Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་གཏོར་བདུད་རྩིའི་བུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆུ་གཏོར་བདུད་རྩིའི་བུམ་པ།next

ཆུ་གཏོར་བདུད་རྩིའི་བུམ་པ།

རྷ྄ྃ༔ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཆུ་གཏོར་བདུད་རྩིའི་བུམ་པ་བཞུགསཿ འཕགས་པ་མ་རིག་པའི་མུན་པ་ཐམས་ཅད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ མ་འོངས་པའི་གང་ཟག་ཚོགས་གཉིས་ཀྱི་རིམ་པ་སྤེལ་ཞིང་སྒྲིབ་པ་གཉིས་འདག་པར་འདོད་པ་རྣམས་ཀྱི་དོན་དུ༔ མཆོད་སྦྱིན་བརྩམ་པའི་གཏོར་མ་འདི་དོན་རྣམ་པ་གསུམ་གྱི་སྒོ་ནས་སྟོན་ཏེ༔ སྔོན་དུ་འགྲོ་བ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་བཞི་སྟེ༔ གང་ཟག་དང་རྫས་དང་སྣོད་དང་དུས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཆོས་འདི་ཉམས་སུ་ལེན་པའི་གང་ཟག་ནི༔ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགེ་སློང་དང་དགེ་སློང་མ༔ དགེ་ཚུལ་དང་དགེ་ཚུལ་མ༔ དགེ་བསྙེན་དང་དགེ་བསྙེན་མ་སྟེ་བསྟན་པ་ལ་ཞུགས་པ་དང་༔ གོ་མའི་དགེ་བསྙེན་ལ་སོགས་ཏེ་རྣམ་དཀར་དགེ་བའི་བསམ་པ་དང་ལྡན་ཞིང་༔ ཚོགས་གཉིས་རྫོགས་པར་འདོད་པའི་ལྷག་བསམ་ཅན་རྣམས་ཀྱིས་བརྩོན་འགྲུས་ཀྱིས་བརྩམ་པར་བྱའོ༔ གཉིས་པ་རྫས་ནི་དཀར་གསུམ་མངར་གསུམ་ལ་སོགས་འབྲུ་དང་མེ་ཏོག་ཟན་གྱི་ཚོགས་རྣམས་ཏེ༔ ཤ་ཁྲག་སྒོག་བཙོང་ལ་ཕུག་དུག་དང་གཡེར་མ་རྣམས་མ་གཏོགས་པའི་རིགས་ལ༔ གཏོར་མའི་རྫས་ནི་རྒྱ་གང་ཆེར་བསགས་ཤིང་གཙང་སྦྲ་དང་ལྡན་ཞིང་འབགས་བཙོག་སོགས་མེད་པར་ཚུལ་དང་ལྡན་པར་བྱའོ༔ ཆུང་ངུར་ཀྱང་རུང་སྟེ་འབྱོར་པ་ལས་གང་གྲུབ་གཙོར་འདོན་ནོ༔ གསུམ་པ་སྣོད་ནི་རབ་གསེར་དངུལ་དུང་ཕོར༔ འབྲིང་ཟངས་རག་འཁར་བ་གསུམ་གྱི་གཞོང་པ༔ ཐ་མའང་རྫ་དང་ཤིང་གི་སྣོད་དེ༔ བུག་པ་དང་ཆག་གས་ཏི་ཚ་ལ་སོགས་མེད་པ་ལོངས་སྤྱོད་དང་མཐུན་པར་བསགས༔ ཆེ་ཆུང་ཀྱང་རྒྱ་གང་ཆེ་བ་བསོད་ནམས་ཆེ་ཞིང་བྲེ་གང་དང་ཕུལ་གང་སོགས་ཤོང་བའི་སྣོད་བརྩོན་པར་བྱའོ༔ བཞི་པ་དུས་ནི་ནམ་ལང་ཁ་ཟས་ལ་མ་སྤྱད་པའི་དུས་སམ༔ ཡང་ན་ཉི་ཤར་བཀྲ་ཤིས་པའི་ཚེའམ༔ དགོང་མོའམ་སྲོད་དྲག་པོ་རྣམས་ཏེ༔ ནམ་ལངས་ཀྱི་དུས་ཚོགས་རྫོགས༔ ཉི་ཤར་ལ་བཀྲ་ཤིས་དཔལ་དང་འབྱོར་བ་འཕེལ༔ དགོང་མོ་དང་སྲོད་དྲག་པོའི་དུས་ནི་རང་གི་ཡང་རྐྱེན་བཟློག་ཅིང་༔ འབྱུང་པོ་སྡེ་བརྒྱད་མི་མ་ཡིན་གྱིས་འགྲོ་བ་ལ་གནོད་སྐྱེལ་བའི་ཁ་ཁེགས་པས་ཕན་ཡོན་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་གཉིས་ཏེ༔ སྔོན་དུ་འགྲོ་བ་དང་དངོས་གཞིའོ༔ དང་པོ་སྔོན་དུ་འགྲོ་བ་ལ་བཞི་སྟེ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རང་ལྷར་གསལ་བ་གཏོར་རྫས་བྱིན་གྱིས་བརླབས་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ནིཿ སྤྱི་གཙུག་ཐད་མཉམ་མདུན་གྱི་ནམ་མཁའ་ལ༔ སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ མངོན་སུམ་ལྟ་བུར་ལྷམ་མེ་ལྷང་ངེར་བསྐྱེད༔ མོས་གུས་རྩེ་གཅིག་ངང་ནས་སྐྱབས་སུ་འགྲོ༔ ན་མོཿ བླ་མ་སངས་རྒྱས་རིན་པོ་ཆེ༔ ཞི་བ་ཆགས་བྲལ་སྡེ་སྣོད་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པ་ཕྱིར་མི་ལྡོག༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ལན་གསུམ་བར་དུ་སྐྱབས་སུ་འགྲོ༔ གཉིས་པ་སེམས་བསྐྱེད་པ་ནི༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འགྲོ་དྲུག་གི་སེམས་ཅན་འདི་ཐམས་ཅད་སྒྲོལ་བར་འདོད་པའི་བསམ་པ་མ་གཅིག་བུ་ལ་བརྩེ་བ་ལྟར་སེམས་བསྐྱེད་པའི་ངང་ནས༔ ཀྱེ༔ མ་ཁམས་གསུམ་འགྲོ་དྲུག་སེམས་ཅན་རྣམས༔ སྡུག་བསྔལ་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ བྱང་ཆུབ་བླ་མེད་མཆོག་གི་སེམས་བསྐྱེད་ནས༔ མཆོད་སྦྱིན་འཕྲིན་ལས་ཟབ་མོ་འདིར་འཇུག་གོ༔ གསུམ་མམ་ཅི་རིགས་སུ་བརྗོད༔ གསུམ་པ་རང་ལྷར་གསལ་གདབ་པ་ནི༔ སྐད་ཅིག་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསམས་ཤིང་༔ སྟོང་པ་ཉིད་ཀྱི་ངང་ལས་ནམ་མཁའ་སྟོང་པ་ལ་འཇའ་ཤར་བ་ལྟར༔ རང་སེམས་ཀྱི་ངོ་བོ་ཡི་གེ་ཧྲཱི༔རིང་ཆ་ཚེག་དྲག་དང་ལྡན་པ་ཞིག་གསལ་ཞིང་༔ འོད་ཟེར་སྣ་ཚོགས་འཕྲོས་པས་སངས་རྒྱས་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས༔ ཧྲཱི༔ལ་ཐིམ་ཡོངས་སུ་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་བདུད་རྩི་འབྱུང་བའི་བུམ་པ་དང་གཡོན་ཤེལ་གྱི་བགྲང་ཕྲེང་ཐུགས་ཀར་འདྲེན་པ༔ ཞལ་སྐྱིལ་མོ་ཀྲུང་ཅན་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་གི་དཀྱིལ་དུ༔ ས་བོན་ཧྲཱི༔དཀར་པོ་ཞིག་གི་མཐར་འགྲོ་དྲུག་སྡུག་བསྔལ་སྦྱོང་བའི་ཡི་གེ་འབྲུ་དྲུག་གིས་བསྐོར་བའི་ཕྲེེང་བ་གཡས་སྐོར་དུ་རང་སྒྲ་དང་བཅས་ཏེ་འཁོར་བ་ལ་མ་ཡེངས་པར་རིག་པ་རྩེ་གཅིག་ཏུ་གཏད་ཅིང་༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བརྒྱ་སྟོང་སྐབས་དང་སྦྱར་ཏེ་བཟླ་བར་བྱ་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་རྣམས་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་རང་རིག་ཧྲཱི༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས༔ ས་བོན་ཧྲཱི༔ཡིག་དཀར་པོར་ཐིམ༔ སྐད་ཅིག་གནས་གྱུར་དྲན་རྫོགས་སུ༔ རང་རིག་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར༔ ཞལ་གཅིག་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས༔ ཕྱག་གཡས་བདུད་རྩིའི་བུམ་པ་བསྣམས༔ གཡོན་པས་བགྲང་ཕྲེང་ཐུགས་ཀར་འདྲེན༔ འོད་འཕྲོ་ཉི་ཟླ་པད་སྟེང་བཞུགས༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧྲཱིཿལ་ཡི་གེ་དྲུག་མས་བསྐོར༔ སྣང་སྟོང་སྐུ་ལ་གྲག་སྟོང་གསུང་༔ དྲན་རྟོག་རང་གྲོལ་འཕགས་པའི་ཐུགས༔ ཐུགས་རྗེ་ཆེན་པོ་ལོགས་ན་མེད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བཟླ༔ བཞི་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ གཏོར་ཁུང་གི་བུག་པ་དོད་པ་ལ་ཆེ་ཆུང་སྙོམས་པའི་ཁྲིའུ་ཁར༔ རིན་པོ་ཆེའམ་རྫ་ཤིང་སོགས་ཀྱི་སྣོད་ལྔ་བཤམས་ཤིང་༔ དབུས་སུ་ཆུ་གཙང་གི་ཡོན་ཆབ་གཞན་བཞིར་གཏོར་རིལ་ཅི་འབྱོར་བླུགས་ཤིང་༔ སླར་ཡང་ཆུས་ཚར་གཅིག་སྦྲན་ཏེ༔ འབྱུང་བའི་དུག་དང་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསལ་ཞིང་༔ འདོད་དགུའི་ལོངས་སྤྱོད་སྣ་ཚོགས་ཀྱི་བདུད་རྩིར་བསམས་ཏེ༔ ཨོཾ་རིན་པོ་ཆེ་ཡི་སྣོད་ནང་དུ༔ ཨཱཿཟག་པ་མེད་པའི་བདདུ་རྩི་བླུགས༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་མཁོ་དགུར་ལྡན༔ ཧྲཱིཿས་མང་དུ་བསྒྱུར་ཞིང་ཡོངས་སུ་སྤེལ༔ ཨཱོཾ་ཨཱ་ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གསུམ་མམ་བདུན་བརྗོད་བྱིན་གྱིས་བརླབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་བཞི་སྟེ༔ མགྲོན་བསྐྱེད་པ་སྤྱན་འདྲེན་པ་བཞུགས་སུ་གསོལ་བ་གཏོར་མ་འབུལ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་མགྲོན་བསྐྱེད་པ་ནི༔ རང་གི་ཐུགས་ཀའི་ཐད་ཀྱི་ནམ་མཁར་མགྲོན་ཐབས་སུ༔ སྐད་ཅིག་གི་པདྨ་དང་ཟླ་བ་བརྩེགས་པའི་གདན་གྱི་ཁར༔ དེ་བཞིན་གཤེགས་པ་རིན་ཆེན་མང་ཞལ་གཅིག་ཕྱག་གཉིས་ས་གནོན་དང་མཉམ་གཞག་གི་སྟེང་དུ་ནོར་བུ་དགོས་འདོད་ཀུན་འབྱུང་བསྣམས་པ༔ སྐུ་མདོག་གསེར་བཙོ་མ་ལྟ་བུ་ལ༔ སྤྲུལ་པའི་སྐུ་ལ་མཚན་བཟང་དང་དཔེ་བྱད་ཀྱིས་བརྒྱན་པ༔ དེ་ལ་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ སྐུ་གསུམ་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱུད་པའི་བླ་མ་དང་བཅས་པས་བསྐོར་བར་བསྒོམ༔ དེའི་དྲུང་ནས་རིམ་བཞིན་པད་ཟླའི་གདན་གསུམ་གྱི་ཁར༔ དང་པོ་ལ་འཕགས་པ་སྐུ་འབྱམས་ཀླས་ལོངས་སྤྱོད་རྫོགས་སྐུ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཨུཏྤལ་པོ་ཏི་ཅན༔ སྐུ་མདོག་སེར་པོ་གུར་གུམ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱིས་བསྐོར་བ༔ གཉིས་པ་ལ་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ༔ ལོངས་སྤྱོད་རྫོགས་སྐུ་ཞལ་གཅིག་ཕྱག་གཉིས་མཆོག་སྤྱིན་དང་པདྨ་དཀར་པོ་ཅན༔ སྐུ་མདོག་དཀར་ལ་མཛེས་པ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས་བསྐོར་བ༔ གསུམ་པ་ལ་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ༔ ལོངས་སྤྱོད་རྫོགས་སྐུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་སྐྱབས་སྦྱིན་ཅན༔ སྐུ་མདོག་ལྗང་གུ་ཨིནྡྲ་ནཱི་ལའི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ༔ བགེགས་རིགས་ལན་ཆགས་མགྲོན་གྱིས་བསྐོར་བར་དམིགས་ཤིང་༔ རང་རང་གི་གནས་ནས་སྤྱན་འདྲེན༔ གཉིས་སུ་མེད་པར་བརྟན་པར་བཞུགས་ནས་མཆོད་སྦྱིན་གསོལ་བར་དམིགས་ཤིང་འདི་སྐད་དོ༔ ཨཱོཾ་ཨཱཿཧཱུྃ༔ རང་མདུན་དག་པའི་ནམ་མཁའ་ལ༔ པདྨ་ཟླ་བའི་གདན་སྟེང་དུ༔ དེ་བཞིན་གཤེགས་པ་རིན་ཆེན་མང་༔ གསེར་མདོག་ས་གནོན་མཉམ་གཞག་ཅན༔ ནོར་བུ་དབང་གི་རྒྱལ་པོ་བསྣམས༔ སྐྱིལ་ཀྲུང་ཆོས་གོས་མཚན་དཔེས་སྤྲས༔ འཁོར་དུ་སྐྱབས་གནས་རྣམས་ཀྱིས་བསྐོར༔ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས༔ ལོངས་སྐུ་གསེར་མདོག་རལ་གྲི་གཡས༔ ཨུཏྤལ་པོ་ཏི་གཡོན་ན་བསྣམས༔ ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས༔ འཁོར་དུ་དཔལ་མགོན་བསྲུང་མས་བསྐོར༔ དེ་བཞིན་གཤེགས་པ་གཟུགས་མཛེས་ནི༔ ལོངས་སྐུ་དུང་མདོག་མཆོག་སྦྱིན་གཡས༔ པདྨ་དཀར་པོ་གཡོན་ན་བསྣམས༔ ཕྱེད་སྐྱིལ་པད་ཟླའི་གདན་ལ་བཞུགས༔ འཁོར་དུ་རིགས་དྲུག་འགྲོ་བས་བསྐོརཿ དེ་བཞིན་གཤེགས་པ་འཇིགས་བྲལ་ནི༔ ལོངས་སྐུ་གཡུ་མདོག་རྡོ་རྗེ་གཡས༔ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ འཁོར་དུ་སྟོང་ཕྲག་བགེགས་ཀྱིས་བསྐོར༔ སྣང་སྟོང་ཟུང་འཇུག་ཚུལ་དུ་བསྒོམ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཡི་གེ་གསུམ་གྱི་བྱིན་གྱིས་བརླབས༔ འབྲུ་གསུམ་འོད་ཟེར་ཕྱོགས་བཅུར་འཕྲོས༔ འོག་མིན་ཕྱོགས་བཅུའི་ཞིང་ཁམས་ནས༔ དཀོན་མཆོག་རྒྱལ་བ་སྲས་དང་བཅས༔ སྐུ་གསུམ་བཀའ་བརྒྱུད་སྐྱབས་གྱུར་རྣམས༔ མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས༔ དཔལ་མགོན་སྲུང་མ་རྒྱ་མཚོ་དང་༔ ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ གདོན་བགེགས་འབྱུང་པོ་ལན་ཆགས་ཚོགས༔ རང་རང་གནས་ནས་སྤྱན་འདྲེན་ནཿ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ཛ༔ ཛ་ཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ པདྨ་ཟླ་བ་བརྩེགས་པའི་སྟེང་༔ བསྐྱེད་པའི་ལྷ་ཚོགས་དམ་ཡེ་འདྲེས༔ གཙོ་འཁོར་ལྷ་མིའི་ཁྲོམ་ཚོགས་ལྟར༔ མ་འདྲེས་ཡིད་མཐུན་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷནཿ བཞི་པ་གཏོར་མ་འབུལ་བ་ནི༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་དད་གུས་ཀྱི་ཚུལ་དང་ལྡན་པས་ཆུ་དབུལ་ཞིང་འདི་སྐད་དོ༔ ན་མོཿ དེ་བཞིན་གཤེགས་པ་རིན་ཆེན་མང་༔ མཚུངས་མེད་རྩ་བརྒྱུད་བླ་མ་དང་༔ ཕྱོགས་བཅུ་དུས་གསུམ་བཅོམ་ལྡན་འདས༔ རྩ་གསུམ་རྒྱལ་བ་དཀྱིལ་འཁོར་ལྷ༔ བྱང་སེམས་དགྲ་བཅོམ་ཉན་ཐོས་དང་༔ སྐྱབས་གནས་མ་ལུས་ཐམས་ཅད་ལ༔ མཆོད་སྤྲིན་གཏོར་མ་འདི་འབུལ་བས༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཅེས་ཉེར་གཅིག་བརྗོད་ཅིང་༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་དམིགས་པས་རྒྱས་བཏབ་སྟེ་འབུལ་ཞིང་༔ བླ་མ་དཀོན་མཆོག་རིན་པོ་ཆེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་བརྗོད་ཅིང་སྐྱབས་གནས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་སྣང་བ་ཆེན་པོ་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་སྐད་ཅིག་དེ་ཉིད་ལ་ཐོབ་པར་བསམ་མོ༔ མགོན་པོ་ཡོན་ཏན་གྱི་མགྲོན་ལ་གུས་ཤིང་བརྩེ་བའི་ཚུལ་གྱིས་ཆུ་འབུལ་ཞིང་༔ ན་མོཿ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས༔ དཔལ་ཆེན་མ་ཧཱ་ཀཱ་ལ་དང་༔ ཕོ་རྒྱུད་མོ་རྒྱུད་བསྟན་བསྲུང་ཚོགས༔ ལྷ་ཀླུ་གནོད་སྤྱིན་གཟའ་ཆེན་པོ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ རྒྱུ་སྐར་ལྷ་མོ་ཉེར་བརྒྱད་དང་༔ གནས་ཡུལ་ཞིང་སྐྱོང་དུར་ཁྲོད་བདག༔ འགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ༔ དཔལ་མགོན་སྲུང་མ་རྒྱ་མཚོ་ལ༔ བདུད་རྩིའི་གཏོར་མ་འདི་འབུལ་བཞེས༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བཅུ་བཞི་བརྗོད་ཅིང་ཕྱི་ནང་གསང་གསུམ་གྱི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོའི་རང་བཞིན་དུ་དམིགས་ཤིང་དབུལ་ཏེ༔ མགོན་པོ་ཡོན་ཏན་མགྲོན་གྱི་ཚོགས༔ བདུད་རྩིའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ འགྲོ་བའི་བདེ་སྐྱིད་བསྐྲུན་པར་མཛོད༔ བདག་གིས་བྱང་ཆུབ་མ་ཐོབ་བར༔ མཐུན་རྐྱེན་སྒྲུབས་ལ་རོགས་དན་མཛོད༔ འགལ་རྐྱེན་ཉེར་འཚེ་བར་ཆད་སོལ༔ དམ་ཚིག་དགོངས་ལ་འཕྲིན་ལས་སྒྲུབས༔ ཅེས་བརྗོད་ཅིང་མགོན་པོ་ཡོན་ཏན་གྱི་མགྲོན་ཐམས་ཅད་བདུད་རྩིའི་གཏོར་མས་ཚིམ་ཞིང་༔ སྐུ་གསུང་ཐུགས་ལས་མཉེས་པའི་མདངས་ཕྱུངས་ཏེ་བར་ཆད་བཟློག་འཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་མོ༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་བྱམས་ཤིང་གདུང་བའི་ཚུལ་གྱིས་ཆུ་འབུལ་ཞིང་༔ ན་མོ༔ དེ་བཞིན་གཤེགས་པ་གཟུགས་མཛེས་དཔལ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ འགྲོ་དྲུག་སྐྱེ་གནས་བཞིས་བསྡུས་པའི༔ འཁོར་བའི་སེམས་ཅན་ཐམས་ཅད་དང་༔ ཁྱད་པར་ངན་སོང་འཇིག་རྟེན་གསུམ༔ ཡི་དྭགས་སྡེ་ཚོགས་ཐམས་ཅད་ལ༔ འདོད་ཡོན་གཏོར་མ་བསྔོ་ཞིང་འབུལ༔ ཕམ་རྒྱལ་མེད་པར་ཀུན་ཚིམ་ཤོག༔ དེ་བཞིན་གཤེགས་པ་བཞིའི་མཚན་ནས་ཕྱག་འཚལ་ལོ་བརྗོད་ཅིང་༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཅེས་བདུན་བརྗོད་སེ་གོལ་ལན་གསུམ་གཏོག་ཅིང་༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེས༔ ཁམས་གསུམ་འགྲོ་བ་རིགས་དྲུག་ཁྱད་པར་དུ་ངན་སོང་གསུམ་གྱི་འཇིག་རྟེན༔ བཀྲེས་སྐོམ་ཁོ་ནའི་གདུང་བ་ཆེན་པོས་ཡང་དག་པར་མནར་བའི་ཡི་དྭགས་ཀྱི་སྡེ་ཚོགས་དང་བཅས་པ་ཐམས་ཅད་ཕམ་རྒྱལ་དང་ཉེ་རིང་མེད་པར་སོ་སོའི་ཡིད་ལ་གང་འདོད་པ་བཞིན་དུ༔ ཇི་སྲིད་དེའི་བར་དུ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་དང་ལྡན་པར་བསྒོམ་ཞིང་༔ ཁམས་གསུམ་གྱི་ནི་སེམས་ཅན་དང་༔ རིགས་དྲུག་འགྲོ་བ་མ་ལུས་པ༔ སྡུག་བསྔལ་ཆེར་ལྡན་ངན་སོང་གསུམ༔ ཁྱད་པར་ཡི་དྭགས་བཀྲེས་སྐོམ་ཅན༔ ཀུན་ལ་གཏོར་མ་འདི་བསྔོས་པས༔ འདོད་ཡོན་ལྔ་ལྡན་མཁོ་དགུའི་ཆར༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ༔ ཇི་སྲིད་དེར་གནས་སྤྱོད་གྱུར་ཅིག༔ ཅེས་བརྗོད་ཅིང་རང་རང་གི་ཡིད་མཐུན་ལྟར་འདོད་ཡོན་ལྔའི་ལོངས་སྤྱོད་སོ་སོར་ཐོབ་པས་སྡུག་བསྔལ་ཐམས་ཅད་དང་ཡོངས་སུ་བྲལ་ཞིང་བདེ་དགའི་ཡོན་ཏན་དཔལ་ཕུན་སུམ་ཚོགས་པ་ལ་སྤྱོད་པར་བསམ་མོ༔ བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་དགའ་ཞིང་འདུན་པའི་ཚུལ་གྱིས་ཆུ་སྦྱིན་ཞིང་༔ ན་མོ༔ དེ་བཞིན་གཤེགས་པ་འཇིགས་བྲལ་དང་༔ ལྷ་དང་ཀླུ་དང་གནོད་སྦྱིན་དང་༔ དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་༔ མིའམ་ཅི་དང་ལྟོ་འཕྱེ་སོགས༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ སྡེ་བརྒྱད་རྦོད་གཏོང་ནད་རིམས་བདག༔ སད་སེར་འཁྲུག་རྩོད་གཏོང་བའི་བགེགས༔ གདོན་བགེགས་ཡེ་འབྲོག་འབྱུང་པོའི་ཚོགས༔ ལྷན་སྐྱེས་འདྲེ་དང་ཤ་འཁོན་ཅན༔ ལན་ཆགས་བགེགས་ཀྱི་ཚོགས་རྣམས་ལ༔ མཁོ་དགུའི་གཏོར་མ་འདི་བསྔོས་པས༔ དབང་པོའི་སྤྱོད་ཡུལ་ཚིམ་གྱུར་ཅིག༔ གོང་ལྟར་མཚན་བཞི་བརྗོད་པའི་མཐར༔ ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ༔ ཞེས་བདུན་བརྗོད་སེ་གོལ་ལན་ལྔ་གཏོག་སྟེ༔ འདོད་པའི་ཡོན་ཏན་ཟད་མི་ཤེས་པའི་རང་བཞིན་བདུད་རྩི་འཁོ་དགུའི་ལོངས་སྤྱོད་དམ་པ་དེ་གང་ལ་གང་འདོད་དུ་ཡོངས་སུ་ཐོབ་པས༔ ཤ་འཁོན་དག་བུ་ལོན་འཁོར་རྣམ་སྨིན་ཐམས་ཅད་བྱང་༔ ལན་ཆགས་ཐམས་ཅད་དང་བྲལ་ཏེ་ལས་ལས་སྐྱེས་པའི་འགྲོ་བ་ཐམས་ཅད་ལ༔ ལས་ཀྱིས་མནར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་བསམས་ཤིང་༔ གདོན་ཆེན་དེ་ནི་བཅོ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་སྟེཿ ནག་ཕྱོགས་སྡེ་བརྒྱད་འབྱུང་པོའི་རིགས༔ ལྷན་ཅིག་སྐྱེས་པའི་འདྲེ་ལ་སོགས་༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ལ༔ བདུད་རྩིའི་གཏོར་མ་འདི་བསྔོས་པས༔ དབང་པོའི་སྤྱོད་ཡུལ་ཚིམ་གྱུར་ནས༔ ཤ་འཁོན་དག་ཅིང་བུ་ལོན་འཁོར་༔ རྣམ་སྨིན་བྱང་ཞིང་ལན་ཆགས་བྲལ༔ བྱང་ཆུབ་མཆོག་གི་སེམས་ཐོབ་ནས༔ ཀུན་ཏུ་དགེ་ལ་སྤྱོད་པར་ཤོག༔ ཅེས་བརྗོད་པས་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཐམས་ཅད་ཀྱང་དགའ་མགུ་ཡི་རངས་ཏེ་འདོད་ཡོན་གྱིས་རབ་ཏུ་ཚིམ་ཞིང་བྱང་ཆུབ་མཆོག་གི་སེམས་ཐོབ་ནས༔ གནོད་སེམས་དང་བྲལ་ཞིང་ཕན་བདེའི་སེམས་དང་ལྡན་པར་བསམ་མོ༔ དེ་ནས་བཀྲེས་སྐོམ་ཕོངས་པའི་ལས་ཀྱིས་ཡང་དག་པར་མནར་བ་སྦྱིན་པའི་གནས་ཆེན་པོ་ཡི་དྭགས་ཀྱི་སྡེ་ལ་ཟུར་དུ་གཏོར་ཆུ་སྦྱིན་པ་ནི༔ སྣོད་དབུས་སུ་རིལ་བུ་གཞན་རྣམས་ལ་ཅུ་གཙང་བཤམས་ཏེ༔ གོང་ལྟར་བྱིན་གྱིས་བརླབ་ཅིང་༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམས་པའི་ཕྱག་གཡས་བདུད་རྩིའི་བུམ་པ་ནས་འདོད་དགུའི་ཆུ་རྒྱུན་རྒྱ་ཆེ་ལ་དཔངས་མཐོ་བར་བབས་པས༔ ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བསམ་ཞིང་༔ ན་མོ༔ དེ་བཞིན་གཤེགས་པ་སྤྱན་རས་གཟིགས༔ ཡི་དྭགས་ཁ་ནས་མེ་འབར་མ༔ དེ་བཞིན་ཕྱི་ཡི་སྒྲིབ་པ་ཅན༔ ནང་གི་སྒྲིབ་པ་ཅན་དང་ནི༔ ཟས་སྐོམ་སྤྱི་མཐུན་སྒྲིབ་པ་ཅན༔ ཡི་དྭགས་རིགས་ནི་བྱེ་བ་ཕྲག༔ སུམ་ཅུ་སོ་གཉིས་ཐམས་ཅད་ལ༔ བཟའ་བཏུང་གཏོར་མ་འདི་བསྔོས་པས༔ འདོད་ཡོན་ལོངས་སྤྱོད་ཐོབ་པར་ཤོག༔ དེ་བཞིན་གཤེགས་པ་བཞིའི་མཚན་གྱི་མཐར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨཱོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བདུན་བརྗོད་སེ་གོལ་གཏོག་ཅིང་བཟའ་བཏུང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡི་དྭགས་ཀྱི་སྡེ་རིགས་གྲངས་མེད་བརྗོད་ལས་འདས་པ་གློ་བུར་དུ་ལྷགས་པའི་ཚོགས་དང་བཅས་པ་ཐམས་ཅད་ཕམ་རྒྱལ་མེད་པར་ཐོབ་ནས་ལས་སྒྲིབ་ཐམས་ཅད་ཡོངས་སུ་དག་པར་བསམས་ཏེ༔ ཡི་དྭགས་སྡེ་ཚོགས་ཐམས་ཅད་དང་༔ གློ་བུར་ལྷགས་པའི་སྡེ་བཅས་ལ༔ ཁ་ཟས་ལོངས་སྤྱོད་འདི་བསྔོས་པས༔ སེར་སྣ་འཇུར་གེགས་འཕྲོག་བཅོམ་བརྐུས༔ དཀོར་འབགས་ལ་སོགས་ཡི་དྭགས་ཀྱི༔ ལས་ཀྱི་རྒྱུ་བསགས་ཀུན་དག་ནས༔ མཐོ་རིས་ལྷ་མིའི་ལུས་མཆོག་ཐོབ༔ མྱུར་དུ་སངས་རྒྱས་མངོན་གྱུར་ཤོག༔ ལྷ་དང་མཐོ་རིས་ངན་སོང་གསུམ༔ འགྲོ་བ་གང་དག་ཇི་སྙེད་ཀུན༔ སྡིག་པའི་ལས་ནི་སྡུག་བསྔལ་རྒྱུ༔ རང་བྱས་ལས་ཀྱིས་རང་ཉིད་མནར༔ དོན་མཐོང་རང་རིག་ཆོས་ཀྱི་སྐུ༔ སྡུག་བསྔལ་ཀུན་བྲལ་གང་དེ་བདེ༔ འཁྲུལ་སྣང་མ་རིག་སྒྱུ་མའི་གྲོང་༔ རྨི་ལམ་བག་ཆགས་སྣང་བ་བཞིན༔ བདག་མེད་སྟོང་པ་དེ་བཞིན་ཉིད༔ ཀུན་ཀྱང་དགེ་བའི་ལས་ལ་སྤྱོད༔ ཅེས་དང་མདོ་བསྔོ་སོགས་རྒྱས་པར་བརྗོད་པས་རིགས་དྲུག་གི་ཁམས་སུ་ཆོས་ཀྱི་སྒྲ་དབྱངས་ཀྱིས་གང་སྟེ་མགྲོན་རྣམས་དགེ་བའི་སེམས་རྗེས་སུ་ཡིད་ལ་དྲན་ཞིང་མཐར་སངས་རྒྱས་ཀྱི་སར་གྲོལ་བའི་དགོས་པ་ཡོད་དོ༔ དེ་ནས་མགྲོན་རྣམས་གཤེགས༔ སྣོད་བཤལ་སྟེགས་བསྡུ་བསྔོ་སྨོན་མང་དུ་བརྗོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ཕན་ཡོན་བསྟན་པ་ལ་གཉིས་ཏེ༔ གནས་སྐབས་དང་མཐར་ཐུག་གོ༔ རྒྱུད་ལས༔ མི་དགེའི་སྡིག་སྒྲིབ་དྲུང་ནས་ཕྱུང་༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་འདག༔ ཅེས་པས༔ དང་པོ་གནས་སྐབས་ཀྱི་ཕན་ཡོན་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་མི་མ་ཡིན་གྱིས་གླགས་མི་རྙེད༔ བྱང་ཆུབ་ཏུ་སེམས་བསྐྱེད་པས་འགྲོ་དྲུག་གི་སེམས་ཅན་སུས་མཐོང་ཡང་ཕ་མ་ལྟར་བྱམས༔ བགེགས་རྣམས་ཀྱི་བར་ཆད་རང་སར་ཞི༔ འཕགས་པའི་སྐུ་རུ་བསྒོམས་པས་ལུས་ཀྱི་བར་ཆད་ཞི་ཞིང་༔སྙིང་པོ་བཟླས་པས་དངོས་གྲུབ་མྱུར་དུ་འཐོབ༔ ཏིང་ངེ་འཛིན་བསྒོམས་པས་ཉོན་མོངས་པའི་ང་བདག་གྲོལ༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་གཏོར་མ་ཕུལ་བས་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བ་ཞེས་བྱ་སྟེ་མཆོག་གི་དངོས་གྲུབ་འཐོབ༔ མགོན་པོ་ཡོན་ཏན་གྱི་མགྲོན་ལ་གཏོར་མ་ཕུལ་བས་ཐུན་མོང་གི་དངོས་གྲུབ་འཐོབ༔ རིགས་དྲུག་སྙིང་རྗེའི་མགྲོན་ལ་གཏོར་མ་ཕུལ་བས་སྒྲིབ་པ་རྣམ་པ་གཉིས་བྱང་༔ བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་གཏོར་མ་ཕུལ་བས་ཤ་འཁོན་འདག་ཅིང་བུ་ལོན་འཁོར༔ ཁྱད་པར་ཡི་དྭགས་ཀྱི་སྡེ་ཚོགས་ལ་ལྷག་པར་གཏོར་མ་སྦྱིན་པས་ཚོགས་ཆེན་པོ་རྣམ་པ་གཉིས་རྫོགས༔ མདོར་ན་ཚེ་རིང་ཞིང་བར་ཆད་ཐམས་ཅད་བྱང་༔ བསོད་ནམས་རྒྱས་ཤིང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དབུལ་བའི་སྡུག་བསྔལ་མི་འབྱུང་ངོ་༔ གཉིས་པ་མཐར་ཐུག་གི་ཕན་ཡོན་ནི༔ ཕ་རོལ་དུ་ཕྱིན་པ་ཆེན་པོ་དྲུག་གི་དགེ་བའི་རྩ་བ་ཐམས་ཅད་གཏོར་མ་ལ་བརྩོན་པས་ཡོངས་སུ་ཚང་ཞིང་ཕ་རོལ་ཏུ་ཕྱིན་ནས་མི་དམིགས་པས་གང་རྒྱས་ཐེབས་པའི་གང་ཟག་དེ་མྱུར་དུ་འཚང་རྒྱ་བར་ཐེ་ཚོམ་མེད་པས་རྒྱུན་དུ་མ་ཆག་པར་བརྩོན་པར་བྱའོ༔ གང་ཞིག་འདི་ནི་དགེ་བའི་མཐར་ཐུག་པ་སྟེ༔ ཡར་གྱི་མཆོད་གནས་རྣམས་ལ་མཆོད་པ་ཕུལ་བས་ཡང་དག་པའི་ཚོགས་རྫོགས༔ མར་གྱི་སྦྱིན་གནས་རྣམས་ལ་སྦྱིན་པ་བཏང་བས་ཀུན་ཏུ་ཡང་དག་པར་སྒྲིབ་པའི་ལྟུང་བ་རྣམས་བྱང་༔ བཀྲེས་སྐོམ་གྱི་གདུང་བའི་ཚོར་བ་ཆེན་པོས་མནར་བ་རྣམས་ལ་ཁ་ཟས་ལོངས་སྤྱོད་བསྔོས་པ་ལྟར་འཐོབ་པས་སྲོག་ཉེ་བར་འཚོ་བ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མཐར་ཕྱིན༔ ཆོས་ཀྱི་ཚིགས་སུ་བཅད་པར་བརྗོད་པས་འབྱུང་པོ་ལ་སོགས་གང་དག་ཐམས་ཅད་དགེ་བའི་རྟོག་པ་རྗེས་སུ་དྲན་པས་ཆོས་ཀྱི་སྦྱིན་པ་རྫོགས༔ འཁོར་བ་ནས་འཁོར་བར་ཀུན་ཏུ་འཁོར་བའི་ཚེ༔ གྲངས་མེད་མང་པོར་སྦྱངས་ཀྱང་རྣམ་པར་བྱང་བར་དཀའ་བའི་ལན་ཆགས་དང་ཤ་འཁོན་བུ་ལོན་མ་འཁོར་བ་གྲངས་མེད་མང་པོའི་ཉེས་སྒྲིབ་རྣམས་ཀྱང་གཏོར་མའི་ཆོ་ག་ཚར་རེ་ལ་བརྩོན་པས་བྱང་བར་འགྱུར་ཏེ༔ དཔེར་ན་མེ་ལོང་གི་སྟེང་དུ་བསྐལ་པར་ཆགས་པའི་བག་རྡུལ་ཆེན་པོ་དང་ལྡན་ཡང་སྐྱེས་བུ་ཞིག་གི་སྐད་ཅིག་མ་གཅིག་ལ་ཕྱིས་ན་དྲུངས་ནས་ཕྱུང་ཞིང་རྣམ་པར་འདག་པར་འགྱུར་བ་ལས་ཡུན་རིང་དུ་བརྩོན་མི་དགོས་པ་ལྟར་བསྐལ་པ་མང་པོའི་སྡིག་སྒྲིབ་རྣམས་བྱང་ཞིང་སངས་རྒྱས་ཀྱི་ས་ལ་མངོན་པར་སྤྱོད་པར་འགྱུར་རོ༔ རྣལ་འབྱོར་བ་སེམས་བསྐྱེད་དང་ལྡན་ཞིང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྒྱས་ཐེབས་པའི་ཏིང་ངེ་འཛིན་ལས་སུ་རུང་བའམ༔ སེམས་བསྐྱེད་དང་ལྡན་པའི་འགྲོ་བ་ཕོ་མོ་གང་དག་གིས༔ གཏོར་མའི་ཆོ་ག་འདི་ཚར་གཅིག་བཏང་བས་འཇིག་རྟེན་གྱི་ཁམས་ཆེན་པོ་གླིང་བཞིའི་སྐྱེ་འགྲོ་རྣམས་ལ༔ འཕགས་ཡུལ་མ་ག་དྷའི་བྲེ་ལ་གཞལ་བའི་འབྲུ་ཁལ་ཁྲི་ཚོ་རེ་རེ་བཞིན་ལ་སྦྱིན་པ་བྱིན་པ་ལས་ཀྱང་བསོད་ནམས་ཆེའོ༔ དེ་ལྟ་བས་ན་བརྩོན་འགྲུས་དང་ལྡན་པས་ཡང་དག་པར་བརྩོན་པར་བྱའོ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས་སྔོན་འཕགས་པའི་ཡུལ་དུ་དགེ་སློང་ཀུན་དགའ་མོ་ལས་ཆོས་སྤྱོད་འདི་ཞུས་ཤིང་༔ རིགས་དྲུག་གི་ཁམས་ཐམས་ཅད་སྦྱིན་པས་ཡོངས་སུ་ཚིམ་པར་བྱས་ནས༔ ད་ལྟ་མངའ་བདག་ལ་སོགས་བོད་འབངས་ཁྱེད་རྣམས་ལ་གདམས་པ་ཡིན་པས་ཉམས་སུ་ལོང་ཞིག༔ མ་འོངས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་ཡང་ཆོས་སྤྱོད་འདི་དང་མ་རིག་མུན་སེལ་ཀྱི་ཆོས་སྐོར་འདི་རྣམས་ཡི་གེར་འདེབས་ནས་གཏེར་ཏུ་སྦ་བར་བྱའོ༔ འགྲོ་བའི་དོན་ཆེན་པོ་ཡང་དག་པར་བྱེད་པར་འགྱུར་རོ༔ ཅེས་པ་འདི་རྣམས་ཀྱང་སློབ་དཔོན་ཆེན་པོའི་གསུང་བཞིན་བདག་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿ ཁམས་པ་ཉི་མ་གྲགས་པས་མེ་ཕོ་འབྲུག་གི་ལོ་ལ་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས་གདན་དྲངས་ཤིང་ལྕགས་ཕོ་སྤྲེལ་ལོ་ཧོར་ཟླ་དྲུག་པར་ཤོག་སེར་ལས་ཞལ་བཤུས་པའོ།། །།མངྒ་ལཾ།། །།ཆུ་སྦྱིན་བྱ་བར་འདོད་ན་ཟངས་ཐེབ་ལྔ་ཆུས་བཀང་འབྲེང་ཚར་དུ་བཤམས་ལ། དང་པོ་ནི། རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་གཡས་མཆོག་སྦྱིན་གྱི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་རྣམས་ཚིམ་པར་བསམ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གང་བར་བླུག གཉིས་པར་ཨཱོཾ་ཨཱཿཧྲཱི་ཧཱུྃ༔ ཞེས་དང་། གསུམ་པར་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ་ཞེས་ཐིགས་པ་སྦྲེང་ཞིང་སེ་གོལ་གཏོགས། བཞི་པར། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་རསྨི་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཞེས་དང་། །ལྔ་པར་ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ཏྭ་ན ཉྩ་སྭཱ་ཧཱ། ཞེས་གང་བར་སྦྲེང་ཞིང་། བར་དོའི་འགྲོ་བ་རྣམས་གཙང་ཞིང་བསིལ་བའི་སྐོམ་གྱིས་ཚིམ་སྟེ་བླ་ན་མེད་པའི་བདེ་བ་མཆོག་ལ་རེག་པར་གྱུར་ཅིག །ཅེས་དང་། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དེ་སྨོན་ལམ་གདབ་པའོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་ཐེག་པ་ཐུན་མོང་གི་ཆོས་སྦྱིན། ལུས་ཀྱི་སྡོམ་པ་ལེགས་པ་ནི། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ཡང་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་ཉན་ཐོས་ཀྱི་ཆོས་སྦྱིན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་རྣམས་མཉམ་མེད་བྱོས། །འོན་ཀྱང་རྒྱལ་བའི་སྲས་སུ་འགྱུར། ཞེས་ཐེག་ཆེན་གྱི་ཆོས་བཤད། །མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་། ཆད་པ་དང་ནི་ལྷག་པ་དང་། །གཏོར་མའི་ཡོ་བྱད་མ་ཚང་དང་། །བདག་གིས་བརྗོད་ནོར་ཅི་བཆིས་པ། །མ་ཚང་མ་དག་བཟོད་པར་གསོལ། །ཅེས་ནོངས་པ་བཤགས་ཡི་གེ་བརྒྱ་པ་བརྗོད། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། གཏོར་མགྲོན་མཆོག་རྣམས་རང་བཞིན་གྱི་གནས་སུ་གཤེགས། །མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་ལ། །མགུ་བར་གྱུར་ནས་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ་ཞེས་དམན་པ་རྣམས་རང་གནས་སུ་བཏང་ལ་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་ཤིང་ཤིས་པ་བརྗོད་པ་སོགས་རྗེས་ཀྱི་བྱ་བས་མཐའ་བ རྒྱན་པར་བྱའོ། །སྨིན་གླིང་ཆོས་སྤྱོད་ནས་བཏུས་པའོ།། །།


previousཆུ་གཏོར་བདུད་རྩིའི་བུམ་པ།next