Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ།next

རེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ རེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་སྐྱེ་འགྲོ་འཁོར་བ་ལས་བསྒྲལ་ཕྱིར༔ རེག་གྲོལ་གདམ་པ་སངས་རྒྱས་ལྷུན་གྲུབ་འདི༔ རྒྱུད་ལ་བརྟེན་ནས་ཁོ་བོ་པདྨས་འབྲི༔ བྱང་ཆུབ་སེམས་ལྡན་སྐྱེས་བུས་འགྲོ་དོན་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་མ་འབད་བཞིན་དུ་གྲོལ་བར་བྱེད་པའི་གདམས་པ་ཟབ་མོ་འདི་དོན་གསུམ་གྱི་སྒོ་ནས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི༔ བཀྲ་ཤིས་ཤིང་གཟའ་སྐར་བཟང་པོའི་ཉི་མ་ལ་བབས་པའི་ཚེ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ རབ་གསེར་དངུལ་འབྲིང་ཟངས་རག་དང་ཁྲོ་ལི༔ ཐ་ནའང་ས་རྡོ་ཤིང་སོགས་གང་རུང་ལ༔ འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་དང་སྙིང་པོ་ཡི་གེ་བཅུ་པ༔ བྱང་ཆུབ་རྣམ་རྒྱལ་གྱི་མཆོད་རྟེན་གསུམ་བཞེངས་ཏེ༔ སེང་ཁྲི་ལ་ཀ་ནི་ཀའི་སྒོ་ཡོད་པ༔ བུམ་པར་འཕགས་པའི་སྐུ་བཞུགས་པ༔ བུམ་པའི་སྒོ་ལ་སྙིང་པོ་འབུར་མ་ཤིན་ཏུ་གསལ་བས་མཚན་པར་བཞེངས༔ ཀ་ནིའི་མར་ཕིབས་ཀྱི་ངོས་ལ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་ལྷ་ཚོགས་ཚོམ་བུ་ཤིགས་སེར་བཞུགས་པ་འབྲི་བར་བྱའོ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་ནི༔ དེ་ལྟར་གྱི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་པོ་དེ་འཕགས་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གསལ་ཏེ༔ བསྙེན་སྒྲུབ་ཐེམས་ཤིང་སེམས་བསྐྱེད་དང་ལྡན་པའི་རྣལ་འབྱོར་པས༔ ལས་ཀྱི་གཞུང་བསྲང་ཞིང་རབ་ཏུ་གནས་ཏེ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དུ་མངོན་སུམ་དུ་བསྐྱེད་དེ༔ འཁོར་བའི་སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ༔ འཕགས་པ་མ་རིག་མུན་སེལ་གྱི་ལྷ་ཚོགས་དང་གཉིས་སུ་མེད་པར༔ རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་ནས༔ རྟེན་འདིའི་འོག་ཏུ་འཛུལ་ཞིང་རེག་པ་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གྱུར་ཅིག༔ ཅེས་པའི་སྨོན་ལམ་རླབས་པོ་ཆེ་བཏབ་བོ༔ མེ་ཏོག་འཐོར་ཤིས་པ་བརྗོད་བཀྲ་ཤིས་པའི་གླུ་བྲོ་དང་ཚོགས་ཀྱི་འཁོར་ལོ་ལ་སྤྱོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ནི༔ རྒྱུད་ལས༔ རབ་ནི་རིན་ཆེན་སྣ་ལྔའམ༔ སའམ་རྡོ་ལ་སོགས་ཀྱང་རུང་༔ འཕགས་པའི་སྐུ་རྟེན་འདྲ་འབག་དང་༔ རང་བྱུང་སྙིང་པོ་ཡི་གེ་བཅུ༔ བྱང་ཆུབ་རྣམ་རྒྱལ་མཆོད་རྟེན་གསུམ༔ ལེགས་པར་བཞེངས་ཤིང་རབ་ཏུ་གནས༔ གྲིབ་མ་འགོངས་སམ་ཆུར་བཀྲུས་འཐུངས༔ རླུང་གིས་རེག་གམ་འོག་ཏུ་འཛུལ༔ འབྱུང་བ་བཞི་ལ་ལས་སྦྱོར་བརྩམ༔ རེག་པའི་སྐྱེ་འགྲོ་གཟུགས་ཅན་དང་༔ གཟུགས་མེད་ཐམས་ཅད་གྲོལ་བར་འགྱུར༔ ཅེས་པས་རྟེན་གསུམ་པོ་འདི་ཟུང་འཇུག་གི་ཆུ་ཆེན་པོ་ལ་ཟམ་པ་ཡོད་པའི་འགྲམ་མམ༔ བརྒྱ་ལམ་ཆེན་པོའི་དཀྱིལ་ལམ༔ ཚོང་འདུས་ཆེན་པོའི་མདོའམ༔ སྡེ་དགོན་ཕོ་བྲང་གནས་གཞི་ལ་སོགས་ཀྱི་འགྲམ་དུ་བཞུགས་སུ་གསོལ་ཞིང་དགེ་བ་བྱང་ཆུབ་ཀྱི་རྒྱུར་བསྔོས་པས༔ རྟེན་དེ་ལ་རེག་པའམ་རླུང་གིས་ཕོག་གམ་གྲིབ་མ་ཆུར་ཕོག་པ་ལ་བཀྲུས་སམ་འཐུང་ངམ་འོག་ཏུ་འཛུལ་བའི་སྐྱེ་འགྲོ་གཟུགས་ཅན་དང་གཟུགས་མེད་གང་ཡིན་ཀྱང་འཕགས་པའི་ཞིང་དུ་གྲོལ་ཞིང་བྱང་ཆུབ་པར་འགྱུར་བར་གདོན་མི་ཟའོ༔ དེ་བས་ན་འགྲོ་དོན་རེག་གྲོལ་གྱི་གདམས་པ་འདི་ལ་བྱང་ཆུབ་སེམས་དཔའ་གང་ཟག་རྣམས་ཀྱིས་བརྩོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་ལྷ་ཁང་ནས་གདན་དྲངས་ཤིང་ཤོག་སེར་ལས་བཤུས་པའོ།། སརྦ་མངྒ་ལཾ།། །།


previousརེག་པས་གྲོལ་བའི་གདམས་པ་སངས་རྒྱས་ལྷུན་གྲུབ།next