང་ཆུབ་རྣམ་རྒྱལ་མཆོད་རྟེན་གསུམ༔ ལེགས་པར་བཞེངས་ཤིང་རབ་ཏུ་གནས༔ གྲིབ་མ་འགོངས་སམ་ཆུར་བཀྲུས་འཐུངས༔ རླུང་གིས་རེག་གམ་འོག་ཏུ་འཛུལ༔ འབྱུང་བ་བཞི་ལ་ལས་སྦྱོར་བརྩམ༔ རེག་པའི་སྐྱེ་འགྲོ་གཟུགས་ཅན་དང་༔ གཟུགས་མེད་ཐམས་ཅད་གྲོལ་བར་འགྱུར༔ ཅེས་པས་རྟེན་གསུམ་པོ་འདི་ཟུང་འཇུག་གི་ཆུ་ཆེན་པོ་ལ་ཟམ་པ་ཡོད་པའི་འགྲམ་མམ༔ བརྒྱ་ལམ་ཆེན་པོའི་དཀྱིལ་ལམ༔ ཚོང་འདུས་ཆེན་པོའི་མདོའམ༔ སྡེ་དགོན་ཕོ་བྲང་གནས་གཞི་ལ་སོགས་ཀྱི་འགྲམ་དུ་བཞུགས་སུ་གསོལ་ཞིང་དགེ་བ་བྱང་ཆུབ་ཀྱི་རྒྱུར་བསྔོས་པས༔ རྟེན་དེ་ལ་རེག་པའམ་རླུང་གིས་ཕོག་གམ་གྲིབ་མ་ཆུར་ཕོག་པ་ལ་བཀྲུས་སམ་འཐུང་ངམ་འོག་ཏུ་འཛུལ་བའི་སྐྱེ་འགྲོ་གཟུགས་ཅན་དང་གཟུགས་མེད་གང་ཡིན་ཀྱང་འཕགས་པའི་ཞིང་དུ་གྲོལ་ཞིང་བྱང་ཆུབ་པར་འགྱུར་བར་གདོན་མི་ཟའོ༔ དེ་བས་ན་འགྲོ་དོན་རེག་གྲོལ་གྱི་གདམས་པ་འདི་ལ་བྱང་ཆུབ་སེམས་དཔའ་གང་ཟག་རྣམས་ཀྱིས་བརྩོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ནས་གདན་དྲངས་ཤིང་ཤོག་སེར་ལས་བཤུས་པའོ།། སརྦ་མངྒ་ལཾ།། །།

རབ་གནས་ཡེ་ཤེས་ཉི་མ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རབ་གནས་ཡེ་ཤེས་ཉི་མ་བཞུགས༔ འཕགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ རྟེན་ལ་བགེགས་བསྐྲད་ཐུན་གྱིས་བྲབ༔ སྟོང་པར་སྦྱོང་ཞིང་ལྷ་རུ་བསྐྱེད༔ ཁྲུས་གསོལ་སྤྱན་དབྱེ་ན་བཟའ་དབུལ༔ ཡེ་ཤེས་བསྟིམ་ཞིང་མཆོད་བསྟོད་བྱ༔ མི་དམིགས་རྒྱས་གདབ་དགེ་བ་བསྔོ༔ ཅེས་པས་རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་ཉི་མ་འདི་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་གྱིས་སྟོན་ཏེ༔ དང་པོ་སྔོན་དུ་འགྲོ་བ་ནི༔ གནས་ཡིད་དུ་འོང་བར་བཀྲ་ཤིས་པའི་ཉི་ཟླ་གཟའ་སྐར་བཟང་པོ་ལ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྙེན་སྒྲུབ་ཁ་གསོའོ༔ དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡིན་དེ་རང་གི་མདུན་དུ་འགོད་ཅིང་༔ རང་ཉིད་ལྷའི་ང་རྒྱལ་དྲག་ཏུ་བསྐྱེད་དེ༔ གུ་གུལ་གྱིས་བདུག་བགེགས་གཏོར་བསྔོ༔ ཡུངས་ཀར་གྱིས་བྲབ་ཅིང་བགེགས་བསྐྲད་མཚམས་གཅོད་བསྲུང་བའི་འཁོར་ལོས་གོ་བསྒོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ སྐུ་རྟེན་གྱི་རིགས་ལ་གང་ཡིན་གྱི་ལྷར་བསྐྱེད་རིམ་སྟོང་པའི་ངང་ལས་ལམ་གྱིས་ཤར་བར་བསྒོམ༔ གསུང་རྟེན་ཡིན་ན་ཡིག་འབྲུ་རྣམས་ཨཱ་ལི་ཀཱ་ལིའི་རང་སྒྲ་དིར་རེར་བསྒོམ༔ ཐུགས་རྟེན་ཡིན་ན་ཕྱི་མཆོད་རྟེན་གྱི་རྣམ་པར་ནང་གཞལ་ཡས་ཁང་༔ གསང་བ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་སྐྱེད༔ ཧཱུྃ༔ བཞེངས་ཤིག་བླ་མེད་དཀོན་མཆོག་གསུམ༔ སྐུ་གསུང་ཐུགས་མཆོག་རྡོ་རྗེ་ཆེ༔ ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང་༔ སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ༔ ཡེ་ཤེས་ཆེན་པོས་དབང་མཆོག་བསྐུར༔ བཛྲ་ས་མ་ཡཱ་ཛཿཛཿ ཅེས་སྤྱན་འདྲེན༔ ཧཱུྃ༔ དམ་ཚིག་སེམས་དཔའ་བཞེངས་པའི་རྟེན༔ ཡེ་ཤེས་སེམས་དཔའ་བདེ་བར་གཤེགས༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཅེས་རྟེན་དང་གཉིས་སུ་མེད་པར་བཞུགས་པར་བསམས༔ ཧཱུྃ༔ རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ༔ ཉོན་མོངས་རྒོལ་བ་འཇོམས་པའི་ལྷ༔ འགྲོ་བ་འདྲེན་པའི་སྐྱབས་གཅིག་པུ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་གཉིས་སུ་མེད་པར་ཕྱག་འཚལ་ལོ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་བུམ་པ་འདི༔ སྨན་སྤོས་དྲི་བཟང་ཆུ་ཡིས་བཀང་༔ གཙང་མར་སྦྱར་བའི་དྲི་ཆབ་འདིས༔ རྒྱལ་བའི་སྐུ་ལ་ཁྲུས་གསོལ་བས༔ སེམས་ཅན་ལུས་སྒྲིབ་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཅེས་སྐུ་གསུང་ཐུགས་ལ་ཁྲུས་གསོལ༔ ཧཱུྃ༔ ཡེ་ཤེས་སྤྱན་ལ་དབྱེ་གསལ་མིང་མེད་ཀྱང་༔ སེམས་ཅན་ལས་ཀྱི་སྒྲིབ་པ་བསལ་བའི་ཕྱིར༔ འཕགས་པའི་སྤྱན་དབྱེ་འགྲོ་བའི་མུན་སེལ་ཤོག༔ ཨཱོཾ་སརྦ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་སྭཱ་ཧཱ༔ ཅེས་སྤྱན་དབྱེ༔ ཧཱུྃ༔ བཀྲ་ཤིས་ལྷབ་ལྷུབ་པཉྩ་ལི་ཀའི་དར༔ རིན་ཐང་མེད་པ་སྲབ་འཇམ་ཡང་བའི་གོས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་གསོལ་བས༔ བསོད་ནམས་དམ་པའི་མཆོག་ཏུ་འདི་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ཛྙ་ན་ཝ་སྟྲ་ཡེ་སྭཱ་ཧཱ༔ ཅེས་བརྗོད་ཅིང་ལྷ་ཁྲོ་བོ་ཕོ་བརྒྱུད་མོ་བརྒྱུད་ཞི་བ་ཞི་མ་ཁྲོ་སོགས་གང་ཡིན་པ་ལ་དེར་མཐུན་གྱི་ན་བཟའ་དང་རྒྱན་གོས་ལ་སོགས་རང་གཞུང་ལྟར་དབུལ༔ མཎྜལ་གྱིས་མཆོད༔ ཕྱི་ནང་གསང་གསུམ་གྱི་མཆོད་པ་ལྷའི་ངོ་བོ་ཐེག་པའི་བྱེད་བྲག་དང་མཐུན་པས་མཆོད༔ སོ་སོའི་བསྟོད་པ་ལས་བྱུང་བ་ལྟར་བསྟོད༔ བསྟོད་པ་མེད་པའི་རིགས་སམ་རང་གིས་མ་ཤེས་པའི་རིགས་ལ༔ ཧཱུྃ༔ ཡེ་ཤེས་ཆེན་པོའི་གཟི་བརྗིད་འཆང་བའི་གར༔ ཆོས་ཀྱི་དབྱིངས་ལས་ཟློས་གར་སྒྱུར་བའི་ལྷ༔ འགྲོ་བའི་ཉི་མ་བདེ་ལེགས་དཔལ་གྱི་ཞིང་༔ གུས་པས་ཕྱག་འཚལ་དང་བའི་ཡིད་ཀྱིས་བསྟོད༔ བཛྲ་ས་མ་ཡ༔ ཨ་ཏི་པཱུ་ཙ་ཧོ༔ ཅེས་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ནས་སམ་འབྲས་སོགས་འབྲུ་བག་རྡུལ་མེད་པ་ལ་ཡི་དམ་གྱི་སྙིང་པོ་དང་དབྱངས་གསལ་བྱེད་རྟེན་འབྲེལ་སྙིང་པོ་ལ་སོགས་ཅི་མང་གི་གཟུངས་སྔགས་བཏབ་པ་རྡོ་རྗེ་རྒྱལ་པོ་མཆེད་ལྕམ་རྣམས་ཀྱིས་ཐོགས་ཏེ༔ བཀྲ་ཤིས་པའི་ཚིགས་སུ་བཅད་པ་མང་པོ་བརྗོད་ཅིང་༔ མེ་ཏོག་འཐོར་རབ་ཏུ་གནས་ཏེ༔ སྲིད་པའི་འགྲོ་བ་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐུ་གསུང་ཐུགས་ཀྱི་རྟེན་ལ་རྒྱལ་བ་འཕགས་པའི་ལྷ་ཚོགས་རྣམས་དང་གཉིས་སུ་མེད་པར་བཞུགས་སུ་གསོལ༔ མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་འཕགས་པ་དེ་བཞིན་གཤེགས་པའི་གོ་འཕང་འཐོབ་པར་མཛད་དུ་གསོལ༔ ཅེས་སོགས་བརྗོད་ཅིང་ཡེ་ཤེས་ཀྱི་ལྷ་ཚོགས་རྟེན་དང་གཉིས་སུ་མེད་པར་བསམས༔ གླུ་གར་གྱི་ཉམས་སྐྱོང་ཚོགས་ཀྱི་འཁོར་ལོ་བསྐོར༔ ཆོས་སྐྱོང་བསྲུང་མར་རྟེན་གྱི་གཉེར་ཁ་བཅོལ༔ སྦྱིན་སྲེག་འདེབས་ཤིང་བསྔོ་སྨོན་མཐའ་རྒྱས་སྐྱོང་༔ དམིགས་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི༔ ཟག་བཅས་ཟག་མེད་ཆོས་དབྱིངས་ལ་ཟླའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་མེ་ཕོ་འབྲུག་གི་ལོ་ལ་སྤྱན་དྲངས་ཤིང་ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ།། སརྦ་མངྒ་ལཾ།། །།

འཕོ་བ་ཐར་པའི་ལྡེ་མིག

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ འཕོ་བ་ཐར་པའི་ལྡེ་མིག་བཞུགས༔ དཔལ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་ལེ་ལོ་ཅན་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་གསང་ལམ་ཐར་པའི་ལྡེ་མིག་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཡན་ལག་བདུན་པའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ རང་གི་མདུན་གྱི་ནམ་མཁར་ཆོས་ལོངས་སྤྲུལ་གསུམ་མཐོ་བརྩེགས་སུ་བཞུགས་པ་ལ༔ སྐུ་གསུམ་གྱི་ལྷ་ཚོགས་མདོར་ན་སྐྱབས་གྱུར་ཐམས་ཅད་ཀྱིས་བསྐོར་བར་དམིགས་ཏེ༔ འཁོར་བ་སྡུག་བསྔལ་གྱི་གྲོང་ཁྱེར་ལས་སྒྲོལ་འདོད་པའི་ངེས་འབྱུང་དྲག་པོས་འདི་སྐད་དོ༔ ན་མོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ན་མོཿ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ འགྲོ་དྲུག་འཁོར་བ་ལས་སྒྲོལ་ཕྱིར༔ བྱང་ཆུབ་སེམས་མཆོག་བླ་ན་མེད༔ དམ་པ་མཆོག་ནི་བསྐྱེད་པར་བགྱིད༔ གསུམ་པ་ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་སངས་རྒྱས་འཐོབ་ཕྱིར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ་སྟེ༔ གསལ་བ་སྦྱོང་བ་ཚད་བསྟན་པའོ༔ དང་པོ་གསལ་བ་ནི༔ སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་དང་གཉིས་སུ་མེད་པར་གྱུར༔ རང་ལུས་ཀྱང་མི་དམིགས་པ་སྟོང་པར་གྱུར༔ སྟོང་བའི་རང་རྩལ་སྣང་བ་གོ་མ་འགགས་པའི་རོལ་པ་ལས༔ ཆུ་ལས་ཆུ་བུར་ཤར་བ་ལྟར༔ སྐད་ཅིག་གི་རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་མདངས་དང་ལྡན་པ་གཅེར་བུ་གར་སྟབས་ཅན༔ ཕྱག་གཡས་པདྨས་མཚན་པའི་གྲི་གུག་དང་གཡོན་ཚེའི་བུམ་པ་ཐུགས་ཀར་བསྣམས་པ༔ ཞབས་གཉིས་གར་སྟབས་བདེ་སྟོང་རབ་ཏུ་རྒྱས་པའི་ཉམས་ཅན༔ ཉི་ཟླ་པད་གདན་ལ་བརྫིས་པའི་སྐུ་སྣང་སྟོང་དབྱེར་མེད༔ དར་དམར་པོའི་གུར་ཕུབ་པ་ལྟ་བུ་ལ༔ ཕྱི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣམ་པར་ཡོངས་སུ་གསལ་ཞིང་༔ ནང་སྟོང་ཉིད་དུ་ཡངས་ཕྱ་ལེར་གནས་པའི་དབུས་སུ༔ རྩ་དབུ་མ་མཚན་ཉིད་དང་ལྡན་པ་མདའ་སྨྱུག་ཙམ་པ་ཞིག་ཏུ་གསལ་བའི༔ སྙིང་གའི་ཐད་སྨྱུག་མ་ཚིགས་འགགས་པ་ལྟར་དམར་ཆ་ཉི་མའི་འཁོར་ལོས་བགགས་པའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་རྒྱ་སྲན་གྱི་རྡོག་པོ་ཙམ་ཞིག་བསམ༔ དབུ་མའི་ཡར་སྣ་སྤྱི་བོར་ཟང་ཐ་ལེར་གསལ་བའི༔ ཁྲུ་གང་ཙམ་གྱི་ནམ་མཁའ་ལ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་ཞིག་ལ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བར་དམིགས་ཤིང་༔ མ་གསལ་བར་དུ་མ་ཡེངས་པར་བསྒོམ་པར་བྱའོ༔ གཉིས་པ་སྦྱང་བ་ནི༔ སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་གསུམ་གྱི་ལྷ་ཚོགས་དེ་ཐམས་ཅད་ལ༔ ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས༔ འཁོར་བ་སྡུག་བསྔལ་གྱི་གྲོང་ཁྱེར་ལས་མྱུར་དུ་སྒྲོལ་ཏེ༔ དག་པ་སྐུ་གསུམ་གྱི་ཞིང་དུ་བདག་དྲོངས་ཤིག་པའི་གདུང་བས་གསོལ་བ་དྲག་ཏུ་གདབ་ཅིང་༔ ཧིག་ཅེས་བསྒྲགས་པས་རང་སེམས་ཀྱི་ངོ་བོ་ཐིག་ལེ་དེ་རྒྱངས་ཀྱིས་འཕར་ནས༔ སངས་རྒྱས་འོད་དཔག་མེད་ཀྱི་ཞབས་ལ་རེག༔ ཀ་ཞེས་བརྗོད་པས་མར་ཕབ་སྟེ་སྙིང་གར་གནས་པར་བསམས་ཤིང་༔ དེ་ལྟར་ཡང་ཡང་སྦྱང་བར་བྱའོ༔ གསུམ་པ་ཚད་བསྟན་པ་ནི༔ རྒྱུད་ལས༔ དབྱིངས་རིག་ཐིག་ལེ་དབུ་མ་ནས༔ སྣང་མཐའ་བླ་མའི་ཐུགས་ཀར་བསྟིམ༔ སྔགས་ཀྱི་ཐབས་ལ་རིག་པའི་མདས༔ ཡང་ཡང་སྦྱང་བས་ཟ་དང་འཚེག༔ ཅེས་གསུངས་པས་དེ་ལྟར་བརྩོན་འགྲུས་དང་ལྡན་པས་སྦྱངས་པའི་ཚེ༔ སྤྱི་བོ་ཟ་བ་དང་སྐྲང་བ་དང་རབ་ཏུ་འཚེག་པ་དང་དྲན་མེད་དུ་བརྒྱལ་བ་སོགས་འབྱུང་བར་འགྱུར་བ་ནི་འབྱོངས་པའི་ཚད་བསྟན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་གཉིས་ཏེ༔ ལས་ལ་སྦྱར་བ་དང་ཕན་ཡོན་བསྟན་པའོ༔ དང་པོ་ལས་ལ་སྦྱར་བ་ནི༔ རྣལ་འབྱོར་པ་ལ་འཆི་བའི་རྟགས་རྣམས་གསལ་ཞིང་༔ ཕྱི་ནང་གི་ཐིམ་རིམ་རྣམས་ཤར་བའི་ཚེ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བློ་གཏད་མེད་པའི་འདུ་ཤེས་ཀྱིས་ཡང་དག་པར་བསྐུལ་ཏེ༔ སྒོ་གསུམ་འཁོར་བ་ལ་མ་ཆགས་པའི་ངེས་འབྱུང་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ་སྟེ༔ རིག་པའི་ངོ་བོ་ཐིག་ལེ་དེ་ཉིད་རྒྱངས་ཀྱིས་སོང་ནས༔ སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་དང་གཉིས་སུ་མེད་པར་འདྲེས་ཤིང་ཐིམ་པས༔ མངོན་པར་བྱང་ཆུབ་པར་བསམས་ཤིང་ཕཊ་སྒྲ་ཅི་མང་བརྗོད་པ་དང་དབུགས་འགྲོ་བ་དུས་མཉམ་དུ་བྱའོ༔ གཉིས་པ་ཕན་ཡོན་བསྟན་པ་ནི༔ རྒྱུད་ལས༔ བུ་ག་དགུ་ཡི་སྟེང་རོལ་ན༔ བདེ་བ་ཅན་དུ་འགྲོ་བའི་སྒོ༔ བག་ཆགས་ལུས་རྒྱ་ཞིག་པའི་ཚེ༔ མཚམས་མེད་ལྔ་ལ་སྤྱོད་པ་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་པས་ཐེག་པ་ཟབ་མོ་འདི་ནི༔ སྡེ་སྣོད་གསུམ་དང་ཐེག་རིམ་དགུའི་ནང་དུ་ཡང་མ་གྲགས་པའི་གསང་ལམ༔ རྣལ་འབྱོར་པ་ལེ་ལོ་ཅན་མ་བསྒོམས་པར་གྲོལ་བའི་འབྲས་བུ་འཐོབ་པར་བྱེད་པའི་གདམས་པ་ཁྱད་པར་ཅན་སྐལ་བ་བཟང་ངན་དང་དབང་པོ་ལ་རྣོ་བརྟུལ་མེད་པར༔ ཕྲད་པ་ཙམ་གྱིས་གྲོལ་བར་བྱེད་པའི་མན་ངག་ཟབ་མོ་འདི་ནི༔ ད་ལྟ་བོད་འབངས་ཁྱེད་རྣམས་ལ་གདམས་ཤིང་མ་འོངས་ཀྱི་དོན་ཏུ་གཏེར་དུ་སྦ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ།།

ཚེ་སྒྲུབ་སྙིང་གི་ནོར་བུ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཚེ་སྒྲུབ་སྙིང་གི་ནོར་བུ་གཞུགས༔ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ མཎྜལ་དབུས་སུ་བུམ་པ་འགོད༔ ཁ་རྒྱན་མགུལ་ཆིངས་བཅུད་ཀྱི་བཀང་༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ བུམ་པ་སྣང་མཐའ་ཚེ་དཔག་མེད༔ ཕྱི་ནང་གསང་བ་དེ་ཁོ་ནས༔ ཚེ་བསྒྲུབ་ཚེ་ཡི་རིག་འཛིན་རྙེད༔ ཅེས་པས༔ གནས་དབེན་ཞིང་དངས་ལ་རིག་པ་གསལ་བའི་ཡུལ་དུ༔ བརྩོན་འགྲུས་དང་ལྡན་པའི་རྣལ་འབྱོར་པས༔ སྟེགས་བུ་མཛེས་འཇམ་མཁྲེགས་པའི་སྟེང་དུ་འབྲུའི་ཚོམ་བུ་བཀོད་ཅིང་༔ དབུས་སུ་བུམ་པ་མཚན་ཉིད་དང་ལྡན་པ་ཁ་རྒྱན་མགུལ་ཆིངས་བུམ་སྨན་ལྡན་པ་བཤམས༔ གཡས་གཡོན་རྣམས་སུ་ཚེ་ཆང་ཚེ་གཏོར་མདར་དར་སོགས་འགོད༔ མཐར་མཆོད་པ་རྣམས་འབྱོར་ཚད་བཤམས༔ རྣལ་འབྱོར་པ་བདེ་བའི་གདན་ལ་འདུག༔ མ་རིག་མུན་སེལ་གྱི་ལས་གཞུང་བསྲང་༔ བསྙེན་པ་བརྒྱ་སྟོང་གིས་ཁ་གསོའོ༔ དེ་ནས་སྐད་ཅིག་གི་མདུན་གྱི་བུམ་པ་མགོན་པོ་སྣང་བ་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པ༔ རྡོ་རྗེ་སྐྱིལ་ཀྲུང་པད་ཉི་ཟླ་གདན་ལ་བཞུགས་པ༔ ལོངས་སྤྱོད་རྫོགས་པའི་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་འདུས་པའི་སྐུ་རུ་བསྒོམ༔ དེའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཚེ་དཔག་མེད་ཀྱི་ལྷ་ཚོགས་ཐམས་ཅད་ཆར་སྤྲིན་འཐིབ་པ་ལྟར་བྱོན་ནས་མདུན་གྱི་དམ་ཚིག་པ་ལ་ཐིམ་གཉིས་སུ་མེད་པར་བསམས་ཤིང་མཆོད་བསྟོད་ཅི་རིགས་པར་བྱའོ༔ ཨཱོཾ་ཨ་མི་དྷེ་ཝ་ཚེ་བྷྲཱུྃ་སྭཱ་ཧཱ༔ འབུམ་ཚོ་གཅིག་བཟླས་ཤིང་ཐུན་སྐབས་རྣམས་སུ་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་ལུས་ངག་ཡིད་གསུམ་ལ་ཕོག་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ༔ ཚེ་ཡི་རིག་འཛིན་བརྙེས་པར་བསམས༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་བ་གངས་རི་ལ་འཛེག་པ་རྣག་ཁྲག་ཟགས་པ་ནམ་མཁའ་ལ་འཕུར་བ་གོས་དྲི་མ་མེད་པ་གྱོན་པ་སོགས་ཀྱི་རྟགས་རྣམས་འོང་ངོ་༔ རྟགས་གསལ་བསྙེན་པ་རྫོགས་ནས་སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུག་ཅིང་དབང་བཞི་ལེན༔ ཡེ་ཤེས་པ་གཤེགས་དམ་ཚིག་པ་བསྡུ༔ རྗེས་མི་མངོན་པར་བྱ་ཞིང་སྒྲུབ་རྫས་རྣམས་དངོས་གྲུབ་ཏུ་རོལ་ལོ༔ ནང་ལྟར་དུ་ཚེ་བསྒྲུབ་པ་ནི༔ བྱ་རོག་སྐད་མ་གྲགས་གོང་ལུས་འདུག་སྟངས་བཟང་པོ་བྱ་ཞིང་རླུང་རོ་འབུད༔ སྐྱབས་སེམས་སྔོན་དུ་བཏང་སྟེ༔ སྐད་ཅིག་གི་རང་ཉིད་འཕགས་པ་མ་རིག་མུན་སེལ་དུ་གསལ་བའི་ཐུགས་ཀར་མགོན་པོ་སྣང་བ་མཐའ་ཡས་ཚེ་དཔག་མེད་མངོན་སུམ་དུ་བསྐྱེད་དེ༔ དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་ཀྱི་ས་བོན་རང་རིག་གི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་མདངས་དང་ལྡན་པ་ཚེག་དྲག་རིང་ཆར་ལྡན་པ་ཞིག་ཏུ་གསལ༔ དེའི་མཐའ་སྐོར་དུ་ཨཱོཾ་ཨ་མི་དྷེ་ཝ་ཛྙ་ན་སརྦ་ཚེ་བྷྲཱུྃ་སིདྡྷི་སྭཱ་ཧཱ༔ ཞེས་པའི་སྔགས་འབྲུ་རྣམས་གཡས་སྐོར་དུ་འཁོར་བ་ལས་སྒྲ་རང་གྲགས་སུ་དི་རི་རི་ཡོད་པར་བསམས་ཤིང་མ་ཡེངས་པར་རྩེ་གཅིག་པའི་ངང་ནས་སྟོང་ཚོ་བཅུ་བཟླས་པའི་མཇུག་ཏུ༔ རང་གི་ཐུགས་ཀའི་ཚེ་དཔག་མེད་ཀྱི་གནས་གསུམ་དང་ཁྱད་པར་ཧྲཱིཿཡིག་སྔགས་འབྲུ་དང་བཅས་པ་རྣམས་ལས་འོད་ཟེར་ཉི་མའི་ཟེར་ལྟར་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས༔ འཁོར་འདས་ལམ་གསུམ་གྱི་ཐུགས་རྗེ་བྱིན་རླབས་ཚེ་བསོད་དཔལ་འབྱོར་དབང་ཐང་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་འུབ་འུབ་བསྡུས་ཏེ༔ ཐུགས་ཀའི་ས་བོན་རང་གི་ལུས་ངག་ཡིད་གསུམ་དང་བཅས་པ་རྣམས་ལ་འོད་ཟེར་དཀར་སེར་དམར་ལྗང་གི་རྣམ་པར་སིབ་སིབ་ཏུ་ཐིམ་པས༔ རང་གི་བླ་ཚེ་ཆད་ཉམས་ཐམས་ཅད་ཡོངས་སུ་སྐོངས་ཤིང་ནུས་སྟོབས་དང་གཟི་བརྗིད་ཆེས་ཆེར་རྒྱས་པས་འཆི་བ་མེད་པའི་རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ་པས་བསམས་ཤིང་༔ གོང་གི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའི་མཇུག་ཏུ་ལྷ་སྐུ་སྔགས་འཁོར་དང་བཅས་པ་འོད་དུ་སྟེམ་གྱིས་ཞུ་སྟེ༔ རང་དང་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་བསམས་ཤིང་༔ དར་ཅིག་དམིགས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་གཞག་གོ༔ འདི་ནི་ཞག་གསུམ་བསྒོམས་པས་ཚེའི་བར་ཆད་ཐམས་ཅད་བྱང་༔ བདུན་གཅིག་བརྩོན་ན་བླ་ཚེ་ཆད་ཉམས་སོར་ཆུད༔ ཟླ་བ་ལོ་སོགས་རྒྱུན་ཏུ་ཆག་མེད་བྱས་ན་ཚེའི་དངོས་གྲུབ་འཐོབ་ཅིང་ཚེ་མཐར་ཕྱིན་པར་ཐེ་ཚོམ་མེད་དོ༔ རྨི་ལམ་དུའང་ཐོད་ཆང་འཐུང་བ༔ བུད་མེད་བཟང་མོས་ཟས་གོས་སྟེར་བ༔ གོ་གྱོན་པ་གཡུལ་ལས་རྒྱལ་བ༔ རྒྱན་བཏགས་པ་ཁྲུས་བྱས་པ་མཁར་བརྡུང་བ་སོགས་ཀྱི་ལྟས་ཁྱད་པར་ཅན་ཡོང་ངོ་༔ གསང་བ་ལྟར་དུ་ཚེ་བསྒྲུབ་པ་ནི༔ ནམ་ལངས་ཞི་བའི་དུས་སུ་ལུས་ཆོས་བདུན་དང་ལྡན་པའི་ངང་ནས༔ རྩ་གསུམ་འཁོར་ལོ་བཞི་གསལ་ཞིང་སྤྱི་བོའི་ཧཾ་ཡིག་མགོན་པོ་ཚེ་དཔག་མེད་ཀྱི་ངོ་བོ༔ ཨ་ཤད་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བདེ་སྟོང་གི་འབར་འཛག་སྙོམས་འཇུག་གི་རང་བཞིན་དུ་བསྒོམས་ཏེ༔ སྣ་བུག་ནས་རླུང་ཕར་འབུད་པའི་དུས་སུ་ཚེ་དཔག་མེད་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ལས་འོད་ཟེར་གྱི་ཚོགས་གྲངས་མེད་དཔག་ཏུ་མེད་པ་འཁོར་འདས་ཐམས་ཅད་ལ་ཁྱབ་པར་འཕྲོས༔ ཚུར་རྔུབ་པའི་དུས་སུ་དེ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཡོན་ཏན་ཐམས་ཅད་བསྡུས་ནས་རྩ་འཁོར་ཐིག་ལེ་རྣམས་ལ་ཆིལ་ཆིལ་ཐིམ་པས་ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་ཡོངས་སུ་རྒྱས་ཤིང་གོང་དུ་འཕེལ་བར་བསྒོམས་ལ་རླུང་ཁུག་བ་བདུན་གསུམ་ལས་མི་ཉུང་བར་བཟུང་སྟེ་མཐར་མི་དམིགས་པས་རྒྱས་གདབ༔ སྟོང་ཉིད་དུ་མཉམ་པར་གཞག་ཅིང་ལུས་སྦྱོང་ལ་སོགས་འབད་བས་རིག་འཛིན་ཚེ་ཡི་དངོས་གྲུབ་འཐོབ༔ ལས་རླུང་དབུ་མར་དྭངས་ཤིང་བག་ཆགས་ཀྱི་རྟོག་པ་འགག༔ ཟག་བཅས་ཐམས་ཅད་ཟག་མེད་དུ་གྲོལ་ཞིང་ཐུན་མོང་གྲུབ་པ་བརྒྱད་མངོན་དུ་སྤྱོད༔ རྩ་རླུང་ཐིག་ལེ་ལས་སུ་རུང་བས་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་ཐམས་ཅད་ལུས་དང་གྲིབ་མ་ལྟར་འགྲོགས༔ ཚེ་ཡི་ལྷ་མོ་འགྱོགས་མ་དང་བཅས་པས་བར་ཆད་སེལ་ཞིང་ཚེའི་དངོས་གྲུབ་ཐོགས་པ་མེད་པར་སྟེར༔ དེ་ལྟར་ཡང་ཟབ་ཚེ་སྒྲུབ་སྙིང་གི་ནོར༔ མང་པོའི་བཅུད་བསྡུས་རྒྱུད་ཀྱི་དགོངས་པར་བརྟེན༔ ཚེགས་ཆུང་དོན་ཆེ་སྙིང་གི་བརྣག་པ་འདི༔ ཕྱི་རབས་དོན་དུ་པདྨ་བདག་གིས་བྲིས༔ ལྔ་བརྒྱ་རྩོད་ལྡན་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་ནས་ཀྱང་༔ ཆོས་ལྡན་རྣམས་ཀྱི་བར་ཆད་སེལ་བར་ཤོག༔ སྡིག་སྤྱོད་མ་དག་འགྲོ་ལ་ཨ་ཐམ་རྒྱ༔ དཔལ་ལྡན་ཡེ་ཤེས་མགོན་པོས་བཀའ་འདི་སྲུངས༔ ལས་མགོན་བྱ་རོག་གདོང་གིས་གཏེར་འདི་འཚོས༔ དུས་ལ་བབས་ཚེ་ལས་འཕྲོ་ཅན་ལ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་གདན་དྲངས་ཤིང་༔ ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཁམས་སྲིང་མོ་རྫོང་གི་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཧོར་ཟླ་དྲུག་པར་ཤོག་སེར་ལས་ཞལ་བཤུས་པའོ།། སརྦ་མངྒ་ལཾ།། །།

རླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རླུང་གི་ཁྲིད་ཡིག་བདེ་སྟོང་ལྷན་སྐྱེས་བཞུགས༔ མ་རིག་མུན་སེལ་སྐུ་ལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་ཕོ་མོ་རྣམས༔ རྡོ་རྗེ་ལུས་ཀྱི་ཕུང་པོ་ལ༔ སྟོང་ཕྲག་བརྒྱད་ཅུའི་རྩ་གནས་པས༔ རླུང་དང་རིག་པ་བྱང་ཆུབ་སེམས༔ སྦྱང་ཞིང་ཉམས་སུ་ལེན་པའི་ཐབས༔ རྒྱུད་ལ་བརྟེན་ཏེ་པདྨས་བཀོད༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ལམ་རྩ་དང་རླུང་གི་གདམས་པ་ལ་བརྟེན་ཏེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ས་འཛིན་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་གཉིས་ཏེ༔ ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ ཐུན་མོང་ནི་ཆོས་སྤྱོད་ལྟར་བལྟ་ཞིང་༔ ཐུན་མོང་མ་ཡིན་པའི་རིམ་པ་ལ་བཞི་སྟེ༔ ལུས་སྦྱང་བ་དང་༔ རྩ་སྦྱང་བ་རླུང་སྦྱང་བ་ཐིག་ལེ་སྦྱང་བའོ༔ དང་པོ་ལུས་སྦྱང་བ་ནི༔ སྟན་བདེ་བ་ལ་ལུས་དྲང་པོར་བསྲང་ཞིང་༔ རྐང་བ་གཉིས་རེའུ་མིག་ལྟར་བསྣོལ༔ སྒལ་ཚིགས་བསྲང་༔ ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱས་ལ་དཔུང་པ་གཉིས་བརྐྱང་༔ མགྲིན་པ་བཀུག་ཅིང་ལྕེ་ཡ་རྐན་ལ་སྦྱར༔ མིག་སྣ་རྩེར་ཕབ་སྟེ་སྐད་ཅིག་གིས་ལུས་པོ་འདི་སྟོང་པ་ཉིད་དུ་བསྒོམ༔ སྟོང་པའི་ངང་ལས་གསང་བ་ཡེ་ཤེས་ཀྱི་དྷཱཀྐི་མར་ལམ་གྱིས་གསལ་ཞིང་༔ ཕྱིའི་རྣམ་པ་དྷཱཀྐི་དམར་མོ་མཉམ་གཞག་སྐྱིལ་ཀྲུང་ཅན་ཞིག་ལ༔ ནང་སྟོང་པ་འོད་དམར་པོའི་རང་བཞིན་ལས་གྲུབ་པ༔ ཕྱི་དང་ནང་ཀུན་ཏུ་གསལ་བ༔ ཁྲག་དང་ཆུ་སེར་ཤ་པགས་ལས་གྲུབ་པ་མ་ཡིན་པ༔ ཡང་དག་པར་སྟོང་སྟེ་ཡེ་ནས་མེད་པ་ཡང་མ་ཡིན་པ༔ སྟོང་པའི་རང་གདངས་སུ་ལྷམ་མེར་ལྷན་མེར་གསལ་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་མ་ཡེངས་པར་བསྒོམ༔ མི་གསལ་ཙ་ན་དལ་རེ་མཉམ་པར་གཞག་ཅིང་༔ སླར་ཡང་སྐད་ཅིག་གིས་ལམ་ལམ་སྔ་མ་ལྟར་གསལ་ཏེ་བསྒོམ་པར་བྱའོ༔ འདི་ལ་ཞག་གསུམ་ཐུན་དུ་བཅད་ཅིང་སྦྱང་བར་བྱའོ༔ དེས་ནི་ལུས་ལས་སུ་རུང་འབྱུང་བའི་དུག་ཐམས་ཅད་སངས༔ གཅོང་ནད་ཐམས་ཅད་བྱང་སྡིག་སྒྲིབ་བསྲབས་ལུས་ཀྱི་གེགས་རྣམས་མི་འབྱུང་བའི་དགོས་པ་ཡོད་དོ༔ གཉིས་པ་རྩ་སྦྱང་བ་ནི༔ ལུས་སྟོང་པའི་རྩལ་སྣང་ལས་དྷཱཀྐི་མར་གསལ་བའི་དབུས་དྲང་པོར་རྩ་དབུ་མ་སྤྱི་བོ་ཚངས་པའི་བུ་ག་ནས་གསང་བའི་བར་དུ་ཁང་སྟོང་གི་དབུས་སུ་ཀ་བ་བརྒྱབ་པ་ལྟར༔ ཟང་ཐ་ལེར་གསལ་བའི་གཡས་ན་རོ་མ་དང་གཡོན་ན་རྐྱང་མ༔ ཡར་སྣ་དུང་ཁང་གི་ཀླད་རྒྱ་ནས་སྣ་བུག་གཉིས་ལ་ལྕགས་ཀྱུའི་རྣམ་པ་ལྟར་གུག་ནས་ཟུག་པ༔ མར་སྣ་སྟེ་འོག་གཉེར་པོ་ཆེ་ནས་དབུ་མ་དང་གཉིས་མེད་དུ་སོང་བ༔ ཁ་དོག་ཀྱང་དབུ་མ་ནི་ཕྱི་དཀར་བ་ནང་དམར་བ༔ གཡས་རོ་མ་ཡང་ཕྱི་དཀར་པོ་ནང་དམར་པོ༔ གཡོན་རྐྱང་མ་ཕྱི་ནང་ཐམས་ཅད་དམར་པོ་ཨུག་ཆོས་ཀྱི་མེ་ཏོག་ལྟ་བུ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་བརྒྱ་དྲུག་ཅུ༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག༔ སྙིང་ག་ཆོས་ཀྱི་འཁོར་ལོར་སུམ་ཅུ་རྩ་གཉིས༔ ལྟེ་བ་སྤྲུལ་པའི་འཁོར་ལོར་དྲུག་ཅུ་རྩ་བཞི༔ དེ་ལྟར་རྩ་རྣམས་ཕྱི་དཀར་ལ་ནང་དམར་བ༔ སྟོང་པ་དྭངས་པ་མཉེན་ལ་བསྲབས་པ་ཁྲག་དང་ཆུ་སེར་མེད་པ༔ དབུ་མ་མདའ་སྨྱུག་ཙམ་པ༔ རོ་རྐྱང་གཉིས་གྲོ་སོག་གི་སྦུ་གུ་ཙམ༔ རྩ་འཁོར་རྣམས་དེ་ལས་ཅུང་ཟད་རེ་ཆ་ཕྲ་བ་ཙམ་ལ༔ འཁོར་ལོ་རྣམས་ཀྱི་རྩའི་རྩ་བ་དབུ་མ་ལ་ཟུག་ཅིང་༔ རྩེ་མོ་སྟོང་རའི་རང་རང་སོ་སོའི་ཐད་སོར་རྩ་སྦུག་ཧྲོག་ཧྲོག་ཏུ་ཡོད་པར་བསྒོམ་ཞིང་རྩེ་གཅིག་ཏུ་དམིགས་པ་གཏད་དོ༔ འདི་ནི་ཤིན་ཏུ་གལ་ཆེ་བས་ནན་གྱིས་ཐུན་གྲངས་ཅི་མང་དུ་བཅད་དེ་སྦྱང་བར་བྱའོ༔ ཡོན་ཏན་རྣམས་སྐྱེ་བ་དང་ལས་རླུང་བག་ཆགས་དང་བཅས་པ་འདག་པའི་དངོས་གཞི་འདི་ཡིན་པས་ནན་ཏན་དུ་བྱའོ༔ གསུམ་པ་རླུང་སྦྱང་བ་ནི༔ སྣ་བུག་གཡས་གཡོན་དབུས་དང་བཅས་པ་ནས་རླུང་རོ་གསུམ་གསུམ་དགུར་འབུད་ཅིང་༔ དུག་གསུམ་གྱི་ངོ་བོའི་རླུང་ཐམས་ཅད་སངས་སངས་སོང་བར་བསམས་ཤིང་གྲང་ཤས་ཆེ་ན་དྲག་པོ༔ ཚ་ཤས་ཆེ་ན་ཞི་བ༔ ཚ་གྲང་སྙོམས་ན་རླུང་ཡང་ཞི་དྲག་སྙོམས་པས་བརྔུབ་སྟེ༔ ལུས་ཀྱི་སྟོད་དུ་མ་ལུས་པར་བུམ་ཅན་ཕོ་བར་དགང་མཁས་པར་བྱའོ༔ ལར་ནི་རླུང་གི་ཡོན་ཏན་ཐམས་ཅད་དལ་བར་བརྔུབ་ཅིང་དལ་བར་བཏང་བ་ཁོ་ན་གཙོ་ཆེའོ༔ བཞི་བ་ཐིག་ལེ་སྦྱང་བ་ནི༔ རྩ་དབུ་མའི་ཡར་སྣ་སྤྱི་གཙུག་ཏུ་རྒྱ་མཐོངས་ཁ་བྱེ་ལྟར་ཡོད་པའི་བུག་པ་དེ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་གིས་ཡོངས་སུ་བཅད་ཅིང་༔ ཐབས་ཀྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཾ་དཀར་པོ་དངུལ་ཆུའི་མདོག་ལྟར་འཚེར་བ་ཞིག་གི་མགོ་བོ་ཐུར་དུ་བསྟན་ཅིང་རྩ་བ་ཟླ་དཀྱིལ་ལ་ཟུག་པར་བསྒོམ༔ དབུ་མའི་མར་སྣ་ལྟེ་འོག་སོར་བཞིར་གནས་པའི་ནང་དུ༔ རོ་མ་དང་རྐྱང་མའི་སྣེ་གཉིས་ཚུད་པའི་རྩ་གསུམ་གྱི་འདུས་མདོར་ཉི་མའི་དཀྱིལ་འཁོར་དམར་སྒ་རེ་བ༔ ཆེ་ཆུང་དབུ་མའི་ནང་གི་ཡངས་དོག་དང་མཉམ་པ་ཞིག་ཏུ་བསམ༔ དེའི་སྟེང་དུ་ཤེས་རབ་ཀྱི་རང་བཞིན་བདེ་དྲོད་ཀྱི་ངོ་བོ་ཡི་གེ་ཨ་དམར་པོའི་རྣམ་པ་མེའི་རང་བཞིན་ཁ་དོག་དམར་ལ་རེག་བྱ་ཚ་བ་བདེ་བ་དང་ལྡན་པ་ཞིག་ཏུ་བསམ༔ ཡར་མར་གྱི་ཁམས་དཀར་དམར་བསྐྱེད་པ་འདི་གཉིས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡོན་ཏན་ཐམས་ཅད་ཀྱི་དངོས་གཞི་ཡིན་པར་དམིགས་པ་ནམ་གསལ་མ་ཐུབ་ཀྱི་བར་དུ་སྦྱང་བ་གལ་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་གཉིས་ཏེ༔ དམིགས་བཅས་དང་དམིགས་མེད་དོ༔ དང་པོ་དམིགས་བཅས་ནི༔ གོང་གི་དམིགས་པ་རྣམས་བརྟན་པ་དང་རླུང་ཁུག་པ་བདུན་གྱི་རིང་ལ་ཨ་ཤད་ལ་རླུང་དགང་བ་ལྟར་སི་རི་རི་བུས་པ་ལས་མེ་ལྕེ་ཁབ་ཙམ་ཞིག་དམར་ཉུག་ཉུག་ཏུ་འབར་བར་བསམས་ཤིང་ཤེས་པ་གཏད༔ དེ་ནས་མེ་ལྕེ་མར་མེ་སོར་གཉིས་པ་ཙམ་དུ་འབར་བར་བསམས་ཤིང་སྦྱང་༔ རྒྱུན་གྱི་ཉམས་ལེན་འདི་ཁོ་ན་གཙོ་བོར་འདོན༔ དགོང་མོ་དབང་གི་དུས་སམ་ཐོར་ཁ་རྒྱས་པའི་དུས་སམ༔ ཡང་ན་བདེ་དྲོད་ཀྱི་ཡོན་ཏན་ལ་བོགས་འདོན་དགོས་པའི་དུས་སུ༔ གཏུམ་མོ་ཙཎྜ་ལི་ཨ་ཐུང་གི་མེ་དེ་རླུང་ཁུག་པ་བདུན་ཕྲག་རེའམ་བདུན་གཉིས་སམ་བདུན་གསུམ་སོགས་སྐབས་སུ་གང་མཚམས་གྱི༔ རྩ་འཁོར་ལོ་རེ་རེ་བཞིན་ལ་མེ་དམིགས་གཏད་པའམ༔ དུས་གཅིག་སོགས་གང་འོས་ཀྱིས་མེ་དམིགས་སྤར་ཏེ༔ སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་མན་ཆད་ཀྱི་རྩ་འཁོར་ཐམས་ཅད་དམར་འུར་འུར་ཚྭ་ཆིལ་ཆིལ་དུ་ཡོད་པར་བསམས་ཤིང་སྦྱངས་པས་གཏུམ་པོ་ཨ་ཐུང་གི་མེ་དྲོད་ཡོངས་སུ་འབར་བར་ཐེ་ཚོམ་མེད་དོ༔ འདི་དུས་ལུས་པོ་ལས་རྔུལ་འཛག་ན་མི་སྐྱོད་པས་ཁྲུས་བྱ་མེ་དམིགས་ཆུང་དུ་བཏང་བར་བྱའོ༔ བདེ་བ་གཙོ་བོར་འདོན་ན༔ གཏུམ་མོ་འབར་བས་སྤྱི་བོའི་ཧཾ་དཀར་པོ་ལས༔ ཆབ་ཕྲོམ་མེའི་འོད་ལ་ཞུ་ནས་ཐིགས་པ་ལྷུང་བ་ལྟར་བྱང་ཆུབ་སེམས་ཀྱི་ཐིགས་པ་བཅུ་དྲུག་བབས༔ ཐིགས་པ་བཞིས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཐམས་ཅད་མེར་མེར་ཤིགས་ཤིགས་སུ་གང་༔ དེ་བཞིན་དུ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་ཡང་བཞི་བཞི་རིམ་གྱིས་དགྲམ་ཞིང་༔ རླུང་ཁུག་ཅི་མང་གི་ངང་ནས་འབར་འཛག་ཡུན་རིང་དུ་རྩ་འཁོར་རེ་རེ་བཞིན་འབྲོས་འདེད་བྱ༔ བདེ་བ་ལ་ངོས་འཛིན༔ གསལ་བ་ལ་ཐག་གཅོད༔ མི་རྟོག་པ་ལ་ལ་ཟླ་ཞིང་༔ དགའ་བཞིའི་ཡེ་ཤེས་རེ་རེ་བཞིན་ངོས་འཛིན་ཏེ༔ སླར་ཡང་མས་འབེབས་ལྟར་ཡར་བཟློག་སྟེ་ཡང་རིམ་བཞིན་དགའ་བཞིའི་རང་ཞལ་ལྟ༔ མཐར་བདེ་བའི་རྒྱུན་ཐམས་ཅད་ཧཾ་ཡིག་ལ་བསྡུ༔ མེ་དམིགས་ཨ་ཤད་ལ་བསྡུ༔ ལར་རྒྱུན་ཏུ་ལྟེ་བར་མེ་སོར་བརྒྱད་ཙམ་རེ་འབར་བར་བསམ་ཞིང་༔ སྤྱི་བོའི་ཧཾ་ལས་ཐིག་ལེ་དངུལ་ཆུའི་མདོག་ལྟར་འཚེར་བ་ཡུངས་འབྲུ་ཙམ་ཞིག་ཧྲིལ་གྱི་བྱུང་ནས་གཏུམ་མོ་དང་འདྲེས་པས་བདེ་དྲོད་ཆེས་ཆེར་འབར་ཞིང་༔ ཧཾ་ཡིག་ལ་བྱང་ཆུབ་ཀྱི་རྒྱུན་བ་དག་ཙམ་མམ་རྟ་རྔ་ཙམ་གྱི་འདུ་འཕྲོའི་འབར་འཛག་ལ་བདེ་སྟོང་དབྱེར་མེད་དུ་སེམས་བཟུང་བ་ནི་ཡང་ཟབ་ཀྱི་སྙིང་པོ་ཡིན་ཞིང་༔ བདེ་དྲོད་ཀྱི་བོགས་འདོན་ནི་གོང་ལྟར་དུ་སྐབས་སྐབས་གནད་དུ་བསྣུན་པར་བྱའོ༔ ལར་དྲོད་མ་སྐྱེས་ན་མེ་དམིགས་གོང་དུ་བསྟན་པ་དེ་མ་གསལ་ཞིང་ལས་སུ་མ་རུང་བ་ཡིན་པས༔ མེ་དམིགས་ཁོ་ན་གཙོ་བོར་འདོན༔ དྲོད་གང་ཆུང་བའི་སར་གཏུམ་མོ་སྦར༔ ལག་མཐིལ་གྱིས་མཉེ༔ འཁྲུལ་འཁོར་ཡང་མེ་ཐབ་དྲུག་ཆིངས་ཁོ་ན་བྱ༔ ལར་ནི་སེམས་མི་རྟོག་པར་ཟིན་པ་ཙམ་གྱིས་རླུང་རང་བྱུང་དུ་ཟིན༔ རླུང་ཅིག་ཙུག་ཟིན་པ་ཙམ་གྱིས་དྲོད་འབར་བ་བཞིན་ཡོང་བ་ཡིན་པས༔ བདེ་སྟོང་གི་དམིགས་པ་ལས་མ་ཡེངས་པ་ཁོ་ན་ཁག་ཆེའོ༔ བདེ་བ་གོང་ལྟར་བསྒོམས་པས་ཀྱང་ཆེར་རྒྱུད་ལ་མ་སྐྱེས་ན༔ སྤྱི་བོའི་ཧཾ་ལས་ཧཱུྃ་དཀར་པོ་ཞིག་བྱུང་༔ དབུ་མའི་མར་སྣ་དང་རྩ་གསུམ་དབྱེར་མེད་དུ་ཟང་ཐལ་ལེར་རྡོ་རྗེ་དང་གཉིས་སུ་མེད་པར་བསམ་ཞིང་༔ བུག་ག་ཕཊ་སེར་པོས་བཀག་པར་བསྒོམས་ཏེ༔ འོག་རླུང་འཐེན་འཕུལ་འགའ་རེ་བྱས་པས་བདེ་བ་མི་བཟོད་པར་སྐྱེའོ༔ བདེ་བ་ཤིན་ཏུ་རྒྱས་ནས་འཆོར་ལ་ཉེ་ན་ཧཱུྃ་དེ་སྤྱི་གཙུག་ཏུ་རྒྱངས་ཀྱིས་སོང་ནས་ཧཾ་ལ་ཐིམ་པར་བསམས༔ དབུ་མ་ཡང་སྔར་ལྟར་ལྟེ་འོག་སོར་བཞིར་འདུས་པ་བསྒོམས༔ ཁ་ནས་ཀྱང་ཧཱུྃ་ཧཱུྃ་ཞེས་སྒྲ་ཆུང་ངུས་སྒྲོག་ཅིང་རླུང་ཁོང་འདྲེན་འགའ་རེ་བྱའོ༔ ལར་བདེ་བ་འདི་ཕེབས་སྔ་བ་དང་གྲངས་མང་ན་ཐིག་ལེའི་གེགས་འབྱུང་བས༔ ཉུང་ངུར་བྱ་ཞིང་གལ་སྲིད་གྲངས་མང་དུ་སྦྱངས་ནའང་མཇུག་ཏུ་འོག་ནས་འབྱུང་བ་བཞིན་འཁྲུལ་འཁོར་ལ་འབད་ཅིང་བརྩོན་པར་བྱའོ༔ གཉིས་པ་དམིགས་མེད་ཀྱི་རིམ་པ་ནི༔ དམིགས་བཅས་ཀྱི་གཏུམ་མོའི་རླུང་སྦྱོར་དེ་ལྟར་བརྩམས་པའི་མཇུག་ཏུ༔ རྩ་དང་རླུང་དང་ལུས་སོགས་ཀྱི་དམིགས་པ་རྣམས་ནི་ལྟ་ཞོག༔ གང་ཡང་ཡིད་ལ་མི་བྱེད་དོ་སྙམ་པའི་འདུ་ཤེས་ཙམ་ཡང་ཡོངས་སུ་ཕྲལ་ཏེ༔ སྣང་སྟོང་གཉིས་མེད་རིག་པ་སྐད་ཅིག་མའི་ཆོས་ཉིད་ཀྱི་ངང་ནས་རླུང་དལ་བུས་བརྔུབ་ཅིང་ནེམ་པར་མནན་ནས༔ མ་བཅོས་པ་མཉམ་པ་ཉིད་ཀྱི་ངང་ལ་ལྷན་གྱིས་གཞག་ཅིང་རླུང་ཡུན་རིང་དུ་བཟུང་བར་བྱའོ༔ འདི་ནི་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རླུང་ཞེས་ཀྱང་བྱ༔ དགའ་བ་བཞིའི་ནང་ནས་ཀྱང་མཐར་ཕྱིན་པའི་དགའ་བ༔ ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ཞེས་ཀྱང་བྱ༔ རླུང་ཉིད་ཀྱི་ངོ་བོའི་དབང་དུ་བྱས་ན༔ རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་སོགས་དབྱེར་མེད་ཅིང་གཉིས་སུ་མེད་པ༔ མཐའ་བྲལ་དབུ་མ་ཆེན་པོའི་རླུང་ཞེས་ཀྱང་བྱ་སྟེ༔ ལམ་ཕྱག་རྒྱ་ཆེན་པོའི་གནས་ལུགས་ཀྱི་རྟོག་པ་ཡང་དག་པའི་ངང་ནས༔ སྲོག་རྩོལ་གྱི་ངོ་བོ་སྟོང་པ་ཉིད་དང་ཡེ་ཤེས་གཉིས་སུ་མེད་པའི་གདམས་པ་འདིས་གཟེར་བཏབ་སྟེ༔ བདེ་དྲོད་རྣམས་ཀྱིས་སྐབས་སྐབས་སུ་བོགས་ཅུང་ཟད་རེ་འདོན་ཞིང་ཉམས་སུ་བླངས་ན༔ ཟག་བཅས་དང་ཟག་མེད་ཀྱི་ཚོགས་ཐམས་ཅད་སྐད་ཅིག་མའི་རླུང་རིག་ཡོངས་སུ་སྟོང་པ་ཆེན་པོ་དེའི་དབྱིངས་སུ་རང་དངས་ནས༔ རྩ་དབུ་མ་ཆོས་དབྱིངས་སྤྲོས་བྲལ་གྱི་ཞིང་ཁམས་སུ༔ རླུང་རིག་བྱང་ཆུབ་དམ་པ་མཆོག་གི་རྡོ་རྗེ་རྩོལ་མེད་དུ་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ བརྩོན་འགྲུས་རབ་བདུན་དྲུག༔ འབྲིང་ཟླ་བ་དྲུག༔ ཐ་ནའང་ལོ་དྲུག་གིས་ཟག་མེད་དུ་གྲོལ་ལོ༔ རྫུ་འཕྲུལ་དང་མངོན་ཤེས་ཀྱང་པདྨ་ང་དང་མཉམ་མོ༔ ཡོན་ཏན་གྱི་ཚོགས་ནི་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འཐོབ་པར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་རླུང་ལས་སུ་རུང་བ་འཁྲུལ་འཁོར་གྱི་རིམ་པ་སྟེ༔ ལུས་གནད་དྲང་དུ་བསྲང་ཞིང་རླུང་གནད་ཤིན་ཏུ་དགང་སྟེ༔ རྐེད་པ་གཡས་གཡོན་དུ་གསུམ་གསུམ་བསྐོར་ནས་ལྟེ་བའི་རྩ་མདུད་གྲོལ་བར་བྱེད་དོ༔ རོ་སྟོད་དེ་བཞིན་དུ་གཅུས་པས་སྙིང་གའི་རྩ་མདུད་རྣམས་གྲོལ་ལོ༔ མགྲིན་པ་བསྐོར་ཞིང་དགྱེ་སྒུས་མགྲིན་པའི་རྩ་མདུད་གྲོལ་བར་བྱེད་དོ༔ མགོ་བོ་མཉེ་བསྲུབ་འཕུར་བས་དུང་ཁང་གི་རྩ་མདུད་རྣམས་གྲོལ་ལོ༔ རྐང་ལག་བརྐྱང་བསྐུམ་འཕུར་བས་རྩ་བྲན་ཐམས་ཅད་མདུད་པ་འགྲོལ༔ རླུང་རོ་ཧ་གསུམ་སྤྲུག་ཅིང་གསིགས་པས་རླུང་གི་ཉེས་སྐྱོན་ཐམས་ཅད་གྲོལ་བར་འགྱུར་རོ༔ འབེབས་ཆུང་གསུམ་གྱི་འཕྲུལ་འཁོར་བྱས་པས་དངས་མ་ཀྲེམས་དང་འགྲེམས་སུ༔ ཁྲེམས་པར་འགྱུར་རོ༔ རྒྱུད་ལས༔ རྡོ་རྗེ་ལུས་ཀྱི་ཕུང་པོ་ལ༔ སྟོང་ཕྲག་བརྒྱད་ཅུའི་རྩ་གནས་པས༔ རླུང་དང་རིག་པ་བྱང་ཆུབ་སེམས༔ དཀར་དམར་བདེ་སྟོང་འབར་འཛག་སྦྱང་༔ ལུས་གནད་ངང་ནས་སྟེང་རླུང་བཟུང་༔ འོག་རླུང་བསྡམས་ཤིང་མཉེ་བསྲུབ་འཕུར༔ བརྩོན་འགྲུས་བསྐྱེད་དེ་ཉམས་བླངས་པས༔ ལས་རླུང་མི་རྟོག་དབྱིངས་སུ་ཐིམ༔ དབུ་མར་རླུང་དངས་མངོན་འཚང་རྒྱ༔ ཅེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་༔ ལྕགས་སྤྲེལ་ཧོར་ཟླ་དྲུག་པར་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།

སྦྱིན་སྲེག་ལས་བཞི་ལྷུན་གྲུབ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ སྦྱིན་སྲེག་ལས་བཞི་ལྷུན་གྲུབ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་རྣལ་འབྱོར་པས༔ འཕྲིན་ལས་ཀུན་གྱི་ཁ་སྐོང་དུ༔ མེ་ཡི་ལས་སྦྱོར་སྦྱིན་སྲེག་འདི༔ ཚུལ་བཞིན་སྤྱོད་ཅིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྦྱིན་སྲེག་གི་ཆོ་ག་འཕྲིན་ལས་ལྷུན་གྲུབ་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི་བཅུ་སྟེ༔ ས་ཆོག༔ ད་ལ༔ཕྱོགས་དང་༔ དུས་དང་༔ རྫས༔ མེ་བླང་བ༔ ཁ་བསྒྱུར༔ དགང་བླུགས༔ མཚམས་གཅོད༔ མེ་སྦར་བའོ༔ དང་པོ་ས་ཆོག་ནི༔ སྐབས་སུ་གང་བབས་ཀྱི་གནས་སུ་ལས་བཞི་སོ་སོ་ལྟར་གྱི་རིགས་དང་མཐུན་པར་དཔྱད་ཅིང་སྒྲུབ་ཆེན་ལྟར་ས་ཆོག་བྱས་ཏེ་བླངས༔ བསྡུས་པར་བྱེད་ན་ཡི་གེ་བརྒྱ་པ་དང་ཡི་གེ་དྲུག་མའི་སྔགས་བརྗོད་ཅིང་ཆུ་འཐོར༔ ས་བདག་འཁོར་ཚུལ་ལྟར་ལྟོ་བ་ནས་ས་བླངས་ཤིང་༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་སྭཱ་ཧཱ༔ བྷྲཱུྃ་ཏྲཾ་ཧྲཱིཿཨཱ༔ ཅེས་བརྗོད་ཅིང་བྱིན་གྱིས་བརླབ་བོ༔ དགོན་གནས་ཡུལ་གྲོང་སོགས་སྔར་ནས་དུལ་བའི་རིགས་ལ་མི་དགོས་སོ༔ གཉིས་པ་ད་ལ་ནི་གནས་ཁང་དང་བསྟུན་པའམ་ཁྲུ་གང་པ་གྲུ་བཞིར་བྱས་པ་ལ་དཔངས་སུ་ཁྲུ་གང་པའམ་ཁྲུ་ཕྱེད་པ༔ ལས་བཞི་གང་འདོད་ལྟར་ཁ་དོག་བསྒྱུར་ཞིང་༔ ཞི་བ་ལ་ཟླུམ་པོ༔ རྒྱས་པ་ལ་གྲུ་བཞི༔ དབང་ལ་ཟླ་གམ༔ དྲག་པོ་ལ་ཆོས་འབྱུང་ཟུར་གསུམ་པ་སྟེ༔ ཁ་ཁྱེར་ལ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་བཞི་པོས་ལས་གཞུང་ལྟར་བསྒྱུར༔ ལྟེ་བའི་པདྨ་ཕྱི་ནང་ལྷ་གྲངས་དང་མཉམ་པར་འབྲི༔ ལྷའི་སྐུ་མདོག་ལྟར་ཚོན་གྱིས་བསྒྱུར༔ གསུམ་པ་ཕྱོགས་ནི་ཞི་བ་ཁ་ཤར་དུ་བལྟ༔ དེ་བཞིན་རྒྱས་པ་ལྷོ་དབང་ནུབ་དྲག་པོ་བྱང་དུ་བལྟའོ༔ བཞི་པ་དུས་ནི༔ ལོ་ཟླ་ཤིང་གི་ཁམས་ལ་ཞི་བ༔ ས་ཁམས་ལ་རྒྱས་པ༔ མེ་ཁམས་ལ་དབང་༔ ལྕགས་ཁམས་ལ་དྲག་པོ༔ དེ་བཞིན་སྔ་དྲོ་ཞི་བ༔ ཉིན་དགུང་རྒྱས་པ༔ དགོང་མོ་དབང་༔ སྲོད་དང་ནམ་ལ་དྲག་པོ༔ ཚེས་ནི་ཡར་ངོ་ལ་ཞི་བ༔ མར་ངོ་ལ་དྲག་པོ༔ མཚམས་ལ་དབང་༔ དུས་ཆེན་ལ་རྒྱས་པ༔ གཟའ་སྐར་ཡང་བཀྲ་ཤིས་པའི་ཉི་ཁྱིམ་དུ་ཞི་བ༔ འགྲུབ་སྦྱོར་ལ་དབང་༔ གཡང་སྐར་ལ་རྒྱས་པ༔ འཕུང་གསུམ་ལ་དྲག་པོའོ༔ ལྔ་པ་རྫས་ནི༔ ཞི་བ་ལ་དཀར་པོ༔ དབང་ལ་དམར་པོ༔ རྒྱས་པ་ལ་སེར་པོ༔ དྲག་པོ་ལ་ཚེར་མ་ཅན༔ བུད་ཤིང་ཟླུམ་པོ་དང་གྲུ་བཞི་ཟླ་གམ་གྲུ་གསུམ་དུ་བརྩེག་ཅིང་སྲིད་དང་དཔངས་སོགས་དལ་དང་མཐུན་པར་བྱ༔ ཡམ་ཤིང་ལ་ཡང་༔ ཞི་བ་ལ་མར་ཁུ༔ རྒྱས་པ་ལ་འབྲུ་མར༔ དབང་ལ་བུ་རམ༔ དྲག་པོ་ལ་དུག་ཁྲག་སོགས་ཀྱིས་ངར་བླུད་ཅིང་༔ སྲེག་རྫས་ཀྱང་དཀར་པོའི་རིགས་ཀྱི་རིན་ཆེན་དར་གོས་འབྲུ་སྨན་མེ་ཏོག་ཐམས་ཅད་ཞི་བ༔ དེ་བཞིན་སེར་པོ་ཐམས་ཅད་རྒྱས་པ༔ དམར་པོ་ཐམས་ཅད་དབང་༔ ནག་པོ་དང་ཤ་ཁྲག་ལིངྒ་སོགས་དྲག་པོའོ༔ དེ་ཡང་གཡས་སུ་སྲེག་རྫས་རྣམས་གཡོན་དུ་མཆོད་རྫས་བསང་ཆུ༔ དབུས་སམ་རང་གི་མདུན་དུ་དགང་གཟར་བླུགས་ཁ་སྦྱར་ཏེ་མ་བྲལ་བར་བཞག་པར་བྱའོ༔ དྲུག་པ་མེ་ནི༔ ཞི་བ་རྒྱལ་རིགས་ཀྱི་ཁྱིམ་ནས་བླངས༔ རྒྱས་པ་བྲམ་ཟེ༔ དབང་རྗེའུ་རིགས༔ དྲག་པོ་གདོལ་པ་ནས་སོ༔ བདུན་པ་ཁ་བསྒྱུར་བ་ནི༔ ཞི་བ་ལ་ནད་གདོན་ཐམས་ཅད་ཞི་བར་བསམས་ཤིང་༔ ཤཱིནྟང་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ་ཚེ་བསོད་ཐམས་ཅད་རྒྱས་པར་བསམས་ཤིང་༔ པུཥྟིང་ཀུ་རུ་སྭཱ་ཧཱ༔ དབང་ལ་དམིགས་བྱ་ཐམས་ཅད་དབང་དུ་འདུས་པར་བསམས་ཤིང་༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ་དགྲ་བགེགས་ཐམས་ཅད་བརླག་པར་བསམས་ཤིང་༔ མཱ་ར་ཡ་ཕཊ༔ མི་ཚིག་གིས་བར་དུ་མ་ཆོད་པར་འཕྲིན་ལས་རྒྱ་ཆེ་ཆུང་དང་བསྟུན་ཏེ་བཟླ་བར་བྱའོ༔ བརྒྱད་པ་དགང་གཟར་གྱི་མཚན་ཉིད་བཤད༔ དགུ་པ་མེ་མཚམས་གཅོད་པ་ནི༔ རོལ་མོ་འཁྲོལ་ཏེ་འཛབ་དབྱངས་གར་དུ་འཁྲབ་ཅིང་༔ མེ་ཐབ་ལ་ལན་གསུམ་བསྐོར་བ་བྱ༔ སྔགས་ཀྱིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་དབུས་སུ་ཧྲཱིཿའམ་ཧཱུྃ་དེ་ལ་རཾ་གྱིས་མཚན་པ་ལས་འཕྲིན་ལས་བཞི་པོ་གང་ཡིན་གྱི་མེ་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བརླགས༔ ཚུར་འདུས་ཕྱོགས་མཚམས་ཐམས་ཅད་མེ་རིའི་གུར་དུ་གྱུར་པར་བསམས་ཤིང་༔ ཧཱུྃ༔ བསྐལ་པའི་མེ་ཆེན་འབར་བའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གནོད་བྱེད་འབྱུང་པོ་བར་དུ་གཅོད་པའི་བགེགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་འདག་འབར་བའི་སྦྲང་བུ་བཞིན་དུ་སྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ཨཱགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཨཱོཾ་སུམ་བྷ་ནི་སོགས་བརྗོད་དོ༔ བཅུ་པ་མེ་སྦར་བ་ནི༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྤར་མས༔ དྲི་ཟའི་ལག་ནས་མེ་ལོང་ལ༔ ཞི་བའི་མེ་ནི་སྤར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབས་ཤིག༔ ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཅེས་བརྗོད་ཅིང་མེ་སྤར༔ རྒྱས་པ་དང་དབང་དྲག་པོ་གསུམ་ལའང་དེ་བཞིན་དུ་ཕྱོགས་བཞིའི་ལྷ་མོ་སྐུ་མདོག་ལས་བཞི་སྤྱི་འགྲོས་ལྟར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་བཅུ་སྟེ༔ སྤྱན་འདྲེན་པ༔ བཞུགས་སུ་གསོལ་བ༔ ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ ཡམ་ཤིང་འབུལ་བ༔ སྲེག་རྫས་འབུལ་བ༔ བསྟོད་པས་བསྟོད་པ༔ ཕྲིན་ལས་བཅོལ་བའོ༔ དང་པོ་མེ་ལྷ་བསྐྱེད་པ་ནི༔ སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ནས་རཾ་དཀར་པོ་འོད་དུ་ཞུ་བ་ལས༔ མེ་ཐབ་གཞལ་ཡས་ཀྱི་ཁང་པ་དཀར་ཞིང་འཚེར་བ༔ ཁ་ཁྱེར་ཕྱིར་ཕྱོགས་པའི་སྟེང་དུ་རྡོ་རྗེའི་ཕྲེང་བས་མཚན་པའི་དབུས་སུ་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན༔ ཞལ་གཅིག་ཕྱག་གཉིས་པ་གཡས་བགྲང་ཕྲེང་གཡོན་ན་མེ་ཐབ་བསྣམས་པ༔ འཁོར་དུ་དྲང་སྲོང་མང་པོས་བསྐོར་ཞིང་པདྨ་དང་ཟླ་བའི་གདན་ལ་གནས་པའི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཾ༔ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་༔ བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བར་བསམ་ཞིང་སྤྱན་འདྲེན་པར་བྱའོ༔ མེ་ཐབ་དང་དྲང་སྲོང་མེ་ལྷའི་སྐུ་མདོག་ལས་བཞི་ཆར་ལ་རང་མཐུན་ལྟར་སྦྱར་ཤེས་པར་བྱའོ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཤར་ལྷོ་མཚམས་ཀྱི་གཞལ་ཡས་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ བསྐྱེད་པའི་གནས་འདིར་གཤེགས་སུ་གསོལ༔ ཨཱོཾ་ཨགྣེ་ཡེ་བཛྲ་ས་མ་ཡ་ཛཿཛ༔ ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ འབར་བ་མེ་ཡི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་བཛྲ་ས་མ་ཡཱ༔ ཨ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣི་དྷེ་ཝ་ཨ་ལ་ལ་ཨ་ཏི་པཱུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་གདུང་བའི་དབྱངས༔ ཕྱི་མཆོད་འདོད་ཡོན་ལོངས་སྤྱོད་ཚོགས༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷན་དྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་མེ་གྷ་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ རཀྟ་དམར་གྱི་ཡོན་ཆབ་དང་༔ དབང་པོ་རྣམ་ལྔའི་མེ་ཏོག་ཚོགས༔ ཤ་ཆེན་རྣམ་ལྔའི་བདུག་སྤོས་དང་༔ ཞུན་ཆེན་སྣང་གསལ་མར་མེ་མཆོག༔ བདུད་རྩི་ལྔ་ལྡན་བྱུག་པ་དང་༔ རྣམ་དག་མཆོག་གི་ཞལ་ཟས་སོགས༔ བླ་མེད་ནང་གི་མཆོད་པ་འདི༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣེ་ཡེ་ཛྙ་ན་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲི་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བྷ་ལིང་རྒྱན་ལྡན་གཏོར་མའི་ཚོགས༔ གྷ་ན་ཙཀྲ་ལོངས་སྤྱོད་རྫས༔ བླ་མེད་གསང་བའི་མཆོད་པ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨཱགྣཱེ་ཡེ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསང་སྔགས་ཕྱི་པའི་ལྷ་བསྐྱེད་རྒྱུ་ཡིན་ན་ནང་མཆོད་དང་གསང་མཆོད་སྨན་གཏོར་རཀྟ་སོགས་འབུལ་མི་དགོས༔ འབྲོག་འབྲང་འབུལ་བ་ནི༔ ཧཱུྃ༔ གསུར་ཆེན་དང་ནི་ཤ་ཆེན་དྲི༔ སྐྱེ་བའི་རྒྱུ་ལས་བྱུང་བ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ སརྦ་ཤ་ཏྲུམ་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཡམ་ཤིང་འབུལ་བ་ནི༔ ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས༔ གཉིས་སུ་མེད་པར་འབུལ་ལགས་ན༔ བཞེས་ནས་ནད་གདོན་བར་ཆད་ཚོགས༔ ཞི་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་དྷེ་ཝ་ཨ་སྱ༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་འབུལ་བ་ནི༔ ལག་གཡོན་གན་རྐྱལ་རྡོ་རྗེ་ཁུ་ཚུར་གྱིས་དགང་གཟར་བཟུང་ནས༔ གཡས་བླུགས་གཟར་གྱིས་ཞུན་མར་གྱི་ཁུ་བ་དགང་གཟར་ནང་དུ་ལན་བདུན་བླུགས་པ་དང་༔ དགང་གཟར་བླུགས་ཁ་སྦྱར་ཏེ་མེ་ཐབ་དྲུང་དུ་ཁྱེར་ནས༔ མེ་ལྷའི་ཞལ་དུ་རཾ་དང་དགང་བླུགས་ཁར་ཡི་དམ་ས་བོན་སྦྱར་ཏེ༔ པུས་མོའི་ནང་ནས་གཡས་སུ་བསྐོར་ཏེ་ཐབ་ཏུ་འབུལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ཨ་སྱ༔ ཧ་ན་ཡེ་སྭཱ་ཧཱ༔ ཡམ་ཤིང་གི་སྔགས་སོ༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱ༔ མར་ཁུའོ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཏིལ་ལའོ༔ ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ ཡུངས་ཀར་ལའོ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ ཟས་སྣ་ཐམས་ཅད་ལའོ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དཱུརྦ་ལའོ༔ ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ འབྲས་ལའོ༔ ཨཱོཾ་བཛྲ་བྷི་ཡ་སྭཱ་ཧཱ༔ སོ་བ་ལའོ༔ ཨཱོཾ་བཛྲ་བིདྱ་སྭཱ་ཧཱ༔ ནས་ལའོ༔ ཨཱོཾ་བཛྲ་མ་ཧཱ་བ་ལ་སྭཱ་ཧཱ༔ སྲན་མ་ལའོ༔ ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ གྲོ་ལའོ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ༔ ཀུ་ཤ་ལའོ༔ ཨཱོཾ་ཨཱཿསྭཱ་ཧཱ༔ ཕྲུམ་ལའོ༔ ཨཱོཾ་ཛྲིཾ་སྭཱ་ཧཱ༔ འབྲུ་སྣ་ཐམས་ཅད་ལའོ༔ ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ༔ ཤིང་ཏོག་ལའོ༔ ཨཱོཾ་བཛྲ་ཝ སྟྲ་ཡེ་སྭཱ་ཧཱ༔ དར་སྣ་ཐམས་ཅད་ལའོ༔ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལའོ༔ ཚིགས་བཅད་ཀྱིས་འབུལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ནད་གདོན་སྡིག་སྒྲིབ་བར་གཅོད་བགེགས༔ ཞི་བའི་འཕྲིན་ལས་མཛད་དུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་སོགས་ནས་ཕྱི་ནང་གི་མཆོད་པ་རྣམས་དབུལ་བར་བྱའོ༔ བསྡུས་པར་བྱེད་ན་ཚིགས་བཅད་འདིའི་མཇུག་ཏུ་མཆོད་པ་གོང་མ་རྣམས་ཕུལ་ཀྱང་རུང་ངོ་༔ བསྟོད་པས་བསྟོད་པ་ནི༔ ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཕྲིན་ལས་ཐམས་ཅད་བསྒྲུབ་པའི་ལྷ༔ རིག་སྔགས་དྲང་སྲོང་གྲུབ་པའི་ཚུལ༔ འོད་འབར་བསྐལ་མེའི་ཕྲེང་བ་ཅན༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ཐབས་ཀྱི་ཐེག་པ་ར་ལ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་༔ ཚངས་སྐུད་དྲིན་མེད་ཅོད་པན་སྤྲས༔ མཉམ་མེད་ཐུགས་རྗེ་ཆེར་མངའ་བ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ༔ འཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་གཟི་བརྗིད་འཆང་བའི་གར༔ འབར་བའི་ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ དམ་རྫས་འབར་བ་མེ་མཆོད་འདི་འབུལ་བས༔ ཞི་བའི་འཕྲིན་ལས་བསྒྲུབ་པའི་དུས་ལ་བབས༔ ཅེས་བྱའོ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་ལ་དྲུག་སྟེ༔ དངོས་གྲུབ་བླང་བ༔ བཟོད་གསོལ༔ སྨོན་ལམ༔ གཤེགས་གསོལ༔ བསྔོ་བ༔ མེ་པྲ་བརྟག་པའོ༔ དེ་ནས་ཟས་སྣ་འདོད་ཡོན་སྣ་ཚོགས་བཏེགས་ཏེ༔ ཧཱུྃ༔ ཆོས་དབྱིངས་ནམ་མཁའ་ཡངས་པའི་ཀློང་རུམ་ནས༔ འཕགས་མཆོག་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ལྷ༔ བླ་མ་ཡི་དམ་དྲང་སྲོང་མེ་ལྷའི་ཚོགས༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ འཕྲིན་ལས་རྣམ་པ་བཞི་ཡི་དངོས་གྲུབ་སྩོལ༔ འོད་དཔག་མེད་མགོན་བཀའ་བརྒྱུད་བླ་མའི་ཚོགས༔ སྤྲོས་བྲལ་ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ༔ འཕགས་པ་སྤྱན་རས་གཟིགས་དབང་ལོངས་སྐུའི་ཚོགས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཡེ་ཤེས་མེ་ལྷ་འཕྲིན་ལས་ཀུན་གྱི་བདག༔ ནད་གདོན་ཞི་བའི་དངོས་གྲུབ་སྩལ་དུ་གསོལ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ མྱུར་བ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གྷུ་རུ་དྷེ་ཝ་དྷཱཀྐི་ནི་མ་མ་སརྦ་སིདྡྷི་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ བཟོད་པར་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་མེ་ལྷ་དྲང་སྲོང་བདག་ལ་དགོངས༔ བདག་གི་ཕྲིན་ལས་མེ་མཆོད་ཆོ་ག་འདི༔ ཚུལ་བཞིན་བགྱིད་པར་སེམས་ཀྱང་ནོར་དང་འཁྲུལ༔ ལྷག་གམ་ཆད་དམ་སྒྲ་ཉམས་རྫས་མ་འཛོམ༔ ཏིང་འཛིན་ཀློང་དུ་མ་གྱུར་ཉེས་བྱས་ཚོགས༔ ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ སྨོན་ལམ་ནི༔ ཧོ༔ འཕྲིན་ལས་མེ་ཡི་ཏིང་འཛིན་སྒོམ་སྒྲུབ་མཐུས༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ ལས་བཞིའི་ཕྲིན་ལས་གང་བརྩམས་ལྷུན་གྲུབ་ནས༔ མ་འབད་བཞིན་དུ་མཆོག་ཐུན་ཡོངས་གྲུབ་སྟེ༔ དངོས་གྲུབ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག༔ སྐབས་འདི་ནས་ཞི་རྒྱས་གཉིས་ལ་མེ་ལྷའི་ལྟོ་བ་རྒྱ་ཆེ་ཞིང་རབ་ཏུ་ཡངས་པའི་ནང་དུ་ལྷ་ཚོགས་བསྐྱེད༔ དབང་དང་དྲག་པོ་གཉིས་ལ་མེ་ལྷ་མེ་དཔུང་གི་རྣམ་པར་རབ་ཏུ་འབར་བའི་ཀློང་དུ་ལྷ་ཚོགས་བསྐྱེད་དེ༔ མེ་ཐབ་ཏུ་རྡོ་རྗེའི་ཆུས་བསང་ཞིང་༔ ཨཱོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ ལས་གཞུང་བསྲང་ཞིང་ལྷ་ཚོགས་གསལ་བར་བསྐྱེད་དེ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་གྱི་རིམ་པ་རྣམས་གོང་དུ་མེ་ལྷ་ལ་འབུལ་བ་ལྟར་ལས་ཡི་དམ་འདི་ཞེས་བྱ་བ་ལ་འབུལ་དང་༔ རྩ་སྔགས་ཀྱི་ཤམ་བུ་ལ་ལས་སྔགས་གདགས་ཤིང་དབུལ༔ ལས་བཞི་གང་ཡིན་གྱི་འདོད་དོན་ལ་གསོལ་བ་གདབ༔ ཞི་བ་ལ་ཏིལ་དང་ཡུངས་ཀར་གཙོ་བོར་འབུལ༔ རྒྱས་པ་ལ་ཟས་མཆོག༔ དབང་བ་མེ་ཏོག་དམར་ཆས༔ དྲག་པོ་ལ་ལིངྒ༔ གཞུང་གང་ཡིན་དང་མཐུན་པའི་གཏོར་མཆོད་སོགས་རང་སྐབས་ལྟར་བྱའོ༔ རྗེས་སུ་མེ་ལྷ་དང་ཡི་དམ་ལྷ་ཚོགས་ལ་གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་སྐབས་དང་མཐུན་པ་ཞིག་བྱའོ༔ དེ་ནས་གཤེགས་གསོལ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ འབར་བའི་འཕྲིན་ལས་བསྒྲུབ་མཛད་པ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ སླར་ཡང་རྗེས་མཐུན་དངོས་གྲུབ་སྩོལ༔ ཨཱོཾ་ཨགྣི་དྷེ་ཝ་ཡེ་བཛྲ་མུ༔ དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི༔ ཧཱུྃ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ སྦྱིན་སྲེག་མཆོད་བསྟོད་ཕུལ་བའི་མཐུས༔ ཐུགས་དམ་གཉེན་པོ་སྐོངས་གྱུར་ཅིག༔ འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ༔ རྩ་གསུམ་ལྷ་ཚོགས་གོ་འཕང་འཐོབ་པར་ཤོག༔ ཅེས་དང་སྨོན་ལམ་གང་མང་བཏབ༔ མེ་པྲ་བརྟག་པ་ནི༔ ཞི་བའི་མེ་ནི་དལ་ལ་ཁ་དོག་དཀར་ཞིང་འབར་ན་བཟང་༔ རྒྱས་པའི་མེ་ནི་སེར་ལ་འཚུབ་ཅིང་འབར་ན་བཟང་༔ དབང་གི་མེ་ནི་དམར་ལ་ལྕགས་ཀྱུ་ལྟར་རང་ལ་འཁོར་ཞིང་འབར་ན་བཟང་༔ དྲག་པོའི་མེ་ནི་འཚུབ་ཅིང་འཁྲུག་སྟེ་དུད་འཁྱིལ་འཚེག་ཅིང་འབར་ན་བཟང་༔ དེ་རྣམས་ལས་གཡེལ་བར་འབར་ན་ངན་པས་སླར་ཡང་བསྐྱར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞི་བའི་ཐལ་བ་རླུང་ལ་འཕྱར༔ རྒྱས་པ་རི་བོ་བཟང་པོར་བསྐྱལ༔ དབང་ཆུ་ལ་ཕོ༔ དྲག་པོ་ལིངྒ་དང་མཉམ་དུ་མནན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་སྤྱན་དྲངས་ཤིང་༔ ཁམས་སྲིང་མོ་རྫོང་གི་གྷུ་རུའི་སྒྲུབ་གནས་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་ཞལ་བཤུས་པའོ།། སརྦ་མངྒ་ལཾ།། །།

གཤིན་གྱི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ གཤིན་གྱི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ དྲི་གོས་མིང་བྱང་མེ་ལོང་གསུམ༔ ལུས་ངག་ཡིད་གསུམ་རྟེན་དུ་དགྲམ༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ ཚེ་འདས་རྣམ་ཤེས་དགུག་གཞུག་བསྟིམ༔ བུམ་པའི་ཆུས་བཀྲུས་སྐྱེ་སྒོ་དགགས༔ དཀྱིལ་འཁོར་གཞུག་སྟེ་དབང་ཡང་བསྐུར༔ འདོད་ཡོན་བསྔོ་ཞིང་རྣམ་ཤེས་སྤར༔ བདེ་བ་ཅན་འདིར་རྒྱངས་ཀྱིས་འཕངས༔ ཕུང་པོའམ་ནི་མཚན་བྱང་བསྲེག༔ ཐལ་བར་སྐུ་གདུང་སཙྪ་གདབ༔ ཆོས་རྣམས་མི་དམིགས་ངང་ལ་བཞག༔ ཅེས་པས་གཤིན་ཆོག་མཚན་བྱང་གི་རིམ་པ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་འདི་ལྟར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚེ་འདས་ཀྱི་རྣམ་སྨིན་སྦྱང་ཞིང་བདེ་བའི་གོ་འཕང་ལ་འགོད་དོ་སྙམ་པའི་བསམ་པ་བཟང་པོའི་སེམས་བསྐྱེད་སྔོན་དུ་བཏང་ཏེ༔ མ་རིག་མུན་སེལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་ལས་ཀྱི་གཞུང་བསྲང་སྟེ༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ་ཞིང་བསྙེན་སྒྲུབ་ཀྱི་བསྙེན་པ་བརྒྱ་སྟོང་ཁྲི་འབུམ་སྐབས་ལྟར་བསྟུན་ཏེ་ཁ་གསོ༔ དར་གོས་རས་སམ་ཤོག་བུ་ལ་གཤིན་པོའི་མིང་བྱང་སྐྱེ་མཆེད་དོད་པར་ཕོ་མོའི་གཟུགས་བརྙན་གང་ཡིན་པ་དེ་ལེགས་པར་འབྲི་ཞིང་༔ སྙིང་གར་ནྲི་ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ རྒལ་ཚིགས་རྒྱུད་ལ་རིགས་དྲུག་གི་ས་བོན་ཨ་ནྲི་སུ་ཏྲི་པྲེ་དུ༔ སྙིང་གའི་ཐད་ལ་ནྲི་བཛྲ་ཨང་གུ་ཤ་ཡ་ཛ༔ སྤྱི་བོར་ཡི་གེ་བཅུ་བ་དང་རིགས་ལྔའི་ས་བོན༔ འཕན་གདུགས་བླ་རེ་ལོངས་སྤྱོད་ཀ་ཅ་རྣམས་ཀྱི་གཟུགས་བརྙན་རྣམས་ལྷག་ཆད་མེད་པར་འབྲི༔ དེ་རིགས་དྲུག་གི་དཀྱིལ་འཁོར་བྲིས་པའི་མདུན་དུ་བཞག་ཅིང་རྣམ་པར་ཤེས་པ་འགུགས་བསྟིམ་འདི་སྐད་དོ༔ ཧཱུྃ༔ བདག་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཚེ་ལས་འདས་པའི་རྣམ་ཤེས་ལ་ཕོག་པས༔ ཐུགས་རྗེའི་ལྕགས་ཀྱུས་བཀུག་སྟེ་གཟུགས་ལ་བསྟིམ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཆེ་གེ་ཨངྒུ་ཤ་ཡ་ཛཿཛ༔ ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཉོན༔ རིགས་དྲུག་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ མྱུར་དུ་བསྒྲལ་ཕྱིར་བཟུགས་རྟེན་བྱང་བུ་དང་༔ མིང་ཡིག་མེ་ལོང་ངག་དང་ཡིད་ཀྱི་རྟེན༔ སྒོ་གསུམ་རྟེན་གསུམ་འདི་ལ་གནས་ཆོས་ཤིག༔ ཚེ་ལས་འདས་པ་ཛཿཧཱུྃ་བཾ་ཧོ༔ཏིཥྛ་ལྷན༔ དེ་ནས་མིང་བྱང་ཚེ་འདས་དངོས་སུ་གསལ་ཞིང་པདྨ་དབང་གི་ཏིང་ངེ་འཛིན་གྱིས་གཤེད་དང་ཕྲལ་ཏེ༔ ཡུངས་ཀར་གྱིས་བྲབ་གུ་གུལ་བདུག་ཅིང་འདི་སྐད་དོ༔ ཧཱུྃ༔ སྔོན་གྱི་ལན་ཆགས་འཕྲལ་གྱི་རྐྱེན་ལས་བྱུང་༔ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་བགེགས༔ ལོག་པར་འདྲེན་པ་མ་རུངས་བདུད་ཀྱི་སྡེ༔ ཐར་པའི་གེགས་བྱེད་ཐམས་ཅད་ཕྱིར་དེངས་ཤིག༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ ཟ་འདྲེ་ཤི་གཤེད་སརྦ་ཨུ་ཙ་ཏ་ཡ་མཱ་ར་ཡ་ཕཊ༔ དེ་ནས་མིང་བྱང་ཚེ་འདས་སུ་གསལ་བས་ཞུས་པར་དམིགས་ཤིང་༔ ཉེ་དུ་འབྲེལ་ཆེ་བ་ཞིག་གིས་འདི་སྐད་བླ་མ་སློབ་དཔོན་གྱི་དྲུང་དུ་ཞུའོ༔ ཧོཿ ཐུགས་རྗེ་ཆེན་པོ་འཕགས་པའི་སྐུ༔ བླ་མ་སློབ་དཔོན་འགྲོ་བའི་མགོན༔ སྐྱབས་མེད་བདག་ལ་བསྐྱབ་ཏུ་གསོལ༔ རིགས་དྲུག་འཁོར་བའི་གྲོང་ཁྱེར་ལས༔ དེ་རིང་ཉིད་ནས་བསྐྱབ་ཏུ་གསོལ༔ ཅེས་ལན་གསུམ་ཞུ༔ དེ་ནས་བླ་མས་འདི་སྐད་དོ༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ ཆོས་རྣམས་མི་རྟག་སྙིང་པོ་མེད༔ འཁོར་བའི་གྲོང་ཁྱེར་སྡུག་བསྔལ་ཡུལ༔ ཤ་ཁྲག་དྲ་བའི་ལུས་མང་བླངས༔ འཁོར་པའི་ཆོས་ལ་བློ་གཏད་འཁྲུལ༔ ཆགས་སྡང་ལས་འབྲས་སྡུག་བསྔལ་ཡུལ༔ སྐྱེ་ཤི་བར་དོའི་འཕྲང་ལ་འགྲིམ༔ འདུས་བྱས་གཟུགས་ཕུང་རོ་ལ་བསྐྱུར༔ རྣམ་སྨིན་འཕམ་ལྟུང་ནོར་དུ་བསྐོར༔ ལས་ངན་བག་ཆགས་རླུང་གིས་བདས༔ ཆ་མེད་ངན་སོང་གླིང་གསུམ་སྙོག༔ རྒྱུས་མེད་གཤིན་རྗེའི་གྲོགས་དང་འགྲོག༔ རང་བྱས་ལས་ཀྱི་འཁྲུལ་པར་ཤར༔ འཁྲུལ་བའི་སྣང་བ་མ་རིག་པ༔ བག་ཆགས་ཨ་འཐས་ཞེན་པས་བསྒྲིབས༔ དེ་ཕྱིར་མ་ཡེངས་མ་འཁྲུལ་བར༔ རྗེས་དྲན་རྟོག་པའི་རྩལ་ཤུགས་ཀྱིས༔ མོས་གུས་ལྷ་དང་བླ་མར་གྱིས༔ གདུང་ཤུགས་གུས་པས་གསོལ་བ་ཐོབ༔ ཅེས་པ་ལན་གསུམ་གསལ་བར་བརྗོད༔ དེ་ནས་ལས་ཀྱི་བུམ་པ་ཐོགས་ཏེ་མེ་ལོང་ངོས་ལ་བཀྲུ་ཞིང་༔ ཧཱུྃ༔ འདི་ནི་མཁྱེན་བརྩེ་ཡེ་ཤེས་ཆུ༔ སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག༔ ཐུགས་རྗེ་ཡེ་ཤེས་བདུད་རྩིའི་ཆུས༔ ཁྱོད་ཀྱི་རྣམ་སྨིན་བག་ཆགས་སྡིག༔ ལུས་ཀྱི་སྡིག་སྒྲིབ་ཀུན་དག་ནས༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདི་ནི་བྱམས་དང་བརྩེ་བའི་ཆུ༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཡེ་ཤེས་བདུད་རྩིའི་ཆུས༔ ཁྱོད་ཀྱི་རྣམ་སྨིན་བག་ཆགས་སྡིག༔ ངག་གི་སྡིག་སྒྲིབ་ཀུན་དག་ནས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཧཱུྃ༔ འདི་ནི་སྟོང་ཉིད་ཡེ་ཤེས་ཆུ༔ ཆོས་ཀྱི་སྐུ་སྟེ་ཆོས་ཀྱི་རྒྱལ༔ ཐུགས་རྗེ་ཡེ་ཤེས་བདུད་རྩིའི་ཆུས༔ ཁྱོད་ཀྱི་རྣམ་སྨིན་བག་ཆགས་སྡིག༔ སེམས་ཀྱི་སྡིག་སྒྲིབ་ཀུན་དག་ནས༔ ཆོས་ཀྱི་སྐུ་རུ་སངས་རྒྱས་ཤོག༔ ཤུདྡྷེ་ཛྙ་ན་དྷརྟུ་ཨཱ༔ འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ དེ་ནས་དུག་དབྱུང་སྟེ་བྱེ་མ་གཙང་མ་ཐོགས་ནས༔ ཧཱུྃ༔ མ་རིག་དུག་གསུམ་འཁོར་བའི་རྒྱུ༔ དུག་གི་ཕ་འདི་འབྱུང་བ་ས༔ དུག་གི་མ་འདི་འབྱུང་བ་ཆུ༔ དུག་གི་དུག་འདི་འབྱུང་བ་རླུང་༔ དུག་གི་རང་རྩལ་འབྱུང་བ་མེ༔ དུག་ལྔ་ལས་ཀྱི་སྡིག་སྒྲིབ་རྣམས༔ ས་ཆུ་མེ་རླུང་ནང་དུ་དེངས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧཱུཾ་ཏྲཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དུག་ལྔའི་ལས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་བརྗོད་བྱེ་མ་གཅིག་པུའམ་འབྱུང་བཞིའི་བྲབ་རྫས་ལ་དུག་དབྱུང་བར་བྱའོ༔ དེ་ནས་དམྱལ་བའི་ས་བོན་གྱི་སྟེང་དུ་ཚེ་འདས་ཀྱི་མཚན་བྱང་བཞག་ལ༔ གླུད་གཏོར་ཆ་གཅིག་སྦྲན་ཏེ་བྱིན་གྱིས་བརླབས་ནས༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ ཞེ་སྡང་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱང་ཕྱིར་བསྔོ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ དམྱལ་བའི་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ ཚ་གྲང་དམྱལ་བའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཆོས་རྒྱལ་མེ་ཆུ་ནག༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཏྲཾ་སྭཱ་ཧཱ༔ ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ཧེ་དུ་ཧཱུྃ་ཕཊ༔ དེ་ནས་མཚན་བྱང་སློབ་དཔོན་གྱིས་བཟུང་སྟེ༔ ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཞེ་སྡང་དྲག་པོས་གསོད་གཅོད་བྱས་པའི་འབྲས༔ ཚ་གྲང་དམྱལ་བའི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ངན་སོང་གསུམ༔ ཅེས་བརྗོད་ཡི་དྭགས་ཀྱི་ས་བོན་སྟེང་དུ་མཚན་བྱང་བཞག་སྟེ༔ གཏོར་མ་སྔ་མ་ལྟར་བྱིན་བརླབས་སྦྲན་ཏེ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ སེར་སྣའི་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ ཡི་དྭགས་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ བཀྲེས་སྐོམ་ཡི་དྭགས་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཁ་འབར་སྒྲོམ་བུ་དམར༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་དུ་ཧཱུྃ་ཕཊ༔ མཚན་བྱང་བཏེག་ཅིང་༔ ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ སེར་སྣའི་ལས་ཀྱིས་འཇུར་གེགས་བྱས་པའི་འབྲས༔ བཀྲེས་སྐོམ་ཡི་དྭགས་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ངན་སོང་གསུམ༔ ཅེས་བརྗོད་དུད་འགྲོའི་ས་བོན་སྟེང་དུ་མཚན་བྱང་བཞག་ལ༔ གཏོར་མ་བྱིན་བརླབས་སྦྲན་ཏེ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ་༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ གཏི་མུག་ལས་ཀྱིས་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ དུད་འགྲོའི་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ གླེན་ལྐུགས་དུད་འགྲོའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་སེང་གེ་རབ་བརྟན་མཐིང་༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཡེ་བྷྲཱུཾ་སྭཱ་ཧཱ༔ ཨཱོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ཏེ་ཧེ་དུ་ཧཱུྃ་ཕཊ༔ མཚན་བྱང་བཏེག་ཅིང་༔ ཧཱུྃ༔ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ གཏི་མུག་ལས་ཀྱིས་ཆགས་སྡང་སྤྱད་པའི་འབྲས༔ གླེན་ལྐུགས་དུད་འགྲོའི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ངན་སོང་གསུམ༔ ཅེས་བརྗོད་ལྷ་མིན་ས་བོན་སྟེང་དུ་མཚན་བྱང་བཞག་ཅིང་༔ གཏོར་མ་བྱིན་བརླབས་སྦྲན་ཏེ༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁ་ོདགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ ཕྲག་དོག་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ ལྷ་མིན་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ ཕྲག་དོག་འཐབ་རྩོད་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཐགས་བཟང་གོ་མཚོན་ལྗང་༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཡེ་ཏྲུཾ་སྭཱ་ཧཱ༔ ཨཱོཾ་བྷི་དན་ཁད་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ མཚན་བྱང་བཏེག་ཅིང་༔ ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཕྲག་དོག་ལས་ཀྱི་འཐབ་རྩོད་བྱས་པའི་འབྲས༔ ལྷ་མིན་འཐབ་རྩོད་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ལྷ་མིན་ཡུལ༔ ཅེས་བརྗོད་ལྷའི་ས་བོན་སྟེང་དུ་མཚན་བྱང་བཞག་སྟེ༔ གཏོར་མ་བྱིན་བརླབས་སྦྲན་ནས༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ ང་རྒྱལ་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ ལྷའི་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་བརྒྱ་བྱིན་པི་ཝང་དཀར༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཏྲཾ་སྭཱ་ཧཱ༔ ཨཱོཾ་སརྦ་སུ་ཁ་སརྦ་ཀརྨ་ཚིནྡྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ མཚན་བྱང་བཏེག་ཅིང་༔ ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ང་རྒྱལ་ལས་ཀྱི་ཁེངས་སེམས་བསྐྱེད་པའི་འབྲས༔ འཕོ་ལྟུང་ལྷ་ཡི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་བའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འདོད་ཁམས་ལྷ་ཡི་ཡུལ༔ ཅེས་བརྗོད་མིའི་ས་བོན་སྟེང་དུ་མཚན་བྱང་བཞག་སྟེ༔ གཏོར་མ་བྱིན་བརླབས་སྦྲན་ནས༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ འདོད་ཆགས་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ མིའི་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཤཱཀྱ་སེང་གེ་གསེག་ཤིང་ལྷུང་བཟེད་སེར༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་ཡི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཡེ་ཧཱུྃཿཏྲུཾ་སྭཱ་ཧཱ༔ ཨཱོཾ་ནྲི་བྷི་ཤ་མུ་ཤ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ མཚན་བྱང་བཏེག་ཅིང་༔ ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ འདོད་ཆགས་ལས་ཀྱི་ཉོན་མོངས་སྤྱོད་པའི་འབྲས༔ འཁོར་བ་མི་ཡི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་མི་ཡི་གླིང་༔ ཅེས་བརྗོད་ཉེ་དུས་མཚན་བྱང་བཟུང་སྟེ་ཕྱག་འཚལ་བ་ནི༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཅེས་བརྗོད་གཏོར་མ་བསྔོ༔ བླ་མ་དཀོན་མཆོག་འཕགས་པའི་ལྷ༔ སངས་རྒྱས་བྱང་སེམས་ཐམས་ཅད་དང་༔ སྐྱབས་གནས་དཀྱིལ་འཁོར་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་ངག་ཡིད་གསུམ་སྐྱབས་སུ་མཆི༔ ཚེ་རབས་སྡིག་སྒྲིབ་མཐོལ་ལོ་བཤགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པར་འབུལ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ དགེ་བ་ཀུན་ལ་ཡི་རང་ངོ་༔ མྱ་ངན་མི་འདར་གསོལ་བ་འདེབས༔ བསོད་ནམས་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཅེས་བརྗོད་དཀྱིལ་འཁོར་གྱི་སྒོ་དྲུང་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་མཚན་བྱང་བཞག་ཅིང་༔ ཉེ་དུ་མཚན་བྱང་གི་དྲུང་དུ་བསྡད་ནས་འདི་སྐད་དོ༔ ཧཱུྃ༔ བླ་མེད་གསང་བ་མཆོག་གི་ཞིང་༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་འདིར༔ བདག་ནི་སྨིན་ཅིང་གྲོལ་བར་གསོལ༔ རྡོ་རྗེ་སློབ་དཔོན་བདག་སྐྱབས་འཚལ༔ ལན་གསུམ་བརྗོད་ཅིང་སློབ་དཔོན་གྱིས་འདི་སྐད་དོ༔ ཧཱུྃ༔ ཕོ་བྲང་ཆེན་པོའི་སྒོ་སྐྱོང་བ༔ ཐུགས་རྗེས་འགྲོ་བའི་དོན་བྱེད་ཕྱིར༔ ཚེ་འདས་ཡི་དམ་ལྷ་དང་སྤྲོད༔ ཅེས་བརྗོད་ལྷ་ཚོགས་ཚེ་འདས་ཀྱི་མཇལ་བར་དམིགས་ཤིང་ཉེ་དུས་རྗེས་ཟློས་སམ་ཚེ་འདས་ཀྱིས་ཟེར་བར་བསམས་ཏེ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པ་བྱང་ཆུབ་སེམས༔ སྡོམ་པ་མཆོག་ལ་གནས་པར་བགྱིད༔ དཀོན་མཆོག་རིན་ཆེན་རྣམ་གསུམ་དང་༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡི༔ དམ་ཚིག་རྣམས་ཀྱང་ཡང་དག་བསྲུང་༔ ཅེས་ལན་གསུམ་བརྗོད༔ དེ་ནས་དཀྱིལ་འཁོར་ལ་མེ་ཏོག་འདོར་ཏེ༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ དཀྱིལ་འཁོར་ལྷག་པའི་ལྷ་ལ་འབུལ༔ ཡི་དམ་ལྷ་ལ་འབབས་པར་ཤོག༔ པྲ་ཏི་པཱུ་ཙ་ཧོ༔ ཕྱོགས་བཞིར་བབས་ན་བཛྲ་རཏྣ་པདྨ་ཀརྨ་མྱུ་གུ་རྩལ༔ མཚམས་བཞིར་ཐུགས་རྗེ་རིགས་མཆོག་འཛིན༔ དབུས་སུ་བབས་ན་འཕགས་པ་དེ་བཞིན་གཤེགས༔ ཞེས་གསང་མཚན་གདགས༔ དེ་ནས་མིག་དབྱེ་སྟེ༔ ཧཱུྃ༔ མ་རིག་ལིང་ཏོག་ཉོན་མོངས་མིག༔ ཐུགས་རྗེ་དམ་པའི་གསེར་ཐུར་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ དེ་ནས་ལྷ་ཞལ་སྟོན་ཏེ༔ ཧོཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ མདུན་གྱི་ད་ལ་གཞལ་ཡས་ཁང་༔ སྲིད་གསུམ་དག་པ་ཆོས་ཀྱི་དབྱིངས༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་སྟེ༔ མངོན་སུམ་ཚུལ་དུ་ལྷམ་མེར་ཡོད༔ ནང་ན་འཕགས་པ་དེ་བཞིན་གཤེགས༔ དབང་རྫས་རྟེན་དང་གཉིས་སུ་མེད༔ གསང་བ་རྣམ་དག་མཁའ་ཀློང་དབྱིངས༔ བདེ་ཆེན་སྐུ་གསུམ་རང་ལ་རྫོགས༔ མ་ཡེངས་འཕགས་པའི་ལྷ་ཞལ་ལྟོས༔ མ་འཁྲུལ་རང་སེམས་གནས་ལུགས་སྐྱོངས༔ མི་དམིགས་བློ་འདས་བསམ་བརྗོད་བྲལ༔ ཡང་ལྟོས་ཡང་ལྟོས་མ་ཡེངས་ལྟོས༔ ལྟ་མཁན་རྟོག་པ་ཆོས་ཀྱི་སྐུ༔ ཐུགས་རྗེ་ཆེན་པོ་ལོགས་ན་མེད༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ཨ་ཨ༔ ཞེས་དར་ཅིག་མཉམ་པར་བཞག་ཅིང་ཚེ་འདས་ཀྱི་སེམས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེ་བར་བྱའོ༔ འདི་ནི་ཡེ་ཤེས་པ་བསྟིམ་པ་དང་ལྷ་ངོ་སྤྲད་པ་ཟུང་འཇུག་གི་གདམས་པ་ངོ་བོ་ཉིད་ཀྱི་ས་ལམ་ལ་སྦྱོར་བ་ཞེས་བྱ་བས་གལ་ཆེའོ༔ དེ་ནས་བུམ་པས་དབང་བསྐུར་ཏེ༔ ཧཱུྃ༔ བུམ་པ་སྐུ་ལྔ་ཡོངས་རྫོགས་བདག༔ རྒྱལ་བ་རྒྱ་མཚོའི་སྐུ་ཡི་དབང་༔ ཚེ་འདས་ལུས་ལ་དབང་བསྐུར་བས༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ཐོགས་ཤིང་༔ ཧཱུྃ༔ རང་བྱུང་བདུད་རྩི་ཨ་མྲྀ་ཏ༔ རྒྱལ་བ་རྒྱ་མཚོའི་གསུང་གི་དབང་༔ ཚེ་འདས་ངག་ལ་དབང་བསྐུར་བས༔ ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག༔ ཨཱོཾ་ཨཱཾཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ཐོགས་ཏེ༔ ཧཱུྃ༔ རང་བྱུང་རྡོ་རྗེ་རྡོ་རྗེ་ཆེ༔ རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་དབང་༔ ཚེ་འདས་སེམས་ལ་དབང་བསྐུར་བས༔ ཆོས་ཀྱི་སྐུ་རུ་སྨིན་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚོགས་ཀྱི་ཡོ་བྱད་དང་ཟས་སྣ་ཚོགས་གཏད་ཅིང་༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་གྱིས༔ བྱིན་གྱིས་བརླབས་པའི་ཟས་མཆོག་འདི༔ ཁ་ཟས་རོ་མཆོག་བརྒྱ་དང་ལྡན༔ ཡན་ལག་བརྒྱད་ལྡན་བདུད་རྩིས་སྦྲན༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དབང་པོའི་མཁོ་དགུར་འདོད་ཡོན་ལྔའི༔ མི་ཟད་ཆར་ཆེན་འདི་བབས་ཏེ༔ ཤེས་རྒྱུད་ཚིམ་ནས་བདེ་སྟོང་རྒྱས༔ ཟག་མེད་རྡོ་རྗེའི་བཅུད་མྱོང་ཤོག༔ ཅེས་འདོད་ཡོན་སྤེལ་བའི་གཟུངས་སྔགས་ཀྱིས་རྒྱས་གདབ་སྟེ་གཏད་ཅིང་བསྔོའོ༔ དེ་ནས་ཡོན་དབུལ་ཏེ༔ ཧཱུྃ༔ ཕུང་པོ་ལྔ་དང་སྒོ་གསུམ་འདི༔ རིགས་ལྔ་སྐུ་གསུམ་ལྷ་ཚོགས་ལ༔ ཡོན་དུ་འབུལ་ལོ་ལམ་སྟོན་འཚལ༔ ཐར་པའི་ལམ་སྣ་འདྲེན་དུ་གསོལ༔ སྐུ་དང་ཡེ་ཤེས་མངོན་གྱུར་སྩོལ༔ སྒྲོན་མེ་བསྟན་ཅིང་༔ ཧཱུྃ༔ ཐུགས་རྗེ་ཡེ་ཤེས་སྒྲོན་མེ་འདི༔ མ་རིག་མུན་སེལ་འོད་པོ་ཆེ༔ འཁྲུལ་པའི་སྣང་བ་རབ་བསལ་ནས༔ སྐུ་དང་ཞིང་ཁམས་མཐོང་བར་ཤོག༔ ཅེས་བརྗོད་དེ་ནས་མིང་བྱང་སློབ་དཔོན་གྱི་ལག་ཏུ་ཐོགས་ཏེ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན༔ འགྲོ་དྲུག་འཁོར་བ་སྡུག་བསྔལ་ཡུལ༔ ལས་འབྲས་བསམ་འདས་བརྗོད་མི་ལང་༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས༔ བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ༔ རྒྱལ་བ་རྒྱ་མཚོའི་འཁོར་གྱིས་བསྐོར༔ སྨིན་གྲོལ་གཉིས་ཀྱིས་བརྟུལ་ཞུགས་ཀྱིས༔ གོམས་པའི་རྩལ་ལས་འཕོ་བར་བྱ༔ རང་སེམས་ཡི་གེ་ཧྲཱིཿདམར་པོ༔ ནམ་མཁའི་སྐར་མདའ་ཆད་པ་ལྟར༔ འོད་དཔག་མེད་ཀྱི་ཐུགས་ཀར་འཕོས༔ ཆོས་སྐུ་སྤྲོས་བྲལ་རོ་གཅིག་ཀློང་༔ དབྱེར་མེད་ཟང་ཐལ་ཨེ་མ་ཧོ༔ ཅེས་བརྗོད་ཅིང་སྟོང་ཉིད་བློ་འདས་ཀྱི་ངང་ལ་མཉམ་པར་བཞག་སྟེ༔ རང་སེམས་དང་ཚེ་འདས་ཀྱི་རྣམ་ཤེས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་གསུམ་དབྱེར་མེད་དུ་ཡུན་རིང་དུ་བསྲེས་ཏེ༔ མཐར་དམིགས་མེད་ཀྱིས་རྒྱས་གདབ་ཅིང་ཕཊ་བརྗོད་པའམ་སེ་གོལ་གཏོགས༔ ཡང་ན་ཚེ་འདས་ཀྱི་རྣམ་ཤེས་ཡི་གེ་ཧྲཱིཿདམར་པོའི་རྣམ་པར་རྒྱངས་ཀྱིས་སོང་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་དང་གཉིས་སུ་མེད་པར་འདྲེས་ཏེ་ཆོས་སྐུ་མངོན་དུ་གྱུར་པར་བསམས་ཤིང་༔ ཧྲཱིཿཧྲཱིཿཧྲཱིཿ ཞེས་ལན་གསུམ་བརྗོད་དོ༔ ཁམས་གསུམ་ན་མི་གནས་པར་རྒྱངས་ཀྱིས་སོང་བར་བསམས་ཏེ་ཕཊ་སྒྲ་བརྗོད་དེ་སྤར་ཀྱང་རུང་ངོ་༔ དེ་ནས་ཞི་བའི་སྦྱིན་སྲེག་གྲུབ་ན་རབ༔ མ་གྲུབ་ན་ཀོང་བུ་ཞི་བའི་ཐབ་ཁུང་དུ་སྡོང་བུ་བུད་ཤིང་༔ མར་ཁུ་མཆོད་རྫས༔ མེའི་ངོ་བོ་མེ་ལྷ་འཕགས་པའི་ལྷ་ཚོགས་དང་གཉིས་སུ་མེད་པའི་ཞལ་དུ་མིང་བྱང་སྲེག་རྫས་ཕུན་སུམ་ཚོགས་པའི་རྣམ་པར་ཕུལ་བས་ཚེ་འདས་ཀྱི་རྣམ་སྨིན་སྡིག་སྒྲིབ་ཀྱི་ཕུང་པོ་ཐམས་ཅད་རབ་ཏུ་བྱང་ནས༔ ཆོས་སྐུ་དེ་བཞིན་ཉིད་ཀྱི་ས་ལ་བྱང་ཆུབ་པར་བསམས་ཏེ་འདི་སྐད་དོ༔ ཧཱུྃཿ ཞི་བ་དབྱིངས་ཀྱི་ཐབ་ཁུང་དུ༔ མེ་ལྷ་དྲང་སྲོང་འཁོར་དང་བཅས༔ འཕགས་མཆོག་རྒྱལ་བའི་ཚོམ་བུར་གསལ༔ མཆོད་རྫས་མར་ཁུའི་རྒྱ་མཚོར་འཁྱིལ༔ སྲེག་རྫས་ཚེ་འདས་མཚན་བྱང་འབུལ༔ ཡེ་ཤེས་ཐུགས་རྗེེའི་མེ་སྦར་བས༔ རྣམ་སྨིན་ཟག་བཅས་ཛྭ་ལ་རཾ༔ སྟོང་ཉིད་ཆོས་སྐུའི་དངོས་གྲུབ་སྩོལ༔ ཅེས་བརྗོད་གཟུངས་སྔགས་ཕན་ཡོན་གང་ཆེས་བསྲེག་པར་བྱའོ༔ ལས་ཀྱི་མཇུག་ཀྱང་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་མཚན་བྱང་སྒྲིབ་སྦྱོང་གི་ཆོ་ག་འདི་ཡང་མ་འོངས་ཀྱི་འགྲོ་ལ་ཕན་ཐོགས་པའི་ཕྱིར་དུ༔ བདག་འདྲ་པདྨས་སྦྱར་བ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །སརྦ་མངྒ་ལཾ།། །།རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས།། དེ་དག་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་ཆུ་དང་འདྲེས་གཉིས་མེད་རོ་གཅིག་གྱུར། དེ་ནས་ལས་བུམ་སྒྲུབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལས་བུམ་དུ་སྐད་ཅིག་གི་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྒོམ་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་གྱུར། ཨཱོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཅི་མང་བརྗོད་མཐར། བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་ཏེ་ཤཔྟ་པྲ་ཏིཥྩ་ཡེ་སྭཱ་ཧཱ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་ཐུགས། །མི་གནས་ཡེ་ཤེས་ཆེ་ལ་མངའ་བརྙེས་པས། །ཐུགས་རྗེའི་དབང་གིས་འགྲོ་བ་སྒྲོལ་མཛད་པ། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །དཔལ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ལས་བུམ་གྱི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར།

