འཕོ་བ་ཐར་པའི་ལྡེ་མིག

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ འཕོ་བ་ཐར་པའི་ལྡེ་མིག་བཞུགས༔ དཔལ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་པ་ལེ་ལོ་ཅན་མ་བསྒོམ་པར་འཚང་རྒྱ་བའི་གདམས་པ་གསང་ལམ་ཐར་པའི་ལྡེ་མིག་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཡན་ལག་བདུན་པའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ རང་གི་མདུན་གྱི་ནམ་མཁར་ཆོས་ལོངས་སྤྲུལ་གསུམ་མཐོ་བརྩེགས་སུ་བཞུགས་པ་ལ༔ སྐུ་གསུམ་གྱི་ལྷ་ཚོགས་མདོར་ན་སྐྱབས་གྱུར་ཐམས་ཅད་ཀྱིས་བསྐོར་བར་དམིགས་ཏེ༔ འཁོར་བ་སྡུག་བསྔལ་གྱི་གྲོང་ཁྱེར་ལས་སྒྲོལ་འདོད་པའི་ངེས་འབྱུང་དྲག་པོས་འདི་སྐད་དོ༔ ན་མོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ན་མོཿ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ འགྲོ་དྲུག་འཁོར་བ་ལས་སྒྲོལ་ཕྱིར༔ བྱང་ཆུབ་སེམས་མཆོག་བླ་ན་མེད༔ དམ་པ་མཆོག་ནི་བསྐྱེད་པར་བགྱིད༔ གསུམ་པ་ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་སངས་རྒྱས་འཐོབ་ཕྱིར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ་སྟེ༔ གསལ་བ་སྦྱོང་བ་ཚད་བསྟན་པའོ༔ དང་པོ་གསལ་བ་ནི༔ སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་དང་གཉིས་སུ་མེད་པར་གྱུར༔ རང་ལུས་ཀྱང་མི་དམིགས་པ་སྟོང་པར་གྱུར༔ སྟོང་བའི་རང་རྩལ་སྣང་བ་གོ་མ་འགགས་པའི་རོལ་པ་ལས༔ ཆུ་ལས་ཆུ་བུར་ཤར་བ་ལྟར༔ སྐད་ཅིག་གི་རང་ཉིད་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་མདངས་དང་ལྡན་པ་གཅེར་བུ་གར་སྟབས་ཅན༔ ཕྱག་གཡས་པདྨས་མཚན་པའི་གྲི་གུག་དང་གཡོན་ཚེའི་བུམ་པ་ཐུགས་ཀར་བསྣམས་པ༔ ཞབས་གཉིས་གར་སྟབས་བདེ་སྟོང་རབ་ཏུ་རྒྱས་པའི་ཉམས་ཅན༔ ཉི་ཟླ་པད་གདན་ལ་བརྫིས་པའི་སྐུ་སྣང་སྟོང་དབྱེར་མེད༔ དར་དམར་པོའི་གུར་ཕུབ་པ་ལྟ་བུ་ལ༔ ཕྱི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣམ་པར་ཡོངས་སུ་གསལ་ཞིང་༔ ནང་སྟོང་ཉིད་དུ་ཡངས་ཕྱ་ལེར་གནས་པའི་དབུས་སུ༔ རྩ་དབུ་མ་མཚན་ཉིད་དང་ལྡན་པ་མདའ་སྨྱུག་ཙམ་པ་ཞིག་ཏུ་གསལ་བའི༔ སྙིང་གའི་ཐད་སྨྱུག་མ་ཚིགས་འགགས་པ་ལྟར་དམར་ཆ་ཉི་མའི་འཁོར་ལོས་བགགས་པའི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་རྒྱ་སྲན་གྱི་རྡོག་པོ་ཙམ་ཞིག་བསམ༔ དབུ་མའི་ཡར་སྣ་སྤྱི་བོར་ཟང་ཐ་ལེར་གསལ་བའི༔ ཁྲུ་གང་ཙམ་གྱི་ནམ་མཁའ་ལ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་ཞིག་ལ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བར་དམིགས་ཤིང་༔ མ་གསལ་བར་དུ་མ་ཡེངས་པར་བསྒོམ་པར་བྱའོ༔ གཉིས་པ་སྦྱང་བ་ནི༔ སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་གསུམ་གྱི་ལྷ་ཚོགས་དེ་ཐམས་ཅད་ལ༔ ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས༔ འཁོར་བ་སྡུག་བསྔལ་གྱི་གྲོང་ཁྱེར་ལས་མྱུར་དུ་སྒྲོལ་ཏེ༔ དག་པ་སྐུ་གསུམ་གྱི་ཞིང་དུ་བདག་དྲོངས་ཤིག་པའི་གདུང་བས་གསོལ་བ་དྲག་ཏུ་གདབ་ཅིང་༔ ཧིག་ཅེས་བསྒྲགས་པས་རང་སེམས་ཀྱི་ངོ་བོ་ཐིག་ལེ་དེ་རྒྱངས་ཀྱིས་འཕར་ནས༔ སངས་རྒྱས་འོད་དཔག་མེད་ཀྱི་ཞབས་ལ་རེག༔ ཀ་ཞེས་བརྗོད་པས་མར་ཕབ་སྟེ་སྙིང་གར་གནས་པར་བསམས་ཤིང་༔ དེ་ལྟར་ཡང་ཡང་སྦྱང་བར་བྱའོ༔ གསུམ་པ་ཚད་བསྟན་པ་ནི༔ རྒྱུད་ལས༔ དབྱིངས་རིག་ཐིག་ལེ་དབུ་མ་ནས༔ སྣང་མཐའ་བླ་མའི་ཐུགས་ཀར་བསྟིམ༔ སྔགས་ཀྱི་ཐབས་ལ་རིག་པའི་མདས༔ ཡང་ཡང་སྦྱང་བས་ཟ་དང་འཚེག༔ ཅེས་གསུངས་པས་དེ་ལྟར་བརྩོན་འགྲུས་དང་ལྡན་པས་སྦྱངས་པའི་ཚེ༔ སྤྱི་བོ་ཟ་བ་དང་སྐྲང་བ་དང་རབ་ཏུ་འཚེག་པ་དང་དྲན་མེད་དུ་བརྒྱལ་བ་སོགས་འབྱུང་བར་འགྱུར་བ་ནི་འབྱོངས་པའི་ཚད་བསྟན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་གཉིས་ཏེ༔ ལས་ལ་སྦྱར་བ་དང་ཕན་ཡོན་བསྟན་པའོ༔ དང་པོ་ལས་ལ་སྦྱར་བ་ནི༔ རྣལ་འབྱོར་པ་ལ་འཆི་བའི་རྟགས་རྣམས་གསལ་ཞིང་༔ ཕྱི་ནང་གི་ཐིམ་རིམ་རྣམས་ཤར་བའི་ཚེ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བློ་གཏད་མེད་པའི་འདུ་ཤེས་ཀྱིས་ཡང་དག་པར་བསྐུལ་ཏེ༔ སྒོ་གསུམ་འཁོར་བ་ལ་མ་ཆགས་པའི་ངེས་འབྱུང་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ་སྟེ༔ རིག་པའི་ངོ་བོ་ཐིག་ལེ་དེ་ཉིད་རྒྱངས་ཀྱིས་སོང་ནས༔ སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་དང་གཉིས་སུ་མེད་པར་འདྲེས་ཤིང་ཐིམ་པས༔ མངོན་པར་བྱང་ཆུབ་པར་བསམས་ཤིང་ཕཊ་སྒྲ་ཅི་མང་བརྗོད་པ་དང་དབུགས་འགྲོ་བ་དུས་མཉམ་དུ་བྱའོ༔ གཉིས་པ་ཕན་ཡོན་བསྟན་པ་ནི༔ རྒྱུད་ལས༔ བུ་ག་དགུ་ཡི་སྟེང་རོལ་ན༔ བདེ་བ་ཅན་དུ་འགྲོ་བའི་སྒོ༔ བག་ཆགས་ལུས་རྒྱ་ཞིག་པའི་ཚེ༔ མཚམས་མེད་ལྔ་ལ་སྤྱོད་པ་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་པས་ཐེག་པ་ཟབ་མོ་འདི་ནི༔ སྡེ་སྣོད་གསུམ་དང་ཐེག་རིམ་དགུའི་ནང་དུ་ཡང་མ་གྲགས་པའི་གསང་ལམ༔ རྣལ་འབྱོར་པ་ལེ་ལོ་ཅན་མ་བསྒོམས་པར་གྲོལ་བའི་འབྲས་བུ་འཐོབ་པར་བྱེད་པའི་གདམས་པ་ཁྱད་པར་ཅན་སྐལ་བ་བཟང་ངན་དང་དབང་པོ་ལ་རྣོ་བརྟུལ་མེད་པར༔ ཕྲད་པ་ཙམ་གྱིས་གྲོལ་བར་བྱེད་པའི་མན་ངག་ཟབ་མོ་འདི་ནི༔ ད་ལྟ་བོད་འབངས་ཁྱེད་རྣམས་ལ་གདམས་ཤིང་མ་འོངས་ཀྱི་དོན་ཏུ་གཏེར་དུ་སྦ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ།།