Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་སྤྱོད་ཐར་པའི་ཐེམ་སྐས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་སྤྱོད་ཐར་པའི་ཐེམ་སྐས།next

ཆོས་སྤྱོད་ཐར་པའི་ཐེམ་སྐས།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས༔ ཆོས་སྤྱོད་ཐར་པའི་ཐེམ་སྐས་བཞུགས༔ འཕགས་པ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་སྐལ་ལྡན་དང་༔ ད་ལྟའི་མངའ་བདག་རྗེ་འབངས་རྣམས༔ འཁོར་བར་འཁྱམ་ཡུན་རིང་བའི་ཕྱིར༔ ཆགས་སྡང་རྟོག་པའི་བག་ཆགས་རྣམས༔ སྦྱོང་བའི་ཆོ་ག་ཆོས་སྤྱོད་ཟབ༔ རྒྱུད་ལ་བརྟེན་ཏེ་བདག་གིས་བརྗོད༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱུད་ལས༔ སྐྱབས་གནས་འཕགས་པའི་ལྷ་ཚོགས་རྣམས༔ མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ༔ སྐྱབས་གནས་དམ་པ་སྐྱབས་ཀྱི་མཆོག༔ བྱང་ཆུབ་བར་དུ་སྐྱབས་གསོལ་ཞིང་༔ མར་གྱུར་འགྲོ་བ་སེམས་ཅན་ཀུན༔ བྱང་ཆུབ་ལམ་འགོད་སེམས་ཀྱང་བསྐྱེད༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་དོན་དུ་བསྔོ༔ ཕྱི་ནང་གསང་གསུམ་དེ་ཁོ་ནའི༔ མཎྜལ་རྣམ་པར་དག་པས་མཆོད༔ བླ་མ་འཕགས་པའི་ལྷ་ཚོགས་ལ༔ ཐུན་དུ་བཅད་ཅིང་གསོལ་བ་གདབ༔ ཅེས་པས་ཆོས་སྤྱོད་ཀྱི་རིམ་པ་ཐར་པའི་ཐེམ་སྐས་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་དུ་འགྲོ་བ་ནི༔ ཧཱུྃ༔ རིན་ཆེན་སྣ་ཚོགས་ལས་གྲུབ་ཞིང་ཁམས་དབུས༔ གསེར་གྱི་ས་གཞི་ཁོད་སྙོམས་བརྡལ་བའི་དཀྱིལ༔ ཡན་ལག་བརྒྱད་ལྡན་དྲི་མེད་རྒྱ་མཚོའི་ཀློང་༔ པདྨའི་སྡོང་པོ་ལོ་འདབ་སྟོང་ལྡན་སྟེང་༔ ཐབས་ཤེས་ཉི་ཟླ་འོད་འབར་བརྩིགས་པའི་ཁྲིར༔ རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་ལ༔ བརྒྱུད་པའི་བླ་མ་དཀོན་མཆོག་རིན་ཆེན་གསུམ༔ རྩ་གསུམ་ལྷ་ཚོགས་སྐྱབས་གནས་ཀུན་གྱིས་བསྐོར༔ མངོན་སུམ་ལྟ་བུར་ལྷམ་མེར་ལྷན་ནེར་གསལ༔ ན་མོ༔ རྐང་གཉིས་གཙོ་བོ་རྫོགས་པའི་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་སྡེ་སྣོད་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་འཕགས་པའི་སྡེ༔ སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་དང་༔ རྩ་གསུམ་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ མི་འབྲལ་སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཞེས་བློ་ལིངས་ཀྱིས་མ་ཁེལ་བར་དུ་སྐྱབས་སུ་འགྲོའོ༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ རྨི་ལམ་ལྟ་བུར་འཁོར་བའི་གྲོང་ཁྱེར་འདིར༔ འཁྲུལ་སྣང་སྒྱུ་མའི་བདེ་ལ་ཆགས་པ་ཡི༔ མི་བཟོད་སྡུག་བསྔལ་དྲག་པོས་མནར་བའི་འགྲོ༔ ཁམས་གསུམ་སེམས་ཅན་བྱང་ཆུབ་ས་ཐོབ་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ བྱང་ཆུབ་ཀྱི་སེམས་མ་འབྱོངས་བར་དུ་སེམས་བསྐྱེད་དོ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ ཧཱུྃ༔ རང་གི་སྤྱི་གཙུག་པདྨ་ཟླ་བའི་སྟེང་༔ འཕགས་མཆོག་མི་བསྐྱོད་སྟོན་པ་རྡོ་རྗེ་སེམས༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ གཡས་བརྐྱང་གཡོན་བསྐུམས་རོལ་པའི་སྟབས་ཀྱིས་བཞུགས༔ ལོངས་སྤྱོད་རྫོགས་སྐུ་ལྔ་ལྡན་འོད་ཀྱི་དཀྱིལ༔ དུང་མདོག་ཆུ་ཤེལ་མདངས་ལྡན་ལྷམ་མེར་གསལ༔ དེ་ཡི་ཐུགས་ཀར་ཉ་རྒྱས་ཟླ་གདན་སྟེང་༔ ཐུགས་ཀྱི་ས་བོན་ཧཱུྃ་ཡིག་དཀར་པོའི་མཐར༔ ཡི་གེ་བརྒྱ་པ་ཤེལ་ཕྲེང་ལྟ་བུས་བསྐོར༔ གཟུངས་སྔགས་བཟླས་པས་སྔགས་ཕྲེང་གཡས་སུ་འཁོར༔ ཐུགས་རྗེའི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བབས༔ ཚངས་པའི་བུ་གར་བརྒྱུད་ནས་བདག་ལུས་ཁྱབ༔ ཚེ་རབས་གྲངས་མེད་འཁོར་བ་ཐོག་མེད་ནས༔ བསགས་པའི་ཉེས་ལྟུང་སྡིག་སྒྲིབ་བག་ཆགས་རྣམས༔ སྦལ་སྡིག་སྡོམ་སོགས་དུད་ཁུའི་རྣམ་པར་བབས༔ འོག་སྒོ་རྐང་མཐིལ་ལམ་ནས་ས་གཞིར་ཐིམ༔ ཚེ་རབས་གྲངས་མེད་སྡིག་སྒྲིབ་དག་པར་བསམས༔ ཨཱོཾ་སོགས་ཡི་གེ་བརྒྱ་པ་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་བར་རམ༔ ཡང་ན་འབུམ་ཚོ་གཅིག་བསྙེན་པར་བྱའོ༔ མཐར་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམས་ཤིང་མི་དམིགས་པས་རྒྱས་གདབ་བོ༔ ཚོགས་རྫོགས་མཎྜལ་གྱི་རིམ་པ་ནི༔ དངོས་སུ་འབྱོར་ཚད་དངོས་སུ་བཤམས་ཤིང་མ་འབྱོར་བ་རྣམས་ཡིད་ཀྱིས་སྤྲུལ་ཏེ༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་སྟོང་གསུམ་མཎྜལ༔ རིན་ཆེན་རི་རབ་གསེར་རི་རོལ་མཚོ་བདུན༔ གླིང་བཞི་གླིང་ཕྲན་བྱེ་བ་ཕྲག་བརྒྱད་ཅུ༔ ལྕགས་རི་མུ་ཁྱུད་རྒྱ་མཚོའི་ཕྲེང་བ་ཅན༔ མེན་ཤེལ་ཆུ་ཤེལ་ཉི་ཟླ་རྒྱུ་སྐར་ཕྲེང་༔ རིན་ཆེན་གཞལ་ཡས་ཁང་དང་སྐྱེད་མོས་ཚལ༔ དཔག་བསམ་ཤིང་དང་འདོད་འབྱུང་བུམ་པ་དང་༔ མ་རྨོས་ལོ་ཏོག་འབྲུ་སྨན་རྩི་བཅུད་ཚོགས༔ གསེར་དངུལ་ཟངས་ལྕགས་རིན་ཆེན་རྣམ་པ་ལྔ༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་དང་༔ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མཆོད་པའི་ཚོགས༔ ཕྲེང་ཐོགས་རྒྱན་ལྡན་གླུ་དབྱངས་རོལ་མོ་གར༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་རྣམས༔ ལྷ་མོའི་ཕྱག་རྒྱས་ཀུན་བཟང་མཆོད་སྤྲིན་གཏིབས༔ ལུས་དང་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་ཚོགས༔ གྷུ་རུ་རཏྣ་རྒྱལ་བ་རྒྱ་མཚོ་མཆོད༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོཾ་རཏྣ་སརྦ་པུཙྪ་མཎྜལ་བྷ་དྲ་ཏེ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་ཁྲི་འབུམ་མང་པོས་མཆོད་ཅིང་འབུལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ བྱིན་རླབས་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་བླ་མའི་རྣལ་འབྱོར་བསྒོམ་ཞིང་གསོལ་བ་འདེབས་པ་ནི༔ ཧཱུྃ༔ བདག་ཉིད་ཐབས་ཤེས་སྣང་སྟོང་དབྱེར་མེད་ངང་༔ ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ཡོངས་གྱུར་པས༔ སྣང་བའི་ངོ་བོ་པད་མ་དབང་གི་རྒྱལ༔ སྟོང་པའི་བདག་ཉིད་རྡོ་རྗེ་རྣལ་འབྱོར་ཡུམ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་གར་སྟབས་འགྱིང་༔ སྐུ་མདོག་དམར་པོ་རྟ་ཞལ་ཕག་དབུ་ངུར༔ ཁྲོས་པའི་སྐུ་ལ་གཟི་བརྗིད་མདངས་ལྡན་འཁྲིལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ སྤྱི་གཙུག་ཐད་མཉམ་མདུན་གྱི་ནམ་མཁའ་ལ༔ རྩ་བའི་བླ་མ་བཛྲ་ཐོད་པ་རྩལ༔ ཨཱ་ཙར་ཆ་ལུགས་རྣལ་འབྱོར་སྤྱོད་པའི་ཚུལ༔ སྐུ་མདོག་དམར་སེར་ཁ་ཊྭཱཾ་ཉི་ཟེར་བསྣམས༔ རུས་རྒྱན་ཐོར་ཚུགས་ཕྱེད་སྐྱིལ་ཚུལ་དུ་བཞུགས༔ བདག་མེད་ལྷ་མོ་དམར་གསལ་གྲི་ཐོད་འཁྲིལ༔ དེ་ཡི་སྤྱི་གཙུག་འཕགས་པ་སྤྱན་རས་གཟིགས༔ སྣང་བ་མཐའ་ཡས་མཐོ་བརྩེགས་རྣམ་པ་ལ༔ སྐུ་གསུམ་བརྒྱུད་པའི་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དཔག་མེད་སྤྲིན་ཚོགས་གཏིབས༔ ཞལ་འཛུམ་བརྩེ་བས་བདག་ལ་གཟིགས་པར་བསྒོམས༔ ཅེས་ཚིག་དོན་ལྟར་གསལ་བར་བསྒོམ་ཞིང་༔ ཡིད་ཁྱེད་ཤེས་ཀྱི་དད་པས་བཅོས་མ་མིན་པའི་མོས་གུས་དྲག་པོས་གསོལ་འདེབས་ཕུར་ཚུགས་སུ་གདབ་བོ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ རང་སེམས་ཆོས་སྐུར་རྟོག་པར་བྱིན་གྱིས་རློབས༔ གནས་མཆོག་རི་བོ་ཏ་ལའི་ཞིང་ཁམས་ནས༔ ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ སྒྱུ་ལུས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས༔ དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་ནས༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས༔ ཚེ་ཡི་རིག་འཛིན་ཐོབ་པར་བྱིན་གྱིས་རློབས༔ བདེ་སྟོང་ལྷན་ཅིག་སྐྱེས་པའི་གཞལ་ཡས་ནས༔ དྷཀྐི་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ དགའ་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས། ༈ འཕགས་མཆོག་ཐུགས་རྗེའི་འོད་ཟེར་བསྟན་འགྲོའི་དཔལ། །འཁོན་ཆེན་ཀླུ་ཡི་དབང་པོ་ལ༴ །མཁྱེན་གཉིས་མངོན་དུ་འགྱུར་བར་བྱིན༴ །སྨོན་ལམ་མཐར་ཕྱིན་ཟབ་གཏེར་ཕོ་བྲང་ནས༔ །རིག་འཛིན་ཉི་མ་གྲགས་པ་ལ༴ །ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན༴ །མཁྱེན་བརྩེ་ནུས་པར་ལྡན་པའི་གཞལ་ཡས་ནས། །ཨོ་རྒྱན་བསྟན་འཛིན་གྲགས་པ་ལ༴ མཆོག་ཐུན་དངོས་གྲུབ་ཐོབ་པར༴ །འབྲེལ་ཚད་དོན་དང་ལྡན་པའི་ཕོ་བྲང་ནས། །དྲིན་ཅན་ཁྱབ་བདག་དམ་པ་ལ༴ སྐུ་བཞིའི་གོ་འཕང་ཐོབ་པར་༴ དག་སྣང་ཕྱོགས་མེད་འབྱུང་བའི་གཞལ་ཡས་ནས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ༴ །རང་སེམས་སྐྱེ་མེད་རྟོགས་པར༴ གནས་ཕྱོགས་བཅུའི་རི་དགོན་དབེན་གནས་ནས། །ཆོས་མཛད་རྡོ་རྗེ་སྤུན་གྲོགས་ལ༴ གྲུབ་མཐའི་ཕྱོགས་འཛིན་ཞིག་པར་བྱིན་གྱིས་བརློབས༔ མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ནས། དམ་ཆོས་མ་རིག་མུན་སེལ་ལ༴ ཐར་པའི་ལམ་སྣ་ཟིན་པར་བྱིན༴ མཆོག་ཐུན་དངོས་གྲུབ་འབྱུང་བའི་ཕོ་བྲང་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས༔ དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ མི་རྟོག་ཡེ་ཤེས་རང་ངོ་འཕྲོད་པ་དང་༔ བྱར་མེད་བློ་འདས་རྒྱུད་ལ་སྐྱེས་ནས་ཀྱང་༔ འཁོར་བར་ཞེན་པ་ལོག་པའི་ངེས་འབྱུང་གིས༔ རང་རིག་བླ་མར་རྟོགས་པར་བྱིན་གྱིས་རློབས༔ ཅེས་གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་དར་དྲག་ལ་ཡུན་རིང་བར་གདབ་ཅིང་༔ མཐར་བླ་མ་རྣམས་གཅིག་ནས་གཉིས་སུ་འོད་དུ་ཞུ་སྟེ༔ རང་དང་བླ་མ་གཉིས་མེད་དུ་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་དུ་གྱུར་པར་བསམས་ཤིང་༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་དབྱེར་མེད་དུ་ལྷན་ནེ༔ བརྗོད་མེད་དུ་གསལ་ལེ༔ མ་བཅོས་པར་འཁྱིལ་ལེར་བཞག་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ རྒྱུད་ལས༔ བསྙེན་སྒྲུབ་ལས་སྦྱོར་ལྟ་སྒོམ་གཟིར༔ ཐུན་སྐབས་ཚོགས་གསོག་དགེ་ལ་བསྐུལ༔ ཅེས་པས་ཆོས་སྤྱོད་འདི་སྔོན་དུ་འགྲོ་བའི་ལས་རིམ་གྱི་ངང་ནས༔ བསྐྱེད་རྫོགས་ཀྱི་གཞུང་ལ་འཇུག་པ་དང་༔ ཐུན་སྐབས་རྣམས་སུའང་ཕྱག་འཚལ་མཆོད་ཅིང་སྡིག་སྒྲིབ་བཤགས་པ་སོགས་ཀྱི༔ རྣམ་པར་དཀར་བའི་དགེ་བའི་ལས་ལ་ལུས་ངག་ཡིད་གསུམ་ཐ་མལ་དུ་མ་ལུས་པར་བསྐུལ་བར་བྱའོ༔ རྒྱུད་ལས༔ མ་དག་བག་ཆགས་ཕྱིར་སྙིལ་ཏེ༔ འཕགས་པ་ཁྱོད་དང་གཉིས་མེད་གྲོལ༔ ང་ཡི་ཞིང་འདིར་མངོན་འཚང་རྒྱ༔ ཞེས་པས་འདི་ལྟར་ཆོས་སྤྱོད་ཀྱི་རིམ་པ་འདི་བཞིན་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པའི་སྐལ་ལྡན་རྣམས༔ འཕགས་པ་ཐུགས་རྗེ་ཆེན་པོ་དང་གཉིས་སུ་མེད་པའི་འབྲས་བུ་འཐོབ་ཅིང་༔ མཐར་བདེ་བ་ཅན་གྱི་ཞིང་ཁམས་སུ་གྲོལ་བར་འགྱུར་བ་ནི་གདོན་མི་ཟའོ༔ ཅེས་པ་འདི་རྣམས་བདག་ཅག་མངའ་བདག་རྗེ་འབངས་རྣམས་ལ་ཆོས་འཁོར་ཆེན་པོ་འབྱོངས་པའི་ཚེ༔ གྷུ་རུ་རིན་པོ་ཆེས་ཆོས་སྤྱོད་རྒྱུན་འཁྱེར་དུ་གནང་བ་ལྟར༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ༔ མ་འོངས་ཀྱི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་མང་ཡུལ་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ནས་སྤྱན་དྲངས་ཤིང་། སློབ་དཔོན་ཆེན་པོའི་སྒྲུབ་གནས་ཆགས་རུ་ཕུག་ནག་ཁམས་སྲིང་མོ་རྫོང་དུ་ཤོག་སེར་ལས་ཕབ་པའོ། །སརྦ་མངྒ་ལཾ།། །།


previousཆོས་སྤྱོད་ཐར་པའི་ཐེམ་སྐས།next