སཱཙྪའི་ཆོ་ག་རྣམ་སྨིན་སྦྱོང་བྱེད།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ སཱཙྪའི་ཆོ་ག་རྣམ་སྨིན་སྦྱོང་བྱེད་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་བ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་འདོད་པ་རྣམས་ཀྱིས་འགྲོ་དོན་དུ་སེམས་བསྐྱེད་ཅིང་༔ ཁམས་བཟང་པོ་ལ་རིན་པོ་ཆེ་བརྡར་བའི་འདམ་བཟང་བར་བཟོས་ཏེ༔ བརྐོས་ཕུར་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ འབི་འབི་ལོངས་སྤྱོད་རྫོགས་པའི་ས་བོན་དུ་གསལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བཟླས་ཤིང་ལན་གསུམ་བརྡབས་པས༔ སྐུ་གསུམ་གཅིག་ཏུ་གྱུར་པའི་ངོ་བོར་འགྲོ་བའི་དོན་དུ་ཕྱི་བདེ་བར་གཤེགས་པའི་སྐུ་གདུང་གི་རྣམ་པ་ལ༔ ནང་གཞལ་ཡས་ཁང་ཞིང་ཁམས་དང་འདུ་འབྲལ་མེད་པ༔ གསང་བ་ཡི་གེ་འཁོར་ལོ་ཆོས་ཀྱི་གསུང་དབྱངས་རང་གྲགས་པས༔ སྤྲུལ་པའི་སྐུའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་རང་བཞིན་དུ་ལམ་གྱིས་བྱོན་པར་བསམས་ནས༔ མཐོང་ཐོས་ཀྱི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་པའི་སྨོན་ལམ་གདབ་ཅིང་འཕགས་པའི་སྙིང་པོ་དང་ཡེ་དྷརྨཱས་རབ་ཏུ་གནས་ཏེ༔ འབྱུང་བས་མི་འཇིགས་པའི་གནས་སུ་བཞུགས་སུ་གསོལ་ཞིང་ཕྱག་དང་སྐོར་བ་ལ་བརྩོན་པར་བྱས་ན༔ སྐྱེ་འགྲོ་དེ་འཁོར་བ་ལས་ཡོངས་སུ་གྲོལ་ཞིང་༔ ཐར་པའི་ཞིང་ཁམས་སུ་དབུགས་དབྱུང་བར་བྱེད་དོ༔ ཆོ་ག་འདི་དང་ལྡན་པའི་སྒོ་ནས་སཱཙྪ་བརྒྱ་གདབས་པས་ལས་ངན་པའི་སྒྲིབ་པ་ཐམས་ཅད་བསྲབས་པར་བྱེད་དོ༔ སྟོང་གདབས་ན་མི་དགེ་བ་བཅུའི་སྡིག་པ་འདག་གོ༔ ཁྲི་གདབས་པས་མཚམས་མེད་པ་ལྔ་བྱང་ངོ་༔ འབུམ་གདབས་ན་ཤེས་བྱའི་སྒྲིབ་པ་དག༔ བག་ཆགས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་བྱང་ནས༔ ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཐམས་ཅད་ཡོངས་སུ་རྒྱས་ཏེ༔ སྐུ་གསུམ་རྡོ་རྗེ་འཆང་གི་གོ་འཕང་ལ་སྤྱོད་པར་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་སཙྪའི་ཆོ་ག་རྣམ་སྨིན་སྦྱོང་བྱེད་ཅེས་བྱ་བ་འདི་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ལས་པའི་དུས་འབུ་སྲིན་ཤི་བའི་སྒྲིབ་སྦྱོང་དུ་བོད་འབངས་རྣམས་ལ་གདམས་ཤིང་༔ རྒྱུད་ལ་བརྟེན་ནས་འཁྱེར་བདེ་བར་བྱས་ཏེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་བྱམས་པ་སྤྲིན་ནས་གདན་དྲངས་པའོ།། སརྦ་མངྒ་ལཾ།། །།

ཆུ་གཏོར་བདུད་རྩིའི་བུམ་པ།

རྷ྄ྃ༔ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཆུ་གཏོར་བདུད་རྩིའི་བུམ་པ་བཞུགསཿ འཕགས་པ་མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ མ་འོངས་པའི་གང་ཟག་ཚོགས་གཉིས་ཀྱི་རིམ་པ་སྤེལ་ཞིང་སྒྲིབ་པ་གཉིས་འདག་པར་འདོད་པ་རྣམས་ཀྱི་དོན་དུ༔ མཆོད་སྦྱིན་བརྩམ་པའི་གཏོར་མ་འདི་དོན་རྣམ་པ་གསུམ་གྱི་སྒོ་ནས་སྟོན་ཏེ༔ སྔོན་དུ་འགྲོ་བ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་བཞི་སྟེ༔ གང་ཟག་དང་རྫས་དང་སྣོད་དང་དུས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཆོས་འདི་ཉམས་སུ་ལེན་པའི་གང་ཟག་ནི༔ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགེ་སློང་དང་དགེ་སློང་མ༔ དགེ་ཚུལ་དང་དགེ་ཚུལ་མ༔ དགེ་བསྙེན་དང་དགེ་བསྙེན་མ་སྟེ་བསྟན་པ་ལ་ཞུགས་པ་དང་༔ གོ་མའི་དགེ་བསྙེན་ལ་སོགས་ཏེ་རྣམ་དཀར་དགེ་བའི་བསམ་པ་དང་ལྡན་ཞིང་༔ ཚོགས་གཉིས་རྫོགས་པར་འདོད་པའི་ལྷག་བསམ་ཅན་རྣམས་ཀྱིས་བརྩོན་འགྲུས་ཀྱིས་བརྩམ་པར་བྱའོ༔ གཉིས་པ་རྫས་ནི་དཀར་གསུམ་མངར་གསུམ་ལ་སོགས་འབྲུ་དང་མེ་ཏོག་ཟན་གྱི་ཚོགས་རྣམས་ཏེ༔ ཤ་ཁྲག་སྒོག་བཙོང་ལ་ཕུག་དུག་དང་གཡེར་མ་རྣམས་མ་གཏོགས་པའི་རིགས་ལ༔ གཏོར་མའི་རྫས་ནི་རྒྱ་གང་ཆེར་བསགས་ཤིང་གཙང་སྦྲ་དང་ལྡན་ཞིང་འབགས་བཙོག་སོགས་མེད་པར་ཚུལ་དང་ལྡན་པར་བྱའོ༔ ཆུང་ངུར་ཀྱང་རུང་སྟེ་འབྱོར་པ་ལས་གང་གྲུབ་གཙོར་འདོན་ནོ༔ གསུམ་པ་སྣོད་ནི་རབ་གསེར་དངུལ་དུང་ཕོར༔ འབྲིང་ཟངས་རག་འཁར་བ་གསུམ་གྱི་གཞོང་པ༔ ཐ་མའང་རྫ་དང་ཤིང་གི་སྣོད་དེ༔ བུག་པ་དང་ཆག་གས་ཏི་ཚ་ལ་སོགས་མེད་པ་ལོངས་སྤྱོད་དང་མཐུན་པར་བསགས༔ ཆེ་ཆུང་ཀྱང་རྒྱ་གང་ཆེ་བ་བསོད་ནམས་ཆེ་ཞིང་བྲེ་གང་དང་ཕུལ་གང་སོགས་ཤོང་བའི་སྣོད་བརྩོན་པར་བྱའོ༔ བཞི་པ་དུས་ནི་ནམ་ལང་ཁ་ཟས་ལ་མ་སྤྱད་པའི་དུས་སམ༔ ཡང་ན་ཉི་ཤར་བཀྲ་ཤིས་པའི་ཚེའམ༔ དགོང་མོའམ་སྲོད་དྲག་པོ་རྣམས་ཏེ༔ ནམ་ལངས་ཀྱི་དུས་ཚོགས་རྫོགས༔ ཉི་ཤར་ལ་བཀྲ་ཤིས་དཔལ་དང་འབྱོར་བ་འཕེལ༔ དགོང་མོ་དང་སྲོད་དྲག་པོའི་དུས་ནི་རང་གི་ཡང་རྐྱེན་བཟློག་ཅིང་༔ འབྱུང་པོ་སྡེ་བརྒྱད་མི་མ་ཡིན་གྱིས་འགྲོ་བ་ལ་གནོད་སྐྱེལ་བའི་ཁ་ཁེགས་པས་ཕན་ཡོན་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་གཉིས་ཏེ༔ སྔོན་དུ་འགྲོ་བ་དང་དངོས་གཞིའོ༔ དང་པོ་སྔོན་དུ་འགྲོ་བ་ལ་བཞི་སྟེ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རང་ལྷར་གསལ་བ་གཏོར་རྫས་བྱིན་གྱིས་བརླབས་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ནིཿ སྤྱི་གཙུག་ཐད་མཉམ་མདུན་གྱི་ནམ་མཁའ་ལ༔ སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ མངོན་སུམ་ལྟ་བུར་ལྷམ་མེ་ལྷང་ངེར་བསྐྱེད༔ མོས་གུས་རྩེ་གཅིག་ངང་ནས་སྐྱབས་སུ་འགྲོ༔ ན་མོཿ བླ་མ་སངས་རྒྱས་རིན་པོ་ཆེ༔ ཞི་བ་ཆགས་བྲལ་སྡེ་སྣོད་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པ་ཕྱིར་མི་ལྡོག༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ལན་གསུམ་བར་དུ་སྐྱབས་སུ་འགྲོ༔ གཉིས་པ་སེམས་བསྐྱེད་པ་ནི༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འགྲོ་དྲུག་གི་སེམས་ཅན་འདི་ཐམས་ཅད་སྒྲོལ་བར་འདོད་པའི་བསམ་པ་མ་གཅིག་བུ་ལ་བརྩེ་བ་ལྟར་སེམས་བསྐྱེད་པའི་ངང་ནས༔ ཀྱེ༔ མ་ཁམས་གསུམ་འགྲོ་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ བྱང་ཆུབ་བླ་མེད་མཆོག་གི་སེམས་བསྐྱེད་ནས༔ མཆོད་སྦྱིན་འཕྲིན་ལས་ཟབ་མོ་འདིར་འཇུག་གོ༔ གསུམ་མམ་ཅི་རིགས་སུ་བརྗོད༔ གསུམ་པ་རང་ལྷར་གསལ་གདབ་པ་ནི༔ སྐད་ཅིག་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསམས་ཤིང་༔ སྟོང་པ་ཉིད་ཀྱི་ངང་ལས་ནམ་མཁའ་སྟོང་པ་ལ་འཇའ་ཤར་བ་ལྟར༔ རང་སེམས་ཀྱི་ངོ་བོ་ཡི་གེ་ཧྲཱི༔རིང་ཆ་ཚེག་དྲག་དང་ལྡན་པ་ཞིག་གསལ་ཞིང་༔ འོད་ཟེར་སྣ་ཚོགས་འཕྲོས་པས་སངས་རྒྱས་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས༔ ཧྲཱི༔ལ་ཐིམ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་བདུད་རྩི་འབྱུང་བའི་བུམ་པ་དང་གཡོན་ཤེལ་གྱི་བགྲང་ཕྲེང་ཐུགས་ཀར་འདྲེན་པ༔ ཞལ་སྐྱིལ་མོ་ཀྲུང་ཅན་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་གི་དཀྱིལ་དུ༔ ས་བོན་ཧྲཱི༔དཀར་པོ་ཞིག་གི་མཐར་འགྲོ་དྲུག་སྡུག་བསྔལ་སྦྱོང་བའི་ཡི་གེ་འབྲུ་དྲུག་གིས་བསྐོར་བའི་ཕྲེེང་བ་གཡས་སྐོར་དུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལ་མ་ཡེངས་པར་རིག་པ་རྩེ་གཅིག་ཏུ་གཏད་ཅིང་༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བརྒྱ་སྟོང་སྐབས་དང་སྦྱར་ཏེ་བཟླ་བར་བྱ་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་རྣམས་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་རང་རིག་ཧྲཱི༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས༔ ས་བོན་ཧྲཱི༔ཡིག་དཀར་པོར་ཐིམ༔ སྐད་ཅིག་གནས་གྱུར་དྲན་རྫོགས་སུ༔ རང་རིག་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར༔ ཞལ་གཅིག་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས༔ ཕྱག་གཡས་བདུད་རྩིའི་བུམ་པ་བསྣམས༔ གཡོན་པས་བགྲང་ཕྲེང་ཐུགས་ཀར་འདྲེན༔ འོད་འཕྲོ་ཉི་ཟླ་པད་སྟེང་བཞུགས༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧྲཱིཿལ་ཡི་གེ་དྲུག་མས་བསྐོར༔ སྣང་སྟོང་སྐུ་ལ་གྲག་སྟོང་གསུང་༔ དྲན་རྟོག་རང་གྲོལ་འཕགས་པའི་ཐུགས༔ ཐུགས་རྗེ་ཆེན་པོ་ལོགས་ན་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བཟླ༔ བཞི་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ གཏོར་ཁུང་གི་བུག་པ་དོད་པ་ལ་ཆེ་ཆུང་སྙོམས་པའི་ཁྲིའུ་ཁར༔ རིན་པོ་ཆེའམ་རྫ་ཤིང་སོགས་ཀྱི་སྣོད་ལྔ་བཤམས་ཤིང་༔ དབུས་སུ་ཆུ་གཙང་གི་ཡོན་ཆབ་གཞན་བཞིར་གཏོར་རིལ་ཅི་འབྱོར་བླུགས་ཤིང་༔ སླར་ཡང་ཆུས་ཚར་གཅིག་སྦྲན་ཏེ༔ འབྱུང་བའི་དུག་དང་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསལ་ཞིང་༔ འདོད་དགུའི་ལོངས་སྤྱོད་སྣ་ཚོགས་ཀྱི་བདུད་རྩིར་བསམས་ཏེ༔ ཨོཾ་རིན་པོ་ཆེ་ཡི་སྣོད་ནང་དུ༔ ཨཱཿཟག་པ་མེད་པའི་བདདུ་རྩི་བླུགས༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་མཁོ་དགུར་ལྡན༔ ཧྲཱིཿས་མང་དུ་བསྒྱུར་ཞིང་ཡོངས་སུ་སྤེལ༔ ཨཱོཾ་ཨཱ་ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གསུམ་མམ་བདུན་བརྗོད་བྱིན་གྱིས་བརླབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་བཞི་སྟེ༔ མགྲོན་བསྐྱེད་པ་སྤྱན་འདྲེན་པ་བཞུགས་སུ་གསོལ་བ་གཏོར་མ་འབུལ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་མགྲོན་བསྐྱེད་པ་ནི༔ རང་གི་ཐུགས་ཀའི་ཐད་ཀྱི་ནམ་མཁར་མགྲོན་ཐབས་སུ༔ སྐད་ཅིག་གི་པདྨ་དང་ཟླ་བ་བརྩེགས་པའི་གདན་གྱི་ཁར༔ དེ་བཞིན་གཤེགས་པ་རིན་ཆེན་མང་ཞལ་གཅིག་ཕྱག་གཉིས་ས་གནོན་དང་མཉམ་གཞག་གི་སྟེང་དུ་ནོར་བུ་དགོས་འདོད་ཀུན་འབྱུང་བསྣམས་པ༔ སྐུ་མདོག་གསེར་བཙོ་མ་ལྟ་བུ་ལ༔ སྤྲུལ་པའི་སྐུ་ལ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་པ༔ དེ་ལ་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ སྐུ་གསུམ་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱུད་པའི་བླ་མ་དང་བཅས་པས་བསྐོར་བར་བསྒོམ༔ དེའི་དྲུང་ནས་རིམ་བཞིན་པད་ཟླའི་གདན་གསུམ་གྱི་ཁར༔ དང་པོ་ལ་འཕགས་པ་སྐུ་འབྱམས་ཀླས་ལོངས་སྤྱོད་རྫོགས་སྐུ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཨུཏྤལ་པོ་ཏི་ཅན༔ སྐུ་མདོག་སེར་པོ་གུར་གུམ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་བསྐོར་བ༔ གཉིས་པ་ལ་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ༔ ལོངས་སྤྱོད་རྫོགས་སྐུ་ཞལ་གཅིག་ཕྱག་གཉིས་མཆོག་སྤྱིན་དང་པདྨ་དཀར་པོ་ཅན༔ སྐུ་མདོག་དཀར་ལ་མཛེས་པ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས་བསྐོར་བ༔ གསུམ་པ་ལ་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ༔ ལོངས་སྤྱོད་རྫོགས་སྐུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་སྐྱབས་སྦྱིན་ཅན༔ སྐུ་མདོག་ལྗང་གུ་ཨིནྡྲ་ནཱི་ལའི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ བགེགས་རིགས་ལན་ཆགས་མགྲོན་གྱིས་བསྐོར་བར་དམིགས་ཤིང་༔ རང་རང་གི་གནས་ནས་སྤྱན་འདྲེན༔ གཉིས་སུ་མེད་པར་བརྟན་པར་བཞུགས་ནས་མཆོད་སྦྱིན་གསོལ་བར་དམིགས་ཤིང་འདི་སྐད་དོ༔ ཨཱོཾ་ཨཱཿཧཱུྃ༔ རང་མདུན་དག་པའི་ནམ་མཁའ་ལ༔ པདྨ་ཟླ་བའི་གདན་སྟེང་དུ༔ དེ་བཞིན་གཤེགས་པ་རིན་ཆེན་མང་༔ གསེར་མདོག་ས་གནོན་མཉམ་གཞག་ཅན༔ ནོར་བུ་དབང་གི་རྒྱལ་པོ་བསྣམས༔ སྐྱིལ་ཀྲུང་ཆོས་གོས་མཚན་དཔེས་སྤྲས༔ འཁོར་དུ་སྐྱབས་གནས་རྣམས་ཀྱིས་བསྐོར༔ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས༔ ལོངས་སྐུ་གསེར་མདོག་རལ་གྲི་གཡས༔ ཨུཏྤལ་པོ་ཏི་གཡོན་ན་བསྣམས༔ ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས༔ འཁོར་དུ་དཔལ་མགོན་བསྲུང་མས་བསྐོར༔ དེ་བཞིན་གཤེགས་པ་གཟུགས་མཛེས་ནི༔ ལོངས་སྐུ་དུང་མདོག་མཆོག་སྦྱིན་གཡས༔ པདྨ་དཀར་པོ་གཡོན་ན་བསྣམས༔ ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས༔ འཁོར་དུ་རིགས་དྲུག་འགྲོ་བས་བསྐོརཿ དེ་བཞིན་གཤེགས་པ་འཇིགས་བྲལ་ནི༔ ལོངས་སྐུ་གཡུ་མདོག་རྡོ་རྗེ་གཡས༔ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ འཁོར་དུ་སྟོང་ཕྲག་བགེགས་ཀྱིས་བསྐོར༔ སྣང་སྟོང་ཟུང་འཇུག་ཚུལ་དུ་བསྒོམ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཡི་གེ་གསུམ་གྱི་བྱིན་གྱིས་བརླབས༔ འབྲུ་གསུམ་འོད་ཟེར་ཕྱོགས་བཅུར་འཕྲོས༔ འོག་མིན་ཕྱོགས་བཅུའི་ཞིང་ཁམས་ནས༔ དཀོན་མཆོག་རྒྱལ་བ་སྲས་དང་བཅས༔ སྐུ་གསུམ་བཀའ་བརྒྱུད་སྐྱབས་གྱུར་རྣམས༔ མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས༔ དཔལ་མགོན་སྲུང་མ་རྒྱ་མཚོ་དང་༔ ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ གདོན་བགེགས་འབྱུང་པོ་ལན་ཆགས་ཚོགས༔ རང་རང་གནས་ནས་སྤྱན་འདྲེན་ནཿ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ཛ༔ ཛ་ཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ པདྨ་ཟླ་བ་བརྩེགས་པའི་སྟེང་༔ བསྐྱེད་པའི་ལྷ་ཚོགས་དམ་ཡེ་འདྲེས༔ གཙོ་འཁོར་ལྷ་མིའི་ཁྲོམ་ཚོགས་ལྟར༔ མ་འདྲེས་ཡིད་མཐུན་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷནཿ བཞི་པ་གཏོར་མ་འབུལ་བ་ནི༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་དད་གུས་ཀྱི་ཚུལ་དང་ལྡན་པས་ཆུ་དབུལ་ཞིང་འདི་སྐད་དོ༔ ན་མོཿ དེ་བཞིན་གཤེགས་པ་རིན་ཆེན་མང་༔ མཚུངས་མེད་རྩ་བརྒྱུད་བླ་མ་དང་༔ ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས༔ རྩ་གསུམ་རྒྱལ་བ་དཀྱིལ་འཁོར་ལྷ༔ བྱང་སེམས་དགྲ་བཅོམ་ཉན་ཐོས་དང་༔ སྐྱབས་གནས་མ་ལུས་ཐམས་ཅད་ལ༔ མཆོད་སྤྲིན་གཏོར་མ་འདི་འབུལ་བས༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཅེས་ཉེར་གཅིག་བརྗོད་ཅིང་༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་དམིགས་པས་རྒྱས་བཏབ་སྟེ་འབུལ་ཞིང་༔ བླ་མ་དཀོན་མཆོག་རིན་པོ་ཆེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་བརྗོད་ཅིང་སྐྱབས་གནས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་སྣང་བ་ཆེན་པོ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་དེ་ཉིད་ལ་ཐོབ་པར་བསམ་མོ༔ མགོན་པོ་ཡོན་ཏན་གྱི་མགྲོན་ལ་གུས་ཤིང་བརྩེ་བའི་ཚུལ་གྱིས་ཆུ་འབུལ་ཞིང་༔ ན་མོཿ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས༔ དཔལ་ཆེན་མ་ཧཱ་ཀཱ་ལ་དང་༔ ཕོ་རྒྱུད་མོ་རྒྱུད་བསྟན་བསྲུང་ཚོགས༔ ལྷ་ཀླུ་གནོད་སྤྱིན་གཟའ་ཆེན་པོ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ རྒྱུ་སྐར་ལྷ་མོ་ཉེར་བརྒྱད་དང་༔ གནས་ཡུལ་ཞིང་སྐྱོང་དུར་ཁྲོད་བདག༔ འགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ༔ དཔལ་མགོན་སྲུང་མ་རྒྱ་མཚོ་ལ༔ བདུད་རྩིའི་གཏོར་མ་འདི་འབུལ་བཞེས༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བཅུ་བཞི་བརྗོད་ཅིང་ཕྱི་ནང་གསང་གསུམ་གྱི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོའི་རང་བཞིན་དུ་དམིགས་ཤིང་དབུལ་ཏེ༔ མགོན་པོ་ཡོན་ཏན་མགྲོན་གྱི་ཚོགས༔ བདུད་རྩིའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ འགྲོ་བའི་བདེ་སྐྱིད་བསྐྲུན་པར་མཛོད༔ བདག་གིས་བྱང་ཆུབ་མ་ཐོབ་བར༔ མཐུན་རྐྱེན་སྒྲུབས་ལ་རོགས་དན་མཛོད༔ འགལ་རྐྱེན་ཉེར་འཚེ་བར་ཆད་སོལ༔ དམ་ཚིག་དགོངས་ལ་འཕྲིན་ལས་སྒྲུབས༔ ཅེས་བརྗོད་ཅིང་མགོན་པོ་ཡོན་ཏན་གྱི་མགྲོན་ཐམས་ཅད་བདུད་རྩིའི་གཏོར་མས་ཚིམ་ཞིང་༔ སྐུ་གསུང་ཐུགས་ལས་མཉེས་པའི་མདངས་ཕྱུངས་ཏེ་བར་ཆད་བཟློག་འཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་མོ༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་བྱམས་ཤིང་གདུང་བའི་ཚུལ་གྱིས་ཆུ་འབུལ་ཞིང་༔ ན་མོ༔ དེ་བཞིན་གཤེགས་པ་གཟུགས་མཛེས་དཔལ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ འགྲོ་དྲུག་སྐྱེ་གནས་བཞིས་བསྡུས་པའི༔ འཁོར་བའི་སེམས་ཅན་ཐམས་ཅད་དང་༔ ཁྱད་པར་ངན་སོང་འཇིག་རྟེན་གསུམ༔ ཡི་དྭགས་སྡེ་ཚོགས་ཐམས་ཅད་ལ༔ འདོད་ཡོན་གཏོར་མ་བསྔོ་ཞིང་འབུལ༔ ཕམ་རྒྱལ་མེད་པར་ཀུན་ཚིམ་ཤོག༔ དེ་བཞིན་གཤེགས་པ་བཞིའི་མཚན་ནས་ཕྱག་འཚལ་ལོ་བརྗོད་ཅིང་༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཅེས་བདུན་བརྗོད་སེ་གོལ་ལན་གསུམ་གཏོག་ཅིང་༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེས༔ ཁམས་གསུམ་འགྲོ་བ་རིགས་དྲུག་ཁྱད་པར་དུ་ངན་སོང་གསུམ་གྱི་འཇིག་རྟེན༔ བཀྲེས་སྐོམ་ཁོ་ནའི་གདུང་བ་ཆེན་པོས་ཡང་དག་པར་མནར་བའི་ཡི་དྭགས་ཀྱི་སྡེ་ཚོགས་དང་བཅས་པ་ཐམས་ཅད་ཕམ་རྒྱལ་དང་ཉེ་རིང་མེད་པར་སོ་སོའི་ཡིད་ལ་གང་འདོད་པ་བཞིན་དུ༔ ཇི་སྲིད་དེའི་བར་དུ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་དང་ལྡན་པར་བསྒོམ་ཞིང་༔ ཁམས་གསུམ་གྱི་ནི་སེམས་ཅན་དང་༔ རིགས་དྲུག་འགྲོ་བ་མ་ལུས་པ༔ སྡུག་བསྔལ་ཆེར་ལྡན་ངན་སོང་གསུམ༔ ཁྱད་པར་ཡི་དྭགས་བཀྲེས་སྐོམ་ཅན༔ ཀུན་ལ་གཏོར་མ་འདི་བསྔོས་པས༔ འདོད་ཡོན་ལྔ་ལྡན་མཁོ་དགུའི་ཆར༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ༔ ཇི་སྲིད་དེར་གནས་སྤྱོད་གྱུར་ཅིག༔ ཅེས་བརྗོད་ཅིང་རང་རང་གི་ཡིད་མཐུན་ལྟར་འདོད་ཡོན་ལྔའི་ལོངས་སྤྱོད་སོ་སོར་ཐོབ་པས་སྡུག་བསྔལ་ཐམས་ཅད་དང་ཡོངས་སུ་བྲལ་ཞིང་བདེ་དགའི་ཡོན་ཏན་དཔལ་ཕུན་སུམ་ཚོགས་པ་ལ་སྤྱོད་པར་བསམ་མོ༔ བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་དགའ་ཞིང་འདུན་པའི་ཚུལ་གྱིས་ཆུ་སྦྱིན་ཞིང་༔ ན་མོ༔ དེ་བཞིན་གཤེགས་པ་འཇིགས་བྲལ་དང་༔ ལྷ་དང་ཀླུ་དང་གནོད་སྦྱིན་དང་༔ དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་༔ མིའམ་ཅི་དང་ལྟོ་འཕྱེ་སོགས༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ སྡེ་བརྒྱད་རྦོད་གཏོང་ནད་རིམས་བདག༔ སད་སེར་འཁྲུག་རྩོད་གཏོང་བའི་བགེགས༔ གདོན་བགེགས་ཡེ་འབྲོག་འབྱུང་པོའི་ཚོགས༔ ལྷན་སྐྱེས་འདྲེ་དང་ཤ་འཁོན་ཅན༔ ལན་ཆགས་བགེགས་ཀྱི་ཚོགས་རྣམས་ལ༔ མཁོ་དགུའི་གཏོར་མ་འདི་བསྔོས་པས༔ དབང་པོའི་སྤྱོད་ཡུལ་ཚིམ་གྱུར་ཅིག༔ གོང་ལྟར་མཚན་བཞི་བརྗོད་པའི་མཐར༔ ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཞེས་བདུན་བརྗོད་སེ་གོལ་ལན་ལྔ་གཏོག་སྟེ༔ འདོད་པའི་ཡོན་ཏན་ཟད་མི་ཤེས་པའི་རང་བཞིན་བདུད་རྩི་འཁོ་དགུའི་ལོངས་སྤྱོད་དམ་པ་དེ་གང་ལ་གང་འདོད་དུ་ཡོངས་སུ་ཐོབ་པས༔ ཤ་འཁོན་དག་བུ་ལོན་འཁོར་རྣམ་སྨིན་ཐམས་ཅད་བྱང་༔ ལན་ཆགས་ཐམས་ཅད་དང་བྲལ་ཏེ་ལས་ལས་སྐྱེས་པའི་འགྲོ་བ་ཐམས་ཅད་ལ༔ ལས་ཀྱིས་མནར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བསམས་ཤིང་༔ གདོན་ཆེན་དེ་ནི་བཅོ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་སྟེཿ ནག་ཕྱོགས་སྡེ་བརྒྱད་འབྱུང་པོའི་རིགས༔ ལྷན་ཅིག་སྐྱེས་པའི་འདྲེ་ལ་སོགས་༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ བདུད་རྩིའི་གཏོར་མ་འདི་བསྔོས་པས༔ དབང་པོའི་སྤྱོད་ཡུལ་ཚིམ་གྱུར་ནས༔ ཤ་འཁོན་དག་ཅིང་བུ་ལོན་འཁོར་༔ རྣམ་སྨིན་བྱང་ཞིང་ལན་ཆགས་བྲལ༔ བྱང་ཆུབ་མཆོག་གི་སེམས་ཐོབ་ནས༔ ཀུན་ཏུ་དགེ་ལ་སྤྱོད་པར་ཤོག༔ ཅེས་བརྗོད་པས་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཐམས་ཅད་ཀྱང་དགའ་མགུ་ཡི་རངས་ཏེ་འདོད་ཡོན་གྱིས་རབ་ཏུ་ཚིམ་ཞིང་བྱང་ཆུབ་མཆོག་གི་སེམས་ཐོབ་ནས༔ གནོད་སེམས་དང་བྲལ་ཞིང་ཕན་བདེའི་སེམས་དང་ལྡན་པར་བསམ་མོ༔ དེ་ནས་བཀྲེས་སྐོམ་ཕོངས་པའི་ལས་ཀྱིས་ཡང་དག་པར་མནར་བ་སྦྱིན་པའི་གནས་ཆེན་པོ་ཡི་དྭགས་ཀྱི་སྡེ་ལ་ཟུར་དུ་གཏོར་ཆུ་སྦྱིན་པ་ནི༔ སྣོད་དབུས་སུ་རིལ་བུ་གཞན་རྣམས་ལ་ཅུ་གཙང་བཤམས་ཏེ༔ གོང་ལྟར་བྱིན་གྱིས་བརླབ་ཅིང་༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམས་པའི་ཕྱག་གཡས་བདུད་རྩིའི་བུམ་པ་ནས་འདོད་དགུའི་ཆུ་རྒྱུན་རྒྱ་ཆེ་ལ་དཔངས་མཐོ་བར་བབས་པས༔ ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བསམ་ཞིང་༔ ན་མོ༔ དེ་བཞིན་གཤེགས་པ་སྤྱན་རས་གཟིགས༔ ཡི་དྭགས་ཁ་ནས་མེ་འབར་མ༔ དེ་བཞིན་ཕྱི་ཡི་སྒྲིབ་པ་ཅན༔ ནང་གི་སྒྲིབ་པ་ཅན་དང་ནི༔ ཟས་སྐོམ་སྤྱི་མཐུན་སྒྲིབ་པ་ཅན༔ ཡི་དྭགས་རིགས་ནི་བྱེ་བ་ཕྲག༔ སུམ་ཅུ་སོ་གཉིས་ཐམས་ཅད་ལ༔ བཟའ་བཏུང་གཏོར་མ་འདི་བསྔོས་པས༔ འདོད་ཡོན་ལོངས་སྤྱོད་ཐོབ་པར་ཤོག༔ དེ་བཞིན་གཤེགས་པ་བཞིའི་མཚན་གྱི་མཐར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བདུན་བརྗོད་སེ་གོལ་གཏོག་ཅིང་བཟའ་བཏུང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡི་དྭགས་ཀྱི་སྡེ་རིགས་གྲངས་མེད་བརྗོད་ལས་འདས་པ་གློ་བུར་དུ་ལྷགས་པའི་ཚོགས་དང་བཅས་པ་ཐམས་ཅད་ཕམ་རྒྱལ་མེད་པར་ཐོབ་ནས་ལས་སྒྲིབ་ཐམས་ཅད་ཡོངས་སུ་དག་པར་བསམས་ཏེ༔ ཡི་དྭགས་སྡེ་ཚོགས་ཐམས་ཅད་དང་༔ གློ་བུར་ལྷགས་པའི་སྡེ་བཅས་ལ༔ ཁ་ཟས་ལོངས་སྤྱོད་འདི་བསྔོས་པས༔ སེར་སྣ་འཇུར་གེགས་འཕྲོག་བཅོམ་བརྐུས༔ དཀོར་འབགས་ལ་སོགས་ཡི་དྭགས་ཀྱི༔ ལས་ཀྱི་རྒྱུ་བསགས་ཀུན་དག་ནས༔ མཐོ་རིས་ལྷ་མིའི་ལུས་མཆོག་ཐོབ༔ མྱུར་དུ་སངས་རྒྱས་མངོན་གྱུར་ཤོག༔ ལྷ་དང་མཐོ་རིས་ངན་སོང་གསུམ༔ འགྲོ་བ་གང་དག་ཇི་སྙེད་ཀུན༔ སྡིག་པའི་ལས་ནི་སྡུག་བསྔལ་རྒྱུ༔ རང་བྱས་ལས་ཀྱིས་རང་ཉིད་མནར༔ དོན་མཐོང་རང་རིག་ཆོས་ཀྱི་སྐུ༔ སྡུག་བསྔལ་ཀུན་བྲལ་གང་དེ་བདེ༔ འཁྲུལ་སྣང་མ་རིག་སྒྱུ་མའི་གྲོང་༔ རྨི་ལམ་བག་ཆགས་སྣང་བ་བཞིན༔ བདག་མེད་སྟོང་པ་དེ་བཞིན་ཉིད༔ ཀུན་ཀྱང་དགེ་བའི་ལས་ལ་སྤྱོད༔ ཅེས་དང་མདོ་བསྔོ་སོགས་རྒྱས་པར་བརྗོད་པས་རིགས་དྲུག་གི་ཁམས་སུ་ཆོས་ཀྱི་སྒྲ་དབྱངས་ཀྱིས་གང་སྟེ་མགྲོན་རྣམས་དགེ་བའི་སེམས་རྗེས་སུ་ཡིད་ལ་དྲན་ཞིང་མཐར་སངས་རྒྱས་ཀྱི་སར་གྲོལ་བའི་དགོས་པ་ཡོད་དོ༔ དེ་ནས་མགྲོན་རྣམས་གཤེགས༔ སྣོད་བཤལ་སྟེགས་བསྡུ་བསྔོ་སྨོན་མང་དུ་བརྗོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ཕན་ཡོན་བསྟན་པ་ལ་གཉིས་ཏེ༔ གནས་སྐབས་དང་མཐར་ཐུག་གོ༔ རྒྱུད་ལས༔ མི་དགེའི་སྡིག་སྒྲིབ་དྲུང་ནས་ཕྱུང་༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་འདག༔ ཅེས་པས༔ དང་པོ་གནས་སྐབས་ཀྱི་ཕན་ཡོན་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་མི་མ་ཡིན་གྱིས་གླགས་མི་རྙེད༔ བྱང་ཆུབ་ཏུ་སེམས་བསྐྱེད་པས་འགྲོ་དྲུག་གི་སེམས་ཅན་སུས་མཐོང་ཡང་ཕ་མ་ལྟར་བྱམས༔ བགེགས་རྣམས་ཀྱི་བར་ཆད་རང་སར་ཞི༔ འཕགས་པའི་སྐུ་རུ་བསྒོམས་པས་ལུས་ཀྱི་བར་ཆད་ཞི་ཞིང་༔སྙིང་པོ་བཟླས་པས་དངོས་གྲུབ་མྱུར་དུ་འཐོབ༔ ཏིང་ངེ་འཛིན་བསྒོམས་པས་ཉོན་མོངས་པའི་ང་བདག་གྲོལ༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་གཏོར་མ་ཕུལ་བས་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བ་ཞེས་བྱ་སྟེ་མཆོག་གི་དངོས་གྲུབ་འཐོབ༔ མགོན་པོ་ཡོན་ཏན་གྱི་མགྲོན་ལ་གཏོར་མ་ཕུལ་བས་ཐུན་མོང་གི་དངོས་གྲུབ་འཐོབ༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་གཏོར་མ་ཕུལ་བས་སྒྲིབ་པ་རྣམ་པ་གཉིས་བྱང་༔ བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་གཏོར་མ་ཕུལ་བས་ཤ་འཁོན་འདག་ཅིང་བུ་ལོན་འཁོར༔ ཁྱད་པར་ཡི་དྭགས་ཀྱི་སྡེ་ཚོགས་ལ་ལྷག་པར་གཏོར་མ་སྦྱིན་པས་ཚོགས་ཆེན་པོ་རྣམ་པ་གཉིས་རྫོགས༔ མདོར་ན་ཚེ་རིང་ཞིང་བར་ཆད་ཐམས་ཅད་བྱང་༔ བསོད་ནམས་རྒྱས་ཤིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དབུལ་བའི་སྡུག་བསྔལ་མི་འབྱུང་ངོ་༔ གཉིས་པ་མཐར་ཐུག་གི་ཕན་ཡོན་ནི༔ ཕ་རོལ་དུ་ཕྱིན་པ་ཆེན་པོ་དྲུག་གི་དགེ་བའི་རྩ་བ་ཐམས་ཅད་གཏོར་མ་ལ་བརྩོན་པས་ཡོངས་སུ་ཚང་ཞིང་ཕ་རོལ་ཏུ་ཕྱིན་ནས་མི་དམིགས་པས་གང་རྒྱས་ཐེབས་པའི་གང་ཟག་དེ་མྱུར་དུ་འཚང་རྒྱ་བར་ཐེ་ཚོམ་མེད་པས་རྒྱུན་དུ་མ་ཆག་པར་བརྩོན་པར་བྱའོ༔ གང་ཞིག་འདི་ནི་དགེ་བའི་མཐར་ཐུག་པ་སྟེ༔ ཡར་གྱི་མཆོད་གནས་རྣམས་ལ་མཆོད་པ་ཕུལ་བས་ཡང་དག་པའི་ཚོགས་རྫོགས༔ མར་གྱི་སྦྱིན་གནས་རྣམས་ལ་སྦྱིན་པ་བཏང་བས་ཀུན་ཏུ་ཡང་དག་པར་སྒྲིབ་པའི་ལྟུང་བ་རྣམས་བྱང་༔ བཀྲེས་སྐོམ་གྱི་གདུང་བའི་ཚོར་བ་ཆེན་པོས་མནར་བ་རྣམས་ལ་ཁ་ཟས་ལོངས་སྤྱོད་བསྔོས་པ་ལྟར་འཐོབ་པས་སྲོག་ཉེ་བར་འཚོ་བ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མཐར་ཕྱིན༔ ཆོས་ཀྱི་ཚིགས་སུ་བཅད་པར་བརྗོད་པས་འབྱུང་པོ་ལ་སོགས་གང་དག་ཐམས་ཅད་དགེ་བའི་རྟོག་པ་རྗེས་སུ་དྲན་པས་ཆོས་ཀྱི་སྦྱིན་པ་རྫོགས༔ འཁོར་བ་ནས་འཁོར་བར་ཀུན་ཏུ་འཁོར་བའི་ཚེ༔ གྲངས་མེད་མང་པོར་སྦྱངས་ཀྱང་རྣམ་པར་བྱང་བར་དཀའ་བའི་ལན་ཆགས་དང་ཤ་འཁོན་བུ་ལོན་མ་འཁོར་བ་གྲངས་མེད་མང་པོའི་ཉེས་སྒྲིབ་རྣམས་ཀྱང་གཏོར་མའི་ཆོ་ག་ཚར་རེ་ལ་བརྩོན་པས་བྱང་བར་འགྱུར་ཏེ༔ དཔེར་ན་མེ་ལོང་གི་སྟེང་དུ་བསྐལ་པར་ཆགས་པའི་བག་རྡུལ་ཆེན་པོ་དང་ལྡན་ཡང་སྐྱེས་བུ་ཞིག་གི་སྐད་ཅིག་མ་གཅིག་ལ་ཕྱིས་ན་དྲུངས་ནས་ཕྱུང་ཞིང་རྣམ་པར་འདག་པར་འགྱུར་བ་ལས་ཡུན་རིང་དུ་བརྩོན་མི་དགོས་པ་ལྟར་བསྐལ་པ་མང་པོའི་སྡིག་སྒྲིབ་རྣམས་བྱང་ཞིང་སངས་རྒྱས་ཀྱི་ས་ལ་མངོན་པར་སྤྱོད་པར་འགྱུར་རོ༔ རྣལ་འབྱོར་བ་སེམས་བསྐྱེད་དང་ལྡན་ཞིང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྒྱས་ཐེབས་པའི་ཏིང་ངེ་འཛིན་ལས་སུ་རུང་བའམ༔ སེམས་བསྐྱེད་དང་ལྡན་པའི་འགྲོ་བ་ཕོ་མོ་གང་དག་གིས༔ གཏོར་མའི་ཆོ་ག་འདི་ཚར་གཅིག་བཏང་བས་འཇིག་རྟེན་གྱི་ཁམས་ཆེན་པོ་གླིང་བཞིའི་སྐྱེ་འགྲོ་རྣམས་ལ༔ འཕགས་ཡུལ་མ་ག་དྷའི་བྲེ་ལ་གཞལ་བའི་འབྲུ་ཁལ་ཁྲི་ཚོ་རེ་རེ་བཞིན་ལ་སྦྱིན་པ་བྱིན་པ་ལས་ཀྱང་བསོད་ནམས་ཆེའོ༔ དེ་ལྟ་བས་ན་བརྩོན་འགྲུས་དང་ལྡན་པས་ཡང་དག་པར་བརྩོན་པར་བྱའོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས་སྔོན་འཕགས་པའི་ཡུལ་དུ་དགེ་སློང་ཀུན་དགའ་མོ་ལས་ཆོས་སྤྱོད་འདི་ཞུས་ཤིང་༔ རིགས་དྲུག་གི་ཁམས་ཐམས་ཅད་སྦྱིན་པས་ཡོངས་སུ་ཚིམ་པར་བྱས་ནས༔ ད་ལྟ་མངའ་བདག་ལ་སོགས་བོད་འབངས་ཁྱེད་རྣམས་ལ་གདམས་པ་ཡིན་པས་ཉམས་སུ་ལོང་ཞིག༔ མ་འོངས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་ཡང་ཆོས་སྤྱོད་འདི་དང་མ་རིག་མུན་སེལ་ཀྱི་ཆོས་སྐོར་འདི་རྣམས་ཡི་གེར་འདེབས་ནས་གཏེར་ཏུ་སྦ་བར་བྱའོ༔ འགྲོ་བའི་དོན་ཆེན་པོ་ཡང་དག་པར་བྱེད་པར་འགྱུར་རོ༔ ཅེས་པ་འདི་རྣམས་ཀྱང་སློབ་དཔོན་ཆེན་པོའི་གསུང་བཞིན་བདག་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་ལྕགས་ཕོ་སྤྲེལ་ལོ་ཧོར་ཟླ་དྲུག་པར་ཤོག་སེར་ལས་ཞལ་བཤུས་པའོ།། །།མངྒ་ལཾ།། །།ཆུ་སྦྱིན་བྱ་བར་འདོད་ན་ཟངས་ཐེབ་ལྔ་ཆུས་བཀང་འབྲེང་ཚར་དུ་བཤམས་ལ། དང་པོ་ནི། རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་གཡས་མཆོག་སྦྱིན་གྱི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་རྣམས་ཚིམ་པར་བསམ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གང་བར་བླུག གཉིས་པར་ཨཱོཾ་ཨཱཿཧྲཱི་ཧཱུྃ༔ ཞེས་དང་། གསུམ་པར་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ་ཞེས་ཐིགས་པ་སྦྲེང་ཞིང་སེ་གོལ་གཏོགས། བཞི་པར། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་རསྨི་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཞེས་དང་། །ལྔ་པར་ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ཏྭ་ན ཉྩ་སྭཱ་ཧཱ། ཞེས་གང་བར་སྦྲེང་ཞིང་། བར་དོའི་འགྲོ་བ་རྣམས་གཙང་ཞིང་བསིལ་བའི་སྐོམ་གྱིས་ཚིམ་སྟེ་བླ་ན་མེད་པའི་བདེ་བ་མཆོག་ལ་རེག་པར་གྱུར་ཅིག །ཅེས་དང་། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དེ་སྨོན་ལམ་གདབ་པའོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་ཐེག་པ་ཐུན་མོང་གི་ཆོས་སྦྱིན། ལུས་ཀྱི་སྡོམ་པ་ལེགས་པ་ནི། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ཡང་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་ཉན་ཐོས་ཀྱི་ཆོས་སྦྱིན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་རྣམས་མཉམ་མེད་བྱོས། །འོན་ཀྱང་རྒྱལ་བའི་སྲས་སུ་འགྱུར། ཞེས་ཐེག་ཆེན་གྱི་ཆོས་བཤད། །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་། ཆད་པ་དང་ནི་ལྷག་པ་དང་། །གཏོར་མའི་ཡོ་བྱད་མ་ཚང་དང་། །བདག་གིས་བརྗོད་ནོར་ཅི་བཆིས་པ། །མ་ཚང་མ་དག་བཟོད་པར་གསོལ། །ཅེས་ནོངས་པ་བཤགས་ཡི་གེ་བརྒྱ་པ་བརྗོད། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། གཏོར་མགྲོན་མཆོག་རྣམས་རང་བཞིན་གྱི་གནས་སུ་གཤེགས། །མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་ལ། །མགུ་བར་གྱུར་ནས་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ་ཞེས་དམན་པ་རྣམས་རང་གནས་སུ་བཏང་ལ་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་ཤིང་ཤིས་པ་བརྗོད་པ་སོགས་རྗེས་ཀྱི་བྱ་བས་མཐའ་བ རྒྱན་པར་བྱའོ། །སྨིན་གླིང་ཆོས་སྤྱོད་ནས་བཏུས་པའོ།། །།

ཆོས་སྤྱོད་ཐར་པའི་ཐེམ་སྐས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཆོས་སྤྱོད་ཐར་པའི་ཐེམ་སྐས་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་སྐལ་ལྡན་དང་༔ ད་ལྟའི་མངའ་བདག་རྗེ་འབངས་རྣམས༔ འཁོར་བར་འཁྱམ་ཡུན་རིང་བའི་ཕྱིར༔ ཆགས་སྡང་རྟོག་པའི་བག་ཆགས་རྣམས༔ སྦྱོང་བའི་ཆོ་ག་ཆོས་སྤྱོད་ཟབ༔ རྒྱུད་ལ་བརྟེན་ཏེ་བདག་གིས་བརྗོད༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱུད་ལས༔ སྐྱབས་གནས་འཕགས་པའི་ལྷ་ཚོགས་རྣམས༔ མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ༔ སྐྱབས་གནས་དམ་པ་སྐྱབས་ཀྱི་མཆོག༔ བྱང་ཆུབ་བར་དུ་སྐྱབས་གསོལ་ཞིང་༔ མར་གྱུར་འགྲོ་བ་སེམས་ཅན་ཀུན༔ བྱང་ཆུབ་ལམ་འགོད་སེམས་ཀྱང་བསྐྱེད༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་དོན་དུ་བསྔོ༔ ཕྱི་ནང་གསང་གསུམ་དེ་ཁོ་ནའི༔ མཎྜལ་རྣམ་པར་དག་པས་མཆོད༔ བླ་མ་འཕགས་པའི་ལྷ་ཚོགས་ལ༔ ཐུན་དུ་བཅད་ཅིང་གསོལ་བ་གདབ༔ ཅེས་པས་ཆོས་སྤྱོད་ཀྱི་རིམ་པ་ཐར་པའི་ཐེམ་སྐས་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ ཧཱུྃ༔ རིན་ཆེན་སྣ་ཚོགས་ལས་གྲུབ་ཞིང་ཁམས་དབུས༔ གསེར་གྱི་ས་གཞི་ཁོད་སྙོམས་བརྡལ་བའི་དཀྱིལ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་ཀློང་༔ པདྨའི་སྡོང་པོ་ལོ་འདབ་སྟོང་ལྡན་སྟེང་༔ ཐབས་ཤེས་ཉི་ཟླ་འོད་འབར་བརྩིགས་པའི་ཁྲིར༔ རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་ལ༔ བརྒྱུད་པའི་བླ་མ་དཀོན་མཆོག་རིན་ཆེན་གསུམ༔ རྩ་གསུམ་ལྷ་ཚོགས་སྐྱབས་གནས་ཀུན་གྱིས་བསྐོར༔ མངོན་སུམ་ལྟ་བུར་ལྷམ་མེར་ལྷན་ནེར་གསལ༔ ན་མོ༔ རྐང་གཉིས་གཙོ་བོ་རྫོགས་པའི་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་སྡེ་སྣོད་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་འཕགས་པའི་སྡེ༔ སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དང་༔ རྩ་གསུམ་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ མི་འབྲལ་སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཞེས་བློ་ལིངས་ཀྱིས་མ་ཁེལ་བར་དུ་སྐྱབས་སུ་འགྲོའོ༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ རྨི་ལམ་ལྟ་བུར་འཁོར་བའི་གྲོང་ཁྱེར་འདིར༔ འཁྲུལ་སྣང་སྒྱུ་མའི་བདེ་ལ་ཆགས་པ་ཡི༔ མི་བཟོད་སྡུག་བསྔལ་དྲག་པོས་མནར་བའི་འགྲོ༔ ཁམས་གསུམ་སེམས་ཅན་བྱང་ཆུབ་ས་ཐོབ་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ བྱང་ཆུབ་ཀྱི་སེམས་མ་འབྱོངས་བར་དུ་སེམས་བསྐྱེད་དོ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ ཧཱུྃ༔ རང་གི་སྤྱི་གཙུག་པདྨ་ཟླ་བའི་སྟེང་༔ འཕགས་མཆོག་མི་བསྐྱོད་སྟོན་པ་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ གཡས་བརྐྱང་གཡོན་བསྐུམས་རོལ་པའི་སྟབས་ཀྱིས་བཞུགས༔ ལོངས་སྤྱོད་རྫོགས་སྐུ་ལྔ་ལྡན་འོད་ཀྱི་དཀྱིལ༔ དུང་མདོག་ཆུ་ཤེལ་མདངས་ལྡན་ལྷམ་མེར་གསལ༔ དེ་ཡི་ཐུགས་ཀར་ཉ་རྒྱས་ཟླ་གདན་སྟེང་༔ ཐུགས་ཀྱི་ས་བོན་ཧཱུྃ་ཡིག་དཀར་པོའི་མཐར༔ ཡི་གེ་བརྒྱ་པ་ཤེལ་ཕྲེང་ལྟ་བུས་བསྐོར༔ གཟུངས་སྔགས་བཟླས་པས་སྔགས་ཕྲེང་གཡས་སུ་འཁོར༔ ཐུགས་རྗེའི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བབས༔ ཚངས་པའི་བུ་གར་བརྒྱུད་ནས་བདག་ལུས་ཁྱབ༔ ཚེ་རབས་གྲངས་མེད་འཁོར་བ་ཐོག་མེད་ནས༔ བསགས་པའི་ཉེས་ལྟུང་སྡིག་སྒྲིབ་བག་ཆགས་རྣམས༔ སྦལ་སྡིག་སྡོམ་སོགས་དུད་ཁུའི་རྣམ་པར་བབས༔ འོག་སྒོ་རྐང་མཐིལ་ལམ་ནས་ས་གཞིར་ཐིམ༔ ཚེ་རབས་གྲངས་མེད་སྡིག་སྒྲིབ་དག་པར་བསམས༔ ཨཱོཾ་སོགས་ཡི་གེ་བརྒྱ་པ་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་བར་རམ༔ ཡང་ན་འབུམ་ཚོ་གཅིག་བསྙེན་པར་བྱའོ༔ མཐར་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམས་ཤིང་མི་དམིགས་པས་རྒྱས་གདབ་བོ༔ ཚོགས་རྫོགས་མཎྜལ་གྱི་རིམ་པ་ནི༔ དངོས་སུ་འབྱོར་ཚད་དངོས་སུ་བཤམས་ཤིང་མ་འབྱོར་བ་རྣམས་ཡིད་ཀྱིས་སྤྲུལ་ཏེ༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་སྟོང་གསུམ་མཎྜལ༔ རིན་ཆེན་རི་རབ་གསེར་རི་རོལ་མཚོ་བདུན༔ གླིང་བཞི་གླིང་ཕྲན་བྱེ་བ་ཕྲག་བརྒྱད་ཅུ༔ ལྕགས་རི་མུ་ཁྱུད་རྒྱ་མཚོའི་ཕྲེང་བ་ཅན༔ མེན་ཤེལ་ཆུ་ཤེལ་ཉི་ཟླ་རྒྱུ་སྐར་ཕྲེང་༔ རིན་ཆེན་གཞལ་ཡས་ཁང་དང་སྐྱེད་མོས་ཚལ༔ དཔག་བསམ་ཤིང་དང་འདོད་འབྱུང་བུམ་པ་དང་༔ མ་རྨོས་ལོ་ཏོག་འབྲུ་སྨན་རྩི་བཅུད་ཚོགས༔ གསེར་དངུལ་ཟངས་ལྕགས་རིན་ཆེན་རྣམ་པ་ལྔ༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་དང་༔ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མཆོད་པའི་ཚོགས༔ ཕྲེང་ཐོགས་རྒྱན་ལྡན་གླུ་དབྱངས་རོལ་མོ་གར༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་རྣམས༔ ལྷ་མོའི་ཕྱག་རྒྱས་ཀུན་བཟང་མཆོད་སྤྲིན་གཏིབས༔ ལུས་དང་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་ཚོགས༔ གྷུ་རུ་རཏྣ་རྒྱལ་བ་རྒྱ་མཚོ་མཆོད༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་རཏྣ་སརྦ་པུཙྪ་མཎྜལ་བྷ་དྲ་ཏེ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཁྲི་འབུམ་མང་པོས་མཆོད་ཅིང་འབུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ བྱིན་རླབས་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་འདེབས་པ་ནི༔ ཧཱུྃ༔ བདག་ཉིད་ཐབས་ཤེས་སྣང་སྟོང་དབྱེར་མེད་ངང་༔ ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ཡོངས་གྱུར་པས༔ སྣང་བའི་ངོ་བོ་པད་མ་དབང་གི་རྒྱལ༔ སྟོང་པའི་བདག་ཉིད་རྡོ་རྗེ་རྣལ་འབྱོར་ཡུམ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་གར་སྟབས་འགྱིང་༔ སྐུ་མདོག་དམར་པོ་རྟ་ཞལ་ཕག་དབུ་ངུར༔ ཁྲོས་པའི་སྐུ་ལ་གཟི་བརྗིད་མདངས་ལྡན་འཁྲིལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ སྤྱི་གཙུག་ཐད་མཉམ་མདུན་གྱི་ནམ་མཁའ་ལ༔ རྩ་བའི་བླ་མ་བཛྲ་ཐོད་པ་རྩལ༔ ཨཱ་ཙར་ཆ་ལུགས་རྣལ་འབྱོར་སྤྱོད་པའི་ཚུལ༔ སྐུ་མདོག་དམར་སེར་ཁ་ཊྭཱཾ་ཉི་ཟེར་བསྣམས༔ རུས་རྒྱན་ཐོར་ཚུགས་ཕྱེད་སྐྱིལ་ཚུལ་དུ་བཞུགས༔ བདག་མེད་ལྷ་མོ་དམར་གསལ་གྲི་ཐོད་འཁྲིལ༔ དེ་ཡི་སྤྱི་གཙུག་འཕགས་པ་སྤྱན་རས་གཟིགས༔ སྣང་བ་མཐའ་ཡས་མཐོ་བརྩེགས་རྣམ་པ་ལ༔ སྐུ་གསུམ་བརྒྱུད་པའི་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དཔག་མེད་སྤྲིན་ཚོགས་གཏིབས༔ ཞལ་འཛུམ་བརྩེ་བས་བདག་ལ་གཟིགས་པར་བསྒོམས༔ ཅེས་ཚིག་དོན་ལྟར་གསལ་བར་བསྒོམ་ཞིང་༔ ཡིད་ཁྱེད་ཤེས་ཀྱི་དད་པས་བཅོས་མ་མིན་པའི་མོས་གུས་དྲག་པོས་གསོལ་འདེབས་ཕུར་ཚུགས་སུ་གདབ་བོ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ རང་སེམས་ཆོས་སྐུར་རྟོག་པར་བྱིན་གྱིས་རློབས༔ གནས་མཆོག་རི་བོ་ཏ་ལའི་ཞིང་ཁམས་ནས༔ ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ སྒྱུ་ལུས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས༔ དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་ནས༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས༔ ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་གཞལ་ཡས་ནས༔ དྷཀྐི་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ དགའ་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། ༈ འཕགས་མཆོག་ཐུགས་རྗེའི་འོད་ཟེར་བསྟན་འགྲོའི་དཔལ། །འཁོན་ཆེན་ཀླུ་ཡི་དབང་པོ་ལ༴ །མཁྱེན་གཉིས་མངོན་དུ་འགྱུར་བར་བྱིན༴ །སྨོན་ལམ་མཐར་ཕྱིན་ཟབ་གཏེར་ཕོ་བྲང་ནས༔ །རིག་འཛིན་ཉི་མ་གྲགས་པ་ལ༴ །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན༴ །མཁྱེན་བརྩེ་ནུས་པར་ལྡན་པའི་གཞལ་ཡས་ནས། །ཨོ་རྒྱན་བསྟན་འཛིན་གྲགས་པ་ལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ །འབྲེལ་ཚད་དོན་དང་ལྡན་པའི་ཕོ་བྲང་ནས། །དྲིན་ཅན་ཁྱབ་བདག་དམ་པ་ལ༴ སྐུ་བཞིའི་གོ་འཕང་ཐོབ་པར་༴ དག་སྣང་ཕྱོགས་མེད་འབྱུང་བའི་གཞལ་ཡས་ནས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ༴ །རང་སེམས་སྐྱེ་མེད་རྟོགས་པར༴ གནས་ཕྱོགས་བཅུའི་རི་དགོན་དབེན་གནས་ནས། །ཆོས་མཛད་རྡོ་རྗེ་སྤུན་གྲོགས་ལ༴ གྲུབ་མཐའི་ཕྱོགས་འཛིན་ཞིག་པར་བྱིན་གྱིས་བརློབས༔ མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས། དམ་ཆོས་མ་རིག་མུན་སེལ་ལ༴ ཐར་པའི་ལམ་སྣ་ཟིན་པར་བྱིན༴ མཆོག་ཐུན་དངོས་གྲུབ་འབྱུང་བའི་ཕོ་བྲང་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས༔ དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ མི་རྟོག་ཡེ་ཤེས་རང་ངོ་འཕྲོད་པ་དང་༔ བྱར་མེད་བློ་འདས་རྒྱུད་ལ་སྐྱེས་ནས་ཀྱང་༔ འཁོར་བར་ཞེན་པ་ལོག་པའི་ངེས་འབྱུང་གིས༔ རང་རིག་བླ་མར་རྟོགས་པར་བྱིན་གྱིས་རློབས༔ ཅེས་གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་དར་དྲག་ལ་ཡུན་རིང་བར་གདབ་ཅིང་༔ མཐར་བླ་མ་རྣམས་གཅིག་ནས་གཉིས་སུ་འོད་དུ་ཞུ་སྟེ༔ རང་དང་བླ་མ་གཉིས་མེད་དུ་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་དུ་གྱུར་པར་བསམས་ཤིང་༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་དབྱེར་མེད་དུ་ལྷན་ནེ༔ བརྗོད་མེད་དུ་གསལ་ལེ༔ མ་བཅོས་པར་འཁྱིལ་ལེར་བཞག་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ རྒྱུད་ལས༔ བསྙེན་སྒྲུབ་ལས་སྦྱོར་ལྟ་སྒོམ་གཟིར༔ ཐུན་སྐབས་ཚོགས་གསོག་དགེ་ལ་བསྐུལ༔ ཅེས་པས་ཆོས་སྤྱོད་འདི་སྔོན་དུ་འགྲོ་བའི་ལས་རིམ་གྱི་ངང་ནས༔ བསྐྱེད་རྫོགས་ཀྱི་གཞུང་ལ་འཇུག་པ་དང་༔ ཐུན་སྐབས་རྣམས་སུའང་ཕྱག་འཚལ་མཆོད་ཅིང་སྡིག་སྒྲིབ་བཤགས་པ་སོགས་ཀྱི༔ རྣམ་པར་དཀར་བའི་དགེ་བའི་ལས་ལ་ལུས་ངག་ཡིད་གསུམ་ཐ་མལ་དུ་མ་ལུས་པར་བསྐུལ་བར་བྱའོ༔ རྒྱུད་ལས༔ མ་དག་བག་ཆགས་ཕྱིར་སྙིལ་ཏེ༔ འཕགས་པ་ཁྱོད་དང་གཉིས་མེད་གྲོལ༔ ང་ཡི་ཞིང་འདིར་མངོན་འཚང་རྒྱ༔ ཞེས་པས་འདི་ལྟར་ཆོས་སྤྱོད་ཀྱི་རིམ་པ་འདི་བཞིན་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པའི་སྐལ་ལྡན་རྣམས༔ འཕགས་པ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་འབྲས་བུ་འཐོབ་ཅིང་༔ མཐར་བདེ་བ་ཅན་གྱི་ཞིང་ཁམས་སུ་གྲོལ་བར་འགྱུར་བ་ནི་གདོན་མི་ཟའོ༔ ཅེས་པ་འདི་རྣམས་བདག་ཅག་མངའ་བདག་རྗེ་འབངས་རྣམས་ལ་ཆོས་འཁོར་ཆེན་པོ་འབྱོངས་པའི་ཚེ༔ གྷུ་རུ་རིན་པོ་ཆེས་ཆོས་སྤྱོད་རྒྱུན་འཁྱེར་དུ་གནང་བ་ལྟར༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ༔ མ་འོངས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་སྤྱན་དྲངས་ཤིང་། སློབ་དཔོན་ཆེན་པོའི་སྒྲུབ་གནས་ཆགས་རུ་ཕུག་ནག་ཁམས་སྲིང་མོ་རྫོང་དུ་ཤོག་སེར་ལས་ཕབ་པའོ། །སརྦ་མངྒ་ལཾ།། །།

སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལསཿ སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་རྣལ་འབྱོར་རྣམས༔ ཚོགས་གསོག་རྒྱུ་ལུས་མཆོད་སྦྱིན་གྱི༔ ཉམས་ལེན་འདོད་ན་འདི་ལྟར་བྱ༔ བདེ་བའི་གདན་ལ་སྐྱིལ་ཀྲུང་འདུག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ འདོན་སྒོམ་སྦྲག་མར་འདི་སྐད་དོ༔ ན་མོ་བདག་གི་སྤྱི་གཙུག་ཉི་ཟླའི་སྟེང་༔ སངས་རྒྱས་ཀུན་འདུས་བླ་མ་ལ༔ སྐྱབས་གྱུར་མ་ལུས་ཀུན་གྱིས་བསྐོར༔ བྱིན་རླབས་སྤྲིན་ཕུང་ཐུ་ལུ་ལུ༔ དམ་ཚིག་ཡེ་ཤེས་གཉིས་མེད་བསྒོམ༔ ཕཊ༔ ཕ་སྐུ་བཞིའི་ཡེ་ཤེས་འབྱུང་བའི་གནས༔ སངས་རྒྱས་ཀུན་འདུས་བྱིན་རླབས་ཅན༔ བདག་གསོལ་བ་འདེབས་པའི་བུ་བརྒྱུད་ལ༔ རྗེ་ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་རློབས༔ ཕཊཿ ང་རང་རིག་སྤྲོས་བྲལ་སྐྱེ་མེད་འདི༔ སྐྱབས་མཚུངས་མེད་ཆོས་རྗེའི་ཐུགས་ཀར་འཕོས༔ ཆོས་གདོད་མའི་དབྱིངས་རིག་མ་བུ་འདྲེས༔ ཉམས་བརྗོད་མེད་ཡེ་ཤེས་ཏ་ལ་ལ༔ འཁོར་འདས་ཀྱི་ཆོས་རྣམས་མིང་བཏགས་ཙམ༔ ཕཊཿ སྣོད་རང་བྱུང་བྷནྡྷ་ཡངས་པའི་ནང་༔ ཁམས་བདེ་སྟོང་གི་རང་མདངས་རོལ་པ་ལས༔ ལུས་འབྱུང་འདུས་བདུད་རྩིའི་རྒྱ་མཚོ་འདི༔ རང་རིག་དང་བླ་མ་དབྱེར་མེད་པའི༔ ཐུགས་རྗེ་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨཱོཾ་ཨཱཿཧཱུྃ༔ ཕཊཿ ལུས་ཞུ་བའི་བདུད་རྩིའི་རྒྱ་མཚོ་ལས༔ འདོད་ཡོན་གྱི་ཀུན་བཟང་མཆོད་པའི་སྤྲིན༔ གནས་ཕྱོགས་བཅུ་དག་པའི་ཞིང་དུ་འཕྲོས༔ སྐྱབས་རྩ་གསུམ་དང་མཁའ་འགྲོ་ཆོས་སྐྱོང་མཆོད༔ མཆོག་ཐུན་མོང་གི་དངོས་གྲུབ་ཆར་ཆེན་ཕོབ༔ ཕཊཿ མ་འགྲོ་དྲུག་གི་སེམས་ཅད་མ་ལུས་པ༔ མཐོ་སྲིད་རྩེ་དང་མནར་མེད་དམྱལ་བའི་ཡུལ༔ ཕན་བྱེད་ཀྱི་ལྷ་དང་གནོད་བྱེད་ཀྱི་བགེགས༔ ལུས་མཆོད་སྦྱིན་གྱི་བདུད་རྩིའི་ལོངས་སྤྱོད་འདི༔ ཉེ་རིང་དང་ཕམ་རྒྱལ་མེད་པ་རུ༔ འདོད་ཡོན་གྱི་ཆར་གྱིས་ཀུན་ཚིམ་ཤོག༔ ཕཊཿ ལུས་མཆོད་སྦྱིན་གྱི་བདུད་རྩིའི་ཏིང་འཛིན་དེས༔ སྔོན་ལས་དང་སྡིག་སྒྲིབ་ཉེས་ལྟུང་ཚོགས༔ འཕྲལ་རྐྱེན་དང་ཤ་འཁོན་ཀུན་དག་ནས༔ ཕ་མཚན་ལྡན་གྱི་བླ་མ་རྡོ་རྗེ་འཆང་༔ རིགས་ཀུན་འདུས་ཀྱི་གོ་འཕང་ཐོབ་པར་ཤོག༔ ཕཊཿ ཅེས་བརྗོད་ཅིང་མི་དམིགས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའམ༔ རིགས་དྲུག་གི་སྦྱིན་ཡུལ་སྒྱུ་ལུས་ཀྱིས་ཚིམ་ཞིང་༔ རང་རིག་གི་ངོ་བོ་སྐྱེ་མེད་བླ་མའི་སྐུ་རུ་ལམ་འཁྱེར་དུ་སྦྱང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདིས་ནི་བསོད་ནམས་ཚོགས་རྫོགས་ཏེ༔ འདིས་ནི་ཡེ་ཤེས་འབྲས་བུ་འཐོབ༔ བག་ཆགས་ལུས་ཀྱི་ནད་གདོན་བྱང་༔ སྣང་སེམས་འཁྲུལ་སྣང་རང་སར་གྲོལ༔ བསོད་ནམས་ཕུང་པོ་གཞལ་དུ་མེད༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ རྒྱུད་ལ་བརྟེན་ནས་གདམས་པ་འདི༔ ཡི་གེར་བཏབས་ཏེ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །སརྦ་མངྒ་ལཾ།། །།

ལུང་བསྟན་གསལ་བ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ལུང་བསྟན་གསལ་བ་བཞུགས༔ འཕགས་མཆོག་ཐུགས་རྗེ་ཆེན་པོར་ཕྱག་འཚལ་ལོ༔ མེ་ཕོ་རྟའི་ལོ་ལ་ཆོས་འཁོར་དཔལ་གྱི་བསམ་ཡས་ཀྱི་བྱང་ཆུབ་སེམས་བསྐྱེད་གླིང་གི་གཙུག་ལག་ཏུ་སློབ་དཔོན་ཆེན་པོས་བདག་ཅག་རྗེ་འབངས་རྣམས་ལ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་རྒྱུད་ལུང་གདམས་པ་ལས་མཐའ་དང་བཅས་པ༔ ཆོས་འཁོར་ཆེན་པོ་འབྱོངས་པའི་གྲོལ་སྟོན་དུ་གནང་བའི་ཚེ༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་དང་༔ ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ འགོས་པདྨ་གུང་བཙན༔ ལོ་ཆེན་བཻ་རོ་ཙ་ན་ལ་སོགས་པ་ཐམས་ཅད་ཀྱིས་རིན་པོ་ཆེའི་མཎྜལ་སྣ་ཚོགས་ཕུལ་ནས་མགྲིན་གཅིག་ཏུ་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ དུས་གསུམ་མཁྱེན་པ་གུ་རུ་རིན་པོ་ཆེ་ལགས༔ ཁྱེད་ཀྱིས་ད་ལྟ་བདག་ཅག་རྣམས་ལ་བཀའ་སྩལ་བའི་ཟབ་ཆོས་ཀྱི་གདམས་པ་འདི་བཀའ་མར་སྤེལ་ལམ་གཏེར་དུ་སྦ༔ ཞེས་ཞུས་པས་གྷུ་རུ་རིན་པོ་ཆེའི་ཞལ་ནས༔ གུས་པས་ཉོན་ཅིག་འདིར་ཚོགས་སྐལ་ལྡན་རྣམས༔ ཟབ་པའི་གདམས་པ་འཕགས་པའི་ཆོས་སྐོར་འདི༔ བཀའ་རུ་མི་སྤེལ་བཀའ་རྒྱས་ལེགས་པར་ཐོབ༔ འདི་ནས་ནུབ་ཕྱོགས་མང་ཡུལ་ལུང་པ་ན༔ ཀ་ཆེན་བཅུ་དྲུག་བཀོད་པས་ཁྱད་པར་འཕགས༔ བྱམས་པ་སྤྲིན་ཞེས་བྱ་བའི་གཙུག་ལག་ཏུ༔ ལཱ་སེ་དཀར་མོའི་ཐུགས་ཀར་གཏད་རྒྱས་ཐོབ༔ འབར་མ་བྱ་ཞོན་གཏེར་གྱི་སྲུང་མར་བཅོལ༔ རྒྱུད་མཆོག་ཆེན་པོ་མ་རིག་མུན་སེལ་འདི༔ གཡའ་རིའི་གོང་གི་རི་བོའི་ཞོལ་འདབས་ན༔ སྡེ་བརྒྱད་རྣམས་དང་དམ་ཅན་རྡོ་རྗེ་ལེགས༔ བྱེ་མ་རབ་ཀར་དམ་ལ་བཏགས་པའི་ཚེ༔ འཕགས་པའི་ཐུགས་རྗེའི་དགོངས་པའི་དྲོད་གཏད་ནས༔ དྲེགས་སེམས་ཟིལ་མནན་ཡེ་ཤེས་ཏིང་འཛིན་ཕོག༔ རྡོ་རྗེ་སྙིང་རྫོང་བྲག་ལ་རྒྱུད་གཏེར་སྦས༔ བཀའ་ཡི་སྲུང་མ་རྡོ་རྗེ་ལེགས་པར་བཅོལ༔ དེ་ཕྱིར་རྒྱུད་དང་གདམས་པ་འདི་གཉིས་པོ༔ འདི་ནས་ཕྱི་མ་མ་འོངས་རིང་འདས་དུས༔ མང་ཡུལ་ནམ་མཁའ་ཁྲག་མདོག་ཡང་ཡང་འོང་༔ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབས༔ དེ་ཚེ་པདྨ་གུང་བཙན་སྐྱེ་བའི་མཐའ༔ སཱུརྱ་སིང་ཧ་ཞེས་བྱས་གདམས་པ་འབྱིན༔ བསྟན་དང་འགྲོ་ལ་བདེ་སྐྱིད་སྤེལ་བ་འོང་༔ རྟེན་འབྲེལ་འཕྱུགས་ན་ཟབ་ཆོས་འདི་མི་ལོན༔ རིགས་བརྒྱུད་འཆད་དམ་སྐུ་ཚེ་གདུལ་བྱ་རྒུད༔ ཡོལ་མོ་གངས་ཀྱི་རི་ལ་བསྒྲུབས་ན་དགེ༔ དེ་འདས་མི་ལ་ལུས་ཆས་ཡ་མ་ཟུང་༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་འབྱུང་ཞིང་༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་འབྱུང་དུས༔ ཀླུ་དབང་སྐྱེ་མཐའ་ཉི་མ་གྲགས་པ་ཡིས༔ སྨོན་ལམ་འབྲེལ་བས་གདམས་པ་འདི་ཉིད་འབྱིན༔ སྒྲུབ་ལ་བརྩོན་ཏེ་གསང་རྒྱ་མཐར་ཕྱིན་ན༔ ཆོས་བདག་སྲུང་མས་རྒྱུད་བསྐུལ་འགྲོ་དོན་འཕེལ༔ ང་ཡི་གཏེར་སྦས་དོན་ཡོད་བྱེད་པ་འབྱུང་༔ ཅེས་གསུངས་པས་བདག་ཅག་རྗེ་འབངས་རྣམས་ཀྱིས་ཕྱག་དང་བསྐོར་བ་མང་དུ་བྱས་ནས༔ རྒྱལ་པོས་གསེར་ཕྱེ་བྲེ་གང་གི་མཎྜལ་དང་བཅས་ཏེ་འདི་སྐད་ཞུས་སོ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ རྒྱུད་དང་གདམས་པ་འདིའི་གཏེར་དང་ལུང་བྱང་གསུངས་པ་སྐུ་དྲིན་ཆེ་ལགས༔ པདྨ་གུང་བཙན་དང་ཀླུ་དབང་གི་སྐྱེ་མཐའ་གཉིས་ལ་རྟེན་འབྲེལ་ཡོད་པར་གསུངས་ན་གང་གིས་སྤྱོད༔ འགྲོ་དོན་གང་ལ་བབས་ན་ཆེ༔ ཆོས་བདག་གི་སྐྱེས་བུ་ཅི་འདྲ་འབྱོན་ཞེས་ཞུས་པས༔ སློབ་དཔོན་ཆེན་པོའི་ཞལ་ནས་འདི་སྐད་གསུངས་སོ༔ ཉོན་ཅིག་ཆོས་རྒྱལ་རྗེ་འབངས་དད་ལྡན་རྣམས༔ ཉང་སྨད་ཉི་མ་མདོ་ན་རྫོང་འབྱུང་ཞིང་༔ གཙང་དུ་བདུད་སྤྲུལ་མི་མགོ་བྲན་གྱིས་བྱེད༔ ལྷོ་བྱང་རྒྱལ་པོས་མཚོན་གྱི་རྩེ་ར་འཆའ༔ གཉིས་ཀ་མཉམ་རྗེས་ཤུལ་ཙམ་མེད་པ་འབྱུང་༔ དེ་དུས་གདམས་པའི་སྙིང་པོ་དམ་པ་འདི༔ གཏེར་སྟོན་སཱུརྱ་སིང་ཧ་དང་ཕྲད་ན༔ སངས་རྒྱས་བསྟན་དང་འགྲོ་ལ་རྒྱ་ཆེན་ཕན༔ འོན་ཀྱང་ད་ལྟའི་སྨོན་ལམ་རྟེན་འབྲེལ་གྱིས༔ ལོག་པའི་སྐྱེས་བུ་རང་གི་འཁོར་དུ་འོང་༔ ཐབས་དང་རྟེན་འབྲེལ་ཡ་མ་ཟུང་དུ་སྒྲིག༔ ཟབ་མོའི་གདམས་པ་འདི་ཉིད་ལུས་ཀྱང་སྲིད༔ དེ་འདས་འོག་ཏུ་ཀླུ་དབང་སྐྱེ་མཐའ་ནི༔ སཱུརྱ་ཀིརྟིས་ཆོས་འདི་སྤྱོད་པ་འབྱུང་༔ གཙང་དབུས་ཁམས་གསུམ་འཁྲུག་ཅིང་དྭངས་སྙིགས་འབྱེད༔ ཆོས་ཀྱི་རྒྱལ་པོའི་སྨོན་ལམ་མཐུ་བཙན་པས༔ བྱང་ཆུབ་སེམས་དཔའ་སྙིང་སྟོབས་ལྡན་པའི་བུ༔ འགྲོ་བའི་སྐྱབས་མགོན་བསྟན་པའི་རྩ་ལག་གཅིག༔ དབུས་ནས་འབྱུང་ཞིང་མདོ་སྔགས་བསྟན་པ་འཛིན༔ རྒྱ་མཚོའི་མིང་ཅན་ཕྲིན་ལས་ཕྱོགས་བཅུར་ཁྱབ༔ གདམས་པ་འདི་འཕྲོད་བསྟན་འགྲོའི་བདེ་ལེགས་བསྐྲུན༔ རྩ་བའི་རྒྱལ་མཚན་ཆོས་ཀྱི་ཐེག་པའི་ཏོག༔ སྒྲིབ་པ་རྣམ་སེལ་སྤྲུལ་པ་བཀྲ་ཤིས་མིང་ཆོས་ཀྱི་སེམས་དཔས་ཆོས་འདི་བླ་མ་མཆོད༔ ནམ་སྙིང་སྤྲུལ་པ་གསང་མཚན་བཛྲ་རམ་དཔལ་ལམ་དབང་ཕྱུག་མིང་ཅན་ཆོས་འདི་ངང་གིས་སྤྱོད༔ འཇམ་དབྱངས་སྤྲུལ་པ་ཡར་ཀླུངས་འཇམ་དཔལ་མིང་ཕྱག་རྡོར་སྤྲུལ་པ་འཇང་ནས་ནོར་བུའི་མིང་རྟ་མགྲིན་སྤྲུལ་པ་དབུས་ནས་ངག་གི་མིང་༔ ཀུན་བཟང་སྤྲུལ་པ་ཁམས་ནས་སྙིང་པོའི་མིང་༔ བྱམས་པའི་སྤྲུལ་པ་སྤོ་བོར་ཡེ་ཤེས་མིང་ས་སྙིང་སྤྲུལ་པ་མདོ་སྨད་ཡེ་ཤེས་མིང་༔ འདི་བརྒྱད་བྱང་ཆུབ་སེམས་དཔའ་རྣམ་བརྒྱད་སྤྲུལ༔ འཕགས་པའི་སྤྲུལ་པས་འཕགས་པའི་བསྟན་པ་སྐྱོང་༔ ཆོས་འདིས་འགྲོ་དོན་རིམ་བརྒྱུད་ངང་གིས་བྱེད༔ ཅོག་རོའི་སྤྲུལ་པས་ཆོས་འདིའི་སྒྲོན་མེ་སྦར༔ ལྷ་སྲས་སྤྲུལ་པས་བསྟན་ལ་ཕན་པ་སྐྱོང་༔ བཻ་རོའི་སྤྲུལ་པས་བསྟན་པའི་སྲོག་ཤིང་འཛིན༔ བདུད་འཇོམས་སྤྲུལ་པས་འཕྲིན་ལས་གསལ་ཆ་བྱེད༔ གཡུ་སྒྲའི་སྤྲུལ་པས་བདག་གཞན་དཔལ་ལ་སྤྱོད༔ གྲགས་པའི་མིང་ཅན་སྒྲུབ་པ་མཐའ་རུ་སྐྱེལ༔ ཆོས་ཀྱི་མིང་ཅན་གཞན་རྒྱུད་དགེ་ལ་བསྐུལ༔ དཔལ་གྱི་མིང་གིས་སྟོད་ནས་རྒྱས་པར་བྱེད༔ དཀོན་མཆོག་མིང་གིས་དག་སྣང་གཞན་རྒྱུད་བསྐུལ༔ འདི་དགུ་དཀྱིལ་འཁོར་འཛིན་པའི་སྐལ་ལྡན་མཆོག༔ གཞན་རྒ་ལྟའི་བོད་འབངས་འདིར་ཚོགས་རྣམས༔ དལ་འབྱོར་ལུས་ལེན་གསང་སྔགས་ཆོས་འདིར་སྤྱོད༔ སྐྱེས་པ་བུད་མེད་ཁྱེའུ་དགེ་སྦྱོང་དང་༔ དགེ་བའི་བཤེས་གཉེན་སློབ་དཔོན་སྔགས་པ་སོགས༔ མང་དུ་ཚོགས་ཤིང་གདམས་པ་འདི་ལ་སྤྱོད༔ འབྲེལ་ཐོགས་ཐམས་ཅད་འཁོར་བ་མཐའ་ཅན་བྱེད༔ དབང་བཞི་ཐོབ་རྣམས་ཐར་པར་སྨོས་ཅི་དགོས༔ ཚུལ་བཞིན་ཉམས་བླངས་བདེ་བ་ཅན་དུ་སྐྱེ༔ དེ་བས་མ་འོངས་རྣམས་ཀྱིས་དང་དུ་ལོང་༔ ཅེས་གསུངས་པ་དང་བདག་ཅག་རྣམས་ཀྱིས་ཞུས་པ༔ སློབ་དཔོན་ཆེན་པོ་འོ་ན་ཟབ་མོའི་བསྟན་པ་འདི་ཉིད་ཕྱོགས་གང་དུ་དར་བ་འོང་ཞུས་པས་འདི་སྐད་གསུངས་སོ༔ ཟབ་དོན་གདམས་པ་ཉི་མའི་བསྟན་པ་འདི༔ ཤར་ཕྱོགས་རྒྱས་ན་རྟེན་འབྲེལ་མཆོག་ཡིན་ཞིང་༔ ལྷོ་ཕྱོགས་དར་ན་འགྲོ་དོན་ངང་གིས་བྱེད༔ ནུབ་ཏུ་བསྟན་ན་ཅུང་ཟད་རྒུད་ཀྱང་སྲིད༔ བྱང་ཤར་མཚམས་སུ་དར་རྒྱས་བསྟན་ཡུན་ཐུང་༔ གང་ཟག་བརྟག་མཁས་གདམས་པ་སྤེལ་མཁས་ན༔ འགྲོ་བའི་དོན་ཆེན་ས་ཆེན་ཡོངས་ལ་ཁྱབ༔ སྔོན་ལུང་མ་སྟོན་གདམས་པ་ནུར་འགྲོས་སྦྱིན༔ ལུང་བྱང་ཆོས་སྲུང་གསལ་ཆ་ངེས་པའི་ཚེ༔ གང་ཟག་ཁམས་དང་བསྟུན་ཏེ་ལུང་བསྟན་སྤྲོ༔ ཞིམ་པོའི་ལྟོ་ཚོད་མ་ཟིན་སྐྱུག་ནས་འོང་༔ ཆེ་དྲེགས་ཆོས་བརྒྱད་རྙེད་པ་བཀུར་བསྟིའི་ཕྱིར༔ བཟང་པོའི་ལུང་བསྟན་འདོད་ལ་ཉམས་ལེན་མེད༔ དེ་འདྲའི་ཆོས་བདག་ལུང་བྱང་གསལ་ན་ཡང་༔ ལུང་བསྟན་གབ་རྒྱ་གདམས་པ་སྦོས་ཤིག་རྒྱ༔ ཆོས་ལ་དད་བརྩོན་ཉམས་ལེན་བརྩོན་འགྲུས་ལྡན༔ ངེས་ཤེས་བསྐྱེད་ཕྱིར་ལུང་བྱང་དབུགས་དབྱུང་བྱ༔ བདག་གཞན་འབྲེལ་ཚད་བྱང་ཆུབ་དོན་ལྡན་འོང་༔ གདམས་པ་སྤྱོད་མཁས་གྱིས་ཤིག་སྐལ་ལྡན་བུ༔ ཅེས་གསུངས་པ་རྣམས་མཁའ་འགྲོ་བརྡའི་ཡི་གེར་བཏབ་སྟེ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཏུ་གཏེར་དུ་སྦས་པའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་གཉན་རྒྱ༔ དམ་གསང་རྒྱ༔ ཨི་དན་ཏེ་རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།

མཆོད་འབུལ་དུས་སུ་སྣ་བདུན་གྱི་ཟུར་རྒྱན།

ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཇི་སྙེད་ན༔ འཁོར་ལོ་རིན་ཆེན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཙཀྲ་རཏྣ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ༴ སྟོང་གསུམ་འཇིག་རྟེན༴ ནོར་བུ་རིན་ཆེན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས༴ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་མ་ཎི་རཏྣ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ༴ སྟོང་གསུམ་འཇིག་རྟེན༴ བཙུན་མོ་རིན་ཆེན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས༴ ཨཱོཾ་ཨཱ༔ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ས་ཏྲི་རཏྣ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན༴ སྟོང་གསུམ་འཇིག་རྟེན༴ བློན་པོ་རིན་ཆེན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས༴ ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃཿ ཨཱོཾ་པུཪྵ་རཏྣ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ༴ སྟོང་གསུམ་འཇིག་རྟེན༴ གླང་པོ་རིན་ཆེན་ཇི་སྙེད་ཡོད་པ་ཀུན། དཀྱིལ་འཁོར་ལྷ་ཚོགས༴ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧ་སྟི་རཏྣ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ༴ སྟོང་གསུམ་འཇིག་རྟེན༴ རྟ་མཆོག་རིན་ཆེན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས༴ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཨ་ཤྭ་རཏྣ་སརྦ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ མ་རིག་མུན་སེལ༴ སྟོང་གསུམ་འཇིག་རྟེན༴ དམག་དཔོན་རིན་ཆེན་ཇི་སྙེད་ཡོད་པ་ཀུན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ༔ ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཁཏྒ་རཏྣ་སརྦ་པཱུ་ཙ་ཨཱཿཧཱུཾ༔

བདུད་རྩི་ཁཱ་ཧི།

༈ བདུད་རྩི་ཁཱ་ཧི་ནི། ཨཱོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འཁོན་ཆེན་ཀླུ་ཡི་དབང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་ཉི་མ་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཨོ་རྒྱན་བསྟན་འཛིན་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འཕགས་མཆོག་མ་རིག་མུན་སེལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྷཀྐི་གསང་ཡེ་དམར་མོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དབང་ཆེན་ཁྲོ་རྒྱལ་རྟ་མགྲིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྲས་མཆོག་ནོར་བུ་འཛིན་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྲས་མོ་གསང་སྔགས་འཛིན་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བདེ་གཤེགས་རིགས་ལྔ་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བྱང་ཆུབ་སེམས་མ་བརྒྱད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འགྲོ་འདུལ་ཐུབ་པ་དྲུག་གི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བསྐལ་བཟང་སངས་རྒྱས་སྟོང་གི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྒོ་བ་ཁྲག་འཐུང་ཡབ་ཡུམ་བརྒྱད་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བཀའ་སྲུང་ཡེ་ཤེས་མགོན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། གཏེར་སྲུང་བྱ་རོག་གདོང་གི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི།

ཕྱག་རྒྱའི་རྩ་ཚིག

༈ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ཕྱག་རྒྱའི་རྩ་ཚིག་བཞུགས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྭཱ་བྷཱ་ཝ་ལ། ལག་གཉིས་ཐལ་མོ་སྦྱར་བའི་སོར་མོ་རྣམས་ཅུང་ཟད་བསྐུམ་པ་ཐལ་མོ་ཁོང་སྟོང་གི་ཕྱག་རྒྱའོ། །སརྦ་པཉྩ་ལག་སོར་རྣམས་བསྣོལ་མཐེ་བོང་གཉིས་མཛུབ་མོའི་འཁྲིག་མར་བཞག་པ་བདུད་རྩི་བསྐྱིལ་བའི་ཕྱག་རྒྱའོ། །མ་ཧཱ་བ་ལིངྟ་སྲིན་མཛུབ་གཉིས་གྱེན་དུ་བསླང་བའི་རྩ་བ་ནས་མཐེ་བོང་གཉིས་ཀྱིས་བརྟེན་པ་བ་ལིངྟའི་ཕྱག་རྒྱའོ། །མ་ཧཱ་རཀྟ་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྲད་ལག་སོར་གཞན་རྣམས་ནང་དུ་བསྐུམ་པ་རཀྟའི་འབྱུང་གནས་ཀྱི་ཕྱག་རྒྱའོ། །བཛྲ་པུཥྤེ་ལག་སོར་བཅུ་ཁ་གྱེན་ལ་ཕྱེ་བ་མེ་ཏོག་པདྨའི་ཕྱག་རྒྱའོ། །བཛྲ་དྷུ་པེ་ལག་གཉིས་ཁ་ཕྱིར་གདེང་མཐེ་བོང་མཛུབ་མོ་རྣམས་རྩེ་སྤྲད་སོར་མོ་གཞན་རྣམས་ཁ་གདེང་བ་དྲིའི་ཕྱག་རྒྱའོ། །བཛྲ་ཨཱ་ལོ་ཀེ་སོར་མོ་རྣམས་ནང་དུ་བསྐུམ་ཞིང་མཐེ་བོང་གཉིས་གྱེན་ལ་བསླངས་པ་སྣང་གསལ་གྱི་ཕྱག་རྒྱའོ། །བཛྲ་གྷནྦྷེ་ལ་ལག་གཉིས་ཁ་ཕྱིར་གདེང་སོར་མོ་རྣམས་གྱེན་ལ་བསླང་མཛུབ་མོ་གཉིས་ཀྱིས་མཐེ་བོང་མནན་པ་བྱུག་པ་དྲིའི་ཕྱག་རྒྱའོ། །བཛྲ་ནཻ་ཝི་ཏེ་སྲིན་ལག་གཉིས་གྱེན་དུ་བསླངས་བའི་རྩ་བ་ནས་མཐེ་བོང་གཉིས་ཀྱིས་བརྟེན་པ་ཞལ་ཟས་གཏོར་མའི་ཕྱག་རྒྱའོ། །བཛྲ་ཤཔྟ་ལག་འཁྲིག་གཉིས་སྟེང་འོག་བསྣོལ་བའི་སེ་གོལ་གཏོག་པ་རོལ་མོ་སྒྲའི་ཕྱག་རྒྱའོ།། ༈ བསྟོད་པའི་ཕྱག་རྒྱ་དང་པོ་མཉམ་གཞག་འཁོར་འདས་མཉམ་ཉིད་ཀྱི་ཕྱག་རྒྱའོ། །གཉིས་པ་རྡོ་རྗེ་འཆང་དང་པོ་གཡས་འཕྲེང་འདྲེན་གཡོན་དཔྱི་སྟེང་ཚེ་བུམ་འཛིན་པ་ཕྱག་མཚན་བརྡའི་ཕྱག་རྒྱའོ། །གསུམ་པ་དབུ་གཡོན་ནས་གཡས་བ སུ་བསྐོར་བ་རིགས་ལྔ་དང་དོ་ཤལ་པུས་སྟེང་གཡོན་དུ་ཕབ་ནས་གཡས་སུ་བསྐོར་བ་རིན་ཆེན་རྒྱན་ཕྲེང་གི་ཕྱག་རྒྱའོ། །བཞི་པ་གཡོན་མཉམ་གཞག་གཡས་ཐུགས་ཀར་གདེངས་ནས་མཐེབ་མཛུབ་སྦྱར་བ་གསུང་ཆོས་འཆད་ཀྱི་ཕྱག་རྒྱའོ། ལྔ་པ་ལག་གཉིས་མཉམ་གཞག་ཏིང་འཛིན་ཐུགས་ཀྱི་ཕྱག་རྒྱའོ། །དྲུག་པ་ལག་གཡས་རྡོར་དྲིལ་ཟུང་གཅིག་འཆང་ནས་པུས་སྟེང་གཡོན་ནས་གཡས་སུ་འཁྱེར། ཕྲག་པ་གཡས་ནས་གཡོན་དུ་བསྐོར་མདུན་དུ་དྲིལ་བུ་གསིལ་བ་ཤེས་རབ་ཡུམ་གྱི་ཕྱག་རྒྱའོ། །བདུན་པ་རྡོར་དྲིལ་གཡས་ཀྱིས་ཁྱེར་ནས་སྤྱི་བོར་བསྐོར་ཏེ་ཐུགས་ཀར་དཀྲོལ་བ་གཙུག་རྒྱན་རིགས་བདག་གི་ཕྱག་རྒྱའོ། །བརྒྱད་པ་གཡས་གདེངས་གཡོན་མཉམ་གཞག་གཡོན་གདེངས་གཡས་མཉམ་གཞག་ཕྲེང་འདྲེན་ཐབས་ཤེས་ལྕམ་དྲལ་གྱི་ཕྱག་རྒྱའོ། །དགུ་པ་གཡས་རྡོ་རྗེ་འཕྱར་གཡོན་དྲིལ་བུ་དཀུར་བརྟེན་པ་རྟ་མགྲིན་ཁྲོས་པའི་ཕྱག་རྒྱའོ། །བཅུ་པ་གཡས་གྱི་མཛུབ་མོ་བརྐྱང་བའི་འཕྲོས་གཡོན་གྱི་མཛུབ་མོ་བརྐྱང་བ་རིགས་འདུས་རྣམ་སྣང་མཛུབ་མོས་འཐེན་པའི་ཕྱག་རྒྱའོ། །བཅུ་གཅིག་པ་སྐྱབས་སྦྱིན་སེམས་དཔའ་བརྒྱད་མཆོག་སྦྱིན་སེམས་མ་བརྒྱད་ཀྱི་ཕྱག་རྒྱའོ། །བཅུ་གཉིས་པ་ལག་མཁྲིག་གཉིས་བསྣོལ་མཐེབ་མཛུབ་བཞི་སྦྱར་སོར་མོ་གཞན་རྣམས་བསླངས་བ་ཆོས་འཁོར་ཐུབ་དྲུག་གི་ཕྱག་རྒྱའོ། །བཅུ་གསུམ་པ་ས་ནོན་དང་མཉམ་གཞག་སངས་རྒྱས་སྟོང་གི་ཕྱག་རྒྱའོ། །བཅུ་བཞི་པ་རྡོ་རྗེ་རྣམ་རོལ་བགེགས་མཐར་བྱེད་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ཕྱག་རྒྱའོ། །བཅོ་ལྔ་པ་རྡོར་དྲིལ་ཐལ་སྦྱར་དཀྱིལ་འཁོར་ཡོངས་རྫོགས་ལ་སྤྱི་ཕྱག་གི་ཕྱག་རྒྱའོ། །བཅུ་དྲུག་པ་མཆེད་ལྕམ་རྣམས་སྲིན་ལག་སྦྲེལ་བ་རྡོ་རྗེ་ལུག་རྒྱུད་འཛབ་ཀྱི་ཕྱག་རྒྱའོ། །བཅུ་བདུན་པ་གནས་གསུམ་དུ་རྡོ་རྗེས་རེག་པ་དངོས་གྲུབ་རྣམ་གཉིས་ཞུ་བའི་ཕྱག་རྒྱའོ།། ༈ སོར་མོ་བཅུ་རྒྱབ་སྤྲད་པ་འཁོར་ལོ་རིན་ཆེན་གྱི་ཕྱག་རྒྱའོ། །མཐེ བ་མཛུབ་བཞི་བ ཀུག་ནས་རྩེ་སྤྲད་གུང་མོ་གཉིས་རྩེ་སྦྱར་གཞན་སོར་བཞི་གྱེན་ལ་བསླང་བ་ནོར་བུ་རིན་ཆེན་གྱི་ཕྱག་རྒྱའོ། །ལག་གཉིས་ཐལ་སྦྱར་མཐེ་བོ་གཉིས་ནང་དུ་བཀུག་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ཕྱི་ནས་བརྟེན་པ་བཙུན་མོ་རིན་ཆེན་གྱི་ཕྱག་རྒྱའོ། །མཐེ་བོ་གཉིས་ཀྱིས་སྲིན་ལག་དང་མཐེའུ་ཆུང་གཉིས་མནན་མཛུབ་མོ་དང་གུང་མོ་བཞི་ཐུགས་ཀར་བསྣོལ་བ་དཔལ་བེའུ་བློན་པོ་རིན་ཆེན་གྱི་ཕྱག་རྒྱའོ། །གཡས་ཀྱི་གྲུ་ཚིགས་ནས་གཡོན་གྱིས་བཏེག་གུང་མོ་མཐུར་དུ་འཕྱང་བའི་སྟེང་ན་སོར་མོ་གཞན་རྣམས་བསྐུམ་ནས་སྤུངས་པ་གླང་པོ་རིན་ཆེན་གྱི་ཕྱག་རྒྱའོ། །མཛུབ་མོ་བསྣོལ་མཐེ་བོ་གཉིས་ཀྱིས་བརྟེན། གུང་མོ་དང་སྲིན་མཛུབ་བཞི་བརྐྱང་ནས་རྩེ་སྤྲད། མཐེའུ་ཆུང་གཉིས་ནང་དུ་བསྣོལ་ནས་བསྐུམ་པ་རྟ་མཆོག་རིན་ཆེན་གྱི་ཕྱག་རྒྱའོ། །མཛུབ་མོ་དང་གུང་མོ་བཞི་བརྐྱང་། གཞན་རྣམས་བསྐུམ་གཡས་ཀྱིས་གཡོན་ནས་གྲི་འཐེན་པའི་ཚུལ་གྱིས་བསྐོར་བ་དམག་དཔོན་རིན་ཆེན་གྱི་ཕྱག་རྒྱའོ། །ཟུར་བརྒྱན་སྣ་བདུན་དབུལ་བའི་ཕྱག་རྒྱའོ། །སརྦ་མངྒ་ལཾ།། །།

དབང་གི་ལག་ལེན།

༈ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དབང་གི་ལག་ལེན་བཞུགས། འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ། །དད་ལྡན་གྱིས་དབང་ཞུ་བའི་གསོལ་བ་བཏབ་པའི་ཡུལ་དུ། དུས་དང་གཟའ་སྐར་ཤིས་པའི་ཉིན་པར། གུར་རམ་དབང་གི་ཕོ་བྲང་གི་ཤར་དུ་ཆུ་གཏོར། ལྷོ་རུ་སཱཙྪ། ནུབ་ཏུ་བསྐལ་བཟང་། བྱང་དུ་བརྒྱ་བཞི། དབུས་ན་ཞི་བའི་སྦྱིན་སྲེག ཤར་ནུབ་དབུས་གསུམ་དཔལ་གང་བཟང་ནས་ས་བླང་། ས་འདུལ། ས་བརྟག །ངན་ན་གཞན་དུ་སྤོ། ས་སྦྱང་ཤུལ་དུ་བུམ་གཏེར་སྦ། དེ་ནས་ཆུ་བླང་། སྒྲུབ་ཁང་དུ་དྲི་བཟང་གི་ཆུ་འཐོར། སྟེགས་བུའི་འདམ་སྦོལ། མ་ཏྲཾ་གྱི་གཟུགས་བཟོ། དགུག་གཞུག་བསྟིམ་ནས་ཡན་ལག་དྲུག་བཅད་དེ་སྟེགས་བུའི་ཕྱོགས་སུ་འགོད། རྒྱལ་ཐོ་འཛུགས། དམ་སྲི་གནོན། སྒོ་བྱང་འདོགས། སྒོ་ཞུས། མཚམས་གཅོད། ཁྲུས། དཔུང་སྐུད། བྱིན་འབེབས། སོ་ཤིང་། ཀུ་ཤ །ཐིག་ཆོག ཚངས་ཐིག་གི་ནམ་མཁར་ལྷ་ཚོགས་བསྒོམ་ཞིང་མཆོད་བསྟོད་བསྡུས་པ་ཞིག་བྱེད། དེ་ནས་ཐིག་རྫོགས་པར་གདབ། ཚོན་བྱིན་གྱིས་བརླབ། རྡུལ་ཚོན་དགྲམ། ནམ་མཁའི་ལྷ་ཚོགས་ད་ལར་བསྟིམ། ལྷག་ཆད་གསོ། དབང་རྫས་རྣམས་སྟ་གོན་བྱ་ཞིང་རྒྱན་བཀོད་དགྲམ། བྱིན་འབེབས། ལས་གཞུང་བསྙེན་མཚམས་སུ་བསྐྱལ། བསྙེན་པ་ཁྲི་འབུམ་གྱིས་རྒྱུན་ལྡན་དུ་ཁ་གསོ། འཛབ་ཀྱི་སྔགས་དམིགས་སྤྲོ་བསྡུ་སྒྱུར། ཐུགས་དམ་བསྐུལ་ཆོག་གིས་བདག་འཇུག་བླང་། བཀའ་གཏེར་སྲུང་མ་མཆོད། ཚོགས་འཁོར་བསྐོར་ཞིང་ཕུད་འབུལ། བསྐང་བ་འདོན་ཞིང་བཤགས་པ་འབུལ། ཚོགས་ཐ་མ་བསྒྲལ་ནས་སྲུང་མའི་གཏོར་མར་དབུལ། དེ་ནས་དམ་ཆུ། མིག་དར། མེ་ཏོག་ཅོད་པ ན། མིང་དབང་དང་མིག་དབྱེ། དཀྱིལ་འཁོར་སྟོན། རྣམ་དག་བཤད། སྐྱབས་འགྲོ་སེམས་བསྐྱེད། སྡོམ་བཟུང་འབོགས། དངོས་གཞིའི་བྱིན་འབེབས། དབང་དོན་གསོལ་འདེབས། སྤྲོས་བཅས་བུམ་དབང་། སངས་རྒྱས་སྟོང་རྩ་གཉིས་སྒོ་བ་ཡབ་ཡུམ་ཡན་ཆད་དབང་རྣམས་དང་། སྤྲོས་མེད་གསང་དབང་ལ་སོགས་དབང་བཞིའི་མཇུག་ཏུ་མགོན་པོའི་དབང་སོགས་གཞན་མཐུན་བརྟག་སྟེ་སྦྱིན། ལྷག་མ་བསྔོ། ལྷག་ཆད་ཁ་བསྐང་ཞིང་སྨོན་ལམ་གཏོར་མ་སྐྱོང་། རྟ་བྲོ་བྱ། བཀྲ་ཤིས་བརྗོད། རྒྱལ་ཐོ་བསྡུ། དཀྱིལ་འཁོར་བསྡུ། རྡུལ་ཚོན་མཚོའམ་ཆུ་བོ་ལ་བསྐྱལ། གཏེར་སྦེད། ཡོན་དབུལ། མཆོད་གཏོར་ཚོགས་འཁོར་རྒྱས་པས་ལས་གཞུང་བསྲང་། བསྐྱེད་རྫོགས་མཐར་སྐྱེལ། གླུ་བྲོ་བརྩེ། དེ་ནུབ་གནས་སྲུང་། ཕྱིས་ནུབ་ལུས་སྲུང་འགྲོ། དབང་གི་སྒྲུབ་ཆེན་སྤྱི་འགྲོས་སུ་ཤེས་པར་བྱའོ། །སརྦ་མངྒ་ལཾ།། །།

སྒྲུབ་པའི་ཟིན་བྲིས།

༈ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒྲུབ་པའི་ཟིན་བྲིས་བཞུགས། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒྲུབ་པ་ཉམས་སུ་ལེན་པའི་གང་ཟག་གིས། །གནས་ཡིད་དང་མཐུན་པར་གཟའ་སྐར་ཤིས་པའི་ཉི་མ་ལ། ནུབ་བམ་དབུས་སོགས་དཔལ་གང་བཟང་གི་ས་ནས་ས་བླང་བ་ས་འདུལ་བ་ས་བརྟགས་པར་བྱ། མ་ལེགས་ན་གཞན་དུ་སྤོ། ས་སྦྱངས་ནས་ཤུལ་དུ་བུམ་གཏེར་སྦ། ཆུ་བླང་སྒྲུབ་ཁང་ནང་དུ་དྲི་བཟང་གི་ཆུ་འཐོར། སྟེགས་བུའི་འདམ་སྦོ ལ་ལ་མ་ཏྲཾ་གྱི་གཟུགས་བཟོ། དགུག་གཞུག་བསྟིམས་ནས་ཡན་ལག་དྲུག་བཅད་དེ་སྟེགས་བུའི་ཕྱོགས་སུ་འགོད། རྒྱལ་མཐོ་འཛུགས་དམ་སྲི་གནོན་སྒོ་བྱང་གདགས། ཐིག་ཆོག་བྱ་ཞིང་ཚངས་ཐིག་གི་ནམ་མཁར་ལྷ་ཚོགས་བསྒོམ་ཞིང་མཆོད་བསྟོད་བསྡུས་པ་ཞིག་བྱ། དེ་ནས་ཐིག་རྫོགས་པར་གདབ་ཚོན་བྱིན་གྱིས་བརླབ་ཅིང་དགྲམ། ནམ་མཁའི་ལྷ་ཚོགས་ད་ལར་བསྟིམ། ལྷག་ཆད་གསོ། སྒྲུབ་རྫས་རྣམས་སྟ་གོན་བྱ་རྒྱན་བཀོད་དགྲམ་བྱིན་འབེབས། ལས་ཀྱི་གཞུང་བསྲང་བསྙེན་པ་དང་སྒྲུབ་པ་སོགས་ཀྱི་དམིགས་པ་གནད་དུ་བསྣུན། སྐབས་སྐབས་སུ་འཛབ་དགོངས་ཀྱི་སྔགས་དམིགས་སྒྱུར། འཚུབ་ནམ་བྱུང་གཏོར་མ་འབུལ་ཞིང་ཉུ་ལེ་བསྐྲད། བཟང་ལྟས་ནམ་བྱུང་གི་དུས་སུ་དགའ་བྲོད་ཀྱི་བདུད་མ་ཞུགས་པའི་ངང་ནས་ལས་བྱང་གི་ཐུགས་དམ་བསྐུལ་ཆོག་ལ་ཁོག་འབུབ་ཀྱི་ཐོད་ཆང་ལ་བརྟེན་དངོས་གྲུབ་ལེན་ཆོག་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་གདབ། བཀའ་གཏེར་གྱི་བསྲུང་མ་མཆོད། ཚོགས་ཀྱི་འཁོར་ལོ་བསྐོར་བསྐང་བ་སོགས་སྒྲུབ་པ་མཐར་མ་ཕྱིན་གྱི་བར་བརྩོན་པར་བྱ། སྒྲུབ་པ་ལ་ཞུགས་དུས་དང་གྲོལ་དུས་གཉིས་མ་གཏོགས་ལྷག་མ་ཆད་ཐོ་བསྟན་མ་སོགས་བཀའ་བསྲུང་གི་གཏོར་མ་འབུལ། སྒྲུབ་པ་གྲོལ་ཉིན་སྐྱ་རེངས་དང་པོའི་དུས་སུ་དངོས་གྲུབ་ཞུ་ཞིང་ལྷག་ཆད་བསྐང་། སྨོན་ལམ་བཏབ་གཏོར་མ་སྐྱོང་། ལྟ་བྲོ་བཀྲ་ཤིས་རྒྱལ་ཐོ་དང་དཀྱིལ་འཁོར་རྣམས་བསྡུ། རྡུལ་ཚོན་བསྐྱལ། གཏེར་སྦ། མཆོད་གཏོར་ཚོགས་འཁོར་ལས་གཞུང་བསྲང་བསྐྱེད་རྫོགས་མཐར་སྐྱེལ། བཀྲ་ཤིས་གླུ་བྲོ་རྩེ། གནས་སྲུང་ལུས་སྲུང་སྒྲུབ་རྫས་གཞན་ལ་སྦ། ཞི་སྒྲུབ་ཕལ་ཆེར་གྱི་སྤྱི་འགྲོས་སརྦ་མངྒ་ལཾ། །ཞེས་པ་གཏེར་སྟོན་ཉིད་ཀྱིས་སྦྱར་བའོ།། །།

བུམ་སྒྲུབ་ཀྱི་རྒྱུག་བྱང་ལག་ལེན་གྱི་རིམ་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་བུམ་སྒྲུབ་ཀྱི་རྒྱུག་བྱང་ལག་ལེན་གྱི་རིམ་པ་བཞུགས་སོ། །སྒྲུབ་གནས་སྒྲུབ་ཁོག་ལྟར་དཔྱད་པའི་སའམ་སྐབས་སུ་གང་བབས་སུ། དུས་ཀྱང་དབྱར་མ་སྟོན་ནམ་དཔྱིད་ཟླ་ར་བར་གཟའ་སྐར་ཤིས་པའི་ཉི་ཁྱིམ་ལ། སྒྲུབ་ཁང་གི་ཤར་དུ་ཆུ་གཏོར། ལྷོ་ན་སཱཙྪ། ནུབ་ཏུ་གསུང་རབ། བྱང་དུ་བརྒྱ་བཞི། དབུས་ན་སྦྱིན་སྲེག་འདེབས། དེ་ནས་ལྷོ་ནུབ་དབུས་གསུམ་དཔལ་གང་བཟང་ནས་ས་བླང་བ་འདུལ་བ་བརྟག་པར་བྱ། མ་ལེགས་ན་གཞན་དུ་སྤོ། དེ་ནས་ས་སྦྱངས་ཤུལ་དུ་བུམ་གཏེར་སྦ། དེ་ནས་ཆུ་བླངས། སྒྲུབ་ཁང་ལ་དྲི་བཟང་གི་ཆུ་འཐོར། སྟེགས་བུའི་འདམ་སྦོལ། མ་ཏྲཾ་གྱི་གཟུགས་བཟོ། དགུག་གཞུག་བསྟིམས་ཤིང་གིང་པས་བསྒྲལ་ནས་ཡན་ལག་དྲུག་བཅད་དེ་སྟེགས་བུར་ཕྱོགས་འ ཚམས་རྣམས་སུ་འགོད། རྒྱལ་ཐོ་འཛུགས། དམ་སྲི་གནོན། སྒོ་བྱང་གདགས། འདུས་པ་རྣམས་ཀྱིས་རྒྱལ་ཐེབས་ལ་སྒོ་ཞུས་བྱེད། རྡོ་རྗེ་སློབ་དཔོན་གྱིས་སྐྱབས་སེམས་སྡོམ་བཟུང་བྱིན་འབེབས་ཡན་བྱ། དེ་ནས་ཐིག་ཆོག་བྱ། ཚངས་ཐིག་གིས་ནམ་མཁར་ལྷ་ཚོགས་བསྒོམ་ཞིང་མཆོད་བསྟོད་བསྡུས་པ་ཞིག་བྱེད། དེ་ནས་དཀྱིལ་འཁོར་གྱི་ཐིག་རྫོགས་པར་གདབ། ཚོན་བྱིན་གྱིས་བརླབ། རྡུལ་ཚོན་གདབ་ཅིང་ནམ་མཁའི་ལྷ་ཚོགས་ད་ལར་བསྟིམ། ལྷག་ཆད་གསོ། བུམ་བ་སྟ་གོན་བྱ། བུམ་སྒྲུབ་ཀྱི་བུམ་པ་འགོད་པའི་མཇུག་ཏུ་རྒྱན་བཀོད་དགྲམ། བྱིན་དབབ། ཞལ་བཀོད་གདབ། ལས་གཞུང་རྒྱུན་ཏུ་ནར་མར་བསྲང་། བསྙེན་པ་དང་བུམ་སྒྲུབ་ཀྱི་འཛབ་བསྙེན་ལྟར་བཟླ་ཞིང་ཁྱད་པར་བསྐྱེད་རྫོགས་ཀྱི་རིམ་པ་ལ་བརྩོན་པ ས་འབད། དུས་བཞིར་ལྷག་མཆོད་ཡན་ཐེམ་པར་བྱ། དགོང་མོ་ཆད་ཐོ་བསྟན་སྐྱོང་ལག་ལེན་ལྟར་མཆོད་གཏོར་རམ་བཀའ་སྲུང་གཏོར་མའི་མདུན་དུ་དབུལ། སྒྲུབ་པ་མ་གྲོལ་གྱི་བར་དུ་ཉིན་རེ་བཞིན་ཞལ་བཀོད་ལན་གསུམ་རེ་གདབ། ཉུལ་ལེ་འཚུབ་ཆེ་ཆུང་ལྟར་ཕྱི་ནང་གསང་གསུམ་གྱི་རིམ་པས་ཐུན་དྲུག་གམ་དུས་གསུམ་དུ་ཆག་མེད་བསྐྲད། ཐོད་ཆང་བྱིན་གྱིས་བརླབ་ཅིང་དངོས་གྲུབ་ལེན་ཆོག་གིས་བསྐུལ་ཏེ་སུ་ར་ཏ་ཕུད་སྐྱོགས་ཀྱིས་འདུས་པ་རྣམས་ལ་བཀྲམ་ཞིང་དངོས་གྲུབ་ཞུ་བའི་དམིགས་པ་གནད་དུ་བསྣུན། དེ་ནས་སྒྲུབ་པའི་ཞག་གྲངས་ཐེམས་ནས་སྐྱ་རེངས་དང་པོའི་དུས་སུ་གསོལ་བ་གདབ་ཅིང་སློབ་དཔོན་གྱིས་བུམ་དབང་བསྐུར་སྒྲུབ་ཁོག་གི་དངོས་གྲུབ་ལེན་ཆོག་མཇུག་ཏུ་སྦྱར། ཚེ་འགུགས་ཚེའི་དབང་བླང་ལྷག་ཆད་བསྐང་ཞིང་མཇུག་སྐྱོང་སྨོན་ལམ་གདབ་ཅིང་གཏོར་མ་སྐྱོང་། ལྟ་བྲོ་བྱ་ཞིང་བཀྲ་ཤིས་བརྗོད། རྒྱལ་ཐོ་བསྡུ་ཞིང་དཀྱིལ་འཁོར་བསྡུ་ཆོག་བྱ། རྡུལ་ཚོན་ཆུ་ལ་བསྐྱལ་ཞིང་བུམ་གཏེར་སྦ། ཡོན་དབུལ་བསྔོ་བ་བྱ། སླར་མཆོད་གཏོར་དང་ཚོགས་འཁོར་ལ་བརྟེན་ནས་ལས་གཞུང་བསྲང་ཞིང་བསྐྱེད་རྫོགས་མཐའ་རྒྱས་སྐྱོང་། བཀྲ་ཤིས་གླུ་གར་བརྩེ། དེ་ནུབ་གནས་མལ་སྲུང་། ཕྱིས་ནང་ལུས་སྲུང་སྟེ་འགྲོ། བུམ་སྒྲུབ་སྤྱི་འགྲོས་སུ་ཤེས་པར་བྱའོ། །ཞེས་པ་རིག་འཛིན་ཉི་མ་གྲགས་པས་སོ།། །།

