Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
བུམ་སྒྲུབ་མྱོང་གྲོལ་ཆེན་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབུམ་སྒྲུབ་མྱོང་གྲོལ་ཆེན་མོ།next

བུམ་སྒྲུབ་མྱོང་གྲོལ་ཆེན་མོ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ བུམ་སྒྲུབ་མྱོང་གྲོལ་ཆེན་མོ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ རྒྱུད་ལས༔ རཏྣའི་བུམ་པ་མཚན་ལྡན་དུ༔ ཡབ་ཡུམ་བྱང་སེམས་བདུད་རྩི་ལྔ༔ ཤ་སྣ་འབྲུ་སྣ་སྨན་སྣ་དང་༔ སྙིང་པོ་ལྔ་དང་རིན་ཆེན་ལྔ༔ དཀར་གསུམ་མངར་གསུམ་རྒྱ་མཚོའི་ཆུས༔ རིལ་བུ་སྒྲིལ་ཏེ་བུམ་པར་བླུགས༔ ཁ་རྒྱན་མགུལ་ཆིངས་གཟུངས་ཐག་གདགས༔ སྟོང་པར་སྦྱང་ཞིང་ལྷ་རུ་བསྒོམ༔ དཀྱིལ་འཁོར་དབུས་འགོད་བསྙེན་ཅིང་བསྒྲུབ༔ རིལ་བུ་འཕུར་དང་འཕར་དང་འཁྲབ༔ འཇའ་འོད་འཁྲུག་ཅིང་དྲི་བཟང་འཐུལ༔ ཞལ་མཇལ་གསུང་ཐོས་ཉམས་རྟོགས་རྒྱས༔ ལྷ་མི་དུད་འགྲོ་གཟུགས་ཅན་དང་༔ གཟུགས་མེད་འགྲོ་བ་ཐམས་ཅད་ལ༔ ལྟོ་རུ་ཐེངས་སམ་གྲིབ་མར་འགོམས༔ དུད་པས་ཕོག་གམ་རླུང་གིས་རེག༔ ཐམས་ཅད་འཕགས་པའི་སྐུ་རུ་གྲོལ༔ ཅེས་པས་བུམ་སྒྲུབ་བདུད་རྩི་མྱོང་གྲོལ་གྱི་རིལ་བུ་སྒྲུབ་ཐབས་བསྟན་པ་འདི་ལ་རིམ་པ་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ རབ་གསེར་འབྲིང་དངུལ་ཐ་མ་ཟངས་སམ་ས་ལ་བུམ་པ་དབྱིབས་ནི་དཔག་བསམ་ཤིང་གི་ཐོག་གུའམ་འབྲས་བུའི་ཚུལ་དུ་དགོས་པ་ཡིན་པས་ལྟོ་བ་ལྡིར་བ་སྟོད་རྒྱས་པ༔ སྨད་གཞོལ་བ༔ ཁ་ཁྱེར་དང་ཞབས་ཐེབ་ཆ་སྙོམས་པ་ལ་ཞབས་སོར་གཉིས་ལས་ཆེ་བ༔ ནང་དུ་འབྲས་སྒྲུབ་པ་པོའི་སྙིམ་པ་བཅོ་བརྒྱད་ཤོང་བ༔ སྐེ་དཔངས་ཞབས་དཔངས་སོར་ལྔ་པ༔ ཁ་དོག་འཁོར་འདས་ཀུན་གྱི་དབང་ཆེན་པོས་འགྲོ་དྲུག་ལམ་སྣ་འདྲེན་པའི་བརྡར་དམར་པོ་ལ་རིགས་ལྔའི་ཕྱག་མཚན་བྲིས་པ་ཞིག་བསྒྲུབ་ཅིང་༔ རང་ཉིད་དབང་ཆེན་གྱི་ཏིང་ངེ་འཛིན་གསལ་བས་གུ་གུལ་ནག་པོ་དྲག་སྔགས་ཀྱི་དྲོད་ཀྱིས་གླན་པའི་དུད་པས་བདུག་ཅིང་༔ ཡུངས་ཀར་ཐུན་གྱིས་བྲབ་སྟེ་ཡི་དམ་གྱི་དྲག་སྔགས་བརྗོད་ཅིང་བགེགས་བསྐྲད་དོ༔ དེ་ནས་དྲི་ཆབ་ཀྱིས་བུམ་པའི་ནང་བསིལ་ཞིང་༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ༔ ཅེས་བཟླ༔ ཨ་ཀ་རུ་དང་ཙན་དན་སོགས་ཀྱིས་བདུག་ཅིང་༔ ཨཱོཾ་ཤ་ཀ་རི་སིདྡྷི་ཧཱུྃ༔ ཅེས་བུམ་ཆུ་ནུས་མཐུ་གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསམས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཨཱོཾ་ཀ་ལ་ཤ་སརྦ་གྷུ་ན་སིདྡྷི་ཧཱུྃ༔ འཕྲིན་ལས་བཞི་འདུས་ཀྱི་གཞལ་ཡས་དངོས་གྲུབ་སྣ་ཚོགས་འཐོབ་པའི་སྣོད་བཀྲ་ཤིས་པའི་རང་བཞིན་དུ་བྱིན་གྱིས་བརླབ་བོ༔ དེ་ནས་སྣོད་མཚན་ཉིད་དང་ལྡན་པའི་ནང་དུ་བྲམ་ཟེ་སྐྱེ་བདུན་གྱི་ཤ་ཁྲག་འབྲུ་བཟང་པོའི་ཕྱེ་དང་བསྲེས་ཏེ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་སྭཱ་ཧཱ༔ ཅེས་བརྗོད༔ གསེར་བྱི་རུ་མུ་ཏིག་དངུལ་མུ་མེན་ལ་སོགས་པས་གཙོས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་བླུགས་ཏེ༔ ཨཱོཾ་རཏྣ་གརྦ་སིདྡྷི་ཧཱུྃ༔ ཅེས་བརྗོད༔ ལན་ཚྭ་མར་བུ་རམ་སྦྲང་རྩི་ཏིལ་མར་ཏེ་སྙིང་པོ་ལྔ་བླུགས་ལ༔ ཨཱོཾ་པཉྩ་ཏྲི་ཏ་མ་ལ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ གུར་གུམ་དབང་ལག་སླེ་ཏྲེས་ཙན་དན་དཀར་པོ༔ ཀཎྜ་ཀ་རི་དང་སྨན་སྣ་ཚོགས་ཀྱི་ཕྱེ་མ་བླུགས་ཏེ༔ ཨཱོཾ་པཉྩ་ཤྲཱི་བྷི་ཤ་ད་ར་པ་ཧཱུྃ༔ ཅེས་བརྗོད་དོ༔ ནས་འབྲས་ཏིལ་གྲོ་སྲན་མ་དང་འབྲུ་ལྔའི་ཕྱེ་མ་བླུགས་ཏེ༔ ཨོཾ་པཉྩ་བྱ་ཙ་ལ་སོ་མ་ལ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ དེ་ནས་གུར་གུམ་ཙན་དན་དམར་པོ་དུ་རུ་ཀ་ཛ་ཏི་ག་པུར་དང་དྲི་ལྔའི་ཕྱེ་མ་བླུགས་ཤིང་༔ ཨཱོཾ་པཉྩ་པ་ར་མི་ཏ་དྷུ་པ་ཧཱུྃ༔ ཅེས་བརྗོད་དོ༔ དར་སྣ་ལྔའི་ཕྱེ་མ་བླུག་ཅིང་༔ ཨཱོཾ་སུ་དྷ་ར་ཚིནྡྷ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ འོ་མ་སིདྡྷུ་ར་བླུག་ཅིང་༔ ཨཱོཾ་བྷོ་དྷི་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་བརྗོད་དོ༔ གཞན་ཡང་བཟང་དྲུག་གི་རིགས་ཀྱི་སྨན་སྣ་ཅི་འཛོམ་གྱི་ཕྱེ་མ་ཅི་མང་༔ ཚེ་བ་ལུའི་མེ་ཏོག་རྟག་ངུ་དབང་ལག་སོགས་བཅུད་ལེན་གྱི་སྨན་སྣ་གང་འཛོམ་གྱི་ཕྱེ་མ༔ སྲིད་པའི་བྱང་སེམས་དཀར་དམར་གྱི་རིགས་ཅི་མང་གི་ཕྱེ་མ༔ གཏེར་ཁ་གཞན་སོགས་ཀྱི་ཡང་སྐྱེ་བདུན་གྱི་ཕབས་རིལ་དང་དེ་བཞིན་གཤེགས་པའི་རིང་བསྲེལ་སོགས་ཀྱི་ཕབས་བཏབ་སྟེ༔ རིགས་ལྡན་གྱི་ཁྱེའུས་སྦོལ༔ བུ་མོ་རིགས་བཟང་གིས་གཙང་ཆབ་བཟང་པོའི་ཆུས་སྦྲན་ཅིང་༔ ཁཾ་ཛྙ་ན་སྨི་མ་ལག་ཏུ་ནི་ཀ་ཡ་ས་པ་ར་ཤ་སིདྡྷི་ཧཱུྃ་ཨ༔ ཞེས་བརྗོད་གར་སླ་རན་པར་སྣག་ཐག་བཟང་པོས་བསྣུར་ནས་རིལ་བུ་ཆེ་ཆུང་གང་རིགས་སུ་བསྒྲིལ་ཏེ་མཚལ་གྱི་ན་བཟའ་གསོལ་ཞིང་ཀ་རའི་རྩི་བཀོན་ནས་གོང་གི་བུམ་པར་བླུགས་ཏེ་རིགས་ལྔའི་པྲོག་ཞུས་ཁ་བརྒྱན༔ འབྲས་བུ་ཅན་གྱི་ཤིང་དང་འཕགས་པ་དེ་བཞིན་གཤེགས་པའི་སྐུའི་ཙཀླི་བཙུགས༔ དར་ཚོན་སྣ་ལྔའི་མགུལ་ཆིངས་ཀྱིས་སྤྲས༔ དར་དམར་པོའི་གུར་ཕུབ་གཟུངས་ཀྱི་ཐག་པ་བཏགས་ཏེ༔ ཨཱོཾ་ཏིཥྛ་བཛྲ་ས་མ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབུས་སུ་འགོད་དོ༔ གཞན་ཡང་འཕགས་པའི་སྒྲུབ་གཏོར་སྨན་རག་སོགས་ཕྱི་ནང་གི་མཆོད་རྫས༔ གྷ་ནའི་ལོངས་སྤྱོད་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན༔ གནམ་རྒྱན་ས་རྒྱན་ཀ་རྒྱན་ཡོལ་བ་བླ་རེ༔ མདའ་བཞི་གྲི་བཞི་མེ་ལོང་ཕུར་པ་ཚོན་སྐུད་སྟག་ཤམ་གྱི་སྒབ་སྐོར་ལ་སོགས་སྒྲུབ་ཆེན་ལྟར་རྒྱས་པར་བཤམས་ཤིང་ཡིད་དུ་འོང་ལ་དངས་ཤིང་བཀོད་པས་མཛེས་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔སྔོན་དུ་འགྲོ་བའི་རིམ་པ་ནས་བཟུང་སྟེ་ལས་ཀྱི་ཆོ་ག་གཞུང་བསྲང་ཞིང་༔ ལས་བྱང་གཅིག་གི་ཁོང་ནས་བདག་བསྐྱེད་དང་མདུན་བསྐྱེད་གཉིས་ཆར་སྐད་ཅིག་གི་ལམ་གྱིས་གསལ་བར་བསྐྱེད་ཅིང་༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་སོགས་རྒྱས་པར་སོང་རྗེས༔ བསྙེན་པའི་རིམ་པ་ནི༔ བུམ་པ་གཞལ་ཡས་ཁང་གི་དབུས་སུ་རིལ་བུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཡོངས་རྫོགས་ཀྱི་ངོ་བོ་ལྷམ་མེ་ལྷན་ནེར་བསྒོམས་ལ་རང་ཉིད་ཀྱི་ཐུགས་ཀར་སྔགས་ཀྱི་ཕྲེང་བས་མཚན་པ་ལས་འོད་ཟེར་འཕྲོས་པ་གཟུངས་ཀྱི་ཐག་པ་ལ་ཞོན་ཏེ་སོང་༔ བདུན་བསྐྱེད་ལྷའི་ཞལ་དུ་ཞུགས་ཤིང་ཐུགས་ཀའི་སྔགས་ཕྲེང་ལ་ཕོགས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ལ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་རིག་འཛིན་དྲང་སྲོང་ཐམས་ཅད་དང་༔ ཁྱད་པར་དུ་རྩ་གསུམ་གྱི་ལྷ་ཚོགས་སྐུ་གསུམ་གྱི་སྟོན་པ་འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ མཉེས་པའི་མཆོད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཡོན་ཏན་ཐམས་ཅད་ཡོངས་སུ་ལྷག་མ་མ་ལུས་པར་བསྡུས་ནས༔ འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་ཚུར་འདུས་ཏེ་སྒྲུབ་པའི་རྫས་བསྐྱེད་པའི་གཞལ་ཡས་རྣམས་ལ་ཐིམ་པས་དུས་གསུམ་གྱི་སངས་རྒྱས་འཕགས་པ་མ་རིག་མུན་སེལ་དང་གཉིས་སུ་མེད་པར་བསྒོམ་ནས༔ གཟུངས་ཀྱི་ཐག་པ་ནས་བཟུང་སྟེ་འཛབ་དགོངས་ལྟར་དུ་ཕྱི་སྣོད་ཐམས་ཅད་ཞིང་ཁམས༔ ནང་བཅུད་ཐམས་ཅད་ལྷའི་རང་བཞིན༔ སྒྲ་གྲགས་ཐམས་ཅད་སྙིང་པོའི་རང་སྒྲ༔ དྲན་རྟོག་ཐམས་ཅད་འཕགས་པའི་ཐུགས་དང་གཉིས་སུ་ཡེ་ནས་མེད་པ་ལ་མེད་པའི་ཏིང་ངེ་འཛིན་གྱིས་རྒྱས་འདེབས་དང་བཅས་པའི་ངང་ནས་ངག་གི་སྨྲ་བ་བཅད༔ ལེ་ལོ་དང་གཉིད་ཉལ་བ་སོགས་མདོར་ན་བག་མེད་ཀྱི་ལས་ཐམས་ཅད་སྒོ་གསུམ་བརྩོན་འགྲུས་དང་ལྡན་པའི་ངང་ནས་རབ་ཏུ་སྤང་ཞིང་ལུས་ངག་ཡིད་གསུམ་ཚུལ་དང་ལྡན་པས་ཐུན་དུ་བཅད་དེ༔ བསྙེན་སྒྲུབ་སྔགས་ཀྱི་རིམ་པ་འདི་རྣམས་སྒྲ་དག་ལ་དབྱངས་སྙན་པས་བཟླ་བར་བྱའོ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ གྷུ་རུ་བྷུདྡྷ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཛྙཱ་ན་དྷརྟུ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨཱོཾ་ཨ་ཧ་ར་པ་ཙ་མི་ཏ་ཧྲཱི་དྷ་ཡ་སྭཱ་ཧཱ༔ ཅེས་བཟླས་ཤིང་སྒྲུབ་པའི་ཞག་གྲངས་ལྔ་བདུན་བདུན་འབྲེལ་ཟླ་བ་སོགས་བསྒྲུབ་ཡུན་རིང་ཐུང་དང་དཔགས་པར་སྒྲུབ་གཞུང་གི་བསྙེན་པ་ཞག་གྲངས་དེར་མཐུན་དུ་གཏོང་༔ དངོས་གཞི་བུམ་སྒྲུབ་ཀྱི་བསྙེན་སྒྲུབ་འདི་གཙོ་བོར་བཟླས༔ སྐབས་སྐབས་སུ་ཧྱ་གྷྲི་ཝ་སོགས་ཀྱི་དྲག་སྔགས་ཡང་དུམ་རེ་བཟླ་ཞིང་༔ ལར་སྒྲུབ་པ་ཞག་བདུན་གྱི་དབང་དུ་བྱེད་ན་ཞག་གཅིག་སྒྲུབ་གཞུང་གི་བསྙེན་པ་སྐྱངས༔ དེ་ནས་དངོས་གཞིའི་བསྙེན་པ་ཐུན་དུ་བཅད་ཅིང་བཟླ་སྟེ༔ ཐུན་འགོ་རྣམས་ལ་སྒྲུབ་གཞུང་གི་བསྙེན་པ་དུམ་རེ་བྱ༔ ལས་བྱང་ལ་སོགས་གཏོང་ཚུལ་ཁོག་དབུབ་ལྟར་བྱས་པའི་ཐུན་འཇུག་རྣམས་ལ་ལྷ་ཚོགས་ཐམས་ཅད་རིལ་བུ་དང་གཉིས་མེད་དུ་ཐིམ་པར་བསམས་ཤིང་འོད་དུ་ཞུ་བའི་དམིགས་པ་གལ་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ནི༔ དེ་ལྟར་རྩེ་གཅིག་བསྒྲུབས་པས་མངོན་སུམ་དུའང་རིལ་བུ་འཕེལ་ཞིང་ལུད་པ༔ འཕུར་བ་དྲི་བཟང་འཐུལ་བ་འཇའ་འཛུག་པ་འོད་འཁྱུག་པ༔ མེ་སྟག་འཕྲོ་བ་སྨན་གཏོར་རཀྟ་སོགས་ཁོལ་བ༔ ཉམས་དངས་ཤིང་ཤེས་པ་གསལ་ལ་བསྐྱེད་རྫོགས་ལས་སུ་རུང་བ༔ བླ་མ་ལ་མོས་གུས་འབར་བ༔ མཆེད་གྲོགས་ལ་དག་སྣང་སྐྱེ་བ༔ མི་རྟོག་པའི་ཏིང་ངེ་འཛིན་འཕེལ་བ༔ ལྷ་ཞལ་མཇལ་བ་དང་གསུང་ཐོས་པ༔ རྨི་ལམ་ཡ་མཚན་ཅན་རྨི་བ་སོགས་ཀྱི་རྟགས་རྣམས་འབྱུང་བར་འགྱུར་རོ༔ དེ་ལྟར་གྱི་རྟགས་རྣམས་ལས་ཁྱད་པར་ཅན་གྱི་རྟགས་བྱུང་བ་ནི་གྲུབ་པའི་རྟགས་ཡིན་ནོ༔ བསྙེན་སྒྲུབ་ལས་སྦྱོར་གྱི་གྲངས་ནི་གོང་དུ་སྨོས་པ་ལྟར་ལ༔ གྲངས་བསྙེན་ཀྱང་རབ་དུང་ཕྱུར་འབྲིང་འབུམ་ཚོ་བཅུ་ཐ་ནའང་འབུམ་ཚོ་གསུམ་ལས་མི་ཉུང་བར་བཟླ་བར་བྱའོ༔ རྟགས་རྫོགས་ནས་སྒྲུབ་པའི་མཇུག་ཁོག་དབུབ་ལྟར་བསྐྱང་ལ་མྱོང་གྲོལ་གྱི་འགྲོ་དོན་སྤེལ་བར་བྱའོ༔ འདི་ལྟར་ཚུལ་ལྡན་དུ་སྤྱོད་པའི་མྱོང་གྲོལ་རིལ་བུ་ཆེན་པོ་དེ་ལྟོར་སོང་བའི་སྐྱེ་འགྲོ་ཕྱིར་མི་ལྡོག་པར་གྲོལ་བར་བྱེད་དོ༔ མི་མ་ཡིན་དང་བྱ་རིགས་གཅན་སྤྱང་འབུ་སྲིན་ལ་སོགས་ཀྱི་ཡང་ལྟོར་སོང་ན་གྲོལ་བར་ཐེ་ཚོམ་མེད་ཅིང་༔ དུད་པས་ཕོག་གམ་གྲིབ་མས་འགོམས་ཀྱང་མཐོ་རིས་ཀྱི་ལུས་སུ་སྐྱེ་བར་འགྱུར་རོ༔ དེ་བས་ན་འགྲོ་བ་མཐའ་དག་གི་དོན་ལ་བརྩོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ མྱོང་གྲོལ་ཆེན་མོ་མ་བསྒོམས་གྲོལ་བའི་ཐབས༔ སྙིང་གི་བརྣག་པ་ཟབ་པའི་མཐར་ཐུག་འདི༔ ད་ལྟ་པུར་རྒྱལ་བོད་ཀྱི་རྗེ་འབངས་རྣམས༔ ཆོས་འཁོར་འབྱོངས་པའི་གྲོལ་སྟོན་ཆོས་འདིས་བྱས༔ ཁྱེད་རྣམས་མ་ལུས་འཁོར་བའི་སྡུག་བསྔལ་གྲོལ༔ སངས་རྒྱས་བསྟན་པའི་ཉི་མ་བོད་ན་ཤར༔ གསང་སྔགས་འབྲས་བུའི་སྨིན་གྲོལ་ཀུན་གྱིས་ཐོབ༔ དོན་དང་ལྡན་ནོ་བོད་འབངས་སྐྱེ་འགྲོ་རྣམས༔ འདུས་བྱས་འཁོར་བའི་ཆོས་ཀྱི་མཐའ་སྟོན་དུས༔ རང་རེ་ཐམས་ཅད་མི་རྟག་སོ་སོར་འབྲལ༔ པདྨ་བདག་ཀྱང་རྔ་ཡབ་གླིང་དུ་འགྲོ༔ ཁྱེད་རྣམས་ཐམས་ཅད་མི་རྟག་མྱ་ངན་འདའ༔ མ་འོངས་ལྔ་བརྒྱ་རྩོད་ལྡན་སྙིགས་མ་ལ༔ སངས་རྒྱས་བསྟན་པ་འདི་ཡང་མཐའ་ལ་ཐུག༔ རྟགས་ཙམ་འཛིན་པའི་སྟོན་པས་ཆོས་སྒྲ་སྒྲོག༔ ཆོས་བརྒྱད་སུ་བཟང་གྲུབ་མཐའ་སུ་མཁས་མཐོ༔ ཆོས་ལུགས་མི་གཅིག་ཡ་མ་ཟུང་དུ་གྱེས༔ གྲུབ་མཐའ་མི་གཅིག་འདྲ་མིན་འདྲ་བཟོ་མང་༔ ལྷས་སྦྱིན་སྤྲུལ་པའི་དགེ་བཤེས་བཟང་དགུ་མང་༔ པདྨ་བདག་དང་བདག་གི་བསྟན་འཛིན་སྨོད༔ སངས་རྒྱས་བསྟན་ལ་རས་གཅོད་གཟུ་ལུམ་བྱེད༔ བདུད་འགོང་དམ་སྲིའི་སྤྲུལ་པ་བུ་སློབ་རྒྱས༔ ཁ་ནས་ཆོས་འཆད་ལས་སུ་མཚམས་མེད་སྤྱོད༔ སྲིད་སྡེ་ཆོས་དང་སྦྲེལ་ཏེ་འཁྲུག་རྩོད་འཐབ༔ བླ་མས་དཔོན་བྱེད་མཁན་པོས་ཁྲིམས་ལས་བྱེད༔ བན་བཙུན་སྒོམ་ཆེན་ལས་སུ་དམེ་འཁྲུག་རྩོད༔ མཐའ་མི་དབུས་གཏིབ་དབུས་མི་མཐའ་ལ་འབྲོས༔ བདུད་སྤྲུལ་མང་པོས་བརྫུན་གཏེར་མང་པོ་འདོན༔ གང་འབྲེལ་སེམས་ཅན་ངན་སོང་གླིང་ལ་འཁྲིད༔ ཆེ་བཙན་བཟང་དགུ་ནུབ་ནས་ངན་དགུ་དར༔ ཆོས་རྣམས་ཐམས་ཅད་བཀའ་འཆལ་བརྒྱུད་པ་ཉམས༔ དེ་དུས་ང་ཡི་ཐུགས་སྲས་རྣལ་འབྱོར་པ༔ གཏད་མེད་སྨྱོན་པ་ཟང་ཐལ་ཞིག་པོའི་ཚུལ༔ བརྫུན་ཆེ་རྟག་དཀའ་ཤེས་རྒྱུད་ཆོ་ལེ་བ༔ ཚིག་རྩུབ་གཏི་མུག་ལས་ཀྱི་ལྷག་རོལ་ཅན༔ ཚེ་འདིར་ཞེན་བྲལ་སྐལ་ལྡན་ཉི་མ་གྲགས༔ ཤར་ཕྱོགས་མདོ་ཁམས་གླིང་གི་ཆ་ནས་འོང་༔ ང་ཡི་ཟབ་ཆོས་འདི་ཉིད་གཏེར་ནས་འབྱིན༔ ལས་ཅན་འགའ་ལ་སྨིན་གྲོལ་དངོས་གྲུབ་སྟེར༔ དེ་དུས་རྒྱ་འགྱུར་དགོངས་པ་མ་འཆུགས་པ༔ བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ན་བུན་གཏིབས༔ ང་ཡི་ཟབ་གཏེར་ཆོས་ལ་ཡིད་ཆེས་བསྐྱེད༔ ཉམས་སུ་ལོང་ཞིག་མ་འོགས་སྐལ་ལྡན་བུ༔ ཡེ་ཤེས་མགོན་པོས་བཀའ་འདིའི་མེལ་ཚེ་མཛོད༔ ལས་ཀྱི་མགོན་པོ་ཡབ་ཡུམ་གཏེར་འདི་སྲུངས༔ དུས་ལ་བབས་ཚེ་མ་ཐོགས་མྱུར་དུ་སྤྲོད༔ ས་མཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་སྤྱན་དྲངས་ཤིང་ཁམས་སྲིང་མོ་རྫོང་གི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པའི་སྒྲུབ་ཕུག་ཏུ་ཤོག་སེར་ལས་ཕབ་པའོ།། མངྒ་ལཾ།། །།


previousབུམ་སྒྲུབ་མྱོང་གྲོལ་ཆེན་མོ།next