མགྱོགས་དབང་གི་ལོ་རྒྱུས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་མགྱོགས་དབང་གི་ལོ་རྒྱུས་བཞུགས། ཁྱེད་རྣམས་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་དབང་སྦྱིན་པའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་མགོན་པོ་སྣང་བ་མཐའ་ཡས་ཀྱིས། འཁོར་ཕུན་སུམ་ཚོགས་པ་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་དང་པདྨ་རིགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། དུས་ཕུན་སུམ་ཚོགས་པ་ཐོག་མཐའ་དང་བྲལ་བའི་ཚེ། ཆོས་ཕུན་སུམ་ཚོགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་གསུངས་པ་སྤྲུལ་པའི་མཁའ་འགྲོ་མ་རྣམས་ཀྱིས་ཡི་གེར་བཏབ་སྟེ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་སྐད་ཞུས་སོ། སྟོན་པ་འོད་སྣང་དེ་བཞིན་གཤེགས༔ རྒྱུད་ཆེན་རྒྱུད་མཆོག་དམ་པ་འདི༔ བཀའ་བབས་ཆོས་བདག་གང་གིས་བྱེད༔ ཅེས་གསོལ་སྟོན་པས་བཀའ་སྩལ་བ༔ འདུས་པའི་འཁོར་རྣམས་ང་ལ་ཉོན༔ རྒྱུད་ཆེན་རྒྱུད་མཆོག་དྲི་མེད་འདི༔ ད་ལྟ་འཕགས་པའི་ཐུགས་དམ་བསྟིམ༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གསང་སྔགས་ཆོས་ཀྱི་འབྲས་བུ་སྨིན༔ དེ་དུས་ང་ཡི་ཐུགས་ཀྱི་སྤྲུལ༔ མཚོ་སྐྱེས་པདྨའི་སྡོང་པོ་ལས༔ པདྨ་འབྱུང་གནས་ཞེས་བྱ་འབྱུང་༔ སངས་རྒྱས་སྟོང་གི་འཕྲིན་ལས་སྐྱོང་༔ འཕགས་པ་ཁྱོད་དང་བཀའ་བགྲོས་བྱེད༔ དེ་ཚེ་རྒྱུད་མཆོག་དམ་པ་འདི༔ རྡོ་རྗེ་པདྨ་འབྱུང་ལ་ཐིམ༔ མི་མཇེད་འགྲོ་དྲུག་ཐབས་ཀྱིས་འདུལ༔ ཁྱད་པར་མཐའ་འཁོབ་གངས་ཁྲོད་དུ༔ འཕགས་པའི་སྤྲུལ་པས་རྐྱེན་བྱེད་དེ༔ འགྲོ་བ་མི་ཡི་གླིང་ཞིག་འབྱུང་༔ མདོ་སྔགས་ཆོས་ཀྱི་བསྟན་པ་དར༔ རྩོད་ལྡན་སྙིགས་མ་ལྔ་བདོའི་ཚེ༔ ལོག་འདྲེན་འགོང་པོ་སྟོབས་རྒྱས་པས༔ གཡོ་ཟོག་ཁྲམ་གསུམ་འཁོར་ལོ་བསྐོར༔ བསྟན་པ་ཐབས་ཀྱིས་བརླག་པའི་ཕྱིར༔ བདུད་སྤྲུལ་གོས་སེར་གྱོན་པ་མང་༔ སེམས་ཅན་བསོད་ནམས་དམན་པའི་ཕྱིར༔ ཧོར་སོག་དུ་རུ་ཀ་རྣམས་དར༔ མུ་སྟེགས་བསྟན་པ་ཤར་བའི་རྟགས༔ དགེ་བཤེས་རྣམས་ཀྱིས་དམག་དཔོན་བྱེད༔ འགོང་སྤྲུལ་མང་པོས་ཤེས་རྒྱུད་གཡོ༔ སེམས་བསྐྱེད་སྙིང་རྗེ་ཆུ་རུ་འཕོ༔ བྱང་སེམས་མང་པོ་དྲི་རུ་བཀུམས༔ བདུད་ཀྱིས་བྱིན་བརླབས་འཁྲུག་རྩོད་དར༔ འཕགས་པའི་ཐུགས་རྗེས་སྐྱོབ་དཀའ་ཡང་༔ སྨོན་ལམ་དག་པའི་སྟོབས་ཤུགས་ཀྱིས༔ ཆོས་འདིས་སྙིགས་དུས་འགྲོ་དོན་བྱེད༔ པད་འབྱུང་སྤྲུལ་པས་གཏེར་འདོན་ཞིང་༔ འཕགས་པའི་སྤྲུལ་པས་ཆོས་འདི་སྤེལ༔ སྐབས་ཤིག་འགྲོ་བ་བདེ་ལ་འགོད༔ ཅེས་གསུངས་པའི་གདམས་པ་རིན་པོ་ཆེ་འདི། ཆོས་འཁོར་བསམ་ཡས་འབྱོངས་པའི་གྲོལ་སྟོན་ཆོས་ཀྱི་ཕ་འབབས་སུ་གུ་རུ་རིན་པོ་ཆེས་བྱང་ཆུབ་སེམས་བསྐྱེད་གླིང་གི་གཙུག་ལག་ཁང་དུ། རྒྱུད་ལུང་གདམས་པ་དང་བཅས་པ་བཀའ་སྩལ་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ཏེ་གུ་རུས་ལུང་བསྟན་པ་བཞིན་དུ་མང་ཡུལ་ལུང་པ་གྲི་ཀྱོག་འདྲ་བའི་ནང་། ཀ་ཆེན་བཅུ་དྲུག་བཀོད་པས་ཁྱད་པར་འཕགས་པའི་གནས་མཆོག་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་གི མཁའ་གྲོ་ལཱ་སེ་དཀར་མོའི་ཐུགས་ཀ་ནས་གདམས་པ་ཡོངས་རྫོགས་རྣམས་དང་༔ རྒྱུད་ཆེན་པོ་མ་རིག་མུན་སེལ་རྡོ་རྗེ་སྙིང་རྫོང་སོགས་ནས་མེ་ཕོ་འབྲུག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཁམས་སྲིང་མོ་རྫོང་གི་སྒྲུབ་གནས་ཆགས་རུ་ཕུག་ནག་གུ་ཧ་ཀཱ་ལར་ཤོག་སེར་ལས་ཕབ་པའི་ཟབ་ཆོས་ཀྱི་དབང་དང་གདམས་བསྐོར་ཡོངས་སུ་རྫོགས་པ་འཕགས་པ་སེམས་ཉིད་ངལ་བསོའི་སྤྲུལ་པ་ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་མཐའ་ཁམས་པ་ཉི་མ་གྲགས་པས་བདག་ལ་གནང་བའི་ཟབ་ཆོས་ཁྱད་པར་པའི་དབང་བསྐུར་ཟབ་མོ་ཞུ་སྙམས་པའི་འདུན་པ་རྩེ་གཅིག་གིས་འདིའི་རྗེས་ཟློས་སོགས་བྱ། ཅེས་པ་འདི་ཡང་བློ་གྲོས་རྒྱ་མཚོའི་དོན་དུ་ཉི་མ་གྲགས་པས་བྲིས། སརྦ་མངྒ་ལཾ།། །།

བུམ་དབང་གི་མཚམས་སྦྱོར།

ཐུགས་རྗེ་ཆེན་པོའི་བུམ་དབང་གི་མཚམས་སྦྱོར་ཨོ་རྒྱན་འཕྲིན་ལས་རྒྱ་མཚོས་མཁས་མཁས་བྱས་ནས་སྦྱར་བ་ཡོད། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་སེལ་བའི་ལྷ་ཚོགས་རྣམས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། བུམ་པ་ལྔ་སྟ་གོན་གྱི་དུས་ནས་ཕྱོགས་བཞིར་དབུས་དང་ལྔར་འགོད་ཅིང་༔ གཙོ་བུམ་གྱི་དབང་གི་མཇུག་ཏུ་ཤར་གྱི་བུམ་པ་ཐོགས་ཏེ་དབང་བསྐུར་བ་ནི། ཧཱུྃ༔ བུམ་པ་རིན་ཆེན་ཕོ་བྲང་དབུས། །མེ་ལོང་ཡེ་ཤེས་གཞལ་ཡས་ན། །ཞེ་སྡང་རྣམ་དག་སྤྱན་རས་གཟིགས། །རྡོ་རྗེ་སེམས་དཔའི་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་བླུད། ལྷོ་ཡི་བུམ་པ་ཐོགས་ཏེ། ཧཱུྃ༔ བུམ་པ་རིན་ཆེན་ཕོ་བྲང་དབུས། །མཉམ་ཉིད་ཡེ་ཤེས་གཞལ་ཡས་ན། །ང་རྒྱལ་རྣམ་དག་སྤྱན་རས་གཟིགས། །རིན་ཆེན་འབྱུང་ལྡན་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ནུབ་ཀྱི་བུམ་པ་ཐོགས་ཏེ། ཧཱུྃ༔ བུམ་པ་རིན་ཆེན་ཕོ་བྲང་དབུས། །སོར་རྟོག་ཡེ་ཤེས་གཞལ་ཡས་ན། །འདོད་ཆགས་རྣམ་དག་སྤྱན་རས་གཟིགས། །སྣང་བ་མཐའ་ཡས་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ པདྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བྱང་གི་བུམ་པ་ཐོགས་ཏེ། ཧཱུྃ༔ བུམ་པ་རིན་ཆེན་ཕོ་བྲང་དབུས། །བྱ་གྲུབ་ཡེ་ཤེས་གཞལ་ཡས་ན། །ཕྲག་དོག་རྣམ་དག་སྤྱན་རས་གཟིགས། །དོན་ཡོད་གྲུབ་པའི་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཪྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་བརྗོད་བུམ་ཆུ་བླུད། དེ་ནས་ལྷ་དབང་རྣམས་རིམ་གྱིས་བསྐུར་བར་བྱའོ། །ཅེས་པ་འདི་གྷུ་རུ་རིན་པོ་ཆེ་ལས་གནང་བ་ཐོབ་སྟེ་བྲིས་པ་ཡིན་པས་བསྐུར་འདོད་པ་རྣམས་ཀྱིས་བསྐུར། མི་འདོད་པ་རྣམས་ཀྱིས་ཞོག རང་གང་འཐད་མཛོད་ལགས། སརྦ་མངྒ་ལཾ།། །།

འཕོ་བའི་གསོལ་འདེབས།

ཟབ་ལམ་འཕོ་བའི་གསོལ་འདེབས་བཞུགས་སོ། །ན་མོ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས། །རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ན་མོ་དེང་ནས་བཟུང་སྟེ་བྱང་ཆུབ་བར། །འགྲོ་དྲུག་འཁོར་བ་ལས་སྒྲོལ་ཕྱིར། །བྱང་ཆུབ་སེམས་མཆོག་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱིད། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས། །བདག་གཞན་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །དགེ་བ་བྱང་ཆུབ་འཐོབ་ཕྱིར་བསྔོ། །ཐམས་ཅད་སངས་རྒྱས་འཐོབ་པར་ཤོག །ཨཱོཾ་ཨཱཿཧཱུྃ་ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། ལོ་ཆེན་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །རིག་འཛིན་ཉི་མ་གྲགས་པ་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །ཨོ་རྒྱན་བསྟན་འཛིན་གྲགས་པ་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེགས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ། །ཅེས་སྦས་ཡུལ་སྐྱིད་མོ་གཤོང་གི་སངས་རྒྱས་གླིང་པའི་ཚོགས་དཔོན་ལགས་ཀྱིས་འཕོ་བའི་གསོལ་འདེབས་དགོས་གསུངས་པ་ལ། །ཨོ་རྒྱན་རིག་འཛིན་རྒྱ་མཚོས་གཟིག་ཚང་རོང་དུ་སྦྱར་བའོ།། སརྦ་མངྒ་ལཾ།། །།

ཟབ་ལམ་འཕོ་བའི་སྔོན་འགྲོ་སངས་རྒྱས་སྟོང་གི་མཚན་མདོ་ཐོས་པས་གྲོལ་ལམ་ཆེན་མོ།

ཟབ་ལམ་འཕོ་བའི་སྔོན་འགྲོ་སངས་རྒྱས་སྟོང་གི་མཚན་མདོ་ཐོས་པས་གྲོལ་ལམ་ཆེན་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་ཏ་ཐཱ་ག་ཏ་བྷཻ་ཡ༔ རྣལ་འབྱོར་སེམས་བསྐྱེད་དང་ལྡན་པས་ཚེ་འདས་ཀྱི་ཕུང་པོ་ལ་རྣམ་ཤེས་བཀུག་བསྟིམ་བྱས་གཤེད་དང་ཕྲལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོང་གི་མཚན་བརྗོད་པ་ནི་འདི་ལྟར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ལ་ཕྱག་འཚལ་ལོ། །ཀུན་ལ་དེས་འགྲེའོ༔ སེངྒེ་ལ༴ རབ་གསལ་ལ༴ ཐུབ་པ་ལ༴ མེ་ཏོག་ཆེན་པོ་ལ༴ མེ་ཏོག་གཉིས་པ་ལ༴ སྤྱན་ལེགས་ལ༴ དེད་དཔོན་ལ༴ ལག་ཆེན་ལ༴ སྟོབས་ཆེན་ལ༴ རྒྱུ་སྐར་རྒྱལ་པོ་ལ༴ རྩི་སྨིན་ཆེན་པོ་ལ༴ གཉན་པའི་རྟོགས་ལ༴ འོད་ཆེན་ལ༴ གྲོལ་བའི་ཕུང་པོ་ལ༴ རྣམ་པར་སྣང་མཛད་ལ༴ ཉེ་བའི་སྙིང་པོ་ལ༴ ཟླ་བ་ལ༴ འདོ་འཕྲོ་ལ༴ འོད་བཟང་ལ༴ མྱ་ངན་མེད་པ་ལ༴ སྐར་རྒྱལ་ལ༴ རབ་གསལ་ལ༴ འཕྲེང་ཐོག་ལ༴ ཡོན་ཏན་འོད་ལ༴ དོན་གཟིགས་ལ༴ མར་མེ་ལ༴ མཐུན་ལྡན་ལ༴ སྨན་པ་ལ༴ དེས་པ་ལ༴ མཛོད་སྤུ་ལ༴ བརྟན་ལྡན་ལ༴ ལྷ་དཔལ་ལ༴ གདུལ་རྐང་ལ༴ ཡོན་ཏན་རྒྱལ་མཚན་ལ༴ སྒྲ་གཅན་ལ༴ ཚོགས་ཆེན་ལ༴ ཚངས་དབྱངས་ལ༴ ཚིག་བརྟན་ལ༴ མི་འབྱིན་པ་ལ༴ འོད་མཛད་ལ༴ ལྷུན་ཆེན་ལ༴ རྡོ་རྗེ་ལ༴ གདམས་ཅན་ལ༴ མི་སྙིགས་པ་ལ༴ དྲིན་ཆེན་ལ༴ པདྨའི་སྤྱན་ལ༴ སྟོབས་བདེ་ལ༴ འོད་ཟེར་ལ༴ ཡེ་ཤེས་དགྱེས་ལ༴ གཟི་ཆེན་ལ༴ ཚངས་པ་ལ༴ འོད་དཔག་མེད་ལ༴ ཀླུ་བྱིན་ལ༴ བསྟན་པར་བཤེགས་ལ༴ དོན་ཡོད་མཐོང་ལ༴ བརྩོན་འགྲུས་ལ༴ བཟང་སྐྱོང་ལ༴ དགའ་བོ་ལ༴ འཆི་མེད་ལ༴ སེངྒེའི་མཚན་ལ༴ རྒྱལ་བ་ལ༴ ཆོས་ལ༴ མཆོག་ཏུ་དགའ་བའི་རྒྱལ་པོ་ལ༴ ཁ་ལོ་བསྒྱུར་ལ༴ རྒྱས་པར་གཤེགས་ལ༴ ཆུ་ལྷ་ལ༴ ཡོན་ཏན་ལག་ལ༴ སྤོས་ཀྱི་གླང་པོ་ལ༴ རྣམ་པར་གཟིགས་ལ༴ འབྲུག་སྒྲ་ལ༴ ལེགས་སེམས་ལ༴ ཡིད་བཟང་ལ༴ དྲི་མེད་ལ༴ ཟླ་བ་ལ༴ གྲགས་ཆེན་ལ༴ གཙུག་ན་ནོར་བུ་ལ༴ དྲག་ཤུལ་ཅན་ལ༴ སེངྒེས་སྟབ་ལ༴ ལྗོན་པ་ལ༴ རྣམ་པར་རྒྱལ་ཅན་ལ༴ ཤེས་རབ་བརྩེགས་ལ༴ ལེགས་ལྡན་ལ༴ བློ་གྲོས་ལ༴ ཡན་ལག་སྐྱེས་ལ༴ བློ་མཐའ་ཡས་ལ༴ གཟུགས་བཟང་ལ༴ མཁྱེན་བརྩེ་ལྡན་ལ༴ འོད་ཟེར་ལ༴ བརྟུལ་ཤུག་ལ༴ བཀྲ་ཤིས་ལ༴ བདེན་པའི་ཏོག་ལ༴ པདྨ་ལ༴ སྲེད་མེད་ལ༴ ཡན་ལག་བཟང་ལ༴ ཡེ་ཤེས་འབྱུང་གནས་ལ༴ ཡོན་ཏན་འོད་འཕྲོ་ལ༴ ཚངས་སྦྱིན་ལ༴ རིན་ཆེན་འབྱུང་གནས་ལ༴ ལྷ་ཡི་མེ་ཏོག་ལ༴ དོན་ལེགས་པ་སེམས་དཔའ་ལ༴ ཆོས་ཀྱི་དབང་ཕྱུག་ལ༴ བློ་གྲོས་གྲགས་པ་ལ༴ སྤོབས་པ་ཆེན་པོ་ལ༴ རྡོ་རྗེ་རྒྱལ་མཚན་ལ༴ འཇིག་རྟེན་རྣམ་འདྲེན་ལ༴ རྣམ་པར་རོལྡན་ལ༴ མུན་བྲལ་ལ༴ རྒྱལ་བ་སྒྲ་གཅན་ལྷ་ལ༴ རི་བོའི་རྒྱལ་མཚན་ལ༴ ཚོགས་ཆེན་ལ༴ རིན་ཆེན་སྙིང་པོ་ལ༴ ཤིནྟུ་འཐོར་གཤེད་ལ༴ སྐར་རྒྱལ་ལ༴ རུ་རིང་ལ༴ ཡོན་ཏན་གྲགས་པ་ལ༴ འོད་ལྡན་ཉི་ཟླ་ལ༴ ཉི་མའི་འོད་ལ༴ སྐར་མཁན་ལ༴ སེངྒེའི་ཏོག་ལ༴ དུས་མཁྱེན་རྒྱལ་པོ་ལ༴ དཔལ་གྱི་སྙིང་པོ་ལ༴ སྲིད་མཐའ་གཟིགས་ལ༴ གློག་གི་འོད་ལ༴ གསེར་གྱི་རི་བོ་ལ༴ སེངྒེས་འབྱིན་པ་ལ༴ མི་ཐུབ་རྒྱལ་མཚན་ལ༴ མཆོག་དགའ་གྲགས་པ་ལ༴ བརྩོན་འགྲུས་བསྟན་པ་ལ༴ གྲགས་པ་རྫོགས་ལ༴ སྙིང་དང་བྲལ་བ་ལ༴ མཆོད་འོས་ལྷ་ལ༴ སྒྲོན་མ་ཆེན་པོ་ལ༴ འཇིག་རྟེན་དགའ་བ་ལ༴ སྤོས་དྲི་ཞིམ་པ་ལ༴ ཡོན་ཏན་མཆོག་འཛིན་ལ༴ མུན་པ་བྲལ་བ་ལ༴ སེངྒེའི་འགྲམ་པ་ལ༴ རིན་ཆེན་གྲགས་པ་ལ༴ སྐྱེན་རབ་ཞི་བ་ལ༴ བདུད་རྩི་མཚུངས་མེད་ལ༴ མི་ཡི་ཟླ་བ་ལ༴ ཤིནྟུ་གཟིགས་ལ༴ རབ་ཏུ་བརྒྱན་པ་ལ༴ ནོར་བུའི་འོད་ལ༴ རི་བོ་བརྩེགས་པ་ལ༴ ཆོས་འབྱུང་གནས་ལ༴ ཚེ་སྦྱིན་ལ༴ རིན་ཆེན་འབྱུང་གནས་ལ༴ སྐྱེ་དབང་མཚུངས་ལ༴ སྟོབས་གཤེགས་ལ༴ རྣམ་འདྲེན་བློ་གནས་ལ༴ གདུགས་མཛེས་ལ༴ མགོན་པོའི་གཙོ་བོ་ལ༴ ཤིནྟུ་འཕགས་དཔལ་ལ༴ སེངྒེ་སྒྲ་ལ༴ རྣམ་རོལ་ལྡན་ལ༴ ཀླུ་ཡི་འོད་ལ༴ མེ་ཏོག་རི་བོ་ལ༴ ཀླུ་ཡི་དགའ་བ་ལ༴ སྤོས་ཀྱི་དབང་ཕྱུག་ལ༴ ཤིནྟུ་གྲགས་པ་ལ༴ སྤོས་ཀྱི་ལྷ་ལ༴ ཡོན་ཏན་ཕྲེང་ཐོག་ལ༴ ཀླུའི་ལག་པ་ལ༴ མིག་བརྒྱན་པ་ལ༴ ལེགས་སྦྱོངས་ལ༴ ཟིལ་ནོན་ཡེ་ཤེས་ལ༴ མཐའ་ཡས་སྤྱན་ལ༴ བདེན་པར་གསུང་ལ༴ ཉི་མའི་འོད་ལ༴ ངན་པའི་བློ་ལ༴ མཐའ་ཡས་གཟུགས་ལྡན་ལ༴ རྣམ་པར་སྣང་མཛད་ལ༴ རིན་ཆེན་ཏོགས་ལ༴ ཐེ་ཚོམ་རྣམ་སྤོང་ལ༴ འཇིག་རྟེན་འདས་པ་ལ༴ རྟོགས་པར་མཛད་པ་ལ༴ མེ་ཏོག་རྒྱལ་མཚན་ལ༴ རི་དབང་རྒྱལ་པོ་ལ༴ གཟི་བརྗིད་ཆེན་པོ་ལ༴ དོན་མཛད་གཟིགས་ལ༴ གྲགས་པ་མཐའ་ཡས་ལ༴ རིན་ཆེན་ལྷ་ལ༴ དོན་གནས་མཁྱེན་པ་ལ༴ མྱ་ངན་མེད་ལ༴ དྲི་མ་བྲལ་བ་ལ༴ ཚངས་ལྷ་ལ༴ སའི་དབང་ཕྱུག་ལ༴ མེ་ཏོག་སྤྱན་ལ༴ རྣམ་པར་སྣང་མཛད་ལ༴ ཆོས་ཀྱི་འོད་ལ༴ ཀུན་ནས་གཟིགས་ལ༴ ཡོན་ཏན་འོད་གསལ་ལ༴ ཟླ་བའི་ཞལ་ལ༴ རིག་འཛིན་འོད་ལ༴ རིན་ཆེན་ཏོག་ལ༴ དྲག་པའི་བླ་མ་ལ༴ འོད་བྱེད་ལ༴ གཟི་བརྗིད་དཔག་མེད་ལ༴ དུས་མཁྱེན་ལ༴ སེངྒེ་ལ༴ མཁས་བློ་ལ༴ རྒྱལ་བ་དགའ་ལ༴ ཡོན་ཏན་ཕུང་པོ་ལ༴ ཟླ་བའི་རྟོགས་ལ༴ མཐུ་སྟོབས་ལ༴ མཐུ་རྩལ་མཐའ་ཡས་ལ༴ ཟླ་བ་ལ༴ དྲི་མེད་ལ༴ དོན་ཐམས་ཅད་གཟིགས་པ་ལ༴ དཔའ་བོ་ལ༴ འབྱོར་ལྡན་ལ༴ བསོད་ནམས་ལ༴ སྒྲོན་མ་ལ༴ ཡོན་ཏན་འོད་འཕྲོ་ལ༴ བློ་ཡངས་ལ༴ ལེགས་སྐྱེས་ལ༴ ནོར་ལྷ་ལ༴ ཡིད་གཉིས་སྤང་ལ༴ འཛིན་པ་དཔག་མེད་ལ༴ མཆོག་སྲེད་ལ༴ ཆགས་མེད་ལ༴ མི་གནས་པ་ལ༴ དེར་གནས་ལ༴ ཚོགས་ཆེན་གཙོ་ལ༴ འགྲོ་བའི་འོད་ལ༴ ཕན་ཆེན་ལ༴ རྒྱལ་བ་ལ༴ གཟི་བརྗིད་མཐའ་ཡས་ལ༴ དོན་གྱི་བློ་གྲོས་ལ༴ སྨན་པའི་རྒྱལ་པོ་ལ༴ ཐབས་སྤང་ལ༴ རིམས་ནད་མེད་ལ༴ ལེགས་སྦྱིན་ལ༴ གྲགས་སྦྱིན་ལ༴ མེ་ཏོག་བྱིན་ལ༴ སྐྱེས་བུ་སྦྱིན་ལ༴ རྡོ་རྗེའི་བདེ་ལ༴ ཕལ་ཆེན་སྦྱིན་ལ༴ ཞི་བའི་བློ་གྲོས་ལ༴ སྤོས་ཀྱི་གླང་པོ་ལ༴ སྲེད་མེད་ཀྱི་བུ་ལ༴ དེས་པ་ལ༴ མི་ཚུགས་པ་ལ༴ ཉི་ཟླ་ལ༴ གློག་གི་ཏོག་ལ༴ མཆོད་པ་ལ༴ དཔལ་སྦས་ལ༴ ཡེ་ཤེས་ཉི་མ་ལ༴ དོན་འགྲུབ་ལ༴ ལྷུན་པོ་བརྩེགས་ལ༴ དགྲ་འདུལ་ལ༴ པད་མ་ལ༴ དགྲ་བཅོམ་གྲགས་པ་ལ༴ ཡེ་ཤེས་འགྲོས་ལ༴ ཉོན་མོངས་བྲལ་བ་ལ༴ འདམ་བུ་ལ༴ སྤོས་བཟང་ལ༴ ཡུལ་འཁོར་རང་ལ༴ ལྷ་གྲགས་ལ༴ སྲིད་མཐའ་གཟིགས་ལ༴ ཟླ་བ་ལ༴ སྒྲ་གཅན་ལ༴ རིན་ཆེན་ཟླ་བ་ལ༴ སེངྒེ་རྒྱལ་མཚན་ལ༴ བསམ་གཏན་རྒྱས་ལ༴ རྫོགས་ལྡན་ལ༴ རྣམ་པར་རོལ་པ་ལ༴ ཡོན་ཏན་རིན་ཆེན་ལ༴ དགྲ་བཅོམ་གྲགས་པ་ལ༴ པདྨ་ངེས་ལ༴ མཛོད་སྤུ་ལྡན་ལ༴ སྤོབས་པ་གྲགས་ལ༴ རྡོ་རྗེེའི་ནོར་བུ་ལ༴ ཚེ་དཔག་མེད་ལ༴ ནོར་བུ་བཀོད་པ་ལ༴ དབང་ཆེན་ལ༴ ཡོན་ཏན་འབྱུང་གནས་ལ༴ ལྷུན་པོ་གྲགས་ལ༴ འོད་ཟེར་བཅུ་པ་ལ༴ མ་སྨད་པ་ལ༴ གླང་པོས་འགྲོས་ལ༴ ཡིད་འཐད་ལ༴ རིན་ཆེན་ཟླ་བ་ལ༴ ཞི་བ་ལ༴ རབ་གསལ་རྒྱལ་པོ་ལ༴ ཁ་ལོ་བསྒྱུར་བ་ལ༴ དགའ་བའི་དབང་ཕྱུག་ལ༴ གཙུག་ན་རིན་ཆེན་ལ༴ སྙིང་བྲལ་ལ༴ རིན་ཆེན་སྙིང་པོ་ལ༴ ཟླ་ཞལ་ལ༴ དྲི་མ་དང་བྲལ་བ་ལ༴ ཞི་བའི་གཟི་བརྗིད་ལ༴ དགའ་བའི་རྟོགས་ལ༴ སྒྲ་གཅན་ལྷ་ལ༴ འཇིག་རྟེན་འདྲེན་པ་ལ༴ ལྷ་དགའ་ལ༴ རིན་ཆེན་ཕུང་པོ་ལ༴ མཛེས་པར་གཤེགས་པ་ལ༴ སེངྒེའི་ཚོགས་ལ༴ ཤིན་ཏུ་མཐོང་གཤེགས་ལ༴ སྐྱེ་བའི་དབང་པོ་ལ༴ བློ་གྲོས་བཟང་པོ་ལ༴ འཇིག་རྟེན་འོད་ལ༴ རིན་ཆེན་གཟི་བརྗིད་ལ༴ སྐལ་ལྡན་ཤིང་རྟ་ལ༴ ཀུན་ཏུ་རྒྱལ་བ་ལ༴ དགའ་བ་བཀོད་པ་ལ༴ སྟེག་ནི་མཛད་པ་ལ༴ སྤོས་ཀྱི་གླང་པོ་ལ༴ བློ་གྲོས་འོད་འཕྲོ་ལ༴ རི་བོའི་རྒྱལ་མཚན་ལ༴ རིན་ཆེན་སྤོས་བཟང་ལ༴ ཆོས་ལྡན་ལ༴ གཟི་བརྗིད་དྲག་ཤུལ་ཅན་ལ༴ ཆོས་ཀྱི་ནོར་བུ་ལ༴ མཆོག་མ་བཟང་པོ་བྱིན་ལ༴ བདེ་གཤེགས་ཟླ་བ་ལ༴ ཚངས་དབྱངས་ལ༴ སེངྒེ་ཟླ་བ་ལ༴ མཚུངས་མེད་དཔལ་ལ༴ ལེགས་པར་སྐྱེས་ལ༴ ཐུབ་མེད་ཚོགས་ལ༴ གྲགས་པའི་བཤེས་གཉེན་ལ༴ བདེན་སེལ་ལ༴ དཀའ་ཐུབ་ཆེན་པོ་ལ༴ ལྷུན་པོ་འོད་ཟེར་ལ༴ ཡོན་ཏན་བརྩེགས་པ་ལ༴ མཆོད་པ་གྲགས་པ་ལ༴ ཆོས་ཀྱི་གྲགས་པ་ལ༴ སྦྱིན་འོད་ལ༴ གློག་གི་ས་ལ༴ བདེན་པར་གསུང་༴ མགོན་པོ་འཚོ་བྱེད་ལ༴ ན་ཚོད་བཟང་པོ་ལ༴ ལེགས་པའི་ཚོགས་ཅན་ལ༴ རྣམ་ངེས་བློ་གྲོས་ལ༴ སྲིད་མཐའ་ནོར་བུ་ལ༴ རྒྱས་པ་ལ༴ སེངྒེ་འོད་ཟེར་ལ༴ རྣམ་པར་སྣང་མཛད་ལ༴ དྲག་མཆོག་ལ༴ ཐུགས་རབ་གཞུང་པ་ལ༴ ནོར་བུ་ཟླ་བ་ལ༴ དྲག་ཤུལ་འོད་ཟེར་ལ༴ བརྟུལ་ཞུག་ཐུབ་མེད་ལ༴ འགྲོ་བས་མཆོད་ལ༴ ནོར་བུའི་ཚོགས་ལ༴ འཇིག་རྟེན་བླ་མ་ལ༴ གླང་ཆེན་སེངྒེ་ལ༴ ཟླ་བ་ལ༴ རིན་ཆེན་འོད་ཟེར་ལ༴ སྒྲ་གཅན་སྦེད་ལ༴ ཡོན་ཏན་རྒྱ་མཚོ་ལ༴ འོད་ཟེར་ལྡན་པ་ལ༴ རབ་ཏུ་ཞི་བའི་སྟོབས་ལ༴ འཇིག་རྟེན་བཟང་པོ་ལ༴ མྱ་ངན་མེད་པ་ལ༴ ཤུག་བཅུ་ལ༴ སྟོབས་རྒྱས་ལ༴ མཐུ་དཔལ་ལ༴ མཐུ་ནི་ཐུབ་པ་ལ༴ ཡོན་ཏན་སྙིང་པོ་ལ༴ བདེན་པར་སྤྱོད་པ་ལ༴ དགེ་མཆོག་རྒྱལ་པོ་ལ༴ སྐལ་རྒྱལ་ལ༴ འོད་ཟེར་ཆེན་པོ་ལ༴ གློག་གི་འོད་ལ༴ ཡོན་ཏན་རྒྱ་ཆེན་ལ༴ རིན་པོ་ཆེ་ལ༴ དཔལ་འོད་ལ༴ བདུད་འདུལ་མཛད་ལ༴ གོ་ཆ་བགོས་པ་ལ༴ སེངྒེའི་ཕྱག་ལ༴ མེ་ཏོག་བཟང་པོ་ལ༴ རིན་ཆེན་མཐོན་པོ་ལ༴ རྒྱ་མཚོ་ལ༴ ས་འཛིན་ལ༴ དོན་གྱི་བློ་མངའ་བ་ལ༴ དཔལ་ལྡན་ལེགས་པའི་ཡོན་ཏན་ལ༴ ཡོན་ཏན་ཚོགས་ལ༴ རིན་ཆེན་མེ་ལ༴ འཇིག་རྟེན་འདས་པ་ལ༴ འཇིག་རྟེན་ཟླ་བ་ལ༴ དབྱངས་ཀྱི་བསྙེན་པ་ལ༴ ཚངས་པའི་ཏོག་ལ༴ ཚོགས་ཆེན་གཙོ་བོ་ལ༴ སེངྒེའི་སྟོབས་ལ༴ དྲག་ཤུལ་ཅན་ལ༴ ཆོས་ཀྱི་དབང་ཕྱུག་ལ༴ གཟི་བརྗིད་འོད་ལ༴ འོད་ཟེར་ཆེན་པོ་ལ༴ རིན་ཆེན་གྲགས་པ་ལ༴ ཚོགས་ཅན་གསལ་ལ༴ དྲག་པ་མཐའ་ཡས་ལ༴ འོད་ཟེར་དོན་ཡོད་ལ༴ ལྷ་ཡི་དྲང་སྲོང་ལ༴ སྐྱེ་དབང་ལ༴ དགུན་ཆེན་བརྟེན་ལ༴ ཕྱོགས་བཟང་ལ༴ མེ་ཏོག་ཆེན་པོ་ལ༴ ཡུལ་འཁོར་མེ་ཏོག་ལ༴ ཆོས་ཀྱི་བློ་གྲོས་ལ༴ རླུང་ཤུགས་ལྟར་མགྱོགས་པ་ལ༴ ལེགས་བསམ་དྲག་པ་ལ༴ སྣང་ལྡན་ལ༴ ལྷ་ཚོགས་ལ༴ དོན་གྱི་བློ་ལ༴ སྙམ་མེད་ལ༴ གྲོགས་ལྡན་ལ༴ འོད་གནས་མཚུངས་པ་ལ༴ ནོར་བུའི་ཞབས་ལ༴ ཐར་པའི་གཟི་བརྗིད་ལ༴ ངོས་བཟུང་ལ༴ བློ་བཟང་ལ༴ ཀུན་ཏུ་གཟི་བརྗིད་ལ༴ ཡེ་ཤེས་མཆོག་ལ༴ མཚུངས་པར་གནས་ལ༴ བདེན་པར་གསུང་ལ༴ བློ་བཟང་ལ༴ སྟོབས་བྱིན་ལ༴ སེངྒེའི་སྟོབས་ལ༴ མེ་ཏོག་ལ༴ ཡེ་ཤེས་འབྱུང་གནས་ལ༴ མེ་ཏོག་སྦྱིན་ལ༴ ཡོན་ཏན་སྙིང་པོ་ལ༴ རིན་ཆེན་དྲག་ལ༴ དྲག་པ་རྨད་འབྱུང་ལ༴ མི་ཚུགས་པ་ལ༴ སྙེམ་མེད་ལ༴ ཉི་མའི་འོད་ལ༴ ཚངས་པར་གཤེགས་ལ༴ ལྷ་ཡི་མཐུ་རྩལ་ལ༴ ཡེ་ཤེས་དགྱེས་པ་ལ༴ ལྷ་བདེན་ལ༴ ནོར་བུའི་སྙིང་པོ་ལ༴ ཡེ་ཤེས་དཔལ་ལ༴ བཅིངས་མེད་ལ༴ ལྷའི་གཟི་བརྗིད་ལ༴ ཚང་ཐུབ་ལ༴ དལ་གྱིས་བཞུད་ལ༴ བརྟུལ་ཤུགས་ལ༴ དཀའ་ཐུབ་ལ༴ འོད་ཟེར་ཕུང་པོ་ལ༴ གཟི་བརྗིད་ཆེན་པོ་ལ༴ ཙམ་པ་ཀ་ལ༴ དགའ་མཛད་ལ༴ ཚོགས་ཅན་བཟང་ལ༴ དབང་པོའི་རྒྱལ་མཚན་ལ༴ དགྱེས་པ་ཆེན་པོ་ལ༴ སྣ་མའི་མེ་ཏོག་ལ༴ ཚོགས་ཅན་འོད་ལ༴ ཀུན་ནས་དྲག་པོའི་དབང་པོ་ལ༴ མང་གྲོ་ཆེན་པོ་ལ་དོན་ཡོད་ལ༴ ངེས་ལ༴ ཁྱུ་མཆོག་ལ༴ ལན་བཟང་ལ༴ འོད་ཟེར་ཆེན་པོ་ལ༴ བསམ་པས་སྦྱིན་ལ༴ བསོད་ནམས་འོད་ལ༴ རིན་ཆེན་དབྱངས་ལ༴ རྡོ་རྗེའི་སྡེ་ལ༴ འབྱོར་ལྡན་ལ༴ སེངྒེའི་སྟོབས་ལ༴ དྲི་མ་མེད་པའི་སྤྱན་ལ༴ འོད་སྲུངས་ལ༴ བློ་གསལ་ལ༴ ཡེ་ཤེས་འགྲོས་ལ༴ གཟི་བརྗིད་དྲག་ཤུལ་ཅན་ལ༴ འོད་ཟེར་ཆེན་པོ་ལ༴ ཉི་མའི་འོད་ལ༴ དྲི་མ་མེད་པའི་འོད་ལ༴ གཟི་བརྗིད་རྣམ་པར་མཛེས་ལ༴ ཁེངས་མེད་ལ༴ སྦྲང་རྩིའི་ཞལ་ལ༴ ཟླ་འོད་ལ༴ གློག་འབྱིན་ལ༴ ཞི་བར་གཤེགས་ལ༴ མི་འཁྲུགས་པ་ལ༴ དགྲ་བཅོམ་དྲག་པ་ལ༴ ཆོས་ཀྱི་ཡོན་ཏན་ལ༴ ཞིང་བཟང་པོ་ལ༴ བཀོད་པའི་རྒྱལ་པོ་ལ༴ མངོན་འཕགས་ལ༴ སྦྱིན་སྲེག་འོད་འཕྲོ་ལ༴ པད་མའི་དཔལ་ལ༴ རིན་ཆེན་བཀོད་པ་ལ༴ ཤིན་ཏུ་བཟང་པོ་ལ༴ རིན་ཆེན་མཆོག་ལ༴ ཐུགས་ཤིན་ཏུ་གཞུངས་པ་ལ༴ འོད་དཔག་མེད་ལ༴ རྒྱལ་བ་རྒྱ་མཚོ་ལ༴ ཚངས་པའི་རྟོགས་ལ༴ ཟླ་གདུག་ལ༴ འོད་ནི་འཕྲོ་བ་ལ༴ དྲི་མེད་རྒྱལ་པོ་ལ༴ ཡེ་ཤེས་གྲགས་པ་ལ༴ ཀུན་ཏུ་རྒྱལ་བ་ལ༴ ཡོན་ཏན་འོད་ལ༴ རྣམ་པར་གྲགས་པ་ལ༴ ཟླ་བ་རྒྱ྄ས་པ་ལ༴ པདྨའི་འོད་ཟེར་ལ༴ བརྟུལ་ཤུག་བཟང་པོ་ལ༴ སྒྲོལ་མའི་རྒྱལ་པོ་ལ༴ གློག་གི་རྟོགས་ལ༴ འོད་ཟེར་རྒྱལ་པོ་ལ༴ སྐར་མཁན་ལ༴ གྲགས་པ་རྫོགས་ལྡན་ལ༴ པདྨའི་སྙིང་པོ་ལ༴ དེ་བཞིན་གཤེགས་རྒྱལ་ལ༴ སྤྱན་མཛེས་ལ༴ སྙོག་པ་མེད་པའི་དོན་ལ༴ དྲག་ཤུལ་སྡེ་ལ༴ བསོད་ནམས་བཟི་བརྗིད་ལ༴ མཐུ་རྩལ་ཅན་ལ༴ ཐོགས་མེད་བློ་གྲོས་ལ༴ སྒྲ་གཅན་ལྷ་ལ༴ ཡེ་ཤེས་ཕུང་པོ་ལ༴ འཇིག་རྟེན་མགོན་པོ་ཁ་ལོ་བསྒྱུར་བ་ལ༴ སྐྱེ་དབང་མཚུངས་ལ༴ མེ་ཏོག་ཆེན་པོ་ལ༴ སྒྲ་གཅན་འཛིན་ལ༴ རྩི་སྨན་ཆེན་པོ་ལ༴ རྒྱུ་སྐར་རྒྱལ་པོ་ལ༴ སྨན་པའི་རྒྱལ་པོ་ལ༴ བསོད་ནམས་གླང་པོ་ལ༴ གཅོད་མཛད་ལ༴ རྣལ་འབྱོར་དྲག་པ་ལ༴ ཉི་མའི་འོད་ཟེར་ལ༴ ཆོད་མཛད་ལ༴ བློ་གྲོས་བཟང་པོ་ལ༴ ཡོན་ཏན་དབང་མཚུངས་ལ༴ རྡོ་རྗེའི་སྡེ་ལ༴ ཤེས་རབ་བརྩེགས་པ་ལ༴ ལེགས་གནས་ལ བློ་སྦྱང་ལ༴ ཚངས་པའི་དབྱངས་ལ༴ ཡོན་ཏན་མཆོག་མ་ལ༴ འབྲུག་སྒྲ་དབྱངས་ལ༴ མངོན་པར་གཤེགས་རྟོག་ལ༴ རྟོག་གི་འོད་ལ༴ མི་འདྲེན་དགེ་བ་ལ༴ མགོན་པོ་ཚངས་པ་ལ༴ འཇིག་རྟེན་མགོན་པོ་ལ༴ སྤྱན་སྡུག་ལ༴ ཀླུས་ནི་བྱིན་པ་ལ༴ བདེན་པའི་ཏོག་ལ༴ མགོན་པོ་རྒྱན་པ་ལ༴ ཞུམ་པ་མེད་པ་ལ༴ རིན་ཆེན་འོད་ལ༴ དབྱངས་བྱིན་ལ༴ སྙིང་པོ་སེངྒེ་ལ༴ འོད་ཟེར་སྣ་ཚོགས་ལ༴ ཡེ་ཤེས་དཔའ་བོ་ལ༴ པདྨའི་ཕུང་ལ༴ མེ་ཏོག་རྒྱས་པ་དྲུག་ཅུ་ལ༴ མཐུ་རྩལ་སྟོབས་ལ༴ བསོད་ནམས་ཕུང་པོ་ལ༴ གཟུགས་མཆོག་ལ༴ སྐར་མཁན་ལ༴ ཟླ་བའི་སྒྲོན་མ་ལ༴ གཟི་བརྗིད་ཕུང་པོ་ལ༴ བྱང་ཆུབ་རྒྱལ་པོ་ལ༴ སྙིང་པོ་མི་ཟད་པ་ལ༴ རྟོག་པའི་སྤྱན་ལ༴ ཡན་ལག་རྒྱས་ལ༴ ཡུལ་འཁོར་ཤེས་རབ་ལ༴ མགོན་པོ་མཆོག་མ་ལ༴ གཟི་བརྗིད་ཚིམ་བྱེད་ལ༴ ཤེས་རབ་བྱིན་ལ༴ འཇམས་དཔལ་དབྱངས་ལ༴ ཆགས་པ་མེད་པའི་མཛོད་ལ༴ གཙོ་བོས་བྱིན་ལ༴ གཙོ་བོ་ལ༴ ཡེ་ཤེས་མཐུ་རྩལ་ལ༴ འཇིག་རྟེན་མགོན་པོ་འོད་འཕྲོ་ལ༴ སྙིང་པོའི་དབང་པོ་ལ༴ ཤུགས་འཆང་ལ༴ སྐལ་རྒྱལ་ལ༴ འོད་ནི་བཟང་པོ་ལ༴ དྲག་པ་བྱིན་ལ༴ གཟུགས་ནི་བཟང་པོ་ལ༴ མཚུངས་མེད་རྒྱལ་བ་ལ༴ དོན་ནི་འགྲུབ་པ་ལ༴ སེངྒེའི་སྡེ་ལ༴ ནོར་ལྷའི་བུ་ལ༴ མཚུངས་མེད་དྲག་པ་ལ༴ མགོན་པོ་རྒྱལ་བ་ལ༴ རྒྱ་ཆེན་སྙིང་པོ་ལ༴ བསོད་ནམས་འོད་ཟེར་ལ༴ འོད་ཟེར་བཟང་པོ་ལ༴ སྨྲ་འདོན་ལ༴ སྒྲོན་མའི་རྒྱལ་པོ་ལ༴ ཡེ་ཤེས་རྩེགས་ལ༴ ལྷ་མཆོག་ལ༴ སའི་བདག་པོ་ལ༴ རྣམ་རོལ་བརྙེས་པ་ལ༴ གཙུག་གི་གསེར་ལ༴ སྒྲ་གཅན་བཟང་པོ་ལ༴ ཐུབ་ཀ་ལ༴ ཐུབ་གསལ་ལ༴ ཟླ་བའི་འོད་ཟེར་ལ༴ གསེར་འོད་ལ༴ ལེགས་བྱིན་ལ༴ ཡོན་ཏན་དབང་པོ་ལ༴ ཆོས་གདུག་ལ༴ བསོད་ནམས་ལགས་སྐྱེས་ལ༴ ཆགས་མེད་ལ༴ ཡེ་ཤེས་གྱི་ནོམ་ལ༴ བློ་གྲོས་ཞིམ་མོ་ལ༴ གཟི་བྱིན་ཐམས་ཅད་ལ༴ རྩི་སྨན་ལ༴ རྣམ་པར་གྲོལ་བའི་རྟོགས་ལ༴ འོད་ཀྱི་མཛོད་ལ༴ ཡེ་ཤེས་རྒྱལ་པོ་ལ༴ འཇིག་མཛད་ལ༴ ཆུ་བོ་སྤང་པ་ལ༴ ཐོགས་མེད་དྲག་པ་ལ༴ བདེན་པའི་ཕུང་པོ་ལ༴ དབྱངས་བསྙེན་ལ༴ རི་དབང་མཚུངས་ལ༴ ཆོས་རྩེགས་ལ༴ ཐར་པའི་གཟི་བྱིན་ལ༴ དོན་མཛད་ལ༴ རབ་ཏུ་ཞི་བ་ལ༴ ཡིད་དུ་འོང་བ་ལ༴ བློ་སྦྱངས་ལ༴ ཆུ་ལྷ་ལ༴ འགྲོ་བས་མཆོད་ལ༴ སེངྒེའི་ལོག་ལ༴ ཆོས་ཀྱི་མཐུ་རྩལ་ལ༴ བསྐལ་བ་བཟང་པོ་ལ༴ མི་འཁྲུགས་པའི་མདོག་ལ༴ གཟི་བརྗིད་རྒྱལ་པོ་ལ༴ རྟོག་མཛད་ལ༴ སྤྱན་ལེགས་པ་༴ དོན་གནས་བློ་མངའ་ལ༴ སྣང་བའི་འོད་ཟེར་ལ༴ སྤོས་ཀྱི་གཟི་བརྗིད་ལ༴ ཀུན་ཏུ་དགའ་བར་མཛད་པ་ལ༴ དོན་ཡོད་པར་བཤད་པ་ལ༴ ཁྲོ་བ་བཅོམ་པ་ལ༴ གཟུགས་མཆོག་ལ༴ ལེགས་བཤད་ལ༴ རབ་སྦྱིན་དྲགས་པ་ལ༴ འོད་གཙང་ལ༴ ལྷའི་ཉི་མ་ལ༴ ཤེས་རབ་སྦྱིན་ལ༴ མཉམ་བཞག་བདག་ཉིད་ལ༴ གཟི་མདོངས་ལ༴ རྒྱལ་རིགས་ལ༴ སྐལ་ལྡན་ཤིང་རྟ་ལ༴ གསེར་མཆོག་ལ༴ རྣམ་གྲོལ་གཙུགས་ལ༴ ཆོས་ལྡན་ལ༴ སྤོས་གནས་ལ༴ གྲགས་པ་ལ༴ ཡེ་ཤེས་མཛོད་ལ༴ ཚངས་གཤེགས་ལ༴ ཙན་དན་ལ༴ མྱ་ངན་མེད་ལ༴ སེངྒེའི་འོད་ཟེར་ལ༴ ཡུལ་འཁོར་རྟོག་ལ༴ པདྨའི་སྙིང་པོ་ལ༴ གཟི་བརྗིད་མཐའ་ཡས་ལ༴ ལྷ་ཡི་འོད་ཟེར་ལ༴ ཤེས་རབ་མེ་ཏོག་ལ༴ མཁས་པ་ལ༴ ཡེ་ཤེས་འབྱོར་ལྡན་ལ༴ ཚངས་དབྱིག་ལ༴ ཕྱག་ན་རིན་ཆེན་ལ༴ དབང་ལྡན་ལ༴ རྫོགས་པར་བྱམས་པ་ལ༴ མཆོག་བྱམས་ལ༴ མཆོད་འོས་ལ༴ སྐལ་རྒྱལ་ལ༴ ཉི་མ་ལ༴ འདམ་ལས༴ བསྒལ་བ་ལ༴ ཡེ་ཤེས་གཉེས་ལ༴ གྲུབ་པ་ལ༴ རྨ་བྱ་ལ༴ ཆོས་སྦྱིན་ལ༴ ཕན་པར་བཞེད་པ་ལ༴ ཡེ་ཤེས་ལྡན་པ་ལ༴ གྲགས་པ་ལ༴ འོད་ཟེར་དྲ་བ་ལ༴ རྣམ་པར་བཅོམ་པ་ལ༴ བཻཌཱུརྱའི་སྙིང་པོ་ལ༴ མེ་ཏོག་ལ༴ ལྷ་ཡི་རྒྱལ་པོ་ལ༴ ཟླ་བ་ལ༴ དྲན་པའི་འོད་ལ༴ དགེ་བའི་འོད་ལ༴ ཡོན་ཏན་མཆོག་ལ༴ མ་ཀུན་འོད་ལ༴ རིན་ཆེན་དཔལ་ལ༴ སྐྱེས་བུའི་ཟླ་བ་ལ༴ མགོན་པོ་སྒྲ་གཅན་ལ༴ བདུད་རྩིའི་འོད་ལ༴ འཇིག་རྟེན་མཆོག་མ་ལ༴ སྐར་མའི་འོད་ལ༴ ཞི་བའི་སྟོབས་ལ༴ ཡེ་ཤེས་རྒྱ་མཚོ་ལ༴ ཆོས་ཀྱི་དབང་ཕྱུག་ལ༴ རིའི་དབང་པོ་ལ༴ མི་གཡོ་མགོན་པོ་ལ༴ ཡོན་ཏན་མཐུ་སྟོབས་ལ༴ ལྷ་ཡི་དབང་པོ་ལ༴ དབྱངས་སྙན་ལ༴ ངོ་བཟང་ལ༴ དོན་གནས་ལ༴ གཟི་བརྗིད་དཔལ་ལ༴ མཁྱེན་ལྡན་ཟླ་མེད་ལ༴ ང་རོ་དཔག་མེད་ལ༴ དམ་པ་འོད་བཟང་ལ༴ ཐུགས་གཞུང་པ་ལ༴ དོན་དགོངས་གཏི་མུག་བྲལ་ལ༴ དབྱངས་ཀྱི་ཡན་ལག་ལ༴ ཁྱད་འཕགས་ལ༴ མཆོག་ཏུ་མཛེས་གཤེགས་ལ༴ མཆོག་མ་ཞི་དོན་ལ༴ ཆོས་ཀྱི་དབང་ཕྱུག་སྐྱོན་མེད་ལ༴ བློ་དབྱངས་དགེ་བ་ལ༴ པདྨའི་མཛོད་ལ༴ འོད་ཟེར་བཟང་པོ་ལ༴ སྤོབས་པའི་མདོག་ལ༴ སྟོང་ནི་བཟང་པོ་ལ༴ ཚོགས་ཀྱི་དབང་པོ་ལ༴ བསྙེམ་དང་བྲལ་བ་ལ༴ ཡེ་ཤེས་བཞད་པ་ལ༴ སྤོབས་པའི་སྤྱན་ལ༴ བློ་མཆོག་མ་ལ༴ ཆོས་ཀྱི་དབང་ཕྱུག་ཟླ་བ་ལ༴ རིན་ཆེན་ཟླ་འོད་ལ༴ སྙེམ་པ་མེད་པ་ལ༴ གཟིགས་པ་ཆེན་པོ་ལ༴ ཚངས་པའི་དབྱངས་ལ༴ མཆོག་མ་དབྱངས་བཟང་ལ༴ ཤེས་རབ་ཆེན་པོ་ལ༴ བློ་གྲོས་ཟླ་མེད་ལ༴ རྡོ་རྗེ་མཁྲེགས་པ་ལ༴ བྱང་ཆུབ་བློ་གྲོས་ལ༴ ལྗོན་ཤིང་དབང་པོ་ལ༴ མདངས་བསྙེན་ལ༴ བསོད་ནམས་སྟོབས་ལ༴ མཐུ་དཔལ་ལ༴ འཕགས་པ་རྒྱས་ལ༴ མགོན་པོ་མཐུ་སྟོབས་ལ༴ སྐར་མ་དགྱེས་པ་ལ༴ སྤྲིན་གྱི་རྔ་སྒྲ་ལ༴ སྤྱན་གདུག་པ་ལ༴ ཡེ་ཤེས་བཟང་ལྡན་ལ༴ བླ་མ་འབྱོར་ལྡན་ལ༴ ཡོན་ཏན་ཕུང་པོ་ལ༴ བླ་མ་གསལ་བ་ལ༴ ཆོས་ཀྱི་རྒྱལ་མཚན་ལ༴ ཡེ་ཤེས་ང་རོ་ལ༴ མཆོག་མ་ནམ་མཁའ་ལ༴ མཆོད་སྦྱིན་ང་རོ་ལ༴ རྣམ་འགོད་ང་རོ་ལ༴ འོད་ཟེར་གཟི་བརྗིད་ལ༴ དྲང་སྲོང་དབང་པོ་ལ༴ བློ་ལྡན་ལ༴ སྤོབས་པའི་ཚོགས་ལ༴ མཆོག་སྦྱིན་བཟང་པོ་ལ༴ ཟླ་བའི་ཞབས་ལ༴ ཤིན་ཏུ་གཟིགས་པ་ལ༴ ཡོན་ཏན་རྡུལ་བྲལ་ལ༴ ཡོན་ཏན་ཚོགས་ལ༴ ཏོག་དང་ལྡན་པ་ལ༴ བསོད་ནམས་རྒྱལ་མཚན་ལ༴ ཡུལ་འཁོར་སྤོབས་པ་ལ༴ རིན་ཆེན་རབ་སྦྱིན་ལ༴ ཟླ་བ་རྒྱས་པ་ལ༴ སེངྒེའི་སྟོབས་ལ༴ དབང་བསྒྱུར་རྒྱལ་པོ་ལ༴ བདུད་རྩི་གསལ་བ་ལ༴ བསམ་གཏན་བསྙོམས་པ་ལ༴ འཁྲུལ་པ་མེད་པ་ལ༴ དྲི་མ་རབ་ཞི་ལ༴ ཕྱོགས་མ་སླད་པ་ལ༴ འདྲེན་པར་མཛད་པ་ལ༴ མཆོག་མ་ཞབས་བཟང་ལ༴ ཤུགས་གནས་ཡེ་ཤེས་ལ༴ གསུང་བའི་དབང་པོ་ལ༴ གཟི་བརྗིད་ཆེན་པོ་ལ༴ བློ་གྲོས་ཟབ་མོ་ལ༴ མགོན་པོ་བདུད་རྩི་ལ༴ ཆོས་སྟོབས་ལ༴ མཆོད་ལྡན་ལ༴ མེ་ཏོག་འོད་ལ༴ ཁམས་གསུམ་མཆོད་གནས་ལ༴ ཉི་མའི་སྙིང་པོ་ལ༴ ལྷ་ཡི་མཆོད་པ་ལ༴ ཐར་པའི་རྒྱལ་མཚན་ལ༴ དགེ་བའི་གཙུག་ལ༴ བདུད་རྩིའི་འོད་ལ༴ རྡོ་རྗེ་ལ༴ བསྟན་པ་ལ༴ རིན་ཆེན་ཕུང་པོ་ལ༴ མཛེས་གཤེགས་ལ༴ ཉི་མ་ལྟར་གཤེགས་ལ༴ དགའ་བའི་འོད་ལ༴ ཡོན་ཏན་གཙུག་ལ༴ དཔལ་རྫོགས་ལ༴ སེངྒེའི་སྟོབས་ལ༴ གྱེན་དུ་འཕགས་པ་ལ༴ མེ་ཏོག་བྱིན་ལ༴ འོད་འབྱེད་ལ༴ པདྨ་ལ༴ ཡེ་ཤེས་དགྱེས་པ་ལ༴ བཀོད་མཛེས་ལ༴ གཏི་མུག་མེད་པར་གནས་པ་ལ༴ རྨ་མེད་ལ༴ ཏོག་གི་རྒྱལ་མཚན་ལ༴ བདེ་བར་དགོངས་ལ༴ གཏི་མུག་མེད་པའི་རྒྱལ་པོ་ལ༴ ཆོ་ག་མཁྱེན་ལ༴ དག་པའི་རྒྱ་ཚོ་ལ༴ རིན་ཆེན་མངའ་བ་ལ༴ མི་དམའ་པ་ལ༴ སྐྱེ་བོ་དགའ་བ་ལ༴ རྨ་བྱའི་ང་རོ་ལ༴ མ་ཞུམ་པ་ལ༴ སྲིད་པའི་དྲི་མ་སྤང་པ་ལ༴ སྤྱོད་པའི་སྟེགས་ལ༴ ལྷ་མང་སྙན་གྲགས་ལ༴ རིན་ཆེན་སྟོབས་ལ༴ ཕྱག་ན་པདྨ་བསྣམས་པ་ལ༴ དཔལ་གྱི་ལ༴ དགྲ་ལས་རྒྱལ་བ་ལ༴ འབྱོར་ལྡན་གྲགས་པ་ལ༴ ཡུལ་འཁོར་བཟང་པོ་ལ༴ མེ་ཏོག་འོད་ལ༴ སེང་གེའི་ང་རོ་ལ༴ ཟླ་བ་ལྟར་ཤར་བ་ལ༴ འཇམ་པའི་མཆོག་ལ༴ མི་གཡོ་བ་ལ༴ ཕན་ལྡན་གཤེགས་པ་ལ༴ བསོད་ནམས་སྒྲོན་མའི་རྒྱལ་པོ་ལ༴ དབྱངས་ཀྱི་སྐུལ་མ་ལ༴ གོའུ་ཏ་མ་ལ༴ མདངས་སྟོབས༴ བློ་གནས་རང་བཞིན་ལ༴ ཟླ་བ་བཟང་པོ་ལ༴ བྱང་ཆུབ་ཡན་ལག་མེ་ཏོག་ལ༴ བཀྲ་ཤིས་ལ༴ ལེགས་སྟོབས་ལ༴ ཡེ་ཤེས་གཟི་བརྗིད་ལ༴ སྟོབས་ལ༴ དགེ་བའི་སྒྲོན་མ་ལ༴ མཐུ་རྩལ་བརྟན་ལ༴ ལྷ་སྒྲ་ལ༴ རབ་ཏུ་ཞི་བ་ལ༴ ཉི་མའི་ཞབས་ལ༴ ཐར་པའི་བརྟུལ་ཤུགས་ལ༴ ཚུལ་ཁྲིམས་འོད་ལ༴ བརྟུལ་ཤུགས་གནས་ལ༴ བཏུལ་མེད་ལ༴ སྙིང་པོའི་འཕགས་པ༴ སྨིག་སྨན་ལ༴ འཕེལ་བར་མཛད་པ་ལ༴ སྤོས་ཀྱི་འོད་ལ༴ དུས་མཁྱེན་འོད་ལ༴ དྲན་པའི་དབང་པོ་ལ༴ ཐོག་མེད་རྒྱལ་མཚན་ལ༴ བྱང་ཆུབ་མཆོག་བསྒྲོད་ལ༴ སྤྱོད་པ་གསལ་བ་ལ༴ རིན་ཆེན་དགྱེས་ལ༴ ཆོས་ཀྱི་དབང་ཕྱུག་ལ༴ ལྷ་ནི་ཐམས་ཅད་ལ༴ བཤེས་གཉེན་ཆེན་པོ་ལ༴ བཤེས་གཉེན་བཟང་པོ་ལ༴ རབ་ཏུ་ཞི་བའི་སྟོབས་ལ༴ བདུད་རྩིའི་བདག་པོ་ལ༴ ལྷུན་པོའི་འོད་ལ༴ འཕགས་པས་བསྟོད་ལ༴ སྣང་ལྡན་ལ༴ གཟི་བརྗིད་འབར་བ་ལ༴ སྣང་གཟིགས་ལ༴ ལེགས་སྤྱོད་ལ༴ ལེགས་རྒྱས་ལ༴ མྱ་ངན་བྲལ་བ་ལ༴ རིན་ཆེན་འོད་ལ༴ སྤྱོད་པ་ལྡན་ལ༴ བསོད་ནམས་སྟོབས་ལ༴ ཡོན་ཏན་རྒྱ་མཚོ་ལ༴ རྨད་དུ་འབྱུང་བ་ལ༴ ང་རྒྱལ་སྤང་ལ༴ བདུད་བརླག་ལ༴ བག་ཆགས་བརྒལ་བའི་སྟོབས་ལ༴ མི་ཕྱེད་པའི་བློ་མངའ་བ་ལ༴ རྒྱ་མཚོ་ལ༴ དག་པར་མཛད་པ་ལ༴ ཚོགས་ཆེན་སྒྲོད་པ་ལ༴ དག་པའི་འོད་ལ༴ བྱང་ཆུབ་རྒྱལ་མཚན་ལ༴ ཡེ་ཤེས་རིན་ཆེན་ལ༴ ཤིན་ཏུ་བསིལ་བ་ལ༴ ཚང་རྒྱལ་ལ༴ ཡེ་ཤེས་དགྱེས་པ་ལ༴ རྫུ་འཕྲུལ་ཏོག་ལ༴ སྐྱེ་དབང་མཚུངས་པ་ལ༴ སའི་དབང་ཕྱུག་ལ༴ ཉི་མ་རྒྱས་པ་ལ༴ སྒྲ་གཅན་ཟླ་བ་ལ༴ མེ་ཏོག་འོད་ལ༴ སྨན་པའི་བདག་པོ་ལ༴ མདངས་མངའ་ལ༴ བསོད་ནམས་རྒྱས་པ་ལ༴ དགའ་སྟོབས་ལ༴ དབྱངས་དག་སྙན་པ་ལ༴ ཆོས་ཀྱི་དབང་ཕྱུག་ལ༴ ཚངས་དབྱངས་ལ༴ སྤྱོད་པ་བཟང་པོ་ལ༴ འཁྲུལ་བ་མེད་པའི་བློ་ལ༴ དབྱངས་ནི་ཆེན་པོ་ལ༴ སྙན་པར་གྲགས་པ་ལ༴ མགོན་པོ་ཏོག་ལྡན་ལ༴ གཟི་བརྗིད་རྣམ་གྲགས་ལ༴ འགྲོ་བའི་དབང་ཕྱུག་ལ༴ མགོན་པོ་ལྗོན་པ་ལ༴ གཏི་མུག་རབ་ཟད་ལ༴ སྙིང་པོ་དཔག་མེད་ལ༴ ཟླ་བ་བཟང་པོ་ལ༴ མཐའ་ཡས་རྟོགས་ལ༴ བརྟུལ་ཤུགས་བཏང་པ་ལ༴ མཆོད་པའི་གནས་ལ༴ མྱ་ངན་རྒལ་བ་ལ༴ དགེ་བ་དགྱེས་པ་ལ༴ འགྲོ་བའི་བློ་གྲོས་ལ༴ དགྱེས་གཤེགས་ལ༴ ཞབས་མཛེས་ལ༴ མགོན་པོ་ཨུཏྤལ་ལ༴ དུས་གནས་མེ་ཏོག་ལ༴ མཐའ་ཡས་འོད་ཟེར་ལ༴ དྲང་སྲོང་གསལ་བ་ལ༴ ཡོན་ཏན་བརྩོན་འགྲུས་ལ༴ མགོན་པོའི་སྙིང་པོ་ལ༴ ལྷ་ཡི་བདག་པོ་ལ༴ རིན་ཆེན་མཐོན་པོ་ལ༴ གསལ་བ་ལ༴ སྐལ་ལྡན་ཤིང་རྟ་ལ༴ བསོད་ནམས་བློ་གྲོས་ལ༴ སྦྱིན་སྲེག་འོད་འཕྲོ་ལ༴ གཟི་བརྗིད་ཕུང་པོ༴ མགོན་པོ་མི་གཡོ་བ་ལ༴ མགོན་པོ་རབ་གསལ་ལ༴ འོད་མི་སྤྱོད་པ་ལ༴ ཀླུ་དབང་ལ༴ འཁོར་ལོ་འཛིན་པ་ལ༴ དབྱིག་གི་མཆོག་ལ༴ འཇིག་རྟེན་དགའ་བ་ལ༴ མཐའ་ཡས་དྲག་པ་ལ༴ སྤྲིན་གྱི་ཏོག་ལ༴ ཤེས་རབ་འགྲོས་ལ༴ མགོན་པོ་སྤོས་བཟང་ལ༴ ནམ་མཁའི་དབྱངས་ལ༴ མགོན་པོ་ལྷ་ལ༴ ལྷ་ཡི་རྒྱལ་པོ་ལ༴ ནོར་བུ་གསལ་བ་ལ༴ ནོར་བཟང་ལ༴ སྒྲོན་མ་ལ༴ རིན་ཆེན་ང་རོ་ལ༴ སྐྱ྄ེ་དབང་རྒྱལ་པོ་ལ༴ སྒྲ་གཅན་སྦེད་ལ༴ དགེ་བ་མཛད་པ་ལ༔ སེངྒེ་བློ་གྲོས་ལ༴ རིན་ཆེན་གྲགས་པ་ལ༴ དོན་ནི་མཛད་པ་ལ༴ མཛད་མཐའ་གཟིགས་ལ༴ སྲིད་པའི་མེ་ཏོག་ལ༴ མཛོད་སྤུ་ལྡན་པ་ལ༴ མཚུངས་མེད་རྒྱལ་པོ་ལ༴ རྣམ་རོལ་ང་རོ་ལ༴ སེངྒེའི་མཆེ་བ་ལ༴ མཛེས་པར་གཤེགས་པ་ལ༴ བསོད་ནམས་་སྒྲོན་མ་ལ༴ བཀྲ་ཤིས་ལྡན་ལ༴ མྱ་ངན་མེད་པ་ལ༴ བློ་གྲོས་སེམས་པ་ལ༴ བློ་གྲོས་ལྡན་པ་ལ༴ ཆོས་ཀྱི་སྒྲོན་མའི་སྤྱན་ལ༴ ཤིན་ཏུ་གཟིགས་པ་ལ༴ ཤུགས་ཀྱིས་དོར་བ་ལ༴ སྟོབས་ཆེན་ལ༴ ཤེས་རབ་མེ་ཏོག་ལ༴ བསྟན་པའི་དབྱངས་ལ༴ བདེ་དང་ལྡན་པ་ལ༴ དོན་དག་གསུངས་པ་ལ༴ དགྱེས་པ་གསལ་བ་ལ༴ སེང་གེའི་ཞལ་ལ༴ གཙུག་ཕུད་ལ༴ མོས་པ་སྣང་མཛད་ལ༴ བྱང་ཆུབ་སེམས་དཔའ་ཚངས་པ་ལ༴ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བའི་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རྒྱ་འཚོ་ཁྱེད་རྣམས་ལ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཐུགས་རྗེ་དང་ལྡན་པ་ཁྱེད་རྣམས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་དུ། ཚེ་ལས་འདས་པ་མིང་འདི་ཞེས་བྱ་བའི་མདུན་ནས་བསུས། རྒྱབ་ནས་སྐྱོར། མུན་ནག་གི་འཇིགས་པར་ཡེ་ཤེས་ཀྱི་སྒྲོན་མེ་སྦོར། ལས་རླུང་དང་ཁ་ཆར་ཐུགས་རྗེའི་ཤུགས་ཀྱིས་བཟློག གཡང་ས་ཆེན་པོ་བདེ་བའི་ལམ་དུ་སྒྱུར། གཤིན་རྗེ་རྣམས་དང་བར་དོའི་འགྲོ་བ་སེམས་དཔའ་དང་སེམས་མའི་གྲོགས་སུ་གྱུར་ཅིག སྒྲ་འོད་ཟེར་དང་དངངས་སྐྲག་འཇིགས་སྣང་དང་བཅས་པ་རང་བྱུང་རིག་པའི་རྩལ་དུ་ངོ་སྤྲོད་ཅིག རིགས་བརྒྱ་ཞི་ཁྲོའི་ལྷ་ཚོགས་སྐྱོབས་པའི་ལྷ་དང་ལྷ་མོར་སྟོན་ཅིག རྒྱལ་བ་ཁྱེད་རྣམས་ཀྱི་ཐུགས་རྗེས་འཁོར་འདས་རུ་བཟློག་ནས་རིགས་དྲུག་གི་སྐྱེ་སྒོ་འགགས་ཏེ། སྐུ་གསུམ་དག་པའི་ཞིང་ཁམས་རྣམས་སུ་འདྲེན་དུ་གསོལ། ཅེས་ཚིག་དོན་ལྟར་འདོན་བསྒོམ་དུ་བྱའོ། དེ་ནས་འཕོ་བའི་ལས་བྱང་ལ་འཇུག་གོ །ཅེས་པ་འདི་ཡང་རཀྴའི་བན་བསྒོམ་ཀྲ་ཡའི་མིང་གིས་བསྐུལ་ངོར་། བསྒོམ་བདེ་རྟོགས་ལྡན་པས། རིག་འཛིན་མ་ཧཱ་གུ་རུའི་སྒྲུབ་གནས་གྷུ་ཡ་ཀ་ལར་སྦྱར་བ་དགེ་ལེགས། མངྒ་ལཾ།། །།

བྱང་ཆོག་གི་མཚམས་སྦྱོར།

བྱང་ཆོག་གི་མཚམས་སྦྱོར་བཞུགས་སོ། །ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་འདས་མ་འདི་རྣམས་སྲིད་པ་གསུམ། ལམ་རྒྱུད་ལྔ། འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་། སྐད་ཅིག་ཡུད་ཙམ་ཅིག་གིས་མདུན་གྱི་མིང་བྱང་འདི་ལ་གཉིས་སུ་མེད་པར་མཆིས་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད་ཅིང་ལྕགས་ཀྱུའི་ཕྱག་རྒྱས་བསྟིམ། བྱང་ཕྱག་ནི། དབང་བཞིའི་སྔོན་དུ་བདུད་རྩི་ལག་མཆོད་ཀྱི་མཚན་གྲངས་ལྟར་མཆོད། གཏོར་མ་ཆ་དྲུག་གི་གོང་མ་རང་གཞུང་ལྟར་བྱིན་གྱིས་བརླབས། འོག་མ་དྲུག་གི་སྐབས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་ཞེས་སྐབས་སུ། །འདོད་ཡོན་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར། ཅེས་བརྗོད་ཅིང་གཏོར་མ་རེ་ལ། ན་མཿསརྦ་ཏ་ཐཱ་ག་ཏའི་སྔགས་གསུམ་གསུམ་གྱི་བྱིན་གྱིས་བརླབ་ཅིང་རང་གཞུང་ལྟར་བསྔོ་བར་བྱའོ། །བྱང་བུའི་ཟས་གཏད་ནི། ཨཱོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ནཾ་ཨ་དྱ་ནུཏྤན་ན་ཏོཏྟ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གསུམ་བརྗོད། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །བསྟོད་ཚིག་བརྗོད་པའི་སྒྲ་སྙན་ཡིད་འོང་ལྡན། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་བཟའ་བཅའ་བཏུང་བའི་རིགས། །རོ་མཆོག་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག། ཧཱུྃ། གཟུགས་མཆོག་རྣམས་དང་སྒྲ་ཡི་མཆོག་རྣམས་དང་། དྲི་མཆོག་རྣམས་དང་རོ་ཡི་མཆོག་རྣམས་དང་། རེག་བྱ་མཆོག་གི་མཆོད་པ་འདི་བསྔོས་པས། །ཚེ་འདས་འདོད་ཡོན་ལྔ་ལ་སྤྱོད་པར་ཤོག །འཇིག་རྟེན་ཕ་རོལ་སོང་བའི་ཚེ་འདས་ལ། །ལས་དང་སྨོན་ལམ་དབང་གིས་འབྲེལ་བ་ཡི། །ཉེ་དུ་འབྲེལ་བ་ཤུལ་དུ་མཆིས་པ་ཡི། །ནམ་གཞག་གཏན་གྱི་ཟས་སྐོམ་འདི་བསྔོས་པས། །ཚེ་འདས་མི་ཟད་གཏེར་ལ་སྤྱོད་པར་ཤོག །འཇིག་རྟེན་འདི་ནས་ཕ་རོལ་དུ་སོང་ཞིང་ཚེ་ལས་འདས་པ་དེ་དག་གི་མིག་གི་ཡུལ་དུ་གཟུགས་མཛེས་པར་གྱུར་ཅིག །རྣ་བའི་ཡུལ་དུ་སྒྲ་སྙན་པར་གྱུར་ཅིག །སྣ་ཡི་ཡུལ་དུ་དྲི་ཞིམ་པར་གྱུར་ཅིག ལྕེ་ཡི་ཡུལ་དུ་རོ་མངར་བར་གྱུར་ཅིག ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པར་གྱུར་ཅིག ཡིད་ཀྱི་ཡུལ་དུ་ཕུན་སུམ་ཚོགས་པར་གྱུར་ཅིག བཟའ་བ་རི་བོ་དང་མཉམ་པར་གྱུར་ཅིག བཏུང་རྒྱ་མཚོ་དང་མཉམ་པར་གྱུར་ཅིག འདོད་ཡོན་ལྔ་ལ་མ་ཆགས་མ་ཞེན་པའི་སྒོ་ནས་དཀོན་མཆོག་གསུམ་མཆོད་པའི་སྐབས་དང་ལྡན་པར་གྱུར་ཅིག ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག། རྩོད་པ་མེད་ཅིང་འཚེ་བ་མེད། །རང་དབང་དུ་ནི་སྤྱོད་བར་ཤོག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཐོས་པས་རིག་པའི་གནས་རྣམས་ཀུན་ལ་བྱང་། །བསམ་པས་མདོ་རྒྱུད་དྲང་ངེས་དགོངས་པ་རྟོགས། །བསྒོམས་པས་ཞི་ལྷག་ཟུང་འབྲེལ་བདེན་པ་མཐོང་། རིམ་གཉིས་ལམ་ལས་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་འདོད་ཡོན་བསྔོ་བའི་མཚམས་སྦྱོར་རིག་འཛིན་ཉི་མ་གྲགས་པས་སྦྱར་བའོ། །སརྦ་མངྒ་ལཾ།། །།

རྡུལ་ཚོན་ཆུ་གཤེགས་ཀྱི་ངག་འདོན།

༈ དཀྱིལ་འཁོར་གྱི་རྡུལ་ཚོན་དབང་ཆེན་གྱི་ཆུ་བོ་ལ་སྐྱེལ་བའི་ངག་འདོན་བཞུགས། ན་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་དང་བསྙེན་ཅིང་བསྒྲུབ་པའི་ལྷག་པའི་ལྷ་མཆོག་གཙོ་བོ་ཡབ་ཡུམ་རིགས་ཀྱི་བདག་པོ་བརྒྱུད་ལྡན་གྱི་བླ་མ་ཕྱི་ནང་གི་འཁོར་ཚོགས་རྩ་གསུམ་རྒྱལ་བ་རྒྱ་མཚོ་ཁྱེད་རྣམས་ཀྱིས་སྔོན་བསྐལ་བ་མང་པོའི་གོང་རོལ་ནས་ཐུགས་བསྐྱེད་དང་སྨོན་ལམ་རླབས་པོ་ཆེ་ཇི་ལྟར་བཏབ་པའི་ཐུགས་རྗེའི་མཐུ་དཔལ་བྱིན་རླབས་ཀྱི་ནུས་པ། ཁྱད་པར་དུ་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་རྣམས་ཀྱིས་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་འདི་བཞེངས་ཤིང་བསྙེན་སྒྲུབ་ལས་གསུམ་གྱི་ཏིང་ངེ་འཛིན་ཡང་དག་པར་སྤྱད་དེ། སྒོམ་སྒྲུབ་ཀྱི་འཕྲིན་ལས་ཟབ་མོ་མཐར་ཕྱིན་ནས་ཕོ་བྲང་ཆེན་པོ་ཡེ་ཤེས་ལྔ་ལྡན་གྱི་རྡུལ་ཚོན་འདི་བཀྲ་ཤིས་རྒྱུན་མི་འཆད་པའི་དཔལ་གྱིས་བརྒྱན་པའི་དབང་གི་ཆུ་བོའི་འཁོར་ལོ་ནམ་ཡང་ཟད་པ་མེད་པ་འདི་ལ་དོར་བའི་མཐུས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག གསང་སྔགས་རྡོ་རྗེ་ཐེག་པ་འདིས་ཀྱང་འགྲོ་བ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །བསྟན་པའི་རྩ་ལག་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱང་སྐུ་ཚེ་དང་མཛད་འཕྲིན་ཐམས་ཅད་ཡར་ལྡན་དུ་འཕེལ་ཞིང་སེམས་ཅན་གྱི་སྒྲོན་མེ་ཡུན་རིང་དུ་མཛད་པར་གྱུར་ཅིག འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་ལེགས་པ་དང་ནད་མཚོན་མུ་གེའི་བསྐལ་པ་ཐམས་ཅད་ཞི་ཞིང་། བསྐལ་བ་རྫོགས་ལྡན་གྱི་དུས་ལྟར་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་གྱུར་ཅིག འཇིག་རྟེན་མི་དབང་གི་རྒྱལ་པོ་རྣམས་ཀྱང་དགེ་བའི་དཔལ་གྱི་ས་སྐྱོང་ཞིང་ཆབ་སྲིད་འབངས་མངའ་འཁོར་དང་བཅས་པ་ཐམས་ཅད་དར་ཞིང་རྒྱས་ནས་དགེ་བའི་ལས་སྣ་ཚོགས་བརྩམ་ཞིང་བཀྲ་ཤིས་པའི་ཡོན་ཏན་དུ་མ་མངོན་དུ་བྱེད་པར་གྱུར་ཅིག ཆུ་བོ་ཆེན་པོ་འདིས་གང་དུ་ཁྱབ་པའི་ཐ་གྲུའི་སྐྱེ་འགྲོ་ལྷ་མི་དུད་འགྲོ་གཟུགས་ཅན་གཟུགས་མེད་ཐམས་ཅད་ཀྱིས་མྱོང་བ་བཀྲུས་པ་རེག་ཅིང་འབོག་པ་ཐམས་ཅད་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་རིགས་ཀྱི་བདག་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པར་གྱུར་ཅིག ཅེས་ལན་གསུམ་མམ་གཅིག་སོགས་སྐབས་ལྟར་བརྗོད་པའི་མཐར་༈ བཀྲ་ཤིས་པའི་ཚིགས་བཅད་མང་པོ་མཚམས་དང་མཐའ་རྣམས་རོལ་མོ་སྣ་ཚོགས་ཀྱིས་བརྒྱན་ཏེ་བརྗོད་པར་བྱའོ། །ཅེས་པ་འདི་ཡང་སྒྲུབ་ཆེན་རྣམས་ཀྱི་རྡུལ་ཚོན་དབང་གི་ཆུ་བོ་ལ་སྐྱེལ་བའི་ངག་འདོན་མཐོང་བརྒྱུད་ལྟར་ལ་མ་རིག་མུན་སེལ་གྱི་བསྔོ་བའི་ཤམ་བུའི་བརྒྱན་ཏེ་སྤྲང་པོ་ཉི་མ་གྲགས་པས་ཤར་སྟག་མོ་སྒང་དུ་སྦྱར་བའོ། །སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་བདུད་བཟློག

༈ ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་བདུད་བཟློག་ཡོད། ཨཱོཾ་སྭཱ་ཧཱ། གསུམ། ཆོས་སྐུ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ། །འཁོན་ཆེན་ཀླུ་ཡི་དབང་པོ་ལ་ཕྱག་འཚལ་ལོ། །དྲིན་ཅན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འཕགས་མཆོག་མ་རིག་མུན་སེལ་ཡབ་ཡུམ་ལ་ཕྱག་འཚལ་ལོ། །རིགས་བདག་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །སྲས་མཆོག་ནོར་བུ་འཛིན་པ་ལ་ཕྱག་འཚལ་ལོ། །སྲས་མོ་གསང་སྔགས་འཛིན་མ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་དབང་ཆེན་རྟ་མགྲིན་དམར་པོ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་རིགས་ཀྱི་ཡབ་ལྔ་ལ་ཕྱག་འཚལ་ལོ། །ཡུམ་ལྔ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་མ་བརྒྱད་ལ་ཕྱག་འཚལ་ལོ། །འགྲོ་འདུལ་གྱི་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ལ་ཕྱག་འཚལ་ལོ། །ཁྲག་འཐུང་སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ། །བཀའ་སྲུང་ཡེ་ཤེས་མགོན་པོ་ལ་ཕྱག་འཚལ་ལོ། །གཏེར་སྲུང་བྱ་རོག་གདོང་ལ་ཕྱག་འཚལ་ལོ། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་ལ་ཕྱག་འཚལ་ལོ། །ཆོས་ཉིད་དེ་བཞིན་ཉིད་དོན་དམ་པའི་བདེན་པ་ཆེན་པོ་ལ་ཕྱག་འཚལ་ལོ། །ཁྱེད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས། །བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལོག་འདྲེན་འབྱུང་པོ་ནད་བདག་ཡམས་བདག་གོད་འདྲེ་གོད་སྲི་ཕོ་གདོན་མོ་གདོན་ཟ་འདྲེ་ཤི་གཤེད་ཐམས་ཅད་མཐའི་རྒྱ་མཚོའི་ཕ་རོལ་དུ་ཟློག་པའི་ཆེད་དུ་མ་ཎི་འུར་རྒྱག ཡང་འུར་རྒྱག ཡང་འུར་རྒྱག བཀྲ་ཤིས་བདེ་སྐྱིད་འབྱུང་བར་ཤོག། ༈ བདག་ཅག་དཔོན་སློབ་ཀྱི་མཚམས་ལ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་ཆེ་གེ་འདི་ཞེས་པ་ཚང་གི་ཕུགས་ཀྱི་ལྷ་ལ་གནོད་པ། བར་གྱི་མི་ལ་གནོད་པ། སྒོ་ཡི་ནོར་ལ་གནོད་པ། མཚམས་སྦྱར། །ནད་པ་ཆེ་གེ་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ་གནོད་པའི། དང་པོར་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མར་ནད་དཔྱད་ཀྱིས་མི་ཕན་པར་བྱེད་པའི་གདོན་བགེགས་ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། བླ་ལ་འཁྱེར་བ། ཡིད་ལ་བརྔམས་པའི་ལོ་༈ སྐག་ཟླ་སྐག་ཞག་སྐག་ཟ་མའི་སྐག་དང་བཅས་པ་ཐམས་ཅད་ཟློག་པའི་ཆེད་དུ་མ་ཎི་འུར་རྒྱག །གསུམ། །ནད་དང་གདོན་ལས་ཐར་པར་ཤོག །གཏེར་སྟོན་གྱིས་མཛད་པའོ། །སརྦ་མངྒ་ལཾ།། །།

རབ་གནས་ཡེ་ཤེས་ཉི་མ་ཟུར་གསལ་གྱིས་བརྒྱན་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རབ་གནས་ཡེ་ཤེས་ཉི་མ་ཟུར་གསལ་གྱིས་བརྒྱན་པ་བཞུགས༔ འཕགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་ལ་ཕྱག་འཚལ་ལོ༔ རྒྱུད་ལས་༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ རྟེན་ལ་བགེགས་བསྐྲད་ཐུན་གྱིས་བྲབ། སྟོང་པར་སྦྱང་ཞིང་ལྷ་རུ་བསྐྱེད༔ ཁྲུས་གསོལ་སྤྱན་དབྱ་ེན་བཟའ་དབུལ༔ ཡེ་ཤེས་བསྟིམ་ཞིང་མཆོད་བསྟོད་བྱ༔ མི་དམིགས་རྒྱས་གདབ་དགེ་བ་བསྔོ༔ ཅེས་པས་རབ་ཏུ་གནས་པའི་ཆོ་ག་ཡེ་ཤེས་ཉི་མ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་སྟོན་ཏེ༔ དང་པོ་སྔོན་དུ་འགྲོ་བ་ནི༔ གནས་ཡིད་དུ་འོང་བར་བཀྲ་ཤིས་ཉི་ཟླ་གཟའ་སྐར་བཟང་པོ་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་བསྙེན་སྒྲུབ་ཁ་གསོའོ༔ དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡིན་པ་དེ་རང་གི་མདུན་དུ་འགོད་ཅིང་༔ རང་ཉིད་ལྷའི་ང་རྒྱལ་དྲག་ཏུ་བསྐྱེད་དེ༔ གུ་གུལ་གྱིས་བདུག༔ བགེགས་གཏོར་བསྔོ༔ ཡུངས་ཀར་གྱིས་བྲབ་ཅིང་བགེགས་བསྐྲད་མཚམས་གཅོད་བསྲུང་བའི་འཁོར་ལོས་གོ་བསྒོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ སྐུ་རྟེན་གྱི་རིགས་ལ་གང་ཡིན་གྱི་ལྷར་བསྐྱེད་རིམ་སྟོང་པའི་ངང་ལས་ལམ་གྱིས་ཤར་བར་བསྒོམ༔ གསུང་རྟེན་ཡིན་ན་ཡིག་འབྲུ་རྣམས་ཨཱ་ལི་ཀཱ་ལིའི་རང་སྒྲ་དིར་རེར་བསྒོམ༔ ཐུགས་རྟེན་ཡིན་ན་ཕྱི་མཆོད་རྟེན་གྱི་རྣམ་པར་ནང་གཞལ་ཡས་ཁང་གསང་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་བསྐྱེད༔ ཧཱུྃ༔ བཞེངས་ཤིག་བླ་མེད་དཀོན་མཆོག་གསུམ༔ སྐུ་གསུང་ཐུགས་མཆོག་རྡོ་རྗེ་ཆེ༔ ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ༔ སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང་༔ སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ༔ ཡེ་ཤེས་ཆེན་པོས་དབང་མཆོག་བསྐུར༔ བཛྲ་ས་མ་ཡ་ཛཿཛཿ ཅེས་སྤྱན་འདྲེན༔ ཧཱུྃ༔ དམ་ཚིག་སེམས་དཔའ་བཞེངས་པའི་རྟེན༔ ཡེ་ཤེས་སེམས་དཔའ་བདེ་བར་གཤེགས༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛལྷན༔ ཅེས་རྟེན་དང་གཉིས་སུ་མེད་པར་བཞུགས་པར་བསམ༔ ཧཱུྃ༔ རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ༔ ཉོན་མོངས་རྒོལ་བ་འཇོམས་པའི་ལྷ༔ འགྲོ་བའི་འདྲེན་པ་སྐྱབས་ཅིག་པུ་༔ རྩ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་གཉིས་སུ་མེད་པར་ཕྱག་འཚལ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་བུམ་པ་འདི༔ སྨན་སྤོས་དྲི་བཟང་ཆུ་ཡིས་བཀང་༔ གཙང་མར་སྦྱར་བའི་དྲི་ཆབ་འདིས༔ རྒྱལ་བའི་སྐུ་ལ་ཁྲུས་གསོལ་བས༔ སེམས་ཅན་ལུས་སྒྲིབ་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་བུམ་པ་འདི༔ སྨན་སྤོས་དྲི་བཟང་ཆུ་ཡིས་བཀང་༔ གཙང་མར་སྦྱར་བའི་དྲི་ཆབ་འདིས༔ རྒྱལ་བའི་གསུང་ལ་ཁྲུས་གསོལ་བས༔ སེམས་ཅད་ངག་སྒྲིབ་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་བུམ་པ་འདི༔ སྨན་སྤོས་དྲི་བཟང་ཆུ་ཡིས་བཀང་༔ གཙང་མར་སྦྱར་བའི་དྲི་ཆབ་འདིས༔ རྒྱལ་བའི་ཐུགས་ལ་ཁྲུས་གསོལ་བས༔ སེམས་ཅན་ཡིད་སྒྲིབ་དག་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ༔ ཅེས་སྐུ་གསུང་ཐུགས་ལ་ཁྲུས་གསོལ༔ ཧཱུྃ༔ ཡེ་ཤེས་སྤྱན་ལ་དབྱེ་གསལ་མིང་མེད་ཀྱང་༔ སེམས་ཅན་ལས་ཀྱི་སྒྲིབ་པ་བསལ་པའི་ཕྱིར༔ འཕགས་པའི་སྤྱན་དབྱེ་འགྲོ་བའི་མུན་སེལ་ཤོག༔ ཨཱོཾ་སརྦ་ཛྙ་ན་ཙཀྵུ་པྲ་ཝེ་ཤ་ཡ་སྭཱ་ཧཱ༔ ཅེས་སྤྱན་དབྱེ༔ ཧཱུྃ༔ བཀྲ་ཤིས་ལྷབ་ལྷུབ་པཉྩ་ལི་ཀའི་དར༔ རིན་ཐང་མེད་པར་སྲབ་འཇམ་ཡང་བའི་གོས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་གསོལ་བས༔ བསོད་ནམས་དམ་པའི་མཆོག་ཏུ་འདི་གྱུར་ཅིག༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ཛྙཱ་ན་ཝ་སྟྲ་ཡེ་སྭཱ་ཧཱ༔ ཅེས་བརྗོད་ཅིང་ལྷ་ཁྲོ་བོ་ཁྲོ་མོ་ཕོ་བརྒྱུད་མོ་བརྒྱུད་ཞི་བ་ཞི་མ་ཁྲོ་སོགས་གང་ཡིན་པ་དེར་མཐུན་གྱི་ན་བཟའ་རྒྱན་གོས་ལ་སོགས་རང་གཞུང་ལྟར་དབུལ༔ ཞེས་གསུངས་པའི་དོན་ལྟར༔ ལྷ་ལོངས་སྐུའི་རིགས་ལ་དུང་གི་སྐྲ་ཤད་ཕུལ་ལ༔ ཧཱུྃ༔ དབུ་སྐྲ་མཐོན་མཐིང་ཉེས་སྐྱོན་ཀུན་བྲལ་ཡང་༔ འགྲོ་ཀུན་ཐབས་ཤེས་ཡེ་ཤེས་རྟོགས་བྱའི་ཕྱིར༔ དུང་གི་སོ་མང་བརྡ་ཡིས་སྐྲ་ཤད་པས༔ ཐབས་ཤེས་ཡོངས་རྫོགས་ལོངས་སྐུ་གྲུབ་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཧ་རི་ནི་ས་ཧཱུྃ་སྭཱ་ཧཱ༔ ལྷ་སྤྲུལ་སྐུའི་རིགས་ལ་སྐྲ་བཞར་གསེར་ལས་གྲུབ་པ་ཕུལ་ཏེ༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་དབུ་སྐྲ་བླང་མེད་ཀྱང་༔ འགྲོ་ཀུན་བག་ཆགས་སྒྲིབ་པ་དག་བྱའི་ཕྱིར༔ གསེར་གྱི་སྤུ་གྲི་སྐྲ་བཞར་འདི་ཕུལ་བས༔ འགྲོ་རྣམས་མཚན་བཟང་གཙུག་ཏོར་ལྡན་པར་ཤོག༔ ཨཱོཾ་ཀརྨ་ཏིག་ན་ཧཱུྃ་སྭཱ་ཧཱ༔ རྒྱན་དབུལ་བ་ནི༔ ལོངས་སྐུའི་རིགས་ལ༔ ཧཱུྃ་ཧྲཱི༔ རིགས་ཀྱི་བདག་པོ་བདེ་གཤེགས་བཅོམ་ལྡན་འདས༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ༔ དུས་གསུམ་རྒྱལ་བའི་དབུ་ལ་འདི་ཕུལ་བས༔ སྐུ་ལྔ་ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཡི་དམ་གྱི་རིགས་ལ་དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་སོགས་འབུལ་བ་ནི༔ ཐོད་སྐམ་རཏྣའི་པྲོག་ཞུ་ཅན་ཐོགས་ལ༔ ཧཱུྃ་ཧྲཱི༔ ཐོད་སྐམ་པྲོག་ཞུ་རཏྣའི་རྩེ་བྲན་ཅན༔ ཁྲག་འཐུང་རིགས་ལྔ་ཡོངས་སུ་རྫོགས་པའི་དཔལ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་རྒྱན་དང་ལྡན་པར་ཤོག༔ ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དར་གྱི་སྟོད་གཡོགས་སྨད་དཀྲིས་ཕུལ་ལ༔ ཧཱུྃ་ཧྲཱི༔ སྣ་ཚོགས་དར་ལ་རེག་འཇམ་ལྷ་ཡི་གོས༔ ལྷབ་ལྷུབ་རྒྱན་ལྡན་སྟོད་གཡོགས་སྨད་ཀྱི་དཀྲིས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་བའི་ཚ་གྲང་སྡུག་བསྔལ་སེལ་བར་ཤོག༔ ཨཱོཾ་ནི་ར་གི་ཨ་བྷི་ཥིཉྩ་ཧཱུྃ༔ ཨུཏྤལ་མེ་ཏོག་ཕྲེང་བའི་དོ་ཤལ་ཕུལ་ལ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་ལྷ་རྫས་མེ་ཏོག་ཨུཏྤལ་ཕྲེང་༔ དུས་གསུམ་རྒྱལ་བའི་ཆས་ཏེ་དྲི་མེད་རྫས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་དོ་ཤལ་ཕྲེང་བས་མཛེས་པར་ཤོག༔ ཨཱོཾ་པུཥྤེ་ཛྙཱ་ན་མ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ སྙན་རྒྱན་ཕུལ་ལ༔ ཧཱུྃ་ཧྲཱི༔ རིན་ཆེན་སྣ་ཚོགས་སྙན་རྒྱན་བླ་ན་མེད༔ བདེ་གཤེགས་རྒྱལ་བའི་རྒྱན་མཆོག་དམ་པ་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་སྙན་རྒྱན་ལྡན་པར་ཤོག༔ ཨཱོཾ་བྷ་ར་ཏ་རཏྣ་ཨབྷི་ཥིཉྩ་ཧཱུྃ༔ མགུལ་རྒྱན་ཕུལ་ཏེ༔ ཧཱུྃ་ཧྲཱི༔ མན་ཤེལ་ཆུ་ཤེལ་ཨིནྡྲ་ནཱི་ལ་སོགས༔ རྒྱལ་བའི་མགུལ་རྒྱན་རིན་ཆེན་སྣ་ཚོགས་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་རྒྱན་དང་ལྡན་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་རྒྱན་ཕུལ་ཏེ༔ ཧཱུྃ་ཧྲཱི༔ རྒྱན་མཆོག་དམ་པ་དཔུང་རྒྱན་དཔལ་གྱི་ཆས༔ རྒྱལ་བའི་དཔུང་རྒྱན་རིན་ཆེན་སྣ་ཚོགས་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་དཔུང་རྒྱན་ལྡན་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ གདུ་བུ་བཞི་ཕུལ་ཏེ༔ ཧཱུྃ་ཧྲཱི༔ ཕྱག་ཞབས་གདུ་བུ་རིན་ཆེན་དཔལ་གྱི་ཆས༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་འོད་དུ་འབར༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་ཕྱག་ཞབས་གདུ་བུས་མཛེས་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ རུས་རྒྱན་ཕུལ་ཏེ། ཧཱུྃ་ཧྲཱི༔ དུར་ཁྲོད་རུས་དུམ་སྟོད་དང་སྨད་ཀྱི་རྒྱན༔ རྒྱལ་བ་རྣམས་ཀྱི་རྒྱན་མཆོག་རུས་ཕྲེང་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་རྒྱན་དང་ལྡན་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་བ་རཱ་གྷུརྞ་ཨ་བྷི་ཥིཉྩ་ཧཱུྃ༔ དར་དཔྱངས་ཕུལ་ཏེ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་དར་དཔྱངས་སྣ་ཚོགས་ཅོད་པན་འཕུར༔ མ་འདྲེས་ཆོས་རྣམས་སོ་སོར་སྟོན་པའི་དཔལ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་མ་འདྲེས་ཆོས་ཀྱི་དོན་རྟོགས་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དུར་ཁྲོད་ཀྱི་ཆས་དབུལ་བ་ནི༔ ཧཱུྃ་ཧྲཱི༔ ང་རྒྱལ་མ་སྤངས་མཉམ་ཉིད་ངང་དུ་གྲོལ༔ ཚར་གསུམ་ཐོད་ཕྲེང་སྐུ་གསུམ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ གླང་ཆེན་ཀོ་རློན་ཕུལ་ལ༔ ཧཱུྃ་ཧྲཱི་གཏི་མུག་མ་སྤངས་ཆོས་དབྱིངས་ངང་དུ་གྲོལ༔ གླང་ཆེན་ཀོ་རློན་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀ་ཡི་གོ་འཕང་འཐོབ་པར་ཤོག༔ སྦྲུལ་ཆུན་ཕུལ་ལ༔ ཧཱུྃ་ཧྲཱི༔ ཞེ་སྡང་མ་སྤངས་མཉམ་ཉིད་ངང་དུ་གྲོལ༔ སྦྲུལ་གྱི་ཆུན་པོ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ མི་ལྤགས་ཕུལ་ལ༔ ཧཱུྃ་ཧྲཱི༔ འདོད་ཆགས་མ་སྤངས་སོར་རྟོག་ངང་དུ་གྲོལ༔ མི་ལྤགས་གཡང་གཞི་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ སྟག་ཤམ་ཕུལ་ལ༔ ཧཱུྃ་ཧྲཱིཿ ཕྲག་དོག་མ་སྤངས་བྱ་གྲུབ་ངང་དུ་གྲོལ༔ སྟག་གི་ཤམ་ཐབས་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ རཀྟའི་ཐིག་ལེ་འབུལ་ཞིང་༔ ཧཱུྃ་ཧྲཱི༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ རཀྟའི་ཐིག་ལེ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ ཞག་གི་སོར་རིས་བྱུག་ལ༔ ཧཱུྃ་ཧྲཱི༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུ་མངའ་ཕྱིར༔ ཞག་གི་སོར་རིས་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ ཐལ་ཆེན་བྱུག་ཅིང་༔ ཧཱུྃ་ཧྲཱི༔ གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ ཐལ་ཆེན་ཚོམ་བུ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ གཤོགས་པ་ཕུལ་ལ། ཧཱུྃ་ཧྲཱི༔ ཐོགས་མེད་རྫུ་འཕྲུལ་ཐབས་ཀྱི་རང་བཞིན་ལས༔ རྡོ་རྗེའི་གཤོག་པ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ མེ་རི་ཕུལ་ཏེ། ཧཱུྃ་ཧྲཱི༔ མ་རིག་ཉོན་མོངས་བག་ཆགས་དབྱིངས་སུ་སྲེག༔ ཡེ་ཤེས་མེ་དཔུང་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ཧེ་རུ་ཀཿཡི་གོ་འཕང་ཐོབ་པར་ཤོག༔ ༈ ལྷ་སྤྲུལ་སྐུའི་རིགས་ལ་ཆོས་གོས་རྣམ་གསུམ་ཕུལ་ཏེ། ཧཱུྃ་ངུར་སྨྲིག་རྟགས་མཆོག་ཚུལ་ཁྲིམས་འཆང་བའི་གོས༔ བླ་གོས་རྣམ་གསུམ་འཁོར་བའི་འཇིགས་བྲལ་རྫས༔ བདེ་གཤེགས་རྒྱལ་བའི་སྐུ་ལ་འདི་ཕུལ་བས༔ བདག་སོགས་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་ཐོབ་ཤོག༔ ཅེས་གོས་སྔགས་དང་བཅས་ཏེ་དབུལ་བར་བྱའོ༔ རོལ་མོས་མཆོད་པ་ནི༔ ལྷ་རྫས་ཀྱི་རོལ་མོ་ཚོགས་ཚད་ཐོགས་ཏེ༔ ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པའི་སྐུ་མཆོག་ལ༔ སྐྱོ་དུབ་མཚན་མའི་འཛིན་པ་ཡོངས་བྲལ་ཡང་༔ འགྲོ་ཀུན་སྐྱོ་དུབ་འཇིགས་པ་བྲལ་བའི་ཕྱིར༔ རྔ་དུང་སིལ་སྙན་པི་ཝང་གླིང་བུ་དང་༔ ཏིང་ཏིང་ཤག་དང་ཅང་ཏེའུ་དྲིལ་བུའི་སྒྲ༔ ཡོལ་བ་བླ་རེ་འཕན་གདུགས་རྒྱལ་མཚན་སོགས༔ ཕྱེ་མ་ཕུར་མ་རི་རབ་མཉམ་པས་མཆོད༔ འགྲོ་ཀུན་བདེ་ལེགས་ཡོན་ཏན་ཀུན་ཐོབ་ཤོག༔ ཨཱོཾ་ཤཔྟ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ མཎྜལ་རྒྱས་པར་དབུལ༔ བསྟོད་པ་ལྷ་དང་མཐུན་པར་རང་གཞུང་ལྟར་བསྟོད༔ ཕྱི་ནང་གསང་གསུམ་གྱི་མཆོད་པ་ལྷའི་ངོ་བོ་ཐེག་པའི་བྱེ་བྲག་དང་མཐུན་པས་མཆོད༔ སོ་སོའི་བསྟོད་པ་ལས་འབྱུང་བ་ལྟར་བསྟོད༔ བསྟོད་པ་མེད་པའི་རིགས་སམ་རང་གིས་མ་ཤེས་པ་ལ༔ ཧཱུྃ༔ ཡེ་ཤེས་ཆེན་པོ་གཟི་བརྗིད་འཆང་བའི་གར༔ ཆོས་ཀྱི་དབྱིངས་ལས་ཟློས་གར་སྒྱུར་བའི་ལྷ༔ འགྲོ་བའི་ཉི་མ་བདེ་ལེགས་དཔལ་གྱི་ཞིང་༔ གུས་པའི་ཕྱག་འཚལ་དང་བའི་ཡིད་ཀྱིས་བསྟོད༔ བཛྲ་ས་མ་ཡ་ཨ་ཏི་པཱུ་ཙ་ཧོ༔ ཅེས་བརྗོདཿ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་ནས་སམ་འབྲས་སོགས་འབྲུ་བག་རྡུལ་མེད་པ་ལ་ཡི་དམ་གྱི་སྙིང་པོ་དང་དབྱངས་གསལ་བྱེད་རྟེན་འབྲེལ་སྙིང་པོ་ལ་སོགས་ཅི་མང་གི་གཟུངས་སྔགས་བཏབ་པ་རྡོ་རྗེ་རྒྱལ་པོ་མཆེད་ལྕམ་རྣམས་ཀྱིས་ཐོགས་ཏེ༔ བཀྲ་ཤིས་པའི་ཚིགས་སུ་བཅད་པ་མང་པོ་བརྗོད་ཅིང་མེ་ཏོག་འཐོར་རབ་ཏུ་གནས་ཏེ༔ ཧོ༔ རྒྱལ་བ་འཕགས་པའི་ལྷ་ཚོགས་ཐུགས་རྗེ་དང་ལྡན་པ་ཁྱེད་རྣམས་སྲིད་པའི་འགྲོ་བ་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་ལ་རྒྱལ་བ་འཕགས་པའི་ལྷ་ཚོགས་རྣམས་དང་གཉིས་སུ་མེད་པར་བཞུགས་སུ་གསོལ༔ མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་འཕགས་པ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་མཛད་དུ་གསོལ༔ ཅེས་བརྗོད་ཅིང་ཡེ་ཤེས་ཀྱི་ལྷ་ཚོགས་རྟེན་དང་གཉིས་སུ་མེད་པར་བསམ༔ གླུ་གར་གྱི་ཉམས་སྐྱོང་༔ ཚོགས་ཀྱི་འཁོར་ལོ་བསྐོར་ཆོས་སྐྱོང་བསྲུང་མ་ལ་རྟེན་གྱི་གཉེར་ཁ་བཅོལ༔ གསུངས་དོན། ༈ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེ༔ གསང་སྔགས་རིགས་སྔགས་གཟུངས་སྔགས༔ སྙིང་པོ་ཕྱག་རྒྱ་ཏིང་འཛིན་སོགས་ཀྱི་བདེན་པའི་མཐུ་དང་༔ ཐུགས་རྗེའི་བྱིན་རླབས་ནུས་པའི་རྩལ་ཤུགསལ་བརྟེན་ནས༔ རྟེན་མཆོག་དམ་པ་འདི་ལ་བཀའ་ཡི་སྲུང་མ་ཁྱེད་རྣམས་ཀྱིས་བྲན་གྱིས་ཤིག༔ ཕོ་ཉ་གྱིས་ཤིག༔ མངག་གཞུག་མཛོད་ཅིག༔ རྟེན་འདི་བཞུགས་པའི་ཡུལ་ཕྱོགས་རྒྱལ་ཁམས་དང་བཅས་པ་ཐམས་ཅད་བཀྲ་ཤིས་པ་དང་༔ དགེ་ལེགས་ཡོན་ཏན་ཐམས་ཅད་འཕེལ་བར་མཛོད་ཅིག༔ ནད་མུག་མཚོན་འཁྲུག་མཐའི་དམག་དཔུང་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཟློག་ཅིག༔ ཅེས་བརྗོད༔ ༈ དབང་བསྐུར་བ་ནི༔ བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་རྟེན་ལ་མཆོད་འབུལ་ཡོན་བདག་ལ་དབང་བསྐུར་བྱ་སྟེ༔ ཧཱུྃ༔ རིན་ཆེན་གདུགས་མཆོག་རཏྣའི་ཡུ་བ་ཅན༔ འཁོར་བའི་ཚ་གདུང་འཇིགས་པ་སྐྱོབས་མཛད་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་བུམ་པ་དཔག་བསམ་ནོར་བུའི་མཆོག༔ མཆོག་ཐུན་དངོས་གྲུབ་འདོད་དགུ་སྩོལ་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་གསེར་གྱི་ཉ་མོ་འོད་བྱེད་འཁྱུག༔ སྒྲིབ་པ་ཀུན་གསལ་ཡེ་ཤེས་སྤྱན་ལྡན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ལཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་ཡིད་འོང་མདངས་ལྡན་དྲི་བསུང་འཆང་༔ གསུང་དབྱངས་ཆོས་ཀྱིས་འགྲོ་བ་སྒྲོལ་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་རབ་དཀར་གཡས་འཁྱིལ་བཀྲ་ཤིས་དུང་༔ ཆོས་ཀྱི་སྒྲ་སྒྲོག་ཆོས་ཀྱི་དོན་སྟོན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཤཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་གྱི་བེའུ་དཔལ་གྱི་ཐུགས་ཀྱི་མཆོག༔ ཐམས་ཅད་མཁྱེན་ལྡན་ཐོས་བསམ་མཐར་ཕྱིན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་དཔལ་བེའུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་མཚན་བདུད་ཀྱི་གཡུལ་ལས་རྒྱལ༔ བསྟན་པ་མི་ནུབ་རྒྱས་པར་བྱེད་པའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་རྣམ་པ་བཅུ་ཡི་དཔལ་དང་ལྡན༔ ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར་པའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྣ་བདུན་ནི། ཧཱུྃ༔ འཁོར་ལོ་རིན་ཆེན་རྩི བས་སྟོང་འོད་དུ་འབར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་དཔལ༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་བྱེད་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་བཻཌཱུར་སྔོན་པོའི་མདོག༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་བདག༔ བསམ་པའི་དོན་ཀུན་ཡང་དག་གྲུབ་བྱེད་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་ལྷ་མོ་སྒྱུ་འཕྲུལ་མ༔ ཁ་དོག་དབྱིབས་ལེགས་ལྟ་ན་སྡུག་པའི་དཔལ༔ ཐབས་ཤེས་ཚེ་བསོད་དཔལ་འབྱོར་འཆང་བའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ས་ཏྲི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་ཤེས་བྱའི་དབང་པོ་ཅན༔ དོན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ༔ ཐམས་ཅད་མཁྱེན་ལྡན་ཤེས་བྱ་རྫོགས་པའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་པུཪྵ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་བཞིན་མཛེས་ལྟ་ན་སྡུག༔ ཕ་རོལ་འཇོམས་པའི་དཔུང་མཆོག་བླ་ན་མེད༔ སྟོབས་ལྡན་རྩལ་ཤུགས་ཡོངས་རྫོགས་མཐར་ཕྱིན་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཧ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟ་མཆོག་རིན་ཆེན་གཡུ་མདོག་མཐིང་འོད་འབར༔ རྫུ་འཕྲུལ་ཤུགས་འཆང་བསོད་ནམས་དཔལ་དང་ལྡན༔ རྫུ་འཕྲུལ་རྐང་མགྱོགས་བརྟུལ་ཞུགས་འཆང་བའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམག་དཔོན་རིན་ཆེན་རཏྣའི་གོ་ཁྲབ་ཅན༔ སྟོབས་རྩལ་ནུས་ལྡན་ཕ་རོལ་རྒོལ་བ་འཇོམས༔ བདུད་བཞིའི་དཔུང་རྣམས་མ་ལུས་འཇོགས་པའི་དབང་༔ དབང་མཆོག་དེས་ཀྱང་དེར་འདིར་བདེ་ལེགས་ཤོག༔ ཨཱོཾ་ཥཥྐ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དབང་བསྐུར་རོ༔ དངོས་གྲུབ་ཞུ་བ་ནི༔ དཀར་གསུམ་མངར་གསུམ་ཕྱེ་དང་སྦྲུས་པའི་ཟན་ལ་འབྲང་རྒྱས་བཟོས་པའི་དངོས་གྲུབ་ཀྱི་རྫས་སྣ་ཚོགས་ཐོགས་ཏེ༔ ཧཱུྃ༔ རྫས་མཆོག་དམ་པ་དངོས་གྲུབ་རྒྱ་མཚོའི་གཏེར༔ རིན་ཆེན་སྣ་ཚོགས་དགོས་འདོད་འབྲུ་ནོར་ཆར༔ མཆོག་ཐུན་དངོས་གྲུབ་མི་ཟད་དཔལ་གྱི་དབང་༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨཱོཾ་ཨཿཧཱུྃ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དངོས་གྲུབ་ཀྱི་རྫས་རྣམས་རོལ་བར་བྱའོ༔ མཆོད་པར་བཅོལ་བ་ནི༔ བླ་མས་སྦྱིན་བདག་རྣམས་ལ་འདི་སྐད་བརྗོད་པར་བྱའོ༔ ཧོ༔ འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ སྐུ་གསུང་ཐུགས་རྟེན་ཡིད་བཞིན་ནོར་བུ་འདི༔ མཐོང་ཐོས་དྲན་རེག་འགྲོ་བ་བླ་མེད་འཐོབ༔ མཆོད་དང་བཀུར་སྟི་རིམ་འགྲོ་སུས་བྱེད་པ༔ རིགས་བདག་ལྷ་ཡི་གོ་འཕང་མྱུར་དུ་འཐོབ༔ དད་མོས་རབ་བསྐྱེད་བརྩོན་འགྲུས་གོ་ཆ་གྱོན༔ མཆོད་པ་རིམ་གྲོ་བཀུར་སྟི་ཕུ་དུད་དང་༔ འཕན་གདུགས་ཡོལ་བ་བླ་རེ་རྒྱན་བཟང་སོགས༔ རྣམ་པ་ཀུན་ཏུ་དཀོན་མཆོག་སྤྱི་བོས་མཆོད༔ ཅེས་བརྗོད་ཕྱག་དང་སྐོར་བ་སྙན་དར་དབུལ༔ ཡོན་དང་གྲལ་སྟོན་བྱ་བ་ནི༔ རིན་ཆེན་འབྲུ་ནོར་ལོངས་སྤྱོད་དར་ཟབ་གོས༔ སྦ་བསྲི་མེད་པར་སྐུ་ཡོན་འདི་ཕུལ་བས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་རྫོགས་ནས༔ བླ་མེད་བྱང་ཆུབ་མངོན་དུ་བྱེད་པར་ཤོག༔ ཅེས་བརྗོད་ཡོན་གྱིས་མཉེས་པར་བྱ་ཞིང་དགེ་སྦྱོང་དང་སྔགས་པའི་གྲལ་སྟོན་སོགས་ཅི་འབྱོར་དུ་བསྒྲུབ་བོ༔ སྦྱིན་སྲེག་འདེབས་ཤིང་བསྔོ་སྨོན་མཐའ་རྒྱས་སྐྱོང་༔ དམིགས་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཟག་བཅས་ཟག་མེད་ཆོས་དབྱིངས་ལ་ཟླའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མང་ཡུལ་ནས་གདན་དྲགས་པའོ། །གཏེར་གཞུང་སོར་བཞག་ཞལ་འཕངས་རྣམས་དག་མེད་དུ་མི་རུང་བ་རྣམས་བླ་མ་བདེ་མཆོག་གི་རབ་གནས་ལྟར་ཁ་བསབས་ཏེ་བྲིས་པའོ། །སེར་མ་རྣམས་ཡིག་ཆུང་ཡིན༔ བློ་ལ་ཟིན་གལ་ཆེ་༔ རབ་གནས་གཉིས་ལ་བུམ་དབང་ནས་རྒྱན་དབུལ་བླངས་པ་རྣམས་ལ་ཧཱུྃ་ཧྲཱི༔ རབ་གནས་གཞུང་ལ་ཧཱུྃ་རྐྱང་ལགས།། །།ས་རྦ་མངྒ་ལཾ།། །།

ཞི་བའི་སྦྱིན་སྲེག་ཕན་བདེའི་ཉིན་བྱེད།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ཞི་བའི་སྦྱིན་སྲེག་ཕན་བདེའི་ཉིན་བྱེད་ཅེས་བྱ་བ་བཞུགས། ཀུན་ཁྱབ་ཆོས་སྐུའི་མཁའ་ལ་ལོངས་སྐུའི་སྤྲིན། །རབ་འབྱམས་སྣ་ཚོགས་སྤྲུལ་པའི་ཆུ་རིས་ཅན། །གྲུབ་གཉིས་བདུད་རྩིའི་འདོད་པ་ཡོངས་འཇོ་བའི། །སྐྱེ་དགུའི་ཉེར་འཚོ་ཁྱབ་བདག་བླ་མས་སྐྱོངས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེར་བྱང་ཆུབ་པའི། །བགྲངས་ཡས་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་གཟུགས། གཅིག་ཏུ་བསྟན་པའི་ལྷ་མཆོག་འཇིག་རྟེན་དབང་། །འདུད་དོ་འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ། །རྫས་སྔགས་ཏིང་འཛིན་ཟབ་མོའི་རླུང་འགྲོས་ཀྱིས། །གྲུབ་གཉིས་ཆ་ཤས་རྫོགས་པའི་འོད་དམར་གྱིས་ས། །ཉེས་པའི་མུན་འཇོམས་ཕན་བདེའི་པདྨོའི་ཚལ། །རྒྱས་བྱེད་སྦྱིན་སྲེག་ཆོ་ག་འདི་ན་སྤེལ། །དེ་ལ་འདིར་རྣལ་འབྱོར་བ་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་གྲངས་མཚན་དུས་རྟགས་ཀྱི་བསྙེན་པ་ཚད་དུ་བསྐྱལ་བས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་ཞི་བར་བྱ་བ་དང་། བསྙེན་པའི་ཁ་སྐོང་སོགས་སུ་སྦྱིན་སྲེག་གི་ཆོ་ག་བརྩམ་པར་བྱ་སྟེ། །སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ནི། ཤིང་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཡོད་པའི་ཡར་ངོའི་བཀྲ་ཤིས་པའི་གཟའ་སྐར་སྦྱོར་བྱེད་དང་ལྡན་པའི་སྔ་དྲོའི་ཚེ། སྐབས་སུ་གང་བབས་ཀྱི་གནས་ཁང་ཕྱག་དར་ལེགས་པར་བྱས་ལ། སྔར་དུལ་བའི་དགོན་གནས་སོགས་ཡིན་ན་མི་དགོས་ཤིང་། དེ་མ་ཡིན་པའི་རིགས་ལ་རྒྱས་པར་སྒྲུབ་ཆེན་ལྟར་ས་བརྟག་བསླངས་སྦྱང་འདུལ་གྱི་ཆོ་ག་བྱ་ཞིང་། རྒྱས་པར་གཏན་ནས་མ་གྲུབ་ན། བསྡུས་པར་ཡི་གེ་བརྒྱ་པ་དང་ཡི་གེ་དྲུག་མའི་སྔགས་བརྗོད་ཅིང་ས་ལ་ཆུ་འཐོར། ལྟོ་འཕྱེ་འཁོར་ཚུལ་དང་བསྟུན་ནས་ལྟོ་བ་ནས་ས་བླངས་ཤིང་། ཨཱོཾ་མ་ཎི་པདྨེ་ཧཱུྃ་སྭཱ་ཧཱ་བྷྲུཾ་ཏྲཾ་ཧྲཱིཿཨཱཿ ཞེས་བརྗོད་ཅིང་བྱིན་གྱིས་བརླབས་པའི་སར་སྟེགས་བུ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་ས་དཀར་པོས་ཁ་དོག་བསྒྱུར་བ་ལ། དཀྱིལ་འཁོར་ཟླུམ་པོ་ལྟེ་བའི་པདྨ་ཕྱི་ནང་ལྷ་གྲངས་དང་མཉམ་པ་ལྷའི་སྐུ་མདོག་དང་མཐུན་པའི་ཚོན་གྱིས་བསྒྱུར་བའི་དབུས་རྣམས་སུ་ལྷ་གྲངས་ཀྱི་ཕྱག་མཚན་ནམ་ཚོམ་བུ་བཀོད་པའི་ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བ་བྲིས་པའི་སྟེང་དུ་ཙན་དན་དཀར་པོ་དང་། འོ་མ་ཅན་ལ་སོགས་པའི་ལས་མཐུན་གྱི་བུད་ཤིང་སྨན་སྤོས་དྲི་བཟང་པོས་བྱུགས་པ་ཟླུམ་པོ་སྲིད་དང་དཔངས་སོགས་དཀྱིལ་འཁོར་དང་མཐུན་པར་བརྩེག སྤྱིར་བཏང་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་སྨན་རག་སོགས་ཕྱི་ནང་གི་མཆོད་པ་རྒྱས་པ་དང་། རང་གི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། རླུང་གཡབ། དགང་གཟར་བླུགས་ཁ་སྦྱར་ཏེ་ཡ་མ་བྲལ་བར་བཞག་པ་དང་། གཡས་སུ་ཙན་དན་ནམ་འོམ་བུའམ་འོ་མ་ཅན་སོགས་དཀར་པོའི་ཤིང་དྲི་ཞིམ་པོ་དང་ལྡན་པ་སྲིད་དུ་སོར་བཅུ་གཉིས་སྦོམ་ཕྲ་མཐེའུ་ཆུང་ཙམ་པ་ཁ་མཉམ་པར་བཅད་པ་ལ། འཇིགས་པ་ཆེན་པོ་བརྒྱད་སོགས་ནད་མདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་བྲིས་པའི་རྩེ་གཉིས་སུ་མར་དང་སྦྲང་རྩིས་བྱུགས་པའི་ཡམ་ཤིང་གང་མང་དང་། མར་ཁུ། ཏིལ་དཀར། ཡུངས་ཀར། ཟས་སྣ། དཱུརྦ། འབྲས། སོ་བ། ནས། སྲན་མ། གྲོ། ཀུ་ཤ། ཕྲུམ། འབྲུ་སྣ། དར་སྣ། ཤིང་ཏོག་སྟེ་སྤྱི་རྫས་དང་། ཁྱད་པར་གྱི་རྫས་པད་དཀར་ཙམ་པ་ཀ། ཙན་དན་དཀར་པོ། ག་པུར། རྩི་མར། དྲི་སྣ། དུང་། ཤེལ། དངུལ་སོགས་དཀར་པོའི་རིགས་ཀྱི་རིན་ཆེན་དར་གོས་འབྲུ་སྨན་ཅི་འབྱོར་བ་དང་། གཡོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉེར་སྤྱོད་ཚར་གཉིས་གཏོར་མ་སྨན་རག་བཅས་པའི་མཆོད་རྫས་བསང་ཆུ་རྣམས་བཤམས་ལ་མ་རིག་མུན་སེལ་གྱི་ལས་བྱང་། མགོན་པོ་སོགས་གང་བྱེད་པའི་ཆོས་སྐྱོང་གི་འཕྲིན་ལས་བསྐང་གསོལ་དང་བཅས་པ། རང་གཞུང་ལས་བྱང་གི་ལྷག་གཏོར་ཡན་གྲུབ་ནས། གདན་དཀར་པོའི་སྟེང་དུ་དར་དཀར་སོགས་ཆས་གོས་དཀར་པོ་དང་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་མི་ཚིག་གིས་བར་མ་ཆོད་པར་རོལ་མོ་འཁྲོལ་ཏེ་འཛབ་དབྱངས་གར་དུ་འཁྲབ་ཅིང་མེ་ཐབ་ལན་གསུམ་བསྐོར་ཏེ། ཨཱོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་དབུས་སུ་ཧྲཱི༔འམ་ཧཱུྃ་དེ་ལ་རཾ་གྱིས་མཚན་པ་ལས་ཡེ་ཤེས་ཀྱི་མེ་དཔུང་དཀར་པོ་ཕྱོགས་བཅུར་འཕྲོས་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བརླགས། ཚུར་འདུས་ཕྱོགས་མཚམས་ཐམས་ཅད་མེ་རིའི་གུར་ཁང་དུ་གྱུར་པར་བསམས་ཤིང་། ཧཱུྃ༔ བསྐལ་པའི་མེ་ཆེན་འབར་བའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གདོན་བགེགས་འབྱུང་པོ་བར་དུ་གཅོད་པའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་མདག་འབར་བའི་སྦྲང་བུ་བཞིན་དུ་བསྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ཨཱོཾ་ཨཱཿཧཱུྃ་ཧྲི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨགྣ་ཡེ་ཛྭ་ལ་རཾ་རཾ༔ ཨཱོཾ་སུམ་བྷཱ་ནི་སོགས་བརྗོད༔ དེ་ནས་རྫས་རྣམས་ཀྱི་ཉེས་སྐྱོན་སྦྱངས་ཤིང་བྱིན་གྱིས་བརླབ་པ་ནི། བསང་ཆུའི་སྣོད་ནས་ཀུ་ཤའི་རྩེ་མོས་ལག་པ་གཡས་པས་ཆུ་བླངས་ཏེ་མཆོད་སྲེག་གི་ཡོ་བྱད་ཐམས་ཅད་ལ་རང་གི་མདུན་ནས་གཡས་སྐོར་དུ་འཐོར་ཞིང་། ནང་མཆོད་ཀྱིས་ཀྱང་བསངས་ལ། རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད། ཨཱོཾ་ཨཱོཾ་སྭཱ་ཧཱས་རྫས་རྣམས་བཀྲུས་པར་བསམས། ཨཱོཾ་ཨཱཿ་སྭ་ཧཱས་ཡམ་ཤིང་དང་། ཨཱོཾ་ཤྲཱི་སྭཱ་ཧཱས་ཞུན་མར་དང་། ཨཱོཾ་ཛྲིཾ་སྭཱ་ཧཱས་འབྲུ་དང་། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་དེ་ལས་གཞན་པའི་རྫས་རྣམས་ཀྱི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་བའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡི་གེ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་རྣམ་པ་འདོད་པའི་ཡོན་ཏན་ལྔ་སོགས་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨཱོཾ་ཧཱུྃ་ཏྲཾ་ཧྲིཿཨཱཿ ཨཱོཾ་ཨཱཿཧཱུྃ༔ གསུམ་མམ་བདུན་བརྗོད། དེ་ནས་རྒྱལ་རིགས་ཀྱི་ཁྱིམ་ནས་མེ་བསླངས་ཤིང་སྣོད་དུ་བཞག་ལ། ཨཱོཾ་ཨཱཿཧཱུྃ་བརྗོད་ཅིང་ཞུན་མར་གྱིས་སྒྲོན་མེ་སྦར་བས་སྤར་ལ་རླུང་གཡབ་གྱིས་གཡབ་ཅིང་། ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྤར་མས༔ དྲི་ཟའི་ལག་ནས་མེ་ལོངས་ལ༔ ཞི་བའི་མེ་ནི་སྤར་བས་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབས་ཤིག༔ ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་བརྗོད་ཅིང་སྤར་ལ་ཞུན་མར་བླུགས་གཟར་བདུན་གྱིས་ཀྱང་གསོ། དེ་ནས་ཀུ་ཤ་ལ། ཨཱོཾ་བཛྲ་ས་ཏྭ་ཨཱཿ བདུན་གྱི་བྱིན་གྱིས་བརླབས་པའི་རྩེ་མོ་གཉིས་གཤིབས་པ་ལག་ཏུ་བཟུང་ལ། ཨཱོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་ཐབ་ཀྱི་ཁ་ཁྱེར་ལ་རང་གི་ཁ་ལྟ་ཕྱོགས་ཤར་དུ་བྱས་པའི་རྩེ་མོ་ཕྱོགས་བཞིར་ཡོང་བར་བྱས་ལ་སྔ་མའི་རྩེ་མོས་ཕྱི་མའི་རྩ་བ་ནོན་པར་བ་ལང་གི་རྣ་བའི་དབྱིབས་ལྟར་ཧ་ཅང་མི་རིང་བར་དགྲམ་མོ། གཉིས་པ་དངོས་གཞི་ལ་འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས། །དང་པོ་ལྷ་བསྐྱེད་པ་ནི། ཨཱོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས༔ མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རཾ་དཀར་པོ་འོད་དུ་ཞུ་བ་ལས་མེ་ཐབ་གཞལ་ཡས་ཀྱི་ཁང་པ་དཀར་ཞིང་འཚེར་བ་ཁ་ཁྱེར་ཕྱིར་ཕྱོགས་པའི་སྟེང་དུ། རྡོ་རྗེའི་ཕྲེང་བས་མཚན་པའི་དབུས་སུ་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་བགྲང་ཕྲེང་དང་གཡོན་མེ་ཐབ་བསྣམས་པ༔ འཁོར་དུ་དྲང་སྲོང་མང་པོས་བསྐོར་ཞིང་པདྨ་དང་ཟླ་བའི་གདན་ལ་གནས་པའི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ་དང་༔ བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་པར་བསམ་ཞིང་༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་བ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཤར་ལྷོ་མཚམས་ཀྱི་གཞལ་ཡས་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ བསྐྱེད་པའི་གནས་འདིར་གཤེགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཛཿཛཿ ཨེ་ཧ་ཡེ་ཧི་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ འབར་བ་མེ་ཡི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་བཛྲ་ས་མ་ཡ༔ ཨ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ཨ་ལ་ལ་ཨ་ཏི་པུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་གདུང་བའི་དབྱངས༔ ཕྱི་མཆོད་འདོད་ཡོན་ལོངས་སྤྱོད་ཚོགས༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷན་དྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ རཀྟ་དམར་གྱི་ཡོན་ཆབ་དང་༔ དབང་པོ་རྣམ་ལྔའི་མེ་ཏོག་ཚོགས༔ ཤ་ཆེན་རྣམ་ལྔའི་བདུག་སྤོས་དང་༔ ཞུན་ཆེན་སྣང་གསལ་མར་མེ་མཆོག༔ བདུད་རྩི་ལྔ་ལྡན་བྱུག་པ་དང་༔ རྣམ་དག་མཆོག་གི་ཞལ་ཟས་སོགས༔ བླ་མེད་ནང་གི་མཆོད་པ་འདི༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་ཛྙཱ་ན་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨམྲྀ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བྷ་ལིང་རྒྱན་ལྡན་གཏོར་མའི་ཚོགས༔ གྷ་ན་ཙཀྲ་ལོངས་སྤྱོད་རྫས༔ བླ་མེད་གསང་བའི་མཆོད་པ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསང་སྔགས་ཕྱི་པའི་ལྷ་བསྐྱེད་རྒྱུ་ཡིན་ན་ནང་མཆོད་དང་གསང་མཆོད་སྨན་གཏོར་རཀྟ་སོགས་འབུལ་མི་དགོས༔ འབྲོག་འབྲང་འབུལ་བ་ནི༔ ཧཱུྃ༔ གསུར་ཆེན་དང་ནི་ཤ་ཆེན་དྲི༔ སྐྱེ་བའི་རྒྱུ་ལས་བྱུང་བ་འདི༔ ཡེ་ཤེས་མེ་ལྷའི་ཚོགས་ལ་འབུལ༔ སརྦ་ཤ་ཏྲུཾ་ཨ་མུ་ཀ་མ་ར་ཡ་ཧཱུྃ་ཕཊ༔ ཡམ་ཤིང་འབུལ་བ་ནི༔ ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས༔ གཉིས་སུ་མེད་པར་འབུལ་ལགས་ན༔ བཞེས་ནས་ནད་གདོན་བར་ཆད་ཚོགས༔ ཞི་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་དྷེ་ཝ་ཨ་སྱ་ཧ་ན་ཡཿ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཚོགས་ཐམས་ཅད་དང་༔ ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱིཿཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ལག་པ་གཡོན་ཁུ་ཚུར་བཅིང་བའི་སྟེང་ན་མཐེ་བོང་བཀབ་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བྱས་པའི་མཛུབ་མོ་རྐྱང་བ་གན་བརྐྱལ་བྱས་པས་དགང་གཟར་མར་ཁུས་བཀང་བ་བཟུང་། གཡས་པའང་དེ་བཞིན་ཏུ་བྱས་པ་ཁ་ཐུར་དུ་སྦུབ་པས་བླུགས་གཟར་གྱི་ཡུ་བ་ནས་བཟུང་། གཡོན་པའི་མཛུབ་མོའི་ཐད་ཀར་གཡས་པའི་ཁུ་ཚུར་བཞག་ཏེ་དགང་གཟར་གྱི་ཁར་བླུགས་གཟར་གྱི་མགོ་བཞག་ནས་འཛིན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ལག་པ་གཉིས་པུས་མོའི་ནང་ལས་མི་འདའ་བར་གཡས་སུ་བསྐོར་ཏེ་འབུལ་ཞིང་། ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱ༔ ནད་གདོན་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྡིག་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཨཱོཾ་སརྦ་ཨརྠ་ས་དྷཱ་ཡ་སྭཱ་ཧཱ༔ བགེགས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སཱ་ཧཱ༔ ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་དཱརྦ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་འབྲས་ལ། ཨོཾ་བཛྲ་པུཥྟཱ་ཡ་སྭཱ་ཧཱ། བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ མྱུར་པའི་ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། ཨཱོཾ་བཛྲ་གྷསྨ་རེ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ བསྲུང་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། ཨཱོཾ་ཨཱཿ་སྭཱ་ཧཱ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཨཱོཾ་ཛྲིཾ་སྭཱ་ཧཱ༔ མངའ་ཐང་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཐོག་ལ། ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་ཧཱ༔ དཔལ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྲེག་རྫས་སྔགས་མེད་པའི་རིགས་ཐམས་ཅད་ལ། ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚིགས་བཅད་ཀྱིས་དབུལ་བ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ སྦྱིན་སྲེག་མཆོད་པ་འདི་བཞེས་ལ༔ ནད་གདོན་སྡིག་སྒྲིབ་བར་གཅོད་བགེགས༔ ཞི་བའི་འཕྲིན་ལས་མཛད་དུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིངྟ་གྷ་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྡུས་པར་བྱེད་ན་ཚིགས་བཅད་འདིའི་མཇུག་ཏུ་མཆོད་པ་གོང་མ་རྣམས་ཕུལ་ཀྱང་རུང་ངོ་༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འཕྲིན་ལས་ཐམས་ཅད་བསྒྲུབ་པའི་ལྷ༔ རིགས་སྔགས་དྲང་སྲོང་གྲུབ་པའི་ཚུལ༔ འོད་འབར་བསྐལ་མེའི་ཕྲེང་བ་ཅན༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ཐབས་ཀྱི་ཐེག་པ་ར་ལ་བཅིབས༔ བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་༔ ཚངས་སྐུད་དྲི་མེད་ཅོད་པན་སྤྲས༔ མཉམ་མེད་ཐུགས་རྗེ་ཆེར་མངའ་བའི༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ འཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དྲང་སྲོང་ཆེན་པོ་གཟི་བརྗིད་འཆང་བའི་གར༔ འབར་བའི་ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ དམ་རྫས་འབར་བའི་མེ་མཆོད་འདི་འབུལ་བས༔ ཞི་བའི་འཕྲིན་ལས་བསྒྲུབ་པའི་དུས་ལ་བབས༔ ཅེས་འཕྲིན་ལས་བཅོལ། བཛྲ་མུཿས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ཏེ་བཞུགས་པར་གྱུར། གཉིས་པ་ཡེ་ཤེས་པའི་མེ་ལྷ་མཆོད་པ་ནི། །མེ་ཐབ་ཏུ་རྡོ་རྗེས་བསང་ཆུ་འཐོར་ཞིང་། ཨཱོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། མེ་ལྷའི་ལྟོ་བ་ཟབ་ཡངས་རྒྱ་ཆེ་བར། །གདོད་ནས་རྣམ་དག་མཁའ་ཀློང་ཡངས་པའི་དཀྱིལ༔ ཧྲཱིཿལས་བྷྲཱུྃ་འཕྲོས་རིན་ཆེན་གཞལ་ཡས་ཁང་༔ ཞེས་པ་ནས། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ པདྨ་ཡོ་གི་ནི་མ་ཧཱ་མུ་དྲ་པྲ་ཝེ་ཤ་ཡ་པཱུ་ཙ་ཧོ༔ ཞེས་པའི་བར་ལས་བྱང་ལྟར་འདོན་བསྒོམ་སྦྲགས་མར་བྱས་ཏེ་སྲེག་རྫས་རྣམས་འབུལ་ཚེ་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པས་དགྱེས་པར་བཞེས་ཏེ་ཟག་པ་མེད་པའི་དབྱིངས་སུ་ཐུགས་དམ་གྱི་རྒྱུད་ཡོངས་སུ་སྐོངས་ཏེ་ཇི་ལྟར་གསོལ་བ་བཏབ་པའི་ལས་རབ་འབྱམས་མངོན་པར་བསྒྲུབ་པར་བསམས་ཏེ། ཡམ་ཤིང་ལ། ཧཱུྃ༔ ཙན་དན་དཀར་པོ་དྲི་ཞིམ་སྤོས༔ གཉིས་སུ་མེད་པར་འབུལ་ལགས་ན༔ བཞེས་ནས་ནད་གདོན་བར་གཅོད་ཚོགས༔ ཞི་བའི་འཕྲིན་ལས་གྲུབ་པར་མཛོད༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་དྷེ་ཝ་ཨ་སྱ་ཧ་ན་ཡ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཚོགས་ཐམས་ཅད་དང་། ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ མར་ཁུ་ལ། ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་དང་དགང་བླུགས་ཀྱི་ཁར་ཧྲཱི་ཡིག་འོད་ཟེར་དང་བཅས་པས་མཚན་པར་གྱུར་པར་བསམས་ཤིང་། ཧཱུྃ༔ བདུད་རྩིའི་བཅུད་ལྡན་སྙིང་པོའི་མར། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་བཞེས་ནས་ཀྱང་། །ནད་གདོན་བགེགས་སོགས་ཞི་བར་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཨགྣཱེ་ཡེ་གྷནྡྷེ་སྭཱ་ཧཱ༔ ནད་གདོད་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ཞི་བའི་རྫས་སུ་བསྔགས་པའི་ཏིལ། །འཇིག་རྟེན་དབང་ཕྱུག་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །སྡིག་ལྟུང་མཐའ་དག་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ སྡིག་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ཡུངས་ཀར་བགེགས་འཇོམས་ཁྲོ་བོའི་མཚོན། །མ་རིག་མུན་སེལ་ལྷ་ཚོགས་ལ། །བློ་ཡིས་བླངས་ཏེ་འབུལ་ལགས་ན། །བགེགས་དཔུང་མ་ལུས་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་སརྦ་ཨཪྠ་ས་དྷཱ་ཡ་སྭཱ་ཧཱ༔ བགེགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་སྣ་ལ། རོ་བརྒྱ་ལྡན་པ་ལྷ་ཡི་ཟས། །གྲུ་འཛིན་བདག་པོ་ལ་འབུལ་གྱིས། །དམིགས་མེད་ཀློང་དུ་བཞེས་ནས་ཀྱང་། །བདེ་བའི་བར་གཅོད་ཀུན་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུཾ༔ ཨཱོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ༔ བདེ་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དཱུརྦ་ལ། བཀྲ་ཤིས་དཱུརྦ་འཆི་མེད་རྫས། །སྙིང་རྗེའི་གཏེར་ཆེན་འཁོར་བཅས་ལ། །འབུལ་བས་དགྱེས་པ་ཡོངས་བསྐྱེད་དེ། །ཚེ་ཡི་བར་ཆད་ཡོངས་ཞི་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་མཐར་ཕྱིན་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། བཀྲེས་པའི་དགུད་པ་ཡོངས་སེལ་བའི། །འབྲས་དཀར་ས་ལུ་ལྷ་ཡི་ཟས། །ཐུགས་རྗེའི་བདག་ཉིད་ལ་འབུལ་གྱིས། །བསོད་ནམས་ལ་འཚེ་ཀུན་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་པུཥྟཱ་ཡེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ། ཡིད་འོང་རྣམ་པར་རྒྱལ་བའི་འབྲུ། །སོ་བ་ཟས་ཀྱི་མཆོག་དམ་པ། །ཐུགས་རྗེ་ཆེན་པོ་ལ་འབུལ་གྱིས། །འབྲུ་ནོར་ལ་འཚེ་ཀུན་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ། དབུལ་བ་རྒྱུན་གཅོད་བསྐལ་བཟང་ནས། །པད་དཀར་འཆང་བ་འཁོར་བཅས་ལ། །འབུལ་ལོ་མྱུར་བའི་ཤུགས་དག་ལ། །བར་དུ་གཅོད་པ་ཞི་བར་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་མ་ཧཱ་བེ་གྷཱ་ཡ་སྭཱ་ཧཱ༔ མྱུར་བའི་ཤུགས་ཕུན་སུན་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། རོ་བཅུད་ཕུལ་ཕྱིན་སྲན་མའི་འབྲུ། །སྤྱན་རས་གཟིགས་དབང་འཁོར་བཅས་ལ། །ཐོགས་མེད་བློ་ཡིས་འབུལ་ལོ་བཞེས། །སྟོབས་ལ་འགོག་པ་ཞི་བར་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ། སྐྱེ་འགྲོའི་སྲོག་གི་ཟུང་འཛིན་གྲོ། །ཕྱག་ན་པདྨར་འབུལ་ལགས་ན། །བརྩེ་བའི་ཐུགས་ཀྱིས་བཞེས་ནས་ཀྱང་། །ནད་མེད་རིང་འཚོའི་གེགས་ཞི་མཛོད། །ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་གསྨ་རེ་སྭཱ་ཧཱ༔ །ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་ལ། བྱང་ཆུབ་མཆོག་གདན་ཀུ་ཤའི་རྩྭ། །ཐུགས་རྗེ་ཆེར་མངའ་ལ་འབུལ་ན། །དགྱེས་ཤིང་ཚིམས་པར་ཡོངས་བཞེས་ནས། །བསྲུང་བའི་གོ་བཤིག་གེགས་ཞི་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ བསྲུང་བ་མཆོག་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲུམ་ལ། །དཀར་གསུམ་བདུད་རྩི་ལས་བྱུང་ཕྲུམ། །འགྲོ་བའི་བླ་མར་འབུལ་ལགས་ན། །ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། བར་དུ་གཅོད་པ་ཞི་བར་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཨཱཿསྭཱ་ཧཱ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འབྲུ་སྣ་ལ། ཕུན་ཚོགས་གཏེར་ལྡན་སྣ་ཚོགས་འབྲུ། །རྒྱལ་སྲས་དམ་པ་འཁོར་བཅས་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས། །མངའ་ཐང་ལ་འཁུའི་གེགས་ཞི་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཛྲིཾ་སྭཱ་ཧཱ༔ མངའ་ཐང་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིང་ཐོག་ལ། །བདུད་རྩིའི་རོ་བཅུད་ཉེར་སྨིན་པའི། །ཡིད་འོང་ལྗོན་པའི་རིན་ཆེན་འབྲས། །ཐུགས་རྗེ་ཆེན་པོར་འབུལ་ལགས་ན། །དཔལ་ལ་གནོད་པ་ཞི་བར་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་ཤྲཱི་བ་ཡ་སྭཱ་སྭཱ། །དཔལ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དར་སྣ་ལ། །དབང་པོའི་གཞུ་ཡི་ཚོན་བཀྲ་བའི། །སྲབ་འཇམ་ཡང་བ་ལྷ་ཡི་གོས། །མགོན་པོ་སྙིང་རྗེའི་གཏེར་ལ་འབུལ། །བསོད་ནམས་འཕེལ་བའི་གེགས་ཞི་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ བསོད་ནམས་རྣམ་པར་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ རྫས་སྔགས་མེད་པའི་སྲེག་རྫས་ཐམས་ཅད་ལ་ཕྱོགས་གཅིག་ཏུ། མི་ཟད་འདོད་དགུའི་ལོངས་སྤྱོད་རྫས། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །མ་རིག་མུན་སེལ་ལ་འབུལ་གྱིས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ མདོར་ན་མི་མཐུན་པའི་ཚོགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་འབུལ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །ཕྱི་མཆོད་ཉེར་སྤྱོད་རྣམ་པ་ལྔ། །ནང་མཆོད་ཤ་ལྔ་བདུད་རྩི་ལྔ། །གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན། ཐབས་མཆོག་མཐར་ཕྱིན་བདུད་རྩི་དང་། ཤེས་རབ་མཐར་ཕྱིན་རཀྟ་དམར༔ ཐབས་ཤེས་དབྱེར་མེད་གཏོར་མ་འདི༔ སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨཱོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་སརྦ་པཉྩ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། ཞེས་པས་མཆོད་། བསྟོད་པ་ནི། རྒྱས་པར། ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཀུན་གྱི་སྲས༔ ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱིས་བསྟོད། བསྡུ་ན། ཧྲཱིཿ ཕྱོགས་དུས་བདེར་གཤེགས་རྒྱལ་བ་ཀུན་གྱི་དངོས། །གྲུབ་གཉིས་ཆར་འབེབས་དམིགས་མེད་སྙིང་རྗེའི་གཏེར། །མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ། །ར བ་གུས་དང་བའི་ཡིད་ཀྱིས་བསྟོད་པར་བགྱི། །ཞེས་བསྟོད། །དངོས་གྲུབ་བླང་བ་ནི། །ཟས་སྣ་འདོད་ཡོན་བཏེག་སྟེ། ཧཱུྃ༔ ཆོས་དབྱིངས་ནམ་མཁའ་ཡངས་པའི་ཀློང་རུམ་ནས༔ འཕགས་མཆོག་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ལྷ༔ བླ་མ་ཡི་དམ་དྲང་སྲོང་མེ་ལྷའི་ཚོགས༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ འཕྲིན་ལས་རྣམ་པ་བཞི་ཡི་དངོས་གྲུབ་སྩོལ༔ འོད་དཔག་མེད་མགོན་བཀའ་བརྒྱུད་བླ་མའི་ཚོགས༔ སྤྲོས་བྲལ་ཆོས་སྐུའི་དངོས་གྲུབ་སྩལ་དུ་གསོལ༔ འཕགས་པ་སྤྱན་རས་གཟིགས་དབང་ལོངས་སྐུའི་ཚོགས༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ ཡེ་ཤེས་མེ་ལྷ་འཕྲིན་ལས་ཀུན་གྱི་བདག༔ ནད་གདོན་ཞི་བའི་དངོས་གྲུབ་སྩལ་དུ་གསོལ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ མྱུར་བ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨཱོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་མ་མ་སརྦ་སིདྡྷི་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་དངོས་གྲུབ་ཏུ་རོལ་ཞིང་ལོངས་སྤྱོད། བཟོད་པར་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་མེ་ལྷ་དྲང་སྲོང་བདག་ལ་དགོངས༔ བདག་གི་འཕྲིན་ལས་མེ་མཆོད་ཆོ་ག་འདི༔ ཚུལ་བཞིན་བགྱིད་པར་སེམས་ཀྱང་ནོར་དང་འཁྲུལ༔ ལྷག་གམ་ཆད་དམ་སྒྲ་ཉམས་རྫས་མ་འཛོམ༔ ཏིང་འཛིན་ཀློང་དུ་མ་གྱུར་ཉེས་བྱས་ཚོགས༔ ཉམས་ཆག་ཉེས་ལྟུང་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། ཨཱོཾ་བཛྲ་མུཿཞེས་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུ། །སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མ་ཛ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་གཏང་རག་གི་མཆོད་བསྟོད་དང་སྲེག་རྫས་རྣམས་སྔར་མེ་ལྷ་མཆོད་པའི་སྐབས་ལྟར་ཕུལ་རྗེས་གཏོར་མ་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་པཱུ་ཙ་ཁཱ་ཧི། གསུམ་གྱིས་ཕུལ་ལ་འདོད་དོན་ལ་གསོལ་བ་གདབ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་བདག་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཤེགས་གསོལ་ནི། ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ འབར་བའི་འཕྲིན་ལས་བསྒྲུབ་མཛད་པ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ སླར་ཡང་རྗེས་མཐུན་དངོས་གྲུབ་སྩོལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་བྷྱཿབཛྲ་མུ༔ ཞེས་བརྗོད། ཤིས་བརྗོད་ནི། ཧཱུྃ༔ ཕུན་ཚོགས་ལྔ་ལྡན་ཆོས་ཀྱི་དབྱིངས༔ ནས། དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ ཞེས་པའི་བར་དང་། བསྔོ་བ་ནི༔ ཧཱུྃ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ སྦྱིན་སྲེག་མཆོད་བསྟོད་ཕུལ་བའི་མཐུས༔ ཐུགས་དམ་གཉེན་པོ་སྐོངས་གྱུར་ཅིག༔ འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ༔ རྩ་གསུམ་ལྷ་ཚོགས་གོ་འཕང་འ ཐོབ་པར་ཤོག༔ སྨོན་ལམ་ནི༔ ཧོ༔ འཕྲིན་ལས་མེ་ཡི་ཏིང་འཛིན་སྒོམ་སྒྲུབ་མཐུས༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ ལས་བཞིའི་འཕྲིན་ལས་གང་བརྩམས་ལྷུན་གྲུབ་ནས༔ མ་འབད་བཞིན་དུ་མཆོག་ཐུན་ཡོངས་གྲུབ་སྟེ༔ དངོས་གྲུབ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག༔ ཅེས་བརྗོད། ཐལ་བ་རླུང་ལ་འཕྱར་བའམ་ཆུ་བོ་བཟང་པོ་ལ་གཤེགས། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ཞི་བའི་སྦྱིན་སྲེག་ཕན་བདེའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་། རིགས་འདུས་འཁོར་ལོའི་མགོན་པོ་གཏེར་སྟོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ཀྱི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ། གཏེར་གཞུང་རྩ་བའི་དགོངས་པ་སོར་བཞག་ལ་ཅུང་ཟད་མེད་དུ་མི་རུང་བའི་ཁ་འགེང་དགོས་རྣམས་གཏེར་ཁ་གཞན་ནས་ཀྱང་ཁ་བསྐང་། ཡེ་ཤེས་པའི་མེ་ལྷའི་སྐབས་གཏེར་གཞུང་ལས། ཡི་དམ་འདི་ཞེས་བྱ་བ་ལ་འབུལ་དང་རྩ་སྔགས་ཀྱི་ཤམ་བུར་ལས་སྔགས་བཏགས་ཤིང་འབུལ༔ ལས་བཞི་གང་ཡིན་གྱི་འདོད་དོན་ལ་གསོལ་བ་གདབ༔ ཅེས་འབྱུང་བ་ལ་ཚིགས་བཅད་ཀྱིས་བརྒྱན་ཏེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་ཧོར་གྱི་བནྡྷེ་འཇམ་དབྱངས་བློ་གྲོས་མཆོག་ལྡན་གྱིས་གནས་ཆེན་ཆགས་རུ་ཕུག་ནག་ཏུ་སྦྱར་བས་ཀྱང་ཟབ་གཏེར་འདི་ཉིད་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།། །།

དབང་ཆོག་འཇུག་བདེར་བསྒྲིགས་པ་བཀླག་པས་གྲུབ་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དབང་ཆོག་འཇུག་བདེར་བསྒྲིགས་པ་བཀླག་པས་གྲུབ་པ་ཞེས་བྱ་བ་བཞུགས། ན་མཿཤྲི་གུ་ར་ཝེ། ཚད་མེད་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱིས། །སྲིད་འགྲོ་མ་རིག་འཁྲུལ་པའི་སྡུག་བསྔལ་མུན། །སེལ་མཛད་འཕགས་མཆོག་ཐུགས་རྗེའི་ཉིན་བྱེད་དང་། །དབྱེར་མེད་བླ་མའི་ཞབས་ལ་གུས་བཏུད་ནས། །ཟབ་མོའི་གདམས་པས་སྐལ་ལྡན་སྐུ་བཞིའི་སར། །མྱུར་སྒྲོལ་སྨིན་བྱེད་དབང་མཆོག་འཇུག་བདེའི་ཁྲིགས། །གཞུང་དང་བླ་མའི་གསུང་ངག་མཚམས་སྦྱོར་ནས། །དཀྱུས་གཅིག་འབྲི་འདི་རྩ་གསུམ་ལྷས་གནང་སྩོལ། །འདིར་འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དབང་བསྐུར་བྱ་ཚུལ་ལ། དབང་མཆོག་སྐལ་ལྡན་མྱུར་སྒྲོལ་གྱི་གཞུང་དང་སྒྲུབ་ཁོག་འཕྲུལ་དགོས་རིགས་རྣམས་དང་མཚམས་སྦྱོར་བླ་མ་མཆོག་གིས་མཛད་པ་བཅས། འཇུག་པ་བདེ་ཕྱིར་དཔལ་ལྡན་བླ་མ་ཉིད་ཀྱིས་བསྩལ་བའི་ལག་ལེན་ཡིག་ཆུང་ཡོད་པ་ལྟར་དཀྱུས་གཅིག་ཏུ་བྲི་བ་ལ། སྤྱིར་སྟ་གོན་དང་དངོས་གཞི། ཞག་གིས་ཆོད་པ་དང་མ་ཆོད་བ་སྒྲིལ་ནས་བསྐུར་བའི་ལུགས་གཉིས་ལས་དང་པོ་ནི་སློབ་མ་གསར་བུ་བ་སྔོན་ཆད་གསང་སྔགས་སྤྱི་དང་བྱེ་བྲག་གི་སྨིན་བྱེད་མ་ཐོབ་པ་ལ་དགོས་པའོ། གཉིས་པ་ནི། རྡོ་རྗེ་ཐེག་པའི་བཀའ་གཏེར་གྱི་སྨིན་གྲོལ་ནོས་པ་དག་ལ་ལོང་སྐབས་བྲེལ་གཡེངས་དང་བསྟུན་ནས་བྱ་སླ་བར་འགྱུར་བ་ལའོ། །དང་པོ་ལྟར་ན་གང་དུ་བྱ་བའི་གཞི་དེར་ས་ཆོག་ལ་སོགས་རྒྱས་པར་བྱ་བའམ། མ་འགྲུབ་ཀྱང་གནས་ཁང་དུལ་མའི་རིགས་ལ་མི་དགོས་པར་བཞེད། ཡང་ཕྱག་ལེན་མི་ནུབ་པའི་ཕྱིར་རྡུལ་ཚོན་མ་ཡིན་པའི་རས་བྲིས་ལ་བརྟེན་ཀྱང་ས་ཆོག་མདོར་བསྡུས་མཛད་པ་ཡོད་པས་མདོར་བསྡུས་གང་རུང་དུ་གཞི་དེར་དཀར་བགེགས་བཤམས་ནས་སྔོན་འགྲོ་གཏོར་མ་བདེ་མཆོག་ལྟར། དཀར་བགེགས་བསྔོ། ལས་གཞུང་བསྙེན་པ་ཡན་གྲུབ་ནས། གཏོར་མ་དཀར་དམར་གཉིས་བཤམས། རཾ་ཡཾ་ཁཾ༔ ཨཱོཾ་ཨཱཿཧཱུྃ་གིས་བདུད་རྩིས་བྱིན་གྱིས་རླབས་ཨོཾ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ས་མ་ཛཿས་སྤྱན་དྲངས་གང་གི་སྔགས་མཇུག་ཏུ་ཨ་ཀ་རོ་བཏགས་ལ་ལན་གསུམ་གྱིས་བསྔོ། ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་བདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཐོན་བར་། །ཁྱེད་རྣམས་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་སྩལ་ནས་ཀྱང་། །ཅི་བདེ་བ་ནི་གཞན་དུ་སོང་། །གང་གི་སྔགས་མཇུག་ཏུ་གཙྪ་ཞེས་བརྗོད་པས་གཞན་དུ་གཤེགས་པར་བསམ། རྒྱལ་ཆེན་ཐོ་འཛུག་སྒོ་བྱང་ཕྱི་ནང་མ་ཏྲམ་འདུལ་བ་ཕྱོགས་སྐྱོང་ཕུར་གདབ་སོགས་སྤྲོ་ན་འདིར་བྱའོ། །ལྷ་སྟ་གོན་ལ། གཞི་དེ་ཉིད་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མཐར་མཆོད་པས་བསྐོར། བསངས་སྦྱངས། མཆོད་པ་བྱིན་རླབས་ནས་བཟུང་ལས་བྱང་ལྟར་ལྷ་ཚོགས་སྤྱན་འདྲེན་མཆོད་བསྟོད་བསྙེན་ནས་མཆོད་བསྟོད་བསྡུས་པ་ཞིག་བྱའོ། བུམ་པ་སྟ་གོན་གཙོ་བུམ་ལས་བུམ་རྣམས་གུ་གུལ་གྱིས་བདུག ཁ་རྒྱན་མགུལ་ཆིངས་ཀྱིས་རྒྱན། བུམ་རྫས་ཉེར་ལྔའི་སྟེང་བདུད་རྩི་ལྔ་བསྣན་པས་སུམ་ཅུ་ཤ་ལྔ་བསྣན་པས་བླ་མེད་བུམ་རྫས་སོ་ལྔ། རྫས་དང་ལྡན་པའི་ཆུས་སུམ་ཆ་བཀང་། ལྷ་བསྐྱེད་ནས་བཟུང་སྤྱན་འདྲེན་མཆོད་བསྟོད་ཡན་ཚར་ནས། གཟུངས་ཐག་དང་བཅས་བུམ་ལྷ་བསྐྱེད་བཟླས་འོད་ཞུ་བྱ། ལས་བུམ་རྡོ་རྗེ་སེམས་དཔའའམ་བདུད་རྩི་འཁྱིལ་བ་གང་འོས་བྱེད། སློབ་མ་སྟ་གོན་ལ། དཀར་བགེགས་སམ་བགེགས་རྐྱང་གང་རུང་མེ་ཐུན་ཆུ་སོགས་ཐུན་སྣ་ཡོད་ཀྱང་ལེགས། སོ་ཤིང་དྲི་བཟང་གི་ཤིང་སོར་བརྒྱད་པའམ་བཅུ་གཉིས་གང་རུང་ལ། མགོ་བོ་རྒྱ་མདུད་བར་དུ་གཅུམ་གཞོག་རྩ་བ་ཕྲ་བར་བཟོས་པའི་མགོ་བོར་མེ་ཏོག་གི་ཅོད་པན་བཏགས་པ་རིགས་ལྔའི་ཕྱག་མཚན་དྲིས་པ་ཚོམ་བུར་འགོད་པ་དང་། དུང་ཆོས་ལ་སོགས་པར་དྲི་བཟང་གི་ཆུས་བཀང་བའི་ཁྱོར་ཆུ་དང་། རྨི་ལམ་བརྟག་ཕྱིར་དཔུང་སྐུད་ཚོན་སྣ་ལྔ་པ་སུམ་དྲིལ་དུ་བྱས་པ་འདོམ་གང་ངམ་ཁྲུ་གང་ཅི་རིགས་པར་རྡོ་རྗེའི་མདུད་པ་ཉེར་གཅིག་གམ་གསུམ་ལ་སོགས་པ་བརྒྱབ་པ་དང་། ཀུ་ཤའི་ཆུན་བོ་ཆེ་ཆུང་གཉིས། དུང་ཆོས་ལ་སོགས་པར་རྣམ་བུམ་དང་ལས་བུམ་གྱི་ཆུ་བསྲེས་པའི་དམ་ཆུ་། སློབ་དཔོན་གྱི་མདུན་དུ་ལས་བུམ་གཟུངས་ཐག་རྡོ་རྗེ་དང་བཅས་པ། འཐོར་ནས་རྡོ་དྲིལ་ཌཱ་མ་རུ་སོགས་དགོས་ཆས་ཐམས་ཅད་ཚོགས་པར་བྱས་ལ། སློབ་མ་དང་དཀྱིལ་འཁོར་གྱི་་བར་དུ་ཡོལ་བ་བཏང་ལ། དེ་ལ་འདིར་འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ལ། ཐོག་མར་ཕོ་བྲང་་གཉེན་པོའི་སྒོ་དྲུང་ནས་གསོལ་བ་འདི་ལྟར་བཏབ་བོ། ཧཱུྃ༔ དཔལ་ཆེན་རིགས་ལྔ་ཁྲོ་བོའི་རྒྱལ༔ ཉོན་མོངས་བདུད་བཞི་འདུལ་བའི་ལྷ༔ ཁྲོ་གཏུམ་མི་བཟད་རྔམ་པའི་སྐུ༔ བདག་ཅག་མ་རིག་སེམས་ཅན་རྣམས༔ རིགས་དྲུག་འཁོར་བའི་ལམ་བགག་ནས༔ བྱང་ཆུབ་རྡོ་རྗེ་མཆོག་ཐོབ་ཕྱིར༔ ཁྱེད་ཀྱི་ཕོ་བྲང་སྒོ་ཕྱེས་ཤིག༔ ཐུགས་རྗེ་མཆོག་གིས་བསྐྱང་དུ་གསོལ༔ ལན་གསུམ་སྒོ་བ་ཡབ་ཡུམ་ལ་ཞུ་བ་ཕུལ་ལོ༔ དེ་ནས་སྒོ་བ་ཡབ་ཡུམ་གྱིས་ལན་བཏབ་པ༔ ཧོ༔ ཁྱེད་ཅག་འདིར་ཚོགས་སློབ་བུ་རྣམས༔ ཕོ་བྲང་འདི་རུ་འཇུག་པ་ལ༔ སྒོ་གསུམ་དམ་ཚིག་བསྲུང་དགོས་པས༔ སྐལ་ལྡན་རེ་རེའི་སྤྱོད་ཡུལ་ལས༔ སྐལ་མེད་ལོག་ལྟ་བསྲེག་ཅིང་བརླགཿ དེ་ཕྱིར་དམ་ལྡན་ནང་དུ་ཤོག༔ སྐལ་མེད་ཐམས་ཅད་ཕྱིར་དེངས་ཤིག༔ ཅེས་ལན་གསུམ་བྱའོཿ དེ་ནས་སློབ་མ་རྣམས་ཀྱིསཿ ཀྱཻ༔ དགོངས་ཤིག་དཔལ་ཆེན་ཡབ་ཡུམ་དགོངསཿ བདག་ཅག་འདིར་ཚོགས་སྐལ་ལྡན་བུཿ རིགས་དྲུག་སྡུག་བསྔལ་མུན་གླིང་འདིར༔ ཐོག་མ་མེད་ནས་ལས་ཀྱིས་མནརཿ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་ནས༔ བླ་མ་ལྷ་དང་བཅས་པ་ལཿ སྐྱབས་ཕྱིར་ཁྱེད་ཀྱིས་ནང་དུ་ཐོང་༔ ཞེས་ཞུས་ཤིང་ལས་ཀྱི་སློབ་དཔོན་གྱིས་སྣ་ཁྲིད་ནསཿ ཡོལ་བའི་ཕྱི་རོལ་གྱི་བར་ཁྱམས་སུ་བཞག༔ དཔོན་སློབ་ཐམས་ཅད་ཆས་ཀྱིས་བརྒྱན་ཅིང་རོལ་མོ་འབིར༔ གུ་གུལ་གྱིས་བདུག༔ གིང་པ་བརྒྱད་དམ་བཞི་སོགས་ཀྱིས་ལག་ན་ཐོད་ད བྱུག་ཞགས་པ་ལྕགས་སྒྲོག་ལ་སོགས་ཁྱེར་ནས་དབང་ཞུ་བ་རྣམས་ལ་རྡེག་ཅིང་འདི་སྐད་དོཿ ཧཱུྃ༔ ཕོ་བྲང་ཆེན་པོ་དངོས་གྲུབ་འཕྲོ་བའི་གླིང་ཿ ཐར་པའི་ཞིང་ཁམས་གསང་སྔགས་དཀྱིར་འཁོར་འདིར། སྒོམ་སྒྲུབ་ཟབ་མོ་གསང་བའི་ཆོ་ག་ལ༔ ལྟ་བར་མི་དབང་ཉན་བཤད་སྣོད་མེད་པའི༔ བདུད་དང་ལོག་འདྲེན་འབྱུང་པོ་བྱད་མའི་ཚོགས༔ འབར་བའི་ཏིང་འཛིན་འབར་བའི་བརྟུལ་ཞུགས་ཀྱིས༔ རབ་ཏུ་གཟིར་ཞིང་ཐལ་བའི་རྡུལ་བཞིན་བརླག༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ སོགས་དྲག་སྔགས་ཅི་མང་བརྗོད༔ དཔལ་དབང་ཆེན་ཁྲོས་པའི་ཏིང་ངེ་འཛིན་གྱིས་བགེགས་རྣམས་བསྐྲད་དོ༔ ལས་བུམ་གྱིས་ཁྲུས་བྱ༔ བགེགས་གཏོར་གཏོང་༔ ཆོས་བཤད༔ མཎྜལ་འབུལ༔ བརྒྱད་པ་སློབ་མ་སྟ་གོན་ནི༔ རྡོ་རྗེ་སློབ་དཔོན་ཁྲི་ལ་འཁོད༔ སློབ་མ་རྣམས་ཀྱིས་ཕྱག་འཚལ་འདི་སྐད་ཞུའོ༔ དེ་འང་ཁྱེད་རང་རྣམས་ཀྱི་མི་ཕྱེད་དད་པའི་ཤུགས་དང་བཅས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་མ་རིག་མུན་སེལ་དང་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ རྡོ་རྗེ་རྒྱལ་པོ་བདེ་གཤེགས་རྒྱལ་བའི་གདུང་༔ སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད༔ བདག་ཅག་རྣམས་ལ་བརྩེ་བས་དགོངས་སུ་གསོལ༔ བདག་ནི་ཚེ་འདིར་བྱང་ཆུབ་སྒྲུབ་འདོད་ཅིང་༔ གསང་བ་སྔགས་ཀྱི་ཐེག་མཆོག་སྤྱད་འདོད་པས༔ ཐབས་ཤེས་ཐུགས་རྗེས་བདག་ཅག་སྨིན་པར་མཛོད༔ སློབ་དཔོན་གྱིས༔ ཀྱེ་ཧོཿ ཁྱེད་ཅག་འདིར་ཚོགས་རྣམས༔ བྱང་ཆུབ་ལམ་ལ་འཇུག་འདོད་ན༔ སྣོད་ལྡན་དམ་ཚིག་བསྲུང་ནུས་སམ༔ ཐེག་པ་མཆོག་ལ་སྤྱོད་འདོད་ན༔ ཚེ་འདི་བློོ་ཡིས་གཏོང་ཕོད་དམ༔ ལན་གསོལ་པ༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ཅག་སྣོད་ལྡན་དམ་ཚིག་བསྲུང་༔ ཚེ་འདི་བློས་བཏང་བྱང་ཆུབ་བསྒྲུབ༔ བླ་མ་རིགས་བདག་དཀྱིལ་འཁོར་ལྷ༔ ནམ་ཡང་མི་སྤང་སྒྲུབ་པར་བགྱིད༔ བདག་ཅག་བརྩེ་བས་རྗེས་སུ་བཟུང་༔ སློབ་དཔོན་གྱིས༔ ཀྱཻ༔ རིགས་ཀྱི་བུ་རྣམས་ལེགས་པར་ཉོན༔ འདས་དང་མ་འོངས་དུ་ལྟར་གྱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བླ་མེད་ཆོ་ག་འདི་མཁྱེན་ནས༔ འབྲས་བུ་རྡོ་རྗེའི་སྐུ་འགྲུབ་ཅིང་༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ༔ དེང་འདིར་སྐལ་ལྡན་ཁྱེད་རྣམས་ཀྱང་༔ ཆོ་ག་ཟབ་མོ་འདིར་ཞུགས་ལ༔ ཉོན་མོངས་འདུལ་བའི་སྡོམ་པ་དང་༔ བླ་མེད་ས་བོན་དམ་ཚིག་བསྲུང་༔ བདག་གི་རྗེས་སུ་ཡང་དག་ཞུགས༔ ཅེས་གནང་བ་སྦྱིན་ཞིང་འདི་སྐད་བརྗོདཿ འོ་ལས་དང་སྐལ་བར་ལྡན་པ་ཁྱེད་རྣམས་མ་ཡེངས་པར་ཉོན་ཅིག༔ ནམ་མཁའ་འདི་གདོད་ནས་ངོ་བོ་ཉིད་ཀྱིས་དག་པ་ཡིན་པས༔ ཆོས་ཀྱི་དབྱིངས་སུ་དམིགས་ལ༔ དེའི་དབུས་སུ་ཆོས་དབྱིངས་འགྱུར་མེད་སྤྲོས་པ་བྲལ་བའི་ལྷ་ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་འཕགས་པ་མ་རིག་མུན་སེལ་ལ་འཁོར་སྤྲུལ་སྐུའི་ལྷ་ཚོགས༔ སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཐམས་ཅད་མངོན་སུམ་དུ་བདག་ཅག་ལ་སོགས་པའི་འགྲོ་བ་མཐའ་ཡས་མུ་མེད་པ་རྣམས་ཀྱི་སྐྱབས་མགོན་དུ་ལྷམ་མེ་ལྷན་ནེར་བཞུགས་པའི་མོས་པ་རྩེ་གཅིག་ཏུ་དུང་དུང་བ་བསྐྱེད་ལ༔ དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམས་པའི་འདུན་པས་འདི་ཡི་རྗེས་བཟློས་མཛོད༔ ན་མོ་ཕྱོགས་བཅུ་ཞིང་གི་རྡུལ་སྙེད་ཀྱི༔ བླ་མ་རྒྱལ་བ་སྲས་དང་བཅས༔ སྐྱབས་གྱུར་འཕགས་པ་བྱང་ཆུབ་སེམས༔ མ་ལུས་བདག་ལ་དགོངས་སུ་གསོལ། རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་དགེ་འདུན་ཏེ༔ བདག་ནི་གུས་པས་སྐྱབས་སུ་མཆིཿ སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་༔ དཔལ་ལྡན་རྩ་བའི་བླ་མ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་བདག༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ༔ ལེགས་སྦྱིན་རྟེན་འབྲེལ་ཀུན་གྱི་བདག༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ གང་ལ་གང་འདུལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི༔ ལན་གསུམ་བརྗོད༔ སོར་ཐར་གྱི་སྡོམས་པ་བླང་པ་ནི། ཧོ༔ དམ་པ་མཆོག་གི་སྤྱན་སྔ་རུ༔ སོ་ཐར་སྡོམ་བཟུང་མི་གཏོང་སྒྲུབ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་སྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གི༔ སོ་སོར་ཐར་པའི་གནང་བཀག་རྣམས༔ བདག་གིས་ཚུལ་བཞིན་སྤྱད་ཅིང་བསྲུང་༔ དེ་ནས་སྨོན་པའི་སེམས་བསྐྱེད་ནི༔ དེ་རིང་དུས་གཉན་མཆོག་འདི་ནས༔ ཁམས་གསུམ་འགྲོ་བ་མཐའ་དག་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་ཅིང་༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བའི་ཕྱིར༔ དབུགས་མ་ཕྱུངས་རྣམས་དབུགས་དབྱུང་བྱ༔ སྨོན་པ་མཆོག་གི་སེམས་བསྐྱེད་དོ༔ ལན་གསུམ༔ འཇུག་པ་ནི༔ སྔོན་ཚེ་རྒྱལ་བ་དེ་བཞིན་གཤེགས༔ བྱང་ཆུབ་སེམས་བསྐྱེད་སྡོམ་གནས་ལྟར༔ ཕ་རོལ་ཕྱིན་དྲུག་སྡོམ་པ་བསྲུང་༔ བརྩོན་འགྲུས་བརྩམ་ཞིང་ཐམས་ཅད་བསྒྲལ༔ ཚུལ་ཁྲིམས་རྣམ་གསུམ་ཡང་དག་བསྲུང་༔ མ་ལུས་འགྲོ་བ་ཡོངས་སྒྲོལ་ཏེ༔ མྱ་ངན་འདས་པ་དེ་བཞིན་གཤེགས༔ འཕགས་པའི་གོ་འཕང་མཆོག་ལ་འགོད༔ དེ་ནས་སྡོམ་པ་བཟུང་བ་ནི༔ དཀོན་མཆོག་གསུམ་བཟུང་མི་བཏང་ངོ་༔ སྤྱན་རས་གཟིགས་དབང་རྟག་ཏུ་སྒྲུབས༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ སྐྱོན་རྣམས་སྤང་ཞིང་ལྟ་ལོག་སྤང་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ལ་ཡང་དག་ལྟ༔ མི་བསྐྱོད་པ་ཡི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཏུ༔ ལྟ་བ་སྤྲོས་བྲལ་སྙེམས་ཐག་གཅོད༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཡིན༔ ལོང་སྤྱོད་རྫོགས་སྐུའི་དམ་ཚིག་ཏུ༔ སྒོམ་པ་བློ་འདས་ཟང་ཐལ་སྐྱོང་༔ ལོངས་སྤྱོད་རྫོགས་སྐུའི་དམ་ཚིག་ཡིན༔ སྤྲུལ་པའི་སྐུ་ཡི་དམ་ཚིག་ཏུ༔ སྤྱོད་པ་གཏད་མེད་རང་གྲོལ་སྤྱད༔ སྤྲུལ་པའི་སྐུ་ཡི་དམ་ཚིག་ཡིན་༔ ལུས་སྲོག་གཅེས་ཀྱང་དཔང་དུ་འཛུག༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ མཆོག་གི་བསོད་ནམས་་རྡོ་རྗེའི་མཐུས༔ བདག་ཅག་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཅེས་བརྗོད་ཅིང་ཕན་ཡོན་གྱི་རིམ་པ་རྒྱས་པར་བཤད་དོ༔ དེ་ནས་སློབ་བུ་རྣམས་སྟོང་པར་སྦྱངས་ཤིང་༔ སྟོང་པའི་ངང་ལས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མར་སྐད་ཅིག་གིས་བསྐྱེད་དོ༔ དེའི་དཔྲལ་བར་གཡུང་དྲུང་དམར་པོའི་ལྟེ་བ་ལ་ཧྲཱིཿཡིག་ར་བཞི་ལ་ཧ་རི་ནི་ས་འབྲུ་བཞི་གཡས་སུ་འཁོར༔ གཡུང་དྲུང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྒྱ་མཚོ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསྒོམ་ཞིང་༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ནི་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཌཱ་དྲིལ་དང་༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་བརྗོད་ཅེས་དབོན་ཨོ་རྒྱན་ཉི་མའི་ཕྱག་བྲིས་ཤོག་འཛར་ལྟར་བྲིས། འདིའི་སྔགས་མན་ཆད་མཆན་ཡིན༔ སློབ་བུ་རྣམས་མ་ཡེངས་བར་སྨིན་མཚམས་ཀྱི་གཡུང་དྲུང་དང་སྔགས་འཁོར་ལ་རིག་པ་རྩེ་གཅིག་ཏུ་གཏད་དུ་བཅུག༔ སྤོས་བསྲེགས་རོལ་མོ་འཁྲོལ་ལོ༔ བྱིན་འབེབས་པའི་རྟགས་ནི་འཁྲབ་པ་དང་འདར་བ་དང་གཏད་མེད་ཀྱི་ཉམས་སོགས་འཆར་རོ༔ མེ་ཏོག་འཐོར་བརྟན་པར་བྱ༔ དེས་ནི་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ༔ དཔེར་ན་བཅུད་བཟང་པོ་བླུགས་པའི་ཐོག་མར་སྣོད་གཙང་མར་སྦྱང་བ་ལྟ་བུའོ༔ དེ་ནས་མཎྜལ་གྲུ་བཞིའི སྟེང་དུ་དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ༔ ལྷོར་རིན་ཆེན༔ ནུབ་ཏུ་པདྨ༔ བྱང་དུ་རྒྱ་གྲམ༔ མཚམས་བཞིར་མཛེས་ཚོན་གྱིས་བྱུགས་པ་ལས་སྔགས་དང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་དབུས་སུ་རྣམ་སྣང་། ཤར་དུ་མི་བསྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་སྟེ་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་བཛྲ་ས་མ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད༔ སོ་ཤིང་བསངས་སྦྱངས༔ སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་མཚན་ཉིད་ཚང་བ་མེ་ཏོག་གིས་བཅིངས་པ་སློབ་མ་རྣམས་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར༔ འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་མཁའ་དབྱིངས་ཀྱི་རྒྱས་བཟུང་ནས་སོ་ཤིང་རྩེ་མོ་སོས་འཆའ་ཞིང་དྲུ་བ་ལྟར་བྱས་ཚེ་སྡིག་སྒྲིབ་ཐམས་ཅད་སྐྱུག་པར་མོས་ནས་མགོ་བོ་གྱེན་དུ་བསྟན་པར་བཟུང་སྟེ་ལྷ་ལ་དད་པའི་སེམས་ཀྱིས་དངོས་གྲུབ་ཀྱི་པྲ་བརྟགས་གསལ་བར་སྟོན་ཅིག་སྟོན་ཅིག་སྙམས་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བ་མཛོད། ཧཱུྃ༔ བྱང་ཆུབ་སྐུ་ལྔ་ཡེ་ཤེས་ལྔའི༔ དཀྱིལ་འཁོར་ཚོམ་བུ་དམ་པ་འདིར༔ དངོས་གྲུབ་པྲ་རྟགས་བརྟག་པའི་ཕྱིར༔ བདག་གིས་སོ་ཤིང་འདི་དོར་བས༔ མཆོག་ཐུན་དངོས་གྲུབ་གང་འཐོབ་པའིཿ ལེགས་ཉེས་པྲ་རྟགས་གསལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཏྲཾ་ཧྲཱི་ཨཱཿསིདྡྷི་ཕ་ལ་ཧཱུྃཿ ཅེས་སྐུ་ལྔའི་དཀྱིལ་འཁོར་སུ་དམིགས་ཤིང་མོས་པ་རྩེ་གཅིག་གིས་དོར་བར་བྱའོ༔ དེ་ལྟར་སོ་ཤིང་གི་མགོ་བོར་མེ་ཏོག་བཅིངས་པ་དེ་ཉིད་གང་དུ་བབས་པ་ངོས་བཟུང་ཞིང་༔ ཤར་དུ་བབས་ན་རྡོ་རྗེ་རིགས་ཀྱི་དངོས་གྲུབ་འཐོབ༔ ནད་གདོན་བར་ཆད་ཞི༔ ཕྱི་མ་མི་བསྐྱོད་པའི་ཞིང་དུ་གྲོལ༔ ལྷོར་བབས་ན་རིན་ཆེན་རིགས་ཀྱི་དངོས་གྲུབ་འཐོབ༔ ཚེ་དཔལ་འབྱོར་པ་རྒྱས༔ ཕྱི་མ་དཔལ་ལྡན་དུ་སྐྱེ༔ ནུབ་ཏུ་བབས་ན་པདྨ་རིགས༴ ཁམས་གསུམ་སྲིད་གསུམ་ཉམས་རྟོགས་ཐམས་ཅད་དབང་དུ་འདུ༔ ཕྱི་མ་བདེ་བ་ཅན་དུ་སྐྱེ༔ བྱང་དུ་བབས་ན་ཀརྨ་རིགས༴ གདོན་བགེགས་འབྱུང་པོས་གླགས་མི་རྙེད༔ ཕྱི་མ་ལས་རབ་རྫོགས་པར་སྐྱེ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེག་འཐོབ༔ སྡིག་པ་ཕྲན་ཚེགས་འདག༔ ཕྱི་མ་མཐོ་རིས་སུ་སྐྱེ༔ དབུས་སུ་བབས་ན་དེ་བཞིན་གཤེགས་པའི་དངོས་གྲུབ་འཐོབ༔ ཚེ་འདིར་མཆོག་ཐུན་གཉིས་ཀ་འགྲུབ༔ ཕྱི་མ་འཕགས་པའི་ཞིང་ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་དུ་གྲོལ༔ ཕྱི་རོལ་དུ་ཡར་བ་དང་རྩ་བ་རང་ལ་བསྟན་ན་ལན་གསུམ་བསྐྱལ༔ དེ་ལ་ལྡོག་ན་སྣོད་དང་མི་ལྡན་པའི་སྐུ་རིམ་རྐྱེན་བཟློག་ལ་འབད་དགོས་པ་ལགས༔ དེ་ནས་སྡིག་སྒྲིབ་སྦྱངས་ཕྱིར་རྡོར་སེམས་རིགས་ལྔའི་བསྒོམ་བཟླས་བྱེད་དགོས་ཏེ༔ གོང་དུ་སོ་ཤིང་དབུས་སུ་བབས་པ་རྣམས་ཀྱི་སྤྱི་བོར་རྡོར་སེམས་མཐིང་ཁ༔ ཤར་དུ་བབས་པ་རྣམས་ལ་བཛྲ་རྡོར་སེམས་དཀར་པོ༔ ལྷོར་རཏྣ་རྡོར་སེམས་སེར་པོ༔ ནུབ་ཏུ་པདྨ་རྡོར་སེམས་དམར་པོ༔ བྱང་དུ་ཀརྨ་རྡོར་སེམས་ལྗང་ཁུ༔ མཚམས་བཞིར་བབས་པ་རྣམས་ཀྱང་ཕྱོགས་བཞིའི་རྡོར་སེམས་བསྒོམ་བཟླས་བྱེད་དགོས་ལ། ཐམས་ཅད་ཀྱང་རང་རྟགས་ཀྱིས་མཚན་པའི་རྡོར་དྲིལ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་བརྒྱན་པ་པད་ཟླའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་རོལ་སྟབས་ཀྱིས་བཞུགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཧཱུྃ་རང་མདོག་གི་མཐར་ཡིག་བརྒྱ་གཡས་སུ་འཁོར་བ་ལས་ཐུགས་རྗེའི་བདུད་རྩིའི་ཆུ་རྒྱུན་འོ་མའི་མདོག་ལྟར་དཀར་བ་བབས༔ ཞབས་གཡས་པའི་མཐེ་བོང་བརྒྱུད་ཁྱེད་རང་རྣམ་པའི་སྤྱི་གཙུག་ནས་རིམ་པར་ལུས་ཐམས་ཅད་ཡོངས་ས་གང་༔ ཚེ་རབས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་རྩ་སྦུར་མ་རླུང་གིས་བདས་པ་བཞིན་དུ་རྣག་ཁྲག་དུད་ཁུ་སྲོག་ཆགས་ཀྱི་རྣམ་པ་ཅན་དེ་འོག་སྒོ་གཉིས་དང་རྐང་མཐིལ་ནས་འཐོན༔ དབང་ཆེན་གསེར་གྱི་ས་གཞིར་ཐིམ་པའི་དམིགས་པ་དང་བཅས་རང་རང་གི་ཡིག་བརྒྱ་དང་ཉེ་སྙིང་ངམ་ཡང་ན་དཀྱུས་གཅིག་ཏུ་ཡི་གེ་བརྒྱ་པའི་བཟླས་པ་གང་ལྕོག་རེ་དོ་ནུབ་ཀྱི་སྐབས་སུ་མཛད་འཚལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ འདོན་དེ་ནས་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུགས་པ་ནི༔ ཨོཾ་བཛྲ་ས་ཏྭ་ཨཱ༔ ཞེས་བརྗོད་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཆུ་རྡུལ་ཕྲ་རབ་ཏུ་ཞུ་བའི་རྨི་ལམ་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ་ཁྱོར་བར་བླུགས༔ ཨོཾ་སརྦ་ཤྭ་དྷ་ཡ་ཧཱུྃ་ཕཊ༔ ལན་གསུམ་འཐུངས་ཏེ་ལྷག་མས་ཁ་ལག་བཀྲུ། དེ་ནས་དཔུང་སྐུད་གདགས་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་རྡོ་རྗེའི་མདུད་པ་དང་བཅས་པ་བར་ཆད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར༔ སྟ་གོན་གྱི་ཡེ་ཤེས་ལྷའི་ཐུགས་ཀ་ནས༔ ཡེ་ཤེས་ཀྱི་སྲད་བུ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། འཕགས་པའི་སྙིང་པོར་རཀྵ་བརྟགས་པ་བཟླས་བཞིན་དུ་སྐྱེས་པའི་དབུང་བ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས་ཚར་བ་དང་ལས་བུམ་གྱི་ཆུ་འཐོར་ཞིང་རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ་བོོ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ རྡོ་རྗེའི་མདུད་པས་རྒྱས་གདབ་ནས༔ ཁྱོད་ཀྱི་དཔུང་པར་བཅིངས་པ་ཡིས༔ བར་ཆད་གཡུལ་ལས་རྒྱལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ནི་པདྨེ་ཧཱུྃ༔ བཛྲ་རཀྵ་རཀྵ༔ ཅེས་བརྗོད་དོ༔ རྨི་ལམ་བརྟགས་པའི་ཕྱིར་དུ་ཀུ་ཤ་སྦྱིན་པ་ནི༔ བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་རིང་བ་དང་དྷཱི་ལས་བྱུང་བའི་ཐུང་བ་གཉིས་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་ཤིང་གསལ་བར་བྱེད་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿདྷཱི་ཧཱུྃ་སྭ་ཧཱ༔ ཞེས་བྱིན་གྱིས་རླབས་ནས༔ ཧཱུྃ༔ རྩྭ་མཆོག་དམ་པ་བྱང་ཆུབ་རྫས༔ འདི་ནི་བཀྲ་ཤིས་ཡོན་ཏན་ལྡན༔ སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱིས༔ རྡོ་རྗེ་གདན་གྱི་གནས་མཆོག་ཏུ༔ བྱང་ཆུབ་རྡོ་རྗེའི་རྩྭ་འདི་ལ༔ བརྟེན་ནས་མངོན་པར་བྱང་ཆུབ་ཅིང་༔ རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས༔ དེ་ཕྱིར་སྐལ་ལྡན་བུ་ཁྱོད་ཀྱིས༔ རྩྭ་མཆོག་རྡོ་རྗེའི་རྫས་མཆོག་འདི༔ སྔས་དང་གདན་དུ་ཁྱེར་མཛོད་ལ༔ སེང་གེ་བཞིན་ཉོལ་རྨི་ལམ་རྟོག༔ ནང་པར་གང་བྱུང་བདག་ལ་སྨྲོས༔ ཅེས་བརྗོད་ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་དང་ཆེ་བ་གདན་གྱི་དོན་དུ་གཡོན་པར་སློབ་དཔོན་གྱི་ལག་པ་བསྣོལ་སྟབས་ཀྱིས་སྦྱིན་ནོ་རྩྭ་གཏད་པའི་བུ་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གསོལ་བ་རྩེ་གཅིག་ཏུ་གདབ་ཅིང་ཉལ་བར་བྱའོ་བཟང་པོའི་རྟགས་ནི་དར་ཕྱར་བ་དུང་འབུད་པ་རོལ་མོའི་རིགས་འཁྲོལ་བ༔ ཞལ་མཇལ་བ༔ གསུང་ཐོས་པ༔ ལུང་བསྟན་ཐོབ་པ༔ ཉི་ཟླ་ཤར་བ༔ གངས་རི་ལ་འཛེགས་པ༔ མཆོད་རྟེན་ལ་བསྐོར་བ་ཉི་ཟླ་གཞོན་པ་གྱེན་ལ་འགྲོ་བ༔ རྣག་ཁྲག་ཟག་པ་ཆས་གོས་གཟབས་པ་མེ་ཏོག་འཐུ་བ༔ གཏེར་སྟོན་པ་ནམ་མཁའ་ལ་འཕུར་བ༔ ཕྱག་མཚན་རྙེད་པ་གྲུ་བཏང་བ་ཟམ་པ་ལས་བརྒལ་བ་ལ་སོགས་པའོ༔ ངན་པའི་རྟགས་ནི༔ གོས་ཧྲུལ་ནག་པོ་སོགས་གྱོན་པ༔ དམག་གིས་བསྐོར་བ་ཆུས་ཁྱེར་བ་རྦབ་ལ་འདྲིལ་བ༔ གཡང་ལ་ལྷུང་བ་ཁང་སྟོང་མང་པོར་འགྲིམ་པ༔ ཁ་ཟས་ངན་པ་ཟོས་པ་ཉི་ཟླ་ནུབ་པ་་སྣོད་སྟོང་ཐོགས་པའམ་རྙེད་པ༔ མཚོན་ཆ་ཆག་པ་ཕ་རོལ་དང་འཐབ་པས་རང་ཕམ་པ༔ གཅན་སྤྱང་གི་འདྲད་པ་སོགས་ཀྱི་རྨི་ལམ་རྣམས་སོ༔ དེ་ཡང་བཟང་ན་གསོལ་བ་གདབ༔ མཎྜལ་འབུལ༔ ངན་པ་རྨི་ལམ་གྱི་ཚུལ་དང་ལྟུན་ལ་རིམ་གྲོ་འགྱོད་བཤགས་བསྐང་གསོལ་ལ་སོགས་བྱའོ༔ སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ་ནི༔ རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དག་ན་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། སྔོན་གྱི་སྡིག་པ་བྱས་པ་དག །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབས་པ་གསང་སྔགས་བཟླས་ན་ནི། །གོ་འཕངས་བླ་ན་མེད་པར་འགྱུར། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་ཨུ་དུམ་ཝ་རའི་མེ་ཏོག་དཀོན་པ་བཞིན་དུ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀའ། བྱོན་ཀྱང་སྣོད་དུ་གྱུར་པ་དང་མ་གྱུར་པའི་དབང་གིས་ཆོས་གསུངས་པ་དཀོན་ལ། ཁྱད་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཟབ་ཆོས་ནི་ཆེས་དཀོན་ཏེ། གསང་བ་འདུས་པ་ལས། ཐུབ་པ་ཆེན་པོ་མར་མེ་མཛད་ནས། འོད་སྲུངས་ཀྱི་བར་དུ་མ་གསུངས་ལ། བྱམས་པ་ནས་མོས་པའི་བར་གྱིས་ཀྱང་མི་གསུང་ཞིང་། ཤཀྱ་ཐུབ་པ་འདི་ཁོ་ནའི་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པའོ། །ཞེས་འབྱུང་ཞིང་དེ་ལྟར་དཀོན་པ་ཙམ་དུ་རྡོ་རྗེ་ཐེག་པ་ནི་ཁྱད་པར་དུ་འཕགས་པས་ཕན་ཡོན་ཡང་ཤིན་ཏུ་ཆེ་བ་ཡིན་ལ། གླང་ཆེན་རྒྱུད་ལས། དཀྱིལ་འཁོར་ལྷ་ཚོགས་འདི་དག་གི། །མཚན་ནས་ལན་གཅིག་ཐོས་པས་ཀྱང་། །མཚམས་མེད་ལྔ་ཡི་སྡིག་ཀྱང་འདག །ཅེས་གསུངས་ཤིང་། མཚན་ཙམ་ཐོས་པས་ཀྱང་སྡིག་སྒྲིབ་ཐམས་ཅད་སྒྲོན་མེ་བཏེགས་པས་མུན་པ་བསལ་བ་ལྟར་འགྱུར་ན་ལམ་འདིར་བཞུགས་པས་བྱང་ཆུབ་མངོན་དུ་འགྱུར་བ་ལྟ་ཅི་སྨྲོས། དེའི་ཕྱིར་ན་ཚེགས་མེད་པར་མྱུར་ལམ་བཟང་པོ་འདི་འདྲ་མཇལ་ཞིང་ཉམས་སུ་ལེན་རྒྱུ་ཡོད་པ་ནི་སྐལ་པ་བཟང་སྙམས་པ་ཚིག་ཙམ་མ་ཡིན་པའི་དགའ་ཞིང་སྤྲོ་བའི་སེམས་ཀྱི་དེ་ནུབ་ཀྱི་སྐབས་སུ་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སམ་ཡང་ན་བྱང་དུ་མགོ་གཏད་དེ་ཀུ་ཤ་ཆུང་བ་རྩེ་གཡས་སུ་བསྟན་པ་སྔས་དང་། ཆེ་བའི་རྩེ་སྔས་ཕྱོགས་སུ་བསྟན་པ་གདན་དུ་ཆུག་ལ་གློ་གཡས་ཕབ་སྟེ་སེང་གེའི་ཉལ་སྟབས་ཀྱིས་ལྷ་དང་བླ་མ་སོགས་ལ་གུས་པ་དང་དགེ་བའི་ཡིད་ཀྱི་ཉོལ་ཅིག་དང་མཚན་ཐུན་བཞིར་བཅད་པའི་ཐ་མ་ལ་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་གང་བྱུང་དེ་ནང་པར་བདག་ལ་སྨྲ་བར་མཛོད། དེས་ལྟ་གོན་གྱི་བྱ་བ་རྣམས་ཟིན་པ་ཡིན། དངོས་གཞི་དབང་བསྐུར་གྱི་ཆོ་ག་སླད་ནས་འབྱུང་བ་ཡིན་ནོ། །ཞེས་བརྡ་སྦྱར་ལ་དགེ་བ་བསྔོ་ཞིང་སློབ་མ་རང་གནས་བཏང་། ཆོ་གའི་མཇུག་སྐྱོང་། རྟ་བྲོ་ཡན་ཚར་ནས། སྟ་གོན་གྱི་མཆོད་པ་རྣམས་གསོས་བྱིན་རླབས་ལ་མཚན་སྔགས་མཐར། བཛྲ་ཨརྒྷཾ་སོགས། མ་ཧཱ་པཉྩ་ཨ་མྲྀ་ཏ་བྷ་ལིངྟ་རཀྟ་ལ་ཁཱ་ཧི། བཏགས་པས་སྨན་རག་གཏོར་གསུམ་འབུལ། བསྟོད་པ་རྒྱས་བསྡུས་ཅི་རིགས་བྱ། སྟ་གོན་ལ་གནས་པ་གསོལ་བ་གདབ་པ་ནི། ཧོ། རྣལ་འབྱོར་པ་བདག་ཅག་རྣམས་སང་དབང་སྒྲུབ་ཀྱི་བྱ་བ་ལ་འཇུག་པར་བཅོམ་ལྡན་འདས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཁྱེད་རྣམས་སྟ་གོན་ལ་གནས་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་ལ། ཨོཾ་བཛྲ་ཨུད་ཏིཥྛཿ ཞེས། སྟ་གོན་གྱི་ལྷ་རྣམས་ནམ་མཁར་འོད་ཀྱི་ར་གུར་དུ་བཞུགས་པར་གྱུར་པར་བསམ་ལ། སླར་ཡང་མཆོད་བསྟོད་བསྡུས་པ་ཙམ་བྱེད། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུས་ས་གཙང་སར་བཏེགས། བདག་སྐྱེད་བསྡུ་ཞིང་དགེ་བ་བསྔོ་རྒྱུན་སྤྱོད་རྣམས་བྱའོ། །དེ་ནས་སྟ་གོན་ཚར་ནས་རས་བྲིས་ཀྱི་དཀྱིལ་འཁོར་དཀྲམ། མཉྫིའི་ཁར་། དང་པོ་སྤྲོས་བཅས་དབང་ལ་བུམ་པ་ལྔ་འམ་མ་འབྱོར་ན་གཅིག་གིས་ཀྱང་རུང་བར་བུམ་རྫས་དང་ཆུ་གཙང་གིས་སུམ་ཆ་དགང་། གཙོ་བོའི་ཙཀ་ལི་དང་། གཟུངས་ཐག་རྡོ་རྗེ། ཁ་རྒྱན་འབྲས་བུ་ཅན་གྱི་ཤིང་ལ་སོགས་པ་དང་། རྨ་བྱའི་སྒྲོ་མདོངས་དང་ཀུ་ཤས་བརྒྱན་པ་ལྔ་ཡོད་ན་ཕྱོགས་བཞིར་མ་ནོར་བར་བཀོད་། དེའི་མདུན་དུ་གཙོ་བོ་ཡབ་ཡུམ། སྣང་མཐའ། སྲས། སྲས་མོ། རྟ་མགྲིན། རྣམ་སྣང་སོགས་རིགས་ལྔ་དང་། ས་སྙིང་སོགས་སེམས་དཔའ་བརྒྱད། ལྷ་སོགས་ཐུབ་པ་དྲུག་རྣམས་ཀྱི་ཙཀ་ལི་སོ་སོར་བཤམས་པའམ་སྟབས་བདེ་ན་སྡེ་ཚན་སྡེ་ཚན་དུ་བྱས་ལ་བཞུགས་སངས་རྒྱས་སྟོང་ཙག་དང་། དེའི་དབང་གཏོར་ཟླུམ་པོ་པད་འདབ་བཞི་པ་ཅན་ལྔའམ གསུམ་སོགས། གང་འབྱོར་རྣམས་ཕྱོགས་ཉེར་བཞག ཁྲག་འཐུང་རིགས་བཞི་བཅས་སོ། གཉིས་པ་སྤྲོས་མེད་གསང་དབང་ལ། གཡས་སུ་བདུད་རྩི་ཆོས་སྨན་སྦྱར་བ་འབྲུ་བཅུའི་ཙཀ་ལི་བཅས། གསུམ་པ་སྤྲོས་མེད་ཚིག་དབང་ལ། མདུན་དུ་གཙོ་བོ་ཡབ་ཡུམ་ཀྱི་ཙཀ་ལི་མེ་ལོང་གཡའ་དག བཞི་པ་ཡོན་ཏན་རྫོགས་ཕྱག་མཚན་གྱི་དབང་ལ། རྒྱབ་ཏུ་རྡོ་རྗེ་དྲིལ་བུ། བྱི་རུའི་ཕྲེང་བ། ཚེ་བུམ་བཅས་དངོས་སམ་ཙ་ཀ་ལི་གང་འབྱོར། ལྔ་པ་འཕྲིན་ལས་ཡོངས་རྫོགས་ཆས་དབང་ལ། གཡོན་དུ་དབུ་རྒྱན་སྟོད་གཡོགས་སྨད་དཀྲིས་དར་དཔྱངས་སྐུ་རྒྱན་ཕྱག་ཞབས་གདུབ་བུ་མགུལ་རྒྱན་དཔུང་རྒྱན་མེ་ཏོག་གི་ཕྲེང་བ་སོགས། སྒྲུབ་ཡིག་དབང་གཏོར་ཟླུམ་པོོ་དམར་པོ་པད་འདབ་བཞི་པ་རྒྱན་གང་ལེགས་ཀྱིས་སྤྲས་པ་རྣམས་དབང་རྫས་དང་། མདུན་དུ་ཐུགས་རྗེ་ཆེན་པོའི་མཆོད་གཏོར་ལྷ་གྲངས་ཀྱིས་བསྐོར་བ་རྒྱན་ལྡན། བཀའ་གཏེར་སྲུང་གི་གཏོར་མ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་སློབ་དཔོན་གྱི་གཡས་ནས་འགོ་འཛིན། ལས་གཏོར་ཚོགས་འཁོར་སོགས་དང་དཀར་བགེགས། དབང་གི་དུས་ཀྱི་བགེགས་གཏོར་རྣམས་ཚང་བར་བཀོད་ལ། ཞག་གིས་ཆོད་ཚེ་བྱིན་འབེབས་བྱ། དངོས་གཞིའི་ཉིན་ལས་གཞུང་བསྲང་ལ་བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བླངས། དཀྱིལ་འཁོར་ཡོལ་བས་སྒྲིབ། ལས་བུམ་སྒྲུབ་ཟིན་པས་སློབ་མར་ཁྲུས་བྱ། བགེགས་གཏོར་བཏང་ལ་བགེགས་བསྐྲད། ཆོས་བཤད། མཎྜལ་འབུལ། མིག་དར་བཅིངས་གསོལ་འདེབས་ནི། དེ་ནས་སློབ་མ་རྣམས་ཀྱི་ལག་ན་མེ་ཏོག་ཁྱེར་ནས་ཡོལ་བའི་ཕྱི་རོལ་ནས་འདི་སྐད་ཞུའོ༔ ཧོ༔ རྡོ་རྗེ་རྒྱལ་པོ་བྱམས་མགོན་བརྩེ་བའི་བདག༔ སངས་རྒྱས་ཀུན་གྱི་བདག་ཉིད་རྡོ་རྗེ་འཆང་༔ ཐུགས་རྗེས་འདིར་ཚོགས་བདག་ཅག་བུ་རྣམས་ལ༔ སྨིན་གྲོལ་ཆོས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་ཞུ༔ དེ་ནས་སྐྱབས་སེམས་སྡོམ་བཟུང་ཚང་མ་སྟ་གོན་ལྟར་རབ་ཡང་ན་ལས་བྱང་གི་ནང་ལྟར་རྗེས་བཟློས་བྱ། ཕྱག་འཚལ་བདུད་རྩི་ལག་མཆོད་ལྟར་རྗེས་ཟློས་མཛད་ལུགས་ཡོད། དེ་ནས་རིན་པོ་ཆེའི་མེ་ཏོག་ཅོད་པན་དང་བཅས་པ། སློབ་བུའི་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་ཞིང་༔ དཀྱིལ་འཁོར་ལ་དོར་བ་ནི༔ ཧཱུྃ་མ་རིག་མུན་སེལ་རྒྱལ་བའི་ཕོ་བྲང་འདིར༔ རིན་ཆེན་མེ་ཏོག་གསེར་གྱི་ཅོད་པན་ཅན༔ བདག་གིས་མོས་གུས་གདུང་བའི་བརྟུལ་ཞུགས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ༔ ཚེ་རབས་སྔོན་གྱི་ལྷ་ལ་འབབ་པར་ཤོག༔ པུཥྤེ་པུཙྪ་སརྦ་སིདྡྷི་སྟྭཾ༔ ཅེས་མེ་ཏོག་དོར༔ དེ་ནས་སློབ་དཔོན་གྱི་མེ་ཏོག་གར་བབས་ལེགས་པར་བརྟགས་ཤིང་༔ ཤར་དུ་བབས་ན་སེམས་དཔའ་བཛྲ་རྩལ༔ ལྷོ་རུ་སེམས་དཔའ་རཏྣ་རྩལ༔ ནུབ་ཏུ་པདྨ་སེམས་དཔའ་རྩལ༔ བྱང་དུ་སེམས་དཔའ་ལས་རབ་རྩལ༔ ཤར་ལྷོར་བཛྲ་ལས་འབྲེལ་རྩལ༔ ལྷོ་ནུབ་རརྣ། ནུབ་བྱང་པདྨ། བྱང་ཤར་ཀརྨ། མཚམས་གསུམ་ལ་ཡང་དེ་བཞིན་འགྲེས༔ དབུས་སུ་དབང་ཕྱུག་འཁོར་ལོ་རྩལ༔ ཅེས་བཏགས་མེ་ཏོག་ཅོད་པན་དང་བཅས་པ་སྤྱི་བོར་འགོད་ཅིང་༔ ཧཱུྃ༔ བཀྲ་ཤིས་མེ་ཏོག་ཅོད་པཎ་འཆང་༔ གསང་བའི་རིག་འཛིན་མིང་གི་དབང་༔ སྐལ་ལྡན་ཁྱེད་ཀྱིས་ཐོས་ནས་ཀྱང་༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ ཅོད་པཎ་མིང་གི་དབང་ཐོབ་ཤོག༔ ཨོཾ་སརྦ་ཨ་ཏི་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་མེ་ཏོག་གཏོར་རོ༔ དེ་ནས་སློབ་དཔོན་གྱིས་གསེར་གྱི་ཐུར་མ་ཐོགས་ཏེ༔ ཧཱུྃ༔ སྔོན་ཚེ་མིག་མཁན་རྒྱལ་པོ་ཡི༔ ཐུགས་རྗེ་ཐབས་མཁས་གསེར་ཐུར་གྱིས༔ མ་རིག་རྨོངས་པའི་མིག་གསལ་ལྟར༔ དེང་འདིར་སྐལ་ལྡན་བུ་ཁྱོད་ཀྱི༔ མ་རིག་འཁྲུལ་སྣང་ལས་སྒྲིབ་མིག༔ ཡེ་ཤེས་སྤྱན་དང་ལྡན་པར་བྱའོ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ནི་པདྨེ་ཧཱུྃ༔ ཙཀྵུ་བྱེ་སྭཱ་ཧཱ༔ ཅེས་མིག་དར་དཀྲོལ༔ ལྷ་ངོ་སྤྲད་པ་ནི༔ རྡོ་རྗེ་སློབ་དཔོན་གྱིས་གསེར་གྱི་ཐུར་མ་ཐོགས་ཏེ༔ འོ་སྐལ་པ་དང་ལྡན་པའི་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ རྒྱལ་བ་རྒྱ་མཚོ་འདུས་པའི་ཞིང་མཆོག༔ མ་བཅོས་ལྷུན་གྲུབ་ཀྱི་དབྱིངས་ལས་ཤར་བའི་ཕོ་བྲང་ཆེན་པོ་གྲུ་བཞིར་ལྡན་པ་ནི༔ ཚད་མེད་པ་བཞི་དང་ལྡན་པའི་བརྡ་ཡིན༔ སྒོ་བཞི་དང་ལྡན་པ་ནི་རྣམ་པར་ཐར་པ་ཆེན་པོའི་སྒོ་བཞི་མཚོན་པའི་བརྡ་ཡིན༔ སྒོ་བཞི་ཕྱོགས་མདོག་དང་མཐུན་པར་བསྒྱུར་བ་ནི༔ ཁྲག་འཐུང་རིགས་བཞི་ལ་ཞིང་ཁམས་སོ་སོར་ཡོད་པའི་བརྡ་ཡིན༔ གྲུ་ཆད་བཞི་དང་ལྡན་པ་ནི༔ ཕྲིན་ལས་གང་བརྩམས་ཐོགས་མེད་དུ་འགྲུབ་པའི་བརྡ་ཡིན༔ ཤར་ཕྱོགས་དཀར་པོར་སྣང་བ་ནི་མངོན་པར་དགའ་བ་ཤེལ་ལས་གྲུབ་པའི་བརྡ་ཡིན༔ ལྷོ་ཕྱོགས་སེར་པོར་སྣང་བ་ནི་དཔལ་དང་ལྡན་པ་གསེར་ལས་གྲུབ་པའི་བརྡ་ཡིན༔ ནུབ་ཕྱོགས་དམར་པོར་སྣང་བ་ནི་བདེ་བ་ཅན་པདྨ་རཱ་ག་ལས་གྲུབ་པའི་བརྡ་ཡིན༔ བྱང་ཕྱོགས་ལྗང་གུར་སྣང་བ་ནི་ལས་རབ་རྫོགས་པ་ཨིནྜ་ནི་ལ་ལས་གྲུབ་པའི་བརྡ་ཡིན༔ དབུས་དམར་པོར་འདུག་པ་ནི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཐོགས་པ་མེད་པས་འཁོར་འདས་ཐམས་ཅད་ལ་དབང་བསྒྱུར་ཞིང་༔ ཡེ་ཤེས་ཆེན་པོས་རང་དབང་མེད་པར་དབང་དུ་བསྡུས་ནས་ཐར་པའི་ལམ་ལ་སྦྱོར་བའི་བརྡ་ཡིན༔ སྟེང་འོག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་བཀོད་པ་དུ་མས་བརྒྱན་པ་ནི༔ དགོས་འདོད་ཐམས་ཅད་ལྷུན་གྲུབ་ཏུ་ཡེ་ནས་བཞུགས་ཤིང་༔ འདོད་པའི་རེ་བ་ཕྱོགས་མེད་དུ་སྐོང་བའི་བརྡ་ཡིན༔ ཉི་ཟླའི་སྐར་ཁུང་བཞི་རུ་གསལ་བ་ནི༔ ཐུགས་རྗེས་སེམས་ཅན་ཐམས་ཅད་ལ་འགྱུར་བ་མེད་པར་གཟིགས་པའི་བརྡ་ཡིན༔ འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་མང་པོས་གར་འཁྲབ་ཅིང་མཆོད་པའི་ཆར་སྤྲིན་གཏིབས་པ་ནི༔ འདོད་པའི་ཡོན་ཏན་ལྔ་མི་སྤང་ཞིང་ལམ་དུ་བསླང་བའི་བརྡ་ཡིན༔ རིན་པོ་ཆེའི་ཕ་གུ་སེར་པོར་འདུག་པ་ནི༔ ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་བརྡ་ཡིན༔ དྲ་བ་དང་དྲ་ཕྱེད་མང་པོས་བརྒྱན་པ་ནི༔ བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་བརྡ་ཡིན༔ ཀ་རྒྱན་རྣམ་པ་སྣ་ཚོགས་མཛེས་པར་བརྒྱན་པ་ནི༔ རྣམ་པར་ཐར་པ་ཆེན་པོ་བརྒྱད་དང་ལྡན་པའི་བརྡ་ཡིན༔ རྡོ་ཀ་མ་ལ་ཤི་ལའི་མཆོད་རྟེན་གྱི་ཕྲེང་བས་ཡོངས་སུ་བསྐོར་བ་ནི༔ ཁམས་གསུམ་ལས་རྣམ་པར་ཐར་པར་བརྡ་ཡིན༔ གཞལ་ཡས་ཁང་གི་ཕྱོགས་ཕྱོགས་སུ་བཀྲ་ཤིས་པའི་རྒྱལ་མཚན་རྣམས་ཀྱིས་བརྒྱན་པ་ནི༔ དམ་པའི་ཆོས་ཡོངས་སུ་མི་ནུབ་པའི་བརྡ་ཡིན༔ རི་དྭགས་གཉིས་གཉིས་དང་ལྡན་པ་ནི༔ ཉོན་མོངས་པའི་རྣམ་རྟོག་གིས་དབེན་པའི་བརྡ་ཡིན༔ ཆོས་ཀྱི་འཁོར་ལོ་བཅུ་གཉིས་སུ་འདུག་པ་ནི༔ འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་བརྡ་ཡིན༔ རིན་པོ་ཆེ་སྣ་ཚོགས་ཀྱི་གདུགས་ཕུབ་པ་ནི༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་ཡེ་ཤེས་ལྔ་ལྡན་གྱིས་འཁོར་བའི་སྡུག་བསྔལ་སྐྱོབ་པའི༴ དར་སྣ་ཚོགས་ཀྱི་ཅོད་པཎ་ཐམས་ཅད་ཕྱོགས་ཐམས་ཅད་དུ་འཕུར་བ་ནིི༴ རྣམ་རྟོག་གི་འགྱུ་བ་དྲན་རིག་དང་བྲལ་བའི་བརྡ་ཡིན༔ པདྨའི་ཕྲེང་བས་བསྐོར་བ་ནི་བག་ཆགས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་བརྡ་ཡིན༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ནི། རྣམ་ཤེས་བརྒྱད་རང་སར་དག་པའི་བརྡ་ཡིན༔ རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཆོས་ཀྱི་དབྱིངས་ཞིང་ཁམས་གཞོམ་གཞིག་དང་བྲལ་བའི་བརྡ་ཡིན༔ ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར་བ་ནི༔ ཕྱིན་ཅི་ལོག་པའི་རྣམ་རྟོག་ཐམས་ཅད་བསྲེག་པའི་བརྡ་ཡིན༔ དེ་ལྟ་བུའི་ཕོ་བྲང་གི་དབུས་སུ་དབང་གི་བུམ་མཆོག་ཟླུམ་པོ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནི༔ ཆོས་སྐུ་སྤྲོས་པ་དང་བྲལ་བའི༴ བུམ་པའི་ཁ་རྒྱན་རྨ་བྱའི་སྒྲོ་ཁ་དོག་ལྔ་ལྡན་གྱིས་བྱས་པ་ནི༔ ལོངས་སྐུ་རིགས་ལྔ་མཚོན༴ དཔག་བསམ་ཤིང་གི་སྡོང་པོས་བརྒྱན་པ་ནི༔ ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི༴ གཟུངས་ཐག་སྣ་ལ་རྡོ་རྗེ་བཏགས་པ་ནི༔ རང་རིག་གདོད་མའི་ཡེ་ཤེས་ལ་འགྱུར་བ་མེད་པའི༴ མགུལ་ཆིངས་ཁ་དོག་ལྔ་ལྡན་དུ་འདུག་པ་ནི༔ ཉོན་མོངས་པ་དུག་ལྔ་ཡུལ་ནས་དག་པའི༴ གཟུངས་ཐག་ལྔ་དྲིལ་དུ་འདུག་པ་ནི་ཡེ་ཤེས་ལྔས་འགྲོ་བ་འདྲེན་ཞིང་སྐུ་ལྔའི་དངོས་གྲུབ་སྩོལ་བའི་བརྡ་ཡིན༔ ལྷ་ཚོགས་ཐམས་ཅད་ཀྱི་འདྲ་འབགས་དང་ཙཀ་ལིས་བརྒྱན་པ་ནི༔ སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི༴ བདུད་རྩི་སྨན་གཏོར་རཀྟས་བརྒྱན་པ་ནི༔ ཐབས་ཤེས་འདུ་འབྲལ་མེད་ཅིང་དཀྱིལ་འཁོར་ལྷ་ཚོགས་ལ་མཆོད་པས་ཡང་དག་པར་མཆོད་པའི༴ རྒྱལ་མཚན་དང་འཕན་དར་སྣ་ཚོགས་འ ཕྱར་བ་ནི༔ སངས་རྒྱས་ཀྱི་བསྟན་པ་མི་ནུབ་ཅིང་སྙན་གྲགས་ཕྱོགས་བཅུར་སྒྲོགས་པའི༴ མདའ་བཞི་གྲི་བཞི་མཚོན་སྐུད་གྱི་དྲ་བ་དྲ་ཕྱེད་རྣམས་ཀྱིས་བརྒྱན་པ་ནི༔ བར་ཆད་ཀྱི་ཚོགས་ཐམས་ཅད་ཡོངས་སུ་བསལ་ནས༔ འཕྲིན་ལས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི༴ ཡོལ་བ་དང་བླ་བྲེས་མཛེས་པར་བརྒྱན་པ་ནི༔ རྒྱལ་བའི་ཕོ་བྲང་དང་གཉིས་སུ་མེད་པའི༴ གདན་ཁྲི་བཀོད་པ་དང་ལྡན་པར་བརྩིགས་པ་ནི༔ བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་གནོན་པའི༴ རྔ་དུང་རོལ་མོ་སྣ་ཚོགས་སྒྲོགས་པ་ནི༔ ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པའི༴ གཞན་ཡང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་བརྒྱན་པ་ནི༔ དབང་བཞིའི་ཆུ་བོ་མ་ཉམས་པར་དད་ལྡན་རྣམས་ལ་དབབ་པའི༴ རྡོ་རྗེ་སློབ་དཔོན་རྒྱལ་ཐེབས་གཟུངས་མ་མཆེད་ལྕམ་ཐམས་ཅད་ཚང་པར་བཞུགས་པ་ནི༔ ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་བརྡ་ཡིན༔ དེ་ལྟ་བུའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད༔ བཅོམ་ལྡན་འདས་མ་རིག་མུན་སེལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ སྐུ་མདོག་དམར་པོ་བྱི་རུའི་སྡོང་པོ་ལ་ཏིལ་གྱི་མར་ཁུས་བྱུག་པ་ལྟར༔ དམར་གསལ་མདངས་དང་ལྡན་པར་བཞུགས་པ་ནི༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ལ་དབང་བའི་དཔལ་དང་ལྡན་ཞིང་༔ འགྲོ་དྲུག་གི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བའི་ཕྲིན་ལས་ཟབ་མོ་མངའ་བས་རྗེས་སུ་བཟུང་བའི་ཕྱིར་རྗེས་སུ་ཆགས་པའི་བརྡ་ཡིན༔ ཞལ་གཅིག་དང་ལྡན་པ་འདི་ཆོས་སྐུ་ཉག་གཅིག་དང་ལྡན་པའི༴ ཕྱག་བཞི་དང་ལྡན་པའདི་ཚད་མེད་པའི་ཕྲིན་ལས་བཞི་དང་ལྡན་པའི༴ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ནི་འཁོར་འདས་གཉིས་སུ་མེད་པའི༴ དང་པོའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་འདི༔ ཐབས་ཤེས་འདུ་འབྲལ་མེད་པའི༴ དེའི་འོག་མ་གཉིས་ཀྱིས་ཕྲེང་བ་དང་བུམ་པ་བསྣམས་པ་འདི་བསྙེན་སྒྲུབ་ལས་སྦྱོར་རྩོམ་པ་ལ༔ དངོས་གྲུབ་འདོད་འབྱུང་གི་ཆར་འབེབས་པའི༴ དབུ་སྐྲ་ཐོར་ཚུགས་ལ་པྲོག་ཞུས་བརྒྱན་པ་འདི༔ ཉོན་མོངས་པའི་ཚོགས་ལས་རབ་ཏུ་རྒྱལ་ཞིང་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པའི་བརྡ༴ སྤྱི་གཙུག་ཏུ་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་བཞུགས་པ་འདི༔ ཆོས་སྐུའི་ལྷ་ཚོགས་དང་འདུ་འབྲལ་མེད་པའི༴ རྒྱན་ཕྲེང་དུ་མས་ཡོངས་སུ་བརྒྱན་པ་འདི༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཐམས་ཅད་མ་འདྲེས་པར་སོ་སོར་སྟོན་པའི༴ དེའི་པང་དུ་ཡུམ་མཆོག་ཆེན་མོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡོངས་སུ་བསྐྱེད་པའི་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་ཀྱི་ལྷ་མོ་དམར་མོ་སྐུ་ལ་གཉིས་མེད་དུ་འཁྲིལ་བ་ནི༔ དགའ་བཞིའི་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བའི༴ ཡུམ་མཆོག་དེའི་ཕྱག་གཡས་ན་པདྨས་མཚན་པའི་གྲི་གུག་བསྣམས་པ་ནི༔ མ་རིག་པའི་སྐྱེ་འཆི་རྩད་ནས་གཅོད་པའི༴ ཕྱག་གཡོན་ན་ཚེའི་བུམ་པ་བསྣམས་པ་ནི༔ འཆི་མེད་ཚེའི་དངོས་གྲུབ་སྩོལ་བའི༴ གཞོན་ནུའི་མདངས་ལྡན་དམར་ལ་ལང་ཚོ་རབ་ཏུ་རྒྱས་པ་ནི༴ བདེ་བའི་ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས་པའི༴ རྒྱན་དང་ཕྲེང་བ་མང་པོས་བརྒྱན་པ་ནི༔ སྣང་བ་ཐམས་ཅད་དབང་དུ་འདུས་ཤིང་དབྱིངས་སུ་དག་པའི་བརྡ༴ གཡས་གཡོན་གཉིས་སུ་སྲས་པོ་ནོར་བུ་འཛིན་པ་དང་༔ སྲས་མོ་གསང་སྔགས་འཛིན་མ་གཉིས་འདུ་འབྲལ་མེད་པར་བཞུགས་པ་ནི༔ ཐབས་ཤེས་དབྱེར་མེད་ཀྱི་ཕྲིན་ལས་ཟབ་མོས་ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་མ་འབད་བཞིན་དུ་སངས་རྒྱས་ཀྱི་ཞིང་ཁམས་ལ་སྦྱོར་བའི༴ རྒྱབ་ཕྱོགས་སུ་པདྨ་དབང་ཆེན་བཞུགས་པ་ནི༔ བདུད་བཞི་དྲེགས་པ་ཅན་ཞི་བས་མི་ཐུལ་བ་རྣམས༔ དབང་དྲག་གི་ཕྲིན་ལས་ཟབ་མོས་ཡོངས་སུ་སྒྲོལ་བའི་བརྡ༴ བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་ཡབ་ཡུམ་འཁོར་དུ་བསྐོར་ནས་བཞུགས་པ་ནི༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ཀྱིས་བསྐོར་བ་ནི༔ ཚོགས་བརྒྱད་དང་ཡུལ་བརྒྱད་གནས་སུ་དག་པའི་འགག་མེད་ཀྱི་རོལ་པ་ལས༔ སེམས་དཔའ་དང་སེམས་མ་ཐམས་ཅད་རང་ཤར་བའི་བརྡ༴ བཅོམ་ལྡན་འདས་ཐུབ་པ་དྲུག་གི་ཚོགས་ཡོངས་སུ་གསལ་བ་ནི༔ ཕ་རོལ་དུ་ཕྱིན་པ་དྲུག་གི་ངང་ནས་རྒྱུ་དྲུག་གི་འགྲོ་བ་རྣམས་ཐར་པའི་ཞིང་དུ་འདྲེན་པའི༴ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱི་སྐུ་མ་འདྲེས་པར་བཞུགས་པ་ནི༔ ཁམས་གསུམ་གྱི་འཁོར་བ་དོང་ནས་མ་སྤྲུག་གི་བར་དུ༔ གང་ལ་གང་འདུལ་གྱི་སྐུ་རུ་སྤྲུལ་ནས་འཁོར་བ་དོང་ནས་སྤྲུགས༔ བག་ཆགས་ཐམས་ཅད་ཕྱིར་བསྙིལ་ཏེ༔ ཡང་དག་པར་ཕྱིར་མི་ལྡོག་པའི་ཞིང་ལ་སྦྱོར་བའི་བརྡ་ཡིན༔ ཀྱཻ་རིགས་ཀྱི་བུ་རྣམས་མོས་པའི་གདུང་ཤུགས་དྲག་པོས༔ མ་རིག་མུན་སེལ་འཕགས་པའི་ཞིང་ཁམས་ཆེན་པོ་འདི་ཡང་དག་པར་མཇོལ་ལ་ཅི་འདོད་པའི་དངོས་གྲུབ་ཐམས་ཅད་ཞུས་ཤིག༔ ཅེས་བརྗོད་དེ་ནས་བླ་མས༔ ཀྱཻ་མ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཁྱེད་རྣམས་ལས་དང་སྐལ་བར་ལྡན༔ སྔོན་ནས་བསོད་ནམས་ཚོགས་བསགས་པས༔ ད་ལམ་ཕོ་བྲང་གཞལ་ཡས་འདིར༔ སྨིན་གྲོལ་མནོས་པའི་དུས་ལ་བབས༔ མཆོག་ཐུན་མ་ལུས་བདག་གིས་སྦྱིན༔ གསང་སྔགས་བླ་མེད་ཆོ་ག་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་ལོག་ལྟ་བདུད་ཀྱི་རིགས༔ རྟོག་གེ་འགྲན་སེམས་ཐེ་ཚོམ་བཅན༔ མ་དག་འགྲོ་ལ་མ་སྨྲ་ཞིག༔ གསང་བའི་དམ་ཚིག་འདི་བསྲུངས་ན༔ མཆོག་གི་དངོས་གྲུབ་ཚེ་འདིར་འཐོབ༔ ཐུན་མོང་ཙམ་ལ་སྨྲོོས་ཅི་དགོས༔ གསང་དམ་ཉམས་ན་དམྱལ་བ་ལྷུངས༔ རྡོ་རྗེའི་མེ་འདག་འབར་བས་བསྲེག༔ དེ་ཕྱིར་ཁྱོད་ཀྱིས་ཡང་དག་སྲུང་༔ ཨོཾ་ཨཱཿཧཱུྃ་ཨ་མྲྀ་ཏ་ས་མ་ཡ་ན་ར་ཀན་ཧཱུྃ༔ དེ་ནས་ཕྲེང་བ་ལག་ཏུ་གཏད་ལ༔ ཧཱུྃ༔ དམ་ཚིག་ཟུང་གི་ཕྲེང་བ་ལ༔ རིག་པ་མི་འགྱུར་ལུ་གུ་རྒྱུད༔ བསྙེན་སྒྲུབ་ལས་སྦྱོར་ཡང་དག་ཏུ༔ ཚུལ་བཞིན་སྒྲུབ་པའི་དམ་བཅའ་ལོངས༔ ཅེས་བརྗོད་ཨ་ལི་ཀ་ལི་བསྒྲངས༔ དེ་ནས་རྡོ་རྗེ་སྙིང་ག ར་བཞག་ཅིང་༔ ཧཱུྃ༔ རང་བྱུང་ཡེ་ཤེས་རང་སེམས་འདི༔ མ་རིག་འཛིན་པའི་མུན་པར་འཐོམ༔ ད་ནས་བརྩམ་ཏེ་བུ་ཁྱོད་ཀྱིས༔ བླ་མ་འཕགས་པ་སྤྱན་རས་གཟིགས༔ སྙིང་གི་དཀྱིལ་དུ་མ་སད་བར༔ ཚུལ་བཞིན་ལྟ་སྒོམ་ཉམས་སུ་ལོངས༔ ཐུགས་ཀྱི་དམ་ཚིག་ཡང་དག་སྲུངས༔ དེ་ནས་བླ་མའི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་དང་༔ རིན་ཆེན་འབར་བའི་ཕྱག་རྒྱ་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ བུ་ཁྱོད་མ་ཡེངས་རྩེ་གཅིག་ཉོན༔ ང་ནི་སྐུ་གསུམ་བདག་ཉིད་མཆོག༔ འཁོར་འདས་ཐམས་ཅད་ང་ཡི་རྩལ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་དྲུག་ཀུན་གྱ ི་འདྲེན་པ་མཆོག༔ ཁྱེད་ལ་དངོས་གྲུབ་སྦྱིན་པའི་ལྷ༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ལ་བརྙས་པར་མི་བྱ་ཞིང་༔ སྒོ་གསུམ་ཚུལ་དང་མཐུན་པ་ཡི༔ དམ་ཚིག་རྣམས་ཀྱང་ཡང་དག་བསྲུང་༔ མ་རིག་མུན་སེལ་དཀྱིར་འཁོར་འདིར༔ ཁྱེད་གཞུག་དངོས་གྲུབ་ཐམས་ཅད་སྦྱིན༔ དེ་ཕྱིར་སྙིང་ནས་དམ་ཚིག་སྲུངས༔ ཨོཾ་བཛྲ་ས་མ་ཡཱ་ཛ་སརྦ་སིངྔྷི་ཧཱུྃ༔ ཅེས་བརྗོད་དོ༔ སློབ་བུ་རྣམས་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཁྱེད་རང་རྣམས་ཀྱི་འབྱུང་བ་ལྔ་འདུས་པའི་ཕུང་པོ་འདི་སྟོང་པའི་ངང་ལས་རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔ རིན་པོ་ཆེའི་གཞལ་ཡས་སྒོ་གྲུ་རྟ་བབས་ཡོངས་སུ་རྫོགས་པར་བརྒྱན་པ་གཅིག་ཏུ་གསལ་བའི༔ དབུས་ཕྱོགས་ཆོས་དབྱིངས་འཁོར་ལོའི་དཀྱིལ་འཁོར་དུ་སེམས་ཉིད་གསལ་སྟོང་སྤྲོས་པ་དང་བྲལ་བའི་ཆ་ལས༔ སྐད་གཅིག་གིས་བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་པདྨའི་ཕྲེང་བ་དང་། གཡོན་གྱི་འོག་མས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བུའི་བུམ་པ་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ལ་རིན་ཆེན་པྲོག་ཞུ་དང་དར་གྱི་ན་བཟའ་རིན་པོ་ཆེ་སྣ་ཚོགས་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། སྤྱན་གསུམ་ཞི་འཛུམ་ཉམས་དང་ལྡན་པ། དེའི་པང་དུ་ཡུམ་མཆོག་གསང་བ་ཡེ་ཤེས་ཀྱི་དྷཀྐི་མ་སྐུ་མདོག་དམར་མོ་གཅེར་བུ་བཅུ་དྲུག་ལོན་པའི་ལང་ཚོས་རབ་ཏུ་སྒེགས་པ། ཞི་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པདྨས་མཚན་པའི་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་བདུད་རྩིས་བཀང་བའི་བུམ་པ་འཛིན་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀ་སྣང་སྟོང་འོད་ཀྱི་རང་བཞིན་ལས་གྲུབ་པར་གསལ། དེའི་གཡས་སུ་སྲས་མཆོག་ནོར་བུ་འཛིན་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་རྒྱབ་ཕྱོགས་དབང་ཆེན་ཧྱ་གྷྲིཾ་ཝ། དེའི་ཕྱི་རོལ་ཏུ་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་ཡབ་ཡུམ། དེའི་ཕྱི་རོལ་ཏུ་བྱང་ཆུབ་སེམས་དཔའ་ཡབ་ཡུམ་བཅུ་དྲུག༔ དེའི་ཕྱི་རོལ་ཏུ་ཐུབ་པ་དྲུག༔ དེའི་ཕྱི་རོལ་ཏུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སྐུ་མ་འདྲེས་པར་བཞུགས་པ༔ ཡན་ལག་སྒོ་རིགས་བཞིའི་ཁྲག་འཐུང་༔ བ་སྤུའི་འོད་ཀློང་རེ་རེ་ན་ཡང་དཔའ་བོ་དཔའ་མོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་མངོན་སུམ་དུ་བསྐྱེད་ཅིང་༔ སྣང་སྟོང་སྤྲོས་བྲལ་གྱི་ངང་ནས་ལྷམ་མེར་བསྒོམ་མོ༔ གསུམ་པ་ཡེ་ཤེས་པ་དབབ་པ་ནི༔ དེ་སྟར་དུ་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གསལ་བ་ལས༔ འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་མཆོག་དང་༔ ཕོ་བྲང་རི་བོ་ཏ་ལ་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནས༔ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ཆོས་དབྱིངས་སྟོང་པའི་ངང་ལས༔ འགགས་མེད་འགྲོ་བའི་དོན་དུ་ཐུགས་རྗེ་ཡེ་ཤེས་སེམས་དཔའི་ཚོགས་རྣམས་ཉི་ཟླ་གཟའ་སྐར་འཇའ་ཚོན་ཤར་བ་ལྟར་མོས་པའི་གདུང་ཤུགས་བསྐྱེད་པའི་མཐུས་ལྷོོ་སྤྲིན་ལྟར་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་བཏིབས༔ གསོལ་བ་རྩེ་གཅིག་ཏུ་བཏབ་པའི་དབང་གིས་ཆར་སྤྲིན་ལྟར་བབས་ནས་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ཐིམ་པར་བསྒོམ་ཞིང་༔ དྲི་བཟང་གི་དུད་པ་གཏོང་༔ སྙན་པའི་རོལ་མོ་ལྡིར༔ སྤྱན་འདྲེན་གྱིས་དམ་ཚིག་བསྐུལ་བར་བྱའོ༔ དྲུག་པ་སྤྱན་འ དྲེན་པ་ནི༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དང་༔ གནས་མཆོག་ཆེན་པོ་རི་བོ་གྲུ་འཛིན་ནས༔ འཕགས་པ་སྤྱན་རས་་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྲས་འཁོར་ཚོམ་བུར་བཅས༔ སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོངས་རྣམས༔ སྔོན་གྱི་དམ་བཅའ་ཐུགས་རྗེས་བརྩེར་དགོངས་ལ༔ བསྒྲུབ་པའི་གནས་མཆོག་བསྐྱེད་པའི་གཞལ་ཡས་འདིར༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ མོས་པའི་བུ་ལ་དབང་དང་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེའི་ཧཱུྃ༔ བཛྲ་གུ་རུ་བྷུ དྡྷ་རཏྣ་པདྨ་ཀརྨ་དྷེ་ཝ་དྷཀྐི་ནཱི་སརྦ་ས་མ་ཡཱ་ཛ༔ཛ༔ བཞི་པ་རྒྱས་གདབ་པ་ནི༔ ཡེ་ཤེས་སེམས་དཔའི་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་དགོངས་པ་སྤྲོས་བྲལ་གྱི་ངོ་བོ་དེ་དང་༔ དམ་ཚིག་སེམས་དཔའི་རང་གི་རིག་པ་སྟོང་ཞིང་བདག་མེད་པ་དེ་གཉིས་དབྱེར་མེད་གཅིག་ཏུ༔ ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་ཏེ་གཉིས་སུ་མེད་པར་བསམ་ཞིང་༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པས་སློབ་བུའི་གནས་ལྔར་རྒྱས་གདབ་ཅིང་༔ ཧཱུྃ༔ རང་བྱུང་རྡོ་རྗེ་ཡབ་ཡུམ་སེམས༔ དམ་ཚིག་རང་རིག་དྲི་མ་མེད་༔ གདོད་ནས་ངོ་བོ་དབྱེ་གསལ་བྲལ༔ མི་འགྱུར་རྡོ་རྗེ་ཆོས་དབྱིངས་ཐུགས༔ འཕོ་འགྱུར་མེད་པ་ཡང་དག་པར༔ བྱང་ཆུབ་རྡོ་རྗེ་མཆོག་རྒྱས་འདེབས༔ བཛྲ་ཛྙཱ་ན་སིངྔྷི་རཀྴ་ཧཱུྃ༔ ཅེས་བརྗོད་དོ༔ དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས་ཞུགས་པ་ལ་དབང་བསྐུར་བ་ལ༔ དབང་དོན་གསོལ་བ་གདབ་པ་དང་༔ དབང་བསྐུར་དངོས་དང་གཉིས་ཀྱི་དང་པོ་གསོལ་བ་གདབ་པ་ནི༔ བླ་མ་ལྷ་དང་དབྱེར་མེད་དུ་གསལ་ཞིང་མོས་གུས་ཐུན་མོང་མ་ཡིན་པ་བསྐྱེད་དེ༔ དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་བླ་མ་སྐུ་བཞིའི་བདག༔ ཡེ་ཤེས་ཁྱབ་བདག་རྡོ་རྗེ་འཆང་༔ དབང་བཞིའི་སྨིན་གྲོལ་དངོས་གྲུབ་མཆོག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ ཅེས་ལན་གསུམ་གསོལ་བ་གདབ༔ གཉིས་པ་དངོས་ལ་དེའང་དབང་གི་ངོ་བོ་ངེས་ཚིག་དབྱེ་བ་ཇི་ལྟར་བསྐུར་བའི་ཚུལ་བཞི་ལས༔ དང་པོ་ལ་རྒྱུ་རྐྱེན་གཉིས་ལས། རྒྱུ་ནི་ཁམས་དྲུག་ལྡན་པའི་སེམས་ཅན་གྱི་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ་དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། བསྐུར་བས་ཐོབ་པར་ག་ལ་འགྱུར། བྲ་སྲན་འབྲས་སུ་དབང་བསྐུར་ཀྱང་། དེ་ལ་འབྲས་ཀྱི་དངོས་སྣང་མེད། ཅེས་དང་རྐྱེན་ནི་བཞི་ལས༔ དབང་བསྐུར་དུ་རུང་བ་སློབ་བུའི་རྒྱུའི་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན དབང་སྔ་མ་སྔ་མས་གོ་ཕྱེས་ནས། ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། གཉིས་པ་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ནས། མངོན་པར་གཏོར་བའམ་བླུགས་པ་ཏེ་དབང་བཞིས་རང་སྐལ་གྱི་དྲི་མ་འཁྲུད་ཅིང་སྐུ་བཞིའི་ས་བོན་གསོས་ཐེབས་པའོ། །གསུམ་པ་ནི༔ བསྐུར་བྱའི་དབང་ལ་དབྱེ་ན། བུམ་གསང་ཤེར་ཡེ་ཚིག་དབང་བཞིའམ། དེ་དག་གི་དོན་གྱི་གནད་འགག་འདུས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་སོགས་པའི་དབང་ངོ་༔ བཞི་པ་ནི། སློབ་དཔོན་དང་དབང་རྫས་རྣམས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྐུར་བསྐྱེད་ནས་དབང་རྫས་དེ་དག་བསྐུར་གནས་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད༔ དང་པོ། སྤྲོས་བཅས་བུམ་པ་སྐུའི་དབང་བསྐུར་བ་ནི༔ རྣམ་རྒྱལ་བུམ་པ་སློབ་མའི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ གདོད་ནས་དག་པ་ཆོས་དབྱིངས་བུམ་པའི་ནང་༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ་༔ མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་མཆོག་ཁྱེད་ལ་དབང་བསྐུར་བས༔ རྒྱལ་བ་རྒྱ་མཚོ་འདུས་པའི་དབང་ཐོབ་སྟེ༔ སྣང་སྟོང་བསྐྱེད་རིམ་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿ་ཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀ་ཡ་སརྦ་ཨབྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་ཆུ་ངག་ཏུ་བླུད༔ དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུ་སྤྱི་བོར་གཞག་ཅིང་༔ ཧཱུྃ༔ དེ་བཞིན་གཤེགས་པ་འཁོར་འདས་ཡོངས་ཀྱི་བདག༔ སྐུ་གསུམ་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ༔ འཕགས་པ་མ་རིག་མུན་སེལ་ཡབ་ཡུམ་གྱི༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ སྐུ་ཡི་དབང་མཆོག་ཡོངས་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ཏེ༔ ཧཱུྃ༔ ཆོས་སྐུ་མི་འགྱུར་རྒྱལ་བ་འོད་དཔག་མེད་༔ རིགས་ཀྱི་བདག་པོ་དམར་གསལམཚན་དཔེས་རྒྱན༔ ཆོས་དབྱིངས་ངོ་བོ་བདེ་བ་ཆེན་པོའི་ངང་༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུལ་བས༔ ཆོས་སྐུའི་སངས་རྒྱས་རིགས་བདག་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིངྔྷི་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲས་པོ་ནོར་བུ་འཛིན་པའི་དབང་བསྐུར་བ་ནི༔ ཧཱུྃ༔ ཐུགས་ལས་སྤྲུལ་པ་སྲས་མཆོག་བྱང་ཆུབ་སེམས༔ སྐུ་མདོག་དམར་གསལ་མདངས་ལྡན་པད་ཕྲེང་འདྲེན༔ ཞབས་གཉིས་ཕྱེད་སྐྱིལ་རྒྱན་རྫོགས་ཅོད་པཎ་འཕུར༔ རྒྱལ་སྲས་དམ་པ་མཆོག་གི་དབང་བསྐུར་བས༔ བྱང་ཆུབ་སེམས་དཔའ་ཐབས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་བྷོ་དྷི་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲས་མོ་རིགས་སྔགས་འཛིན་མའི་དབང་བསྐུར་བ་ནི༔ ཧཱུྃ༔ གཉིས་མེད་སྤྲུལ་པའི་སྲས་མོ་གསང་སྔགས་འཛིན་༔ ཞལ་འཛུམ་མདངས་ལྡན་དཀར་དམར་མཛེས་པའི་སྐུ༔ དབང་གི་ཕྲེང་བ་དམར་པོ་ཕྱག་ན་འདྲེན༔ མེ་ཏོག་ཕྲེང་བ་རིན་ཆེན་རྒྱན་གྱིས་བརྒྱན༔ བྱང་ཆུབ་སེམས་མ་མཆོག་གི་དབང་བསྐུར་བས༔ ཐུགས་རྗེ་ཤེས་རབ་རྣམ་དག་དབང་ཐོབ་ཤོག༔ ཨོཾ་བྷོ་དྷི་མུྃ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྟ་མགྲིན་དམར་པོའི་དབང་བསྐུར་བ་ནི༔ ཧཱུྃ༔ མི་བཟད་འབར་བ་ཁྲོ་བོ་པདྨ་དབང་༔ སྐུ་མདོག་དམར་པོ་གྲི་གུག་ཐོད་ཁྲག་ཐོགས༔ དུར་ཁྲོད་ཆས་ལྡན་དབང་གི་རྟ་སྐད་འཚེར༔ སྐལ་ལྡན་བུ་མཆོག་ཁྱོད་ལ༴ ཡི་དམ་རྟ་མགྲིན་དམར་པོའི་དབང་ཐོབ་ཤོག༔ ཨོཾ་ཧྱ་གྷྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྣམ་སྣང་གི་དབང་བསྐུར་བ་ནི༔ ཧཱུྃ༔ རྣམ་སྣང་དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ སངས་རྒྱས་མཁའ་འགྲོ་དབྱིངས་ཕྱུག་དཀར་མོ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཛི་ན་ཛིཀ་ལམ་ཏེ་ཤྭ་ར་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ མི་བསྐྱོད་པའི་དབང་བསྐུར་བ་ནི༔ ཧཱུྃ༔ མི་བསྐྱོད་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ སངས་རྒྱས་སྤྱན་མ་མཐིང་སྐྱ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་བཛྲ་དྷྲིཀ་མུཾ་དྷརྟུ་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིན་འབྱུང་གི་དབང་བསྐུར་བ་ནི༔ ཧཱུྃ༔ རིན་འབྱུང་སེར་པོ་རིན་ཆེན་དྲིལ་བུ་འཛིན༔ མཱ་ཀི་སེར་སྐྱ་གཉིས་སུ་མེད་པར་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག༴ སྭཱ་རཏྣ་དྷྲིག་པཱཾ་ར་ག་ར་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྣང་མཐའ་དམར་པོ་པདྨ་དྲིལ་བུ་འཛིན༔ གོས་དཀར་དམར་སྐྱ་གཉིས་མེད་སྐུ་ལ་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་དབང་༔ སྐལ་ལྡན་བུ་མཆོག༴ ཨཾ་ཨ་རོ་ལིཀ་མཾ་མོ་ཧ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དོན་གྲུབ་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ དོན་གྲུབ་ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ དམ་ཚིག་སྒྲོལ་མ་ལྗང་སྐྱ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དབང་༔ སྐལ་ལྡན་བུ༴ ཧཱ་པྲ་ཛྙཱ་དྷྲིཀ་ཏཾ་བཛྲ་ར་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སའི་སྙིང་པོ་ཡབ་ཡུམ་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ ས་སྙིང་དཀར་པོ་རིན་ཆེན་མྱུ་གུ་འཛིན༔ ལ་སེ་དཀར་མོ་མེ་ལོང་ཕྱག་རྒྱ་འཆང་༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཀཱ་ཏི་ར་ཛ་ཡ་ཧཱུྃ་ལ་སེ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནམ་མཁའི་སྙིང་པོ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ནམ་སྙིང་སེར་པོ་རལ་གྲི་དྲིལ་བུ་འཛིན༔ དྷུ་པེ་སེར་མོ་སྤོས་ཁང་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཏྲཾ་ཨ་ཀརྦ་ཤ་ཡཾ་ཏྲཾ་མ་ལེ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྱན་རས་གཟིགས་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ སྤྱན་གཟིགས་དམར་པོ་པདྨ་དྲིལ་བུ་འཛིན༔ གཱིརྟི་དམར་མོ་པི་ཝང་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ༴ ཧྲཱིཿཔདྨ་བྷནྡྷ་དྷ་ར་ཧྲི་གྷིརྟི་ར་ཧོ་ཧཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་ན་རྡོ་རྗེ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ཕྱག་རྡོར་ལྗང་གུ་རྡོ་རྗེ་དྲིལ་བུ་འཛིན༔ ནིརྟི་ལྗང་མོ་ཞལ་ཟས་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ༴ ཛིང་་ཀུ་རུ་པ་ན་ཧྲཱིི༔ ཨ་ནིརྟི་ར་ག་ཡ་མི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱམས་པ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ བྱམས་པ་དཀར་པོ་ཀླུ་ཤིང་དྲིལ་བུ་འཛིན༔ པུཥྤེ་དཀར་མོ་མེ་ཏོག་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་ཤེས་རབ༴ མེ་ཏྲི་དྷ་ར་ནི་སྭཱ་ཧཱ༔ ཛ་དྷུ་པེ་པྲ་ཝེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲིབ་སེལ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ སྒྲིབ་སེལ་དཀར་པོ་པོོ་ཏི་དྲིལ་བུ་འཛིན༔ གྷནྡྷེ་དཀར་མོ་དུང་ཕོར་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་༴ བྷ་ནི་པ་རཾ་ས་ན་ཡེ་སྭཱ་ཧཱ༔ བཾ་ཏི་བ་ཡུ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀུན་བཟང་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ ཀུན་བཟང་མཐིང་ག་རིན་ཆེན་དྲིལ་བུ་འཛིན༔ མ་ལེ་མཐིང་སྐྱ་ཕྲེང་བའི་ཕྱག་རྒྱ་ཅན༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ ཐབས་དང་༴ ཨཱོཾ་པྲ་ཏྲ་བྷ་ཏྲ་ཡ་ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་ཨ༴ དེ་ནས་འཇམ་དཔལ་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ༔ འཇམ་དཔལ་སེར་པོ་ཨུཏྤལ་དྲིལ་བུ༴ ཨཱ་ལོ་དམར་སེར་མར་མེ་ཕྱག༴ ཡབ་ཡུམ་གཉིས་སུ༴ ཐབས་དང༴ མུཾ་ཤྲི་ར་ག་ཡ་སྭཱ་ཧཱ༔ ཧོཿགྷནྡྷེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཡི་ཐུབ་པའི་དབང་བསྐུར་བ་ནི༔ ཧཱུྃ༔ ལྷ་ཡི་ཐུབ་པ་དཀར་པོ་པི་ཝཾ་བསྣམས༔ ང་རྒྱལ་དག་པ་ལྷ་དབང་བརྒྱ་བྱིན་དབང་༔ ལྷ་ཡི་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨོཾ་མུ་ནི་ཏྲམ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་མིན་ཐུབ་པའི་དབང་བསྐུར་བ་ནི༔ ཧཱུྃ༔ ལྷ་མིན་ཐུབ་པ་ལྗང་གུ་གོ་མཚོན་བསྣམས༔ ཕྲག་དོག་དག་པ་ཐགས་བཟང་རིས་ཀྱི་དབང་༔ ལྷ་མིན་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ མི་ཡི་ཐུབ་པའི་དབང་བསྐུར་བ་ནི༔ ཧཱུྃ༔ མི་ཡི་ཐུབ་པ་གསེར་མདོག་མཁར་གསིལ་བསྣམས༔ འདོད་ཆགས་དག་པ་ཤཀྱ་ཐུབ་པའི་དབང་༔ མི་ཡི་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དུད་འགྲོའི་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ དུད་འགྲོའི་ཐུབ་པ་མཐིང་ག་པོ་ཏི་བསྣམས༔ གཏི་མུག་དག་པ་སེངྒེ་རབ་བརྟན་དབང་༔ དུད་འགྲོའི་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨཱོཾ་མུ་ནེ་བྷྲཱུཾ་སྭཱ་ཧཱ ཨ་བྷི་ཥིཉྩ་྄ཧཱུྃ༔ ཡི་དྭགས་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ ཡི་དྭགས་ཐུབ་པ་དམར་པོ་སྒྲོམ་བུ་བསྣམས༔ སེར་སྣ་དག་པ་ཁ་འབར་སྒྲོམ་བུའི་དབང་༔ ཡི་དྭགས་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དམྱལ་བའི་ཐུབ་པས་དབང་བསྐུར་བ་ནི༔ ཧཱུྃ༔ དམྱལ་བའི་ཐུབ་པ་ནག་པོ་མེ་ཆུ་བསྣམས༔ ཞེ་སྡང་དག་པ་ཆོས་ཀྱི་རྒྱལ་པོའི་དབང་༔ དམྱལ་བའི་འཇིག་རྟེན་ལྟ་བ་གནས་དག་ཤོག༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དུས་གསུམ་སངས་རྒྱས་སྟོང་གི་སྐུའི་ཙཀ་ལི་ཐོགས་ཤིང་༔ བསྐལ་བའི་དུས་སྟོན་པའི་སྐུ་མདོག་ཕྱག་མཚན་སྨོན་ལམ་གྱི་མཛད་པ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་སོགས་ཀྱི་ཚིགས་སུ་བཅད་པའི་མཐར༔ མཚན་སྔགས་སྦྱར་ཞིང་དབང་བསྐུར་བར་བྱའོ༔ དེ་ནས་བཛྲ་ཧེ་རུ་ཀའི་དབང་བསྐུར་བ་ནི༔ ཧཱུྃ༔ བཛྲ་ཁྲག་འཐུང་དཀར་པོ་རྡོར་དྲིལ་བསྣམས༔ བཛྲ་ཀྲོ་ཏི་དཀར་མོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རཏྣ་ཧེ་རུ་ཀའི་དབང་བསྐུར་བ་ནི༔ ཧཱུྃ༔ རཏྣ་ཁྲག་འཐུང་སེར་པོ་རིན་ཆེན་དྲིལ༔ རཏྣ་ཀྲོ་ཏི་སེར་མོ་གཉིས༴ ཡབ་ཡུམ༴ སྐལ་ལྡན༴ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི༴ དེ་ནས་པདྨ་ཧེ་རུ་ཀའི་དབང་བསྐུར་བ་ནི༔ ཧཱུྃ༔ པདྨ་ཁྲག་འཐུང་དམར་པོ་པདྨ་དྲིལ༔ པདྨ་ཀྲོ་ཏི་དམར་མོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨོཾ་པདྨ་ཤྲི་རུ་ཧེ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀརྨ་ཧེ་རུ་ཀའི་དབང་བསྐུར་བ་ནི༔ ཧཱུྃ༔ ཀརྨ་ཁྲག་འཐུང་ལྗང་གུ་རྒྱ་གྲམ་དྲིལ༔ ཀརྨ་ཀྲོ་ཏི་ལྗང་མོ་གཉིས་མེད་འཁྲིལ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས༴ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་སྤྲོས་མེད་གསུང་གི་དབང་བསྐུར་བ་ནི༔ བདུད་རྩི་མགྲིན་པར་བཞག་ཅིང་ངག་ཏུ་བླུད༔ ཧཱུྃ༔ རང་བྱུང་བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ ཆོས་ཉིད་རྣམ་པར་དག་པའི་བདུད་རྩིས་བརྒྱན༔ སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ རྒྱལ་བ་རྣམས་ཀྱི་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱ་ཧཱུྃ་ཧྲཱི༔ ཨོཾ་མ་ནིི་པདྨེ་ཧཱུྃ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཡི་གེ་ཨོཾ་གཏད་ཅིང་༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོ་ལས༔ དུག་ལྔ་རྣམ་དག་སྐུ་ལྔ་ཡེ་ཤེས་གདངས༔ འགག་མེད་རང་ཤར་ས་བོན་ཡི་གེ་ཨོཾ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ཨོཾ་ཨོཾ་ཨོཾ༔ ཅེས་བརྗོད་དེ༔ དེ་ནས་ཨཱཿགཏད་ཅིང་༔ ཧཱུྃ༔ སྒྲ་གྲག་རང་བྱུང་མཚན་བརྗོད་ཀུན་བྲལ་ཀྱང་༔ གྲག་སྟོང་བརྗོད་མེད་རང་གྲོལ་རང་ཤར་བ༔ གསུང་དབྱངས་ཡི་གེ་ས་བོན་རང་ཤར་ཨཱ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསུང་དབྱངས་རྣམ་དག་ཆེན་པོའི་དབང་ཐོབ་ཤོག༔ ཨཱ་ཨཱ་ཨཱ༔ དེ་ནས་ཧཱུྃ་གཏད་ཅིང་༔ ཧཱུྃ༔ གདོད་ནས་དམིགས་མེད་སྤྲོས་བྲལ་དེ་བཞིན་གཤེགས༔ འཁོར་འདས་ཡོངས་ཁྱབ་ཡོངས་གྲོལ་ངོ་བོ་ཉིད༔ མ་བཅོལ་རང་ཤར་ས་བོན་ཡི་གེ་ཧཱུྃ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྤྲོས་བྲལ་དེ་བཞིན་ཉིད་ཀྱི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ཧྲཱིཿགཏད་ཅིང་༔ ཧྲཱི༔ ཉག་གཅིག་ཀློང་ནས་འཁོར་འདས་ཐམས་ཅད་ཤར༔ ཤར་གྲོལ་ཀློང་ཐིམ་གང་ལ་གང་འདུལ་སྟོན༔ རབ་འབྱམས་འགྲོ་བ་འདྲེན་པའི་ནུས་མཐུར་ལྡན༔ སྤྲུལ་པའི་འགྲོ་འདུལ་ས་བོན་ཡི་གེ་ཧྲཱི༔ དེང་འདིར་རིགས་ཀྱི་བུ་ལ༴ རྒྱལ་བའི་ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག༔ ཧྲཱིཿཧྲཱིཿཧྲཱིཿ དེ་ནས་འབྲུ་དྲུག་གི་ཨོཾ་གཏད་ཅིང་༔ ཧཱུྃ༔ མ་རིག་འཁྲུལ་པས་ང་རྒྱལ་ལས་ཀྱི་ཁྱེར་༔ སྲིད་པ་ལྷ་ཡི་འཇིག་རྟེན་མངོན་སུམ་གྲུབ༔ ང་རྒྱལ་སྦྱོང་བྱེད་ཚད་མེད་བཞི་ལྡན་ཨོཾ༔ དེང་འདིར་རིགས་ཀྱི་བུ་ལ༴ ང་རྒྱལ་དག་པ་མཉམ་ཉིད་དབང་ཐོབ་ཤོག༔ ཨོཾ་དེ་ནས་མ་གཏད་ཅིང་༔ ཧཱུྃ༔ མ་རིག་འཁྲུལ་པས་ཕྲག་དོག་ལས་ཀྱིས་ཁྱེར༔ སྲིད་པ་ལྷ་མིན་འཇིག་རྟེན་མངོན་སུམ་གྲུབ༔ ཕྲག་དོག་སྦྱོང་བྱེད་བྱང་ཆུབ་ས་བོན་མ༔ དེང་འདིར་རིགས་ཀྱི་བུ་ལ༴ ཕྲག་དོག་དག་པ་བྱ་གྲུབ་དབང་ཐོབ༴ མ་དེ་ནས་ཎི་གཏད་པ་ནི༔ ཧཱུྃ༔ མ་རིག་འཁྲུལ་པས་འདོད་ཆགས་ལས་ཀྱིས་ཁྱེར༔ སྲིད་པ་མི་ཡི་འཇིག་རྟེན་མངོན་སུམ་གྲུབ༔ འདོད་ཆགས་སྦྱོང་བྱེད་ས་བོན་ཡི་གེ་ཎི༔ དེང་འདིར་རིགས་ཀྱི་བུ་ལ༴ འདོད་ཆགས་དག་པ་སོར་རྟོག་དབང་ཐོབ་ཤོག༔ ཎི་དེ་ནས་པད་གཏད་དེ༔ ཧཱུྃ༔ མ་རིག་འཁྲུལ་པས་གཏི་མུག་དབང་གིས་ཁྱེར༔ སྲིད་པ་དུད་འགྲོའི་འཇིག་རྟེན་མངོན་སུམ་གྲུབ༔ གཏི་མུག་སྦྱོང་བྱེད་ས་བོན་ཡི་གེ་པད༔ དེང་འདིར་རིགས་ཀྱི་བུ་ལ༴ གཏི་མུག་དག་པ་ཆོས་དབྱིངས་དབང་ཐོབ་ཤོག༔ པད་༔མེ་གཏད་ལ༔ ཧཱུྃ༔ མ་རིག་འཁྲུལ་པས་སེར་སྣའི་ལས་ཀྱིས་ཁྱེར་༔ སྲིད་པ་ཡི་དྭགས་འཇིག་རྟེན་མངོན་སུམ་གྲུབ༔ སེར་སྣ་སྦྱོང་བྱེད་ས་བོན་ཡི་གེ་མེ༔ དེང་འདིར་རིགས་ཀྱི་བུ་ལ༴ སེར་སྣ་རང་གྲོལ་ཆགས་མེད་དབང་ཐོས་ཤོག༔ མེ་དེ་ནས་ཧཱུྃ་གཏད་ལ༔ ཧཱུྃ༔ མ་རིག་འཁྲུལ་པས་ཞེ་སྡང་ལས་ཀྱི་ཁྱེར༔ སྲིད་པ་དམྱལ་བའི་འཇིག་རྟེན་མངོན་སུམ་གྲུབ༔ ཞེ་སྡང་སྦྱོང་བྱེད་ས་བོན་ཡི་གེ་ཧཱུྃ༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞེ་སྡང་དག་པ་མེ་ལོང་དབང་ཐོབ་ཤོག༔ ཧཱུྃ་གསུམ་པ་ཤིན་ཏུ་སྤྲོས་མེད་ཐུགས་ཀྱི་དབང་བསྐུར་བ་ནི༔ མེ་ལོང་ལ་གཙོ་བོའི་སྐུ་བསྟན་ཞིང་སློབ་བུའི་སྙིང་ཁར་བཞག་ལ༔ ཧཱུྃ༔ སྣང་བའི་ངོ་བོ་དག་པ་སྤྲོས་བྲལ་དབྱིངས༔ སྟོང་པའི་རྩལ་ཁ་འགག་མེད་སྤྱན་རས་གཟིགས༔ གཟུང་འཛིན་ཡོངས་བྲལ་སྣང་སྟོང་གཉིས་མེད་སྐུ༔ ཞེན་མེད་ཕྱོགས་བྲལ་རོ་གཅིག་འཕགས་པའི་ཐུགསཿ བརྗོད་མེད་ལྷན་སྐྱེས་རང་རིག་ས་བོན་འདི༔ འཕགས་པ་མཆོག་དང་གཉིས་སུ་མེད་པའི་དབང་༔ སྒོ་གསུམ་རང་གྲོལ་སྐུ་གསུང་ཐུགས་རྡོ་རྗེ༔ ཡེ་ཤེས་སྤྲོས་མེད་མཆོག་གི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མས་ཆོས་བདུན་བཅས་ལ༔ བླ་མས་འདི་སྐད་དོ༔ ཧཱུྃ༔ མ་ཡེངས་བུ་ཁྱོད་རྩེ་གཅིག་ངང་ནས་ཉོན༔ སྣང་སྟོང་སྐུ་རུ་བསྒོམ་པས་རྡོས་བཅས་གྲོལ༔ གྲག་སྟོང་སྔགས་སུ་བསྒྱུར་བས་ཡེ་ཤེས་རྒྱས༔ མི་རྟོག་མཉམ་པར་བཞག་པས་རེ་དོགས་བྲལ༔ ད་ནི་འཕགས་པ་མངོན་གྱུར་མཐར་ཕྱིན་ཚེ༔ མ་སྐྱེས་མི་འགག་རང་བྱུང་འོད་པོ་ཆེ༔ ནམ་ཡང་འགྱུར་མེད་མཆོག་འདི་རྟག་ཏུ་སྤྱོད༔ ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་དོ༔ བཞི་པ་ཡོན་ཏན་ཡོངས་རྫོགས་ཕྱག་མཚན་གྱི་དབང་ནི༔ རྡོ་རྗེ་གཏད་ཅིང་༔ ཧཱུྃ༔ ཡེ་ཤེས་ལས་བྱུང་ཐབས་ཀྱི་རྡོ་རྗེ་འདི༔ མཆོག་གྱུར་དམ་པ་མཆོག་གི་ཡོན་ཏན་བདག༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཐབས་མཆོག་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་གཏད་ཅིང་༔ ཧཱུྃ༔ ཤེས་རབ་ལས་བྱུང་ཡེ་ཤེས་དྲིལ་བུ་འདི༔ ཤེས་བྱ་མཐར་ཕྱིན་རྣམ་དག་ཆགས་པ་མེད༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཐབས་མཆོག་དྲིལ་བུའི་དབང་ཐོབ་ཤོག༔ ཨོཾ་ཤཔྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྲེང་བ་གཏད་ཅིང་༔ ཧཱུྃ༔ ཐུགས་དམ་པདྨ་རཱ་གའི་ཕྲེང་བ་འདི༔ ཨཱ་ལི་ཀཱ་ལི་སྔགས་ཀྱི་ཡོན་ཏན་ལྡན༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་མི་བཟད་མཆོག་གི་དབང་ཐོབ་ཤོག༔ དབྱངས་གསལ་བྱེད་བཟླས་པ་དང་བསྙེན་སྒྲུབ་རྣམས་ཀྱི་བཟླས་ལུང་ཕོག༔ ཅེས་གསུངས་པས༔ སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་མདུན་བསྐྱེད་གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོགས་པ་ཞིག་འོད་དམར་པོའི་རྟ་ལ་ཞོན་ནས་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀར་ཉི་གདན་ལ་ཧཱུྃ་གི་མཐར་མཁོད་པར་བསམ་ལ་ཡིག་བཅུ་དང་། གུ་རུ་བུདྷ་སོགས་རྗེས་བཟློས་མཐར་དབྱངས་གསལ་བརྗོད་དོ༔ ཚེ་བུམ་གཏད་དེ༔ ཧཱུྃ༔ རིན་ཆེན་བྱི་རུའི་བུམ་པ་ཚེ་ཡི་བརྟེན༔ འཆི་བ་མེད་པའི་དངོས་གྲུབ་འབྱུང་བའི་གནས༔ དེང་འདིར་རིགས་ཀྱི་བུ་ལ༴ ཡོན་ཏན་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཚེ་བྷྲུཾ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཡོངས་རྫོགས་ཆས་ཀྱི་དབང་ནི༔ དབུ་བརྒྱན་སྐོན་ཏེ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་སངས་རྒྱས་སྐུ་ལྔ་རྫོགས༔ རིགས་ལྔའི་པྲོག་ཞུ་རྒྱལ་ཚབ་ཕྲིན་ལས་དབང་༔ དེང་འདིར་རིགས་ཀྱི་བུ་ལ༴ རྒྱལ་བའི་ཕྲིན་ལས་པྲོག་ཞུའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྟོད་གཡོག་སྨད་དཀྲིས་དང་དར་དཔྱངས་གཏད་དེ༔ ཧཱུྃ༔ ལེ་བརྒན་སྟོ་གཡོགས་དར་དམར་ཤམ་ཐབས་བཅས༔ ལྔ་ལྡན་དར་གྱི་ཅོད་པན་ཆེན་པོ་འདིས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བའི་ཕྲིན་ལས་ན་བཟའི་དབང་ཐོབ་ཤོག༔ ཝཥྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྐུ་རྒྱན་རྣམས་གཏད་ལ༔ ཧཱུྃ༔ ཕྱག་ཞབས་གདུ་བུ་མགུལ་རྒྱན་དཔུང་པའི་རྒྱན༔ རིན་ཆེན་རུས་པའི་རྒྱན་ཆ་མེ་ཏོག་ཕྲེང་༔ དེང་འདིར་རིགས་ཀྱི་བུ་ལ༴ རྒྱལ་བའི་ཕྲིན་ལས་རྒྱན་གྱི་དབང་ཐོབ་ཤོག༔ དེ་ནས་སྒྲུབ་ཡིག་གཏད་ཅིང་༔ ཧཱུྃ༔ ཞི་བ་རྒྱས་པ་དབང་དང་དྲག་པོའི་ལས༔ ཕྲིན་ལས་རབ་འབྱམས་གང་འདུལ་གཉེན་པོ་ཡིན༔ ཡོངས་འདུས་སྒྲུབ་ཡིག་པོ་ཏིའི་དབང་བསྐུར་བས༔ རྒྱལ་བའི་ཕྲིན་ལས་པོ་ཏིའི་དབང་ཐོབ་ཤོག༔ ཨོཾ་བཛྲ་སྭ་ཏྭ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་ཏེ༔ སློབ་དཔོན་གྱིས་གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ༔ དེ་ཡང་གཏོར་སྣོད་རང་བྱུང་དབྱིངས་ཀྱི་ཞིང་ཁམས་ཆེན་པོ་ཡོངས་སུ་གྲུབ་པའི་ནང་ན། གཏོར་རྫས་བདེ་ཆེན་ཀུན་འདུས་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ནས། སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོ་བཞིན། ཁྱེད་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་གང་བས་ལུས་རྡོས་བཅས་སུ་སྣང་བ་དག་ནས་འཆི་མེད་དྭངས་མའི་ལུས་སུ་གྱུར། ངག་གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་ཆེན་པོར་ལྷུན་གྱིས་གྲུབ། ཡིད་གཉིས་ཆོས་སུ་རྟོག་པའི་རྒྱུ་བ་རྒྱུན་ཆད་དེ་འཕོ་མེད་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད་ཅིག ཧཱུྃ༔ བྷ་ལིང་གཏོར་མ་ལས་རྣམས་ཀུན་གྱི་བདག༔ འཕགས་པའི་ལྷ་དང་གཉིས་སུ་མེད་པ་འདིས༔ དེང་འདིར་རིགས་ཀྱི་བུ་ལ་དབུང་བསྐུར་བས༔ འཕགས་པའི་ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ བྷ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། རྒྱས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་བ། ངེས་དོན་བསྟན་འཛིན་བཟང་པོ་ལ་སོགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམ་དང་། ཁྱད་པར་དུ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་འཁོར་ཚོམ་བུ་འབུམ་དང་བཅས་པ་རྣམས་དང་། རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་བརྒྱུད་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཉམས་དང་རྟོགས་པ་གོང་དུ་འཕེལ་ཞིང་རྒྱས་ནས་ས་དང་ལམ་གྱི་ཡོན་ཏན་མ་ལུས་པ་མཐར་ཕྱིན་ནས། ཟུང་འཇུག་གདོད་མའི་ཀུན་བཟང་ཧེ་རུ་ཀའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གནས་སྐབས་སུའང་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར་བས་ནད་གདོན་བར་ཆད་མི་མཐུན་པའི་ཚོགས་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་བསོད་དཔལ་འབྱོར་མངའ་ཐང་ལོངས་སྤྱོད་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་སམོས་པ་རྣམ་བཞིའི་མཐོང་ཐོས་དྲན་རེག་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་འདུ་བ་དང་། དགྲ་བགེགས་གདུག་པ་ཅན་ཐམས་ཅད་མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་གཅོད་པ་སོགས། མདོར་ན་གྲུབ་པ་བརྒྱ ད་དང་འཕྲིན་ལས་བཞི་ལ་དབང་བསྒྱུར་བས་གང་བསམ་ཐམས་ཅད་འབད་མེད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གཞན་ཡང་ཤེས་རབ་སྟོང་པ་ཉིད་ཀྱི་རྩིས་ཟིན་པའི་སྒོ་ནས་ཐབས་སྙིང་རྗེ་ཆེན་པོའི་བསྟན་པ་དང་། སེམས་ཅན་གྱི་དོན་རྒྱ་ཆེ་རྒྱུན་མི་འཆད་པར་སྒྲུབ་ནས་འབྲེལ་ཚད་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་ནུས་པར་བྱིན་གྱིས་རླབས་པར་མཛད་དུ་གསོལ། སྒྲུབ་སྔགས་མཐར། གཏོར་མའི་ལྷ་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་སྙམས་པ་དེའི་ངང་ལ་མ་བཅོས་པར་མཉམ་པར་བཞག་པར་མཛོད་ཅིག ཅེས་བརྗོད་དབང་བསྐུར་གཏོར་མ་དངོས་གྲུབ་ཏུ་རོལ་པ་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་འཁོར་བསྐོར་ཞིང་དབང་ཡོན་འབུལ༔ ཤིས་བརྗོད་དགའ་སྟོན་གླུ་བྲོ་བྱ༔ བསྔོ་བ་སྨོན་ལམ་མཐའ་རྒྱས་བསྐྱང་༔ ད་ལ་བསྡུ་སོགས་ལས་རིམ་རྣམས༔ སྒྲུབ་ཁོག་ལས་བྱང་ལྟ་བུར་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པར་ལྟར༔ ཤིས་པ་བརྗོད། དམ་ཚིགས་ཁས་བླང་གཏང་རག་མཎྜལ་སོགས་རྒྱས་པར་བྱེད། དགེ་བ་བསྔོ། ཚོགས་ལ་རོལ་དུ་ཡོད་ན་སློབ་མ་རྣམས་ལ་སྐབས་འདིར་བྲིམ་ལས་གཞུང་མཇུག་བསྐྱང་ངོ་། མ་རིག་སྲིད་པར་འཕྱན་པའི་ལུས་ཅན་གྱི། །སྙིང་མུན་སེལ་བྱེད་འཕགས་མཆོག་ལྷག་པའི་ལྷ། །གང་གི་བསྐྱེད་རྫོགས་གདམས་ཟབ་ཡིད་འོང་གཟུགས། །སྐལ་བཟང་སྙིང་ལ་བདུད་རྩི་སྦྱིན་བྱེད་པ། །འདི་འདྲ་རྒྱལ་དབང་པད་འབྱུང་ཐུགས་ཀྱི་བཅུད། །མངོན་སུམ་ལོངས་སུ་སྤྱོད་པའི་སྐལ་བཟང་འདི། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས། །གཞལ་དཀའི་བཀའ་དྲིན་ཕ་མཐའ་ཇི་ལྟར་འཚོལ། །དེ་ཕྱིར་སྨིན་བྱེད་དབང་ཆོག་འཇུག་བདེའི་ཁྲིགས། །གཏེར་གཞུང་རྩ་བའི་དགོངས་པ་མ་འཁྱུགས་ཤིང་། །མཚམས་སྦྱོར་ངག་འདོན་ལག་ལེན་ཡིག་ཆུང་བཅས། །འཁྲུལ་མེད་བླ་མའི་གསུང་ལས་རང་བཟོས་དབེན། །དེ་ལྟ་ནའང་རྨོངས་པ་བདག་འདྲ་ཡི། །སྤྱི་བརྟོལ་བསྐྱེད་འོས་མིན་ཀྱང་དམ་པ་འགའི། །གསུང་གིས་བསྐུལ་ནས་དཀྱུས་གཅིག་ཙམ་བྱས་འདི། །ནོངས་ན་ཆོས་ཀྱི་བདག་པོ་རྣམས་ལ་བཤགས། །ལྷག་བསམ་དག་པས་འདི་འབད་ལས་བྱུང་པའི། །དཀར་བའི་བསོད་ནམ་འབྲས་བུ་ཐོན་སྲིད་ན། །དེ་ཡིས་སྲིད་པའི་ལུས་ཅན་ལས་ཉོན་དྲི། །མ་ལུས་དབང་བཞིའི་ཆུ་བོས་བཀྲུ་བར་སྨོན། །དེ་ལྟར་དབང་མཆོག་འཇུག་བདེར་བསྒྲིགས་པ་འདི་ནི་ངོར་ཨེ་ཝཾ་ས་ཆེན་པོའི་རིང་ལུགས་འཛིན་པ་ཆོས་ཀྱི་རྗེ་དྷརྨཱ་ཀིརྟིའི་གསུང་གིས་བསྐུལ་བ་དང་། སླར་ཡང་རྣམ་འདྲེན་བླ་མ་མཆོག་གི་གདན་ས་བ། བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱིས་གྱ་ནོམ་པའི་སྐྱེས་དང་བཅས་ཡང་ཡང་གསུང་ནན་ཆེན་པོའི་བཀས་བསྐུལ་བའི་བཞེད་སྐོང་དུ་རང་བཟོས་མ་བསླད་པར་དཔལ་ལྡན་བླ་མ་དམ་པ་ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ། རྗེ་དེ་ཉིད་ཀྱི་སློབ་འབངས་ཐ་ཆུང་གྱི་ན་པ་རྨོངས་བན་ཝ་གིནྡྲ་མ་ཏིས་དགེ་བྱེད་ཀྱི་དཀྱིལ་འཁོར་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་དུས་ཆེན་དགེ་བའི་ཉིན་སྐལ་བཟང་ཕུན་ཚོགས་གླིང་གི་ཆོས་གྲཱ་ཆེན་པོར་བྲིས་པའོ། །དགེའོ།། །།

དོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ་བཞུགས་སོ། །སྲས་བཅས་རྣམ་འདྲེན་མ་ལུས་པའི། །སྙིང་རྗེའི་རང་གཟུགས་ཉིན་མོར་བྱེད། །སྲིད་འགྲོ་མ་རིག་སྡུག་བསྔལ་མུན། །སེལ་མཛད་འཕགས་མཆོག་ཐུགས་རྗེས་སྐྱོངས། །འདིར་འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དོན་དབང་བསྐུར་བ་ལ་གཉིས་ཏེ། །སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དབང་དངོས་སོ། དང་པོ་ནི། །གང་དུ་བྱ་བའི་གཞི་དེར་དཀྱིལ་འཁོར་བྲི་བའམ་ཡང་ན་འབྲུའི་ཚོམ་བུ་བཀོད་ཀྱང་རུང་ལ། དབུས་སུ་བུམ་པ། གཡས་སུ་བདུད་རྩི། གཡོན་དུ་གཏོར་མ། མདུན་དུ་མར་མེ། རྒྱབ་དུ་པྲོག་ཞུ། མཐའ་བསྐོར་དུ་མཆོད་རྫས་སྣ་ཚོགས་བཤམས་ཤིང་། མིག་དར། ཀཱ་ཡ་ཝཱཀྐ་ཙིཏྟ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཛྙཱ་ན་ཏིཥྛ་ལྷན། ཅེས་བརྗོད་ཅིང་དབང་རྫས་རྣམས་བཀྲམ༔ མཐའ་བསྐོར་དུ་སྨན་རག་གཏོར་གསུམ་ཉེར་སྤྱོད་ལྔ་སོགས་དང་། གཞན་ཡང་ལས་བུམ་བགེགས་གཏོར་མཐོར་ནས་སྤོས་ཐུན་སོགས་ཚོགས་པར་བྱའོ། །གཉིས་པ་ནི། ལས་ཀྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བྱས་ལ་བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གྱིས་བླངས། བཀའ་གཏེར་ཚོགས་བསྐང་བཅས་ལྷག་མ་ཡན་གྲུབ་ནས། རིགས་མཐུན་རྟ་མགྲིན་ནམ་བདུད་རྩི་འཁྱིལ་པ་ལྟ་བུའི་ལས་བུམ་སྒྲུབ་ཅིང་། སློབ་བུ་རྣམས་གདོང་གཡོག་བཅིང་སྒོ་དྲུང་ངམ་ཡང་ན་ཕོ་བྲང་གཉེན་པོའི་ཤར་སྒོར་འཁོད་པའི་མོས་པ་དང་བཅས་ཏེ། དབང་ཡོན་མེ་ཏོག་བཟང་པོ་ལག་ཏུ་ཐོགས་ཤིང་འདི་སྐད་ཞུའོ། ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་མ་རིག་རྨོངས་པའི་བུ༔ ཁྱེད་ཀྱི་བརྩེ་བས་རྗེས་སུ་བཟུང་༔ འཁོར་བའི་འདམ་ནས་འདྲེན་དུ་གསོལ༔ སྨིན་གྲོལ་དངོས་གྲུབ་སྩལ་དུ་གསོལ༔ ཅེས་ཞུ༔ སློབ་དཔོན་གྱིས་གནང་བ་སྦྱིན༔ ཧོ༔ ཁྱེད་རྣམས་སྐལ་བར་ལྡན་ལགས་སམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ལས་ལྡན་རིགས་ཀྱི་བུ་ཡིན་ན༔ ཁྱེད་རྣམས་ཕོ་བྲང་ནང་འདིར་ཤོག༔ སྨིན་གྲོལ་མཆོག་ཐུན་སིདྡྷི་སྦྱིན༔ ཅེས་བརྗོད༔ སློབ་དཔོན་གྱིས་ལས་བུམ་ཐོགས་ནས། ཇི་ལྟར་ལྟམ་པ༴ སོགས་དང་། དྲི་མེད་དག་པ་གང་བབས་ཀྱི་བུམ་ཆུ་སྦྱིན་ཚར་ནས། བགེགས་གཏོར་བཤམས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨཱོཾ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར༔ ཨཱོཾ་ཨཱཿཧཱུྃ་ཧོ༔ གསུམ། ཨོཾ་སརྦ་བིགྷྣན་ཨ་ཀཪྵ་ཡ་ཛཿཛ༔ བགེགས་གཏོར་བསྐོར་ཞིང་དྲིལ་བུ་གསིལ་བ་དང་བཅས། ཨོཾ་སརྦ་བིགྷྣན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་སོགས་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན༴ ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམས་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་དུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ༔ ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔༴ སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དྲ་བ་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིགས་པའི་གུར་དུ་གྱུར་པའི་མོས་པ་མཛོད༔ བཛྲ་རཀྵཿརཀྵཿ ཆོས་བཤད་རྒྱས་བསྡུས་གང་རུང་ངམ། ཡང་ན་ལོ་རྒྱུས་ཙམ་གྱིས་ཆོག་པས། ཁྱེད་རྣམས་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་དབང་སྦྱིན་པའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ༔ དེ་ཡང་གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་མགོན་པོ་སྣང་བ་མཐའ་ཡས་ཀྱིས་འཁོར་ཕུན་སུམ་ཚོགས་པ་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་དང་པདྨ་རིགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཕུན་སུམ་ཚོགས་པ་ཐོག་མཐའ་དང་བྲལ་བའི་ཚེ་ཆོས་ཕུན་སུམ་ཚོགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་གསུངས་པ་སྤྲུལ་པའི་མཁའ་འགྲོ་མ་རྣམས་ཀྱི་ཡི་གེར་བཏབ་ཏེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་སྐད་ཞུས་སོ༔ སྟོན་པ་འོད་སྣང་དེ་བཞིན་གཤེགས༔ རྒྱུད་ཆེན་རྒྱུད་མཆོག་དམ་པ་འདི༔ བཀའ་བབས་ཆོས་བདག་གང་གིས་བྱེད༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་ང་ལ་ཉོན༔ རྒྱུད་ཆེན་རྒྱུད་མཆོག་དྲི་མེད་འདི༔ ད་ལྟ་འཕགས་པའི་ཐུགས་ལ་བསྟིམ༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གསང་སྔགས་ཆོས་ཀྱི་འབྲས་བུ་སྨིན༔ དེ་དུས་ང་ཡི་ཐུགས་ཀྱི་སྤྲུལ༔ མཚོ་སྐྱེས་པདྨའི་སྡོང་པོ་ལ༔ པདྨ་འབྱུང་གནས་ཞེས་བྱ་འབྱུང་༔ སངས་རྒྱས་སྟོང་གི་འཕྲིན་ལས་སྐྱོང་༔ འཕགས་པ་ཁྱོད་དང་བཀའ་བགྲོས་བྱེད༔ དེ་ཚེ་རྒྱུད་མཆོག་དམ་པ་འདི༔ རྡོ་རྗེ་པདྨ་འབྱུང་ལ་ཐིམ༔ མི་མཇེད་འགྲོ་དྲུག་ཐབ་ཀྱིས་འདུལ༔ ཁྱད་པར་མཐའ་འཁོབ་གངས་ཁྲོད་དུ༔ འཕགས་པའི་སྤྲུལ་པས་རྐྱེན་བྱེད་དེ༔ འགྲོ་བ་མི་ཡི་གླིང་ཞིག་འབྱུང་༔ མདོ་སྔགས་ཆོས་ཀྱི་བསྟན་པ་དར༔ རྩོད་ལྡན་སྙིགས་མ་ལྔ་བདོའི་ཚེ༔ ལོག་འདྲེན་འགོང་པོ་སྟོབས་རྒྱས་པས༔ གཡོ་ཟོག་ཁྲམ་གསུམ་འཁོར་ལོ་བསྐོར༔ བསྟན་པ་ཐབས་ཀྱིས་བརླགས་པའི་ཕྱིར༔ བདུད་སྤྲུལ་གོས་སེར་གྱོན་པ་མང་༔ སེམས་ཅན་བསོད་ནམས་ཟད་པའི་ཕྱིར༔ ཧོར་སོག་དུ་རུ་ཀ་རྣམས་དར༔ མུ་སྟེགས་བསྟན་པ་ཤར་བའི་རྟགས༔ དགེ་བཤེས་རྣམས་ཀྱིས་དམག་དཔོན་བྱེད༔ འགོང་སྤྲུལ་མང་པོས་ཤེས་རྒྱུད་གཡོ༔ སེམས་བསྐྱེད་སྙིང་རྗེ་ཆུ་རུ་འཕོ༔ བྱང་སེམས་མང་པོ་གྲི་རུ་བཀུམས༔ བདུད་ཀྱིས་བྱིན་བརླབས་འཁྲུག་རྩོད་དར༔ འཕགས་པའི་ཐུགས་རྗེས་སྐྱོབ་དཀར་ཡང་༔ སྨོན་ལམ་དག་པའི་སྟོབས་ཤུགས་ཀྱིས༔ ཆོས་འདིས་སྙིགས་དུས་འགྲོ་དོན་བྱེད༔ པད་འབྱུང་སྤྲུལ་པས་གཏེར་འདོན་ཞིང་༔ འཕགས་པའི་སྤྲུལ་པས་ཆོས་འདི་སྤེལ༔ སྐབས་ཤིག་འགྲོ་བ་བདེ་ལ་འགོད༔ ཅེས་གསུངས་པའི་གདམས་པ་རིན་པོ་ཆེ་འདི། ཆོས་འཁོར་བསམ་ཡས་འབྱོངས་པའི་གྲོལ་སྟོན་ཆོས་ཀྱི་ཕ་འབབས་སུ་གུ་རུ་རིན་པོ་ཆེས་བྱང་ཆུབ་སེམས་བསྐྱེད་གླིང་གི་གཙུག་ལག་ཁང་དུ། རྒྱུད་ལུང་གདམས་པ་དང་བཅས་པ་བཀའ་སྩལ་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་སྟེ་གུ་རུས་ལུང་བསྟན་པ་བཞིན་དུ་མང་ཡུལ་ལུང་པ་གྲི་ཀྱོག་འདྲ་བའི་ནང་༔ ཀ་ཆེན་བཅུ་དྲུག་བཀོད་པས་ཁྱད་པར་འཕགས་པའི་གནས་མཆོག་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་གི །མཁའ་འགྲོ་ལཱ་སེ་དཀར་མོའི་ཐུགས་ཀ་ནས་གདམས་པ་ཡོངས་རྫོགས་རྣམས་དང་། རྒྱུད་ཆེན་པོ་མ་རིག་མུན་སེལ་རྡོ་རྗེ་སྙིང་རྫོང་སོགས་ནས་མེ་ཕོ་འབྲུག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཁམས་སྲིང་མོ་རྫོང་གི་སྒྲུབ་གནས་ཆགས་རུ་ཕུག་ནག་གུ་ཧ་ཀཱ་ལར་ཤོག་སེར་ལས་ཕབ་ཅིང་གསང་དམ་ཉམས་ལེན་མཐར་ཕྱིན་པར་མཛད་ཅིང་དུས་དང་མཚམས་པ་རིམ་པར་སྤེལ་བར་མཛད་པའི་གདམས་ཟབ་གང་དེའི་སྒོ་ནས་སྨིན་བྱེད་གདམ་པའི་ཡང་སྙིང་དོན་དབང་མཐར་ཐུག་གི་སྙིང་པོ་འདི་བསྐུར་བ་སྐབས་སུ་བབས་པ་སྟེ༔ དེ་ལ་ཡང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་༔ སློབ་མའི་བྱ་བ་གཉིས་ལས༔ སློབ་དཔོན་གྱི་བགྱི་བའི་འོས་སུ་གྱུར་པ་བདག་མདུན་དབྱེར་མེད་དུ་བསྒྲུབ་མཆོད་བཟླས་པ་དང་༔ ཟབ་གཏེར་གྱི་བསྲུང་མར་གཏོར་མ་ཕུལ་ཏེ་རྒྱ་འགྲོལ་བའི་འཕྲིན་ལས་བཅོལ་བ༔ ཚོགས་ཀྱི་འཁོར་ལོས་ཆོ་གའི་ལྷག་ཆད་བཀང་བ༔ བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བླང་བ་སོགས་གོང་དུ་གྲུབ་པ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་ཏུ་མཎྜལ་ཕུལ་མཛོད༔ ཞེསབརྡ་སྤྲད་དེ། དེའང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གཙོ་བོ་འཕགས་པ་མ་རིག་མུན་སེལ་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའ་ིརྗེས་བཟློས་གྱིས༔ ཧོ༔ རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ འཕགས་པ་མ་རིག་མུན་སེལ་གྱི༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཁྱེད་ཀྱི་བརྩེ་བས་བདག་སྐྱོངས་ཤིག༔ ཅེས་ཞུའོ༔ གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་ཏུ་གྱིས༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་སྐྱབས་སུ་འགྲོ་བ་དང་༔ ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་ཡན་ལག་བདུན་པ་བཅས་ཚིག་ཕྱིར་སེམས་གཞོལ་བས་འདིའ་ིརྗེས་བཟློས་གྱིས༔ ཧཱུྃ༔ ཐུགས་རྗེས་ཀུན་ཁྱབ་ཆོས་སྐུ་སྣང་མཐའ་ཡས༔ མ་རིག་མུན་སེལ་ལྷ་ཚོགས་ལོངས་སྤྱོད་རྫོགས༔ རྣམ་སྤྲུལ་དཔག་ཡས་གང་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ བདག་སོགས་འགྲོ་དྲུག་བྱང་ཆུབ་མ་ཐོབ་བར༔ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི༔ གསུམ། རང་རིག་རང་ཤར་ལྷ་ལ་ཕྱག་འཚལ་ལོ༔ འགགས་མེད་རང་གསལ་རང་གྲོལ་མཆོད་པ་འབུལ༔ མ་རིག་འཁྲུལ་སྣང་གདོད་མའི་དབྱིངས་སུ་བཤགས༔ དུས་གསུམ་མཉམ་ཉིད་ཆེན་པོར་ཡི་རང་ངོ་༔ འགྲོ་དྲུག་འཁོར་བ་དོང་ནས་སྤྲུག་པར་བསྐུལ༔ ཀ་དག་རང་རིག་འདུ་འབྲལ་མེད་པར་བཞུགས༔ དམིགས་མེད་ཁྱབ་བདལ་ཆེན་པོར་བསྔོ་བར་བགྱིད༔ ཀུན་ཀྱང་ཆོས་དབྱིངས་ཟང་ཐལ་མངོན་གྱུར་ཤོག༔ དེ་ལྟར་སྐྱབས་སུ་སོང་པའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་དུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུང་པས། ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ། བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་བཟློས་གྱིས། ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ཏིང་འཛིན་གྱིས༔ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་ནས་ཀྱང་༔ འགྲོ་ཀུན་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམ་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།། ཞེས་དང་། ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས། དེ་ནས་དཀྱིལ་འཁོར་དུ་མེ་ཏོག་དོར་ལ། གཙོ་འཁོར་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མ་མཆིས་ནའང་། རང་རང་གི་ལས་ཀྱི་འབྲེལ་བ་གང་ཡོད་པའི་ལྷག་པའི་ལྷ་དེས་བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམས་པས་དཀྱིལ་འཁོར་གྱི་ལྷར་ཕུལ་བའི་དམིགས་འདུན་བཅས་དོར་བར་མཛོད། ཅེས་དང་། དེ་ནས་གསེར་ཐུར་ཐོགས་ནས། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ་ནས། དེ་ལྟར་མ་རིག་པའི་ལིང་ཏོག་མིག་དར་གྱིས་མཚོན་པ་དེ་ཉིད་བསལ་བའི་ཤུལ་ནས། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གནང་ནས། འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡའ་སྤྲད་པ་ལ་བརྟེན་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་འཕགས་པ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་དང་། དེ་དག་ཀྱང་ཕྱི་རོལ་ནས་གཞན་ཞིག་བཙལ་དུ་ཡོད་པ་མ་ཡིན་ཞིང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས། ཞུགས་པ་ལ་དབང་བསྐུར་བ་ལ་ཐ་མལ་གྱི་ལུས་ཀྱི་བཅུད་མི་ཐུབ་པས་ཐོག་མར་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། ལས་བུམ་གྱི་ཆུས་སྦྱངས་ལ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཁྱེད་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་བའི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གི་བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་པདྨའི་ཕྲེང་བ་དང་། གཡོན་གྱི་འོག་མས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུག་ལ་རིན་པོ་ཆེའི་པྲོག་ཞུ་དང་དར་གྱི་ན་བཟའ་ཅན་རིན་པོ་ཆེ་སྣ་ཚོགས་དང་མེ་ཏོག་གི་ཕྲེང་བས་རྒྱན་པ། སྤྱན་གསུམ་ཞི་འཛུམ་ཉམས་དང་ལྡན་པ། དེའི་པང་དུ་ཡུམ་མཆོག་གསང་བ་ཡེ་ཤེས་ཀྱི་དྷཱཀྐི་མ་སྐུ་མདོག་དམར་པོ་གཅེར་བུ་བཅུ་དྲུག་ལོན་པའི་ལང་ཚོ་རབ་ཏུ་སྒེག་པ། ཞི་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པདྨས་མཚན་པའི་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་བདུད་རྩིས་བཀང་བའི་བུམ་པ་འཛིན་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀ་སྣང་སྟོང་འོད་ཀྱི་རང་བཞིན་ལས་གྲུབ་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས། ནུབ་ཕྱོགས་བདེ་བ་ཅན་དང་། ཕོ་བྲང་པོ་ཏ་ལ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད། འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་རྣམ་པར་སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བབ་པ་ལྟར་ཐིབ་ཐིབ། འོག་ནས་བྱོན་པ་ཐམས་ཅད་རླུང་རྡོལ་བ་ལྟར་བུན་བུན། བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོའི་དགེ་འདུན་འདུ་བ་ལྟར་འུར་དེང་དེང་བྱོན། ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། ལས་བྱང་གི་སྤྱན་འདྲེན་དང་སྔགས་དང་སྤོས་རོལ་བྱ་ཞིང་བྱིན་དབབ་ནས། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ། ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་དབང་བསྐུར་བ་ནི། དེའང་དབང་གི་ངོ་བོ་ངེས་ཚིག་དབྱེ་བ། ཇི་ལྟར་བསྐུར་བའི་ཚུལ་བཞི་ལས། དང་པོ་ནི། རྒྱུ་རྐྱེན་གཉིས་ལས། རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། བསྐུར་བས་ཐོབ་པར་ག་ལ་འགྱུར། བྲ་སྲན་འབྲས་ས་དབང་བསྐུར་ཀྱང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། ཅེས་དང་། རྐྱེན་ནི་བཞི་ལས་དབང་བསྐུར་དུ་རུང་བ་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མའི་གོ་ཕྱེ་ནས། ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། གཉིས་པ་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བའི་བླུག་པ་སྟེ། དབང་བཞིས་རང་སྐལ་གྱི་དྲི་མ་འཁྲུད་ཅིང་། སྐུ་བཞིའི་ས་བོན་གསོས་ཐེབས་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། གསུམ་པ་ནི་བུམ་གསང་ཤེར་ཡེ་ཚིག་དབང་བཞི་འམ། དེ་དག་གི་དོན་གྱི་གནད་འགག་འདུས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་པའི་དབང་ངོ་། བཞི་པ་ནི་སློབ་དཔོན་དང་དབང་རྫས་རྣམས་འཕགས་པ་མ་རིག་མུན་སེལ་གྱི་སྐུར་བསྐྱེད་ནས་དབང་རྫས་དེ་དག་བསྐུར་གནས་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་འགྱུར་པའི་མོས་པ་མཛོད། བུམ་པ་མགོར་བཞག་འདི་སྐད་དོ། ཧཱུྃ༔ མཚན་ལྡན་བུམ་པ་ཆོས་ཀྱི་དབྱིངས༔ འཕགས་པའིི་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མ་རིག་མུན་སེལ་ལྷ་ཚོགས་ཀྱི༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་ངག་དུ་བླུད༔ བྷནྡྷ་མགྲིན་པར་བཞག་ཅིང་༔ ཧཱུྃ༔ བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ རང་བྱུང་དག་པ་ཨ་མྲི་ཏ༔ སངས་རྒྱས་ཀུན་གྱི་གསང་བའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན། མར་མེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཀོང་བུ་རུ༔ རྒྱུ་མཆོག་རང་བྱུང་ཡེ་ཤེས་མེ༔ མཁྱེན་དང་བརྩེ་བའི་ཐུགས་རྗེའི་དཔལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་མ་རིག་མུན་སེལ་གྱི༔ ཐུགས་ཀྱི་དབང་མཆོག་ཐོབ་པ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཐོགས་ཏེ༔ ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཡོན་ཏན་རབ་འབྱམས་འཕྲིན་ལས་བཞིའི༔ རིན་ཆེན་རྒྱན་མཆོག་པྲོག་ཞུའི་དབང་༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ ཡོན་ཏན་ཀུན་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་སྣོད་དུ་བྷ་ལིངྟ༔ ཡི་དམ་ལྷ་དང་གཉིས་སུ་མེད༔ ཡོངས་རྫོགས་འཕྲིན་ལས་ཐོགས་མེད་དབང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཕགས་པ་མ་རིག་མུན་སེལ་གྱི༔ འཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཚོགས་འོད་ཞུ་སློབ་མར་བསྟིམ༔ འཕགས་པའི་སྐུ་རུ་གྱུར་པར་བསམས༔ གཏོར་མ་དངོས་གྲུབ་ཚུལ་གྱིས་རོལ༔ ཞེས་གསུངས་པ་ལྟར་བྱ་ཞིང་། ལས་བྱང་ལྟར་ཤིས་པ་བརྗོད་ཅིང་མེ་ཏོག་སིལ་མ་ཆར་དུ་སྙིལ་བར་བྱའོ། །དེ་ལྟར་འཕགས་པ་མ་རིག་མུན་སེལ་གྱི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས༔ གཙོ་བོས་ཇི་སོགས། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་དབང་བསྐུར་ཐོབ་པའི་ཕན་ཡོན་ཀྱང་། གཞུང་ལས། བཀའ་དྲིན་ཁུར་ཞིང་དབང་ཡོན་འབུལ༔ དམ་ཚིག་བསྲུང་ཞིང་བསྙེན་སྒྲུབ་བརྩམ༔ འཕགས་པའི་དྲོད་ཐོབ་རྣལ་འབྱོར་པས༔ སྣོད་དང་ལྡན་པའི་སློབ་བུ་ལ༔ མཐར་ཐུག་དབང་གི་སྙིང་པོ་འདི༔ ལན་གཅིག་འབྲེལ་བའི་སྐལ་ལྡན་རྣམས༔ མི་དགེ་བཅུ་ཡི་ལས་སྒྲིབ་འདག༔ མཚམས་མེད་ལྔ་ཡི་ཉེས་པ་བྱང་༔ དམ་ཚིག་ཉམས་ཆག་རྟོག་སྒྲིབ་སྐོང་༔ མཐར་ཐུགས་འཕགས་པའི་ཞིང་དུ་གྲོལ༔ ཞེས་སོགས་གསུངས་པ་ལྟར་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས་པས་དགའ་བ་བསྒོམ་ཞིང་། དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། ༈ བསོད་ནམས་འདི་ཡིས་སོགས་དང་། རིན་ཆེན་དགེ་ཚོགས་སོགས། དགེ་བ་བསྔོ། ཚོགས་འཁོར་ཡོད་ན་བྲིམ། སློབ་མ་རང་གནས་བཏང་། ཆོག་གཞུང་སྐྱོང་ཞིང་རྗེས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་པར་བྱའོ། །བརྩེ་ཆེན་སྲས་བཅས་རྒྱལ་ཀུན་གྱི། །སྙིང་རྗེའི་རང་གཟུགས་འཕགས་པའི་སྐུ། །ཡོངས་བཞེངས་དཀྱིལ་འཁོར་འཁོར་ལོ་རུ། །སྨིན་བྱེད་ཡང་སྙིང་འཇུག་བདེ་བ། །འདི་ཡང་མཚུངས་བྲལ་འཁོར་ལོའི་མགོན། །གང་གི་གསུང་རྒྱུན་ཕྱག་བཞེས་བཞིན། །འཁྲུལ་མེད་ཁྲིགས་སུ་བསྡེབས་པའི་དགེས། །འགྲོ་ཀུན་འཕགས་པའི་སྐུ་ཐོབ་ཤོག །ཅེས་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱི་བཞེད་སྐོང་དུ་འཁོར་ལོའི་མགོན་པོ་དཔལ་བླ་མ་དམ་པའི་ཕྱག་བཞེས་ལྟར་ཡེ་ཤེས་དབབ་པའི་དམིགས་རིམ་ཅུང་ཟད་ཕྲན་བུ་གསར་བརྩམས་ལས་གཞན་མཚམས་སྦྱོར་རྣམས་ཀྱང་བླ་མ་མཆོག་གི་སྩལ་བ་ཁོ་ན་ལས་རང་བཟོ་མེད་པར་འཇུག་བདེར་ཀླགས་ཆོག་ཏུ་བསྡེབས་པ་འདི་ཡང་སྙིགས་མཐའི་དཱ་རི་དྲ་པ་ངག་དབང་བློ་གྲོས་ཀྱིས་སུག་བྲིས་སུ་བགྱིས་པ་འདི་རང་དང་སྐལ་མཉམ་འགའ་ལ་ཕན་པའི་རྒྱུར་གྱུར་ཅིག། བཀྲ་ཤིས། དགེའོ། །དགེའོ། །དགེའོ།། །།

ཐུགས་རྗེ་ཆེན་པོའི་རྒྱུན་འཁྱེར་ཉུང་ངུ།

ཐུགས་རྗེ་ཆེན་པོའི་རྒྱུན་འཁྱེར་ཉུང་ངུ་བཞུགས། རྩ་གསུམ་ཐུགས་རྗེ་ཆེན་པོའི་ལྷ། །སྐྱབས་གནས་རྣམས་ལ་བདག་སྐྱབས་མཆི། །འགྲོ་ཀུན་མངོན་མཐོ་ངེས་ལེགས་སར། །འགོད་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །ཆོས་ཀུན་སྣང་བ་སྟོང་ཉིད་དང་། །སྙིང་རྗེའི་ངང་ལས་རྒྱུ་ཡིག་ཧྲཱིཿ དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་གནས་འགྱུར་སྐད་ཅིག་གི །རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ། །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །དང་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །གཡས་གཡོན་འོག་མ་པད་འཕྲེང་དང་། །ཚེ་བུམ་བསྣམ་ཤིང་སྐྱིལ་ཀྲུང་བཞུགས། །གསང་ཡེ་གྲི་གུག་བུམ་པ་འཛིན། །མཚན་དཔེ་རྒྱན་རྫོགས་འོད་ལྔའི་ཀློང་། །སྣང་སྟོང་དབྱེར་མེད་ངང་དུ་གསལ། །སྣོད་རྣམས་གཞལ་ཡས་བཅུད་རྣམས་ཀུན། །རིགས་འདུས་ཐུགས་རྗེ་ཆེན་པོའི་ལྷ། །སྒྲ་གྲག་འགག་མེད་རྡོ་རྗེའི་སྒྲ། དྲན་རྟོགས་རང་གྲོལ་འཕགས་པའི་ཐུགས། །འཁྱེར་སོ་གསུམ་དང་ལྡན་པའི་ངང་། ཡི་གེ་བཅུ་བའི་འཛབ་བཟླས་པས། །རིགས་དྲུག་མ་དག་བག་ཆགས་དང་། །སྡིག་སྒྲིབ་སྤོངས་ནས་སངས་རྒྱས་གྱུར། ཨཱོཾ་ཨཱཿཧཱུྃ་ཧྲཱིཿ ཨཱོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་ཞིང་མཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་བྱའོ། །ཐུགས་རྗེ་ཆེན་པོའི་རྒྱུན་འཁྱེར་འདི་གད་ཐོག་དཔོན་མོ་གུ་རུ་མཚོས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱན་མཚན་གྱིས་སོ།། །།

གནས་ལུང་གི་ཆོ་ག་བདེ་ཆེན་ཞིང་དུ་འདྲེན་པའི་ཤིང་རྟ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒོ་ནས་ཚེ་འདས་རྗེས་སུ་འཛིན་པ་གནས་ལུང་གི་ཆོ་ག་བདེ་ཆེན་ཞིང་དུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས། ཚད་མེད་ཐུགས་རྗེ་བརྩེ་བ་ཆེན་པོ་ཡིས། །འཁོར་བ་མ་རིག་འཁྲུལ་པས་འཐིབས་པའི་མུན། །སེལ་བྱེད་འཕགས་མཆོག་ཡེ་ཤེས་སྣང་བའི་མཛོད། །དབྱེར་མེད་བླ་མས་འགྲོ་བ་ཀུན་སྐྱོབས་ཤིག །དལ་འབྱོར་སྐད་ཅིག་གློག་དང་འཇའ་རིས་བཞིན། །མི་རྟག་ལྔ་བའི་མཁའ་ལ་དེང་པའི་འགྲོ། །སྲིད་པ་བར་དོར་ཉམ་ང་བག་གྲང་ཞིང་། །འགྲོ་བའི་ལམ་བཞི་ཡ་ངའི་གཡང་ས་གསུམ། །འཇིགས་པའི་སྒྲ་བཞི་ངེས་དང་མ་ངེས་རྟགས། །ལྔ་དང་དྲུག་སོགས་སྡུག་བསྔལ་ཁོ་ནའི་ངང་། །ཡིད་ལུས་ཅན་ལ་ལས་ཀྱི་བདའ་འདེད་དང་། །སྔངས་སྐྲག་སྐྱི་བུང་བཀྲེས་སྐོམ་བཟོད་དཀའ་བའི། །གནས་ངན་དེ་དང་རིགས་དྲུག་སྲིད་པ་ལས། །དྲང་ཏེ་དག་པའི་གནས་སུ་དབུགས་འབྱིན་ལུང་། །རྡུལ་བྲལ་བདེ་ཆེན་ཞིང་དུ་ཡང་དག་པར། །འདྲེན་པའི་ཤིང་རྟ་བཟང་པོ་འདི་ན་མཆིས། །དེའང་ཚེ་འདས་རྗེས་སུ་འཛིན་པ་གནས་ལུང་གི་ཆོག་ལག་ལེན་འདོད་པས་སྔོན་འགྲོ་དང་དངོས་གཞི་རྗེས་སོ། །དང་པོ་ནི། འཕགས་པ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་ཚོམ་བུ་སོགས་གང་ལ་བརྟེན་པ་དེའི་དབུས་སུ་མཉྫིའི་སྟེང་དུ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ། །དེའི་གཡས་སུ་བདུད་རྩི། གཡོན་དུ་རྡོ་རྗེ་མདུན་དུ་ཐུགས་རྗེ་ཆེན་པོའི་མཆོད་གཏོར་འཁོར་ཅན། གཡས་གཡོན་དུ་བཀའ་གཏེར་སྲུང་མའི་གཏོར་མ་དེ་དག་གི་གང་འོས་སུ་ཐུབ་པ་དྲུག་གི་ཙཀ་ལི་ཕྱི་རོལ་དུ་མཆོད་པ་རྣམ་ལྔ་སོགས་བཤམས། རྩ་བའི་དཀྱིལ་འཁོར་དེའི་ཤར་སྒོར་དབང་སྟེགས་པདྨ་དཀར་པོ་འདབ་བརྒྱད་དང་། ལྷོ་ཕྱོགས་སུ་འབྱོར་ན་སྟེགས་བུ་ནར་མོ་བྱས་པ་ལ། རྡུལ་ཚོན་གྱི་པད་འདབ་དྲུག་ལྡན་མུ་ཁྱུད་ཅན་དྲུག་བྲིས་པའི་ལྟེ་བ་རྣམས་སུ། དམྱལ་བ་ལ་གྲུ་གསུམ་ནག་པོ་འམ་མཐིང་ཀ་ལ་དུ་བྲིས་པ། །ཡི་དྭགས་ཟླ་གམ་དམར་པོ་པྲེ། བྱོལ་སོང་ཟླུམ་པོ་སྨུག་ནག་གམ་མཐིང་ག་ལ་ཏྲི། ལྷ་མིན་གྲུ་སོགས་ལྗང་ཁུ་སུ། ལྷ་པདྨ་འདབ་བརྒྱད་དཀར་པོ་ཨ། །མི་རི་རབ་གླིང་བཞི་དབུས་སུ་ནྲི་བྲིས་པ། །གོང་རས་མུ་ཁྱུད་རྣམས་མཛེས་ཚོན་བྱ། རྡུལ་ཚོན་དང་སྟེགས་བུ་མ་འབྱོར་ན་ཅོག་ཙེ་ལ་སོགས་པའི་སྟེང་དུ་ཙཀ་ལི་བཀྲམ། དེ་དག་གི་ཕྱོགས་སམ་གང་བདེར་ཐུབ་པ་དྲུག་ལ་ལྷ་བཤོས་དྲུག ལན་ཆགས་འཇལ་བའི་གླུད་གཏོར་དྲུག རིགས་དྲུག་གི་དཀྱིལ་འཁོར་གྱི་མདུན་དུ་དར་གོས་རས་སམ་ཤོག་བུ་ལ་གཤིན་པོའི་གཟུགས་བརྙན་ཕོ་མོ་གང་ཡིན་པ་སྐྱེ་མཆེད་དོད་པ་ལག་གཉིས་ཐལ་སྦྱར་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པ། པུས་མོ་བཙུགས་པ། པདྨ་ལ་གནས་པ། སྙིང་གར་ནྲི། ཡན་ལག་བཞི་ལ་ཛཿཧཱུཾ་བཾ་ཧོཿ སྒལ་ཚིགས་ཀྱི་རྒྱུད་ལ་ཨ་ནྲི་སུ་ཏྲི་པྲེ་དུ༔ སྙིང་གའི་ཐད་ལ་ནྲི་བཛྲ་ཨངྐུ་ཤ་ཡ་ཛ༔ སྤྱི་བོར་ཡི་གེ་བཅུ་མ་དང་། རིགས་ལྔའི་ས་བོན། བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་བདེན་པའི་ནུས་མཐུས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེའི་རྣམ་པར་ཤེས་པ་གང་དུ་མཆིས་ཀྱང་མིང་བྱང་གཟུགས་བརྙན་འདི་ལ་རྟེན་ཆོས་ཤིག་ཛཿཛ༔ འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་འདི་རྣམས་ཀྱི་སྡིག་པ་སྦྱོང་བ་དང་དབང་བསྐུར་བ་དང་ལམ་སྟོན་ནས་དག་པའི་ཞིང་དུ་འདྲེན་པར་མཛད་དུ་གསོལ། ཞེས་བྱ་བ་བྲི། འཕན་གདུགས་བླ་བྲེ་འདོད་ཡོན་ལྔ་ལ་སོགས་པའི་ལོངས་སྤྱོད་རྣམས་བྲི། དེ་སྨྱུག་མ་ཚིགས་དྲུག་སྔར་ལོངས་མ་སྤྱོད་པའམ་ཕོ་ལ་མདའ་དང་། མོ་ལ་འཕང་གང་རུང་ལ་མེ་ལོང་དང་བཅས་གདགས། གཤིན་པོའི་དྲི་གོས་ཀྱིས་བཀོན་རུས་བུ་སོགས་དམིགས་རྟེན་འཇོག་འདོད་ན་དེར་བཞག་ལ་ཁྲུས་ཀྱི་སྐབས་སུ་འཁྲུ་ཞིང་བྱང་བུ་དང་ལྷན་དུ་མེར་བསྲེག་ལ་ཚ་ཚ་འདེབ་བོ། དེ་སྟན་ལ་སོགས་པའི་སྟེང་དུ་འགོད། མཐའ་སྐོར་དུ་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པ་བཀྲམ། གཤེད་དང་འཕྲལ་ཕྱིར་གུལ་ཡུངས་བགེགས་གཏོར། སྒྲིབ་སྦྱོང་གི་སྔགས་ཀྱིས་ནུས་ལྡན་དུ་བྱས་པའི་བྱེ་ཡུངས། ཁྲུས་གཞོང་མེ་ལོང་རས་དཀར། སློབ་དཔོན་གྱི་མདུན་དུ་ལས་ཀྱི་བུམ་པ། རྡོ་རྗེ་དྲིལ་བུ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱ། གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ནི། ལས་བྱང་གི་གཞུང་བསྲང་ཞིང་བུམ་ལྷར་འོད་ཟེར་གྱི་སྤྲོ་བསྡུའི་དམིགས་པ་དང་འཛབ་དགོངས་ཀྱི་དོན་དང་ལྡན་པས་གཟུངས་ཐག་བཟུང་སྟེ་བསྙེན་སྒྲུབ་ནན་ཏན་བྱ་ཞིང་། ལས་བུམ་དུ་རྡོ་རྗེ་སེམས་དཔའ་བསྐྱེད་བཟླས་དང་བུམ་པ་སོ་སོར་ལྷ་འོད་དུ་ཞུ་བ་སོགས་བྱ། བཀའ་གཏེར་བསྲུང་མའི་འཕྲིན་ལས་ཚོགས་ཕུད་བསྐང་བཤགས་བསྒྲལ་བསྟབ་རྣམས་གྲུབ་ནས་མིང་བྱང་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ནྲི་ལས་ཚེ་འདས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་འཁོར་དང་བཅས་པའི་བཀའི་བདེན་པ་དང་། བདེན་པ་ཆེན་པོའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་འདས་མ་འདི་རྣམས། སྲིད་པ་གསུམ་ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་མདུན་གྱི་མིང་བྱང་འདིར་གཉིས་སུ་མེད་པར་མཆིས་པར་གྱུར། ཛཿཧཱུྃ་བཾ་ཧོ༔ ལན་གསུམ་བརྗོད་ཅིང་བསྟིམ། ཧཱུྃ༔ བདག་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཚེ་ལས་འདས་པའི་རྣམ་ཤེས་ལ་ཕོག་པས༔ ཐུགས་རྗེའི་ལྕགས་ཀྱུས་བཀུག་སྟེ་གཟུགས་ལ་བསྟིམ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཆེ་གེ་ཨངྒུ་ཤ་ཡ་ཛཿཛ༔ ཧཱུྃ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཉོན། རིགས་དྲུག་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ མྱུར་དུ་བསྒྲལ་ཕྱིར་གཟུགས་རྟེན་བྱང་བུ་དང་༔ མིང་ཡིག་མེ་ལོང་ངག་དང་ཡིད་ཀྱི་རྟེན༔ སྒོ་གསུམ་རྟེན་གསུམ་འདི་ལ་གནས་ཆོས་ཤིག༔ ཚེ་ལས་འདས་པ་ཛཿཧཱུཾ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་གཤེད་དང་འཕྲལ་བ་ནི། རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ ལན་གསུམ། རང་ཉིད་པདྨ་དབང་ཆེན་གྱི་སྐུར་གསལ་ཞིང་མིང་བྱང་ལ་བགེགས་གཏོར་བསྐོར་ཞིང་གུ་གུལ་གྱིས་བདུག་ཡུངས་ཐུན་གྱིས་བྲབ་ཅིང་། ཧཱུྃ༔ སྔོན་གྱི་ལན་ཆགས་འཕྲལ་གྱི་རྐྱེན་ལས་བྱུང་༔ ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་བགེགས༔ ལོག་པར་འདྲེན་པ་མ་རུངས་བདུད་ཀྱི་སྡེ༔ ཐར་པའི་བགེགས་བྱེད་ཐམས་ཅད་ཕྱིར་དེངས་ཤིག༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ ཨཱོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ༔༴ ཟ་འདྲེ་ཤི་གཤེད་སརྦ་ཨུ་ཙ་ཏ་ཡ་མཱ་ར་ཡ་ཕཊ༔ སོགས་དྲག་སྔགས་མང་དུ་བཟླ་ཞིང་བསྐྲད༔ དེ་ནས་ཚེ་འདས་ཀྱིས་ཞུས་པར་དམིགས་ནས་ཉེ་འབྲེལ་གྱིས་འདི་སྐད་ཞུའོ། ཧོཿ ཐུགས་རྗེ་ཆེན་པོ་འཕགས་པའི་སྐུ༔ བླ་མ་སློབ་དཔོན་འགྲོ་བའི་མགོན༔ སྐྱབས་མེད་བདག་ལ་སྐྱབ་ཏུ་གསོལ༔ རིགས་དྲུག་འཁོར་བའི་གྲོང་ཁྱེར་ལས༔ དེ་རིང་ཉིད་ནས་སྐྱབ་ཏུ་གསོལ༔ ལན་གསུམ་ཞུ། བླ་མས། ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ ཆོས་རྣམས་མི་རྟག་སྙིང་པོ་མེད༔ འཁོར་བའི་གྲོང་ཁྱེར་སྡུག་བསྔལ་ཡུལ༔ ཤ་ཁྲག་དྲ་བའི་ལུས་མང་བླངས༔ འཁོར་བའི་ཆོས་ལ་བློ་གཏད་འཁྲུལ༔ ཆགས་སྡང་ལས་འབྲས་སྡུག་བསྔལ་ཡུལ༔ སྐྱེ་ཤི་བར་དོའི་འཕྲང་ལ་འགྲིམ༔ འདུས་བྱས་གཟུགས་ཕུང་རོ་ལ་བསྐྱུར༔ རྣམ་སྨིན་ཕམ་ལྟུང་ནོར་དུ་བསྐོར༔ ལས་ངན་བག་ཆགས་རླུང་གིས་བདས༔ ཆ་མེད་ངན་སོང་གླིང་གསུམ་སྙོག༔ རྒྱུས་མེད་གཤིན་རྗེའི་གྲོགས་དང་འགྲོག༔ རང་བྱས་ལས་ཀྱི་འཁྲུལ་པར་ཤར༔ འཁྲུལ་པའི་སྣང་བ་མ་རིག་པ༔ བག་ཆགས་ཨ་འཐས་ཞེན་པས་བསྒྲིབས༔ དེ་ཕྱིར་མ་ཡེངས་མ་འཁྲུལ་བར༔ རྗེས་དྲན་རྟོགས་པའི་རྩལ་ཤུགས་ཀྱིས༔ མོས་གུས་ལྷ་དང་བླ་མར་གྱིས༔ གདུང་ཤུགས་གུས་པས་གསོལ་བ་ཐོབ༔ ཅེས་ལན་གསུམ་གསལ་བར་བརྗོད། བྱང་བུའི་ཆོས་བཤད་རྒྱས་པར་སྤྲོ་ན་འདིར་བྱ་ཞིང་དོན་འདིར་མ་འདུས་པ་མེད་པས་འདི་ཀ་རང་གིས་འཐུས་སོ། དེ་ནས་ལས་ཀྱི་རྡོ་རྗེའམ་སློབ་དཔོན་གྱིས་ལས་བུམ་ཆུས་མེ་ལོང་དུ་ཤར་བའི་གཟུགས་བརྙན་བཀྲུ་ཞིང་། ཧཱུྃ༔ འདི་ནི་མཁྱེན་བརྩེ་ཡེ་ཤེས་ཆུ༔ སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག༔ ཐུགས་རྗེ་ཡེ་ཤེས་བདུད་རྩིའི་ཆུས༔ ཁྱོད་ཀྱི་རྣམ་སྨིན་བག་ཆགས་སྡིག༔ ལུས་ཀྱི་སྡིག་སྒྲིབ་ཀུན་དག་ནས༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཤོག༔ ཨཱོཾཿཨཱ་ཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པས་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདི་ནི་བྱམས་དང་བརྩེ་བའི་ཆུ༔ ལོངས་སྤྱོད་རྫོགས་སྐུ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཡེ་ཤེས་བདུད་རྩིའི་ཆུས༔ ཁྱོད་ཀྱི་རྣམ་སྨིན་བག་ཆགས་སྡིག༔ ངག་གི་སྡིག་སྒྲིབ་ཀུན་དག་ནས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿ༔ ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདི་ནི་སྟོང་ཉིད་ཡེ་ཤེས་ཆུ༔ ཆོས་ཀྱི་སྐུ་སྟེ་ཆོས་ཀྱི་རྒྱལ༔ ཐུགས་རྗེ་ཡེ་ཤེས་བདུད་རྩིའི་ཆུས༔ ཁྱོད་ཀྱི་རྣམ་སྨིན་བག་ཆགས་སྡིག༔ སེམས་ཀྱི་སྡིག་སྒྲིབ་ཀུན་དག་ནས༔ ཆོས་ཀྱི་སྐུ་རུ་སངས་རྒྱས་ཤོག༔ བུདྡྷ་ཛྙཱ་ན་དྷརྟུ་ཨཱཿ ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་གསུམ་ཀུན་ཏུ་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ དེ་ནས་དུག་དབྱུང་བ་ནི། འབྱུང་བཞིའི་རྫས་སམ་བྱེ་ཡུངས་གཅིག་པུས་བྲབ་ཅིང་། ཧཱུྃ༔ མ་རིག་དུག་གསུམ་འཁོར་བའི་རྒྱུ༔ དུག་གི་ཕ་འདི་འབྱུང་བ་ས༔ དུག་གི་མ་འདི་འབྱུང་བ་ཆུ༔ དུག་གི་དུག་འདི་འབྱུང་བ་རླུང་༔ དུག་གི་རང་རྩལ་འབྱུང་བ་མེ༔ དུག་ལྔ་ལས་ཀྱི་སྡིག་སྒྲིབ་རྣམས༔ ས་ཆུ་མེ་རླུང་ནང་དུ་དེངས༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ཚེ་ལས་འདས་པས་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུག་གསུམ་ཀུན་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དུག་ལྔའི་ལས་བསགས་པའི་སྡིག་སྒྲིབ་ཉེས་ལྷུང་བག་ཆགས་དང་བཅས་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་དམྱལ་བའི་ས་བོན་གྱི་སྟེང་དུ་མིང་བྱང་བཞག་ལ། གླུད་གཏོར་བསྔོ་བ་ནི་ལས་བུམ་གྱི་ཆུས་བྲན། རིན་པོ་ཆེའི་སྣོད་ཀྱི་ནང་དུ་འདོད་ཡོན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ལན་གསུམ་གྱི་བྱིན་གྱིས་བརླབས་ནས་རྟེན་ལ་བསྐོར་ཞིང་། ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ ཞེ་སྡང་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱང་ཕྱིར་སྔོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཞེ་སྡང་གི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ཅེས་ལན་ཆགས་གཞལ་ལོ། དེ་ནས་དམྱལ་བའི་ཐུབ་པས་དབང་བསྐུར་ཏེ། ཧཱུྃ༔ ཚ་གྲང་དམྱལ་བའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཆོས་རྒྱལ་མེ་ཆུ་ནག༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཏྲཾ་སྭཱ་ཧཱ༔ ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ཧེ་དུ་ཧཱུྃ་ཕཊ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་དམྱལ་བའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་ཚ་གྲང་དམྱལ་བའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག མིང་བྱང་སློབ་དཔོན་གྱིས་བཟུང་སྟེ། ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཞེ་སྡང་དྲག་པོས་གསོད་གཅོད་བྱས་པའི་འབྲས༔ ཚ་གྲང་དམྱལ་བའི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ངན་སོང་གསུམ༔ ལས་ཀྱི་རྡོ་རྗེས་དམྱལ་བའི་གཞི་རྡུལ་ཚོན་འཕྱགས་པའམ་རས་བྲིས་ཡིན་ན་བསྡུའོ། དེ་ནས་ཡི་དྭགས་ཀྱི་ས་བོན་གྱི་སྟེང་དུ་མིང་བྱང་བཞག་ལ། གླུད་གཏོར་བྱིན་བརླབས་གོང་ལྟར་བྱས་ལ། ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ སེར་སྣའི་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ། བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་སེར་སྣའི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག དེ་ནས་ཡི་དྭགས་ཀྱི་ཐུབ་པས་དབང་བསྐུར་ཏེ། ཧཱུྃ༔ བཀྲེས་སྐོམ་ཡི་དྭགས་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཁ་འབར་སྒྲོམ་བུ་དམར༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཀྵ ཾ་སྭཱ་ཧཱ༔ ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་དུ་ཧཱུྃ་ཕཊ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ཡི་དྭགས་ཐུབ་པས་དབང་བསྐུར་བས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་བཀྲེས་སྐོམ་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག མིང་བྱང་བཏེག་ལ། ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ སེར་སྣའི་ལས་ཀྱི་འཇུར་གེགས་བྱས་པའི་འབྲས༔ བཀྲེས་སྐོམ་ཡི་དྭགས་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ངན་སོང་གསུམ༔ ཞེས་བརྗོད་ཡི་དྭགས་ཀྱི་གཞི་བསྡུའོ། དེ་ནས་དུད་འགྲོའི་ས་བོན་གྱི་སྟེང་དུ་མིང་བྱང་བཞག་ལ། གླུད་གཏོར་བྱིན་གྱིས་བརླབས། ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ གཏི་མུག་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་གཏི་མུག་གི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག དེ་ནས་དུད་འགྲོའི་སྟོན་པས་དབང་བསྐུར་ཏེ། ཧཱུྃ༔ གླེན་སྐུགས་དུད་འགྲོའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་སེང་གེ་རབ་བརྟན་མཐིང་༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཡེ་པྲེཾ་སྭཱ་ཧཱ༔ ཨཱོཾ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ཏེ་ཧེ་དུན་ཧཱུྃ་ཕཊ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་དུད་འགྲོའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་གླེན་ལྐུགས་དུད་འགྲོའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག མིང་བྱང་བཏེག་ལ། ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ གཏི་མུག་ལས་ཀྱིས་ཆགས་སྡང་སྤྱད་པའི་འབྲས༔ གླེན་ལྐུགས་དུད་འགྲོའི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ངན་སོང་གསུམ༔ ཞེས་དུད་འགྲོའི་གཞི་བསྡུ་འོ། དེ་ནས་ལྷ་མིན་གྱི་ས་བོན་སྟེང་དུ་མིང་བྱང་བཞག་ལ། གཏོར་མ་བྱིན་བརླབས། ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟཿ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ ཕྲག་དོག་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ཕྲག་དོག་གི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག དེ་ནས་ལྷ་མ་ཡིན་གྱིས་ཐུབ་པས་དབང་བསྐུར་ཏེ། ཧཱུྃ༔ ཕྲག་དོག་འཐབ་རྩོད་སྡུག་བསྔལ་སྦྱོང་བའི་ལྷཿ ཐུགས་རྗེ་ཆེན་པོ་ཐགས་བཟང་གོ་མཚོན་ལྗང་༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཡེ་ཏྲུཾ་སྭཱ་ཧཱ༔ ཨཱོཾ་བྷི་དན་ཁད་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ལྷ་མིན་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་འཐབ་རྩོད་ལྷ་མིན་གྱི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག །མིང་བྱང་བཏེག་ལ། ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཕྲག་དོག་ལས་ཀྱི་འཐབ་རྩོད་བྱས་པའི་འབྲས༔ ལྷ་མིན་འཐབ་རྩོད་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་ལྷ་མིན་ཡུལ༔ ཞེས་ལྷ་མིན་གྱི་གཞི་བསྡུའོ། དེ་ནས་ལྷའི་ས་བོན་གྱི་སྟེང་དུ་མིང་བྱང་བཞག་ལ། གཏོར་མ་བྱིན་བརླབས། ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ ང་རྒྱལ་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ། བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་ང་རྒྱལ་གྱི་དབང་གིས་དུས་གསུམ་ཀུན་ཏུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་དང་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དེ་ནས་ལྷའི་ཐུབ་པས་དབང་བསྐུར་དེ། ཧཱུྃ༔ འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་བརྒྱ་བྱིན་པི་ཝང་དཀར༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཏྲཾ་སྭཱ་ཧཱ༔ ཨཱོཾ་སརྦ་སུ་ཁ་སརྦ་ཀརྨ་ཚིནྡྷ་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་ལྷའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་ཕམ་ལྟུང་ལྷའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག མིང་བྱང་བཏེག་ལ། ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ང་རྒྱལ་ལས་ཀྱི་ཁེངས་སེམས་སྤྱད་པའི་འབྲས༔ འཕམ་ལྟུང་ལྷ་ཡི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔མ་ཞེན་སྤོངས་ཤིག་འདོད་ཁམས་ལྷ་ཡི་ཡུལ༔ ཞེས་ལྷའི་གཞི་བསྡུའོ། དེ་ནས་མིའི་ས་བོན་གྱི་སྟེང་དུ་མིང་བྱང་བཞག་ལ། གཏོར་མ་བྱིན་བརླབས། ཧཱུྃ༔ འདོད་ཡོན་ལྔ་ལྡན་བྷ་ལིངྟ༔ མཁོ་དགུའི་དཔལ་དང་ལྡན་པ་འདི༔ ཚེ་འདས་ལུས་བརྗེས་འདི་ཉིད་ཀྱི༔ འདོད་ཆགས་ལས་ཀྱི་ལན་ཆགས་བསགས༔ ཤ་འཁོན་བུ་ལོན་སྦྱོང་ཕྱིར་བསྔོ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ། བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་ཆེན་པོ་ལྔའི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའི་གཏོར་མ་འདི་བསྔོས་པའི་མཐུས། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེས་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་ལུས་འདི་ཡན་ཆད་དུ་འདོད་ཆགས་ཀྱི་དབང་གིས་དུས་གསུམ་ཀུན་དུ་བསགས་པའི་རྐུ་འཕྲོག་བཅོམ་གསུམ་དཀོར་འབགས་ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ དེ་ནས་མིའི་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱོང་བའི་ལྷ༔ ཤཱཀྱ་སེང་གེ་གསེར་གཤང་ལྷུང་བཟེད་སེར༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་ཡི་སྐྱེ་སྒོ་ཆོད་པའི་དབང་ཐོབ་ཤོག༔ ཨཱོཾ་མུ་ནེ་ཡེ་ཧཱུྃ་ཏྲུཾ་སྭཱ་ཧཱ༔ ཨཱོཾ་ནྲི་བྷི་ཤ་མུ་ཥ་ཚིནྡྷ་ཚིིནྡྷ་ཧཱུྃ་ཕཊ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་མིའི་ཐུབ་པས་དབང་བསྐུར་བས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཆེ་གེ་བྲེལ་འཕོང་མིའི་སྐྱེ་སྒོ་ཆོད་པའི་དབང་ཐོབ་པར་གྱུར་ཅིག མིང་བྱང་བཏེག་ལ། ཧོཿ ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ འདོད་ཆགས་ལས་ཀྱི་ཉོན་མོངས་སྤྱོད་པའི་འབྲས༔ འཁོར་བ་མི་ཡི་འཇིག་རྟེན་ཡ་རེ་ང་༔ མ་ཆགས་དེངས་ཤིག་ཐར་པའི་ཞིང་ཁམས་སྙོགས༔ མ་ཞེན་སྤོངས་ཤིག་འཁོར་བ་མི་ཡི་གླིང་ཿ ཞེས་མིའི་ས་བོན་སོགས་བསྡུའོ། དེ་ནས་ཚེ་འདས་ཀྱི་ཉེ་འབྲེལ་ཞིག་གིས་མཚན་བྱང་བཟུང་སྟེ་ཕྱག་འཚལ་བ་ནི། བླ་མ་བརྒྱུད་པའི་རིམ་པ་རྣམས་ཚང་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ནས་བརྗོད་པ་བདུད་རྩི་མཆོད་པ་ལྟར་ཁ་བསྒྱུར་ལ་ཕྱག་ལན་གསུམ་འཚལ་དུ་འཇུག་ཅིང་ཉེ་བས་རྗེས་ཟློས་སམ་ཚེ་འདས་ཀྱི་ཟེར་བར་བསམ་ལ། ན་མོཿ བླ་མ་དཀོན་མཆོག་འཕགས་པའི་ལྷ༔ སངས་རྒྱས་བྱང་སེམས་ཐམས་ཅད་དང་༔ སྐྱབས་གནས་དཀྱིལ་འཁོར་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་ངག་ཡིད་གསུམ་སྐྱབས་སུ་མཆི༔ ཚེ་རབས་སྡིག་སྒྲིབ་མཐོལ་ལོ་བཤགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ དགེ་བ་ཀུན་ལ་ཡི་རང་ངོ་༔ མྱ་ངན་མི་འདར་གསོལ་བ་འདེབས༔ བསོད་ནམས་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ་བརྗོད་ཅིང་མི་བྱང་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པད་དཀར་འདབ་བརྒྱད་ཀྱི་སྟེང་དུ་བཞག་ནས་གོང་ལྟར་རྗེས་ཟློས་སམ་དམིགས་པ་གང་རུང་གིས། ཧཱུྃ༔ བླ་མེད་གསང་བ་མཆོག་གི་ཞིང་༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་འདིར༔ བདག་ནི་སྨིན་ཅིང་གྲོལ་བར་གསོལ༔ རྡོ་རྗེ་སློབ་དཔོན་བདག་སྐྱབས་འཚལ༔ ལན་གསུམ། སློབ་དཔོན་གྱིས། ཧཱུྃ༔ ཕོ་བྲང་ཆེན་པོའི་སྒོ་སྐྱོང་བ༔ ཐུགས་རྗེས་འགྲོ་བའི་དོན་བྱེད་ཕྱིར༔ ཚེ་འདས་ཡི་དམ་ལྷ་དང་སྤྲོད༔ ཅེས་བརྗོད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཚེ་འདས་ཀྱིས་མཇལ་བར་བསམ་ཞིང་། རྗེས་ཟློས་དམིགས་པ་གང་རུང་གིས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོར་ཐར་པ་བྱང་ཆུབ་སེམས༔ སྡོམ་པ་མཆོག་ལ་གནས་པར་བགྱིད༔ དཀོན་མཆོག་རིན་ཆེན་རྣམ་གསུམ་དང་༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡི༔ དམ་ཚིག་རྣམས་ཀྱང་ཡང་དག་བསྲུང་༔ ཞེས་ལན་གསུམ་བརྗོད། དེ་ནས་དཀྱིལ་འཁོར་ལ་མེ་ཏོག་དོར་ཏེ། ཧཱུྃ༔ བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ དཀྱིལ་འཁོར་ལྷག་པའི་ལྷ་ལ་འབུལ༔ ཡི་དམ་ལྷ་ལ་འབབས་པར་ཤོག༔ པྲ་ཏི་པཱུ་ཙ་ཧོ༔ དཀྱིལ་འཁོར་རམ་མེ་ཏོག་གི་ར་བར་དོར་ནས་ཕྱོགས་བཞིར་བབས་ན་བཛྲ་མྱུ་གུ་རྩལ་དང་དེ་བཞིན་རཏྣ་པདྨ་ཀརྨར་སྦྱར། མཚམས་བཞིར་ཐུགས་རྗེ་རིགས་མཆོག་འཛིན། དབུས་སུ་བབས་ན་འཕགས་པ་དེ་བཞིན་གཤེགས། ཞེས་གསང་མཚན་གདགས། དེ་ནས་གསེར་ཐུར་ཐོགས་ཏེ་མིག་དབྱེ་བ་ནི། ཧཱུྃ༔ མ་རིག་ལིང་ཏོག་ཉོན་མོངས་མིག༔ ཐུགས་རྗེ་དམ་པའི་གསེར་ཐུར་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ བྷནྡྷཱ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ དེ་ནས་ལྷ་ཞལ་སྟོན་ཏེ། ཧོཿཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ མདུན་གྱི་ད་ལ་གཞལ་ཡས་ཁང་༔ སྲིད་གསུམ་དག་པ་ཆོས་ཀྱི་དབྱིངས༔ ཐུགས་རྗེ་ཆེན་པོའི་ཕོ་བྲང་སྟེ༔ མངོན་སུམ་ཚུལ་དུ་ལྷམ་མེར་ཡོད༔ ནང་ན་འཕགས་པ་དེ་བཞིན་གཤེགས༔ དབང་རྫས་རྟེན་དང་གཉིས་སུ་མེད༔ གསང་བ་རྣམ་དག་མཁའ་ཀློང་དབྱིངས༔ བདེ་ཆེན་སྐུ་གསུམ་རང་ལ་རྫོགས༔ མ་ཡེངས་འཕགས་པའི་ལྷ་ཞལ་ལྟོས༔ མ་འཁྲུལ་རང་སེམས་གནས་ལུགས་སྐྱོངས༔ མི་དམིགས་བློ་འདས་བསམ་བརྗོད་བྲལ༔ ཡང་ལྟོས་ཡང་ལྟོས་མ་ཡེངས་ལྟོས༔ ལྟ་མཁན་རྟོགས་པ་ཆོས་ཀྱི་སྐུ༔ ཐུགས་རྗེ་ཆེན་པོ་ལོགས་ན་མེད༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ཨ་ཨ༔ ཞེས་དར་ཅིག་མཉམ་པར་བཞག་ཅིང་ཚེ་འདས་ཀྱི་སེམས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེ་བར་བྱའོ༔ འདི་ནི་ཡེ་ཤེས་པ་བསྟིམ་པ་དང་ལྷ་ངོ་སྤྲད་པ་ཟུང་འཇུག་གི་གདམས་པ་ངོ་བོ་ཉིད་ཀྱིས་ལམ་ལ་སྦྱོར་བ་ཞེས་བྱ་བས་གལ་ཆེའོ༔ དེ་ནས་རྣམ་རྒྱལ་བུམ་པས་དབང་བསྐུར་ཏེ༔ ཧཱུྃ༔ བུམ་པ་སྐུ་ལྔ་ཡོངས་རྫོགས་བདག༔ རྒྱལ་བ་རྒྱ་མཚོའི་སྐུ་ཡི་དབང་༔ ཚེ་འདས་ལུས་ལ་དབང་བསྐུར་བས༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་བླུགས། བདུད་རྩི་ཐོགས་ཤིང་། ཧཱུྃ༔ རང་བྱུང་བདུད་རྩི་ཨ་མྲྀ་ཏ༔ རྒྱལ་བ་རྒྱ་མཚོའི་གསུང་གི་དབང་༔ ཚེ་འདས་ངག་ལ་དབང་བསྐུར་བས༔ ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃཿ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བསྐུར་ཞིང་བདུད་རྩིའི་ཐིགས་པ་གཏོར། རྡོ་རྗེ་ཐོགས་ཏེཿ ཧཱུྃ༔ རང་བྱུང་རྡོ་རྗེ་རྡོ་རྗེ་ཆེ༔ རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་དབང་༔ ཚེ་འདས་སེམས་ལ་དབང་བསྐུར་བས༔ ཆོས་ཀྱི་སྐུ་རུ་སྨིན་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཟས་གཏད་ནི། ཚེ་ལས་འདས་པ་འཕགས་པ་མ་རིག་མུན་སེལ་ཡབ་ཡུམ་གྱི་སྐུར་གྱུར་པར་བསམས་ལ། ཚོགས་ཀྱི་ཡོ་བྱད་རྣམས་དང་བཟའ་བཏུང་སྣ་ཚོགས་བཤམས་པ་ལ་ལས་བུམ་གྱི་ཆུ་དང་བདུད་རྩིས་བྲན་ཏེ། རཾ་ཡཾ་ཁཾ་གསུམ་གྱིས་སྦྱང་། རིན་པོ་ཆེའི་སྣོད་ཀྱི་ནང་དུ་ཚོགས་རྫས་བཟའ་བཏུང་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར་པར་བསམས་ལ། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུཏྤནྣ་ཏོཏྟ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ གསུམ་གྱིས་བྱིན་གྱིས་བརླབས་པའི་བཟའ་བཏུང་རྣམས་ཉེ་འབྲེལ་ལ་སོགས་པས་གཏད་ལ། ཧཱུྃ༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་གྱིས༔ བྱིན་གྱིས་བརླབས་པའི་ཟས་མཆོག་འདི༔ ཁ་ཟས་རོ་མཆོག་བརྒྱ་དང་ལྡན༔ ཡན་ལག་བརྒྱད་ལྡན་བདུད་རྩིས་སྦྲན༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དབང་པོའི་མཁོ་དགུར་འདོད་ཡོན་ལྔའི༔ མི་ཟད་ཆར་ཆེན་འདི་བབས་ཏེ༔ ཤེས་རྒྱུད་ཚིམ་ནས་བདེ་སྟོང་རྒྱས༔ ཟག་མེད་རྡོ་རྗེའི་བཅུད་མྱོང་ཤོག༔ རྒྱས་པར་སྤྲོ་ན། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །བསྟོད་ཚིག་བརྗོད་པའི་སྒྲ་སྙན་ཡིད་འོང་ལྡན། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་བཟའ་བཅའ་བཏུང་བའི་རིགས། །རོ་མཆ ོག་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །དམིགས་ཡུལ་ཚེ་འདས་ཁྱོད་ལ་འདི་བསྔོས་པས། །ཚེ་འདས་བླ་མེད་བྱང་ཆུབ་འཐོབ་པར་ཤོག །བསྡུ་ན། ཧཱུྃ༔ གཟུགས་མཆོག་རྣམས་དང་སྒྲ་ཡི་མཆོག་རྣམས་དང་། །དྲི་མཆོག་རྣམས་དང་རོ་ཡི་མཆོག་རྣམས་དང་། །རེག་བྱ་མཆོག་གི་མཆོད་པ་འདི་བསྔོས་པས། །ཚེ་འདས་འདོད་ཡོན་ལྔ་ལ་སྤྱོད་པར་ཤོག །འཇིག་རྟེན་ཕ་རོལ་སོང་བའི་ཚེ་འདས་ལ། །ལས་དང་སྨོན་ལམ་དབང་གིས་འབྲེལ་བ་ཡི། །ཉེ་དུ་འབྲེལ་བ་ཤུལ་དུ་མཆིས་པ་ཡིས། །ནམ་གཞག་གཏན་གྱི་ཟས་སྐོམ་འདི་བསྔོས་པས། །ཚེ་འདས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲི་ཧ་ན་ཨི་དཾ་བ་ལིང་ཏེ་སྭཱ་ཧཱ༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་ཚོགས་ཀྱི་འཁོར་ལོ་བཟའ་བཏུང་གི་ལོངས་སྤྱོད་རོ་བརྒྱ་ལྡན་པ་འདི་འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་ལ་བསྔོས་པས་མིག་གི་ཡུལ་དུ་གཟུགས་མཛེས་པ། །རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། ཡིད་ཀྱི་ཡུལ་དུ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པའི་བདུད་རྩིའི་ཆར་ཆེན་པོ་བབས་པས་ཤེས་རྒྱུད་ཡོངས་སུ་ཚིམ་ཞིང་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་ཤིང་བླ་མའི་གདམས་ངག་དང་ཡི་དམ་གྱི་གསང་མཚན་དྲན་ནས་བར་དོའི་ཡིད་ལུས་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱས་པར་གྱུར་ཅིག དེ་ནས་ཕུང་པོ་ཡོན་དུ་འབུལ་ཏེ། ཧཱུྃ༔ ཕུང་པོ་ལྔ་དང་སྒོ་གསུམ་འདི༔ རིགས་ལྔ་སྐུ་གསུམ་ལྷ་ཚོགས་ལ༔ ཡོན་དུ་འབུལ་ལོ་ལམ་སྟོན་འཚལ༔ ཐར་པའི་ལམ་སྣ་འདྲེན་དུ་གསོལ༔ སྐུ་དང་ཡེ་ཤེས་མངོན་གྱུར་སྩོལ༔ དེ་ནས་ལམ་བསྟན་པ་ནི། སྒྲོན་མེ་བསྟན་ལ། ཧཱུྃ༔ ཐུགས་རྗེ་ཡེ་ཤེས་སྒྲོན་མེ་འདི༔ མ་རིག་མུན་སེལ་འོད་པོ་ཆེ༔ འཁྲུལ་བའི་སྣང་བ་རབ་བསལ་ནས༔ སྐུ་དང་ཞིང་ཁམས་མཐོང་བར་ཤོག༔ དེ་ནས་མིང་བྱང་སློབ་དཔོན་གྱི་ལག་ཏུ་ཐོགས་ཏེ༔ ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན༔ འགྲོ་དྲུག་འཁོར་བ་སྡུག་བསྔལ་ཡུལ༔ ལས་འབྲས་བསམ་འདས་བརྗོད་མི་ལང་༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས༔ བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ༔ རྒྱལ་བ་རྒྱ་མཚོའི་འཁོར་གྱིས་བསྐོར༔ སྨིན་གྲོལ་གཉིས་ཀྱིས་བརྟུལ་ཞུགས་ཀྱིས༔ གོམ་པའི་རྩལ་ལས་འཕོ་བར་བྱ༔ རང་སེམས་ཡི་གེ་ཧྲཱིཿདམར་པོ༔ ནམ་མཁའི་སྐར་མདའ་ཆད་པ་ལྟར༔ འོད་དཔག་མེད་ཀྱི་ཐུགས་ཀར་འཕོས༔ ཆོས་སྐུ་སྤྲོས་བྲལ་རོ་གཅིག་ཀློང་༔ དབྱེར་མེད་ཟང་ཐལ་ཨེ་མ་ཧོ༔ ཅེས་བརྗོད་སྟོང་ཉིད་བློ་འདས་ཀྱི་ངང་ལ་མཉམ་པར་བཞག་སྟེ༔ རང་སེམས་དང་ཚེ་འདས་ཀྱི་རྣམ་ཤེས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་གསུམ་དབྱེར་མེད་དུ་ཡུན་རིང་དུ་བསྲེས་ཏེ༔ མཐར་དམིགས་མེད་ཀྱི་རྒྱས་གདབ། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེའི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོའི་རྣམ་པར་རྒྱངས་ཀྱིས་སོང་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་དང་གཉིས་སུ་མེད་པར་འདྲེས་ནས་ཆོས་སྐུ་མངོན་དུ་གྱུར་པར་བསམས་ཤིང་༔ ཧྲཱིཿཧྲཱིཿཞེས་ལན་གསུམ་བརྗོད། ཁམས་གསུམ་ན་མི་གནས་པར་རྒྱངས་ཀྱིས་སོང་བར་བསམས་ལ༔ ཕཊ་གསུམ་ལ་སོགས་པ་བརྗོད་ནས་སྤར། དེ་ཡན་ཆད་ཀྱི་རིམ་པ་རྣམས་ཤི་ནས་ཞག་བདུན་པ་ནས་བཟུང་ཞེ་དགུའི་བར་བདུན་ཚིགས་རྣམས་སུ་འབད་པར་བྱས་ན་གཤིན་པོ་དེ་ཉིད་ངན་འགྲོར་སྐྱེ་བ་ལས་ལྡོག་སྟེ་བདེ་འགྲོ་འཐོབ་པར་འགྱུར་ཞིང་། དངོས་ཉམས་རྨི་ལམ་དུའང་ཐར་པ་ཐོབ་པ་ལ་སོགས་པའམ་ལྟས་བཟང་ངན་དག་གསལ་བར་འགྱུར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ནས་ནུབ་ཐ་མའི་ཚེ་བྱང་བུ་བསྲེག་པ་ནི། ཞི་བའི་སྦྱིན་སྲེག་གྲུབ་ན་རབ་མ་འགྲུབ་ན་ཕྱག་ལེན་དུ་དཀྱིལ་འཁོར་གྱི་ཤར་ལྷོ་འམ་གང་རུང་དུ་བུམ་གདན་བཀོད་པའི་སྟེང་དུ་རྣམ་བུམ་བཞག་མེ་ལོང་གིས་ཁ་བཅད། དེ་སྟེང་དུ་མར་མེ་བཞག་ལ། ༈ ཀོང་བུ་ཞི་བའི་ཐབ་ཁུང་དུ་སྡོང་བུ་བུད་ཤིང་༔ མར་ཁུ་མཆོད་རྫས༔ མེའི་ངོ་བོ་མེ་ལྷ་འཕགས་པའི་ལྷ་ཚོགས་དང་གཉིས་སུ་མེད་པའི་ཞལ་དུ་མིང་བྱང་སྲེག་རྫས་ཕུན་སུམ་ཚོགས་པའི་རྣམ་པར་ཕུལ་བས་ཚེ་འདས་ཀྱི་རྣམ་སྨིན་སྡིག་སྒྲིབ་ཀྱི་ཕུང་པོ་ཐམས་ཅད་རབ་ཏུ་བྱང་ནས༔ ཆོས་སྐུ་དེ་བཞིན་ཉིད་ཀྱི་ས་ལ་བྱང་ཆུབ་པར་བསམས་ཏེ་འདི་སྐད་དོ༔ ཧཱུྃ༔ ཞི་བ་དབྱིངས་ཀྱི་ཐབ་ཁུང་དུ༔ མེ་ལྷ་དྲང་སྲོང་འཁོར་དང་བཅས༔ འཕགས་མཆོག་རྒྱལ་བའི་ཚོམ་བུར་གསལ༔ མཆོད་རྫས་མར་ཁུའི་རྒྱ་མཚོར་འཁྱིལ༔ སྲེག་རྫས་ཚེ་འདས་མཚན་བྱང་འབུལ༔ ཡེ་ཤེས་ཐུགས་རྗེའི་མེ་སྦར་བས༔ རྣམ་སྨིན་ཟག་བཅས་ཛྭ་ལ་རཾ༔ སྟོང་ཉིད་ཆོས་སྐུའི་དངོས་གྲུབ་སྩོལ༔ ཅེས་བརྗོད་གཟུངས་སྔགས་ཕན་ཡོན་གང་ཆ ེས་བྱང་བུ་དང་རུས་པ་སོགས་བསྲེག་པར་བྱའོ། །དེ་ནས་ཚོགས་ལ་རོལ་བ་དང་། ལྷག་མ། བཀའ་གཏེར་སྲུང་། ཆད་ཐོ་བསྟན་མ། རྟ་བྲོ། རས་བྲིས་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་རྡུལ་ཚོན་ཡིན་ན་གཤེགས་གསོལ། བདག་བསྐྱེད་ཉེར་བསྡུ་རྒྱུན་སྤྱོད་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་རྒྱས་པར་བྱའོ།། ༈ བྱང་བུ་བསྲེགས་པའི་ཐལ་བ་དང་རུས་པ་ལ་སཱཙྪ་གདབ་པ་ནི། ཐལ་བ་དེ་རིན་པོ་ཆེའི་སྣོད་དུ་བཞག ཆོ་གའི་མཇུག་དེར་ཡིན་ན་ལས་བུམ་གྱི་ཆུ་དང་། གཞན་དུ་ན། མཉྫིའི་སྟེང་དུ་དྲི་བཟང་གི་ཆུ་དང་ལྡན་པའི་བུམ་པ། བ་བྱུང་ལྔའི་ཁུ་བ་ཡང་འབྱོར་ན་བཤམས། རུས་བུའམ་བྱང་ཐལ་གྱི་སྟེང་དུ་ཟླ་བའི་གདན་ལ་ཡི་གེ་ཨ་དཀར་པོ་འོད་ཟེར་འཕྲོ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། མ་ཎི་འབྲུ་བཅུ་དང་། ཡིག་བརྒྱ། ཨཱོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི། པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨཱོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ། བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ། བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་ངན་སོང་སྦྱོང་བའི་སྔགས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨཱོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱ། པ་རཾ་པ་ར་ཎི་མེ། སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། ཨཱོཾ་པདྨོཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ སོགས་གཟུངས་སྔགས་མང་དུ་བཟླས་པའི་བུམ་ཆུས་རུས་ཐལ་དག་པར་བཀྲུ་ཞིང་ཞིབ་ཏུ་བཏགས་ནས་བུམ་ཆུ་དང་བ་བྱུང་གི་ཆུས་སྤྱིན་པའི་ས་དང་ལྷན་ཅིག་ཏུ་བརྫིས་ལ་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ། རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། འཇིམ་པ་ལ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་མནན་པ་ཁ་ཡར་བསྟན། གཡས་པའང་དེ་བཞིན་བྱས་པ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ། ཨཱོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ནཱ་ཡ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏ་ཡ་ཨར་ཧ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨཱོཾ་སུཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ། ཤཱནྟེ། དཱནྟེ། ཨ་ས་མཱ་རོ་པེ། ཨ་ན་ལམྦྷེ་ཏ་རམྦྷེ་ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ། ནི་ར་ཀུ་ལེ། ནི་རི་ཝ་ཎེ། སརྦྦ་བུདྡྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་གམ། ཨཱོཾ་ཛཱི་ན་ཛིཀ་སྭཱ་ཧཱ། ཉེར་གཅིག་དང་ཡིག་བཅུ་བཟླ་ཞིང་བྱིན་གྱིས་བརླབ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམས་ལ་འཇིམ་པ་བཅད། ཨཱོཾ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བར་བསམས་ལ་འབི་འབི་བྱ། ཨཱོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡུལ་བྲལ་དུ་བསམས་ལ་སྣུམ་བྱུག །ཨཱོཾ་དྷརྨ་དྷཱརྟུ་ག རྦྷེ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བསྐོས་ཕོར་དུ་བཅུག །ཨཱོཾ་བཛྲ་མུཏྒཱ་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམས་ལ་བརྡུང་། ཨཱོཾ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱིི་སྙིང་པོ་ཁོང་དུ་ཆུད་པར་བསམས་ལ་གུར་གུམ་གྱིས་བྲིས་པའི་ཡིག་དྲུག་རྟེན་འབྲེལ་སྙིང་པོ་སོགས་གཟུངས་སུ་གཞུགས་པའི་མ་འབྱོར་ན་སྔགས་དེ་དག་བཏབ་པའི་མེ་ཏོག་གཟུངས་ཀྱི་རྣམ་པར་འབུལ། ཨཱོཾ་དྷརྨཱ་ར་ཏེ་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམས་ཤིང་ཕྱིར་འདོན། ཨཱོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར༔ ༈ རབ་གནས་ཅུང་ཟད་རྒྱས་པར་འདོད་ན། མཆོད་པ་དང་བུམ་པ་འབྱོར་ན་དང་མ་འབྱོར་ན་ཡིད་ཀྱིས་སྤྲུལ། རང་ལྷར་གསལ་བས། སུམྦྷ་ནི ས་བགེགས་སྦྱངས། ཇི་ལྟར་བལྟམས་པ་སོགས་དང་། སརྦ་ཏ་ཐཱ་ག་ཏས་ཁྲུས་གསོལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ཨཱོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞི་ཞིང་འཛུམ་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨཱོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྣམ་སྣང་ཡེ་ཤེས་པ་ཨཱོཾ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨཱོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨཱོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་གི་ཕྱག་རྒྱ་ཅན། ཕྱག་འཚལ་རྣམ་པར་སྣང་མཛད་ལ། །ཞེས་དང་། ཕྱག་བྱར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། ཨཱོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྤྱན་དབྱེ། ཨཱོཾ་ཨཱཿཧཱུྃ་ཏིང་ངེ་འཛིན་གྱིས་བསྐྱེད་པ་རྣམས་འོད་དུ་ཞུ་བ་ལས། མཆོད་རྟེན་སོ་སོའི་རྣམ་པར་གྱུར། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་འབྱུང་བ་བཞིས་མ་ཞིག་གི་བར་དུ་བརྟན་པར་བཞུགས་ནས། བདག་སོགས་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་ལན་གསུམ་གཏོར། སླར་ཡང་གོང་བཞིན་མཆོད་བསྟོད་དང་། རྟེན་འབྲེལ་སྙིང་པོ་དང་ཤིས་བརྗོད་ཅི་རིགས་པ་བྱའོ། །དེ་ལྟ་བུའི་མཆོད་རྟེན་གཅིག་བཏབས་པས་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་། ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་གསུངས་ཤིང་། མི་འཁྲུགས་པའི་གཟུངས་མདོ་ལས་ཀྱང་། དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་། མཆོད་རྟེན་འབུམ་བྱས་ལ། གདུགས་དང་རྒྱལ་མཚན་དང་། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན་དེ་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ། ཡང་ན་དེ་ལྟར་མཆོད་རྟེན་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོ་བྱས་ཏེ་སྔར་བཞིན་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ། ལེགས་པར་མཆོད་ནས། འདི་ཆེ་གེའི་དགེ་བའི་རྩ་བར་གྱུར་ཅིག འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་ནོ། །ཡང་སཱཙྪའི་ཆོ་ག་བསྡུས་པར་འདོད་ན། བྱང་ཐལ་ས་སྤྱིན་པོར་བསྲེས་བུམ་ཆུས་བརྫིས། བརྐོས་པར་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་འབི་འབི་ལོངས་སྤྱོད་རྫོགས་པའི་ས་བོན་དུ་གསལ་ལ་ཡི་གེ་བཅུ་མ་བཟླས་ཤིང་ལན་གསུམ་གདབས་པས་སྐུ་གསུམ་ངོ་བོ་གཅིག་པ་འགྲོ་བའི་དོན་དུ་ཕྱི་མཆོད་རྟེན་གྱི་རྣམ་པ་ནང་ཞིང་ཁམས་གཞལ་ཡས། གསང་བ་ཡི་གེ་འཁོར་ལོ་ཆོས་ཀྱི་རང་སྒྲ་སྐུ་གསུང་ཐུགས་ཀྱི་རང་བཞིན་རྣམ་པར་འཕྲུལ་པ་ལམ་གྱིས་བྱོན་པར་བསམས་ལ། མཐོང་ཐོས་ཀྱི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་གོ་འཐང་ཐོབ་པར་གྱུར་ཅིག ཅེས་སྨོན་ལམ་གདབ་ཅིང་། ཡིག་བཅུ་དང་རྟེན་སྙིང་གིས་རབ་གནས་བྱས་ལ་གོང་བཞིན་ཆུ་ཀླུང་དུ་བོར་བའམ་མི་འཇིག་པའི་སར་བཞུགས་པ་གང་བདེར་བྱའོ།༈ འཇིག་རྟེན་ཡོངས་ཀྱི་འདྲེན་མཆོག་ལྷག་པའི་ལྷ། །ཐུགས་རྗེའི་གོང་བུ་བཅོམ་ལྡན་ཐུབ་པ་དྲུག །བརྩེ་ཆེན་འཕགས་པའི་གར་གྱི་འཕྲུལ་པོ་ཆེས། །བསྙེལ་བ་མེད་པར་འགྲོ་ཀུན་རྗེས་བཟུངས་ཤིག །མཐར་བྱེད་བདག་པོའི་དབང་གྱུར་བར་དོའི་འགྲོར། །ཕན་པའི་གདམས་ངག་ཐབས་མང་ཀུན་ལས་མཆོག །རྒྱུད་ལྔ་འཁོར་བའི་གྲོང་ལས་བཙན་ཐབས་སུ། །འདྲེན་བྱེད་གསང་ཆེན་ལམ་འདིས་ཁྱད་པར་འཕགས། །དེ་ཕྱིར་དུས་མཐའི་ཆོ་ག་འཇུག་བདེའི་ཁྲིགས། འདི་ཡི་དགེ་བས་ཉམ་ཐག་འགྲོ་རྣམས་ཀྱི། །སྒྲིབ་མུན་བཤེད་གྱུར་ཡེ་ཤེས་ཉི་འོད་གསལ། །སངས་རྒྱས་ཞིང་དུ་བདེ་བླག་ཕྱིན་གྱུར་ཅིག །འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྒོ་ནས་ཚེ་འདས་རྗེས་འཛིན་གནས་ལུང་གི་ཆོ་ག་བདེ་ཆེན་ཞིང་དུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། གཏེར་གཞུང་གི་ཚིག་དང་ལག་ལེན་གསལ་བར་བྱས་པ་ལ། མཚམས་སྦྱོར་རྣམས་གཏེར་ཆེན་གྱིས་མཛད་པ་དང་། སཱཙྪའི་ཆོ་ག་རྒྱས་བསྡུས་ཀྱི་དབྱེ་བས་ལུགས་གཞན་དང་འདི་ཉིད་ཀྱི་གཏེར་གཞུང་གི་སྙིང་པོ་བསྡུས་ཏེ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།

སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ།

སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་རིམ་ལྷ་རིགས་ཉི་གྲགས་སྤྲུལ་པའི་སྐུས་སྦྱར་བ་བཞུགས་སོ། །སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་གི་དམིགས་བྱ་ནི། དང་པོ་རང་མདུན་ནམ་མཁར་སྐྱབས་ཡུལ་རྣམས་སྔོན་འགྲོའི་སྐབས་ལྟར་གསལ་གདབ། སྐྱབས་སེམས་དོན་གྲུབ་སེར་མོའི་གཅོད་ལྟར་རམ་གང་བདེ་བྱ་ལ། དེ་ནས་དངོས་གཞི་འདོན་དང་དམིགས་པ་ཟུང་འཇུག་ཏུ། ན་མོ་བདག་གི་ཞེས་འདོན་བཞིན་རང་གི་སྤྱི་གཙུག་ཉི་ཟླའི་སྟེང་དུ་སངས་རྒྱས་ཀུན་འདུས་བླ་མ་དམ་པ་ལ་སྐྱབས་གནས་མ་ལུས་པས་བསྐོར་བ་གཟི་མདངས་འོད་ཟེར་འཁྲིགས་གེར་བཞུགས་པ་བྱིན་རླབས་ཀྱི་སྤྲིན་ཕུང་ཐུ་ལུ་ལུ་ཡོད་པ་དམ་ཚིག་སྐུ་དང་ཡེ་ཤེས་སེམས་དཔའ་བླ་མའི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་དང་གཉིས་མེད་ཟུང་འཇུག་རོ་གཅིག་པར་བསྒོམ་ལ་སྣང་སྟོང་དབྱེར་མེད་དུ་ལྟ་བའི་ངང་ནས་ཕཊ་བརྗོད་པས་ཕ་སྐུ་བཞི་སོགས་ཀྱི་གསོལ་འདེབས་གདུང་དབྱངས་སུ་བྱས་པའི་ཐུགས་རྒྱུད་བསྐུལ་ཏེ། བླ་མའི་སྐུ་ཡི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་སྒོ་གསུམ་ལ་ཕོགས་པས་ཟག་མེད་ཏིང་ངེ་འཛིན་གྱི་ཡེ་ཤེས་རྒྱུད་ལ་འབྱོངས་ཏེ། སྐྱེ་བ་མེད་པའི་དོན་མཐོང་ནས་འགགས་པ་མེད་པའི་རྩལ་གྱིས་ཕཊ་བརྗོད་པ་དང་ལྷན་ཅིག རང་རིག་གདོད་ནས་སྤྲོས་བྲལ་དེ་བླ་མའི་ཐུགས་ཀར་འཕོས་པའི་ཚུལ་གྱིས། བླ་མའི་ཐུགས་ཆོས་དབྱིངས་ཁྱབ་བདལ་ཆེན་པོ་དང་རང་རིག་ཡེ་ནས་ཤེས་པའི་རང་མདངས་འགག་པ་མེད་པ་དེ་ཉིད་དབྱིངས་ལས་ཤར་བས་དབྱིངས་སུ་ཐིམ་པའི་དབྱིངས་རིག་མ་བུ་འདྲེས་ཏེ་ཉམས་བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོ་དེ་ཉིད་རང་བྱུང་དུ་ཏ་ལ་ལ་ཡོད་པར། འཁོར་བ་དང་མྱང་འདས་ཞེས་པ་སོ་སོར་མིང་གི་བཏགས་པ་ཙམ་ལས། གཞི་གཅིག་ལ་གཉིས་སུ་མེད་པས་ཡེ་ནས་གདོད་མའི་རང་རྩལ་དུ་གྲུབ་པར་ཐག་ཆོད་པའི་གདེངས་དང་ལྡན་པའི་ངང་ན་ཕཊ་བྱའོ།། དེ་ནས་སྣོད་རང་བྱུང་གི་བྷནྡྷ་སྟོང་གསུམ་དང་མཉམ་པའི་ནང་དུ། ཁམས་བདེ་སྟོང་གི་རང་མདངས་རོལ་པའི་རྩལ་ལས་ལུས་འབྱུང་འདུས་ཀྱི་ཕུང་པོ་ཤ་ཁྲག་རུས་པའི་རྣམ་པར་གྲུབ་པ་དེ་ཉིད། བདུད་རྩིའི་རྒྱ་མཚོར་དམིགས་པར་རང་རིག་བླ་མ་དབྱེར་མེད་ཀྱི་ཐུགས་རྗེའི་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ནས། ཨཱོཾ་ཨཱཿཧཱུྃ་དང་ཕཊཿབརྗོད་པས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་སྟེམ་གྱིས་ཞུ་ནས། དེ་ནས་དེ་ལས་འདོད་ཡོན་ཀུན་བཟང་མཆོད་པའི་སྤྲིན་ལྟར་གཏིབས་པར་གནས་ཕྱོགས་བཅུ་དག་པའི་ཞིང་སོགས་སུ་འཕྲོས་པས། སྐྱབས་གནས་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པའི་ཐུགས་ཀྱི་དགྱེས་པ་བཀང་སྟེ། མཆོག་གི་དངོས་གྲུབ་སྩོལ་བ་པོ་རྣམས་ཀྱི་འབྲས་བུ་ད་ལྟ་ཉིད་དུ་སྩོལ་བར་དམིགས་པ་དང་། ཐུན་མོང་གི་དངོས་གྲུབ་སྩོལ་བ་པོ་རྣམས་ཀྱིས་ཀྱང་ད་ལྟ་ཉིད་དུ་ལས་རབ་འབྱམས་སོགས་ཕུན་ཚོགས་འདོད་པའི་ཡོན་ཏན་མཐའ་དག་མངོན་པར་གྲུབ་པ་སོགས། དངོས་གྲུབ་ཀྱི་ཆར་ཆེན་འབབས་པར་བསམ་ལ། ཕཊཿ བརྗོད་པས་ཐོག་མེད་ནས་ཕ་དང་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་པ་དེ་དག་མ་ལུས། མཐོ་སྲིད་རྩེ་དང་དམའ་མནར་མེད་དམྱལ་བ་སོགས་ཁམས་གསུམ་རིགས་དྲུག་གང་དང་གང་དུ་རྟོགས་པའི་འགྲོ་བ་རྣམས་དང་། ཁྱད་པར་ཕན་བྱེད་ཀྱི་ལྷ་དང་གནོད་བྱེད་ཀྱི་འདྲེ་གདོན་བགེགས་སུ་འབོད་པ་གང་ཡིན་པ་དེ་དག་ཐམས་ཅད་མ་ལུས། མཆོད་སྦྱིན་བདུད་རྩིའི་རྒྱ་མཚོ་འདི་ཉེ་རིང་དང་ཕྱོགས་ཆ་དགྲ་གཉེན་དང་ཆགས་སྡང་གང་ཡང་མེད་པར་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་པའི་སེམས་ཀྱིས་ཡོངས་སུ་བཏང་སྟེ་བསྔོས་པས། རང་རང་གང་ལ་གང་འདོད་ཀྱི་འདོད་ཡོན་ལོངས་སྤྱོད་དུ་གྱུར་ཏེ་ཤེས་རྒྱུད་ཡོངས་སུ་ཚིམ་སྟེ་ཞི་བདེ་བྱང་ཆུབ་ཀྱི་སེམས་ལ་གནས་པར་བསམ་ལ་ཕཊཿ དེ་ལྟར་གྱི་ཏིང་ངེ་འཛིན་ཟབ་མོའི་མཐུས་སྔོན་ལས་དང་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་དང་། འཕྲལ་རྐྱེན་དུ་གྱུར་པའི་ཤ་འཁོན་བུ་ལོན་ལན་ཆགས་ཀུན་བྱང་ཞིང་དག་སྟེ། ཟག་བཅས་བསོད་ནམས་ཀྱི་ཚོགས་རྒྱུ་དང་། འབྲས་བུ་ཏིང་ངེ་འཛིན་ཟག་མེད་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་རྫོགས་ཏེ། སྐད་ཅིག་གིས་ཕ་མཚན་ལྡན་གྱི་བླ་མ་རྡོ་རྗེ་འཆང་ཆེན་པོ་རིགས་ཀུན་འདུས་པའི་བདག་ཉིད་དེའི་གོ་འཕང་འཐོབ་པར་ཤོག་སྙམ་པའི་སྨོན་འདུན་དྲག་པོའི་སེམས་བསྐྱེད་ཀྱི་ངང་ནས། ཕཊཿ བརྗོད་ཅིང་མི་དམིགས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའམ༔ རིགས་དྲུག་གི་སྦྱིན་ཡུལ་སྒྱུ་ལུས་ཀྱིས་ཚིམ་ཞིང་༔ རང་གི་ངོ་བོ་སྐྱེ་མེད་བླ་མའི་སྐུ་རུ་ལམ་འ ཁྱེར་དུ་སྦྱང་བར་བྱའོ༔ ཞེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འདུས་ཉི་མ་གྲགས་པ་རྩལ་གྱི་གཏེར་བྱོན་ཐུགས་ཆེན་མ་རིག་མུན་སེལ་ལས་སྒྱུ་ལུས་མཆོད་སྦྱིན་ཟབ་མོའི་དམིགས་རིམ་འདི་ལྟར་དགོས་ཞེས་མཚམས་པ་ཡོན་ཏན་ནས་ཡང་ཡང་བསྐུལ་ངོར་སྨྲས་པའོ། །སླར་སྨྲས་པ། རྒྱལ་ཀུན་འདུས་ཞལ་གཏེར་ཆེན་གང་དེ་ཡི། །གདམ་ཟབ་བདུད་རྩི་འོ་མའི་རྒྱ་མཚོ་ལས། །ཐིགས་པ་གཅིག་ཙམ་དད་ལྡན་གདུང་སེལ་དུ། །སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་སྤྲིན་ཕུང་བླངས། །དེ་ཡི་དམིགས་རིམ་ཟུར་དུ་བརྗོད་པ་འདི། །རྣམ་དག་ལུང་དང་རིགས་པའི་གནད་མ་མཐོང་། །གསང་སྔགས་ཟབ་མོའི་རྒྱུད་ལ་གོམ་འདྲིས་དབེན། །བསྐྱེད་རྫོགས་ཏིང་འཛིན་ལས་རུང་ཙམ་མེད་པའི། །བླུན་པོའི་བླུན་བསྐྱེད་མཁས་པའི་ཁུལ་ཞུགས་འདི། །ཡ་ངའི་གནས་ལས་གཞན་དུ་མ་མཆིས་ཀྱང་། །རང་མཚང་སྟོན་ཕྱིར་གང་དྲན་ཆལ་ཆོལ་དུ། །ཉི་སྤྲུལ་པས་བྲིས་འགྲོ་ཕན་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྔོནའགྲོའི་ཉམས་ལེན་ཟིན་བྲིས།

འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྔོནའགྲོའི་ཉམས་ལེན་ཟིན་བྲིས་བཞུགས་སོ། །བླ་མ་དང་མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡང་སྔོན་འགྲོ་ཕྱི་ནང་གི་རིམ་པ་ཉམས་སུ་ལེན་ཚུལ་ཐོག་མར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་དུ་འདི་ལྟ་བུའི་གདམས་པ་ཟབ་མོ་ཉམས་སུ་བླང་བར་བྱ་སྙམ་དུ་སེམས་བསྐྱེད། དེ་ནས་རང་གི་ལུས་རྙེད་པར་དཀའ་བ་བསམ་པ་ལ་དངོས་པོའི་སྒོ་ནས་བསམ་པ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་བ། ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་པ་ལས་ལོག་པ་ནི་དལ་བ་བརྒྱད་དང་། འབྱོར་བ་བཅུ་ནི། མིར་གྱུར་དབུས་སྐྱེས་དབང་པོ་ཚང་། །ལས་མིན་གནས་དད་བདག་འབྱོར་ལྔ། སྟོན་བྱོན་ཆོས་གསུངས་བསྟན་པ་གནས། །རྗེས་འཇུག་འགྲོ་བརྩེ་གཞན་འབྱོར་ལྔ། །ཞེས་གསུངས་པས་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་འདི་ནི་སྔོན་བསགས་དགེ་བའི་འབྲས་བུས་ད་རེས་ཐོབ་པ་མ་གཏོགས་ཡང་ཡང་རྙེད་པར་མི་འགྱུར་བས་མྱུར་དུ་དམ་པའི་ཆོས་ལ་འབད་ནས་དོན་དང་ལྡན་པ་ཞིག་དགོས། དཔེའི་སྒོ་ནས་བསམ་པ་ལ། ཞི་བ་ལྷས། རྒྱ་མཚོ་ཆེར་ནང་གཉའ་ཤིང་བུ་ག་དང་། རུས་སྦལ་འཕྲད་པ་བས་ཀྱང་ངན་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གི། དམ་ཆོས་སྤྱོད་ལ་དེ་འབྲས་མཆིས་པར་མཛོད། །ཅེས་དང་གྲངས་ཀྱི་སྒོ་ནས་བསམ་པ་ནི། དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ་དང་། ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། དུད་འགྲོ་ཆང་འགགས་ཀྱི་སྦང་མ་དང་། ལྷ་མིན་ཁ་བ་བུ་ཡུག་དང་། ལྷ་དང་མི་རྣམས་སེན་མོའི་རྡུལ་རྩ མ་དང་། མི་ལུས་ཆོས་ལྡན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པར་གསུངས་སོ། །དེ་བས་ན་མྱུར་དུ་བརྩོན་འགྲུས་དྲག་པོས་མ་འབད་ན་སང་བྱེད་གནང་བྱེད་སྙོམས་ལས་ཀྱི་ངང་ལ་མི་ཚེ་ཟད་ནས་ནམ་འཆི་ཆ་མེད་ལ་བསམ་སྟེ། དེ་ཡང་རང་གཅིག་པུ་མ་ཟད་སྟོང་གསུམ་འཇིག་རྟེན་གྱི་ཕྱི་སྣོད་འབྱུང་ལྔའི་ཁམས་ལས་གྲུབ་པ། ནང་བཅུད་ཀྱི་སེམས་ཅན་རབ་ལྷ་ཚངས་པ་དང་བརྒྱ་བྱིན་སོགས་དང་། མིའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ། ཆེ་བ་རྒྱལ་པོ་རྒྱལ་ཕྲན་བློན་པོ་བཙུན་མོ་ཆེ་བཙན་གྲགས་ལྡན། འབྲིང་ཁྱིམ་བདག་འབྱོར་ལྡན་ཕྱུག་པོ་རང་དང་འདྲ་བའི་དགྲ་གཉེན་བར་མ། ཆུང་བ་རང་བས་ཞན་པ་འོན་ལྐུགས་ལོང་སྤྲང་ལ་སོགས། དེ་བཞིན་རིགས་དྲུག་གི་འགྲོ་བ་མཐའ་དག་ཀྱང་མཐར་དུས་མིན་འཆི་བ་ཁོ་ན་དང་ལྷ་དང་བཅས་པའི་མཆོད་གནས་དཀོན་མཆོག་གསུམ་ཀྱང་མི་རྟག་མྱ་ངན་ལས་འདས་པའི་ཚུལ་སྟོན་དགོས་པ་སོགས་མི་རྟག་པའི་རང་བཞིན་ཁོ་ན་རང་གི་རྒྱུད་ལ་སྦྱར་ནས་བློ་སྣ་ཐུང་ངུ་མ་སོང་བར་དུས་རྟག་ཏུ་བསྒོམ་པར་བྱའོ། །དེ་ལ་ལག་ཏུ་བླང་བྱའི་ངོ་བོ་དགེ་སྒྲུབ་སྡིག་སྤང་གི་བླང་དོར་ལ་འབད་དགོས་སྟེ། བསྒྲུབ་བྱའི་རྒྱུ་དགེ་བ་བཅུ་ནི། གཞན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚུལ་ཁྲིམས་བསྲུང་བ་ནི་ལུས་ཀྱི་དགེ་བ། དྲང་པོར་སྨྲ་བ། འཁོན་པ་ཟླུམ་པ། ཞི་དུལ་བདེན་པར་བརྗོད་པ། གཏམ་དོན་དང་ལྡན་པར་སྨྲ་བ་བཞི་ནི་ངག་གི་དགེ་བ། འདོད་པ་ཆུང་ཞིང་ཆོག་ཤེས་པ་སེམས་ཅན་ལ་ཕན་པའི་བྱང་སེམས་དང་། དད་པ་དག་སྣང་རྩལ་སྦྱང་བ་སོགས་གསུམ་ནི་ཡིད་དེ་དགེ་བ་བཅུ་པོ་ཆུང་ངུས་ཕལ་པ་དང་ལྷ་མིན། འབྲིང་གིས་དལ་འབྱོར་ཆོས་ལྡན། ཆེན་པོས་ནི་ལྷར་སྐྱེ་ལ། ཟག་བཅས་ཀྱི་དགེ་བ་དེ་དག་དམ་པ་གསུམ་དང་འབྲེལ་ན་གནས་སྐབས་མཐོ་རིས་དང་མཐར་ཐུགས་བྱང་ཆུབ་ཐོབ་པའི་རྒྱུ་བྱེད་ཅིང་། ཟག་མེད་བསྐྱེད་རྫོགས་བསྒོམ་བཟླས་ཀྱི་རྣལ་འབྱོར་བརྩོན་ན་ཚེ་འདི་དང་། འབྲིང་བར་དོ། ཐ་མ་སྐྱེ་བ་བདུན་ཚུན་ཆད་དུ་སངས་རྒྱས་པ་ནི་གསང་སྔགས་ཐབས་ཀྱི་ཁྱད་ཆོས་སོ། །སྤང་བྱའི་རྒྱུ་སྡིག་པ་མི་དགེ་བ་བཅུ་ནི་སྲོག་གཅོད་པ། མ་བྱིན་པ་ལེན་པ་དང་མི་གཙང་པ་སྤྱོད་པ་གསུམ་ནི། ལུས་ཀྱི་མི་དགེ་བ་གསུམ། རྫུན། དབྱེན། ཚིག་རྩུབ། ངག་འཁྱལ་བཞ ི་ནི་ངག་གི་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་ནི། ཡིད་ཀྱི་ལས་གསུམ་སྟེ། དེ་ལྟར་མི་དགེ་བ་བཅུ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བ་ཆེན་པོས་ནི་དམྱལ་བ་དང་། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོ། གལ་སྟེ་དགེ་སྡིག་འདྲེས་མའི་ལས་ཙམ་གྱིས། མིར་སྐྱེས་ནའང་སྣོད་བཅུད་མི་བདེ་བའི་རང་བཞིན་ཁོ་ན་ཅན་སྟེ་མདོར་ན། མི་དགེ་བ་སྡུག་བསྔལ་དང་དགེ་བས་བདེ་བ་བསྐྱེད་པ་ནི་ས་བོན་གང་བཏབ་ཀྱི་མྱུ་གུ་སྨིན་པ་ལྟ་བུ་བསྐལ་པར་ཆུད་མི་ཟ་ཞིང་ལུས་དང་གྲིབ་མ་ལྟར་རང་གི་རྗེས་སུ་འབྲང་བའོ། །དེ་ལྟར་གྱི་རྒྱུ་དགེ་བའི་འབྲས་བུ་བདེ་བ་ནི་གནས་སྐབས་ལྷ་མིའི་བདེ་འབྱོར་མཐོང་ཆོས་སུ་གྱུར་པ་ལྟར་དང་། མཐར་ཐུག་སངས་རྒྱས་ཀྱི་བདེ་བ་ནི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཁོ་ནའི་བདེ་བ་ནི་འོད་མདོ་ཞིང་བཀོད་སོགས་སུ་གསལ་བ་ལྟར། སྐུ་གསུམ་གྱི་ཞིང་རྣམས་སུ་དེ་མཚུངས་དང་དེ་ལས་ལྷག་པ་དང་ཆེས་ལྷག་པའི་བདེ་བ་ལ་ལོངས་སྤྱོད་ནས། སླར་འགྲོ་བའི་དོན་སྤྲུལ་པའི་རྫུ་འཕྲུལ་གྱིས་མཛད་ནའང་དངོས་ཕྱིར་མི་ལྡོག་པའི་ས་ལ་བཞུགས་པའོ། །རྒྱུ་མི་དགེ་བའི་འབྲས་བུ་སྡུག་བསྔལ་བ་ནི། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་སྲེག །ཞེས་ཚ་གྲང་ཉི་ཚེ་ཉེ་འཁོར་སོགས་ཀྱི་སྡུག་བསྔལ་དང་། ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། ཞེས་རང་ཡུལ་དང་མཁའ་ལ་རྒྱུ་བའི་རིགས་ཐམས་ཅད་གཟུགས་ཞན་པ་ལྟོགས་སྐོམ་དང་ཚ་གྲང་གིས་སྡུག་བསྔལ་བ་དང་། དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ཞེས་སྤྱིར་བཏང་དུ་གླེན་ལྐུགས་དང་ཆེ་ཆུང་རབ་འབྲིང་གི་བབ་ཀྱིས་རེ་རེས་རེ་རེ་ཟ་བ་སྟེ། བྱིང་གནས་དང་ཁ་འཐོར་ལ་བཀོལ་སྤྱོད་ཀྱིས་སྡུག་བསྔལ་བ། མི་དག་འཚོ་བ་ཐུང་བས་ཉམས། །ཞེས་སྤྱིར་སྐྱེ་རྒ་ན་འཆི་དང་། ཁྱད་པར་ཡོད་པ་གསོག་སྲུང་མེད་པ་ཚོལ་རྙེད་དང་དགྲ་དང་འཕྲད་དོགས། གཉེན་དང་འབྲལ་དོག་སྟེ་སོགས་དང་། ལྷ་རྣམས་བག་མེད་པ་ཡི་ཉམས། །ཞེས་སོ་སོར་ཕྱེད་པའི་ལྷ་མིན་རྣམས་ལ་འཐབ་རྩོད་གསོད་གཅོད་འཕྲོག་བཅོམ། ལྷ་དངོས་ལ་ལོངས་སྤྱོད་ཚེ་དཔལ་འབྱོར་བས་བརྒྱན་ནའང་། དེ་ལ་རྣམ་གཡེང་ལེ་ལོས་བདུད་དབང་བག་མེད་དུ་སོང་ནས་མཐར་འཆི་འཕོས་ཚེ་དམྱལ་བར་ལྟུང་བ་སྟེ་མཐོ་དམན་གྱི་གནས་གང་ནའང་། སྡུག་བསྔལ་མ་གཏོགས་བདེ་བ་མེད་པ་ལ་བསམ་པ་ཞིག་གིིས། རྟག་ཏུ་དམ་པའི་ཆོས་ཁོ་ན་འབད་དགོས་ཏེ། མེ་ཡི་འོབས་ན་བསིལ་བ་མེད། །མི་གཙང་ཁང་པར་དྲི་ཞིམས་མེད། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་འདུལ་བ་ལུང་ནས་གསུངས་པ་ལྟར་རོ། །དེ་ལྟར་ཕྱི་ཐུན་མོང་གི་སྔོན་འགྲོ་ལེགས་པར་ཉམས་སུ་བླང་མཐར། ནང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། ཐོག་མར་ཚོགས་ཞིང་གསལ་གདབ་པ་ནི། རང་གནས་པའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་གསེར་གྱི་ས་གཞི་ཁོད་སྙོམས་ཡངས་པར་བརྡལ་བའི་དབུས་སུ། ལྷའི་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་དུ་པདྨའི་སྡོང་པོ་ཡལ་ག་ལོ་འདབ་སྟོང་དང་ལྡན་པའི་ཟེའུ་འབྲུར་པདྨ་ཉི་ཟླའི་སྟེང་དུ། ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་པདྨ་འབྱུང་གནས་རྒྱལ་བ་དཀོན་མཆོག་སྤྱི་འདུས་ཟ་ཧོར་མའི་ཆས་ཅན་གྱི། སྟེང་འོག་བར་གསུམ་དུ་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་ལྟར་དུ་གཏིབས་པ། དེའི་གཡས་སུ་སངས་རྒྱས་དཀོན་མཆོག རྒྱབ་དུ་དམ་ཆོས། གཡོན་དུ་དགེ་འདུན། མདུན་དུ་གང་མོས་ཡི་དམ་ལ་རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ་དང་འབྲེལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་སྣང་སྟོང་གཉིས་མེད་འཇའ་ཟེར་འོད་ཕུང་གི་ཀློང་དུ། རང་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཐུགས་ཀྱིས་དགོངས་ནས་མངོན་སུམ་ལྟ་བུར་བཞུགས་པའི་མདུན། རང་གི་མཐར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་ནས་སྐྱབས་གནས་རྣམས་ཀྱི་སྤྱན་སྔར་ལུས་ཀྱི་ཐལ་མོ་སྦྱར། ངག་གི་སྐྱབས་འགྲོའི་ཚིག་འུར་དི་རི་རི། ཡིད་དད་འདུན་མོས་གུས་གདུང་ཤུགས་དང་བཅས་ཏེ། རང་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ། མཐོ་དམན་གང་དུ་གཏོང་ཅི་མཛད་ཁྱེད་རྣམས་མཁྱེན་དང་བློ་གཏད་ལིངས་ཀྱིས་བསྐྱུར་ནས་སྐྱབས་འགྲོ་ལ་འབད་ཅིང་། མཐར་ཚོགས་ཞིང་རྣམས་ལས་འོད་ཟེར་དཔག་མེད་བྱུང་ནས་བདག་གཞན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དག་སྟེ། སེམས་ཅན་ཐམས་ཅད་བྱ་ཁྱུ་འདྲོག་པ་བཞིན་འཇའ་འོད་ཀྱི་རྣམ་པར་སངས་རྒྱས་པར་བསམ་ལ། བསྔོ་སྨོན་དང་། ཚོགས་ཞིང་མི་བསྡུ་བར་ལངས་འདུག་གི་ཚེ། ཕྱག་འཚལ་བ་དང་། འགྲོ་དུས་བསྐོར་བ། བཟའ་བཏུང་ལ་རོལ་ཚེ་ཕུད་ཀྱིས་མཆོད་པར་མོས་པ་སོགས། ཚོགས་གསོག་རྒྱུན་འཁྱེར་ལ་བརྩོན་ཞིང་འོག་མ་རྣམས་འདིས་རིགས་འགྲེའོ། ༈ བྱང་ཆུབ་སེམས་བསྐྱེད་ནི། ཚོགས་ཞིང་རྣམས་ཀྱི་སྤྱན་སྔར་བདག་གིས་སྔོན་གྱི་རྒྱལ་དང་དེ་སྲས་རྣམས་ཀྱིས་ཇི་ལྟར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལྟར། བླ་ན་མེད་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་དམ་བཅས་ཏེ། དངོས་གཞི་སྨོན་པ་ཚད་མེད་བཞི་སེམས་ཅན་གང་དག་སྲིད་ཞིའི་བདེ་སྐྱིད་ཀྱིས་འབྱོར་བ་རྣམས་དེ་ལས་མི་ཉམས་ཤིང་མི་ལྡན་པ་དག་དེ་དང་ལྡན་ན་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་ངན་སོང་འཁོར་པའི་སྡུག་བསྔལ་དང་བྲལ་ནས་གཏན་བདེ་བྱང་ཆུབ་ལ་གནས་ན་ཅི་མ་རུང་སྙམས་པའི་དགའ་བ་དང་། སེམས་ཅན་ཐམས་ཅད་དགྲ་གཉེན་བར་མ་ཐམས་ཅད་ལ་ཕ་མ་ཁོ་ནའི་བློ་བཞགས་ནས་ཉེ་རིང་དང་ཆགས་སྡང་མེད་པའི་བཏང་སྙོམས་ཚད་མེད་པ་བཞི་པོ་ལ་ཡང་དག་པར་བསླབ་བོ། ༈ འཇུག་པ་ཕར་ཕྱིན་དྲུག་ནི། ཟང་ཟིང་། མི་འཇིགས། ཆོས་དང་། བྱམས་པ་སྟེ་སྦྱིན་པ་རྣམས་གཏོང་། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད་པ། སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་གསུམ་སྲུང་། གནོད་བྱེད་དགྲ་བགེགས་ལ་ཅི་མི་སྙམ་པས་རྒྱུད་མི་འཁྲུགས་པ་དང་། ཆོས་ཟབ་མོའི་ལྟ་སྒོམ་སྤྱོད་པ་ཐོས་པ་ལ་མི་སྐྲགས་པ། ཆོས་ལ་ངེས་རྟོགས་དང་། ཕུགས་ཀྱི་བདེ་བ་བྱང་ཆུབ་སྒྲུབ་པའི་ཚེ་འཕྲལ་གྱི་སྡུག་བསྔལ་ལྟོག་སྐོམ་ཚ་གྲང་ཚོར་བ་བཟོད་ཐུབ་པ་སྡུག་བསྔལ་བདེན་པ་དང་ལེན་གྱི་བཟོད་པ་གསུམ་བསྒོམ། བསམ་པ་བྱང་ཆུབ་ཀྱི་སྤྱོད་པ་ནམ་ཡང་མི་འདོར་བའི་ཞེ་དམ་ཀྱི་གོ་ཆ་ཆེར་བགོ་ཞིང་། སྦྱོར་བ་དམ་པའི་ཆོས་སྒོ་གསུམ་འབྲེལ་བར་ལག་ཏུ་ལེན་པ་ལ་ལེ་ལོ་སྙོམ་ལས་སུ་མ་སོང་བ་དང་། སེམས་ཅན་གྱི་དོན་ཡང་དག་པར་སྒྲུབ་པ་ལ་ཁྱད་པར་བརྩོན་པ་མི་ལྷོད་པ་སྟེ་བརྩོན་འགྲུས་རྣམ་གསུམ་བརྩམ། འཇིག་རྟེན་པའི་ཞི་གནས་མཚན་ཉིད་པ་དང་། འཇིག་རྟེན་ལས་འདས་པའི་ལྷག་མཐོང་སངས་རྒྱས་ཀྱི་དགོངས་པ་ཡང་དག་པ་དང་ཟུང་དུ་འབྲེལ་བ་སྟེ་བསམ་གཏན་གཉིས་ཉམས་སུ་བླངས། ཐོས་པར་རིག་པའི་གནས་ཐམས་ཅད་མདོ་རྒྱུད་ཀྱི་གཞུང་གོ་དོན་ལག་ལེན་དང་བཅས་མཐར་ཕྱིན་པར་སློབ་པ་དང་། བསམ་པ་ནི། ཐོས་པའི་གནས་དེ་དག་གི་དོན་འདི་དང་འདིའོ་ཞེས་གོ་ཡུལ་སྙོམས་པར་མ་ལུས་པར་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པ་དང་། སྒོམ་པ་ནི་ཐོས་བསམ་དེ་དག་གི་དོན། སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པར་རྩེ་གཅིག་ཏུ་གཞོལ་བ་སྟེ་ཤེས་རབ་གསུམ་སྦྱང་སྟེ། མདོར་ན་དེ་དག་གི་མི་མཐུན་ཕྱོགས་བདུད་ཀྱི་ལས་དྲུག་སྤངས་ནས་དམ་པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་དང་འབྲེལ་བ་ཉམས་སུ་བླངས་ཏེ་མཐར་ཕྱིན་དུས་ཕ་རོལ་དུ་ཕྱིན་ཞེས་བརྗོད་དོ། །དེ་ཐམས་ཅད་ཀུན་རྫོབ་དང་། དོན་དམ་པར་བདག་མེད་ཀྱི་དོན་ལ་མཉམ་པར་འཇོག་པ་སྟེ་བསམ་གཏན་དང་ཤེས་རབ་ཀྱི་ནང་དུ་འདུའོ། བྱང་ཆུབ་སེམས་བསྐྱེད་ཀྱི་ཡན་ལག་ནི། ཚོགས་ཞིང་ཁྱད་པར་ཅན་རྣམས་ཀྱི་དྲུང་དུ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་སྤྲོ་ཞིང་དབུལ་བ། སྡིག་པ་མི་དགེ་བའི་ཚོགས་སྟོབས་བཞིའི་སྒོ་ནས་བཤགས་པ། རང་གཞན་གྱི་དགེ་རྩ་ཇི་སྙེད་བསགས་པ་ལ་དགའ་སྤྲོའི་རྗེས་སུ་ཡི་རང་བ། འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། རྒྱལ་དང་དེ་སྲས་རྣམས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་བདུན་རྣམ་དག་ཚིག་ཕྱིར་དོན་གྱིས་གསོབ་པར་བརྗོད། ༈ རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་གི་སྤྱི་བོར་ཁྲུ་གང་དཔག་པར་པད་ཟླའི་སྟེང་དུ་བླ་མ་རྡོ་རྗེ་སེམས་དཔའི་སྐུ་མདོག་ཕྱག་མཚན་ཐུགས་ཀར་ཟླ་དཀྱིལ་ཧཱུྃ་མཐར་སྔགས་འཕྲེང་སོགས་གཞུང་ལྟར་གསལ་བར་བསྒོམ་པ་གཉེན་པོ་རྟེན་གྱི་སྟོབས། ཡི་གེ་བརྒྱ་བ་བཟླས་པའི་ཚེ་སྔགས་འཕྲེང་ལས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འབབ་པ་བུམ་པའི་མཆུ་ནས་སྩལ་བ་ལྟར། ཞབས་གཡས་ཀྱི་མཐེ་བོང་ནས་སྤྱི་བོར་བབས་ལུས་ཕྱི་ནང་གི་ཚེ་རབས་ཀྱི་ནད་གདོན་སྡིག་སྒྲིབ་བཀྲུ་བར་དམིགས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཡིད་ལ་དྲན་བཞིན་འགྱོད་པ་དྲག་པོས་བཤགས་པར་གསོལ་བ་ནི་སུན་འབྱིན་པའི་སྟོབས་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པར་དམ་མཅའ་བ་ནི་གཉེན་པོ་སོར་ཆུད་པའི་སྟོབས་བཞི་ཚང་པའི་སྒོ་ནས་བཟླས་པ་ལ་འབད་པ་བྱའོ། ༈ དེ་ནས་མཎྜལ་འབུལ་བ་ནི། སྒྲུབ་པའི་མཎྜལ་ནི་ཚོགས་ཞིང་ཡང་གསལ་གདབ་བོ། ༈ མཆོད་པའི་མཎྜལ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་བཀོད་པ། ནང་བཅུད་ཀྱི་སེམས་ཅན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མདོར་ན་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བར་མེད་པ་དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་ཏེ་དབུལ་བ་ནི་ཕྱིའི་མཎྜལ། རང་གི་ལུས་ལོངས་སྤྱོད་བདག་ཏུ་བཟུང་བའི་འཁོར་གཡོག་ཉེ་དུ་བཅས་པ་དགེ་བའི་དངོས་པོ་སོགས་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ཏེ་འབུལ་བ་ནང་གི་མཎྜལ། དག་པ་སྐུ་གསུམ་གྱི་ཞིང་གི་མཆོད་སྤྲིན་རྣམས་བློ་ཡིས་བླངས་ཏེ་རང་རིག་དྲི་མ་མེད་པས་བརྒྱན་ཏེ་འབུལ་བ་ནི་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་རིམ་པའོ།། ༈ དེ་ནས་ཚོགས་ཞིང་རྡོར་སེམས་དང་བཅས་པའི་ཐུགས་རྗེེ་འོད་ཟེར་དང་གནང་བ་སྩལ་ཏེ་རང་ལ་བསྟིམ་ཞིང་། ༈ བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་གདབ་པ་ནི། དུར་ཁྲོད་མེ་རི་འབར་བའི་ཀློང་། པདྨ་ཉི་ཟླ་བམ་རོ་ཕོ་མོའི་སྟེང་དུ་རང་རིག་ཧཱུྃ་དམར་གྱི་འོད་ཟེར་འཕྲོ་འདུས་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱང་སྟེ་ཡོངས་སུ་གྱུར་པ་ལས་སྣང་བའི་ངོ་བོ་རྟ་མགྲིན་དམར་པོ་གྲི་གུག་ཐོད་ཁྲག་འཛིན་ཅིང་ཞབས་དོར་སྟབས་ཅན། སྤྱི་བོར་རྟ་དབུ་ལྗང་ཞུར་འཚེར་བ་གར་གྱི་ཉམས་དགུ་རྒྱས་ཤིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་སྤྲས་པའི་དཔང་དུ། སྟོང་པའི་རང་མདངས་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་ཀྱི་ཕྱག་རྒྱས་འཁྱུད་ཅིང་བརྐྱང་བསྐུམ་གྱིས་རོལ་པ་རྣ་ལྟག་གཡས་སུ་ཕག་ཞལ་ངུར་ཞིང་རུས་རྒྱན་གཟིག་ཤམ་ཅན་ཡེ་ཤེས་ཀྱི་མེ་ཀློང་ནས་བཞུགས་པའི་སྨིན་ཐད་ཀྱི་ནམ་མཁར། པདྨ་ཉི་ཟླའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་པདྨ་བཛྲ་དམར་སེར་བཅུ་དྲུག་ན་ཚོད་ཀྱིས་མཛེས་ཤིང་རུས་རྒྱན་སྟག་ཤམ་སོགས་ཀྱི་རྒྱན་ཆས་ཅན། ཕྱག་གཡས་ཁ་ཊཱཾ་གཡོན་ཉི་ཟེར་བསྣམས་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པའི་པང་དུ་བདག་མེད་ལྷ་མོ་དམར་གསལ་གྲི་ཐོད་ཀྱི་ཕྱག་རྒྱ་དང་ཞབས་གཉིས་སྐེད་པར་འཁྲིལ་ཞིང་འཇའ་ཟེར་རང་མདངས་ཀྱི་ཀློང་དུ་བཞུགས་པའི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་ཐུགས་རྗེ་ཆེན་པོ་དམར་པོ་ཕྱག་བཞི་དང་པོ་རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་། གཡས་འོག་པད་ཕྲེང་དང་གཡོན་འོག་ཚེ་བུམ་འཛིན་ཅིང་ཞབས་སྐྱིལ་ཀྲུང་གི་གསང་ཡེ་དམར་མོ་གྲི་ཐོད་ཀྱིས་འཁྱུད་པ། ཡབ་ཡུམ་གཉིས་ཀ་ལོངས་སྐུའི་རྒྱན་དང་མཚན་དཔེས་སྤྲས་པ། དེའི་སྤྱི་བོར་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་ཚེ་བུམ་འཛིན་ཅིང་སྐྱིལ་ཀྲུང་ཆོས་གོས་གསུམ་གྱིས་བཀླུབས་ཤིང་མཚན་དཔེར་ལྡན་པའོ། །བླ་མ་སྤྲུལ་སྐུའི་མདུན་ནས་གཡས་སྐོར་དུ་མཁའ་འགྲོ་མཚོ་རྒྱལ་བོད་མོའི་ཆས་རིན་ཆེན་པྲོག་ཞུ་ཅན་མཉམ་བཞག་བྷནྡྷ་འཛིན་པ། མཁོན་ཀླུ་དབང་རབ་བྱུང་གི་ཆས་ཅན་པཎ་ཞུ་དང་ཕྱག་གཡས་མཆོད་སྦྱིན་གཡོན་པདྨ་ཐུགས་ཀར་འཛིན་པ། ཉི་མ་གྲགས་པ་སྔགས་ཆས་ཅན་ཕྱག་གཡས་པདྨ་ཐུགས་ཀ་དང་གཡོན་མཉམ་གཞག་གཏེར་སྒྲོམ་བསྣམས་པ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན་རྡོར་དྲིལ་འཛིན་ཅིང་སྔགས་ཆས་ཅན། ཁྱབ་བདག་བསྐལ་བཟང་དབང་ལྡན་རབ་བྱུང་ཆས་ཅན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་རབ་བྱུང་གི་ཆས་ཅན་གཡས་པད་དཀར་གཡོན་གླེགས་བམ་འཛིན་པ། དྲིན་ཅན་དཔའ་བོ་ལས་རབ་རྩལ་གཡས་ཕུར་པ་གདེངས་ཤིང་གཡོན་ཚེ་བུམ་འཛིན་པ་སྔགས་ཆས་ཅན་ཐམས་ཅད་ཀྱང་སྐུ་མདོག་མི་ཤ་ཁ་དཀར་ལ་དམར་མདངས་ཞབས་སྐྱིལ་ཀྲུང་དབུ་སྐྲ་མ་སྨྲོས་པ་ཐམས་ཅད་པད་ཞུ་གསོལ་བའོ། །དེ་དག་གི་མཐའ་བསྐོར་སྟེང་འོག་བར་གསུམ་དུ་ཕྱོགས་མེད་རྩ་རྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་སྤྲིན་གཏིབས་པ་ལྟར་འཇའ་ཟེར་འོང་ཕུང་གི་ཀློང་ན་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་དད་མོས་ཀྱི་གདུང་ཤུགས་དྲག་པོས་བ་སྤུ་གཟེངས་འཆི་མ་འཁྲུགས་པའི་ངང་ནས། བླ་མ་སངས་རྒྱས་དང་ཅི་མཛད་ཆོས་མཐོང་གི་ངེས་ཤེས་དང་ལྡན་པས། མཆོག་ཐུན་གྱི་དངོས་གྲུབ་འཐོབ་པའི་ཆེད་དུ་གསོལ་བ་ཕུར་ཚུགས་སུ་གདབ་བོ། མཐར་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་གནས་བཞི་ལས་འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས་པས་བདག་སོགས་འགྲོ་བའི་སྤྱི་མགྲིན་སྙིང་ལྟེར་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་སྦྱངས། ལམ་བཞི་བསྒོམ་པར་དབང་། སྐུ་བཞིའི་འབྲས་བུ་མངོན་དུ་གྱུར་པར་བསམ་ཞིང་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་མྱང་འདས་ས་ལ་བཀོད། འཁོར་རྣམས་རིམ་བཞིན་གཙོ་བོ་རྣམས་དང་ཆོས་ལོངས་གཉིས་སྤྲུལ་སྐུ་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རང་གི་སེམས་ཨ་འཐས་གཉིས་འཛིན་གྱི་འཁྲུལ་རྟོག་ཅན་གཉིས་འོད་གསལ་ཉམས་སྣང་གི་དབྱིངས་རིག་མ་བུ་འདྲེས་ཏེ་སངས་རྒྱས་ཀྱི་ས་ཐོབ་པར་བསམ་ལ་མ་བཅོས་པའི་ངང་ལ་མཉམ་པར་བཞག་ཅིང་བསྐྱེད་རྫོགས་གཞུང་ལ་འཇུག་པའི་རྗེས་སམ་ཡང་ན་འདིར་བསྔོ་སྨོན་བྱའོ། །སྔོན་འགྲོ་རེ་རེ་ནས་སྦྱོང་སྐབས་བསྡུ་ཆོག་གོང་ལྟར་རང་རང་གི་མཇུག་དང་། མཉམ་དུ་བསྐྱང་བ་དང་རྒྱུན་འཁྱེར་གྱི་ཚེ་མཎྜལ་གྱི་འཕྲོ་བསྡུ་བ་ཁོ་ནས་ཆོག་གོ། ༈ དེ་ལྟར་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་སྦྱངས་ནས། རྩ་རླུང་ཁྱད་པར་གྱི་སྔོན་འགྲོ་ལ་ལུས་སྦྱང་བ་ནི། སྟན་བདེ་བ་ལ་ལུས་དྲང་པོར་བསྲང་ཞིང་རྐང་པ་གཉིས་རེའུ་མིག་ལྟར་བསྣོལ། སྒལ་ཚིག་བསྲང་ལག་པ་མཉམ་བཞག་ཕྱག་རྒྱ་ལ་དཔུང་བ་གཉིས་བསྐྱང་། མགྲིན་པ་བཀུག་ཅིང་ལྕེ་ཡ་སྐན་ལ་སྦྱར། མིག་སྣ་རྩེར་ཕབ་སྟེ་སྐད་ཅིག་གིས་ལུས་སྟོང་ལ་གསལ་བར་སྒོམ་པའི་ངང་ལས་གསང་བ་ཡེ་ཤེས་ཀྱི་ཌཱཀྐི་མར་གསལ་ཞིང་། དེ་ཡང་དམར་མོ་མཉམ་བཞག་དཀྱིིལ་ཀྲུང་ཅན་གཅེར་བུ་ཕྱི་ནང་སྟོང་པ་འོད་དམར་གྱི་རང་བཞིན་ལས་རྡོས་བཅས་སུ་མ་གྲུབ་པ་སྣང་སྟོང་ཟུང་འཇུག་ལ། ཤེས་པ་རྩེ་གཅིག་ཏུ་གཏད་དེ་མ་ཡེངས་པར་བསྒོམ། རྩ་སྦྱང་བ་ནི། ལུས་སྟོང་པའི་རྩལ་སྣང་དྷཀྐིར་གསལ་བའི་དབུས་སུ་དྲང་པོར་རྩ་དབུ་མ་སྤྱི་བོ་ནས་གསང་བའི་བར་དུ་ཁང་སྟོང་ནང་གི་ཀ་བ་ལྟར། ཟང་ཐལ་ལེར་གསལ་བའི་གཡས་སུ་རོ་མ། གཡོན་ན་རྐྱང་མ། ཡར་སྣ་དུང་ཁང་གི་ཀླད་རྒྱ་ནས་སྣ་བུག་གཉིས་ལ་ལྕགས་ཀྱུའི་རྣམ་པ་ལྟར་གུག་ནས་ཟུག་པའི་ཁ་ཕྱེ་བ། མར་སྣ་ལྟེ་འོག་གཉེར་པོ་ཆེ་ནས་དབུ་མའི་ནང་དུ་ཟུག་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སུམ་བརྒྱ་དྲུག་ཅུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག་སྙིང་ཁ་ཆོས་ཀྱི་འཁོར་ལོར་སུམ་ཅུ་རྩ་གཉིས། ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི། འཁོར་ལོ་དེ་ཐམས་ཅད་གདུགས་ཀྱི་རྩིབས་མ་ལྟར་ཡོད་པ། དབུ་མ་མཐིང་རོ་མ་དཀར། རྐྱང་མ་དམར། ཐམས་ཅད་སྟོང་པ་ཁྲག་དང་ཆུ་སེར་མེད་པ། དྲང་པ། སྲབ་པ། གསལ་བ་སྟེ་མཚན་ཉིད་བཞི་ལྡན། དབུ་མ་མདའ་སྨྱུག་ཙམ། རོ་རྐྱང་གཉིས་སོག་སྦུག་ཙམ། གཞན་རྣམས་དེ་ལས་ཅུང་ཟད་ཕྲ་བ་སྒོམ། རླུང་སྦྱང་བ་ནི། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་དལ་དྲག་སྙོམ་པ་གསུམ་གསུམ་དགུ་བུས་པས། ཞེ་སྡང་འདོད་ཆགས་གཏི་མུག་གསུམ་གྱི་ངོ་བོ། སྔོ་དམར་ནག་གསུམ་གྱི་རྣམ་པར་ཕྱིར་སོང་བར་བསམ། དེ་ནས་རླུང་དལ་བར་རྔུབ་སྟེ་ལུས་ཀྱི་སྟོད་དུ་མ་ལུས་པར་ཕོ་བར་དགང་ཞིང་འཇམ་བར་གཏོང་། ཐིག་ལེ་སྦྱང་བ་ནི། དབུ་མའི་ཡར་སྣེ་རྒྱ་མཐོང་ཁ་ཕྱེ་བ་ལྟར་ཡོད་པའི་བུག་པ་ཟླ་བ་ཆེ་ཆུང་རན་པ་ཉ་གང་བས་བཅད་པ་ལ་རྩ་བ་ཟུག་པའི་ཐབས་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཾ་ཡིག་དཀར་པོ་དངུལ་ཆུའི་མདོག་ཅན་མགོ་ཐུར་དུ་བསྟན་པ། མར་སྣ་རྩ་གསུམ་འདུས་མདོར་ཉི་དཀྱིལ་དམར་སྒར་རེ་བ་ཆེ་ཆུང་དབུ་མའི་ནང་དང་མཉམ་པའི་སྟེང་དུ། ཤེས་རབ་དྲོད་ཀྱི་ངོ་བོ་ཨ་ཤད་དམར་པོ་སྟེ་དཀར་དམར་གཉིས་ཀ་བདེ་སྟོང་དྲོད་ཀྱི་ངོ་བོ་དང་རེག་བྱ་ཅན་དུ་བསྒོམ། དངོས་གཞི་དམིགས་བཅས་ནི། གོང་གི་དམིགས་པ་རྣམས་བརྟན་པ་དང་རླུང་ཁུག་བདུན་གྱི་རིང་ལ་སྣ་བུག་ནས་རོ་རྐྱང་གི་ལམ་བརྒྱུད། མར་སྣ་དབུ་མའི་ནང་གི་ཨ་ཤད་ལ་རླུང་གོང་ལྟར་སི་རི་རི་བུས་པས་མེ་ལྕེ་ཁབ་ཀྱི་རྩེ་ཙམ་མེ་སྒྲ་དང་བཅས་དམར་ཉུག་གེ་འོང་པ་དང་དེ་ནས་སོར་གཉིས་ཙམ་རྒྱུན་ལྡན་དང་། དྲོད་ཀྱི་བོག་འདོན་པ་ལ་ཐོར་ཁ་དང་། དགོང་ཀའི་ཚེ་རླུང་ཁུག་བདུན་ཕྲག་རེའི་རིང་ལ་མེ་དམར་འུར་གྱིས་འབར་ཏེ། འཁོར་ལོ་བཞི་དང་ལུས་ཕྱི་ནང་སྣང་སྲིད་ཐམས་ཅད་ཚ་ཆིལ་གྱིས་གང་བར་བསྒོམ། བདེ་བ་གཙོ་བོར་འདོན་ན། མེ་འབར་བས་སྤྱི་བོའི་ཧཾ་ཡིག་ཆབ་རོམ་མེའི་འོད་ལ་ཞུ་ནས་ཐིགས་པ་ལྷུང་བ་ལྟར། བྱང་སེམས་ཐིགས་པ་བཅུ་དྲུག་བབས་པའི་བཞི་རེས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་ཀྱི་འཁོར་ལོ་རྣམས་ཀྱི་ནང་མེར་མེར་ཤིག་ཤིག་གང་བར་བསམ་ཞིང་། རླུང་ཁུག་གི་གྲངས་གོང་གི་མེ་དམིགས་ལྟར་ལ། སྤྱི་བོ་ནས་བབ་པས་དགའ་བ་དང་། དེ་ནས་མཆོག་དགའ། དགའ་བྲལ། ལྷན་སྐྱེས་ཏེ་རིམ་པས་བདེ་བ་བདུན་འགྱུར་གྱིས་ཇེ་ཆེར་འཁོར་ལོ་བཞི་ལས་ཡས་དབབ་ཀྱི་དགའ་བཞི་ངོས་བཟུང་། དེ་བཞིན་ལྟེ་བ་ནས་བྱང་སེམས་ཚུར་འདུས་ཐིག་བཞིར་གྱུར་པ་སྙིང་ག་ནས་མགྲིན་པ་སྤྱི་བོའི་བར་བཅུ་དྲུག་པོ་ཐིམ་པ་རིགས་འགྲེ་ཞིང་དགའ་བ་བཞི་ཡས་བརྟན་དུ་བསྒོམ་ནས་ཧཾ་ལ་བསྡུ་ཞིང་མེ་དང་འབྲོས་འདེད་ཡུན་རིང་དུ་བྱའོ། །བདེ་བ་ལ་ངོས་འཛིན། གསལ་བ་ལ་ཐག་གཅོད། མི་རྟོག་པར་ལ་བཟླ་ཞིང་མཐར་བདེ་དྲོད་སོ་སོར་ཧཾ་དང་ཨ་ལ་བསྡུ། ལར་རྒྱུན་དུ་ལྟེ་བར་མེ་སོར་བརྒྱད་ཙམ་རེ་འབར་ཞིང་། ཧཾ་ཡིག་ལས་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཧྲིལ་གྱིས་བྱུང་བ་གཏུམ་མོ་དང་འདྲེས། ཚེག་སྒྲ་དང་བཅས་བདེ་དྲོད་ཆེས་ཆེར་འབར། ཧཾ་ཡིག་ལས་བྱང་ཆུབ་ཀྱི་རྒྱུན་རྟ་རྔ་ཙམ་གྱི་འདུ་འཕྲོའི་འབར་འཛག་བདེ་སྟོང་དབྱེར་མེད་ལ་སེམས་བཟུང་བ་ནི་ཡང་ཟབ་ཀྱི་སྙིང་པོ་ཡིན་ནོ། དམིགས་མེད་ནི། དམིགས་བཅས་ཀྱི་གཏུམ་མོའི་མཇུག་ཏུ་རྩ་དང་རླུང་ལུས་སོགས་ཀྱི་དམིགས་པ་ཡིད་ལ་མི་བྱེད་ཅིང་། སྣང་སྟོང་གཉིས་སུ་མེད་པའི་རིག་པ་སྐད་ཅིག་གི་ཆོས་ཉིད་ཕྱག་རྒྱ་ཆེན་པོ་མ་ཡེངས་མི་སྒོམ་པའི་ངང་ནས་རླུང་དལ་བུས་བརྡུབ་ཅིང་། ནེམ་པར་མནན་ལ་འཇམ་པར་གཏོང་ཞིང་མ་བཅོས་པར་ཡུན་རིང་དུ་བཟུང་ངོ་། །དེ་ལྟར་སྐབས་སུ་བདེ་དྲོད་ཀྱི་བོག་འདོན་ཞིང་ཉམས་སུ་བླངས་པས། ཟག་བཅས་ཀྱི་ཚོགས་ཐམས་ཅད་ཟག་མེད་ཀྱི་དབྱིངས་སུ་རང་དངས་ནས། རྩ་དབུ་མ་ཆོས་དབྱིངས་སྤྲོས་བྲལ་གྱི་ཞིང་ཁམས་སུ། རླུང་རིག་བྱང་ཆུབ་དམ་པ་མཆོག་གི་རྡོ་རྗེར་རྩོལ་མེད་དུ་འཚང་རྒྱ་བར་ཐེ་ཚོམ་མེད་དོ། །རྗེས་ཀྱི་རིམ་པ་རླུང་ལས་སུ་རུང་བའི་ཕྱིར་འཕྲུལ་འཁོར་ནི། ལུས་གནད་བསྲང་ཞིང་རླུང་དགང་སྟེ། སྐེད་པ་གཡས་གཡོན་གསུམ་གསུམ་བསྐོར་བས་ལྟེ་བའི་རྩ་མདུད་དང་། རོ་སྟོད་དེ་བཞིན་གཅུས་པས་སྙིང་ག་དང་། མགྲིན་པ་བསྐོར་ཞིང་དགྱེ་སྒུས་མགྲིན་པ་དང་། མགོ་བོ་མཉེ་བསྲུབ་འཕུར་བས་དུང་ཁང་དང་། རྐང་ལག་བརྐྱང་བསྐུམ་འཕུར་བས་རྩ་ཕྲན་ཐམས་ཅད་ཀྱི་མདུད་པ་འགྲོལ་ལ། འབེབ་ཆུང་གསུམ་གྱི་འཕྲུལ་འཁོར་བྱས་པས་དངས་མ་ཀྲེམ་འདྲེན་ཁྲེམ་པར་འགྱུར་རོ། །རླུང་རོ་ཧ་གསུམ་སྤྲུག་ཅིང་གསིག་པས་རླུང་གི་ཉེས་སྐྱོན་ཐམས་ཅད་གྲོལ་བར་འགྱུར་རོ། །ཧ་སྤྲུག་གསུམ་རེ་པོ་རླུང་འཇོག་པའི་དུས་ཐམས་ཅད་དུ་གལ་ཆེ་ཞིང་མཐར་བསྔོ་སྨོན་མཐའ་རྒྱས་སུ་བྱའོ།། ཞེས་དེང་སང་གལ་ཆུང་ཆོས་ལ་བྱེད་དུས་འདི་ལྟར་དགོས་ཆེད་ཀྱིས་དབེན་ཀྱང་དད་བཙུན་པ་ཉ་མོ་ཚེ་རིང་གིས་ཡང་ཡང་བསྐུལ་ངོར་མ་ལྡོག་ཙམ་དུ་གཞུང་དང་གསུང་རྒྱུན་ལྟར་རིག་འཛིན་རྒྱ་མཚོས་བྲིས་པ་དགེ་ཞིང་ཤིས་པར་གྱུར་ཅིག། །།

བཀའ་སྲུང་མགོན་པོ་ཕྱག་བཞི་པའི་དབང་།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བཀའ་སྲུང་མགོན་པོ་ཕྱག་བཞི་པའི་དབང་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ མཎྜལ་དུག་ཁྲག་ཆག་ཆག་གདབ༔ མགོན་པོའི་དཀྱིལ་འཁོར་བྲིས་ནས་ཀྱང་༔ སྨན་གཏོར་རཀྟ་དར་ནག་བཤམས༔ ལས་བྱང་བཏང་ཞིང་བསྙེན་ཁ་གསོ༔ ཏིང་འཛིན་ངང་ནས་བསྐྱེད་རིམ་གསལ༔ སྣོད་དང་ལྡན་པའི་སློབ་མ་ཡིས༔ ནམ་གྱི་སྲོད་ལ་བབས་པའི་ཚེ༔ གོ་མཚོན་དར་ཟབ་ནག་པོ་སོགས༔ དབང་ཡོན་མཎྜལ་ལག་ཏུ་ཐོགས༔ དབང་དོན་གསོལ་བ་འདི་ལྟར་གདབ༔ རྡོ་རྗེ་འཛིན་དབང་དཔའ་བོ་ཆེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ ནག་པོ་ཆེན་པོའི་དབང་བསྐུར་སྩོལ༔ སློབ་དཔོན་གྱིས་འདི་སྐད་དོ༔ འོ་ཁྱེད་ཅག་སྐལ་ལྡན་རིགས་ཀྱི་བུ༔ མ་ཧཱ་ཀཱ་ལའི་ད་ལ་འདིར༔ འཇུག་པར་འདོད་པའི་བུ་ཡིན་ན༔ ཚུལ་བཞིན་བསྙེན་སྒྲུབ་སྐྱོང་ནུས་སམ༔ ཞིང་བཅུ་ཡན་པར་མི་གཏོང་བའི༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ སློབ་མ་རྣམས་ཀྱིས༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ མ་ཧཱ་ཀཱ་ལ་དཔལ་ཆེན་པོའི༔ བསྙེན་སྒྲུབ་ཚུལ་བཞིན་སྐྱོང་ནས་ཀྱང་༔ ཞིང་བཅུའི་བསྟན་དགྲ་བརླག་པ་ཡི༔ དམ་ཚིག་སྲོག་ལ་བབས་ཀྱང་སྲུང་༔ དབང་བསྐུར་བདག་ཅག་རྣམས་ལ་སྩོལ༔ ཅེས་ཞུས་གྲལ་དུ་འཁོད༔ བགེགས་ལ་བཀའ་བསྒོ་ཞིང་མཚམས་བཅད༔ སྐྱབས་སེམས་རྣམས་སྤྱི་འགྲོས་ལྟར་འབོགས༔ མཎྜལ་དབུལ་ཞིང་གསོལ་བ་འདི་ལྟར་གདབ༔ རྡོ་རྗེ་སློབ་དཔོན་ཧེ་རུ་ཀ༔ དཔལ་ཆེན་བླ་མ་དགོངས་སུ་གསོལ༔ སྲིད་གསུམ་དྲེགས་པའི་ཆེ་བཙན་དཔལ༔ མ་ཧཱ་ཀཱ་ལའི་དབང་བསྐུར་ཞུ༔ ཅེས་ལན་གསུམ་ཞུ༔ དེ་ནས་སློབ་མ་རྣམས་ཀྱི་རྒྱུད་སྦྱངས་ཤིང་པདྨ་ཧེ་རུ་ཀའི་བསྐྱེད་རིམ་ཕོག༔ བཛྲ་ཀྲོ་ཏའི་སྔགས་དང་ཨ་ཝེ་ཤ་ཡས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ༔ དེ་ནས་མགོན་པོའི་དཔལ་གཏོར་ཙཀ་ལིས་བརྒྱན་ཞིང་དར་ནག་གི་གུར་ཕུབ་པ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ གཏོར་སྣོད་བྷན་དྷ་ཡངས་པའི་སྣོད་མཆོག་ཏུ༔ དཔལ་བཤོས་འབར་བ་ཡེ་ཤེས་མགོན་པོའི་སྐུ༔ བརྒྱུད་འཛིན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་ཝེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཁྲག་མགྲིན་པར་བཞག་ལ༔ ཧཱུྃ༔ ལྕང་ལོ་ཅན་གྱི་ཐོད་སྣོད་ཡངས་པ་རུ༔ དམར་ཆེན་འབར་བ་རཀྟའི་བདུད་རྩི་སྐྱིལ༔ ནུས་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཝཱཀྐ་ཨ་ཝེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་མཐིང་ནག་དར་གྱི་ཅོད་པན་དང་བཅས་པ་སྙིང་གར་བཞག་ཅིང་༔ ཧཱུྃ༔ གནམ་ལྕགས་འབར་བའི་གྲི་གུག་ཧཱུྃ་གིས་མཚན༔ མཐིང་ནག་དར་གྱི་ཅོད་པན་ཀུན་ཏུ་འཕྱོ༔ དམ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཙིཏྟ་ཨ་ཝེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩེ་གསུམ་ལྟེ་བར་བཞག་ཅིང་༔ ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ མི་མགོ་སྐམ་རློན་སྐྲ་ཡི་ལན་ཕྲན་ཅན༔ བསྟན་འཛིན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་རཏྣ་ཨ་བྷི་ཥིཉྩ་ཨ་ཝེ་ཤ་ཡ་ཨཱ༔ རལ་གྲི་ལག་ཏུ་གཏད་ཅིང་༔ ཧཱུྃ༔ སྤུ་གྲི་འབར་བ་རྡོ་རྗེའི་ཡུ་བ་ཅན༔ དྲག་པོའི་མཚོན་ཆ་སྣ་ཚོགས་བུ་ཡུག་འཐིབ༔ བསྟན་སྐྱོང་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་འཕྲིན་ལས་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཨ་ཝེ་ཤ་ཡ་ཨཱཿ དེ་ནས་ལིངྒ་དགུག་གཞུག་དྲག་ཏུ་བྱས་ལ་ཛཿཧཱུྃ་བཾ་ཧོཿས་ཕྱག་རྒྱས་བསྡམས་ཤིང་༔ ཨཱོཾ་མ་ཧཱ་ཀཱ་ལ་མ་མ་དུ་ཛ༔ ཨཱོཾ་མ་ཧཱ་ཀཱ་ལ་ནྲི་ཏྲི་ཐུམ་རིལ་རྦུད༔ ཏྲག་རཀྴ་ཐུམ་རིལ་རྦད༔ མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡ་ཡཱ༔ སྙིང་རྩ་ལ་རྦད་རྦད༔ རུ་རུ་པ་ཙ་ཡ་ཡཱ༔ མ་ཧཱ་ཀཱ་ལ་བྷྱོ་བྷྱོ༔ དགྲ་བོའི་ཙིཏྟ་གཏུབས་གཏུབས༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཤག་ཤག་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་ཊ་དགྲ་བོ་མཱ་ར་ཡ་ཧཱུྃཿཕཊ༔ ཅེས་པའི་དྲག་སྔགས་ཀྱི་བཟླས་པས་དམོད་ཅིང་ཕྱག་མཚན་དང་ཐུན་གྱིས་བརྡེག༔ བསྒྲལ་ལས་བྱ་ཞིང་གཏོར་མར་འབུལ༔ དེ་ནས་དར་ནག་ལག་གཡས་སུ་གཏད་སྒྲུབ་ཡིག་གཡོན་དུ་གཏད་ཅིང་འདི་སྐད་དོ༔ ཧཱུྃ༔ མ་ཡེངས་བུ་ཁྱོད་སློབ་དཔོན་ངག་ལ་ཉོན༔ དར་ནག་སྒྲུབ་ཡིག་མགོན་པོའི་བླ་རྡོ་སྟེ༔ ཁྱོད་ལ་གཏད་དོ་ནམ་ཡང་མ་གཏོང་བཟུང་༔ མ་ཧཱ་ཀཱ་ལ་ནག་པོ་སྟོང་གི་ཚོགས༔ མ་མོ་བྱེ་བ་ཤ་ཟ་འབུམ་གྱི་སྡེ༔ བསྟན་བསྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིས༔ དམ་ལ་གནས་པའི་རྡོ་རྗེའི་སློབ་བུ་འདིས༔ བྱིན་པའི་ཟས་ཟོ་བཅོལ་བའི་ཕྲིན་ལས་སྒྲུབས༔ དམ་ལྡན་རྣམས་ལ་བསྲུང་ཞིང་མེལ་ཚེ་མཛོད༔ དམ་མེད་ལོག་པར་ལྟ་བ་རྡུལ་དུ་རློགས༔ ཅེས་བརྗོད་བསྐུལ་བ་འདོན་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕེན་པའམ༔ མངའ་གསོལ་བྱ་ཞིང་རྟེན་གཏོར་དུ་བཅང་ཡང་རུང་ངོ་༔ ཤ་ཁྲག་ཆང་སོགས་ཕངས་མེད་ཀྱི་ཚོགས་བྱ༔བསྔོ་སྨོན་གྱིས་རྗེས་སྐྱོང་ཞིང་དཀྱིལ་འཁོར་གྱི་ལས་རྗེས་མི་མངོན་པར་བྱའོ༔ དམ་ལ་གནས་ཤིང་སྒྲུབ་པའི་བསྟན་པ་འཛིན་ངེས་མ་གཏོགས་སུ་ཐོད་ཐོད་ལ་སྦྱིན་ན༔ རང་ལ་ནག་པོ་ཆེན་པོའི་འཁུ་ལྡོག་འོང་བས་སྐལ་ལྡན་རེ་རེ་ཙམ་ལས་སྤེལ་མི་རུང་ངོ་༔ ཤིན་ཏུ་གསང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡེ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་པའོ།། སརྦ་མངྒ་ལཾ།། །།

ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་བཞུགས༔ ཡེ་ཤེས་མགོན་པོ་ལ་ཕྱག་འཚལ་ལོ༔ དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ མར་ངོའི་དུས་ཆེན་ཡང་ན་ཉ༔ ནག་པོ་ཆེན་པོ་རྒྱུ་བའི་དུས༔ དུར་ཁྲོད་ལ་སོགས་དབེན་གནས་སམ༔ ལུང་ནས་བཤད་པའི་གནས་ཡུལ་ཏེ༔ ཏེ་སེ་ཙ་རི་གཏེར་སྒྲོམ་བྲག༔ ཡང་ན་ང་ཡིས་བྱིན་བརླབས་པའི༔ བོད་ཀྱི་གནས་ཆེན་གང་རུང་ངམ༔ ཡང་ན་གནམ་ས་རི་ཀླུངས་རྩུབ༔ ཚེར་མ་ཅན་གྱི་ཤིང་སྐྱེས་ཤིང་༔ བྲག་ནག་རལ་བ་བསིགས་འདྲའི་དྲུང་༔ དཀྱིལ་འཁོར་ས་བླང་སྟེགས་བུ་བཟོ༔ དུག་དང་གྲི་ཁྲག་ཆག་ཆག་གདབ༔ དུར་ཁྲོད་ཀྱི་སོལ་བས་བྱུག་ཅིང་ནག་པོར་བྱས་པའི་སྟེང་དུ༔ འབྲུ་ནག་གི་ཚོམ་བུ་དགུའམ་ཡང་ན་ལྷ་གྲངས་ལྟར་འགོད༔ གྲི་ལྕགས་ཀྱི་རལ་གྲི་གསུམ་ཁྲིའུ་བྱས་པའི་སྟེང་དུ༔ ཁྲོ་ཟངས་སམ་ཐོད་པ་སོགས་ཀྱི་ནང་དུ་འབྲུ་ནག་གི་ཕྱེ་ལ་དཔལ་གྱི་བཤོས་བུ་ཟུར་གསུམ་པ༔ རབ་མདའ་གང་༔ འབྲིང་ཁྲུ་གང་༔ ཐ་ནའང་མཐོ་གང་པ་ཞིག་ལ་བཤོས་ཕྲན་ལྷ་གྲངས་དང་མཉམ་པས་བསྐོར༔ ཨུག་ཀྱུ་དང་ཤ་དུམ་མང་དུ་བསགས༔ མགོན་པོ་ཡབ་ཡུམ་གྱི་ཙཀ་ལི་མདའ་རྒོད་སྒྲོ་མར་བཏགས་ཤིང་༔ དར་མཐིང་གི་གུར་ཕུབ་པ་གཏོར་མར་གཟུགས༔ གཞན་ཡང་ཤ་སྣ་སྙིང་སྣ་དཔལ་འབར་དགྲ་བོའི་ལིངྒ་ལ་སོགས་པས་ཚང་བར་བརྒྱན༔ འཚེ་དང་ཡུངས་ཀར་ལ་སོགས་པའང་གཙོ་བོ་ལ་བཞི་བཞི༔ འཁོར་རྣམས་ལ་གཉིས་གཉིས་ཀྱིས་བརྒྱན༔ མཎྜལ་གྱི་སྟེང་དུ་བདུད་རྩི་སྨན༔ རཀྟ་དམར༔ གྷ་ན་ཚོགས༔ སུ་ར་ཆང་༔ མཾ་ས་ཤ་ལ་སོགས་པའི་མཆོད་རྫས་འཕྱར་དར་གཡབ་དར་གོ་མཚོན་སྤྱན་གཟིགས་སོགས་དང་༔ དབང་པོ་ལྔའི་མེ་ཏོག༔ གསུར་ཆེན་གྱི་བདུག་སྤོས༔ ཞུན་ཆེན་གྱི་མར་མེ༔ དྲི་ཆུའི་བྱུག་པ༔ དྲི་ཆེན་གྱི་ཞལ་ཟས༔ རྐང་གླིང་ཐོད་རྔའི་རོལ་མོ་ལ་སོགས་འབྱོར་ཚད་དུ་བཤམས༔ རང་གི་མདུན་དུ་ཉམས་པའི་གཟུགས་བྱད་ཧོམ་ཁུང་མཚན་ལྡན་དུ་མིང་རུས་བླ་དྭགས་ཟག་རྫས་ལྡན་པ་བཤམས་ཤིང་༔ རྣལ་འབྱོར་པ་བདེ་བའི་གདན་ལ་འདུག་སྟེ༔ ཡི་དམ་གང་ཡིན་གྱི་ལས་ཀྱི་གཞུང་བསྲང་༔ ཏིང་ངེ་འཛིན་གསལ་ཞིང་བསྙེན་པ་དུམ་ཞིག་བསྐྱལ་ཏེ༔ སྐད་ཅིག་གི་རང་ཉིད་ཡི་དམ་དབང་ཆེན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་མདུན་དུ༔ ཐུགས་ཀ་ནས་ཨེ་མཐིང་ནག་ཅིག་ཆད་པས་ནམ་མཁའ་མཐའ་དབུས་བྲལ་བ་ཞིག་ཏུ་བསམས༔ ཡཾ་ཆད་པས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ༔ ར་ཆད་བས་རཀྟའི་རྒྱ་མཚོ༔ སུཾ་ཆད་པས་ཞིང་ཆེན་གྱིས་གཞི༔ ཀེཾ་ཆད་པས་རུས་པའི་རི་རབ༔ རཾ་ཆད་པས་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་དུ་བྷྲཱུྃ་ཆད་པ་ལས་དྲག་པོ་འབར་བའི་གཞལ་ཡས་ཁང་ཐོད་པའི་སྐུ་མཁར་ཟུར་གསུམ་པ༔ མེ་རླུང་དང་ཐོག་མཚོན་སྣ་ཚོགས་ཀྱི་ཚུབ་མ་འཁྲུག་པ༔ དུར་ཁྲོད་ཀྱི་ས་གཞི་ཆེན་པོར་བཾ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་པའི་ཀློང་དཀྱིལ༔ རཀྟའི་རྒྱ་མཚོ་མུ་མཐའ་མེད་པར་འཁྱིལ་བའི་ཀློང་དུ༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ་ཨེ་གྲུ་གསུམ་དམར་ནག་ཏུ་འབར་བའི་དཀྱིལ་འཁོར་དབུས་པདྨ་དང་ཉི་མ་རོ་ཡི་གདན་གྱི་ཁར༔ ཡི་གེ་ཧཱུྃ་མཐིང་ནག་གཅིག་ལས་འོད་ཟེར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཡེ་ཤེས་དང་འཇིག་རྟེན་གྱི་མགོན་པོ་ཐམས་ཅད་ཀྱི་སྲོག་སྙིང་བསྡུས༔ ཧཱུྃ་ལ་ཐིམ་ཞིང་གཟི་བརྗིད་རྒྱས༔ ནུས་མཐུ་དཔལ་དུ་འབར་བས་སྐད་ཅིག་གིས་ཡོངས་སུ་གནས་གྱུར་ཏེ༔ དཔལ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་སྐུ་མདོག་མཐིང་ནག་ཟར་མའི་མེ་ཏོག་གམ་ཨིཎྜ་ནཱི་ལ་ལྟ་བུ༔ ཞལ་གཅིག་སྤྱན་གསུམ་དྲག་ཏུ་ཁྲོས་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྨ་ར་དང་སྨིན་མ་གློག་ལྟར་དུ་འཁྱུག་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ལ་ཐོད་ཕྲེང་དང་རྩེ་བྲན་གྱིས་བརྒྱན་པ༔ ཕྱག་གཡས་ཀྱི་དང་པོས་རལ་གྲི་རྡོ་རྗེའི་ཡུ་བ་ཅན་ནམ་མཁར་འཕྱར་བ༔ གཡོན་གྱི་དང་པོས་ཏྲི་ཤུལ་རྩེ་གསུམ་འཕྱར་བ༔ འོག་མ་གཉིས་ཀྱིས་གྲི་ཐོད་ཀྱི་ཕྱག་རྒྱས་ཡུམ་ཙནྟི་ཀ་ལ་འཁྱུད་པ༔ སྐུ་ཆེ་ལ་གསུས་ཁྱིམ་སྦོམ་པ༔ ཡན་ལག་རགས་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཞིང་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་དཀྱིལ་དུ་ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་གི་ཚུལ་དུ་བཞུགས་པར་བསྒོམ༔ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལའི་པང་དུ་ལུས་དང་གྲིབ་མའི་ཚུལ་དུ་སྲོག་སྙིང་ཡི་གེ་མ་ནག་མོ་ལས་ཡུམ་མཆོག་ཆེན་པོ་ཙནྟི་ཀ་ནག་མོ་ཞལ་གཅིག་ཕྱག་བཞི་མ༔ ཕྱག་དང་པོ་གཉིས་ཀྱིས་གྲི་ཐོད་ཀྱི་ཕྱག་རྒྱས་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡས་ཀྱི་འོག་མས་གནམ་ལྕགས་ཀྱི་རལ་གྲི་དང་གཡོན་གྱི་འོག་མས་མདའ་གཞུ་བསྣམས་པ༔ ཞལ་གདངས་ཤིང་རྐན་སྒྲ་བརྡེབ་པ༔ སྤྱན་གསུམ་བགྲད་པ་དབུ་སྐྲ་ཐུར་དུ་འཕྱང་བ་ལ་ཐོད་ཕྲེང་གིས་བརྒྱན་པ༔ གཟིག་ལྤགས་ཀྱི་ཤམ་ཐབས་རུས་རྒྱན་དང་ཐོད་པའི་ཕྲེང་བས་སེ་རལ་ཁར་བརྒྱན་པ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བར་བསྐྱེད༔ དེའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་གཙོ་བོ་ཡབ་ཡུམ་གྱི་མདུན་དང་ལྔར༔ སྐུ་ཡི་བཀའ་སྡོད་ལས་མགོན་བྱ་རོག་གི་གདོང་པ་ཅན་དཀར་པོ༔ གསུང་གི་བཀའ་སྡོད་དམར་པོ༔ ཐུགས་ཀྱི་བཀའ་སྡོད་མཐིང་ག༔ ཡོན་ཏན་གྱི་བཀའ་སྡོད་སེར་པོ༔ འཕྲིན་ལས་ཀྱི་བཀའ་སྡོད་ལྗང་གུ་སྟེ༔ ལྔ་པོ་ཐམས་ཅད་བྱ་རོག་གི་གདོང་པ་ཅན༔ གདོང་པ་ཐམས་ཅད་མཐིང་ག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ སྐུ་ཤིན་ཏུ་གཏུམ་ཞིང་བརྔམ་པའི་ཞལ་དང་ལྡན་པ་ལ་རལ་པ་ཁམ་ནག་གྱེན་དུ་འབར་བ༔ སྟག་ལྤགས་རློན་པའི་ཤམ་ཐབས་ཅན༔ ཕྱག་གཡས་གནམ་ལྕགས་ལས་གྲུབ་པའི་གྲི་གུག་རང་རྟགས་ཀྱི་ཡུ་བ་ཅན་ཉམས་པའི་སྙིང་འབྱིན་པའི་ཚུལ་དུ་ནམ་མཁའ་ལ་འཕྱར་བ༔ གཡོན་ཐམས་ཅད་ན་དམར་ཆེན་གྱིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ༔ དབུ་སྐྲ་དང་ཕྱག་ཞབས་ཐམས་ཅད་ལ་ཀླུ་རིགས་རྣམ་པ་ལྔས་བརྒྱན་པ༔ བྱ་རོག་འཕུར་ཤེས་ལ་བཅིབས་པར་བསྐྱེད༔ དེའི་ཕྱི་རོལ་ཕྱོགས་བཞིར་ཤར་དུ་ཚངས་པ་དུད་ཀ་ཞལ་གཅིག་ཕྱག་གཉིས་དར་དཀར་གྱི་ན་བཟའ་གསོལ་ཞིང་གཡས་སྣ་ཚོགས་འབར་བའི་འཁོར་ལོ་དང་༔ གཡོན་ལྕགས་ཀྱུ་བསྣམས་པ་མདའ་གཞུ་འཁོར་གསུམ་གྱིས་བརྒྱན་ཞིང་དར་དཀར་གྱི་ལ་ཐོད་ཅན༔ རྟ་མཆོག་ངང་པ་གསེར་ལྡན་ལ་བཅིབས་པ༔ ལྷོ་ཕྱོགས་སུ་གཤིན་རྗེ་སེར་ནག་ཞལ་གཅིག་ཕྱག་གཉིས་སྐུ་ལ་བསེ་ཁྲབ་སེར་པོ་གསོལ་ཞིང་མདའ་གཞུ་འཁོར་གསུམ་གྱིས་བརྒྱན་པ༔ གཡས་གནམ་ལྕགས་ཀྱི་རལ་གྲི་དང་གཡོན་ཁྲམ་ཤིང་ཅན་དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ཆུ་གླང་ཁམ་པ་ལ་བཅིབས་པ༔ ནུབ་ཏུ་བཙན་རྗེ་དམར་ནག་ཞལ་གཅིག་ཕྱག་གཉིས་བསེ་ཁྲབ་དམར་པོ་གསོལ་ཞིང་གཡས་རྡོ་རྗེ་དང་གཡོན་དགྲ་སྙིང་ཞལ་དུ་གསོལ་བ༔ མདའ་གཞུ་འཁོར་གསུམ་གྱིས་བརྒྱན་ཞིང་དར་དམར་གྱི་ལ་ཐོད་ཅན་བཙན་རྟ་དམར་པོ་ལ་བཅིབས་པ༔ བྱང་ཕྱོགས་སུ་གནོད་སྦྱིན་སྔོན་པོ་ཞལ་གཅིག་ཕྱག་གཉིས་གནམ་ལྕགས་ཀྱི་གོ་ཁྲབ་གསོལ་ཞིང་མདའ་གཞུ་འཁོར་གསུམ་གྱིས་བརྒྱན་པ༔ གཡས་གནམ་ལྕགས་ཀྱི་རྡོ་རྗེའི་གཏུན་བུ་དང་གཡོན་དགྲ་བགེགས་ཀྱི་དོན་སྙིང་གསོལ་བ་དབུ་སྐྲ་ཁམ་ནག་ལ་ཐོད་པས་བཅིངས་པ༔ བདུད་རྟ་ནག་པོ་ལ་བཅིབས་པར་བསྐྱེད༔ མཚམས་བཞིར་ནག་མོ་ཆེན་མོ་འབར་མ་བྱ་ཞོན་དཀར་སེར་དམར་ལྗང་མཐིང་ག་བྱ་རོག་གི་གདོང་པ་ཅན༔ གཡས་རྩེ་གསུམ་ནམ་མཁར་འཕྱར་བ་གཡོན་ཐོད་པ་དགྲ་བགེགས་ཀྱི་སྙིང་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་ཤིང་གསོལ་བ༔ སྐུ་ལ་ཐོད་ཕྲེང་དང་ཡན་ལག་སྦྲུལ་གྱིས་བརྒྱན་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་ཞིང་གཟིག་གི་ཤམ་ཐབས་གསོལ་ཏེ་བྱ་རོག་འཕུར་ཤེས་ལ་བཅིབས་པར་བསྐྱེད༔ དེའི་ཕྱི་རོལ་དུར་ཁྲོད་ཆེན་པོའི་བར་འཁྱམས་དང་ཁོར་ཡུག་རྣམས་སུ་མ་མོ་མཁའ་འགྲོ་ཞིང་སྐྱོང་ཕྲ་མེན་བདུད་ཀྱི་སོ་པ༔ གཤིན་རྗེའི་ཕོ་ཉ་བཙན་གྱི་ཇག་པ་སྤྲུལ་པ་དང་ཡང་སྤྲུལ་གྱི་ཚོགས་ལས་ཁྲག་གི་ཆར་པ་དང་ནད་ཀྱི་ན་བུན་འཐུལ་བ༔ ཁྲོ་གཏུམ་དྲག་ཤུལ་འཇིགས་སུ་རུང་བའི་སྐུ་ལས་སྤྲུལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པར་འཕྲོ་བ༔ རླུང་ལས་མགྱོགས་པ་གློག་ལས་མྱུར་བ་དྲག་པོའི་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པ༔ སྟེང་ཕྱོགས་ཀྱི་ནམ་མཁའ་ལ་སྤྲུལ་པའི་བྱ་ནག་གནམ་ལྕགས་འབར་བའི་མཆུ་སྡེར་ཅན་མང་པོས་དགྲ་བགེགས་ཀྱི་རྒྱུ་མ་འདྲེན་ཞིང་རོལ་བ༔ གཡས་ཕྱོགས་སུ་ཨ་ཙ་ར་མང་པོས་གར་བྱེད་པ༔ གཡོན་ཕྱོགས་སུ་མོན་པ་མང་པོས་བྲོ་བརྡུང་བ༔ མདུན་ཕྱོགས་སུ་མི་ནག་གཅེར་བུ་མང་པོས་འོ་དོད་དགྲ་ལ་འབོད་པ༔ རྒྱབ་ཕྱོགས་དང་འོག་གི་ཕྱོགས་རྣམས་སུ་ཁྱི་ནག་དོམ་བུས་ཉམས་པའི་ཤ་ལ་རོལ་ཞིང་གདུག་པའི་གཅན་གཟན་མང་པོས་དགྲ་བགེགས་ཀྱི་སྙིང་ཁྲག་འཐུང་བ༔ སྤྲུལ་པའི་ཕོ་ཉ་རེ་རེ་ལའང་བྱེ་བ་དུང་ཕྱུར་གྱི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་བར་སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད༔ ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་ལ་ཨཱོཾ་ཨཱཿཧཱུྃ་དང་རང་རང་གི་ཐུགས་སྲོག་གིས་ཡོངས་སུ་མཚན་པར་བསྒོམ༔ དེ་ནས་རང་ཉིད་དབང་གི་རྒྱལ་པོའམ་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གདན་ན་ལེནྜ་བསིལ་བ་ཚལ་སོགས་གང་དུ་བཞུགས་པའི་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས༔ སྐད་ཅིག་དེ་ཉིད་ལ་བྱ་ཆེན་ཐད་ལ་ལྷགས་པའམ་གཅན་གཟན་ཤ་ལ་རུབ་པ་ལྟར་སྒྲུབ་པའི་གནས་སུ་བྱོན་ནས་བསྐྱེད་པའི་སྐུ་ལ་ཐིམ་པར་བསམ་ཞིང་༔ གདུང་བས་སྤྱན་འདྲེན་མཆོད་པས་མཆོད་བསྟོད་པས་བསྟོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྔགས་འཁོར་བསྒོམ་པ་ནི༔ རང་ཉིད་ཡི་དམ་དང་མདུན་བསྐྱེད་མགོན་པོའི་ཐུགས་ཀར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ༔ ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་ཞིག་གི་མཐའ་སྐོར་དུ༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛ་སིདྡྷི་གྷུ་ན་ཧྲཱི་ད་ཡཱ་ཧཱུྃ་ཕཊ༔ ཞེས་པའི་སྔགས་འབྲུ་འདི་རྣམས་འོད་སྔོན་པོའི་ཕྲེང་བ་ལ་ཞོན་ཏེ་གཡོན་སྐོར་དུ་ཀྱི་ལི་ལི་རང་སྒྲ་དང་བཅས་ནས་འཁོར༔ འོད་ཟེར་གྱི་ཕྲེང་ཐག་གཡས་སུ་འཁོར་བ་ལ་ཤེས་རིག་མ་ཡེངས་པར་གཏད་ཅིང་༔ རང་གི་ཞལ་ནས་བཟླས་པ་དང་མཉམ་དུ་རང་ཉིད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཕར་འཕྲོས༔ དཔལ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀར་ཕོག༔ ཐུགས་ཀའི་སྔགས་འབྲུ་རྣམས་ལ་དབྱེར་མེད་དུ་ཐིམ༔ མགོན་པོ་ཆེན་པོས་སྔོན་གྱི་དམ་ཚིག་གཉན་པོ་དྲན༔ མགོན་པོའི་ཞལ་ནས་སྔགས་ཕྲེང་གི་འོད་ཟེར་འཐོན༔ ཚུར་འཕྲོས་རང་ཉིད་ཡི་དམ་དུ་གསལ་བའི་ཞལ་དུ་ཞུགས་ཤིང་ཐུགས་ཀའི་སྔགས་འབྲུ་རྣམས་ལ་ཐིམ་ཞིང་འཁོར་བས༔ དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ཞིང་བསྒོ་བའི་བཀའ་ཉན་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམས་ཏེ༔ གོང་གི་སྙིང་པོ་འབུམ་ཚོ་གཅིག་བཟླས་པས་རབ་དངོས་འབྲིང་ཉམས་ཐ་ན་འང་རྨི་ལམ་དུ་མགོན་པོས་སྲོག་སྙིང་འབུལ་བ་དང་༔ སྒྲུབ་རྫས་རྣམས་ལ་འོད་འཁྱུག་པ་དང་༔ མེ་འབར་བ་དང་༔ དུད་པ་འཐུལ་བ་དང་༔ བྱ་ནག་མང་པོས་བསྐོར་བར་རྨི་བ་དང་༔ གོས་ནག་གྱོན་པ༔ དར་ནག་འཕྱར་བ༔ ཁྲག་འཐུང་བ༔ དབང་པོ་དོན་སྙིང་ལ་སོགས་ལ་རོལ་བ༔ བྷན་ཆང་འཐུང་བ༔ ཕྱག་མཚན་རྙེད་པ༔ དམག་དྲངས་པ༔ ལིངས་བཏབ་པ༔ ཤིང་བཅད་པ༔ བྲག་བཤགས་པ༔ གཏོར་མ་ལས་མེ་འབར་བ༔ སྨན་རག་ཁོལ་བ་སོགས་བྱུང་ན་མགོན་པོ་གྲུབ་པའི་རྟགས་ཡིན་ནོ༔ བསྙེན་གྲངས་མ་རྫོགས་ཀྱང་རྟགས་རྣམས་གསལ་ན༔ ཚེ་རབས་སྔ་མའི་ལས་འཕྲོ་ཡོད་པ་ཡིན་པ་དང་༔ བསྙེན་གྲངས་རྫོགས་ཀྱང་རྟགས་མ་གསལ་ན༔ བསྙེན་སྒྲུབ་ཀྱི་ཏིང་འཛིན་གཡེལ་བ་དང་༔ བཟླས་བརྗོད་མ་དག་པ་དང་༔ དམ་ཚིག་ཉམས་ཆག་སོགས་ཡོད་པའི་རྟགས་ཡིན་པས༔ བསྙེན་གྲངས་དུས་དང་བཅས་པ་བལྡབ་སྟེ་བརྩོན་འགྲུབ་ཀྱིས་འབད་པ་གལ་ཆེའོ༔ ལར་དངོས་གྲུབ་ཐ་དད་པ་འདོད་ན༔ སྔགས་ཕྲེང་འོད་ཟེར་དང་བཅས་པ་དཀར་པོར་བསྒྱུར་ཞིང་ཞི་བའི་འཕྲིན་ལས་ཐམས་ཅད་འགྲུབ་པར་བསམ་པ་དང་༔ རྒྱས་པ་ལ་སེར་པོ་དབང་ལ་དམར་པོ་དྲག་པོ་ལ་ནག་པོ་སྟེ༔ ལས་བཞི་སོ་སོར་སྦྱོར་བ འམ་གཅིག་ཏུ་བསྒྲུབ་པ་སོགས་རང་རང་གི་འདོད་དང་བསྟུན་ནོ༔ ཐུན་སྐབས་རྣམས་སུ་དགྲ་བོ་ལ་དམིགས་པའམ་ཡང་ན་བགེགས་སོགས་གང་གནོད་པའི་བླ་སྲོག་འགུགས་བསྟིམ་ལིངྒ་ལ་བྱ་ཞིང་༔ དེ་བསྒྲལ་བའི་ཤ་ཁྲག་གིས་མཆོད་པའམ་ཤ་ཁྲག་ཟན་ཆང་ལ་སོགས་སྣ་ཚོགས་པ་གཏོར་མ་ལ་དབུལ་ཞིང་༔ རྩ་སྔགས་ཀྱི་མཇུག་ཏུ་དགྲ་བགེགས་བསྒྲལ་བའི་མ་ཧཱ་མཾ་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གྷོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྷ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་སོགས་ཉེར་གཅིག་གམ་བདུན་སོགས་ཀྱིས་འབུལ༔ འདོད་པའི་དོན་ལ་གསོལ་བ་གདབ་ཅིང་འཕྲིན་ལས་བཅོལ༔ ཉམས་ཆགས་བཤགས་པའི་བསྐང་བ་སོགས་ཀྱང་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་ཉིད་པདྨ་འབྱུང་༔ སྔོན་འདས་རྒྱལ་བའི་ལུང་བསྟན་ཐོབ༔ ད་ལྟ་བསྟན་པ་འཛིན་སྐྱོང་སྤེལ༔ མ་འོངས་སྤྲུལ་པས་འགྲོ་བ་འདུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཕོ་རྒྱུད་མགོན་པོ་སྲོག་སྙིང་ཕུལ༔ ཡེ་ཤེས་མགོན་པོ་ཕྱག་བཞི་པ༔ འཕགས་པ་མཆོག་གི་སྤྲུལ་པ་སྟེ༔ རྒྱུད་འདིའི་བཀའ་ཡི་སྲུང་མ་མཆོག༔ དེ་ཕྱིར་ཆོས་འདིའི་བསྟན་སྐྱོང་ཕྱིར༔ སྒྲུབ་པ་ཉམས་ལེན་རིམ་པ་འདི༔ ཡི་གེར་བྲིས་ནས་གཏེར་ཏུ་བཅོལ༔ ལན་ཅིག་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང་༔ སངས་རྒྱས་བསྟན་པའི་བསྲུང་མར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་སྤྱན་དྲངས་ཤིང་ཁམས་སྲིང་མོ་རྫོང་དུ་ཤོག་སེར་ལས་ཞལ་བཤུས་པའོ། །སརྨ་མངྒ་ལཾ།། །། ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔

མ་ཧཱ་ཀཱ་ལའི་བླ་རྡོ།

བཀའ་སྲུང་མ་ཧཱ་ཀཱ་ལའི་བླ་རྡོ་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ དཔལ་ནག་པོ་ཆེན་པོ་སྒྲུབ་པའི་རྣལ་འབྱོར་བས༔ མགོན་པོ་རང་དབང་མེད་པར་འགྲུབ་པའི་ཐབས༔ རྟེན་བཅའ་བ་ནི༔ ཕྱི་རྟེན་རྟ་ནག་གཡག་ནག་ལུག་ནག་ར་རོག་ཁྱི་ནག་རྣམས་མགོན་པོ་ལ་བཙན་ཞིང་༔ རང་གིས་བདག་ཏུ་མི་བཟུང་བར་བསྐང་རྫས་སུ་དབུལ་བའོ༔ ནང་རྟེན་ནི་སྒྲུབ་རྫས་རྣམས་ཚུལ་བཞིན་བསགས་པ་དང་༔ མགོན་ཁང་གི་སྟེང་འོག་བར་གསུམ་གང་འཐད་དམ་རྟེན་གཏོར་སྒྲུབ་མདོས་སོགས་ཀྱི་མདུན་དུ་བྱ་རོག་ཁྱི་གཡག་ར་ལུག་རྟ་སོགས་ཀྱི་གསོབ་བརྒྱངས་ཤིང་རྒྱལ་མཚན་དུ་འཛུགས་པ་སོགས་དང་༔ དར་ནག་ཁ་ཊྭཱཾ་མདའ་གཞུ་གོ་ཁྲབ་མདུང་དར་རྐང་གླིང་ཐོད་རྔ་གྲི་ལག་གི་གཡབ་མོ་ཞྭ་ནག་གོས་ནག་ལ་སོགས་ཚུལ་བཞིན་བཅང་བའི་རིམ་པའོ༔ གསང་རྟེན་ནི༔ བྱ་རོག་གདོང་གི་གཟུགས་བྱ་རོག་གི་ཁྲག་དང་མཚལ་གྱིས་བྲིས་པའི་ཐུགས་ཀར་གྲུ་གསུམ་པའི་དཀྱིལ་དུ་ཧཱུྃ་བྲིས༔ ཐ་མར་སྙིང་པོས་བསྐོར་བར་བྱའོ༔ རོ་རས་ལ་བྱ་རོག་འབར་མའི་གཟུགས་འབྲི༔ ཐུགས་ཀར་མ་སྨུག་ནག་གི་ཐ་མར་སྙིང་པོས་བསྐོར༔ དེའི་ཐ་མར་པདྨ་འབྲི༔ དར་ནག་པོ་ལ་ཡེ་ཤེས་མགོན་པོའི་སྐུ་བྲིས་ལ་ཐུགས་ཀར་ཧཱུྃ་ལ་སྲོག་སྙིང་གིས་བསྐོར༔ དེའི་ཐ་མར་རྡོ་རྗེའི་ཕྲེང་བས་བསྐོར་བ་བྲི༔ རྟ་ནག་པོའི་སྙིང་༔ ཁྱི་ནག་པོའི་སྙིང་གི་རྩེ་མོ༔ པདྨ་རཀྟ༔ མི་སྙིང་དུམ་གཅིག༔ ལ་ཕུག༔ ཉའི་སྙིང་༔ རྒྱ་སྤོས༔ རིན་ཆེན་ལྔ༔ སྨན་ལྔ༔ དར་སྣ་ལྔ༔ ཨ་མྲྀ་ཏ༔ དེ་རྣམས་བྱ་རོག་གི་སྙིང་ཤུན་དུ་གཏུམས་པ་དར་དམར་པོས་དྲིལ་ཏེ༔ འཁོར་ལོ་རྣམས་ཀྱི་ནང་དུ་བཞུགས་ཤིང་༔ གཞི་ལ་འདུག་དུས་མདའ་རྒོད་སྒྲོ་མེར་མ་བཤུར་པའི་མགུལ་དུ་གདགས་ཤིང་གཏོར་ཁང་གི་སྟེང་ལ་འཛུགས༔ བྱེས་སུ་འགྲོ་ན་རང་གི་མཆན་ཁུང་གཡོན་དུ་བཅང་༔ འདི་ནི་སྒྲུབ་པའི་བླ་རྡོ་ཞེས་བྱ་བས་བཅངས་ཤིང་བསྒྲུབས་པ་ཙམ་གྱིས་མགོན་པོ་ཤུགས་ཀྱིས་འཁོར་བར་ཐེ་ཚོམ་མེད་དོ༔ མིས་མཐོང་ན་ཤིན་ཏུ་རིང་བར་འགྱུར་རོ༔ བླ་རྡོ་འདི་ལ་མགོན་པོ་བསྐྱེད་བསྟིམ་ཡང་ཡང་དུ་བྱ་ཞིང་༔ རབ་ཏུ་རང་སྔགས་ཅི་མང་གིས་གནས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ་གུ་ཧྱཿས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་པའོ།། སརྦ་མངྒ་ལཾ།། །།

དཔལ་ཡེ་ཤེས་མགོན་པོའི་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་མཆོག་གི་ནོར་བུ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ དཔལ་ཡེ་ཤེས་མགོན་པོའི་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་མཆོག་གི་ནོར་བུ་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ མི་དགེ་བཅུའི་སྟོབས་རྒྱས་པས༔ མི་རུང་སྣ་དགུ་འབྱུང་བའི་ཚེ༔ རྣལ་འབྱོར་བར་ཆད་རྐྱེན་བཟློག་དང་༔ མགོན་པོ་འཁུ་ལྡོག་སེལ་བའི་ཕྱིར༔ བསྒྲུབ་པའི་རིམ་པ་བསྟན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ མཎྜལ་དུག་ཁྲག་རོ་སོལ་བྱུགས༔ དབུས་སུ་གྲི་གུག་ལྟེ་བ་ལ༔ ཧཱུྃ་ཡིག་མིག་ཏུ་ཁྱཾ་བྲིས་ཤིང་༔ ཕྱི་རིམ་འཁོར་ལོ་རྩིབས་བདུན་བཅད༔ དྲེགས་པ་བདུན་གྱི་སྲོག་ཡིག་བཀོད༔ ཐོད་ར་དུར་ཁྲོད་མེ་རི་དང་༔ པདྨ་རྡོ་རྗེ་མེ་རིས་བསྐོར༔ དུར་ཁྲོད་རྡོ་ཚོན་ཁ་དོག་བསྒྱུར༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ ཁྲོ་ལྕགས་སམ་ནི་བྷནྦྷའི་སྣོད༔ འབྲུ་ནག་ཕྱེ་ལ་དཔལ་བཤོས་ནི༔ ཁྲུ་གང་མདའ་ཕྱེད་མཐོ་གང་སོགས༔ སྐབས་དང་བསྟུན་ཤིང་བཤོས་ཕྲན་བདུན༔ འཁོར་དུ་བསྐོར་ཞིང་ཐེབ་ཀྱུ་བཅུ༔ ཤ་དུམ་ཅི་མང་ཐ་མར་བསྐོར༔ ཉམས་པའི་དགྲ་བོའི་དབང་པོ་ལྔ༔ གང་གནོད་ཡིད་བསམས་བགེགས་རྣམས་ཀྱི༔ གློ་སྙིང་རྒྱུ་མ་མཁལ་མ་དང་༔ མཆིན་པ་ལོང་ཀ་མཁྲིས་པ་དང་༔ བྱ་ནག་ཟང་མཆུ་མང་པོ་འདབ་ཆགས་དང་༔ དམ་ཉམས་བྱད་མ་རྣམས་ཀྱི་མིང་ཡིག་དང་༔ གང་གནོད་བྱད་མ་རྣམས་ཀྱི་ཟླ་རྡོ་དང་༔ ཁྱད་པར་སྡེ་བརྒྱད་རྣམས་ཀྱི་མིང་ཡིག་དང་༔ དེ་རྣམས་གཏོར་མའི་མདུན་ན་ཧོམ་དུ་བཅུག༔ ཧོམ་གྱི་སྟེང་དེར་བྱ་རོག་གདོང་བཞི་འགོད༔ སྤྱན་གཟིགས་དང་བཅས་མགོན་པོའི་སྲོག་ཡིག་བྲིས༔ སྨྱུག་རྒོད་ཚིག་གསུམ་མགུལ་དུ་ནི༔ མེ་ལོང་དར་སྣ་ཅི་མང་བཏགས༔ བུད་མེད་མཚན་དང་ལྡན་པའི་སྐྲ་ཤད་དང་༔ ལི་སོ་ཉམས་དང་ལྡན་པའི་གཙང་ཆབ་དང་༔ གྲོ་ལ་སོགས་པའི་འབྲུ་སྣ་ཚོགས༔ བཟང་པོ་དྲུག་ལ་སོགས་པའི་སྨན་སྣ་ཚོགས༔ སྤོས་སྣ་ལ་སོགས་པའི་སྤོས་སྣ་ཚོགས༔ དེ་རྣམས་རིན་པོ་ཆེ་ལ་སོགས་པའི་སྣོད་བྷནྡྷ་ཅི་ཡོད་ཀྱི་ནང་ལ་འགོད༔ དཀྱིལ་འཁོར་གྱི་ཕྱོགས་བཞི་ལ་མདའ་དར་དང་མེ་ལོང་དང་མདའ་གཞུ་དང་རལ་གྲི་ལ་ཛཿཧཱུྃ་བཾ་ཧོཿབསྐང་བརྒྱད་ཀྱི་རིགས་བྲིས་ལ་བཞག་གོ༔ ནང་སྒོ་ལ་སྲུང་བའི་རིགས་གསུམ་མགོནཔོའི་ཙཀླི་འགོད༔ དེའི་རྒྱལ་ཐོ་ལ་བྱ་རོག་གདོང་གི་སྐུ་གཟུགས་བཞེངས༔ གོང་དུ་ཆོ་ག་ཚར་རེ་དང་བཅས་པའི་བཀའ་གཏེར་དང་བཅས་པ་ཉིན་ཚར་ཆགས་མི་རུང་པ་ཡིན༔ ཚོགས་དང་བསྐང་བ་གཉིས་གསལ་བ་སྤྱི་དང་མཐུན༔ ནང་ཚར་གྲོ་ཚར་དགོང་གཏོར་འབུལ་ཁ་ལ་ཚར་རེ་དང་བཅས་པ་རབ་ཡིན༔ འབྲིང་ཚར་གཉིས་ཐ་མ་ཚར་རེ་བྱ༔ མཆོད་པ་སྤྱི་ལྟར་བྱས་ལ་བཤམས༔ ཐུན་གསུམ་བྱ༔ རང་ཉིད་ལྷར་གསལ་བའི་ངང་ནས་རྩ་བའི་བསྙེན་པ་འདི་ལྟར་བྱ༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛཿསིདྡྷི་ཧཱུྃ་ཕཊ༔ ཅེས་དང་བརྒྱ་ཚོ་བཅུ་གསུམ་བཟླས་ཙམ་ན༔ ཤར་ནས་བྱེད་པའི་གདོན་བགེགས་འདུལ༔ བྱད་ཀྱི་ཚོགས་ལས་རྒྱལ་བར་ངེས༔ སྟོང་ཚོ་བཅུ་ཙམ་བཟླས་ཙམ་ན༔ ལྷ་དང་ལྷ་མིན་དབང་དུ་འདུས༔ ཁྲི་ཚོ་བཅུ་གསུམ་བཟླས་ཙམ་ན༔ བསྒྲུབ་པའི་རྟགས་ནི་འགྲུབ་པ་ལ༔ ཉི་ཟླ་ཆ་ལང་དུ་གདབ་པ་དང་༔ གནས་གསུམ་ལ་རབ་གནས་བྱས་པ་དང་༔ གྲི་གུག་མགུལ་དུ་བསྒྲིལ་བ་དང་༔ མཁར་བཤིགས་པ་དང་༔ ལྕགས་བླུགས་པ་དང་༔ བསད་པ་དང་བརྡུང་བ་དང་བདས་པ་དང་ཁྱི་དང་ལི་ལི་བསད་པ་དང་ཤ་ཟོས་པ་དང་ཁྲག་འཐུང་བ་དང་དེ་རྣམས་ཕ་རོལ་ཐུབ་པའི་རྟགས་ཡིན༔ དེ་དག་ལྷ་སོ་སོའི་སྒྲ་སྐད་དི་རི་རི་བསྒོམ༔ སྤྲོ་བའི་གནས༔ ཤ་ཆེན་གྱི་དུད་པ༔ ཚིལ་ཆེན་གྱི་བདུག་སྤོས༔ མི་རྐང་གི་རྐང་བུ༔ མི་ཐོད་ཀྱི་ཌཱ་རུ་རྣམས་འཁྲོལ་ཞིང་འདི་སྐད་དོ༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ དཔལ་ཆེན་ཡེ་ཤེས་མགོན་པོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ ཡེ་ཤེས་མགོན་པོ་ཡབ་ཡུམ་ནི༔ མ་ལུས་འཁོར་དང་བཅས་པ་༔ དམ་དབྱེར་མེད་པར་གསལ་གདབ་ནས༔ ལྷ་ཚོགས་ལ་ཐིམ་འོད་ཟེར་འཕྲོས་པས༔ གནས་གསུམ་པ་ཕོག༔ ནུས་སྟོབས་ཐམས་ཅད་རང་རང་དང་བསྲུང་བྱ་བདག་གཞན་དབྱེར་མེད་པར་གསལ་གདབ་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་དབྱེར་མེད་པར་བདག་གཞན་ལ་ཐིམ་པའོ༔ དཔལ་ཡེ་ཤེས་ཀྱི་མགོན་པོའི་ལྷ་ཚོགས་བདེན་པའི་ལས་མཛད་པ༔ སྒྲུབ་པའི་རྟགས་ཐོན་པའི་བསྲུང་མ་ལས་ལ་བསྐུལ་བ༔ ཐུགས་ལས་འོད་ཟེར་དེ་ཕར་འཕྲོས་པས༔ ནག་པོའི་ཚོགས་ལ་ཕོགས་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རྡུལ་དང་མཉམ་པ་མཐའི་རྒྱ་མཚོའི་རྦ་རླབས་དང་མཉམ་པ་གཅིག་ཏུ་བསྐྱེད༔ འོད་ཟེར་འཕྲེང་ཐག་ལས་སྔགས་རང་སྒྲ་དང་བཅས་པ་ཚ་བའི་གནས་ཕྲེང་ཐག་གཡོན་དུ་འཁོར་བ་ལས་རིགས་ཀྱི་བདག་པོ་ཨ་མི་དེ་བ་འབུམ་ཕྲག་ལས་ལ་བཀོལ་བ་བདག་གི་བཀའ་ཉན་པར་གྱུར༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛཿསིདྡྷི་ཧཱུྃ་ཕཊ༔ སྔགས་དེ་ལས་འོད་ཟེར་ཡར་འཕྲོས་པས་སྟེང་ལྷ་མགོན་ལ་ཕོག་པས་སྣང་སྲིད་རབ་འབྱམས་ཐམས་ཅད་མཐུ་དང་ནུས་པའི་བཅུད་བསྡུས་རང་གི་ཚེ་བསོད་ལ་ཐིམ་ཚེ་བསོད་ནམས་ཀྱི་ངོ་བོ་ཧཱུྃ་བྷྲཱུྃ་ནྲི་ཛཿབདག་དང་བདག་ལ་ནུས་སྟོབས་རྒྱས༔ ཡེ་ཤེས་མགོན་པོའི་བཀའ་སྡོད་མྱུར་འགྱོགས་ཕྱག་ཚང་རུ་འདྲེན་བྲན་གཡོག་གཅིག་ལ་གཅིག་སྤྱད་པ་ལྟར་བདག་གི་དབང་དུ་བསྡུས་པས་ལས་བྱེད་པར་གྱུར༔ དེ་ནས་ལས་མགོན་བཞིའི་སྒྲུབ་ཐབས་ནི༔ འདི་སྐད་དོ༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་ལ༔ སྙིང་པོ་འཛབ་ཀྱིས་མཆོད་པ་འཕྲོ་འདུ་ལས༔ བསྒྲུབ་པའི་རིག་འཛིན་མཆོག་གི་དངོས་གྲུབ་སྩོལ༔ བདག་ལ་འཆི་བ་མེད་པའི་དངོས་གྲུབ་སྩོལ༔ དུས་འདིར་ལྷ་མཆོག་མ་ཧཱ་ཀཱ་ལའི་ཚོགས༔ གདུག་པ་འདུལ་མཛད་ལས་མགོན་འཁོར་བཅས་ཀྱིས༔ ཕྱི་ནང་གསང་བའི་བསྙེན་ཅིང་བསྒྲུབ་པ་ལ༔ དུས་འདིར་བདག་གི་ལྷ་མཆོག་སྒྲུབ་པ་ལ༔ ལས་མགོན་འཁོར་དང་བཅས་པ་ཐམས་ཅད་ལ༔ བདག་གིས་སྙིང་པོ་འཛབ་ཀྱི་མཆོད་པ་འབུལ༔ ལྷ་མཆོག་འཁོར་བཅས་མ་ཧཱ་ཀཱ་ལ་ཡཱ༔ ཡང་གསང་དོན་དང་སྒྲུབ་པའི་མཆོད་པ་འབུལ༔ ཐུགས་རྗེས་བྱིན་གྱིས་རློབས་ལ་བར་ཆད་སོལ༔ ཡིད་དང་མཐུན་པའི་སྡོང་གྲོགས་མཛད་དུ་གསོལ༔ གཞུང་གི་བསྟོད་པ་ནི༔ ཧཱུྃ༔ ཧཱུྃ་ལས་བྱུང་བའི་མ་ཧཱ་ཀཱ་ལ་ཡ༔ ཆེ་བཙན་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ལས་བཞི་སྒྲུབ་པའི་དཔལ་མགོན་ནག་པོའི་ཚོགས༔ ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དྲེགས་པའི་ལས་མཛད་ཡེ་ཤེས་མགོན་པོའི་ཚོགས༔ ནག་པོ་སྟོང་གི་སྐུ་ལ་ཕྱག་འཚལ་བསྟོད༔ ཀཱ་ལའི་སྒྲ་ཡིས་སྟོང་གསུམ་སྒྲོལ་བྱེད་པ༔ ཚེ་བཙན་དགྲ་སྲོག་གཅོད་ལ་ཕྱག་འཚལ་བསྟོད༔ འཇིགས་པའི་ཞལ་ལས་ཧ་ཧིའི་སྒྲ་སྒྲོགས་ཞིང་༔ དགྲ་ཁམས་འཇོམས་པར་མཛད་ལ་ཕྱག་འཚལ་བསྟོད༔ དགྱེས་པའི་གད་མོས་སྲིད་གསུམ་དབང་དུ་བསྡུས༔ ཧཱུྃ་གི་ང་རོས་ཐམས་ཅད་བརྒྱལ་ཞིང་རེངས༔ སྲིད་པ་གསུམ་ལ་ཁྱབ་པར་བྱེད་པའི་མཆོག༔ ལྷ་མཆོག་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕ་ཚན་སྟོབས་དང་ནུས་པ་ཆེ་མཛད་པའི༔ དགྲ་སྲོག་གཅོད་མཛད་མ་ཧཱ་ཀ་ལའི་ཚོགས༔ དབང་བསྡུད་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ དེ་ལྟར་མགོན་པོར་གསོལ་བ་བཏབ་པའི་མཐུས༔ བདག་གཞན་བསྒྲུབ་པའི་བར་དུ་གཅོད་པའི་བགེགས༔ ལུས་ངག་ཡིད་གསུམ་ཐལ་བར་བརླག་མཛད་ནས༔ ཅི་བཅོལ་ལས་བྱེད་མགོན་པོའི་ཚོགས་ལ་བསྟོད༔ ཅེས་དེ་ལྟར་སྒྲུབ་པའི་འཕྲིན་ལས་བཅོལ༔ བསམ་པའི་དོན་ཀུན་ཐོག་མེད་སྒྲུབས༔ སྒྲུབ་པ་བཅའ་ཞིང་ཅི་བདེར་བྱ༔ ཉ་སྟོང་དུས་ཆེན་སོགས་ལ་ཡང་༔ ཐུགས་དམ་བསྐང་ཞིང་ལས་བཞིན་བསྒྲུབས༔ བདེ་གཤེགས་བཀའ་ཡི་སྲུང་མར་བཅོལ༔ ཚུལ་བཞིན་བསྟན་པ་མཐའ་རྒྱས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་མང་ཡུལ་བྱམས་པ་སྤྲིན་ནས་སྤྱན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པ་འདི་ཡང་རིག་འཛིན་མིང་གིས་སོ། །དགེ་ལེགས་འཕེལ། །སྒྲུབ་པ་འདོན་ཉིན་མངའ་གསོལ་ཚར་གཅིག་འདོན།། །།

ཡེ་ཤེས་མགོན་པོའི་འཕྲིན་ལས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཡེ་ཤེས་མགོན་པོའི་འཕྲིན་ལས་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འད྄ུད༔ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལའི་སྒྲུབ་ཐབས་ཀྱི་ཁ་སྐོང་དུ༔ འཕྲིན་ལས་ཀྱི་གཞུང་བསྲང་བར་འདོད་པའི་རྣལ་འབྱོར་པས༔ དུར་ཁྲོད་དམ་དབེན་པའི་གནས་སུ་མགོན་པོའི་རྟེན་རྫས་དང་སྨན་རག་གཏོར་མ་སོགས་ལེགས་པར་བཤམས་ལ༔ ཡི་དམ་གྱི་མཆོད་བསྟོད་ཚར་ནས་བསྙེན་པ་བརྒྱ་སྟོང་གིས་ཁ་གསོ༔ དེ་ནས་མདུན་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་བསྐྱེད་པ་ནི༔ ཧཱུྃ་མཐིང་ནག་ཨེ་ལས་ནམ་མཁའ་ཆེ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞིའི་དབུས༔ ཀེཾ་ལས་རུས་པའི་རི་རབ་བརྗིད༔ རཾ་ལས་མེ་དཔུང་དམར་ནག་ཀློང་༔ བྷྲཱུྃ་ལས་དྲག་པོའི་གཞལ་ཡས་ཁང་༔ ཐོད་མཁར་མེ་རླུང་མཚོན་ཆ་འཁྲུག༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་ཀློང་༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ༔ ཨེ་དཀྱིལ་པད་ཉི་རོ་གདན་སྟེང་༔ ཧཱུྃ་ཡིག་མཐིང་ནག་འཕྲོ་འདུ་ལས༔ དཔལ་ཆེན་ཡེ་ཤེས་མགོན་པོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ གཡས་གཡོན་རལ་གྲི་རྩེ་གསུམ་འཕྱར༔ འོག་གཉིས་གྲི་ཐོད་ཡུམ་ལ་འཁྱུད༔ ཉི་ཟླ་པདྨ་བཾ་གྱི་སྟེང་༔ ཕྱེད་སྐྱིལ་འགྱིང་བག་ཚུལ་གྱིས་བཞུགས༔ ཡུམ་མཆོག་ལྷ་མོ་ཙན་ཏི་ནག༔ ཞལ་གཅིག་ཕྱག་བཞི་འཁྲིལ་སྦྱོར་རོལ༔ དང་པོས་གྲི་ཐོད་ཡབ་ལ་འཁྱུད༔ འོག་གཉིས་མདའ་གཞུ་རལ་གྲི་བསྣམས༔ གཉིས་མེད་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཁྲོ་གཏུམ་དྲག་ཤུལ་འཇིགས་པའི་ཚུལ༔ མེ་དཔུང་འབར་བའི་ཀློང་དུ་བསྐྱེད་༔ ཕྱི་རོལ་འཁོར་ལོ་རྩིབས་བཞིའི་སྟེང་༔ བཀའ་སྡོད་བྱ་རོག་གདོང་པ་ཅན༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ གྲི་ཐོད་འབར་བའི་ཕྱག་རྒྱ་ཅན༔ ཆིབས་སུ་བྱ་རོག་འཕུར་ཤེས་བཅིབས༔ དེ་ཡི་ཕྱི་རིམ་ཤར་ཕྱོགས་སུ༔ ཚངས་པ་དུད་ཀ་དར་དཀར་གསོལ༔ ཕྱག་གཉིས་འཁོར་ལོ་ལྕགས་ཀྱུ་བསྣམས༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ ངང་པ་གསེར་ལྡན་ཆིབས་སུ་བཅིབས༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གཤིན་རྗེ་སེར་ནག་བསེ་ཁྲབ་སེར༔ གཡས་གཡོན་རལ་གྲི་ཁྲམ་ཤིང་འཛིན༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་ཆུ་གླང་ཁམས་པ་བཅིབས༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ བཙན་རྗེ་དམར་ནག་བསེ་ཁྲབ་དམར༔ གཡས་གཡོན་རྡོ་རྗེ་དགྲ་སྙིང་རོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ༔ གནོན་སྦྱིན་སྔོ་ནག་གོ་ཁྲབ་ཅན༔ གཡས་གཡོན་གཏུན་ཤིང་དགྲ་སྙིང་རོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་བདུད་རྟ་ནག་པོ་བཅིབས༔ མཚམས་བཞི་འཁོར་ལོའི་རྩིབས་སྟེང་དུ༔ འབར་མ་བྱ་ཞོན་བྱ་རོག་གདོང་༔ དཀར་སེང་དམར་ལྗང་མཐིང་གའི་མདོག༔ གཡས་གཡོན་རྩེ་གསུམ་ཐོད་ཁྲག་བསྣམས༔ ཐོད་ཕྲེང་ཡན་ལག་སྦྲུལ་གྱིས་བརྒྱན༔ ཆིབས་སུ་བྱ་རོག་འཕུར་ཤེས་བཅིབས༔ ཕྱི་རོལ་དུར་ཁྲོད་ཁོར་ཡུག་ཏུ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་ཞིང་སྐྱོང་བྱེ་བའི་ཚོགས༔ གསོད་གཅོད་ལས་མཛད་ཤ་ཁྲག་རོལ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་གསལ༔ ཤ་ཆེན་གྱི་དུད་པ་དང་མི་རྐང་གི་གླིང་བུ་སོགས་རོལ་མོ་སྣ་ཚོགས་འཁྲོལ་ཞིང༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་ནག་པོ་ཆེ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ གནས་མཆོག་གང་དུ་བཞུགས་གྱུར་ཀྱང་༔ མ་ཐོགས་ད་ཚུར་གཤེགས་སུ་གསོལ༔ ཨཱོཾ་མ་ཧཱ་ཀཱ་ལ་ཙིཏྟ་བཛྲ་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབང་མཛད་འབར་བའི་གཞལ་ཡས་འདིར༔ དྲག་མེ་དམར་ནག་འཚུབ་པའི་དཀྱིལ༔ མ་ཧཱ་ཀཱ་ལ་འཁོར་བཅས་རྣམས༔ དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ༔ ཨཱོཾ་མ་ཧཱ་ཀཱ་ལ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བདུད་དང་བར་ཆད་འདུལ་བའི་ལྷ༔ དཔལ་ལྡན་མགོན་པོ་ནག་པོ་ཆེ༔ ལས་མཛད་གིང་དང་བཅས་པ་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨཱོཾ་མ་ཧཱ་ཀཱ་ལ་ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ དགྱེས་པའི་མཆོད་པ་འབུལ་བ་ནི༔ དམར་ཆེན་རཀྟའི་ཡོན་ཆབ་དང་༔ དབང་པོ་ལྔ་ཡི་མེ་ཏོག་དང་༔ ཤ་ཆེན་སྤོས་ཀྱི་དུད་སྤྲིན་དང་༔ ཚིལ་ཆེན་སྣང་གསལ་མར་མེ་དང་༔ བདུད་རྩི་ལྔ་ཡི་དྲི་ཆབ་དང་༔ ཤ་ཆེན་རྣམ་ལྔའི་ཞལ་ཟས་དང་༔ རྐང་གླིང་ཐོད་པའི་སྒྲ་དབྱངས་སོགས༔ གཟུགས་སྒྲ་དྲི་རོ་རེག་བྱས་མཆོད༔ བདུད་རྩི་སྨན་མཆོད་མཚོ་ལྟར་བསྐྱིལ༔ དམར་ཆེན་ཨརྒྷཾ་རྦ་ལྟར་འཚུབ༔ བྷ་ལིང་གཏོར་མ་རི་ལྟར་སྤུངས༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་ལ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཧཱུྃ༔ བྷ་ལིངྟ་ཨ་མྲྀ་ཏ་སརྦ་པཱུ་ཙ་ས་མ་ཡཱ༔ མ་ཧཱ་ཀཱ་ལ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་ཙིཏྟ་མཾ་ས་བྷ་སུ་ཏ་གོ་རོ་ཙ་ན་ཁཱ་ཧི་ཁཱ་ཧི༔ བསྟོད་བ་ནི༔ ཧཱུྃ༔ འཕགས་མཆོག་ཐུགས་རྗེའི་དཀྱིལ་འཁོར་ནས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ བསྒྲུབ་པའི་བར་ཆད་བཟློག་པའི་ཕྱིར༔ མ་ཧཱ་ཀཱ་ལའི་སྐུར་བཞེངས་པ༔ མགོན་པོ་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཀའ་སྡོད་ལས་མཁན་བྱ་རོག་གདོང་༔ ལས་བཞིའི་འཕྲིན་ལས་ཐོགས་མེད་སྒྲུབ༔ སྲིན་པོའི་གཟུགས་འཆང་གདུག་པ་འདུལ༔ ལས་མགོན་ཚོགས་ལ་ཕྱག་འཚལ་བསྟོད༔ ཟ་བྱེད་མཁའ་འགྲོའི་གཙོ་མོ་སྟེ༔ སྲིན་མོའི་གཟུགས་འཆང་ནད་ཡམས་བདག༔ ཤ་ཟ་ཁྲག་འཐུང་རུས་འཆའ་མ༔ ནག་པོ་བྱ་ཞོན་ཕྱག་འཚལ་བསྟོད༔ འཇིག་རྟེན་ལས་གྲུབ་དྲེགས་པ་ཅན༔ མགོན་པོའི་བཀའ་ཉན་འཕྲིན་ལས་སྒྲུབ༔ གདུག་པའི་དགྲ་བགེགས་ཚར་གཅོད་པའི༔ ཚངས་པ་གཤིན་རྗེ་བཙན་དང་བདུད༔ གིང་ཆེན་བཞི་ལ་ཕྱག་འཚལ་བསྟོད༔ དུར་ཁྲོད་ཆེན་པོའི་ཁོར་ཡུག་ནས༔ ནག་པོ་སྟོང་དང་ཤ་ཟ་འབུམ་༔ མ་མོ་ཞིང་སྐྱོང་བྱེ་བའི་ཚོགས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ལ༔ གུས་པའི་ཡིད་ཀྱིས་བསྟོད་པར་བགྱི༔ ལས་ལ་རྦད་ཅིང་བསྐུལ་བ་ནི༔ བཤོས་བུ་དང་གསེར་སྐྱེམས་མཆོད་ཅིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་མ་ཧཱ་ཀཱ་ལ་ཡཱ༔ ཡུལ་མཆོག་ལྷ་མོ་ནག་མོ་ཙན་ཏི་མ༔ སྲིན་མགོན་ནག་པོ་ལས་མཁན་བྱ་རོག་གདོང་༔ འབར་མ་བྱ་ཞོན་ནག་མོ་འབུམ་སྡེའི་ཚོགས༔ གིང་ཆེན་སྡེ་བཞི་ཞིང་སྐྱོང་བསྟན་བསྲུང་འབུམ༔ འཕགས་མཆོག་སངས་རྒྱས་བསྟན་པ་སྲུང་བའི་ལྷ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔ མ་ཧཱ་ཀཱ་ལ་བསྟན་བསྲུང་རྒྱ་མཚོའི་ཚོགས༔ དགྲ་སྒྲོལ་བགེགས་འདུལ་དམག་ལ་ཆས་པའི་ཚེ༔ ཕོ་རྒྱུད་ནག་པོ་སྟོང་སྡེ་ཉི་ལི་ལི༔ མོ་རྒྱུད་མ་མོ་བྱེ་བ་ཤ་ར་ར༔ ཤ་ཟ་འབུམ་ནི་རྐན་སྒྲ་ཆེམས་སེ་ཆེམ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚུབས་སེ་ཚུབ༔ ཞིང་སྐྱོང་མགོན་པོས་བདུད་ཞགས་ཁྱུགས་སེ་ཁྱུག༔ ཕྱོགས་སྐྱོང་ཕོ་ཉའི་ཚོགས་ནི་སྤུངས་སེ་སྤུང་༔ རྒྱལ་ཆེན་ལས་བྱེད་ཚོགས་ནི་ཧྲུགས་སེ་ཧྲུག༔ བྱ་རོག་འདབ་ཆགས་འབུམ་ནི་ཉི་ལི་ལི༔ ཁྱི་ནག་དོམ་དྲེད་འབུམ་ནི་ཀངས་སེ་ཀང་༔ ཨ་ཙར་མང་པོ་གར་བྱེད་ཁྱུགས་སེ་ཁྱུག༔ མོན་པ་མང་པོས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ མི་ནག་གཅེར་བུས་འོ་དོད་ཙེར་རེ་རེ༔ དཔལ་ལྡན་ནག་པོ་ཆེན་པོ་འཁོར་བཅས་ཀྱིས༔ དོ་ནུབ་ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ སྡིག་ཅན་ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ ཤ་ཟོ་ཁྲག་འཐུང་བདུན་བརྒྱུད་རྩད་ནས་ཆོད༔ གནམ་གྱི་འཇུ་ཐག་ས་ཡི་བརྟེན་ཕུར་ཕུད༔ དཀོན་པའི་ཚེ་སྲོག་སྙིང་གི་དཀྱིལ་ནས་ཕྲོལ༔ ལོ་དང་ཟླ་བར་མ་འགྱངས་ཤོར་ར་རེ༔ ཞག་དང་ཟ་མར་མ་བཞག་མྱུར་དུ་སྒྲོལ༔ བསད་རྟགས་དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་འགྱུ་བར་བསྟུན་ཏེ་གཏོར་མ་བཏང་༔ གཡབ་མོ་བརྡབ་དམོད་མོ་བྱའོ༔ ས་མ་ཡཱ༔ རྒྱ༔ འདི་ལྟར་བརྩོན་པའི་རྣལ་འབྱོར་ལ༔ ནག་པོ་ཆེན་པོ་འཁོར་བཅས་ཀྱིས༔ བསྲུང་ཞིང་སྐྱོབ་སྟེ་བར་ཆད་སེལ༔ ལུས་དང་གྲིབ་མའི་ཚུལ་འགྲོག་ནས༔ བརྩམས་པ འི་ལས་རྣམས་ཡིད་བཞིན་བསྒྲུབ༔ དེ་ཕྱིར་བརྟེན་ཅིང་མཆོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་པའོ།། །།སརྦ་མངྒ་ལཾ།། །།

བཀའ་སྲུང་མ་ཧཱ་ཀཱ་ལའི་བསྐང་བ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བཀའ་སྲུང་མ་ཧཱ་ཀཱ་ལའི་བསྐང་བ་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ མ་འོངས་ཆོས་ལྡན་སྐྱེས་བུ་ཡི༔ བར་དུ་གཅོད་པའི་རྐྱེན་ཞི་ཞིང་༔ དངོས་གྲུབ་མ་ལུས་འཐོབ་འདོད་ན༔ མ་ཧཱ་ཀཱ་ལ་འདི་ལྟར་བསྐང་༔ དབེན་གནས་དུར་ཁྲོད་ཡུལ་དགོན་བཞི༔ གང་རུང་གནས་སུ་ཆག་ཆག་གདབ༔ རིན་པོ་ཆེ་ཡི་སྣོད་ནང་དུ༔ འབྲུ་ནག་ཕྱེ་ལ་རིན་ཆེན་བརྡར༔ ཤ་སྣ་སྙིང་སྣ་ཁྲག་སྣ་གདབ༔ སུ་ར་ཆང་དང་ཁྲག་གིས་སྦྲུས༔ རི་རབ་གྲུ་བཞི་གསུམ་བརྩེགས་སྟེང་༔ མགོན་པོའི་དཔལ་བཤོས་རྒྱན་ལྡན་བཤམས༔ ཐ་མར་ལྷ་གྲངས་བཤོས་བུས་བསྐོར༔ སྟོད་ལ་འདབ་ཆགས་བྱ་ཡི་རིགས༔ བར་དུ་ཅེ་སྤྱང་སྡེར་ཆགས་རིགས༔ སྨད་ལ་རི་དྭགས་གཡུང་དྭགས་ཏེ༔ མདོར་ན་དུད་འགྲོའི་རིགས་གྱུར་དང་༔ སྙིང་དང་ལིངྒ་ཚིལ་ཆེན་མར་མེ་དང་༔ དར་སྣ་ལྔ་ཡི་བ་དན་སོགས༔ དགུ་དགུའི་སོགས་ཀྱི་ཚང་བར་བྱ༔ སྟོད་ལ་བཀྲ་ཤིས་རྟགས་བརྒྱད་དང་༔ སྐེད་པར་རྒྱལ་སྲིད་སྣ་བདུན་ཏེ༔ སྨད་ལ་རྒྱུ་མའི་ཞགས་པས་བསྐོར་༔ གཙོ་འཁོར་རྣམས་ཀྱི་གཏོར་མ་ལ༔ སོ་སོའི་སྐུ་གཟུགས་རོ་རས་ལ༔ གྲི་ཁྲག་བྲིས་པའི་ཙཀ་ལི་གདགས༔ རྒོད་སྒྲོ་ཅན་གྱི་མདའ་གཟུག་ཅིང་༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ མགོན་པོའི་གཏོར་མའི་གཡས་གཡོན་དུ༔ ཉི་ཟླའི་གཟུགས་བྲིས་བརྒྱན་པར་བྱ༔ ཕྱི་ནང་གསང་བའི་རྟེན་རྣམས་དང་༔ སྨན་རག་གཏོར་མ་གྷ་ན་ཚོགས༔ སྤྱན་གཟིགས་ཀ་ཆ་དཀོར་ཆ་དགྲམ༔ ཡི་དམ་ལྷ་དང་མགོན་པོ་ཡི༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་གསོ༔ ལྟ་བ་གདེང་བསྐྱེད་ཏིང་འཛིན་གསལ༔ རང་ཉིད་ཡི་དམ་ལྷར་གསལ་ཞིང་༔ བསྐང་མདོས་མགོན་པོའི་ཕོ་བྲང་དབུས༔ དཔལ་ཆེན་མ་ཧཱ་ཀཱ་ལ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བས་བསྐོར་བར་བསམ༔ བསྐང་རྫས་ཕྱི་ནང་མཆོད་པའི་ཚོགས༔ མངོན་གསུམ་རང་གཟུགས་གཟི་བརྗིད་ཅན༔ གྱ་གྱུ་ལང་ལིང་བན་བུན་འཚུབ༔ ནམ་མཁའ་ས་གཞི་བར་སྣང་གང་༔ སོ་སོའི་སྒྲ་སྐད་དིར་དིར་བསྒོམ༔ སྤོས་བསྲེག་ཤ་ཆེན་དུད་པ་གཏོང་༔ རྣལ་འབྱོར་དྲག་པོའི་ཆས་ཀྱིས་བརྒྱན༔ དུར་ཁྲོད་གིང་པས་བཤུད་གླུ་འཆམས༔ རྔ་གླིང་ཐོད་རྔ་རོལ་མོ་འཁྲོལ༔ མཐིང་ནག་དར་གྱི་གཡབ་འདོར་ཞིང་༔ དམར་ཆེན་རཀྟ་སྦྲེང་བྱས་ནས༔ སྲིན་པོ་ཁྲོས་པའི་ངར་སྐད་ཀྱིས༔ བསྐང་བའི་ཆོ་ག་འདི་ལྟར་བྱ༔ ཧཱུྃ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ཡེ་ཤེས་མགོན་པོ་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་ཀྱི་གཞལ་ཡས་ནས༔ ལེགས་ལྡན་མགོན་པོ་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལས་ཀྱི་མགོན་པོ་གཤེགས་སུ་གསོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ དཔའ་བོ་མཁའ་འགྲོ་སྲུང་མར་བཅས༔ མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ མགོན་པོའི་ལས་མཛད་ནག་པོ་སྟོང་༔ ཤ་ཟ་མ་མོ་བྱེ་བའི་ཚོགས༔ འཁོར་བཅས་བྲན་གཡོག་སྤྲུལ་པ་འབུམ༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས༔ དུར་ཁྲོད་འབར་བའི་ཕོ་བྲང་འདིར༔ རང་རང་དགྱེས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ ནག་པོ་འཁོར་བཅས་ཐུགས་དམ་བསྐང་༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་སྐུ༔ མ་ཧཱ་ཀཱ་ལ་ནག་པོ་ཆེ༔ ཞལ་གཅིག་ཕྱག་བཞི་མཐིང་ནག་འབར༔ ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་༔ དེ་ཡི་སྐུ་ལ་འཁྲིལ་བའི་ཡུམ༔ མ་བརྒྱུད་མཁའ་འགྲོ་འབུམ་གྱི་གཙོ༔ ཡུམ་མཆོག་ལྷ་མོ་ཙན་ཏི་ནག༔ འབར་མ་ཆེན་མོའི་ཐུགས་དམ་བསྐང་༔ སྐུ་ཡི་འཕྲིན་ལས་དཀོན་མཆོག་བསྟན་པ་བསྲུང་༔ སྐུ་ཡི་མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ གསུང་གི་འཕྲིན་ལས་སྔགས་ཀྱི་རྒྱུད་སྡེ་བསྲུང་༔ གསུང་གི་མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་ཀྱི་འཕྲིན་ལས་སྒྲུབ་པའི་གང་ཟག་སྐྱོང་༔ ཐུགས་ཀྱི་མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡོན་ཏན་འཕྲིན་ལས་ལྷ་མིན་གཡུལ་ངོ་བཟློག༔ ཡོན་ཏན་མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ འཕྲིན་ལས་དྲག་པོས་ཉམས་པའི་དགྲ་བགེགས་སྒྲོལ༔ འཕྲིན་ལས་མགོན་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཕོ་ཉ་ལས་བྱེད་ཕྱོགས་བཅུའི་བསྟན་པ་སྐྱོང་༔ ཐུགས་སྤྲུལ་ནག་པོ་སྟོང་གི་ཐུགས་དམ་བསྐང་༔ བཀའ་ཆད་དྲག་པོས་ཞིང་བཅུའི་དགྲ་བགེགས་སྒྲོལ༔ ལས་བྱེད་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་༔ ཤིན་ཏུ་མི་བསྲུན་དགྲ་བོའི་སྲོག་དབུགས་དབྲལ༔ ལས་མཁན་མ་མོ་བྱེ་བའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ རི་རབ་དུར་ཁྲོད་ཕོ་བྲང་ཐུགས་དམ་བསྐང་༔ ཉི་ཟླ་རྒྱུ་སྐར་ཕྲེང་བས་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་རྟེན་གྱིས་ཐུགས་དམ་བསྐང་༔ སྨན་རག་གཏོར་ཚོགས་མཆོད་པས་ཐུགས་དམ་བསྐང་༔ སྤྱན་གཟིག་གོ་ཁྲབ་ཀ་ཅས་ཐུགས་དམ་བསྐང་༔ ལེ་བརྒན་ཟ་འོག་དར་སྣས་ཐུགས་དམ་བསྐང་༔ རིན་ཆེན་བཀྲ་ཤིས་རྟགས་ཀྱིས་ཐུགས་དམ་བསྐང་༔ འཁོར་བསྒྱུར་རྒྱལ་སྲིད་སྣ་བདུན་ཐུགས་དམ་བསྐང་༔ ཞིང་ཆེན་བྷ་སུའི་ཞགས་པས་ཐུགས་དམ་བསྐང་༔ འདབ་ཆགས་མཁའ་ལྡིང་སྟོང་གིས་ཐུགས་དམ་བསྐང་༔ སྡེར་ཆགས་གཅན་གཟན་འབུམ་གྱིས་ཐུགས་དམ་བསྐང་༔ རི་ཀླུང་དུད་འགྲོ་བྱེ་བས་ཐུགས་དམ་བསྐང་༔ དུད་ཁྲོད་གིང་ཆེན་བཤུད་པས་ཐུགས་དམ་བསྐང་༔ དམར་ཆེན་ཨརྒྷམ་སྦྲེང་བས་ཐུགས་དམ་བསྐང་༔ ཞུན་ཆེན་མར་་མེའི་མདངས་ཀྱིས་ཐུགས་དམ་བསྐང་༔ དབང་པོའི་མེ་ཏོག་མཆོག་གིས་ཐུགས་དམ་བསྐང་༔ བམ་ཆེན་རྒྱལ་མཚན་སྟོང་གིས་ཐུགས་དམ་བསྐང་༔ བསད་པའི་ཤ་སྣ་སྟོང་གིས་ཐུགས་དམ་བསྐང་༔ མྱོས་པའི་ཆང་སྣ་སྟོང་གིས་ཐུགས་དམ་བསྐང་༔ སྨིན་པའི་འབྲུ་སྣ་སྟོང་གིས་ཐུགས་དམ་བསྐང་༔ འབབས་པའི་ཆུ་སྣ་སྟོང་གིས་ཐུགས་དམ་བསྐང་༔ འབྲས་བུའི་སྨན་སྣ་སྟོང་གིས་ཐུགས་དམ་བསྐང་༔ བཞུར་བའི་ཁྲག་སྣ་སྟོང་གིས་ཐུགས་དམ་བསྐང་༔ བསྒྲལ་བའི་སྙིང་སྣ་སྟོང་གིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་འཁོར་སྲུངས་བར་ཆད་ཟློག༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ སྐུ་ཡི་བཀའ་སྡོད་བྱ་རོག་གདོང་༔ རྡོ་རྗེ་ཁྲག་འཐུང་འབར་བའི་ལྷ༔ གྲི་ཐོད་བྱ་རོག་འཕུར་ཤེས་ཆིབས༔ དཀར་པོ་འབུམ་གྱི་ཐུགས་དམ་བསྐང་༔ འགྲེས་ཤེས་པར་བྱའོ༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཡོན་ཏན་བཀའ་སྡོད་བྱ་རོག་གདོང་༔ རཏྣ་ཁྲག་འཐུང་འབར་བའི་ལྷ༔ གྲི་ཐོད་བྱ་རོག་འཕུར་ཤེས་ཆིབས༔ སེར་པོ་འབུམ་གྱི་ཐུགས་དམ་བསྐང་༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ གསུང་གི་བཀའ་སྡོད་བྱ་རོག་གདོང་༔ པདྨ་ཁྲག་འཐུང་འབར་པའི་ལྷ༔ གྲི་ཐོད་བྱ་རོག་འཕུར་ཤེས་ཆིབས༔ དམར་པོ་འབུམ་གྱི་ཐུགས་དམ་བསྐང་༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ འཕྲིན་ལས་བཀའ་སྡོད་བྱ་རོག་གདོང་༔ ཀརྨ་ཁྲག་འཐུང་འབར་བའི་ལྷ༔ གྲི་ཐོདབྱ་རོག་འཕུར་ཤེས་ཆིབས༔ ལྗང་གུ་འབུམ་གྱི་ཐུགས་དམ་བསྐང་༔ ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་ལྟེ་བ་ནས༔ ཐུགས་ཀྱི་བཀའ་སྡོད་བྱ་རོག་གདོང་༔ བྷུདྡྷ་ཁྲག་འཐུང་འབར་བའི་ལྷ༔ གྲི་ཐོད་བྱ་རོག་འཕུར་ཤེས་ཆིབས༔ ནག་པོ་འབུམ་གྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཕྱི་རོལ་ཤར་ཕྱོགས་ད་ལ་ནས༔ ཚངས་པ་དུད་ཀ་འཇིགས་གཟུགས་བརྔམ༔ སྤྲུལ་པ་ལྷ་དམག་འབུམ་དང་བཅས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ ལྷོ་ཕྱོགས་རྔམ་དྲག་དུར་ཁྲོད་ནས༔ གཤིན་རྗེ་སེར་ནག་དྲེགས་བྱེད་ཁྲོ༔ གཤིན་རྗེའི་དམག་ཚོགས་བྱེ་བས་བསྐོར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ ནུབ་ཕྱོགས་གཏུམ་དྲག་འབར་བ་ནས༔ བཙན་རྗེ་དམར་ནག་ཁྲོ་གཏུམ་བརྗིད༔ བཙན་དམག་བརྒྱ་སྟོང་ཁྲི་ཡིས་བསྐོར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ བྱང་ཕྱོགས་དྲེགས་བྱེད་འཁྲུག་པ་ནས༔ བདུད་རྒྱལ་སྔོ་ནག་འཁྲུག་ཅིང་འབར༔ ཉི་ཁྲི་བདུན་སྟོང་འཁོར་གྱིས་བསྐོར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ མཚམས་བཞི་འབར་བའི་དུད་ཁྲོད་ནས༔ བཀའ་ཉན་ནག་མོ་བྱ་རོག་གདོང་༔ འབར་མ་མཆེད་ལྔ་སྤྲུལ་འཁོར་བཅས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ དཔལ་གྱི་སྤྲུལ་པ་ཡིན་པའི་ཕྱིར༔ བྱ་ནག་འབུམ་གྱིས་ཐུགས་དམ་བསྐང་༔ དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར༔ ནག་པོ་འབུམ་གྱིས་ཐུགས་དམ་བསྐང་༔ ལོག་བྱེད་དགྲ་སྲོག་གཅོད་པའི་ཕྱིར༔ བཤན་པ་འབུམ་གྱི་ཐུགས་དམ་བསྐང་༔ བདུད་དམག་དགྲ་ལ་འགྱེད་པའི་ཕྱིར༔ ཞིང་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་༔ དགྲ་ལ་ཆོ་འཕྲུལ་གཏོང་བའི་ཕྱིར༔ ཨ་ཙར་མང་པོའི་ཐུགས་དམ་བསྐང་༔ བདུན་བརྒྱུད་རྩད་ནས་གཅོད་པའི་ཕྱིར༔ མོན་པ་སྨན་མོའི་ཐུགས་དམ་བསྐང་༔ དགྲ་བོའི་བླ་སྲོག་འགུགས་པའི་ཕྱིར༔ མི་ནག་མང་པོའི་ཐུགས་དམ་བསྐང་༔ ཉམས་པའི་ཤ་ཟ་ཁྲག་འཐུང་ཕྱིར༔ ཁྱི་སྤྱང་སྟག་གཟིག་དོམ་དྲེད་སེང་༔ གཅན་གཟན་མང་པོའི་ཐུགས་དམ་བསྐང་༔ མི་འབྲལ་རྒྱུན་དུ་འགྲོག་པའི་ཕྱིར༔ རྒྱུན་གྱི་གཏོར་མས་ཐུགས་དམ་བསྐང་༔ རྟག་ཏུ་འགྲོག་ཅིང་མགོན་སྐྱོབ་ཕྱིར༔ རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་༔ དྲག་པོའི་འཕྲིན་ལས་མཛད་པའི་ཕྱིར༔ ཐུན་དང་ཟོར་གྱིས་ཐུགས་དམ་བསྐང་༔ བཀའ་བཞིན་དམ་ལ་འདུ་བའི་ཕྱིར༔ སྒྲུབ་རྟེན་བླ་རྡོས་ཐུགས་དམ་བསྐང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ སྣ་ཚོགས་མཆོད་པས་ཐུགས་དམ་བསྐང་༔ བསོད་ནམས་ལོངས་སྤྱོད་རྒྱས་པའི་ཕྱིར༔ གྷ་ན་ཚོགས་ཀྱིས་ཐུགས་དམ་བསྐང་༔ དགྱེས་པའི་ཞལ་ཟས་ཡིན་པའི་ཕྱིར༔ ཤ་ཆེན་མཆོད་པས་ཐུགས་དམ་བསྐང་༔ བཏུང་བའི་ཡོན་ཆབ་ཡིན་པའི་ཕྱིར༔ རཀྟ་དམར་གྱིས་ཐུགས་དམ་བསྐང་༔ བདུག་པའི་དྲི་མཆོག་ཡིན་པའི་ཕྱིར༔ གསུར་ཆེན་དུད་པས་ཐུགས་དམ་བསྐང་༔ བྱུག་པའི་རྫས་མཆོག་ཡིན་པའི་ཕྱིར༔ རང་བྱུང་བདུད་རྩིས་ཐུགས་དམ་བསྐང་༔ འབོད་པའི་ཕོ་ཉ་ཡིན་པའི་ཕྱིར༔ མི་རྐང་གླིང་བུས་ཐུགས་དམ་བསྐང་༔ སྙན་ལ་དགྱེས་པའི་མཆོད་འབུལ་ཕྱིར༔ རོལ་མོ་སྣ་ཚོགས་ཐུགས་དམ་བསྐང་༔ སྤྱན་ལ་མཛེས་པའི་མཆོད་འབུལ་ཕྱིར༔ དབང་པོའི་མེ་ཏོག་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ བདག་གི་གཡར་དམ་སྐོངས་གྱུར་ཅིག༔ བཅོལ་བའི་འཕྲིན་ལས་གྲུབ་པ་མཛོད༔ ཧཱུྃ༔ མ་ཧཱ་ཀཱ་ལ་དགོངས་སུ་གསོལ༔ བདག་ནི་མ་རིག་གཏི་མུག་ཅན༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ ཉམས་ཆག་འགལ་འཁྲུལ་གནོང་ངོ་འགྱོད༔ ཉམས་པ་སྐོངས་ལ་ཆག་པ་སོལ༔ དབྱིངས་ནས་བཀའ་ཆད་མ་གཏོང་ཞིག༔ ཁྱོད་ཀྱི་ཐུགས་དང་འགལ་བ་རྣམས༔ ནག་པོ་འཁོར་བཅས་བཟོད་པར་གསོལ༔ ཁྱེད་ལ་འཕྲིན་ལས་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས༔ ཚེ་སྲིངས་དཔལ་བསྐྱེད་དབང་ཐང་སྤེལ༔ དཔལ་དང་གྲགས་པ་སྙན་གྲགས་སྒྲུབས༔ འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད༔ མི་དང་མི་མིན་དབང་དུ་སྡུས༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ ནད་ཁ་ཆོད་ལ་རྐྱེན་ཁ་ཟློག༔ འཆི་བ་བཤོལ་ལ་བར་ཆད་སྒྱུར༔ གོད་ཁ་ཆོད་ལ་ཕྱུགས་གཡང་སྤེལ༔ སྲིའུ་གསོས་ལ་ཆུང་སྲི་སོད༔ གཙུག་ལག་ཁང་སྐྱོངས་བསྟན་པ་སྤེལ༔ ཀ་ཅ་དཀོར་སྲུང་མེལ་ཚེ་མཛོད༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ལས་ཀྱི་མཐའ་སྐྱོང་ཞིང་༔ བརྟེན་མདོས་བྱེད་ན་ཕུགས་སུ་བཅངས༔ ལོ་དུས་བཞིན་དུ་གསོལ་མཆོད་བསྐང་༔ མགོན་ཞིང་སྡོང་གྲོགས་བྱེད་པར་འགྱུར༔ བསྐང་མདོས་བྱེད་ན་ཐོག་ཁར་གཤེགས༔ བར་ཆད་ཐམས་ཅད་བྱང་བར་འགྱུར༔ བསད་མདོས་བྱེད་ན་དགྲ་ཕྱོགས་བསྐྱལ༔ བཞེས་འབོད་གཡབ་མོ་དྲག་ཏུ་བྱ༔ དམིགས་པའི་དགྲ་བོ་བརླག་པར་འགྱུར༔ བསྒྲུབ་མདོས་བྱེད་ན་དཀྱིལ་འཁོར་དྲུང་༔ རྒྱུན་ཏུ་གསོ་ཞིང་བསྐང་བ་འདོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེས་མང་ཡུལ་བྱམས་པ་སྤྲི་ནས་གདན་དྲངས་པའོ། སརྦ་མངྒ་ལཾ།། །།

ཡེ་ཤེས་མགོན་པོའི་མངའ་གསོལ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཡེ་ཤེས་མགོན་པོའི་མངའ་གསོལ་བཞུགས༔ དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་ཕྱག་འཚལ་ལོ༔ བྷནྡྷའི་སྣོད་དུ་བཤོས་བུ་ལྷ་གྲངས་ཤ་དུམ་ཨུག་ཀྱུས་བསྐོར་བ་ལ་ལིངྒ་སྙིང་དང་དཔལ་འབར་གྱིས་མཚན་པ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས་བྱིན་གྱིས་བརླབས་ཏེ་མངའ་གསོལ་བའི་ཞལ་ཟས་སུ་འབུལ༔ རྩ་སྔགས་ལ་ཁཱ་ཧི་བདུན་བརྗོད༔ སྤྱན་གཟིགས་གཏོར་མ་སོགས་བཏེག་མཚམས་རྣམས་སུ་སྨན་རག་སྦྲེང་༔ རོལ་མོ་དབྱངས་དང་ལྡན་པས་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཆོས་སྐུའི་རྒྱལ་བ་རྒྱ་མཚོས་མངའ་གསོལ་བ༔ ཆོས་སྐུ་འགྱུར་མེད་མཐིང་ནག་ཞལ་གཅིག་པ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ མངའ་གསོལ་བྱས་སོ་མགོན་པོའི་དབུ་འཕང་བསྟོད༔ མངའ་གསོལ་བྱས་སོ་མགོན་པོའི་གཟི་མདངས་བསྐྱེད༔ མངའ་གསོལ་བྱས་སོ་མགོན་པོའི་མདངས་མ་ཞན༔ མངའ་གསོལ་བྱས་སོ་མགོན་པོའི་དཔའ་མ་ཞན༔ མངའ་གསོལ་བྱས་སོ་མགོན་པོའི་དཔུང་མ་ཉུང་༔ མངའ་གསོལ་བྱས་སོ་མགོན་པོའི་རྩལ་མ་ཞན༔ མངའ་གསོལ་བྱས་སོ་མགོན་པོའི་བང་མ་བུལ༔ མངའ་གསོལ་བྱས་སོ་མགོན་པོས་དགྲ་མ་འཆོར༔ མངའ་གསོལ་བྱས་སོ་མགོན་པོས་བགེགས་མ་གཏོང་༔ མངའ་གསོལ་བྱས་སོ་མགོན་པོ་མཐུ་མ་ཆུང་༔ མངའ་གསོལ་བྱས་སོ་མགོན་པོས་ལས་མ་འགྱང་༔ མངའ་གསོལ་བྱས་སོ་མགོན་པོ་གོང་མ་ལྕི༔ མངའ་གསོལ་བྱས་སོ་མགོན་པོ་རྒྱང་མ་རིང་༔ མངའ་གསོལ་བྱས་སོ་མགོན་པོས་སྟོངས་གྲོགས་མཛོད༔ མངའ་གསོལ་བྱས་སོ་མགོན་པོས་ཁ་འཛིན་མཛོད༔ མངའ་གསོལ་བྱས་སོ་མགོན་པོས་ཡག་ཁ་སྤྲོད༔ མངའ་གསོལ་བྱས་སོ་མགོན་པོས་ཉེས་ཁ་བསུབས༔ མངའ་གསོལ་བྱས་སོ་མགོན་པོས་དམ་ཚིག་དགོངས༔ མངའ་གསོལ་བྱས་སོ་མགོན་པོས་བསྟན་པ་སྲུངས༔ མངའ་གསོལ་བྱས་སོ་མགོན་པོས་མཐའ་དམག་ཟློག༔ མངའ་གསོལ་བྱས་སོ་མགོན་པོས་འཕྲིན་ལས་མཛོད༔ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ལོངས་སྐུའི་རྒྱལ་བ་རྒྱ་མཚོས་མངའ་གསོལ་བ༔ མཐིང་ནག་དར་གྱི་ཅོད་པན་སྐུ་ལ་གསོལ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ སྤྲུལ་སྐུའི་རྒྱལ་བ་རྒྱ་མཚོས་མངའ་གསོལ་བ༔ གང་འདུལ་འཕྲིན་ལས་བཞི་ཡི་ཕྱག་གིས་སྤྲས༔ དེ་བཞིན་རྣལ་འབྱོར་བདག་གིས་༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་མངའ་གསོལ་བ༔ ཡེ་ཤེས་སྤྱན་གསུམ་འབར་བས་ཕྱོགས་བཅུར་གཟིགས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཁྲག་འཐུང་རིགས་ལྔའི་ཚོགས་ཀྱིས་མངའ་གསོལ་བ༔ ཐོད་སྐམ་རྩེ་བྲན་རིགས་ལྔས་དབུ་ལ་བརྒྱན༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཁམས་གསུམ་སྲིད་པའི་ཚོགས་ཀྱིས་མངའ་གསོལ་བ༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་འཁྱིལ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ རིགས་བདག་སྤྱན་རས་གཟིགས་ཀྱིས་མངའ་གསོལ་བ༔ དབང་རྟགས་ཅོད་པན་གཙུག་གི་རྒྱན་དུ་སྤྲས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ རིགས་གསུམ་ཁྲོ་བོའི་ཚོགས་ཀྱིས་མངའ་གསོལ་བ༔ ཁྲོ་གཉེར་རིམ་གསུམ་དཔྲལ་བའི་དབུས་སུ་བསྡུས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ སྙིང་རྗེ་ཁྲོས་པའི་ཁྲོ་གཏུམ་འཇིགས་གཟུགས་བརྔམ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ མ་བརྒྱུད་མཁའ་འགྲོའི་ཚོགས་ཀྱིས་མངའ་གསོལ་བ༔ གྲི་གུག་ཐོད་ཁྲག་འབར་བའི་ཕྱག་རྒྱ་ཅན༔ དེ་བཞིན་རྣལ་འབྱོར་བདག༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཟ་བྱེད་ཁྲོ་བོའི་ཚོགས་ཀྱིས་མངའ་གསོལ་བ༔ ཞལ་གདངས་ལྗགས་འགྲིལ་མཆེ་གཙིགས་དགྲ་བགེགས་རོལ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ གསོད་བྱེད་ལས་མཁན་རྣམས་ཀྱིས་མངའ་གསོལ་བ༔ དམིགས་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་བརླག༔ དེ་བཞིན་རྣལ་འབྱོར་༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ འཛིན་གིང་ཕོ་ཉའི་ཚོགས་ཀྱིས་མངའ་གསོལ་བ༔ ཕྱག་ཞབས་རྡོ་རྗེའི་སེན་མོ་ལྕགས་ཀྱུ་འབར༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཁྲག་འཐུང་ཁྲོ་མོའི་ཚོགས་ཀྱིས་མངའ་གསོལ་བ༔ དགྲ་ཁྲག་སྐོམ་དུ་རོལ་བའི་གད་རྒྱངས་སྒྲོག༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ལས་ཀྱི་གཤིན་རྗེ་རྣམས་ཀྱིས་མངའ་གསོལ་བ༔ གནམ་ལྕགས་དྲག་པོའི་རལ་གྲི་ཟངས་སེ་ཟང་༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ལྷ་ཆེན་དྲག་པོ་ཆེན་པོས་མངའ་གསོལ་བ༔ དུག་གསུམ་འབར་བའི་རྩེ་གསུམ་ཡ་ལ་ལ༔ དེ་བཞིན་རྣལ་འབྱོར༴ ཧཱུཾ་དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ རིགས་ཀྱི་མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བ༔ རུས་པའི་རྒྱན་ཆ་སྐུ་ལ་ཁྲོ་ལོ་ལོ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ འཁོར་འདས་གཉིས་ཀྱི་ཁམས་ཀྱིས་མངའ་གསོལ་བ༔ སྙན་ལ་རིན་ཆེན་སྣ་ཚོགས་རྒྱན་ཆ་འཁྲོལ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ གནོད་སྦྱིན་སྡེ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ ལྟོ་བ་ཆེ་བ་གསུས་པ་བུམ་ལྟར་ལྡིར༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ གཤིན་རྗེ་ཆོས་ཀྱི་རྒྱལ་པོས་མངའ་གསོལ་བ༔ སྐུ་ཆེ་ཡན་ལག་རགས་ལ་ལྷུ་ཚིགས་སྦོམ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཡི་དྭགས་སྡེ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ སྐུ་ཡི་ལྟེ་བ་ཟུར་གསུམ་དམར་ནག་ཟབ༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ལྷ་མིན་འཇིག་རྟེན་ཁམས་ཀྱིས་མངའ་གསོལ་བ༔ ང་རྒྱལ་འཁྲུག་པའི་ཞེ་སྡང་མེ་ལྟར་འབར༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ འོག་གི་ཀླུ་ཁམས་རྣམས་ཀྱིས་མངའ་གསོལ་བ༔ སྦྲུལ་རིགས་ལྔ་ཡིས་སྐུ་ཡི་རྒྱན་དུ་སྤྲས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཞིང་སྐྱོང་སྲུང་མ་རྣམས་ཀྱིས་མངའ་གསོལ་བ༔ གླང་ཆེན་ཀོ་རློན་ལྷབ་ལྷུབ་ན་བཟའ་ཅན༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ཁྲག་འཐུང་ཁྲོ་བོ་བཅུ་ཡི་མངའ་གསོལ་བ༔ དཔའ་བོ་སྟག་གི་ཤམ་ཐབས་སྨད་ལ་དཀྲིས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ གསོད་བྱེད་སྲིན་པོའི་ཚོགས་ཀྱིས་མངའ་གསོལ་བ༔ མི་ལྤགས་ཁྲག་གི་ཞམ་ཆུ་འབབ་པས་བརྒྱན༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ གཟའ་ཆེན་ཕྱོགས་སྐྱོང་རྣམས་ཀྱིས་མངའ་གསོལ་བ༔ མེ་རླུང་དམར་ནག་དུས་མཐའི་ཕྲེང་བ་འཁྲིག༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ སྟེང་གི་ལྷ་ཁམས་རྣམས་ཀྱིས་མངའ་གསོལ་བ༔ ཉི་ཟླ་པདྨ་འབར་བའི་ཁྲི་ལ་འགྱིང་༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ དུར་ཁྲོད་ཤ་ཟ་རྣམས་ཀྱིས་མངའ་གསོལ་བ༔ བམ་ཆེན་ཕོ་མོ་བསྣོལ་བའི་གདན་ལ་བཞུགས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ ནག་པོའི་བདུད་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ མགོ་ཕྲེང་རྒྱུ་མར་སྦྲེལ་བའི་དོ་ཤལ་ཅན༔ དེ་བཞིན་རྣལ་འབྱོར ༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ མ་མོ་རེ་མ་ཏཱི་ཡིས་མངའ་གསོལ་བ༔ སྨ་ར་ཁ་སྤུ་མེ་ལྟར་འབར་བས་འཇིགས༔ དེ་བཞིན་རྣལ་འབྱོར༴ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ནག་པོ་ལ༔ སྲུང་མ་དམ་ཅན་རྒྱ་མཚོས་མངའ་གསོལ་བ༔ ཕྱི་ནང་མཆོད་སྤྲིན་ནམ་མཁའི་ཁམས་དང་མཉམ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཅེས་བརྗོད་གཏོར་མ་འབུལ་ཞིང་གཉེར་དམ་བཅོལ༔ ཡེ་ཤེས་མགོན་པོའི་མངའ་གསོལ་གྷུ་རུ་རིན་པོ་ཆེའི་བཀའ་བཞིན༔ མཚོ་རྒྱལ་བདག་གིས་ཡི་གེར་བྲིས་པ་མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཀའ་ཡི་སྲུང་མས་བྱ་ར་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས། མེ་ཕོ་འབྲུག་གི་ལོ་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར། བཀའ་རྒྱ་ཡོད་པས་སུས་མ་བྲི། སརྦ་མངྒ་ལཾ།།

ཡེ་ཤེས་མགོན་པོའི་སྒོ་ནས་དགྲ་བགེགས་སྒྲོལ་བའི་ལས་མཐའ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཡེ་ཤེས་མགོན་པོའི་སྒོ་ནས་དགྲ་བགེགས་སྒྲོལ་བའི་ལས་མཐའ་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ མ་ཧཱ་ཀཱ་ལ་བསྒྲུབ་པའི་མན་ངག་ལ་བརྟེན་ནས་དགྲ་བོ་ཤིན་ཏུ་ཐུ་ན་བསད་པའི་མན་ངག་ནི༔ བཅའ་གཞི་སྒྲུབ་གཞུང་ལྟར་ལ༔ སྒྲུབ་པ་གཞུང་བསྲང་དྲག་པོའི་འཕྲིན་ལས་ཀྱི་སྔགས་འཁོར་གྱི་སྤྲོ་བསྡུ་ནན་ལྟར་བསྐྱེད་དེ༔ མདུན་གྱི་འབྲུབ་ཁུང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས༔ ཡི་གེ་ཨེ་མཐིང་ནག་གཅིག་ཏུ་གསལ་བ་ཡོངས་སུ་གྱུར་པ་ལས༔ ལྕགས་མཁར་ཟུར་གསུམ་པ་ཁ་དོག་དམར་ཞིང་རེག་བྱ་ཚ་བ༔ ཁ་དོག་ཅིང་མཐིལ་ཡངས་པ་ཐར་མེད་ཀྱི་གནས་བང་རིམ་དགུ་བརྩེགས་དང་ལྡན་པ༔ འཇིགས་ཤིང་ཡ་ང་བ་སྐྱི་བུང་བྱེད་པ་ཞིག་ཏུ་བསྐྱེད༔ དེའི་ནང་དུ་ནྲི་ལས་དགྲ་བོ་སྐྱ་ལ་ཧམ་པ་སྔོ་ལ་རིད་པ་ཞིག་ཏུ་གསལ་ཞིང་༔ བདག་དང་མགོན་པོའི་ཐུགས་ཀ་ནས་འོད་ཟེར་ནག་ལ་བརྔམ་པ་མང་པོ་འཕྲོས་པས༔ ཡེ་ཤེས་མགོན་པོའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ༔ དགྲ་བགེགས་བྱད་མ་མངོན་སུམ་དུ་བཀུག་ནས༔ འབྲུབ་ཁུང་ལྕགས་སྒྲོམ་འབར་བའི་ནང་དུ་གཟུགས་དང་གཉིས་སུ་མེད་པར་བསམས་ཤིང་༔ ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་དགུག་གཞུག་དྲག་ཏུ་བྱ༔ བསྟོད་བསྐུལ་ལས་ལ་རྦད་ཅིང་རོལ་གཡམ་རྡོ་ལ་རོ་སོལ་གྱིས་རྒྱ་གྲམ་བྲིས་པས་ཁ་དམ་དུ་བཅད༔ ཐུན་ལམ་གྱི་བུག་པ་ཡང་རྡོ་རྗེས་བགགས་ནས༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛཿ ར་ཡ་ཙ་དུ་ཁ་ཁ་མུ་ཁ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་ཛཿཛ༔ ཙིཏྟ་བཛྲ་ས་མ་ཡ་ཆེ་གེ་མོ་མཱ་ར་ཡ་ཁུག་ཁུག་ཐུམ་རི་ལི་ལི་སརྦ་རྦད་བྷྱོ་ཛ༔ ཅེས་བཟླས་པས་ཁུགས་རྟགས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ རྗེའུ་རིགས་ལ་རི་དྭགས༔ རྒྱལ་རིགས་ལ་རྐྱང་༔ དམངས་རིགས་ལ་གཡག་དང་རི་དྭགས་སྣ་ཚོགས་སམ་ར་ལུག༔ བན་དྷེ་ལ་མཛོ་དྲེའུ༔ བོན་པོ་ལ་འུག་པ་འུག་གུ་ཆུང་སོགས་དེད་པ་དང་༔ བསད་པ་བཀྱིགས་པ་བརྡུང་པ་སོགས་སམ༔ ཡང་ན་དགྲ་བོ་དངོས་སུ་ཁུགས་ནས་བཀྱིགས་པ་སོགས་ཀྱི་ལྟས་བྱུང་ན་བླ་ཁུགས་པའི་རྟགས་ཡིན་པས༔ མགོན་པོ་འཁོར་བཅས་ཀྱིས་དགྲ་བོའི་ཤ་ཁྲག་རུས་པ་དང་བཅས་པ་མ་ཐོབ་བཞིན་དུ་རོལ་ཞིང་༔ དུག་མཚོན་སྣ་ཚོགས་ཀྱི་ཆར་སི་ལི་ལི་ཕབ་སྟེ༔ རྡུལ་དུ་བརླགས་ནས་ཁོའི་ལུས་སེམས་སོ་སོར་ཕྱེས་ཤིང་རྣམ་པར་ཤེས་པ་དེ་ཧཱུྃ་དུ་བྱིན་གྱིས་བརླབས་ནས་བདག་ཉིད་ཧེ་རུ་ཀའི་ཐུགས་ཀར་གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་བསྟིམ༔ ལིངྒ་ཐུན་སྣ་ཚོགས་ཀྱིས་བྲབ་ཅིང་༔ ཨཱོཾ་ཤྲི་མ་ཧཱ་ཀཱ་ལ་མ་མ་དུ་ཛ༔ ཧཱུྃ་བྷྱོ་དུ་ཛ༔ ར་ཡ་ཙ་དུ་ཁ་ཁ་མུ་ཁ་དགྲ་བོའི་སྲོག་རྩ་ཆོད་ཆོད༔ སྙིང་ཁྲག་ཚལ་པར་རྦད་རྦད༔ མཱ་ར་ཡ་སོད་སོད་ཧུར་ཐུམ་རྦད་ཡཱ༔ ཅེས་བཟླས་ཤིང་སྐབས་སྐབས་སུ་བསྟོད་བསྐུལ་བྱ༔ ཐུན་ལམ་ནས་ཐུན་རྣམས་ཀྱིས་བྲབས་པས་བསད་རྟགས་སྒྲུབ་གཞུང་དུ་བསྟན་པ་ལྟར་རམ༔ ཡང་ན་དགྲ་བོ་དངོས་སུ་ཁུགས་ནས་བསད་པའམ༔ བླ་རྟགས་གསོད་པ༔ བྲག་གཤགས་པ་ཤིང་བཅད་པ༔ མཁར་སྒྱེལ་བ་དམག་དྲངས་པ༔ ཤ་ཟོས་པ་ཁྲག་འཐུང་པ༔ དོན་སྙིང་ལ་རོལ་བ་སོགས་ཀྱི་ལྟས་བྱུང་ཚེ༔ ལིངྒ་བསྒྲལ་ཞིང་ཆ་གཅིག་གཏོར་མར་འབུལ༔ དགྲ་བོ་འཁོར་དང་བཅས་པ་མ་ཧཱ་ཀཱ་ལས་རོལ་བར་བསྒོམ༔ཆ་གཅིག་བསྲེགས་པའི་ཐལ་བ་དང་༔ ལིངྒ་ཆ་གཅིག་མི་མ་ཡིན་གནས་པའི་གཉན་ས་འམ་མཆོད་རྟེན་གྱི་ཞབས་སམ་ཆུ་བོ་ཆེན་པོའི་གཞུང་ངམ་སྒྲུབ་ཁང་གི་ཐེམ་འོག་གམ་གང་རུང་དུ་མནན་ཞིང་དམོད་བཅོལ་གཏོར་མ་འཕེན༔ མ་ཉེས་པའི་བཤགས་གདབ་པར་བྱའོ༔ བགེགས་འདུལ་བ་ལ་ཡང་དགྲ་བོའི་མིང་རུས་ཀྱི་མཚམས་སུ་བགེགས་ཀྱི་མིང་དང་༔ རུས་ལྷ་མ་སྲིན་ཟ་འདྲེ་ཤི་གཤེད་དམ་སྲི་རྒྱལ་འགོང་སོགས་གང་གནོད་བསྒྱུར་ཤེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་མགོན་པོའི་དགྲ་བོ་སྒྲོལ་བའི་ལས་མཐའ་བདག་འདྲ་པདྨས་སྦྱར་བ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།

ཡེ་ཤེས་མགོན་པོའི་གཏོར་བཟློག

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཡེ་ཤེས་མགོན་པོའི་གཏོར་བཟློག་བཞུགས༔ ཡེ་ཤེས་མགོན་པོའི་རྣལ་འབྱོར་པས༔ མི་མཐུན་བར་ཆད་བཟློག་འདོད་ན༔ དགྲ་བགེགས་བསྒྲལ་བའི་ལིངྒ་དང་༔ ཤ་སྣ་ཁྲག་སྣ་གཏོར་མར་འབུལ༔ ཁཱ་ཧཱི་བརྗོད་ཅིང་སྨན་རག་སྦྲེང་༔ རལ་ནག་ཐོད་བཅིངས་གོས་ནག་གྱོན༔ གདོང་ལ་དུག་ཁྲག་རོ་སོལ་བྱུག༔ བཟློག་པའི་འཕྲིན་ལས་འདི་ལྟར་བཅོལ༔ ཧཱུྃ་བྷྱོཿ དཔལ་ལྡན་ཡེ་ཤེས་མགོན་པོ་ནི༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ བཞེས་ཤིག་རོལ་ཞིག་ཁཱ་རཾ་ཁཱ་ཧི༔ བཟློག་སྒྱུར་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ནག་པོ་ཆེན་པོ་མཐུ་རྩལ་ཅན༔ བཀའ་ཉན་ལས་བྱེད་ཕོ་ཉའི་ཚོགས༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བའི་ཚོགས་དང་བཅས༔ འཇིག་རྟེན་ལས་གྲུབ་དྲེགས་པ་ཅན༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ ནད་གདོན་བར་གཅོད་མི་མཐུན་བགེགས༔ རྨིས་ལྟས་མཚན་མ་ངན་པ་དང་༔ ལྟས་ངན་བརྒྱད་ཅུ་ཡེ་འབྲོག་བགེགས༔ ཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད༔ ཧཱུྃ༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ མགོན་པོ་ནག་པོའི་མཐུ་སྟོབས་ཀྱིས༔ ལྷ་ཡི་བཀའ་ཆད་གང་ལྟར་ཉིལ་བ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ བདུད་ཀྱི་དལ་ཁ་མུན་ལྟར་གཏིབས་པ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ རྒྱལ་པོའི་དལ་ཁ་འོད་དུ་འཆར་བ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ དམུ་ཡི་དལ་ཁ་རི་ལྟར་ཉིལ་བ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ བཙན་གྱི་དལ་ཁ་མེ་ལྟར་འབར་བ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ གཟའ་ཡི་དལ་ཁ་ཐོག་ལྟར་འབེབས་པ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ ཀླུ་ནད་དལ་ཁ་ཆུ་ལྟར་ཁོལ་བ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ མ་མོའི་དལ་ཁ་ཁྲག་ནད་འཕྱོ་བ་ཡང་༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཟློག་ཅིང་སྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོཿ གཞན་ཡང་ཟློག་ཅིང་བསྒྱུར་པ་ནི༔ སྡེ་བརྒྱད་འདུས་པའི་དམག་དཔུང་ཟློག༔ རིག་འཛིན་སྔགས་ཀྱི་རྦོད་གཏོང་ཟློག༔ དབང་ཕྱུག་ཆེན་པོའི་བཀའ་ནན་ཟློག༔ གནོད་སྦྱིན་ཁྲོས་པའི་རྦོད་གཏོང་ཟློག༔ རིགས་བཞིའི་ཀླུ་ཡི་གཏད་ཁྲམ་ཟློག རཀྵ་སྲིན་པོའི་ཟ་ཁ་ཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག༔ བདུད་ཀྱིས་ཞགས་པ་འདེབས་པ་ཟློག༔ མ་མོ་ཁྲོས་པའི་ནད་ཡམས་ཟློག༔ ལྷ་ཆེན་དྲེགས་པའི་གདུག་རྩུབ་ཟློག༔ མི་འམ་ཅི་ཡི་རེག་དུག་ཟློག༔ ལྟོ་འཕྱེ་ཆེན་པོའི་མཐོང་དུག་ཟློག༔ བན་དྷེ་ནག་པོའི་ཟོར་ཁ་ཟློག༔ བོན་པོ་ནག་པོའི་ངན་སྔགས་ཟློག༔ མུ་སྟེགས་ནག་པོའི་བསམ་སྦྱོར་ཟློག༔ དགྲ་བཅོམ་མང་པོའི་འབུམ་སྐོར་ཟློག༔ དགེ་སློང་འཆར་ཀའི་པར་བུ་ཟློག༔ ཧཱུྃ་བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ བདུད་ཀྱིས་སྲོག་ལ་འཇབ་པ་ཟློག༔ གཤིན་རྗེས་ཁྲམ་ལ་བཏབ་པ་ཟློག༔ རྒྱལ་པོས་སྨྱོ་འབོག་གཏོང་བ་ཟློག༔ བཙན་གྱིས་མདའ་ཟོར་འཕེན་པ་བཟློག༔ མ་མོ་མཁའ་འགྲོའི་བསུ་མ་ཟློག༔ ཀླུ་ཡིས་དུག་རླངས་འགྱེད་པ་ཟློག༔ ལྷ་ནད་འཁྲུག་གཟེར་འབེབས་པ་ཟློག༔ སྐེམ་བྱེད་ལྕགས་ཀྱུས་ཟིན་པ་ཟློག༔ དྲང་སྲོང་རྣམས་ཀྱི་དམོད་མོ་ཟློག༔ བདུད་ཀྱི་གཤེད་བཞིས་བཅིང་བ་ཟློག༔ ཐེའུ་རང་ཚེ་ལ་རྐུ་བ་ཟློག༔ མ་མོ་བྱེ་བའི་གཏད་ཁྲམ་ཟློག༔ པེ་ཧར་རྒྱལ་པོའི་ཆད་པ་ཟློག༔ བྷ་ཊ་ཧོར་གྱི་སྔགས་རུབ་ཟློག༔ གནོད་སྦྱིན་འབུམ་གྱི་རྦོད་གཏོང་ཟློག༔ འབྱུང་པོས་ཐོད་ཟོར་འཕེན་པ་ཟློག༔ བདུད་ཆེན་ལངས་པ་གཏོར་མས་ཟློག༔ སྲི་ཆེན་གཡོས་པ་གཏོར་མས་ཟློག༔ ལོ་སྐག་ཟླ་སྐག་གཏོར་མས་ཟློག༔ ཞག་སྐག་ཟ་སྐག་གཏོར་མས་ཟློག༔ ཕྱི་ཞགས་བདུད་གཅོད་གཏོར་མས་ཟློག༔ གཤེད་བཞིའི་གནོད་པ་གཏོར་མས་ཟློག༔ ལོ་ཡི་བདུན་ཟུར་གཏོར་མས་ཟློག༔ བྱང་བུའི་ལྟོ་རྒྱབ་གཏོར་མས་ཟློག༔ ལྟས་ངན་བརྒྱད་ཅུ་གཏོར་མས་ཟློག༔ ཧཱུྃ་བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ ལྷ་འདྲེས་དམག་སྣ་འདྲེན་པ་ཟློག༔ ཕུར་ཟོར་ཐོག་ལྟར་འཕེན་པ་ཟློག༔ ཁྲག་ཟོར་མཚོ་ལྟར་ཁོལ་བ་ཟློག༔ ཡུངས་ཟོར་རྦབ་ལྟར་འདྲིལ་བ་ཟློག༔ ཚེ་ཟོར་མུན་ལྟར་གཏིབས་པ་ཟློག༔ གཡས་ནས་ཕོ་བརྒྱས་མདའ་འཕེན་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ བན་དྷེས་སྔགས་ཟོར་འཕེན་པ་ཟློག༔ བོན་པོས་དགྲ་ཟོར་འཕེན་པ་ཟློག༔ སྔགས་པས་ཕུར་ཟོར་འཕེན་པ་ཟློག༔ སུམ་པས་གླང་ཟོར་འཕེན་པ་ཟློག༔ ཞང་ཞུང་བཙོ་ཟོར་འཕེན་པ་ཟློག༔ སྐྱེས་པས་མདའ་ཟོར་འཕེན་པ་ཟློག༔ བུད་མེད་དམོད་ཟོར་འདེབས་པ་ཟློག༔ སྔ་ཞགས་མདའ་ལྟར་འཕེན་པ་ཟློག༔ ཕྱི་ཞགས་གྲུག་ལྟར་བསྒོངས་བ་ཟློག༔ ལྟག་པའི་བདུད་དུ་ལངས་པ་ཟློག༔ དཔྲལ་བའི་གཤེད་དུ་འཁོར་བ་ཟློག༔ ལུས་ལ་སྦྲུལ་ལྟར་འཁྲི་བ་ཟློག༔ ངོ་ལ་སྤྲེལ་ལྟར་འཛེག་པ་ཟློག༔ མགོ་ན་རྡོ་ལྟར་སྲ་བ་ཟློག༔ ཐོག་ནས་རི་ལྟར་ལྕི་བ་ཟློག༔ ཁོང་ནས་འབུ་ལྟར་གཡེང་བ་ཟློག༔ རྒྱབ་ནས་ཁྱི་བཞིན་འབྲེང་བ་ཟློག༔ ཕ་ཚན་འདུས་པའི་རྒྱབ་འདྲེ་ཟློག༔ དར་ཚན་འདུས་པའི་སྟོང་འདྲེ་ཟློག༔ མ་ཚན་འདུས་པའི་སྒབ་འདྲེ་ཟློག༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལངས་པ་ཟློག༔ ཕོ་ཡི་ཕྱོགས་ཀྱི་རུས་འདྲེ་ཟློག༔ མོ་ཡི་ཕྱོགས་ཀྱི་རྨང་འདྲེ་ཟློག༔ གཉེན་གྱི་ཕྱོགས་ཀྱི་སྒབ་འདྲེ་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་གཞོན་སྲི་ཟློག༔ ཟ་བའི་འདྲེ་དང་ཤི་བའི་གཤེད༔ གོད་འདྲེ་དམ་སྲི་འབྱུང་པོ་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་ཐམས་ཅད་བསྒྱུར༔ ཁྲམ་ལ་བཏབ་ན་ཁྲམ་ཁ་ཕྱིས༔ རྩིས་ལ་བཏབ་ན་རྩི་ཁ་ཕྱིས༔ ཤོ་ལ་བབས་ན་ཤོ་ཁ་བསྒྱུར༔ ཟློག་ཅིག་སྒྱུར་ཅིག་འཕྲིན་ལས་མཛོད༔ ཅེས་བརྗོད་བསྐུལ་འདོན་གཏོར་མ་འཕེན༔ དགྲ་བགེགསཐལ་བའི་རྡུལ་བཞིན་དུ༔ སྐད་ཅིག་ཉིད་ལ་བརླགས་པར་བསམ༔ གཡབ་མོ་བརྡབ་ཅིང་དམོད་མོ་བྱ༔ ཨཱོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་བྷྱོ་ཟློག༔ ནག་པོ་ཆེན་པོ་ཧཱུྃ་བྷྱོ་ཟློག༔ མ་རུ་དུནྟི་ཡ་བྷྱོ༔ མ་ར་ཤིནྟ་ཡ་བྷྱོ༔ མ་ཏི་ཕུ་ཡ་བྷྱོ༔ མ་ར་མ་ཏི་ཡ་ཙ་ཀ་བྷྱོ༔ དྷི་ཕུ་ཡ་མ་ར་ཏི་བྷྱོ༔ ཙ་ལེ་ཙ་ལེ་མ་ར་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བྱའོ༔ འདི་ལྟར་བརྩོན་པས་བར་ཆད་ཞི༔ སྣང་སྲིད་ལྟ་འདྲེའི་རྦོད་གཏོང་བཟློག༔ དེ་ཕྱིར་ཉམས་སུ་ལོངས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐཾ་གུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཏེ། ཁམས་སྲིང་མོ་རྫོང་དུ་ཤོག་སེར་ལས་ཞལ་བཤུས་པའོ། །སརྦ་མངྒ་ལཾ།། །།

མགོན་པོའི་སྦྱིན་སྲེག

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ མགོན་པོའི་སྦྱིན་སྲེག་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ འཕུང་གསུམ་བདུད་ཀྱི་ཉི་མ་འམ༔ ནག་པོ་ཆེན་པོ་རྒྱུ་བའི་དུས༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ བསྟན་ལ་སྡང་བའི་དགྲ་དང་བགེགས༔ ནག་པོ་ཆེན་པོའི་ལས་སྦྱོར་གྱིས༔ འབར་བའི་མེ་ལ་སྲེག་འདོད་ན༔ མི་ལྤགས་གཡང་གཞི་བཏིང་བའི་ཁར༔ སྔགས་པའི་གདོང་ལ་དུག་ཁྲག་བྱུག༔ གོས་ནག་གྱོན་ཞིང་རལ་ནག་བཅིངས༔ དཔའ་བོའི་སྟངས་སྟབས་ཚུལ་གྱིས་འདུག༔ མདུན་དུ་དྲག་པོའི་ཡམ་ཤིང་ལ༔ གྲུ་གསུམ་ཁྲུ་གང་ཚད་དུ་བརྩེགས༔ གྲིར་ཤིའི་མི་ཡི་ཤ་ཁྲག་རུས༔ ཚེར་མ་ཅན་གྱི་ཤིང་དག་དང་༔ འབྲུ་ནག་དུག་གི་མེ་ཏོག་སོགས༔ ཡུངས་ཀར་ལ་སོགས་དྲག་པོའི་རྫས༔ དུག་རིགས་རྣམས་དང་ལིངྒ་གཡོན༔ ནག་པོ་ཆེན་པོ་མཆོད་པའི་རྫས༔ སྨན་གཏོར་རཀྟ་ལ་སོགས་དང་༔ ལིང་ཆུང་ཅི་མང་གཡས་སུ་བཤམས༔ མདུན་དུ་ཚིལ་ཆེན་མར་ཁུ་དང་༔ གཟར་བླུགས་དག་ཀྱང་འགོད་པར་བྱ༔ གྷ་ན་ཚོགས་ཀྱི་ཡོ་བྱད་ནི༔ ཤ་ཆང་ལ་སོགས་ཅི་མང་སྤུངས༔ ལས་ཀྱི་གཞུང་བསྲང་བསྐྱེད་རིམ་གསལ༔ སྲེག་རྫས་ལ་སོགས་ལིངྒ་ལ༔ དགྲ་བོ་དགུག་གཞུག་ནན་ལྟར་བྱ༔ གྲི་ལྕགས་རལ་གྲིས་ལིངྒ་གཏུབ༔ བསྟན་པའི་དགྲ་བོ་བསྒྲལ་བར་བསམས༔ ངག་ཏུ་བསད་སྔགས་བརྗོད་པར་བྱ༔ གདོལ་བ་ནག་པོའི་མེ་བླངས་ནས༔ ཧོམ་སྤར་ནག་པོ་འཁོར་བཅས་བསྐྱེད༔ ཞལ་གདངས་ལྗགས་ལ་རཾ་བཀོད་དེ༔ དང་པོ་ཚིལ་ཆེན་མར་ཁུ་དབུལ༔ དེ་ནས་སྲེག་རྫས་རེ་རེ་དང་༔ མཆོད་རྫས་ལིངྒ་རེ་རེ་བཞིན༔ སྔགས་འདི་བཟླས་ཤིང་དབུལ་བར་བྱ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཡཱ༔ ཆེ་གེ་མོ་མཱ་ར་ཡ་མ་ར་མ་ར༔ གྷྲི་ཧྣ་གྷྲི་ཧྣ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ དྷི་ན་མེ་ཀི་ན་མཱ་ར་ཡ་ཧཱུྃ་ཕཊ་ཛྭ་ལ་རཾ་རཾ༔ ཅེས་བརྗོད་སྐབས་སྐབས་མར་ཁུས་མཆོད༔ ཤ་ཁྲག་སྨན་གཏོར་རྣམས་ཀྱང་འབུལ༔ བསྟོད་པ་བྱ་ཞིང་ཐུགས་དམ་བསྐུལ༔ འཕྲིན་ལས་བཅོལ་ཞིང་དཔལ་མགོན་པོས༔ བྱད་མ་དགྲ་བགེགས་མ་ལུས་པ༔ བྱ་སྒྲོ་མེ་ལ་བཤུར་བའམ༔ སྦྲང་བུ་མེ་ལྕེས་བསྲེགས་པ་ལྟར༔ རྡུལ་ཕྲན་བཞིན་དུ་བརླག་པར་བསམས༔ ཡེ་ཤེས་པ་གཤེགས་དམ་ཚིག་བསྡུ༔ བསྟན་དགྲ་བརླགས་པའི་དགེ་བ་ཡིས༔ སེམས་ཅན་ཐམས་ཅད་མ་ལུས་པ༔ སངས་རྒྱས་ས་ལ་བསྔོ་སྨོན་བྱ༔ ཐལ་བ་ལིངྒའི་ལྷག་མ་རྣམས༔ རབས་ཆད་ཐོད་པའི་ནང་དུ་བླུགས༔ མལ་འོག་གྲུ་གསུམ་བྲུས་པའམ༔ ལྷ་ཁང་མཆོད་རྟེན་འོག་ཏུ་མནན༔ དགུག་གཞུག་བྱ་ཞིང་བྲོ་བརྡུང་སྟེ༔ ཁ་བསྡམས་རྒྱས་གདབ་འཆོར་མེད་བསྒོམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ་གུ་ཧྱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་ཞིག་མདོ་མེད་སྤྲང་བན་དྷེས། །མང་ཡུལ་བྱམས་པ་སྤྲིན་ནས་བཏོན། །སྲིང་མོ་རྫོང་དུ་ཤོག་སེར་ཕབ། །སརྦ་མངྒ་ལཾ།། །།

གཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ གཏེར་སྲུང་བྱ་རོག་གདོང་གི་སྒྲུབ་ཐབས་གསོལ་མཆོད་ཀྱི་རིམ་པ་བཞུགས༔ འཕགས་པ་མཆོག་ལ་གུས་པས་འདུད༔ སྲུང་མ་སྲིན་མགོན་བྱ་རོག་གདོང་༔ བརྟེན་ཅིང་མཆོད་དེ་སྒྲུབ་འདོད་ན༔ དུར་ཁྲོད་ཤིང་དྲུང་བྲག་ནག་ཅན༔ འཇིགས་ཤིང་སྐྱི་བུང་བྱེད་པའི་སར༔ ཧོམ་ཁུང་དུག་ཁྲག་ཆག་ཆག་གདབ༔ དུག་ཤོག་ངོས་ལ་ལིངྒ་བྲིས༔ དགྲ་བོའི་རྐང་རྗེས་ཟག་རྫས་བྱུག༔ ལྷ་དབྱེ་དགུག་གཞུག་ལན་མང་བྱ༔ ཧོམ་ཁུང་ནང་དུ་གཟུད་ནས་ཀྱང་༔ མདའ་གསུམ་ཨོཾ་དུ་བཅིངས་པའམ༔ ཡང་ན་ལྕགས་ཀྱི་ཁྲིའུའི་ཁར༔ འབྲུ་ནག་དཔལ་བཤོས་ཁྲུ་གང་ལ༔ ལྷ་གྲངས་མཉམ་པའི་བཤོས་ཕྲན་དང་༔ ཤ་སྣ་སྙིང་སྣ་ལིངྒས་བརྒྱན༔ རྒོད་སྒྲོ་ཅན་གྱི་མདའ་མགུལ་དུ༔ སྲིན་མགོན་ཙཀ་ལི་བཏགས་པའི་སྟེང་༔ མཐིག་ནག་དར་གྱི་གུར་ཡང་ཕུབ༔ ཡུངས་མཚེ་རྩང་ལ་སོགས་པས་བརྒྱན༔ སྨན་རག་ལ་སོགས་མཆོད་ཚོགས་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ཡི་དམ་པདྨ་ཧེ་རུ་ཀའི༔ ཏིང་འཛིན་གསལ་ཞིང་བསྙེན་པ་བགྲང་༔ བསྐྱེད་རིམ་ལྡན་པའི་རང་མདུན་དུ༔ གཏོར་མ་མི་དམིགས་སྟོང་པར་སྦྱངས༔ ཤུ་ནྱ་ཏཱ་ཡི་སྔགས་བགྲང་ཞིང་༔ རཾ་ཡཾ་ཁཾ་གྱིས་བསྲེགས་གཏོར་བཀྲུས༔ དེ་ནས་བསྐྱེད་རིམ་འདི་ལྟར་བསྒོམ༔ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཅིག་ཏུ་གྱུར༔ དེའི་ངང་ལས་སྐད་ཅིག་གི་འབྱུང་བཞི་རི་རབ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་རྡོ་རྗེའི་ར་བ་མེ་རི་འབར་བའི་ཀློང་དཀྱིལ་དུ་མི་མགོ་སྐམ་རློན་བརྩེགས་པའི་གཞལ་ལས་ཁང་གྲུ་གསུམ་ཚ་ཞིང་སྲེག་པའི་མེ་ཆེན་འུ་རུ་རུ་འབར་བ༔ ཞིང་གི་ཀ་གདན་གྱི་སྟེང་ན་མིའི་ཡན་ལག་གི་ཀ་བ་བཙུགས་པ༔ ཀེང་རུས་ཀྱི་གདུང་བྲེས་པའི་སྟེང་དུ་ཚིལ་ཆེན་གྱི་དྲ་བ་བྱས་ཤིང་ཁྲག་ཆེན་གྱི་ཞལ་བ་བསྲུབས་པ༔ མི་ལྤགས་ཀྱི་བླ་རེ་ལ་ཁྲག་གི་ཆུ་རྒྱུན་འཕྲུག་པ༔ རྒྱུ་མ་དང་དོན་སྙིང་ནང་རོལ་དབང་པོ་རྣམ་ལྔ་རྣམས་ཀྱི་དྲ་བ་དང་དྲ་ཕྱེད་ལྡ་ལྡི་ར་རི་བྱས་པ༔ འོག་ཏུ་ཁྲག་གི་རྒྱ་མཚོའི་རྦ་རླབས་ཆལ་ཆིལ་དུ་གཡོ་བའི་ནང་དུ་མི་རྟའི་ཤ་གསར་རྙིང་དྲི་ང་བ་དང་མི་ང་བ་མང་པོ་རི་བོ་ལྟར་བརྩེགས་པ༔ སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་འགུགས་གསོད་ཀྱི་ལས་ལ་བརྩོན་ཞིང་དགྲ་བོའི་ཤ་ཁྲག་དམར་ཉལ་ཉིལ་དུ་ཟ་བ༔ བྱ་ནག་ཤ་ཟན་མང་པོ་སྟེང་དུ་ལྡིང་ཞིང་ཁྱི་ནག་གཅན་གཟན་མང་པོ་ས་ལ་འཇོལ་བ༔ སྟེང་གི་ནམ་མཁའ་ལ་སྤྲིན་ནག་པོ་འུར་སྒྲ་དང་བཅས་པའི་ཀློང་ནས་གནམ་ལྕགས་ཐོག་གི་ཆར་པ་དང་མེ་ཡི་སེར་བ་རྡོ་རྗེའི་དབྱིབས་ཅན་འདྲེས་མར་འབབ་པ༔ ཕོ་བདུད་མང་པོས་བྲོ་བརྡུང་ཞིང་མོ་བདུད་མང་པོས་ཤོན་བསྐོར་བ༔ བདུད་དང་སྲིན་པོས་རྐང་གླིང་འབུད་ཅིང་གཅན་གཟན་གཏུམ་པོས་ཕེང་སྒྲ་སྒྲོག་པ༔ མཚན་མོ་དུར་མེ་དམར་ནག་ཏུ་འབར་ཞིང་ཉིན་མོ་དུར་རླུང་ཁམ་ནག་ཏུ་འཚུབ་པ༔ ནད་ཀྱི་ན་བུན་འཚུབ་ཅིང་གདོན་གྱི་བུ་ཡུག་གཏིབས་པ༔ ཤིན་ཏུ་འཇིགས་པའི་ཚལ་རབ་ཏུ་གཏུམ་པའི་ལྗོངས༔ དྲེགས་པ་བདུད་ཀྱི་ཡུལ་འཇིགས་ཤིང་༔ ཉམ་ང་བའི་དབུས་སུ་དུག་ཚེར་ནག་པོའི་ཤིང་དྲུང་༔ མི་རོ་གསར་རྙིང་སྣ་ཚོགས་བརྩེགས་པའི་སྟེང་༔ པདྨ་དང་ཉི་མའི་གདན་གྱི་ཁར་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་ལས་ཧཱུྃ་མཐིང་ནག་གཅིག་ཁྲ་ཐབས་སུ་འཕྲོས་པ་ལས་འོད་ཟེར་དུ་མ་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་དྲེགས་པ་ཅན་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ་པས་ཡོངས་སུ་གནས་གྱུར་ཏེ་དཔལ་མགོན་ནག་པོ་བྱ་རོག་གི་གདོང་པ་ཅན་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཐུང་ཞིང་སྦོམ་ལ་ལྟོ་བ་འདིར་བ་ཡན་ལག་རགས་ཤིང་དམར་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ༔ ཞལ་རབ་ཏུ་གདངས་པ་ནས་ཁྲག་གི་ཆུ་བོ་འཁྲུགས་ཅིང་མཆེ་བ་ཟླ་ཚེས་ལྟར་གཙིགས་པ༔ ལྗགས་གློག་དམར་ལྟར་འཁྱུག་པའི་གདངས་ལས་ཧ་ཧ་ཧཱུྃ་ཕཊ་གྱི་སྒྲ་འབྲུག་ལྟར་སྒྲོག་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་དུ་འབར་བ༔ ཁྲོ་བོའི་ཞལ་ལ་རྡོ་རྗེ་འབར་བའི་མཆུ་ཅན་འོད་ཟེར་ནག་པོ་ཤིན་ཏུ་འབར་བ༔ ཕྱག་གཡས་གྲི་གུག་མེ་རབ་ཏུ་འབར་བ་རྡོ་རྗེའི་ཡུ་བ་ཅན་ནམ་མཁའ་ལ་འཕྱར་བ༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞབས་གཉིས་དགྲ་བགེགས་ཀྱི་སྙིང་གར་བགྲད་དེ་བཞེངས་པ༔ གཡས་སྤུ་གྲི་འབར་བའི་གཤོག་པ་ལ་གཡོན་ཆུ་གྲི་འབར་བའི་གཤོག་པ་ཅན༔ ཞིང་ཆེན་གྱི་སྐེད་དཀྲིས་སྟག་གི་ཤམ་ཐབས་ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་དུག་སྦྲུལ་གྱི་སྐ་རགས་དོན་སྙིང་དང་དབང་པོ་ལྔ་རྒྱུ་མ་ལ་སྦྲེངས་པའི་དོ་ཤལ་ཅན༔ རུས་ཕྲེང་དང་ཀླུ་དབང་བརྒྱད་ཀྱིས་བརྒྱན་པ་མེ་རི་དམར་ནག་འབར་བའི་ཀློང་དཀྱིལ་དུ་བཞུགས་པར་བསྒོམ༔ དེའི་མདུན་དུ་བྷྱོ་མཐིང་ནག་ཅིག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གི་ཡུམ་མཆོག་བདུད་མོ་རྩ་འཇིབ་འབར་མ་བྱ་ཞོན་མཐིང་ནག་གྲི་ཐོད་ཅན་ལུས་ལ་ཁྲག་གིས་བྱུགས་ཤིང་རུས་པས་བརྒྱན་པ༔ བྱ་རོག་འཕུར་ཤེས་ལ་བཅིབས་ནས་མ་མོ་འབུམ་དྲུག་ཕོ་ཉར་འགྱེད་ཅིང་ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས་པ་ཞིག་ཏུ་བསྐྱེད་༔ དེའི་ཕྱི་རོལ་དུ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པའི་ཡི་གེ་བཞི་ཡོངས་སུ་གྱུར་པ་ལས༔ སྐུ་དང་གསུང་དང་ཡོན་ཏན་འཕྲིན་ལས་བཞིའི་ལས་མཛད་བཀའ་སྡོད་བྱ་རོག་གི་གདོང་པ་ཅན་གཡས་གཡོན་ཐམས་ཅད་ན་རལ་གྲི་དང་ཐོད་ཁྲག་བསྣམས་པ༔ རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པ་སྐུ་ལས་གདུག་པའི་འོད་ཟེར་ཕྱོགས་མེད་དུ་འཕྲོ་ཞིང་ཉི་མ་འབུམ་གྱི་གཟི་བརྗིད་ཅན་རྡོ་རྗེའི་གཤོག་པ་དང་ཞབས་གཉིས་བརྡབས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་རྡུལ་དུ་བརླག་པའི་བརྟུལ་ཞུགས་ཅན་མ་མོ་དང་གཤིན་རྗེ་དང་བདུད་དང་གནོད་སྦྱིན་མ་རུངས་པ་དཔག་ཏུ་མེད་པས་བསྐོར་བ་ཞིག་ཏུ་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྲིན་མགོན་ནག་པོ་བྱ་རོག་གི་གདོང་པ་ཅན་ལ་ཕོག་པ་ཙམ་གྱིས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ཏེ་འཁོར་སྤྲུལ་པ་ཡང་སྤྲུལ་བྲན་གཡོག་ལྕམ་དྲལ་ཐམས་ཅད་སྐད་ཅིག་གིས་བསྐྱེད་པའི་གནས་འདིར་བྱ་ཁྱུང་ཐང་ལ་ལྷགས་པ་ལྟར་བྱོན་པར་བསམ་ཞིང་༔ ཤ་ཆེན་གྱི་སྤོས་སྲེག་རོལ་མོ་སྣ་ཚོགས་འཁྲོལ་ཞིང་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་པ་ནི་དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་ཁྲག་འཐུང་ནག་པོ་བྱ་རོག་གདོང་༔ བསྟན་པ་གཉན་པོ་བསྲུང་བའི་མཐུ་བོ་ཆེ༔ བཀའ་འདས་དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྱིར༔ དྲག་པོའི་ལས་ལ་གནས་འདིར་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་མ་ཐོགས་ད་ཚུར་གཤེགས༔ དྲག་པོའི་འཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨ་གཙྪ་བཛྲ་ས་མ་ཡ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུར་ཁྲོད་མེ་རི་སྨུག་ནག་ཀློང་༔ ཐོད་མཁར་འབར་བའི་གཞལ་ཡས་སུ༔ ནག་པོ་ཆེན་པོའི་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ཨ་ས་ན་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ འདས་དང་མ་བྱོན་ད་ལྟར་གྱི༔ བསྟན་པ་བསྲུང་བའི་མཐུ་བོ་ཆེ༔ ནག་པོ་ཆེན་པོ་འཁོར་བཅས་ལ༔ མཆོད་ཅིང་བསྟོོད་དེ་ཕྱག་ཀྱང་འཚལ༔ མཆོད་པ་འབུལ་བ་ནི༔ ཨོཾ་མྱུར་མཛད་མགོན་པོ་འཁོར་བཅས་ལ༔ ཕྱི་ནང་གསང་མཆོད་སྨན་གཏོར་རག༔ དགྲ་བོའི་ཤ་ཁྲག་གློ་སྙིང་བཅས༔ ཆོས་སྐྱོང་ཆེན་པོ་འཁོར་བཅས་ལ༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས༔ ཤྲཱི་མ་ཧཱ་ཀཱ་ལ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་པཱུ་ཙ་ཧོ༔ ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀོ་རོ་ཙ་ན་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ཀེཾ་ནི་རི་ཏི་ལ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ཐུན་གཏོར་ཤ་ཁྲག་གིས་བརྒྱན་པ་སྦྲན་ཞིང་༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་ལྷ༔ ལྷ་དམག་རྣམས་ཀྱི་དབུགས་འབྱིན་ཞིང་༔ ལྷ་མིན་གཡུལ་ངོ་བཟློག་པའི་ལྷ༔ རྡོོ་རྗེའི་གདོང་ཅན་ནག་པོ་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དུར་ཤིང་ནག་པོའི་རྩ་བ་ན༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་རྡོ་རྗེ་སྤྱི་བོར་བཞག༔ དམ་ཚིག་གཉེན་པོ་རྗེས་དགོངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཞིང་བཅུ་ཚང་བའི་བསྟན་དགྲ་དང་༔ རིག་འཛིན་རྣལ་འབྱོར་སྒོས་ཀྱི་དགྲ༔ ཆོས་སྐྱོང་ཁྱེད་ལ་གཉེར་དུ་གཏད༔ ལས་སྐལ་ཡིན་ནོ་ད་སོད་ཅིག༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ཟས་སྐལ་ཡིན་ནོ་ད་ཟོ་ཞིག༔ ལྷག་མ་རྗེས་ཤུལ་མེད་པར་ཐོང་༔ དཀར་པོ་དགེ་བའི་བསགས་རྒྱབ་ཕྲོལ༔ ལས་ངན་རྣམ་སྨིན་ཞགས་པས་བཟུང་༔ འཆི་བདག་གཤིན་རྗེའི་ཁ་རུ་ཆུག༔ སྲོག་མཁར་རྨང་ནས་ད་སྒྱེལ་ལ༔ བླ་ཚེ་རྟེན་དང་ད་ཕྲོལ་ཞིག༔ ལྟག་སྡུད་ཆོད་ལ་གདོང་འོད་ཕྲོག༔ ཁ་ནས་དབུགས་ལོང་དོན་སྙིང་ཕྱུངས༔ སྙིང་ཁྲག་དྲོན་མོ་འཐུང་ལ་ཤོག༔ ཤ་ཁྲག་དབང་པོ་ཚོགས་སུ་རོལ༔ རྒྱུ་འབྲས་ཆོས་ལ་ཁག་མ་སྙད༔ བར་སྣང་སྟོང་པར་ཚད་མ་འཛུགས༔ མི་ཚེ་ཕྱི་མར་དུས་མ་འདེབས༔ ལོ་དང་ཟླ་བར་འགྱངས་ནས་ཀྱང་༔ ཞག་དང་ཟ་མར་མ་བསྒྲལ་ན༔ ནག་པོ་ཆེན་པོ་དམ་ཚིག་ཉམས༔ རྡོ་རྗེ་འབར་བས་བསྲེག་པར་འགྱུར༔ དེ་བས་དམ་ལས་མ་འདའ་བར༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག༔ བདུན་བརྒྱུད་རླུང་ལ་བསྐུར་ལ་ཤོག༔ མི་རུང་འཕུང་ཐབས་སྣ་དགུའི་ཚོགས༔ འབའ་རེ་འབུ་རེ་དེར་ཐོང་ལ༔ བསྟན་དགྲ་ཐལ་བའི་རྡུལ་བཞིན་རློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཤ་ཁྲག་ཐུན་གཏོར་འབུལ༔ ཕ་རོལ་བརྣག་པའི་དགྲ་བོ་དེ༔ ཤིན་ཏུ་ཐུ་ན་ཞག་བདུན་དུ༔ ཆོས་སྐྱོང་ཆེན་པོ་འདི་བསྒྲུབ་ཅིང་༔ དགྲ་བོ་ཁུགས་རྟགས་མ་བྱུང་བར༔ གསང་བའི་སྙིང་པོ་འདི་བཟླའོ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཆེ་གེ་མོ་ཨཾ་གུ་ཤ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ ཅེས་པ་ཐུན་དུ་བཅད་དེ་བཟླ༔ དགྲ་བོ་ཁུགས་པའི་རྟགས་གསལ་ནས༔ བསད་པའི་དྲག་སྔགས་འདི་བཟླའོ༔ ཨོཾ་མ་ཧཱ་ཀཱ་ལ་མ་ཧཱ་ཀཱ་ལི་ཌཱཀི་གྷ་རུ་ཊ་གྷུ་ན་ཧྲི་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱོཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་ནྲི་ཐུམ་ལཾ་ཐུམ་ལཾ་ཙིཏྟ་ལ་ཐུམ་རིལ་རྦད་སོད་མཱ་ར་ཡ་བྷྱོ་བྷྱོ་སོད་སོད༔ ཅེས་བཟླས་བསད་པའི་རྟགས་གསལ་ཚེ༔ ཐུན་གྱིས་བྲབ་ཅིང་གཏོར་མ་བརྡེག༔ ལིངྒ་ཕྱག་མཚན་མཚོན་ཆས་གཏུབ༔ ཟན་ལིང་བསྒྲལ་བ་གཏོར་མར་འབུལ༔ གསེར་སྐྱེམས་མཆོད་ཅིང་བདེན་པ་བརྡར༔ བསྟོད་བསྐུལ་འདོན་ཞིང་དགྲ་ཕྱོགས་སུ༔ གཏོར་མ་འཕེན་ཞིང་དམོད་བཅོལ་ལོ༔ གཡག་ཐུག་གླང་ཐུག་ར་ཐུག་རྭ༔ གང་འཛོམ་ཡང་ན་ཁྱི་སྤྱང་ཐོད༔ གང་རུང་ཞིག་ཏུ་ལིངྒ་གཞུག༔ ཐུན་རྫས་བླུགས་ཤིང་ཁ་བསྡམས་ཏེ༔ རེ་ཧྲུལ་དྲིལ་ནས་ལུང་གསུམ་མདོ༔ ཡང་ན་ལྷ་ཁང་མཆོད་རྟེན་འོག༔ ཡང་ན་བྲག་ནག་བདུད་གནས་སར༔ མ་ཉེས་བཤགས་འདེབས་ལིངྒ་མནན༔ དམོད་བཅོལ་བྲོ་བྱ་ཐར་མེད་བསམ༔ ཕྱི་མིག་མི་བལྟ་ནང་དུ་ལོག༔ རྒྱུན་དུ་ཐུན་གྱི་གཏོར་མ་ཡིས༔ བསྲུང་མ་མཆོད་ཅིང་བརྟེན་པར་བྱ༔ འཁུ་བཟློག་བྱུང་ན་བཤགས་སྐོངས་འབད༔ རང་ཉིད་དཔལ་གྱི་ཏིང་འཛིན་གྱིས༔ གོང་གནོན་དམིགས་པ་གནད་དུ་བསྣུན༔ སྐབས་སྐབས་སྔགས་རྣམས་མགོ་ཞབས་ལྡོག༔ ཅུང་རེ་བཟླས་ཤིང་སྐུ་གཟུགས་ལ༔ ཐུན་རྫས་རྣམས་ཀྱིས་བྲབ་པར་བྱ༔ ཤིན་ཏུ་འགྱངས་ན་མ་གཏོགས་པ༔ འདི་ནི་ཤིན་ཏུ་བྱར་མི་རུང་༔ ཅིའི་ཕྱིར་ཤི་ས་བསྟན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་སཱུརྱ་ཀིརྟིས་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ནས་གདན་དྲངས་ཤིང་ཤོག་སེར་ལས་བཤུས་པའོ།། །།སརྦ་མངྒ་ལཾ།།

གཏེར་བསྲུང་བྱ་རོག་གདོང་གི་ཡིག་ཆུང་གུད་དུ་སྦས་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ གཏེར་བསྲུང་བྱ་རོག་གདོང་གི་ཡིག་ཆུང་གུད་དུ་སྦས་པ་བཞུགས༔ རྩ་གསུམ་འཕགས་པ་མཆོག་ལ་འདུད༔ མ་འོངས་ཆོས་ལ་སྤྱོད་པའི་སྐལ་ལྡན་རྣམས་ཀྱིས་སྲུང་མ་སྲིན་མགོན་བྱ་རོག་གདོང་གི་བསྙེན་སྒྲུབ་ཀྱི་དམིགས་རིམ་ནི་འདི་ལྟར་བྱའོ༔ བསྐྱེད་རིམ་གཞུང་ལྟར་བདག་ཉིད་དཔལ་དབང་ག ི་རྒྱལ་པོ་པདྨ་ཧེ་རུ་ཀར་གསལ་བའི་མདུན་དུ༔ སྒྲུབ་རྫས་གཏོར་མའི་ངོ་བོ་མགོན་པོ་བྱ་རོག་གདོང་དུ་བསྐྱེད་ཅིང་༔ རང་ཉིད་ཧེ་རུ་ཀར་གསལ་བའི་ཞལ་ནས་ཁོའི་སྙིང་པོ་བཟླས་པས་དུར་ཁྲོད༔ ཆེན་པོའི་གནས་ནས་ལས་མཛད་ནག་པོ་འཁོར་བཅས་ཐམས་ཅད་རང་དབང་མེད་པར་བྱོན་ནས༔ བསྐྱེད་པའི་གཟུགས་ལ་གཉིས་སུ་མེད་པར་ཐིམ་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་རྡོ་རྗེའི་ཡུ་བ་ཅན་གྱི་ལྟེ་བར་ས་བོན་ཡི་གེ་ཧཱུྃ་མཐིང་ནག་གིས་མཚན་པའི་མཐའ་སྐོར་དུ༔ སྙིང་པོའི་སྔགས་འབྲུ་རྣམས་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་བཟླས་པས༔ བཀའ་སྡོད་ཀྱི་མགོན་པོས་བཀའ་ཉན་གསུང་སྡོད་སྲོག་གི་སྙིང་པོ་མདོངས་གསོལ་དུ་རང་ལ་ཕུལ་ཞིང་ཅི་བཅོལ་བའི་འཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་བསམས་ཏེ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ༔ ཅེས་གྲུབ་པའི་རྟགས་མ་བྱུང་གི་བར་དུ་བཟླ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དགྲ་བོའི་ལིངྒ་ལ་དགུག་གཞུག་དྲག་ཏུ་བྱ་ཞིང་༔ འགུགས་སྔགས་བཟླ་བའི་དུས་སུ་འབྱུང་བ་བཞིའི་ཁམས༔ མཐོ་སྲིད་པའི་རྩེ་མོ་དང་དམའ་ན་རག་དམྱལ་བ༔ ཆོས་བོན་སྲུང་མའི་སྐྱབས་གནས་གང་དུའང་གབ་ས་དང་ཡིབ་སའི་གནས་མ་རྙེད་པར་སྐད་ཅིག་རང་དབང་མེད་པར༔ ནག་པོ་ཆེན་པོའི་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ལས་བྱེད་ཐམས་ཅད་ཀྱིས་དབང་དུ་བསྡུས་ཟིལ་གྱིས་མནན༔ ལྕགས་ཀྱུས་བཟུང་ཞགས་པས་ཁྲིད་ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས་སུ་བཅུག་སྟེ་གཟུགས་ལིངྒ་དང་གཉིས་སུ་མེད་པར་བསམས་ཤིང་༔ གཞུང་ལྟར་ཁུགས་པའི་རྟགས་མ་གསལ་བར་དུ་བཟླས་པ་ལ་འབད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་མཁན་ནག་པོ་བཀའ་སྡོད་བྱ་རོག་གི་གདོང་ཅན་ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་ནས༔ གནམ་ལྕགས་ཞུན་མའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མགར་གྱི་སོལ་མལ་ནས་ཕྱུངས་པ་ལྟ་བུ་གཉིས་འཕྲོས༔ དམིགས་བྱའི་སྤྱི་བོ་དང་བཤང་ལམ་གཉིས་སུ་བབས་ཤིང་༔ ཁོང་པར་ཞུགས་ཏེ་སྙིང་གར་གཡས་གཡོན་དུ་དྲག་ཏུ་འཁོར་བས༔ ཁོའི་ཤ་དྲག་དོན་སྙིང་ནང་རོལ་དང་བཅས་པ་ཐམས་ཅད་དམར་ཙ་ར་ར་བཅད་ཅིང་གཏུབས༔ བླ་སྲོག་རྣམ་ཤེས་མར་མེ་འཆི་ཀའི་འོད་ཙམ་པ་དེ་ནག་ཐུམ་ཐུམ་དུ་བསད་ཅིང་༔ འཁོར་སྤྲུལ་པ་ལས་མཁན་རྣམས་ཀྱིས་ཀྱང་ནད་མཚོན་སྣ་ཚོགས་ཀྱི་ཆར་བ་ཕབ༔ རྒྱོབ་སོད་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་བསྒྲགས་ཤིང་༔ གྲོག་ཚང་སེར་བས་བརྡུང་པ་ལྟར་སྐད་ཅིག་དེ་ཉིད་ལ་བརླགས་པར་བསམས་ཤིང་༔ གཞུང་ལྟར་བསད་སྔགས་བཟླ༔ སྐབས་སྐབས་ལིངྒ་ཐུན་གྱིས་བྲབ་ཅིང་ཐུན་རྗེས་རྣམས་སུ༔ ནག་པོ་ཆེན་པོའི་ཕོ་ཉའི་ཚོགས་དང་༔ སྟག་སེང་དོམ་དྲེད་འཕར་སྤྱང་སོགས་ཀྱིས་དམིགས་བྱ་བཀུག་པ་དང་༔ ཤ་ཟོས་ཁྲག་འཐུངས་རྒྱུ་མ་དྲངས་ཏེ་ཏིལ་འབྲུ་ཙམ་མ་ལུས་པར་ཟོས་པར་བསམས་ཤིང་༔ ཐུན་གཏོར་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ཏེ་སྔགས་ལ་ཁཱ་ཧི་བཏགས་ཤིང་གཞུང་ལྟར་གཏོར་མར་འབུལ༔ བསྟོད་བསྐུལ་བྱ་ཞིང་བླ་སྲོག་འགུགས་བསྟིམ་བྱས་ནས་བསད་པའི་རྟགས་མ་གསལ་བར་དུ་བཟླས་པ་ལ་འབད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལར་ཆོས་སྐྱོང་འདི་བསྒྲུབ་པའི་དུས་སུ་རྟགས་མྱུར་དུ་བྱུང་ནས་ནུས་པ་ཆུང་ན་མངའ་གསོལ་ལ་འབུང་ཞིང་བསྐུལ་འདོན༔ ཐུན་གཏོར་ནར་མར་འབུལ༔ རྩུབ་ཅིང་ལྷོངས་ཆེ་ན་བདག་བསྐྱེད་མ་གསལ་བ་ཡིན་པས༔ པདྨ་དབང་གི་དམིགས་པ་གསལ་གདབ༔ མདུན་བསྐྱེད་རང་གི་ཞབས་འོག་ཏུ་བསྒོམ་པ་འམ༔ ཡང་ན་སྐུ་ཆུང་ངུ་དང་ཤིན་ཏུ་དམའ་བར་བསྒོམ༔ བཟང་ངན་གང་ཡང་མི་གསལ་ན་སྔགས་དམིགས་ཀྱི་ཏིང་འཛིན་འཆལ་བའམ་བྱིང་བ་ཡིན་པས༔ བརྩོན་འགྲུས་བསྐྱེད་དེ་གཞུང་མཐུན་ལྟར་ལེ་ལོ་སྤོང་ནས་བསྒྲུབ༔ ཉམ་ང་བ་ཤེས་པ་བྱིང་བ་སོགས་མི་རུང་པའི་ལྟས་བྱུང་ན་བསྐང་བཤགས་ཚོགས་འཁོར་གཏོར་འབུལ་སོགས་ལ་བརྩོན༔ ལིངྒ་ལ་ལྷ་དབྱེ་བ་དང་ཚེ་ལུང་ཁྲུས་ལུང་སོགས་ཀྱི་དམིགས་པ་རྣམས་ནི་སྤྱི་ཁྱབ་ལྟར་ཤེས་པར་བྱའོ༔ དྲག་པོའི་ལས་འདི་འཕུང་གསུམ་གྱི་ཉི་མ་དང་མགོན་པོའི་འགྱུ་བཟློག་སོགས་ཀྱང་གཞན་མཐུན་ལྟར་དཔྱད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཁ་ཐམ་གུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་ཤིང་། ཁམས་སྲིང་མོ་རྫོང་གི་གུ་རུའི་སྒྲུབ་གནས་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་ཞལ་བཤུས་པའོ།། སརྦ་མངྒ་ལཾ།། །།

གཏེར་སྲུང་ལས་མགོན་ནག་པོས་དགྲ་བོ་ལ་ཆོ་འཕྲུལ་གཏོང་ཐབས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ གཏེར་སྲུང་ལས་མགོན་ནག་པོས་དགྲ་བོ་ལ་ཆོ་འཕྲུལ་གཏོང་ཐབས་བཞུ གས༔ འཕགས་པ་མཆོག་ལ་གུས་པས་འདུད༔ དེ་ཡི་བཀའ་སྲུང་ལས་མགོན་གྱིས༔ ཉམས་པའི་སྡིག་ཅན་དགྲ་བོ་ལ༔ མི་རུང་ཆོ་འཕྲུལ་གཏོང་འདོད་ན༔ དབེན་པའི་གནས་སུ་སྟེགས་བུ་ནི༔ མདའ་གང་གྲུ་བཞིར་བཟོས་པའི་དབུས༔ གྲུ་གསུམ་ཧོམ་ཁུང་ཁྲུ་གང་བརྩེགས༔ མི་རྐང་སྒྱེད་བུ་སུམ་བརྩེགས་སྟེང་༔ རབས་ཆད་ནག་པོའི་ཐོད་པའི་ནང་༔ དགྲ་བོའི་ལིངྒ་བྲིས་ཏེ་གཞུག༔ རྟ་ནག་བྱ་ནག་ཁྱི་ནག་གི༔ ཁྲག་སྣ་གསུམ་ཡང་བླུག་པར་བྱ༔ མེ་ཡིས་མི་འཇིགས་འདམ་གྱིས་གཡོགས༔ ཁྱི་དཀར་སྣ་དམར་ཐོད་པ་རུ༔ ར་ཁྲག་རྒྱ་གྲམ་དཔྲལ་བར་འབྲི༔ བག་ཟན་ཨ་ཙ་ར་ཡི་གཟུགས༔ གཡས་གཡོན་སྤྱང་ཀི་སྤྲེལ་གཟུགས་བཟུང་༔ ཁྱི་ཡི་ཐོད་པའི་སྟེང་དུ་བཞག༔ དགྲ་ལ་ཆོ་འཕྲུལ་གང་འདོད་པའི༔ གཟུགས་བཟོས་དེ་ཡི་མདུན་དུ་བཀོད༔ དགྲ་བོའི་ལིངྒ་བྲིས་པ་ཡི༔ སྙིང་གར་མིང་དང་ནོར་འདི་ཞེས༔ ར་མདའ་ཆོད་ལ་ཁྱེར་ཤོག་འབྲི༔ དེ་དག་ཀུན་གྱི་སྙིང་གར་བཞག༔ འབྲི་བའི་རྫས་ནི་བྱ་རོག་ཁྲག༔ གཞན་ཡང་བྱ་རོག་རྒྱལ་མཚན་དང་༔ བྱ་རོག་དབང་པོ་རྣམ་ལྔ་སོགས༔ རྟེན་དུ་བཀྲམས་ཤིང་གཏོར་མ་བཤམས༔ ཀུན་ཀྱང་རང་ལ་ཁ་བལྟ་འགོད༔ དགྲ་བོ་དགུག་གཞུག་ཅི་མང་བྱ༔ རང་ཉིད་ཡེ་ཤེས་མགོན་པོའི་མདུན༔ དགེ་བསྙེན་རྡོ་རྗེ་ལེགས་པ་ནི༔ ནག་པོ་བེར་ནག་ཞྭ་ནག་ཅན༔ རྡོ་རྗེའི་ཕྲེང་བས་སྐ་རགས་བསྡམས༔ རྡོ་རྗེ་གཡས་ལ་མདུང་དར་གཡོན༔ ལྕགས་ཀྱི་སྤྱང་ཀི་འུར་བ་ཁྲིད༔ བཀའ་ཉན་ལས་བྱེད་མངོན་སུམ་བསྐྱེད༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་རྒྱུག་རྒྱུག་བྲེང་བྲེང་༔ མ་ཧཱ་ཀཱ་ལ་ཡ་ས་དུ་ས་མ་ཡ༔ འུར་བ་འུར་བ་རྒྱུག་ཏྲི་རྒྱུག་ཏྲི༔ མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་ཏྲིའུ་ཤང་ཀུ་རུ་འདིར་རྒྱུག་རྒྱུག་བྲེང་བྲེང་༔ མ་ཧཱ་ཀཱ་ལ་བྷྱོ་བྷྱོ༔ བཛྲ་ས་དུ་ས་མ་ཡཿ གིང་ཀ་ར་༔ ར་ཙ་ཀྲིག་ཀྲིག༔ ལིང་ལིང་རྦུད་རྦུད་རྒྱུག་རྒྱུག༔ བྲེང་བྲེང་༔ ཤག་ཤག༔ ཚལ་ཚལ་ར་ཙ་དུར་དུར༔ མྱག་མྱག༔ ཁཾ་ཤྭ་རྦད་ཡ༔ ཅེས་བཟླས་དུག་ཁྲག་ཡུངས་ཀར་ཐུན༔ ཐོད་པ་ལིངྒ་རྣམས་ལ་བྲབ༔ རྟགས་ནི་ཝ་སྤྱང་སྟག་སྤྲེ་ཁྱི༔ མངོན་སུམ་མིག་ལམ་རྒྱུག་པའམ༔ ཡང་ན་རྨི་ལམ་ནང་དུ་འཆར༔ ཁང་པ་འཚེག་ཅིང་འཇིགས་སྣང་ཆེ༔ ཨ་ཙར་མོན་པས་གར་བྱེད་འོང་༔ དེ་ཚེ་མི་འཇིགས་གདེང་བསྐྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལས་ལ་སྦྱར་བ་ནི༔ གཟུགས་རྣམས་དགྲ་ཕྱོགས་ཁ་སློག་ཅིང་༔ རང་ཉིད་བྱ་རོག་གདོང་དུ་བསྐྱེད༔ ཚེར་མ་ཅན་གྱི་ཤིང་སྣ་ཡིས༔ ཐོད་པའི་ཁྲག་སྣ་གསུམ་པོ་བསྐོལ༔ རླངས་པས་ལིངྒར་བདུག་པར་བྱ༔ ཁྱི་ཐོད་ལིངྒ་ཐུན་གྱིས་བྲབ༔ ཨཱོཾ་བཛྲ་རཀྴ་ཁཾ་ཁཾ་རྦད་རྦད་ཤིག་ཤིག་བྷྱོ་བྷྱོ༔ ས་མ་ཡཱཿཛཿཛཿཧུབ་ཧུབ༔ འབར་བ་འབར་བ་ཛཿཛཿདུར་དུར༔ ཀྱིང་ཀྱིང་སྟམ་བྷ་ཡ་ནན་རྦད་ཡ༔ ཅེས་པ་འདི་ཉིད་བཏགས་ཏེ་བཟླས༔ ཕུད་མཆོད་གཏོར་མ་སྐབས་སྐབས་འབུལ༔ དམོད་བཅོལ་མ་ཉེས་བཤགས་འདེབས་བྱ༔ འཕྲིན་ལས་བཅོལ་ཞིང་ལས་ལ་བསྐུལ༔ སྒྲུབ་པ་ཐོན་ནས་ཐོ་རངས་ཁར༔ ཁྱི་ཐོད་དགྲ་བོའི་ཕྱོགས་སུ་འཕེན༔ ཡང་ན་ཁང་ཁྱིམ་དག་ལ་བརྒྱག༔ ལིང་ཐོད་མནན་པ་བརྒྱབ་པ་ན༔ དམིགས་བྱ་ཁ་དག་འཕུང་གསུམ་འཐོར༔ བདུན་གཅིག་བསྒྲུབས་ན་ཆོས་འཕྲུལ་ཐེངས༔ བདུན་གཉིས་བསྒྲུབས་ན་འཕུང་འཐབ་ལང་༔ བདུན་གསུམ་བསྒྲུབས་ན་ཨ་ཙ་ར༔ ཝ་སྤྱང་ལ་སོགས་མངོན་རྒྱུག་འཇིགས༔ བདུན་ཕྲག་བཞི་རུ་བསྒྲུབས་པ་ན༔ དགྲ་བོ་འཕུང་གསུམ་ཁ་དག་གཏོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐཾ་གུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ།། །།

བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་བའི་བསྒྲལ་ལས་དགྲ་དཔུང་འཇོམས་བྱེད།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱིས་བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་བཞི་བའི་བསྒྲལ་ལས་དགྲ་དཔུང་འཇོམས་བྱེད་ཞེས་བྱ་བ་བཞུགས། །རབ་འབྱམས་རྒྱལ་བའི་སྤྱི་མེས་བདེ་ཅན་ཞིང་གཙོ་འོད་མཚན་འབར། །གྲུ་འཛིན་ཕྱག་ན་པདྨོ་འཕགས་མཆོག་ཁྲོ་ཚུལ་དབང་ཆེན་རྒྱལ། །མགོན་རྣམས་ཡེ་ཤེས་གཅིག་བསྡུས་མཚོ་སྐྱེས་རྡོ་རྗེ་དྲེགས་ཚོགས་གཉེན། །རྒྱལ་བ་རྣམས་ལ་སྒོ་གསུམ་འདུད་དོ་རིགས་ཀྱི་བདག་པོར་བཞུགས། །མ་གཅིག་བཀའ་རྣམས་བསྡུ་མཛད་མཚོ་རྒྱལ་མ། །སྨོན་ལམ་རྒྱ་མཚོའི་བདག་ཉིད་འཁོན་སྟོན་རྗེ། །ཟབ་གཏེར་སྒོ་འབྱེད་དྲིན་ཅན་ཉི་མ་གྲགས། ཟོལ་མེད་གདུང་བས་ལན་བརྒྱར་མགོས་ཕྱག་འཚལ། །འཕགས་མཆོག་བཀའ་ཡི་སྲུང་མ་མཐུ་བོ་ཆེ། །མ་ལུས་དྲེགས་པའི་ཁམས་ཀྱི་སྤྱི་དཔོན་རྗེ། །ཡེ་ཤེས་ལྷ་མཆོག་བསྟན་སྲུང་ནག་པོའི་ཚུལ། །འཛིན་ལ་ཉེ་བར་འདུད་དོ་ཤིས་པ་སྩོལ། །གང་དེའི་འཕྲིན་ལས་བཟློག་པའི་རིམ་པ་རྣམས། །པདྨའི་རྡོ་རྗེའི་གསུང་དུ་རྒྱས་ན་ཡང་། །ཉམས་པ་བསྒྲལ་ཚིག་དམིགས་གསལ་མ་མཆིས་དོན། །རང་བློས་འདིར་བསྒྲིག་གནང་བ་སྩོལ་ཅིག་ཀྱེ། །གསང་ཆེན་བསྟན་པའི་ལྷ་ལམ་དུ། །འཕྲིན་ལས་མགོན་པོ་སྒྲུབ་པའི་སྤྲིན། །དྲག་སྔགས་ལས་སྦྱོར་ཐོག་གི་མདས། །ལོག་འདྲེན་བྲག་རི་ཕྱེར་འཐག་མཚར། །ཅེས་ཤིས་པའི་སྒོ་འཕར་ཕྱེ་བས་ལམ་ཡངས་པར་བྱས་ནས་འཕགས་པ་མ་རིག་མུན་སེལ་གྱི་གདམས་པའི་བཀའ་ཡི་སྲུང་མ་དཔལ་ཡེ་ཤེས་ཀྱི་མགོན་པོའི་ཕྲིན་ལས་གྱེར་བསྒོམ་དང་གཏོར་མའི་འཕྲིན་ལས་བཟློག་རིམ་སོགས་ནི་ཇི་བཞིན་ཚང་བར་བསྒྲལ་ལས་ཀྱི་ཆོ་ག་དམིགས་བསལ་གཏེར་གཞུང་དུ་མ་མཆིས་པར་ཉེར་མཁོ་ཅུང་ཞིག་འདིར་སྤྲོ་བ་ལ། དེ་ཡང་གཞུང་ལས། མི་མཐུན་བར་ཆད་བཟློག་འདོད་ན༔ དགྲ་བགེགས་བསྒྲལ་བའི་ལིང་ག་དང་༔ ཤ་སྣ་ཁྲག་སོགས་གཏོར་མར་འབུལཿ ཁཱ་ཧི་བརྗོད་ཅིང་སྨན་རག་སྦྲེང་ཿ ཅེས་པའི་ཚིག་ཟིན་ཙམ་ལ་བརྟེན་ནས་བསྒྲིགས་པ་སྟེ། །དེ་ཡང་གཏོར་བཟློག་བཅའ་གཞི་ལ་སོགས་གཞུང་དུ་གསལ་བ་དང་སྤྱི་ཁྱབ་མཐོང་བརྒྱུད་ལྟར། ཡི་དམ་གྱི་གཞུང་བསྲང་བ་དང་། ལྷག་པར་མགོན་པོའི་ཕྲིན་ལས་བསྲངས་ཏེ། སྒྲུབ་ཐབས་ལྟར་བཟླས་པ་གནད་དུ་བསྣུན་པ་སྔོན་དུ་འགྲོ་བས་སྐབས་སུ་བབས་ཚེ་རང་ཉིད་ཧེ་རུ་ཀའི་ཆས་སུ་ཞུགས། མདུན་དུ་འབྲུབ་ཁུང་དུ་དགྲ་བོའི་ལིང་ག་ཟག་རྫས་དང་ལྡན་པ་བག་ཟན་གྱི་ཉ་བོ་སོགས་བཞག་ཅིང་། བསྒྲལ་ཆས་ཀྱི་མཚོན་ཆ་ཐུན་རྣམས་འཚོགས་པར་བྱས་ནས། སྣོད་གཙང་མར་དཀར་གཏོར་ཕུད་བཅས་བཤམས་ཏེ་བྱིན་གྱིས་བརླབས་ནས། ཧཱུྃ། རིན་ཆེན་སྣོད་དུ་གཙང་མའི་དཀར་མངར་ཕུད། །སྨན་སྤོས་འབྲུ་སྣ་རིན་ཆེན་རིགས་བྱེད་སོགས། །འདོད་ཡོན་ཀུན་ཚང་སྔགས་དང་ཕྱག་རྒྱ་ཡིས། །བྱིན་གྱིས་བརླབས་པའི་དམ་རྫས་གསེར་སྐྱེམས་འདི། །རྩ་གསུམ་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ། །ཕྲིན་ལས་མ་ལུས་འགྲུབ་པའི་དངོས་གྲུབ་སྩོལ། །དཔལ་ལྡན་ནག་པོ་ཆེན་པོ་མཐུ་བོ་ཆེ། །ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བྲན་དང་གཡོག །འཁོར་བཅས་དམ་རྫས་གསེར་སྐྱེམས་མཆོད་པ་བཞེས། །སྔར་བྱས་གཏང་རག་ཕྱི་བྱེད་ཞུ་སྐྱེམས་དང་། །ད་ལྟ་ལས་ཀྱི་གཉེར་ཟས་ངོ་མ་ཆུང་། །གཞན་ཡང་དཀར་ཕྱོགས་སྐྱོང་བའི་དཔལ་མགོན་སྡེ། །མགུར་ལྷ་དགེ་བསྙེན་ཡུལ་གཞིས་སྐྱོང་བ་རྣམས། །གཙང་མའི་གསེར་སྐྱེམས་བཞེས་ལ་དམག་དཔུང་སྐྱེད། །མཐུ་དཔུང་སྡོང་གྲོགས་སྒྲུབ་ལ་དམ་ཉམས་སྒྲོལ། །ཕུད་མཆོད། ཧཱུྃ། སྐྱབས་གྱུར་དཀོན་མཆོག་རབ་འབྱམས་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་སྡེ། །ཡེ་ཤེས་འཇིག་རྟེན་བརྟེན་ཅིང་བསྒྲུབས་པའི་ཚོགས། །སྒྲུབ་པོ་རྣལ་འབྱོར་གཟུ་དང་དཔང་པོ་མཛོད། །ལེགས་ཉེས་གཟིགས་ལ་དྲང་ཤན་མྱུར་དུ་ཕྱེས། །རྣལ་འབྱོར་བདག་ནི་འཇིག་རྟེན་འཁྲུལ་པའི་ལས། །དོན་མེད་རྟོགས་ནས་མི་དགེ་རྒྱབ་ཏུ་བོར། །རྣམ་དག་དགེ་བཅུ་རྣམ་པར་སྤྱོད་པའི་སེམས། །ལྡན་པའི་སྟོབས་ལ་ལོག་འདྲེན་དགྲ་བོ་འདིས། །སྣ་ཚོགས་ཐབས་ཀྱིས་བགྱིད་དུ་མ་སྟེར་ཞིང་། །བར་དུ་བཅད་དེ་ལོག་པར་བསྒྲུབས་གྱུར་པས། །ད་ལྟ་དཔང་མཛོད་ཡི་དམ་མཁའ་འགྲོའི་ཚོགས། །ཁྱད་པར་མ་ཧཱ་ཀཱ་ལ་ནག་པོ་སྟོང་། །རྣལ་འབྱོར་ཡི་དམ་བརྟེན་ཅིང་ཆོས་སྐྱོང་མཆོད། །བསྙེན་སྒྲུབ་མཆོད་བསྟོད་བགྱིས་པ་དོན་མ་ཆུང་། །དྲང་ཤན་ཕྱེས་ལ་ཉམས་པའི་དགྲ་བོ་སྒྲོལ། །མ་གཡེལ་མངོན་སྤྱོད་འཕྲིན་ལས་མཛད་དུ་གསོལ། །དེ་ནས་བདག་ཉིད་ཡི་དམ་གྱི་ཏིང་འཛིན་དྲག་ཏུ་གསལ་ཏེ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བདག་ཉིད་སྐད་ཅིག་གིས་ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་དཔལ་ཁྲོ་བོའི་རྒྱལ་པོ་པདྨ་དབང་ཆེན་སྐུ་མདོག་དམར་པོ་ཞལ་གདངས་ལྗགས་འགྲིལ་མཆེ་བ་གཙིགས་པ་སྤྱན་གསུམ་རབ་ཏུ་བགྲད་པ་ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ་གཡོན་པ་ཐོད་ཁྲག་ཐུགས་ཀར་བསྣམས་པ། རྟ་སྐད་འཚེར་ཞིང་བདུད་བཞི་འདུལ་བ་དུར་ཁྲོད་ཆས་བརྒྱད་གསོལ་བ། ཞབས་དོར་སྟབས་སུ་བགྲད་པ་གཟི་བརྗིད་ཀྱི་འོད་ཟེར་ཉི་མ་འབུམ་ལྟར་འབར་བའི་མདུན་དུ་དཔལ་ནག་པོ་ཆེན་པོ་མ་ཧཱ་ཀཱ་ལ་རབ་ཏུ་འཇིགས་ཤིང་རྔམ་པའི་ཆ་བྱད་རྫོགས་པའི་འཁོར་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་ལ་སོགས་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་འཚུབ་པ། རྒྱ་མཚོའི་རྦ་ལྟར་འཕྱོ་བ། འཇིགས་པའི་སྒྲ་སྐད་སྒྲོག་ཅིང་རྔམ་པའི་ཤུགས་ཕྱུང་བ། སྒྲོལ་བའི་མཚོན་རིགས་ཐོགས་པ་གྲངས་མེད་སྐར་ལྟར་འཁྲུག་པ་ཞིག་ཏུ་གྱུར། དེ་ལྟར་གྱེར་ཚིག་དང་མཐུན་པར་བསྐྱེད་རིམ་དྲག་ཏུ་གསལ། ཕཊ་ཨེ་རཾ་ཡཾ་ཁཾ། མདུན་གྱི་འབྲུབ་ཁུང་མི་དམིགས་སྟོང་པ་ཉིད་ཀྱི་ངང་ལསཿ ཡི་གེ་ཨེ་མཐིང་ནག་ཅིག་ཏུ་གསལ་བ་ཡོངས་སུ་གྱུར་པ་ལས་ལྕགས་ཁང་ཟུར་གསུམ་པ་ཁ་དོག་དམར་ཞིང་རེག་བྱ་ཚ་བཿ ཁ་དོག་ཅིང་མཐིལ་ཡངས་པ་ཐར་མེད་ཀྱི་གནས་བང་རིམ་དགུ་བརྩེགས་དང་ལྡན་པཿ འཇིགས་ཤིང་ཡ་ང་ལ་སྐྱི་བུང་བྱེད་པ་ཞིག་ཏུ་གྱུརཿ དེའི་ནང་དུ་ནྲི་ཡོངས་སུ་གྱུར་པ་ལསཿ དགྲ་བོ་སྐྱ་ལ་ཧམ་པཿ སྔོ་ལ་རིད་པཿ བུ་ག་དགུ་ནས་ཁྲག་འཛག་པཿ མགོན་སྐྱོབ་དང་བྲལ་བ་འདར་ཕྲི་ལི་ལི་བྱེད་པཿ ཡན་ལག་ལྕགས་སུ་བཅུག་པཿ འོ་དོད་ཙེ་རེ་རེ་འབོད་པ་ཉམ་ཐག་པའི་གཟུགས་ཅན་དུ་གྱུར། འགུགས་པའི་ཕྱག་རྒྱ་དང་བཅས་ཏེ། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ། དགེ་འདུན་གྱི་བཀའ་བདེན་པ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྡོ་རྗེ་འཛིན་པ་རྣམས་ཀྱི་བཀའ་བདེན་པ། ཡི་དམ་པདྨ་ཧེ་རུ་ཀ་ལ་སོགས་བརྟེན་ཅིང་བསྒྲུབ་པའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་བཀའ་བདེན་པ། མ་མོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་སྡེ་ཚོགས་རྣམས་ཀྱི་བཀའ་བདེན་པ། ཁྱད་པར་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་མཐུ་ཆེན་ནག་པོ་ཆེན་པོའི་བཀའ་བདེན་པ། །ཡུམ་མཆོག་ནག་མོ་ཙན་ཏི་ཀའི་བཀའ་བདེན་པ། བཀའ་སྡོད་ནག་པོ་བྱ་རོག་གི་གདོང་པ་ཅན་ལྔའི་བཀའ་བདེན་པ། ཚངས་པ་གཤིན་རྗེ་བཙན་དང་གནོད་སྦྱིན་རང་རང་གི་སྡེ་ཚོགས་དང་བཅས་པའི་བཀའ་བདེན་པ། གཞན་ཡང་མཁའ་འགྲོ་ཞིང་སྐྱོང་ནག་པོ་སྟོང་ཤ་ཟ་འབུམ་མ་མོ་བྱེ་བ་ལ་སོགས་པ་སྤྲུལ་པ་ཡང་སྤྲུལ་བྲན་གཡོག་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་དྲག་རྩལ་མྱུར་མགྱོགས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས། སངས་རྒྱས་བསྟན་པའི་སྤྱི་དགྲ། རྡོ་རྗེ་ཐེག་པའི་སྒོས་དགྲ། རྗེ་བཙུན་བླ་མའི་སྐུ་དགྲ། ཆོས་ལ་བར་དུ་གཅོད་པ་སེམས་ཅན་ཡོངས་ལ་འཚེ་བ་ཁྱད་པར་དུ་བདག་ཅག་རྣལ་འབྱོར་དཔོན་སློབ་འཁོར་དང་བཅས་པ་ལ་བསམ་པ་ངན་པ། སྦྱོར་བ་རྩུབ་པ། ལོག་པར་འཚེ་བ། སྔ་དགྲ་བྱས་པ། ཕྱི་དགྲ་སེམས་པ། ད་དགྲ་བརྡོ་བ། ལྷས་གོང་ནས་ཇག་པ་བྱེད་པ། ལྷས་འོག་ནས་རྐུན་མ་རྩོམ་པ། ཟ་ལམ་དུ་དུག་སྦྱོར་བ། དོ་བརྡོ་བ་ཕོད་འཛུགས་པ། མདོར་ན་གནོད་ཅིང་འཚེ་བར་གྱུར་པའི་གཟུགས་ཅན་གྱི་དགྲ་བོ། གཟུགས་མེད་ཀྱི་བགེགས་དང་བར་གཅོད་ལོག་པར་འདྲེན་པ་ཐམས་ཅད་ཕྱོགས་མཚམས་སྟེང་འོག་ནམ་མཁའ་བར་སྣང་ས་གཞི་འབྲོས་རི་གབ་ཁུང་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་བྱེའུ་ཁྲས་དེད་པའམ། ར་ཁྱུ་འཕར་བས་དེད་པའམ་ཉེས་ཅན་བཙོན་དུ་བཟུང་བ་ལྟར་གྲུ་གསུམ་འབར་བའི་བཙོན་ཁང་འདིའི་ནང་དུ་ཟག་རྫས་གཟུགས་བྱད་ལིང་ག་ཉ་བོ་འདིར་ཁུག་ཅིག ཅེས་ལན་གསུམ་མཐར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛཿ ར་ཡ་ཙ་དུ་ཁ་ཁ་མུ་ཁ་ཧཱུྃ་ཧཱུྃ་བྷྱོ་བྷྱོཿ ཛཿཛཿ ཙིཏྟ་བཛྲ་ས་མ་ཡ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཁུག་ཁུག་ཐུམ་རི་ལི་ལི་རྦད་རྦད་བྷྱོ་ཛཿ གཞུང་རྣམས་ལས་ཁུགས་རྟགས་མ་བྱུང་བར་དུ་བཟླ་བར་གསུངས་པ་བཞིན་ནན་ཏན་གལ་ཆེ་བས་འགུགས་སྔགས་འདི་བརྒྱ་རྩ་གཅིག་བྱའོ། ཛཿཧཱུྃ་བཾ་ཧོ༔ གསུམ་གྱིས་རྒྱས་གདབ། དེ་ནས་ཟོར་ཆུང་གཅིག་ལ་དགུག་གཞུག་བསྡུས་པ་བྱས་ཏེ། ཧཱུྃ་བཞེངས་ཤིག་བཞེངས་ཤིག་ཡི་དམ་རབ་འབྱམས་ལྷ། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་ཐུགས་དམ་བསྐུལ། །དམ་ཉམས་ལས་ངན་སྡང་བྱེད་དགྲ་བོ་འདི། །སྒྲལ་འདྲེན་ཕྲིན་ལས་མཛད་པའི་དུས་ལ་བབས། །དཔལ་ཆེན་མ་ཧཱ་ཀཱ་ལ་མཐུ་སྟོབས་ཅན། །ཡེ་ཤེས་ལྷ་སྟེ་དྲེགས་པའི་རྣལ་རོལ་བ། །གཏུམ་རྔམ་འབར་བའི་ཀློང་ནས་ཐུགས་དམ་བསྐུལ། །ཐོགས་མེད་དྲག་ཤུལ་སྟོབས་ཀྱིས་དམ་ཉམས་སྒྲོལ། །བཀའ་སྡོད་མཆེད་ལྔ་ཚངས་པ་གཤིན་རྗེ་བཙན། གནོད་སྦྱིན་ནག་པོ་སྟོང་ཕྲག་ཤ་ཟ་འབུམ། །མ་མོ་བྱེ་བ་གིང་དང་ཕོ་ཉའི་ཚོགས། །བྲན་གཡོག་སྤྲུལ་པར་བཅས་པ་མ་ལུས་པ། །ཐུགས་དམ་དྲག་ཏུ་བསྐུལ་ལོ་ས་མ་ཡ། །དམར་གྱི་གཏོར་མ་ཤ་ཁྲག་རྒྱན་ལྡན་འབུལ། །བཞེངས་ཤིག་ནག་པོ་འཁོར་བཅས་ཐུགས་དམ་བསྐུལ། །ཉམས་པའི་བྱད་མ་སྒྲལ་བའི་དུས་ལ་བབ། །མ་གཡེལ་དྲག་ཏུ་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་མདུན་བསྐྱེད་དུ་དམར་གཏོར་རཀྟ་སྦྲེང་། དེ་ནས་ལིང་ག་བྱད་ཐག་གིས་དཀྲིས་ཏེ། ཧཱུྃ། དཔལ་ཆེན་མགོན་པོ་ནག་པོ་ཆེན་པོ་ཡི། །བཀའ་སྡོད་ཕོ་ཉ་ལས་བྱེད་སྤྲུལ་པའི་ཚོགས། །རྔམ་དང་གཏུམ་པའི་སྐུར་སྟོན་ཕྱག་རྣམས་ན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན། །གར་དང་ཕྱག་རྒྱའི་ཆོ་འཕྲུལ་བསྒྱུར་བ་ཡིས། །ཁུག་ཅིག་དགྲ་བོ་གཟུགས་དང་གཉིས་མེད་བསྟིམ། །ཆིངས་ཤིག་བྱད་ཐག་ཞགས་པས་དམ་དུ་ཆིངས། །སྡོམས་ཤིག་ལྕགས་སྒྲོག་འབར་བས་དམ་དུ་སྡོམས། །ཕྲོལ་ཞིག་དྲིལ་བུས་དགྲ་བོ་ལྷ་དང་ཕྱེས། །དེ་ནས་དྲིལ་བུ་འཁྲོལ་ལྕགས་ཀྱུ་འཛིན་ཅིང་། ཧཱུྃ། ང་ནི་ཁྲོ་རྒྱལ་དབང་ཕྱུག་པདྨ་དབང་། །མ་ཧཱ་ཀཱ་ལ་ནག་པོ་སྡེ་དཔུང་བཅས། །ཞིང་བཅུའི་དགྲ་བོ་ཕྱེ་མར་སྒྲོལ་བྱེད་ན། །དགྲ་བོར་འགོ་ཞིང་སྐྱོབ་པའི་ལྷ་སྲུང་རྣམས། །བྱེར་ཞིག་མ་འདུག་རང་རང་གནས་སུ་དེངས། །རང་གཤེད་རང་ཕོབ་སྒྲལ་བའི་དཔུང་གྲོགས་མཛོད། །བསྐྱབ་མཛད་ཡི་དམ་ལྷ་རྣམས་ཐུགས་དམ་ཉམས། །འཇིག་རྟེན་ལྷ་རྣམས་བདག་ཉིད་ཁྲོ་རྒྱལ་གྱི། །དྲག་རྩལ་ནུས་པས་རྡུལ་དུ་བརླག་པས་བྱེར། །ཉམས་པའི་ཕ་ལྷ་མ་ལྷ་ཞང་ལྷ་དང་། །བང་ལྷ་ཡུལ་ལྷ་ལ་སོགས་ལུས་ལྷ་དང་། །ཕྱེས་ཤིག་མགོན་པོའི་ལས་བྱེད་ཕོ་ཉ་རྣམས། །ལྕགས་ཀྱུ་འབར་བས་དགྲ་ལྷ་སོ་སོར་ཕྱེས། །དགྲ་བོའི་མགོན་སྐྱོབ་ལུས་ཀྱི་ལྷ་དང་ཕྲོལ། །དྲིལ་བུའི་སྒྲ་ཡིས་དབང་པོ་འཐོམས་པོར་ཐོང་། སྨྱོ་རུ་ཆུག་ཅིག་དྲིལ་འཁྲོལ་ཕོ་ཉ་རྣམས། །རྣམ་ཤེས་མར་མེ་ཁྲག་གི་ཁ་ཕྲུས་རྒྱོབ། །དགྲ་བོའི་རྣམ་ཤེས་དྲན་མེད་ཐོམ་མེར་ཐོང་། །བསྒྲལ་བའི་དུས་ལ་བབ་པོ་ས་མ་ཡ། །དེ་ནས་ཕུར་པ་སྒྲིལ་ཅིང་། ཧཱུྃ། ང་ནི་དབང་ཆེན་པདྨ་ཧེ་རུ་ཀ། ཕྱག་གཉིས་གནམ་ལྕགས་འབར་བའི་ཕུར་པ་སྒྲིལ། །ཁྲོ་རྒྱལ་ཡོངས་ཀྱི་སྲས་མཆོག་ཀི་ལཱ་ཡ། །མཐུ་སྟོབས་ཡོངས་རྫོགས་རྣོ་དབལ་ཕུར་པའི་མཚོན། །ཉམས་པའི་དགྲ་བོའི་ལུས་ལ་གཟིར་ཅིང་བསྐོར། །ལས་ངན་སྤྱོད་པའི་སྲོག་གི་རྩ་ལ་འདེབས། །དབང་པོ་དོན་སྙིང་དམར་ཕྲུལ་ཚལ་པར་ཐོང་། །སྲོག་རྩ་ཆོད་ཅིག་བཛྲ་ཀི་ལཱ་ཡ། །རྣམ་ཤེས་ཆོས་དབྱིངས་ཀློང་དུ་ད་སྤོར་ཞིག ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ཧཱུྃ་ཕཊ། བཛྲ་ཀཱི་ལི་ཀི་ལཱ་ཡ་དགྲ་བོའི་བླ་སྲོག་རྣམ་པར་ཤེས་པ་མཱ་ར་ཡ་རྦད་རྦད། ཨཱོཾ་མ་ཧཱ་ཀཱ་ལ་མ་མ་དུ་ཛཿ ཨཱོཾ་མ་ཧཱ་ཀཱ་ལ་ནྲི་ཏྲི་ཐུཾ་རིལ་རྦད༔ ཏྲག་རཀྴ་ཐུཾ་རིལ་རྦད། །མ་ཧཱ་ཀ་ལ་གིང་ཀ་ར་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡ་ཡཱཿ སྙིང་རྩ་ལ་རྦད་རྦདཿ རུ་རུ་པ་ཙ་ཡ་ཡཱཿ མ་ཧཱ་ཀཱ་ལ་བྷྱོ་བྷྱོཿ དགྲ་བོའི་ཙིཏྟ་གཏུབས་གཏུབསཿ སྲོག་རྩ་ཆོད་ཆོདཿ སྙིང་རྩ་ཕྱུངས་ཕྱུངསཿ ཤག་ཤག་ཕྱེས་ཕྱེསཿ མ་མ་ཏྲག་རཱུ་ཏྲ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་བརྗོད། ཕུར་པ་ཉམས་པའི་སྙིང་གར་བཏབ་པ་ཙམ་གྱིས་རྣོ་དབལ་འབར་བའི་ཟུར་གྱིས་སྙིང་ཚལ་པར་གཏུབ་སྟེ་ལས་ངན་གྱི་རྣམ་པར་ཤེས་པ་ཕུར་པའི་རྩེ་མོ་ནས་ཡར་ཁོང་གསེང་བརྒྱུད་དེ་ཁྲོ་རྒྱལ་པདྨ་ཧེ་རུ་ཀའི་ཐུགས་ཀར་ཐིམ་སྟེ། ཁྲོ་ཆ ེན་འབར་བའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་གྱུར། ཕཊ། བརྗོད་པས་སྤར། དེ་ནས་བདག་ཉིད་ཁྲོ་བོའི་ཐུགས་ཀ་ནས་འོད་དམར་ཚ་ལ་མྱུར་བ་འཕྲོས་ཏེ་མདུན་གྱི་དཔལ་ཆེན་པོ་འཁོར་སྤྲུལ་པ་བཀའ་སྡོད་བྲན་གཡོག་དང་བཅས་པ་ལ་ཕོག་པས་ཐམས་ཅད་རབ་ཏུ་ཁྲོ་ཞིང་བརྔམ་པའི་ཤུགས་ཀྱིས་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་མ་ཐོབ་བཞིན་དུ་དགྲ་བོའི་ལུས་ཚལ་པར་གཏུབས་པའི་དམིགས་པ་དྲག་ཏུ་གསལ། སྐབས་འདིར་ལས་མགོན་བྱ་རོག་གདོང་གཏེར་གཞུང་ལྟར་བསྐུལ། དེ་ནས་རལ་གྲི་གྲི་གུག་གཡས་དང་རྩེ་གསུམ་ཐོད་ཁྲག་གཡོན་དུ་ཐོགས་ནས། ཧཱུྃ། མགོན་པོ་ནག་པོ་མ་ཧཱ་ཀཱ་ལ་ཆེ། །འགྲན་གྱི་ཟླ་བྲལ་མཐུ་སྟོབས་དཔུང་གི་བདག །རབ་རྔམ་གཏུམ་འཁྲུག་འཇིགས་ཤིང་འབར་བའི་སྐུ། །ཕྱག་བཞིའི་གཡས་ཀྱི་དང་པོས་རལ་གྲི་འཕྱར། །དགྲ་བོའི་མགོ་ལུས་དུམ་བུར་ད་ཆོད་ཅིག །གཡོན་གྱི་དང་པོས་ཁ་ཊྭཱཾ་རྩེ་གསུམ་བསྣམས། །དགྲ་བོའི་དོན་སྙིང་ཚལ་པ་གསུམ་དུ་ཁོས། །གཡས་ཀྱི་འོག་མས་གནམ་ལྕགས་གྲི་གུག་བསྣམས། །དགྲ་བོའི་སྙིང་རྩ་དྲོངས་ལ་དུམ་བུར་གཏུབས། གཡོན་གྱི་འོག་མས་ཐོད་ཁྲག་དམར་པོ་བསྣམས། །དགྲ་བོའི་སྟེང་དུ་འབར་བའི་ཁྲག་ཟོར་རྒྱོབ། །ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཨཱོཾ་མ་ཧཱ་ཀཱ་ལ་མ་མ་དུ་ཛཿ ཧཱུྃ་བྷྱོ་དུ་ཛཿ ར་ཡ་ཙ་དུ་ཁ་ཁ་མུ་ཁ་དགྲ་བོའི་སྲོག་རྩ་ཆོད་ཆོད༔ སྙིང་ཁྲག་ཚལ་པར་རྦད་རྦད༔ མཱ་ར་ཡ་སོད་སོད་ཧུར་ཐུཾ་རྦད་ཡ༔ ཅེས་བཟླས་མཚོན་རྣམས་ཀྱིས་བསྣུན། དེ་ནས་གྲི་ཐོད་རལ་གྲི་མདའ་གཞུ་རྣམས་ཐོགས་ཏེ། ཧཱུྃ། དཔལ་ཆེན་ནག་པོ་མ་ཧཱ་ཀཱ་ལ་ཡའི། །གསང་ཡུམ་ཆེན་མོ་ཙན་ཏི་ཀ་ནག་མོ། །ཕྱག་བཞིའི་གཡས་ཀྱི་དང་པོས་གྲི་གུག་བསྣམས། །ཉམས་པའི་སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་། །གཡོན་གྱི་དང་པོས་ཐོད་ཁྲག་དམར་པོ་བསྣམས། །དགྲ་ལ་ནད་མཚོན་དུག་གི་ཆར་པ་ཕོབ། །གཡས་ཀྱི་འོག་མས་རྣོ་ངར་རལ་གྲི་འཛིན། །མགོ་ལུས་ཡན་ལག་དུམ་བུ་ཚལ་པར་གཏུབས། །གཡོན་གྱི་འོག་མས་འབར་བའི་མདའ་གཞུ་བསྣམས། །དམ་ཉམས་བྱད་མའི་སྙིང་གི་དཀྱིལ་དུ་རྒྱོབ། །ཨཱོཾ་མ་ཧཱ་ཀཱ་ལ་མ་མ་དུ་ཛཿ སོགས་བསད་སྔགས་གོང་བཞིན་དང་མཚོན་རྣམས་ཀྱིས་བསྣུན། དེ་ནས་གྲི་གུག་ཐོགས་ནས། ཧཱུྃ། བཀའ་སྡོད་འབར་བའི་ལས་ཀྱི་ད་ལ་ནས། །སྐུ་ཡི་བཀའ་སྡོད་ལས་མགོན་བྱ་རོག་གདོང་། །དཀར་པོ་ཕྱག་ན་གྲི་གུག་ཐོད་ཁྲག་འཛིན། །དམ་ཉམས་དགྲ་ལ་ཐོབ་ཅིག་རྡུལ་དུ་རློགས། །བསད་སྔགས་གོང་ལྟར་གྲི་གུག་གིས་བསྣུན། ཧཱུྃ། བཀའ་སྡོད་འབར་བའི་ལས་ཀྱི་ད་ལ་ནས། །གསུང་གི་བཀའ་སྡོད་ལས་མགོན་བྱ་རོག་གདོང་། །དམར་པོ་ཕྱག་ན་གྲི་གུག་ཐོད་ཁྲག་འཛིན། །དམ་ཉམས་དགྲ་ལ་ཐོབ་ཅིག་རྡུལ་དུ་རློགས། །བསད་སྔགས་གོང་ལྟར་གྲི་གུག་གིས་བསྣུན། ཧཱུྃ། བཀའ་སྡོད་འབར་བའི་ལས་ཀྱི་ད་ལ་ནས། །ཐུགས་ཀྱི་བཀའ་སྡོད་ལས་མགོན་བྱ་རོག་གདོང་། །མཐིང་ཀ་ཕྱག་ན་གྲི་གུག་ཐོད་ཁྲག་འཛིན། །དམ་ཉམས་དགྲ་ལ་ཐོབ་ཅིག་རྡུལ་དུ་རློགས། བསད་སྔགས་གོང་བཞིན་གྲི་གུག་གིས་བསྣུན། ཧཱུྃ། བཀའ་སྡོད་འབར་བའི་ལས་ཀྱི་ད་ལ་ནས། །ཡོན་ཏན་བཀའ་སྡོད་ལས་མགོན་བྱ་རོག་གདོང་། །སེར་པོ་ཕྱག་ན་གྲི་གུག་ཐོད་ཁྲག་འཛིན། །དམ་ཉམས་དགྲ་ལ་ཐོབ་ཅིག་རྡུལ་དུ་རློགས། །བསད་སྔགས་གོང་བཞིན་གྲི་གུག་གིས་བསྣུན། ཧཱུྃ། བཀའ་སྡོད་འབར་བའི་ལས་ཀྱི་ད་ལ་ནས། །ཕྲིན་ལས་བཀའ་སྡོད་ལས་མགོན་བྱ་རོག་གདོང་། །ལྗང་གུ་ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །དམ་ཉམས་དགྲ་ལ་ཐོབ་ཅིག་རྡུལ་དུ་རློགས། །བསད་སྔགས་གོང་བཞིན་གྲི་གུག་གིས་བསྣུན། །དེ་ནས་འཁོར་ལོ་ལྕགས་ཀྱུ་ཐོགས།། ཧཱུྃ། དཔལ་ཆེན་ནག་པོའི་ལས་མཁན་ཚངས་པ་ཆེ། །དུད་ཁ་རབ་འཇིགས་ཕྱག་གཡས་འཁོར་ལོ་བསྣམས། །གཡོན་པས་འགུགས་བྱེད་འབར་བའི་ལྕགས་ཀྱུ་འཛིན། །དམ་ཉམས་དགྲ་ལ་བསྣུན་ཅིག་ཚལ་པ་གཏུབས། །བསད་སྔགས་གོང་བཞིན་མཚོན་གྱིས་བསྣུན། དེ་ནས་རལ་གྲི་ཁྲམ་ཤིང་ཐོགས། ཧཱུྃ། དཔལ་ཆེན་ནག་པོའི་ལས་མཁན་གཤིན་རྗེ་འབར། །སེར་ནག་རབ་རྔམ་ཕྱག་གཡས་རལ་གྲི་བསྣམས། །གཡོན་པས་གཤིན་རིས་ལྡན་པའི་ཁྲམ་ཤིང་འཛིན། །དམ་ཉམས་དགྲ་ལ་ཁྲམ་ཐོབ་ཚལ་པར་གཏུབས། །བསད་སྔགས་གོང་བཞིན་མཚོན་གྱིས་བསྣུན། དེ་ནས་རྡོ་རྗེ་ཙིཏྟ་ཐོགས། ཧཱུྃ། དཔལ་ཆེན་ནག་པོའི་ལས་མཁན་བཙན་གྱི་རྗེ། །དམར་ནག་རབ་འབར་ཕྱག་གཡས་རྡོ་རྗེ་དང་། གཡོན་པས་དགྲ་བོའི་དོན་སྙིང་ཀྲུཾ་ཀྲུམ་རོལ། །དམ་ཉམས་དགྲ་བོའི་སྙིང་རོལ་ཚལ་པར་གཏུབས། །བསད་སྔགས་གོང་བཞིན་མཚོན་གྱིས་བསྣུན། དེ་ནས་གཏུན་ཤིང་ཙིཏྟ་ཐོགས། ཧཱུྃ། དཔལ་ཆེན་ནག་པོའི་ལས་མཁན་གནོད་སྦྱིན་སྐུ། །སྔོན་པོ་རབ་གཏུམ་ཕྱག་གཡས་རྡོ་རྗེའི་གཏུན། །གཡོན་པས་ཉམས་པའི་ཙིཏྟ་འཛིན་ཅིང་གསོལ། །དམ་ཉམས་དགྲ་བོའི་རུས་རྡུངས་ཚལ་པར་གཏུབས། །བསད་སྔགས་གོང་བཞིན་མཚོན་གྱིས་བསྣུན། དེ་ནས་ཁྲག་མདའ་རྡོ་ཐུན་རྣམས་ཀྱིས་བརྡེག་ཅིང་།། ཧཱུྃ། དཔལ་ཆེན་ནག་པོའི་སྤྲུལ་པ་ཡང་སྤྲུལ་དང་། །ཕོ་བརྒྱུད་ནག་པོ་སྟོང་དང་ཤ་ཟ་འབུམ། །མོ་བརྒྱུད་མ་མོ་བྱེ་བ་ཡང་འཁོར་བཅུས། །སྣ་ཚོགས་མཚོན་ཐུན་སྡང་བའི་དགྲ་ལ་རྒྱོབ། །གཏུབས་ཤིག་བཏུབས་ཤིག་ཕྱེ་མ་དུམ་བུར་གཏུབས། །བསད་སྔགས་གོང་བཞིན་མཚོན་ཐུན་བརྡེག དེ་ནས་རལ་གྲིས་ཕྱེ་མར་ཡོངས་སུ་གཏུབས་ཏེ། ཧཱུྃ། ནག་པོ་འབར་བ་གཙོ་འཁོར་སྤྲུལ་པ་དང་། །བྲན་གཡོག་འཁོར་བཅས་དྲག་རྩལ་མྱུར་མགྱོགས་ཀྱི། །སྣ་ཚོགས་མཚོན་དང་འབར་བའི་རལ་གྲི་ཡིས། །ལྷག་མ་མེད་པར་ཚལ་པ་དུམ་བུར་གཏུབས། །བསང་སྔགས་གོང་བཞིན་རལ་གྲིས་དུམ་བུར་མ་ལུས་པ་གཏུབས་ཏེ་སྨན་རཀ་སྦྲན་ནས་སྟོབ་པ་ནི། ཧཱུྃ་ཕྱེས་ཤིག་ནག་པོ་མ་ཧཱ་ཀཱ་ལ་ཆེ། །དམ་ཅན་སྤྱི་དཔལ་མགོན་པོ་ཞལ་ཕྱེ་ཞིག །བཀའ་སྡོད་ལས་མགོན་ཕྱོགས་བཞིའི་ལྷ་ཆེན་བཞི། །ཡང་སྤྲུལ་ནག་པོ་ཤ་ཟ་མ་མོ་དང་། །ཞིང་སྐྱོང་གིང་དང་འཁོར་བཅས་ཞལ་ཕྱེ་ཞིག །ལོག་པར་འདྲེན་པ་ཞིང་བཅུ་ཚང་བའི་དགྲ། །ཉམས་པ་མ་ལུས་ཆམ་ལ་དབབ་པའི་ཕྱིར། །རྣལ་འབྱོར་བདག་གིས་ཁྱེད་རྣམས་ར་མདར་སྦྲན། །སྔོན་གྱི་དམ་དགོངས་ནག་པོ་འཁོར་བཅས་ཀྱིས། །ལྷག་མ་མེད་པར་རྔམ་པའི་དྲག་རྩལ་གྱིས། །བསྒྲལ་བའི་དགྲ་བོའི་ཤ་ཁྲག་དོན་སྙིང་རུས། །ཀླད་རྐང་ཚིལ་རྒྱུས་ནང་རོལ་ཞག་དང་བཅས། །གཟུགས་ཕུང་གཏུབས་པའི་ཤ་ཁྲག་མཆོད་པ་འདི། །འབུལ་ལོ་བཞེས་ཤིག་ནག་པོ་ཆེན་པོའི་ཚོགས། །ཞལ་དུ་བསྟབ་བོ་ལྷག་མ་མེད་པར་བཞེས། །ཤ་ཆེན་རི་བོ་སྤུངས་ཤིང་བརྩེགས་པ་འདི། །རྔམ་པའི་སྟོབས་ཀྱིས་ཁྱུར་མིད་གྱིས་ལ་བཞེས། །ཁྲག་གི་རྒྱ་མཚོ་སྐོམ་པའི་ཧུབ་བཞིན་ཐོབ། །རུས་པའི་གྲམ་ཁྲོད་གཙིགས་པའི་མཆེ་བ་ཡི། །རྣོ་ངར་སྟོབས་ཀྱིས་མུར་ལ་ཞལ་དུ་སྟོབས། །ནང་རོལ་དོན་སྙིང་ལྷག་མ་མེད་པར་བཞེས། །ཤ་ལས་ཁམ་གང་ཁྲག་ལས་ཐིགས་པ་གཅིག །རུས་ལས་ཏིལ་ཙམ་མ་ལུས་བཞེས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དགྲ་བགེགས་བསྒྲལ་བའི་མ་ཧཱ་མཾ་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིངྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་ལན་བདུན་གྱིས་ལིང་དུམ་མདུན་བསྐྱེད་ནང་དུ་སྟོབ་པར་བྱའོ། །དེ་ནས་བདག་ཉིད་པདྨ་དབང་ཆེན་རྒྱལ་པོའི་རྣམ་པ་དང་། མགོན་པོ་ཆེན་པོ་བློན་གྱི་རྣམ་པ་བཀའ་སྡོད་ལས་མཁན་འཁོར་ཕོ་ཉ་མངག་གཞུག་གི་རྣམ་པ་སྤྲུལ་པ་ཡང་སྤྲུལ་འབངས་ཀྱི་རྣམ་པའི་དམག་དཔུང་གིས་དགྲ་བོ་ཐལ་བར་བརླགས་ཤིང་བསྒྲལ་བ་ལུས་པ་མེད་པར་བཞེས་པའི་འདུ་ཤེས་དང་། དེ་ནས་ལོག་འདྲེན་ཐམས་ཅད་བཟློག་པའི་རང་བཞིན་དུ་ཐམས་ཅད་དྲག་རྩལ་འབར་བར་བསྒོམ་པའི་ཏིང་ངེ་འཛིན་དང་མ་བྲལ་བས་བཟློག་པའི་རིམ་པར་གཏེར་གཞུང་ལྟར་འཇུག་ཅིང་བརྩོན་པར་བྱའོ། །སྨྲས་པ། ལོག་འདྲེན་དགྲ་སྡེའི་བྲག་རི་ཕྱེར་འཐག་པའི། །དྲག་རྩལ་སྟོབས་ལྡན་ནག་པོ་ཆེན་པོའི་ཐོག །རྒྱབ་ཚེ་བརྟན་པ་མེད་པར་འཇིག་པ་ནི། །རྒྱལ་བའི་མཐུ་དང་ལས་ཀྱིས་གཤིས་སུ་གྲུབ། །མཆོག་གསུམ་གཙུག་བཀུར་དགེ་བ་དང་ལེན་ཅིང་། །མི་དགེ་རྒྱབ་བོར་ལམ་བཟང་སྒྲུབ་པ་ལ། །བར་གཅོད་ལོག་པར་འདྲེན་པས་འཁུ་གྱུར་ན། །མྱུར་མགྱོགས་ནག་པོའི་དྲག་སྔགས་ལས་སྦྱར་ཚེ། །ཐོགས་མེད་གླགས་བལྟ་རྒོལ་བའི་གླང་པོའི་ཚོགས། །མཐུ་སྟོབས་རྩལ་གསུམ་རྫོགས་པའི་ངར་སྒྲ་ཡིས། །འཇོམས་པ་འདི་ནི་དངོས་པོའི་གཤིས་སུ་གྲུབ། །ནག་པོའི་ཕྲིན་ལས་རྒྱལ་བཀའ་རྡོ་རྗེའི་གསུང་། །རྒྱས་ཀྱང་མ་ཚང་ཕྲན་བུའི་ཁ་བཀང་འདི། །རྩ་གསུམ་སྲུང་མར་གནང་བ་གསོལ་བཏབ་ནས། །བསྒྲིགས་ལ་ཉེས་གྱུར་མཆིས་པ་མགོན་རྣམས་དྲུང་། །མཐོལ་ལོ་བཤགས་སོ་བཟོད་པར་གནང་སྩོལ་ཀྱེ། །ཚུལ་བཞིན་བསྒྲུབས་པ་དང་བློའི་དྲི་བཞོན་རྟས། །བསྒྲལ་ཆོག་མཐུ་སྟོབས་གཟི་འབར་ཚ་ཟེར་ཅན། །མགོན་སྒྲུབ་ཕྲིན་ལས་ལྷ་ལམ་དྲངས་པའི་དགེའི། །འོད་ཀྱིས་བདུད་སྡེའི་ཀུ་མུད་གཞོམ་མཛད་ནས། །རྡོ་རྗེ་ཐེག་པའི་བསྟན་སྲོལ་འདབ་བརྒྱ་པ། །རྣམ་པར་རྒྱས་པའི་རྒྱུ་རུ་འགྱུར་པར་ཤོག །ཅེས་དེ་ལྟར་གྱི་ཚུལ་འདི། ༧ རྗེ་ཁྱབ་བདག་འཁོར་ལོའི་མགོན་པོ་རིགས་འདུས་གཏེར་ཆེན་བླ་མ་གར་དབང་ཉི་མ་གྲགས་པ་ཞེས་རྩོད་བྲལ་གྱི་འདྲེན་མཆོག་དམ་པ་དེས་ཟབ་གཏེར་སྒོ་བརྒྱ་ཕྱེ་བའི་ནང་གི་མཆོག་ཟབ་གདམས་པའི་སྙིང་པོ་འཕགས་པ་མ་རིག་མུན་སེལ་གྱི་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལའི་བསྒྲུབ་སྐོར་ཟབ་མོར་གཏོར་བཟློག་གི་ཕྲིན་ལས་དང་སྒྲལ་བའི་ལས་མཐའ་ཞེས་དམིགས་རིམ་སོགས་འགའ་ཞིག་འདུག་ཀྱང་བསྒྲལ་ལས་ཀྱི་ཚིག་གསལ་ཁ་མེད་པ་ལ་ཉེར་མཁོ་འདི་བསྒྲིགས་པ་སྟེ་སྤྱིར་ཤོ་ལོ་ཀ་ཙམ་ལོན་ནས་བསྟན་བཅོས་ལ་གཏོགས་པར་བཤད་པས་རྩོམ་བ་པོ་ལ་ལུང་དང་རྟོགས་པའི་ཡོན་ཏན་ཁྱད་འཕགས་དགོས་པར་བཤད་ཅིང་རང་བཞིན་པས་གང་དྲན་འབྲི་བཀའ་བཤད་པ་དང་། ལྷག་ཏུ་ཟབ་གཏེར་གྱི་ཆོས་ལ་འདོད་བཟོའི་བཅོས་བསླད་མི་རུང་བ་གནད་འགག་ཆེ་བས་བདག་ལྟ་ཡོན་ཏན་ཏིལ་ཙམ་མེད་པས་འདི་ལྟར་རྩོམ་པ་བག་ཚ་བར་མཆིས། དེ་ལྟ་ནའང་ཉེར་མཁོའི་ཆེད་དུ་སྤྱི་ཁྱབ་ལ་བསྟུན་པའི་ཉུང་འདུས་འདི་ཙམ་བསྒྲིགས་པ་ཆེར་མི་འགལ་ལམ་སྙམ་པས་གཞུང་དུ་རྩ་ཚིག་འགའ་ཞིག་འདུག་པར་བརྟེན་ནས། རང་དབང་ཆེན་དུ་བདག་བསྐྱེད་དགོས་པ་གཞུང་དུ་གསལ་བ་དང་། ལྷ་གྲངས་ཕྱག་མཚན་གཞུང་ལྟར་ཚིགས་སུ་བཅད་གོ་རིམ་གཏེར་གསར་གྱི་སྨད་ལས་གཞན་རྣམས་དང་ཆ་མཐུན་པར། འགུགས་བསད་བསྟབ་གསུམ་སྔགས་རྣམས་གཞུང་བཞིན་བྱས་པ་འདི་ནི་ལས་དང་སྨོན་ལམ་དག་པའི་འཕྲོ་ཅན་ཆོས་ཟབ་འདིར་མི་ཕྱེད་དད་ནོར་ཅན་བློ་གསལ་སྔགས་ཀྱི་བཙུན་པ་བེ་རི་ཆེ་ཤོས་པདྨ་འཕྲིན་ལས་ཞེས་པས་འདི་ལྟ་བུ་ཞིག་སྒྲིག་དགོས་འདུག་པ་གྲུབ་ན་ལེགས་ཞེས་བསྐུལ་བ་ལྟར་རྨོངས་དྲེད་ཟ་ཟིའི་དབང་དུ་ལུས་པའི་ཐ་མལ་པ་བོང་བ་གསེར་གཟིགས་ཀྱིས་རང་བཞིན་ཅན་རྗེ་གཏེར་ཆེན་དམ་པའི་རྗེས་འཇུག་གི་ཚུལ་འཛིན། སྙོམས་ལས་གྱི་ན་པ། ༧ ཨོ་རྒྱན་འགྱུར་མེད་བསྟན་འཕེལ་རྒྱ་མཚོར་འབོད་པས་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་བཟང་པོ་པདྨས་ལུང་བསྟན་པའི་སྦས་ཡུལ་ཆེན་པོ་རོག་མོ་ལྗོངས་ཀྱི་སའི་ཆ་རིག་འཛིན་བླ་མའི་གདན་ས་ཤར་སྟག་མོ་སྒང་གི་ཆོས་གྲྭ་སྐལ་བཟང་ཕུན་ཚོགས་གླིང་རྡོ་རྗེ་གདན་གྱི་དབེན་གནས་སུ་སྦྱར་བ་བསྟན་དགྲ་འཇོམས་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།། །།

དཔལ་ཡེ་ཤེས་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ།

དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲོག་དབང་བྱ་ཚུལ་གསལ་བར་བཀོད་པ་ཕྲིན་ལས་མྱུར་འགྲུབ་ཞེས་བྱ་བ་ཡོད། འཕགས་མཆོག་ཐུགས་རྗེའི་རང་གཟུགས་གདུལ་དཀའི་ངོར། །སྙིང་རྗེའི་ཉམས་ཀྱིས་ཆེར་ཁྲོས་བསྟན་སྲུང་གཙོར། །ཡོངས་བཞེངས་རྡོ་རྗེ་ནག་པོ་ཆེན་པོ་དང་། །དབྱེར་མེད་བླ་མ་མཆོག་ཞབས་གུས་བཏུད་ནས། །གསང་ཆེན་རྒྱུད་སྡེའི་སྲུང་མ་ནག་པོ་ཆེ། །བདུད་དགྲའི་གཤེད་གྱུར་དཔལ་མགོན་ཕྱག་བཞི་པའི། །བྱིན་རླབས་དབང་གི་ཆོག་ཁྲིགས་འཇུག་བདེའི་སྐྱེས། །འཕྲིན་ལས་འདོད་པ་འཇོ་བའི་དགའ་སྟོན་བྱ། དེ་ཡང་དཔལ་ཡེ་ཤེས་ཀྱི་མགོན་པོའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་བཀླགས་ཆོག་ཏུ་བཀོད་པ་ལ་གཏེར་གཞུང་རྩ་བར། རྷ྄ིཿ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བཀའ་སྲུང་མགོན་པོ་ཕྱག་བཞི་བའི་དབང་བཞུགས༔ ཡེ་ཤེས་མགོན་པོའི་ཚོགས་ལ་འདུད༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ མཎྜལ་དུག་ཁྲག་ཆག་ཆག་གདབ༔ མགོན་པོའི་དཀྱིལ་འཁོར་བྲིས་ནས་ཀྱང་༔ སྨན་གཏོར་རཀྟ་དར་ནག་བཤམས༔ ལས་བྱང་བཏང་ཞིང་བསྙེན་ཁ་གསོ༔ ཏིང་འཛིན་ངང་ནས་བསྐྱེད་རིམ་གསལ༔ ཞེས་གསུངས་པ་རྡུལ་ཚོན་ནམ་སྟེགས་བུ་ཁེབ་ལྡན་གྱི་ཁར་རས་བྲིས་སམ་ཡང་ན་འབྲུ་ཚོམ་གྱི་ཁར་དབུས་སུ་གཏོར་སྣོད་བྷནྡྷ་ལ་སོགས་པར་པད་འདབས་སྟེང་མི་ལྤགས་ཀྱི་གདན་ལ་དཔལ་གཏོར་ཟུར་གསུམ་པ་མེ་རི་རྒྱན་སྤྲོས་གང་ལེགས། མགོན་པོའི་སྐུ་ཙཀ་མདའ་དར་ནག་གིས་བརྒྱན་པའི་གདུགས་ཅན་གཡས་སུ་ཐོད་ཁྲག །གཡོན་དུ་གྲི་གུག་མཐིང་ནག་དར་གྱི་ཅོད་པཎ་དང་བཅས་པ། ཁ་ཊྭཱཾ་རྩེ་གསུམ། རལ་གྲི། མདུན་དུ་ཉ་བོ། གདབ་ཕུར་སོགས། རྒྱབ་ཏུ་དར་ནག་སྒྲུབ་ཡིག་སོགས་དང་། གཞན་ཡང་སློབ་དཔོན་མདུན་དུ། ནས་ཟེ། སྤོས་ཟེ། ཐུན་སྣོད། ཌཱ་དྲིལ་ལས་བུམ། བགེགས་གཏོར། མཎྜལ་སོགས་འདུ་བྱས་ལ། ཡི་དམ་གང་རུང་གི་བསྐྱེད་བཟླས་སྔོན་དུ་འགྲོ་བས། མགོན་པོ་ཉིད་ཀྱི་ལས་གཞུང་བསྲང་འཛབ་བསྙེན་ནུས་ལྡན་དུ་བྱས་ལ། ལས་བུམ་ནང་དུ་དྲི་བཟང་གི་ཆུ་དང་བཅས་པ་འགོད། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད། སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླ་ཞིང་མཐར། ཁྲོ་བོ་འོད་དུ་ཞུ་བུམ་ཆུའི་རྣམ་པར་གྱུར། ཞེས་བསྐྱེད་བཟླས་གྲུབ་ནས་སློབ་མ་རྣམས་སྒོ་འམ་ཡོལ་བའི་ཕྱི་རོལ་དུ་འཁོད་ལ། གཞུང་ལས་སྣོད་དང་ལྡན་པའི་སློབ་མ་ཡིས༔ ནམས་གྱི་སྲོད་ལ་བབ་པའི་ཚེ༔ གོ་མཚོན་དར་ཟབ་ནག་པོ་སོགས༔ དབང་ཡོན་མཎྜལ་ལག་ཏུ་ཐོགས༔ དབང་དོན་གསོལ་བ་འདི་ལྟར་གདབ༔ ༈ རྡོ་རྗེ་འཛིན་པ་དཔའ་བོ་ཆེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ ནག་པོ་ཆེན་པོའི་དབང་བསྐུར་སྩོལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཧོ་ཁྱེད་ཅག་སྐལ་ལྡན་རིགས་ཀྱི་བུ༔ མ་ཧཱ་ཀཱ་ལའི་ད་ལ་འདིར༔ འཇུག་པར་འདོད་པའི་བུ་ཡིན་ན༔ ཚུལ་བཞིན་བསྙེན་སྒྲུབ་སྐྱོང་ནུས་སམ༔ ཞིང་བཅུ་ཡན་པར་མི་གཏོང་བའི༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ སློབ་མ་རྣམས་ཀྱིས༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ མ་ཧཱ་ཀཱ་ལ་དཔལ་ཆེན་པོའི༔ བསྙེན་སྒྲུབ་ཚུལ་བཞིན་སྐྱོང་ནས་ཀྱང་༔ ཞིང་བཅུའི་བསྟན་དགྲ་བརླག་པ་ཡི༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ དབང་བསྐུར་བདག་ཅག་རྣམས་ལ་སྩོལ༔ ཅེས་ཞུས་གྲལ་དུ་འཁོད༔ བགེགས་ལ་བཀའ་བསྒོ་ཞིང་མཚམས་བཅད༔ གསུངས་པའི་དོན། སློབ་མ་ཁྲུས་བྱ། གྲལ་དུ་འཁོད། བགེགས་བསྐྲད་བསྲུང་བའི་འཁོར་ལོའི་གོ་བསྒོ༔ དེ་ནས་སློབ་དཔོན་གྱིས་ཉན་པར་བསྐུལ་ཞིང་། གང་དག་སྐྱེ་བའི་ཕྲེང་བརྒྱུད་དུ་མར་ལེགས་བྱས་བསོད་ནམས་མངོན་པར་འདུ་བགྱིས་པ་མང་པོ་ཉེ་བར་བསྟེན་པའི་འབྲས་བུས་འབྱོར་པའི་སྐལ་བཟང་ཁྱེད་ཅག་དེང་འདིར་ཟབ་མོ་གསང་སྔགས་ཀྱི་འཇུག་སྒོ་དོན་དུ་གཉེར་བ་ནི་ཤིན་ཏུ་ལེགས་ཀྱི། དེ་ལྟར་ན་བསམ་པའི་ཁྱད་པར་རྨད་དུ་བྱུང་བ་རྒྱུད་ལ་བསྐྱེད་དགོས་ཏེ། འདི་ལྟར་འཁོར་བའི་ཁམས་གཏིང་མཐའ་མེད་པར་ཐོག་མཐའ་བར་མེད་དུ་འཁྱམས་པའི་འགྲོ་བ་ནམ་མཁའི་མཐའ་ཀླས་པ་མ་ལུས་པ་ཐར་པ་དམ་པའི་བདེ་ཆེན་ལ་འགོད་པའི་ཕྱིར་དང་། དེའི་རྒྱུ་རྐྱེན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་ཞིང་སྤེལ་དང་སྐྱོང་བའི་འཕྲིན་ལས་བསྒྲུབ་པའི་ཕྱིར་དང་། བསྟན་པ་དེ་འཛིན་པར་བྱེད་པའི་གང་ཟག་དམ་པ་རྣམས་ལ། བར་ཆད་ལོག་སྒྲུབ་རྩོམ་པའི་མ་རུངས་གདུག་པ་ཅན་རྣམས་མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་གཞོམ་པར་བྱ་བའི་སླད་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ཕྱག་བཞི་པའི་སྲོག་དབང་ཟབ་མོ་ཞུ་སྙམ་པའི་འདུན་པས་མ་ཡེངས་པར་གསན་འཚལ། དེ་ཡང་ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་བདག་འཛིན་གྱི་བསམ་པ་མེད་མོད་ཀྱང་། གསོལ་བ་བཏབ་ན་འདོད་དགུ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བ་ལྟར། ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཆོས་སྐུ་དེ་བཞིན། ལས་མ་གཡོས་བཞིན་དུ་གཟུགས་སྐུ་ཉིད་ཀྱི་རྣམ་འཕྲུལ་གྲངས་ལས་འདས་པས། གདུལ་བྱ་ནམ་མཁའི་མཐའ་ཀླས་པའི་ཁམས་དང་བསམ་པ་དང་བག་ལ་ཉལ་གྱི་རིམ་པ་བསམ་གྱིས་མི་ཁྱབ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་དཔག་མེད་གཅིག་གསུངས་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུངས་པ། ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་སྒྲུབ་པའི་སྒོ་གཅིག་པུ་ནི་བླ་མེད་རྡོ་རྗེ་ཐེག་པ་ཡིན་ཏེ། དེ་ལྟ་བུའི་ལམ་ཟབ་མོ་བསྒྲུབ་པ་དང་། ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པ་ལ་ཕྱི་རོལ་བདུད་ལ་སོགས་པས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བར་ཆད་བྱེད་པ་ཡིན་ཏེ། མདོ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། ཞེས་གསུངས་པས། དེའི་བར་ཆད་བསྲུང་བ་དང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར། ཆོས་སྐྱོང་སྲུང་མའི་ཆོས་སྐོར་རྣམས་གསུངས་པ་ཡིན་ནོ། དེ་ལྟར་སྲུང་མ་ལའང་འཇིག་རྟེན་དང་འཇིག་རྟེན་འདས་པ་གཉིས་ལས། འཇིག་རྟེན་པའི་སྲུང་མས་ནི་ཚེ་འདིར་དངོས་གྲུབ་ཕྲ་མོ་ཙམ་བསྒྲུབ་པར་ནུས་ཀྱང་། གནས་སྐབས་དང་མཐར་ཐུག་གི་དོན་མཐའ་དག་སྦྱིན་པའི་ནུས་པ་ཁོ་རང་རྣམས་ལའང་མེད་པས། དེས་ན་འཇིག་རྟེན་ལས་འདས་པའི་སྲུང་མ་ཞིག་ཅིས་ཀྱང་བསྟེན་དགོས། དེ་ལའང་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་ཆོས་སྐྱོང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་པ་ཐམས་ཅད་མདོར་བསྡུ་ན། ཀུན་ཁྱབ་རྒྱུའི་མགོན་པོ་དང་། རྣམ་འཕྲུལ་རྟགས་ཀྱི་མགོན་པོ་གཉིས་སུ་འགྱུར་ལ། དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་གནས་པའི་ཀུན་གཞི་སྟེ། འདིའི་རང་ངོ་ཤེས་ཤིང་རྟོགས་ན་འཁོར་འདས་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཕྱིར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞེས་བྱ་སྟེ། དེས་ན་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཉིད་དོ། །དེ་ཡང་ཤྲཱི་མ་ཧཱ་ཀཱ་ལ་ཞེས་པའི་སྒྲ་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཞེས་གསུངས་པས། གང་གཉིས་སུ་མེད་ན་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པས་ན་གཉིས་མེད་དོ། །དེ་སྐད་དུའང་མངོན་པར་འབྱུང་བའི་རྒྱུད་ལས། མ་ཞེས་པ་ནི་སེམས་པའི་སྙིང་རྗེ་དང་། ཧཱ་ཞེས་པ་ཤེས་རབ་དང་སྦྱོར་བ་སྟེ་ཤེས་རབ་ཉིད་དོ། །ཀཱ་ལ་ནི་གཉིས་ཚོགས་པ་ལས་འདུས་ཏེ། ཐབས་དང་ཤེས་རབ་ཀྱི་སྙིང་རྗེ་ཆེན་པོ་ལ་སྦྱོར་བའོ། །ཞེས་གསུངས། འདི་ཉིད་ལམ་མཚོན་བྱ་དོན་གྱི་ཆོས་སྐྱོང་ངམ། ཀུན་ཁྱབ་རྒྱུའི་མགོན་པོའམ། གནས་ལུགས་བདེ་ཆེན་གྱི་ཆོས་སྐྱོང་ཞེས་ཀྱང་གྲགས་ལ་གཉིས་པ་ནི་གདུལ་བྱ་རྣམས་ལ་སྣང་བར་གྱུར་པའི་གཟུགས་ཀྱི་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ལས། གང་འདུལ་རྣམ་འཕྲུལ་གྱི་རོལ་པ་ཅི་ཡང་སྟོན་པ་སྟེ། འདི་ལ་ནི་ཀུན་རྫོབ་གཟུགས་ཀྱི་མགོན་པོ་ཞེས་ཀྱང་བྱ། རྣམ་འཕྲུལ་རྟགས་ཀྱི་མགོན་པོ་དང་། མཚོན་བྱེད་བརྡའི་ཆོས་སྐྱོང་ཞེས་ཀྱང་བྱ་སྟེ། མགོན་པོ་ཁྲོས་པའི་རྒྱུད་ལས། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང་། །སྙིང་རྗེའི་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོས་སྲིད་པ་སྦྱོང་བར་མཛད། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་སོ། །དེས་ན་རྣམ་འཕྲུལ་རྟགས་ཀྱི་མགོན་པོ་ནི། གདུལ་བྱའི་བློ་དང་མཚུངས་པའི་འདུལ་བྱེད་ཀྱི་ཁྱད་པར་དང་རྣམ་འཕྲུལ་དབྱེ་བ་ཤིན་ཏུ་མང་ངོ་། གཞན་ཡང་ཕྱི་ནང་གསང་གསུམ་དང་། ཡེ་ཤེས་དང་ལས་ཀྱི་མགོན་པོར་དབྱེ་བའང་ཡོད་དེ། དེ་ལ་ཕྱི་ལྟར་ན། འཛམ་བུ་གླིང་དུར་ཁྲོད་བརྒྱད་དང་། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་བཞུགས་པའི་ཆོས་སྐྱོང་གཙོ་བོ་དང་འཁོར་དུ་སྣང་བ་རྣམས་ཡིན་ལ། ནང་ལྟར་ན་རྡོ་རྗེ་ལུས་ཀྱི་ཕུང་པོར་རྩ་གསུམ་འཁོར་ལོ་བཞི་སོགས། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་ཐིག་རླུང་གི་དྭངས་མ་རྣམས་ཡིན་ཏེ། གསང་བ་རང་སེམས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་སྐྱེ་འགགས་གནས་གསུམ་དང་བྲལ་བ། གསལ་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་འདི་ཉིད་ཀྱི་རང་རྩལ་འགགས་མེད་དུ་འཆར་བའི་རྩལ་མདངས་ཡིན་ལ། དེ་ཡང་འཁྲུལ་རྟོགས་ཀྱི་ཁྱད་པར་སོ་སོར་ཤར་བ་ལ། ལས་དང་ཡེ་ཤེས་ཀྱི་མགོན་པོ་རྣམས་སུ་འགྱུར་བ་ཡིན་ནོ། །༧ དེ་ལས་འདིར་ཡེ་ཤེས་མགོན་པོ་ཉིད་ལའང་སྤྲུལ་གཞི་དང་སྤྲུལ་པའི་ཁྱད་པར་ལས། མགོན་པོའི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། འདིར་བཅོམ་ལྡན་འདས་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཉིད། ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། གདུལ་བྱ་ཞི་བས་མི་ཐུལ་བ་འགའ་ཞིག་མངོན་སྤྱོད་དྲག་པོས་བཏུལ་བ་དང་། ཁྱད་པར་དུ་དམ་པའི་ཆོས་སྒྲུབ་པ་ལ་གེགས་སུ་བྱེད་ཅིང་འགྲོ་བ་རྣམས་ཀྱི་མངོན་མཐོ་དང་ངེས་ལེགས་འཇོམས་པའི་བདུད་དཔུང་དང་བཅས་པ་འདུལ་ཞིང་། བར་དུ་གཅོད་པ་ཐམས་ཅད་ལས་ངེས་པར་སྐྱབས་པ་དང་། གསང་ཆེན་སྙིང་པོས་མཚོན་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བར་བྱ་བའི་ཕྱིར་དུ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུར་བཞེངས་ཏེ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་ཞིང་བཞུགས་པ་ལ། ཞལ་མངོན་སུམ་དུ་བསྟན་ཏེ་ཕྲིན་ལས་བསྒྲུབ་པ་ཞལ་གྱིས་བཞེས་ནས། མགོན་པོ་ཉིད་ཀྱི་རྒྱུད་སྒྲུབ་ཐབས་ལས་ཚོགས་མན་ངག་མཐའ་དག་པ་ཕུལ་ཏེ་ཕྱི་རབ་ཀྱི་གང་ཟག་སྣོད་ལྡན་ལ་རྒྱུད་ནས་བསྟན་པ་བསྲུང་བའི་ཆ་རྐྱེན་དང་། དེ་དག་ཚུལ་དང་མཐུན་པར་གང་གིས་སྤྱོད་པ་ལ་དཔལ་མགོན་འཁོར་བཅས་ལུས་དང་གྲིབ་ལྟར་འཁོར་ནས་སྲུང་སྐྱོབ་བྱེད་པ་ཁས་བླངས། དམ་ཚིག་གིས་བྲོ་བོར་ཏེ་མགོན་པོའི་འཁོར་གྱི་ལྷ་མ་སྲིན་སྡེ་བརྒྱད་ཀུན་གྱིས་ཀྱང་སློབ་དཔོན་གྱི་སྤྱན་སྔར་རང་རང་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །དེ་ནས་སློབ་དཔོན་ཉིད་བོད་ཡུལ་དུ་འགྲོ་བའི་དོན་མཛད་པའི་དུས་སུ་དཔལ་མགོན་གྱི་རྒྱུད་དང་སྒྲུབ་ཐབས་རྣམས་ཚར་མང་ཞིག་གཏེར་ཤོག་ལ་བཀོད་ནས་ཟབ་གཏེར་ཐ་དད་དུ་སྦས་ཤིང་། དུས་ལ་ནམ་བབས་གཏེར་སྟོན་སོ་སོས་གདན་དྲངས་ཏེ་བསྟན་བའི་བཙས་དང་ཆ་རྐྱེན་དུ་གྱུར་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་སྲུང་མ་ཁྱད་པར་ཅན་འདི་ཉིད་ཀྱི་གདམས་བསྐོར་ཟབ་མོ་འདི་ཉིད་ནི། སྒྲུབ་ཐབས་ལས། ཨེ་མ་བདག་ཉིད་པདྨ་འབྱུང་༔ སྔོན་འདས་རྒྱལ་བའི་ལུང་བསྟན་ཐོབ༔ ད་ལྟ་བསྟན་པ་འཛིན་སྐྱོང་སྤེལ༔ མ་འོངས་སྤྲུལ་པས་འགྲོ་བ་འདུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཕོ་བརྒྱུད་མགོན་པོའི་སྲོག་སྙིང་ཕུལ༔ ཡེ་ཤེས་མགོནཔོ་ཕྱག་བཞི་པ༔ འཕགས་པ་མཆོག་གི་སྤྲུལ་པ་སྟེ༔ བརྒྱུད་འདིའི་བཀའ་ཡི་སྲུང་མ་མཆོག༔ དེ་ཕྱིར་ཆོས་འདིའི་བསྟན་བསྐྱང་ཕྱིར༔ སྒྲུབ་པ་ཉམས་ལེན་རིམ་པ་འདི༔ ཡི་གེར་བྲིས་ནས་གཏེར་དུ་བཅོལ༔ ལན་ཅིག་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང་༔ སངས་རྒྱས་བསྟན་པའི་སྲུང་མར་ཤོག༔ ཞེས་གསུངས་པ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་གིས་རྩོད་དུས་ཀྱི་གདུལ་བྱ་རྣམས་ལ་དགོངས་ནས། མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་དུ་འཕགས་པ་མ་རིག་མུན་སེལ་གྱི་གདམས་བསྐོར་གྱི་བཀའ་སྲུང་དུ། དཔལ་མགོན་འདིའི་སྒྲུབ་སྐོར་རྣམས་བསྩལ་ནས་འགྲོ་དོན་འབྱུང་བའི་ལུང་བསྟན་བཀའ་རྒྱ་དང་བཅས་སྦས་པ་ལས། སློབ་དཔོན་ཆེན་པོ་ཉིད་ཀྱིས་ཇི་ལྟར་ལུང་དུ་བསྟན་པ་བཞིན་དུ་འགྲོ་དོན་དུས་བབས་ཀྱི་གཏེར་ཆེན་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་རྩལ་གྱིས། རྒྱུད་གདམས་སྐོར་ཆ་ལག་ཚང་བར་སྤྱན་དྲངས་པར་གནང་བའི་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲོག་དབང་ཟབ་མོ་བསྐུར་བར་སྐབས་སུ་བབས་པ་སྟེ། དེ་ལ་ཡང་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བྱ་བ་རྣམས་གོང་དུ་ལེགས་པར་གྲུབ་ཟིན་པས་ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཐོག་མར་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡའ་སྦྱར། མཎྜལ་ཕུལ་གྲུབ་ནས། དེ་ནས་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་དབང་ཆེན་རྟ་མགྲིན་ལ་ཕྱོགས་དུས་ཀྱི་སྐྱབས་གནས་རྣམས་དང་། ཁྱད་པར་དུ་དཔལ་མགོན་འཁོར་དང་བཅས་པས་བསྐོར་ནས་བཞུགས་པར་མོས་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས། ནམ་མཁའི་མཐའ་མཉམ་ཕ་མ་འགྲོ་དྲུག་རྣམས། །སྐུ་གསུམ་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྡང་དགྲ་གནོད་བྱེད་འགྲོ་བ་སེམས་ཅན་རྣམས། །དགེ་བས་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། སྐྱབས་སེམས་འདི་གཏེར་ཆེན་གྱིས་མཛད་པའི་སྔོན་འགྲོ་ནས་བླངས་པ་ཡིན། དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་ཐུན་མོང་གི་རྒྱུད་སྦྱོང་བ་སྔོན་དུ་སོང་ནས། དངོས་གཞི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་ཧེ་རུ་ཀ༔ དཔལ་ཆེན་བླ་མ་དགོངས་སུ་གསོལ༔ སྲིད་གསུམ་དྲེགས་པའི་ཆེ་བཙན་དཔལ༔ མ་ཧཱ་ཀཱ་ལའི་དབང་བསྐུར་ཞུ༔ ཅེས་ལན་གསུམ་ཞུ༔ དེ་ནས་སློབ་མ་རྣམས་ཀྱི་རྒྱུད་སྦྱངས་ཤིང་པདྨ་ཧེ་རུ་ཀའི་བསྐྱེད་རིམ་ཕོག༔ བཛྲ་ཀྲོ་ཏའི་སྔགས་དང་ཨ་བེ་ཤ་ཡས་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ༔ ཞེས་གསུང་པའི་དོན། འདི་ལྟ་བུའི་བཀའ་སྲུང་དྲག་རྩལ་ཅན་གྱི་སྲོག་དབང་བཀའ་གཏད་ཞུ་བར་བྱེད་པ་ལ་སློབ་མ་སྔོན་ནས་ཡི་དམ་གྱི་བསྐྱེད་རིམ་གདེངས་སུ་གྱུར་པ་དང་༔ སྣང་སྲིད་ཆོས་སྐུའི་རོལ་པར་ཤེས་པ་ཅིག་མེད་ན་ལྷ་འདྲེའི་ཞུད་མི་ཐུབ་སྲུང་མ་དམ་ལ་མི་འདུ། དྲེགས་པ་ཟིལ་གྱིས་མི་གནོན་ལ་ཁྱད་པར་དབང་ངེས་པར་ཐོབ་པར་བྱེད་པ་ལ་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་མ་ཞུགས་པ་ཅིག་ནན་ལྟར་གལ་ཆེ་སྟེ༔ ཐ་མལ་འཁྲུལ་རྟོག་རང་ག་མ་ལ་ནི་བྱིན་རླབས་ཡེ་ཤེས་འཇུག་པའི་ཡུལ་མ་ཡིན་པའི་ཕྱིར་དེས་ན། ལས་བུམ་གྱི་ཆུ་འཐོར་ཞིང་། ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས་ཁྱེད་རང་སྐད་ཅིག་གིས་ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་དཔལ་ཁྲོ་བོའི་རྒྱལ་པོ་པདྨ་དབང་ཆེན་སྐུ་མདོག་དམར་པོ་ཞལ་གདངས་ལྗགས་འགྲིལ་མཆེ་བ་གཙིགས་པ་སྤྱན་གསུམ་རབ་རུ་བགྲད་པ་ཕྱག་གཡས་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། རྟ་སྐད་འཚེར་ཞིང་བདུད་བཞི་འདུལ་བ་དུར་ཁྲོད་ཆས་བརྒྱད་གསོལ་བ། ཞབས་དོར་སྟབས་སུ་བགྲད་པ། གཟི་བརྗིད་ཀྱི་འོད་ཟེར་ཉི་མ་འབུམ་ལྟར་འབར་བ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་། བླ་མའི་སྐུའི་འོད་ཟེར་གྱིས་འོག་མིན་ཆོས་ཀྱི་དབྱིངས་དང་། གསང་ཆེན་རོལ་པའི་དུར་ཁྲོད་ལ་སོགས་པ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་བྱུང་སྙམ་པའི་མོས་པ་མཛོད། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ་ཨཱཿ ཞེས་སྤོས་རོལ་དང་བཅས་བྱིན་དབབ་པའི་དམིགས་པ་དྲག་ཏུ་བྱས་ལ་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་ལ་བརྟན་པར་བྱའོ། །དེ་ནས་དབང་བསྐུར་བ་ནི།གཞུང་ལས། དེ་ནས་མགོན་པོའི་དཔལ་གཏོར་ཙཀ་ལིས་བརྒྱན་ཅིང་དར་ནག་གི་གུར་ཕུབ་པ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ གཏོར་སྣོད་བྷན་དྷ་ཡངས་པའི་སྣོད་མཆོག་ཏུ༔ དཔལ་བཤོས་འབར་བ་ཡེ་ཤེས་མགོན་པོའི་སྐུ༔ བརྒྱུད་འཛིན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་ཁྲག་མགྲིན་པར་བཞག་ལ༔ ཧཱུྃ༔ ལྕང་ལོ་ཅན་གྱི་ཐོད་སྣོད་ཡངས་པ་རུ༔ དམར་ཆེན་འབར་བ་རཀྟའི་བདུད་རྩི་བསྐྱིལ༔ ནུས་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཝཀྐ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གྲི་གུག་མཐིང་ནག་དར་གྱི་ཅོད་པན་དང་བཅས་པ་སྙིང་ཁར་བཞག་ཅིང་༔ ཧཱུྃ༔ གནམ་ལྕགས་འབར་བའི་གྲི་གུག་ཧཱུྃ་གིས་མཚན༔ མཐིང་ནག་དར་ཀྱི་ཅོད་པཎ་ཀུན་ཏུ་འཕྱོ༔ དམ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་ཙིཏྟ་ཨ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩེ་གསུམ་ལྟེ་བར་བཞག་ཅིང་༔ ཧཱུྃ༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ མི་མགོ་སྐམ་རློན་སྐྲ་ཡི་ལན་ཕྲན་ཅན༔ བསྟན་འཛིན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་མ་ཧཱ་ཀཱ་ལ་རཏྣ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨཱ༔ རལ་གྲི་ལག་ཏུ་གཏད་ཅིང་༔ ཧཱུྃ༔ སྤུ་གྲི་འབར་བ་རྡོ་རྗེའི་ཡུ་བ་ཅན༔ དྲག་པོའི་མཚོན་ཆ་སྣ་ཚོགས་བུ་ཡུག་འཐིབ༔ བསྟན་སྐྱོང་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ མ་ཧཱ་ཀཱ་ལའི་འཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨཱ༔ དེ་ནས་ལིང་ག་དགུག་གཞུག་དྲག་ཏུ་བྱས་ལ། ཛཿཧཱུྃ་བཾ་ཧོས་ཕྱག་རྒྱས་བསྡམས་ཤིང་༔ ཞེས་པར་དྲག་པོའི་སྒྲོལ་དབང་ནི། གོང་ནས་སྟ་གོན་བྱས་པའི་ལིངྒ་འབྲུབ་ཁུང་ངམ་ཐོད་ངན་ལྕགས་སྡེར་གང་རིགས་སུ་བཅུག་ཅིང་ཁྲག་གིས་སྦགས་པ་སློབ་མའི་མདུན་དུ་བཤམས༔ ཕུར་པ་རལ་གྲི་གྲི་གུག་སོགས་ཀྱི་ཕྱག་མཚན་མཚོན་ཆ། ཐུན་རྫས་དང་བཅས་པ་མདུན་དུ་བསགས་ནས། དཔོན་སློབ་གཉིས་ཀ་རྟ་མགྲིན་དང་མགོན་པོའི་ཐ་མི་དད་པར་གསལ་བའི་ངང་ནས། སྤྲོ་ན་འདི་ཉིད་ཀྱི་གདབ་ལས་ནས་བྱུང་བའི་བསྒྲལ་ལས་རྒྱས་པར་བྱ་བའམ། བསྡུ་ན། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག ཅེས་ལན་གསུམ་མཐར། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛ༔ ར་ཡ་ཙ་དུ་ཁ་ཁ་མུ་ཁ་ཧཱུྃ་ཧཱུྃ་བྷྱོ་བྷྱོཿཛ་ཛཿཙིཏྟ་བཛྲ་ས་མ་ཡ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཁུག་ཁུག་ཐུཾ་རི་ལི་ལི་སརྦ་རྦད་བྷྱོ་ཛ༔ ཛ་ཧཱུྃ་བཾ་ཧོ༔ ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་། ཨཱོཾ་བཛྲ་ཨང་ཀུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ བཛྲ་ཨཱ་བེ་ཤ་ཡཱ་ཨ་ཨཱཿ དེ་ནས་སློབ་བུས་ལྷར་གསལ་བས་ཐུན་དང་མཚོན་གྱིས་ལིང་ག་བསྒྲལ་ཞིང་། ཧཱུྃ༔ ནག་པོ་འབར་བ་གཙོ་འཁོར་སྤྲུལ་པ་དང་། བྲན་གཡོག་འཁོར་བཅས་དྲག་རྩལ་མྱུར་མགྱོགས་ཀྱི༔ སྣ་ཚོགས་མཚོན་དང་འབར་བའི་རལ་གྲི་ཡིས༔ ལྷག་མ་མེད་པར་ཚལ་པར་དུམ་བུར་གཏུབས༔ ཨོཾ་མ་ཧཱ་ཀཱ་ལ་མ་མ་དུ་ཛ༔ ཨོཾ་མ་ཧཱ་ཀཱ་ལ་ནྲི་ཏྲི་ཐུམ་རིལ་རྦུད༔ ཏྲག་རཀྴ་ཐུཾ་རིལ་རྦད༔ མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཱ་ཡཱ༔ སྙིང་རྩ་ལ་རྦད་རྦད༔ རུ་རུ་པ་ཙ་ཡཱ༔ མ་ཧཱ་ཀཱ་ལ་བྷྱོ་བྷྱོ༔ དགྲ་བོའི་ཙིཏྟ་གཏུབས་གཏུབས༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཤག་ཤག་ཕྱེས་ཕྱེས༔ མ་མ་ཏྲག་རུ་ཊ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའི་དྲག་སྔགས་ཀྱི་བཟླས་པས་དམོད་ཅིང་ཕྱག་མཚན་དང་ཐུན་གྱིས་བརྡེག བསྒྲལ་ལས་བྱ་ཞིང་གཏོར་མ་འབུལ། ཅེས་གསུངས་པ་ལྟར་བསྒྲལ་ཞིང་། ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་དགྲ་བགེགས་བསྒྲལ་བའི་མ་ཧཱ་མཾ་ས་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙིཏྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིང་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་སྔགས་བཟླ་བཞིན་ལིང་རོ་གཏོར་མར་སྟོབས་པར་བྱའོ། །དེ་ནས་དར་ནག་ལག་གཡས་སུ་གཏད་སྒྲུབ་ཡིག་གཡོན་དུ་གཏད་ཅིང་འདི་སྐད་དོ། ཧཱུྃ༔ མ་ཡེངས་བུ་ཁྱོད་སློབ་དཔོན་ངག་ལ་ཉོན༔ དར་ནག་སྒྲུབ་ཡིག་མགོན་པོའི་བླ་རྡོ་སྟེ༔ ཁྱོད་ལ་གཏད་དོ་ནམ་ཡང་མ་བཏང་བཟུང་༔ མ་ཧཱ་ཀཱ་ལ་ནག་པོ་སྟོང་གི་ཚོགས༔ མ་མོ་བྱེ་བ་ཤ་ཟ་འབུམ་གྱི་སྡེ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིས༔ དམ་ལ་གནས་པའི་རྡོ་རྗེ་སློབ་བུ་འདིས༔ བྱིན་པའི་ཟས་ཟོ་བཅོལ་བའི་ཕྲིན་ལས་སྒྲུབས༔ དམ་ལྡན་རྣམས་ལ་བསྲུང་ཞིང་མེལ་ཙེ་མཛོད༔ དམ་མེད་ལོག་པར་ལྟ་བ་རྡུལ་དུ་རློག༔ ཅེས་བརྗོད་བསྐུལ་བ་འདོན་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕེན་པའམ༔ མངའ་གསོལ་བྱ་ཞིང་རྟེན་གཏོར་དུ་བཅང་ཡང་རུང་ངོ་༔ ཤ་ཁྲག་ཆང་སོགས་ཕངས་མེད་ཀྱི་ཚོགས་བྱ༔ བསྔོ་སྨོན་ཀྱི་རྗེས་སྐྱོང་དཀྱིལ་འཁོར་ཀྱི་ལས་རྗེས་མི་མངོན་པར་བྱའོ༔ དམ་ལ་གནས་ཤིང་སྒྲུབ་པའི་བསྟན་པ་འཛིན་ངེས་མ་གཏོགས་སུ་ཐོད་ཐོད་ལ་སྦྱིན་ན༔ རང་ལ་ནག་པོ་ཆེན་པོའི་འཁུ་ལྡོག་ཡོང་བས་སྐལ་ལྡན་རེ་རེ་རྩམས་ལས་སྤེལ་མི་རུང་ངོ་༔ ཤིན་ཏུ་གསང་བར་བྱའོ༔ སྱ་མྱ་ཡྻཱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ སྱ་མྱ་ཡྻཱ།བདག་སྤྲང་བན་དྷེ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་པའོ། །གཏོར་མ་ཟོར་དུ་འཕེན་པར་གསུངས་ཀྱང་བསྐུལ་བ་བཏོན་ནས་གཙང་སར་གཤེགས་ན་མཐུས། དེ་ནས་སློབ་དཔོན་གྱིས་མེ་ཏོག་འཐོར་ཞིང་། ༈ མགོན་པོའི་བཀྲ་ཤིས་ཉང་གཏེར་མགོན་པོའི་བསྟོད་པ་ཁ་བསྒྱུར་བ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱི་གདུག་པ་མ་ལུས་འདུལ་བའི་ཕྱིར། །དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །རྡོ་རྗེ་ནག་པོ་ཡབ་ཡུམ་བཀྲ་ཤིས་ཤོག །སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །སྲིན་པོའི་གཟུགས་ཅན་གདུག་པ་ཀུན་འདུལ་པའི། །ལས་མགོན་ནག་པོ་ཆེན་པོའི་བཀྲ་ཤིས་ཤོག །གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས། །འཁོར་ཚོགས་སྡེ་དང་དཔུང་དང་ཕོ་ཉར་བཅས། །གྲངས་མེད་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཞེས་དང་། གང་གིི་མཐུ་དང་མངོན་པར་ཤེས་པའི་དཔལ། ཉེ་བར་བསྒྲུབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་བསྲུང་པ། །རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་བཀྲ་ཤིས་ཤོག །ཞེས་སོགས་བརྗོད། དམ་ཚིག་ཁས་བླངས། གཏང་རག་མཎྜལ། སྐུ་དྲིན་གསོ་བ། དགེ་བ་བསྔོ་བ། རྗེས་ཀྱི་བྱ་བ་རྣམས་གསང་བ་ལ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། ༈ མཐུ་སྟོབས་མི་བཟད་རྡོ་རྗེ་རྩེ་བརྒྱ་པ། །གདེངས་པས་ལོག་ཕྱོགས་ས་འཛིན་བགྲོད་པའི་རྒྱུན། །གཅོད་ལ་ཆེས་ཟབ་དབང་པོའི་མཚོན་རྣོན་བཞིན། །ཚུལ་འདི་ལག་ཏུ་བླངས་པ་བླ་མའི་དྲིན། ༡ དཔལ་མགོན་ནག་པོའི་སྲོག་དབང་ཟབ་ཁྱད་ཅན། །འདིར་ཡང་འཇུག་བདེའི་ཁྲིགས་སྡེབས་བྱོས་ཤིག་ཅེས། །རྣམ་འདྲེན་དམ་པའི་བཀའ་སྩལ་ལྕི་ཕེབས་པས། །འདི་དང་འདིའི་རིགས་མང་དུ་བགྱིས་ཡོད་དོ། ༢ མཁས་རྣམས་མཁྱེན་དཔྱོད་པདྨའི་བསུང་ཞིམ་དག །མི་ལེན་བླུན་བློ་སྟག་མའི་མེ་ཏོག་ཁ། །འབྱེད་བརྩོན་ཚིག་དོན་འཁྲུལ་ལ་བསྐྱེད་པའི་དྲིར། །གདུང་སེལ་ཉིང་ཁུར་བཞེས་འདི་ཅི་ཞིག་ལགས། ༣ མི་ཤེས་བཞིན་དུ་རྨོངས་པའི་བབ་ཅོལ་ལ། །ཡི་གེར་བཀོད་པའི་དགོས་པ་གཞན་ཡོད་མིན། །བཤེས་གཉེན་མཆོག་དེས་བཞེད་བསྐོང་ཁོ་ནར་སྟེ། ཅི་གསུང་ཇི་བཞིན་བསྒྲུབ་པའི་ལག་རྟགས་ཡིན། ༤ བླུན་བློས་རྟོག་བརྟག་དུ་མའི་ལྷན་པ་རྣམས། །བློ་ངན་སྐུད་པས་གཅིག་ཏུ་བཙེམས་བྱས་འདི། །ཆེན་པོའི་རྒྱན་དུ་ནམ་ཡང་འོས་མིན་ཀྱང་། །ཉམས་ཆུང་རྨོངས་བློའི་ལྷག་སྐྱོབས་རུང་ཡང་སྲིད། ༥ འདི་འབད་དགེ་བས་བདུད་དགྲའི་གཡུལ་ལས་རྒྱལ། །འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་དཔལ་ལ་རེག །ཡོངས་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་པད་བརྟན། །བསྟན་པའི་ལྕགས་རིར་མཐོ་སྙེགས་གཡོ་མེད་ཤོག། ༦ དེ་ལྟར་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲོག་དབང་བྱ་ཚུལ་འདི་ཡང་རྣམ་འདྲེན་དམ་པ་འགྱུར་མེད་བློ་ལྡན་གྱིས་ནན་བསྐུལ་ལྡོག་མེད་ཀྱི་གསུང་ངོར་གཏེར་གཞུང་སོར་བཞག་དབང་བཤད་མཚམས་སྦྱོར་ཅུང་ཟད་གསར་དུ་བགྱིས་ཤིང་གཞན་ཁྲིགས་སུ་བསྒྲིགས་འོས་རྣམས་ཕྱག་བཞེས་སུ་བཀོད་པ་འདི་ཡང་བྱ་བྲལ་ཝ་གི་དྲའི་མིང་གིས་བྲིས་པ་ཉེས་གྱུར་སྲིད་ན་རྩ་གསུམ་སྲུང་མའི་ཚོགས་རྣམས་ལ་སྙིང་ནས་བཤགས་སོ།། །།

དཔལ་ཡེ་ཤེས་ཀྱི་མགོན་པོའི་སྔགས་འཁོར།

རང་ཉིད་ཡི་དམ་དང་མདུན་བསྐྱེད་མགོན་པོའི་ཐུགས་ཀར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ༔ ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་ཞིག་གི་མཐའ་བསྐོར་དུ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་མ་དུ་ཛ་སིདྡྷི་གྷུ་ན་ཧྲི་ཏ་ཧཱུྃ་ཕཊ༔ ཞེས་པའི་སྔགས་འབྲུ་འདི་རྣམས་འོད་སྔོན་པོའི་ཕྲེང་བ་ལ་ཞོན་ཏེ་གཡོན་བསྐོར་དུ་ཀྱི་ལི་ལི་རང་སྒྲ་དང་བཅས་ཏེ་འཁོར༔ འོད་ཟེར་གྱི་ཕྲེང་ཐག་གཡས་སུ་འཁོར་བ་ལ་ཤེས་རིག་མ་ཡེངས་པར་གཏད་ཅིང་༔ རང་གི་ཞལ་ནས་བཟླས་པ་དང་མཉམ་དུ་རང་ཉིད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཕར་འཕྲོས༔ དཔལ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀར་ཕོག༔ ཐུགས་ཀའི་སྔགས་འབྲུ་རྣམས་ལ་དབྱེར་མེད་དུ་ཐིམ༔ མགོན་པོ་ཆེན་པོས་སྔོན་གྱི་དམ་ཚིག་གཉན་པོ་དྲན༔ མགོན་པོའི་ཞལ་ནས་སྔགས་ཕྲེང་གི་འོད་ཟེར་འཐོན༔ ཚུར་འཕྲོས་རང་ཉིད་ཡི་དམ་དུ་གསལ་བའི་ཞལ་དུ་ཞུགས་ཤིང་། ཐུགས་ཀའི་སྔགས་འབྲུ་རྣམས་ལ་ཐིམ་ཞིང་འཁོར་བས༔ དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ཞིང་བསྒོ་བའི་བཀའ་ཉན་འཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་སྟེ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར། །དྲག་པོ་འཇིག་བྱེད་ཆེན་པོའི་སྐུར་སྟོན་པ། །རྡོ་རྗེ་ནག་པོ་ཡབ་ཡུམ་ཕྱག་འཚལ་བསྟོད། །སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །སྲིན་པོའི་གཟུགས་ཅན་གདུག་པ་ཀུན་འདུལ་བའི། །ལས་མགོན་ནག་པོ་ཆེན་པོར་ཕྱག་འཚལ་བསྟོད། །གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས། །འཁོར་ཚོགས་སྡེ་དང་དཔུང་དང་ཕོ་ཉར་བཅས། །གྲངས་མེད་དམ་ཅན་རྒྱ་མཚོར་ཕྱག་འཚལ་བསྟོད།། །།

ཡེ་ཤེས་མགོན་པོར་གཏོར་མ་འབུལ་བའི་རིམ་པ།

ཡེ་ཤེས་མགོན་པོར་གཏོར་མ་འབུལ་བའི་རིམ་པ་བཞུགས། །དམ་རྫས་ཀྱི་གཏོར་མ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀ་ལ། ལེགས་ལྡན་ནག་པོ་ཕྱག་བཞི་པ་ཕྱག་དྲུག་པ། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མགོན་པོ། དཔལ་མགོན་ཉེར་ལྔ་ལས་མགོན་ནག་པོ་བྱ་རོག་གི་གདོང་བ་ཅན། ཞིང་སྐྱོང་སེང་གདོང་ཡབ་ཡུམ། མགོན་པོ་ཕོ་རྒྱུད། ལྷ་མོ་མོ་རྒྱུད། བསྟན་བསྲུང་དམ་ཅན་རྒྱ་མཚོ་ནག་པོ་སྟོང་། །ཤ་ཟ་འབུམ་མ་མོ་བྱེ་བ་རང་རང་སྤྲུལ་འཁོར་དང་བཅས་པའི་ཞལ་དུ་སརྦ་ས་མ་ཡ་མ་ཧཱ་མཾ་ས་ཙིཏྟ་རཀྟ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོཿ ཡེ་ཤེས་མགོན་པོ་མ་ཧཱ་ཀ་ལ་ཡཱཿ ཡུམ་མཆོག་ལྷ་མོ་ནག་མོ་ཙནྟི་མཿ སྲིན་མགོན་ནག་པོ་ལས་མཁན་བྱ་རོག་གདོང་༔ འབར་མ་བྱ་ཞོན་ནག་མོ་འབུམ་སྡེའི་ཚོགས༔ གིང་ཆེན་སྡེ་བཞི་ཞིང་སྐྱོང་བསྟན་བསྲུང་འབུམཿ འཕགས་མཆོག་སངས་རྒྱས་བསྟན་པ་བསྲུང་བའི་ལྷ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་ཕུད་དང་གཏོར་མས་མཆོད།། །།

ལས་མགོན་བྱ་རོག་གདོང་གི་མངའ་གསོལ།

ལས་མགོན་བྱ་རོག་གདོང་གི་མངའ་གསོལ་ནི། གཏོར་མར་སྨན་རག་སྦྲན་ཞིང་རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པས་འདི་སྐད་དོ།། ཧཱུྃ༔ དཔལ་ལྡན་མགོན་པོའི་ཐུགས་ལས་སྤྲུལ་པ་ཡི། །ལས་མགོན་བྱ་རོག་གདོང་ཅན་འཁོར་བཅས་རྣམས། །སྔོན་གྱི་ཐུགས་དམ་གཉེན་པོ་མ་གཡེལ་བར། །མངའ་གསོལ་མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། ཧཱུྃ༔ དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་། །སངས་རྒྱས་བསྟན་བསྲུང་ལས་མགོན་བྱ་རོག་གདོང་། །རྡོ་རྗེའི་མཆུ་ཅན་མཐིང་ནག་ཞལ་གཅིག་པ། །ཆོས་སྐུ་འགྱུར་བ་མེད་པར་མངའ་གསོལ་ལོ། །འོད་ཟེར་ནག་པོ་ཤིན་ཏུ་འབར་བ་ནི། །བདུད་དཔུང་ཐལ་བར་རློག་པར་མངའ་གསོལ་ལོ། །སྤྱན་གསུམ་སྡང་མིག་དྲག་ཏུ་བགྲད་པ་ནི། །སྐུ་གསུམ་འདུ་འབྲལ་མེད་པར་མངལ་གསོལ་ལོ། །མཆེ་བ་ཟླ་ཚེས་ལྟ་བུར་གཙིགས་པ་ནི། །བདུད་བཞི་རྩད་ནས་གཅོད་པར་མངའ་གསོལ་ལོ། །ཞལ་ནས་ཁྲག་གི་ཆུ་བོ་འཁྲུག་པ་ནི། །བསྟན་དགྲ་དྲུང་ནས་འབྱིན་པར་མངའ་གསོལ་ལོ། །ལྗགས་ཀྱི་གདངས་ལས་ཧཱུྃ་ཕཊ་འབྲུག་ལྟར་སྒྲོག །ཞིང་བཅུའི་ཀླད་པ་འགེམ་པར་མངའ་གསོལ་ལོ། །དབུ་སྐྲ་ཁམས་ནག་གྱེན་དུ་བརྫེས་པ་ནི། །དབང་བཞིའི་ཡེ་ཤེས་རྫོགས་པར་མངའ་གསོལ་ལོ། །སྨ་ར་སྨིན་མ་མེ་ལྟར་འབར་བ་ནི། །དུས་འདས་བསྟན་དགྲ་བསྲེག་པར་མངའ་གསོལ་ལོ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས་པ་ནི། །ཐབས་ཤེས་དབྱེ་བ་མེད་པར་མངའ་གསོལ་ལོ། །ཞབས་གཉིས་དགྲ་བགེགས་སྙིང་གར་བགྲད་པ་ནི། །ཁམས་གསུམ་དབང་དུ་བསྡུད་པར་མངའ་གསོལ་ལོ། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི། །སྲིད་གསུམ་ཟིལ་གྱིས་གནོན་པར་མངའ་གསོལ་ལོ། །རྡོ་རྗེའི་གཤོག་པས་སྟོང་གསུམ་སྐད་ཅིག་བསྐོར། །སངས་རྒྱས་བསྟན་པ་བསྲུང་བར་མངའ་གསོལ་ལོ། །ཞིང་ཆེན་ལྤགས་པས་སྐད་དཀྲིས་བརྒྱན་པ་ནི། །འདོད་ཆགས་དབྱིངས་སུ་དག་པར་མངའ་གསོལ་ལོ། །སྟག་གི་པགས་པའི་ཤམས་ཐབས་དཀྲིས་པ་ནི། །ང་རྒྱལ་ཀློང་དུ་གྲོལ་བར་མངའ་གསོལ་ལོ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །རིགས་ལྔའི་དམ་ཚིག་མནོས་པར་མངའ་གསོལ་ལོ། །ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ནི། །སེམས་བྱུང་རྟོག་ཚོགས་དག་པར་མངའ་གསོལ་ལོ། །དུག་སྦྲུལ་ནག་པོའི་སྐ་རགས་བཅིང་བ་ནི། །ཞེ་སྡང་གནས་སུ་དག་པར་མངའ་གསོལ་ལོ། །དབང་ལྔ་རྒྱུ་མར་སྦྲེལ་བའི་དོ་ཤལ་ཅན། །ཚོགས་དྲུག་ཞེན་པ་གྲོལ་བར་མངའ་གསོལ་ལོ། །རུས་པའི་ཕྲེང་བས་སྐུ་ལ་བརྒྱན་པ་ནི། །འཁོར་བར་ཞེན་པ་ལོག་པར་མངའ་གསོལ་ལོ། །ཀླུ་དབང་བརྒྱད་ཀྱི་ཆུན་པོས་བརྒྱན་པ་ནི། །སྡེ་བརྒྱད་དྲེགས་པའི་གཙོ་བོར་མངའ་གསོལ་ལོ། །མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་ནི། །ཉོན་མོངས་བདུད་དཔུང་བསྲེག་པར་མངའ་གསོལ་ལོ། ཧཱུྃ། དེ་ལྟར་མངའ་གསོལ་མཆོད་པའི་བྱེ་བྲག་ནི། །འདོད་ཡོན་སྨན་གཏོར་རཀྟ་སྦྱོར་དང་སྒྲོལ། །ཀ་ཆ་དཀོར་ཆ་སྤྱན་གཟིགས་ཁྱད་པར་རྫས། །ཁྱེད་རྣམས་འཁོར་དང་བཅས་པ་མངའ་གསོལ་ལོ། །མངའ་གསོལ་མཆོད་པ་ཕུལ་བའི་མཐུ་སྟོབས་ཀྱིས། །རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྡོ་རྗེ་ཐེག །བསྟན་པ་རྒྱས་ཤིང་དེ་འཛིན་སྐུ་ཚེ་བསྲིངས། །བཤད་སྒྲུབ་རྒྱས་ཤིང་ནད་མུག་འཁྲུག་རྩོད་ཞི། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །མི་དང་མི་མིན་བསམ་སྦྱོར་ངན་པའི་ཚོགས། །མིང་ཙམ་མེད་པ་ཐལ་བའི་རྡུལ་ཕྲན་བཞིན། །སྐད་ཅིག་མྱུར་བར་བརླག་པའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཐུབ་བསྟན་ངག་དབང་ཆོས་དབྱིངས་སྙིང་པོ་ནས་རབ་དཀར་དྲི་མེད་ཟླ་བའི་མདངས་ལྡན་དང་རིན་ཆེན་གཉིས་པ་ཞོ་གསུམ་བཅས་ནན་གྱིས་བསྐུལ་ངོར་༧ ལྷ་རིགས་ཉི་སྤྲུལ་ལྔ་པས་སྲིང་རྫོང་འོད་གསལ་སྒྲུབ་སྡེའི་གནྡྷོ་ལ་ཆེན་པོར་བྲིས་པ་དགེ། མངྒ་ལཾ།། །