Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཞི་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ།next

དོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ།

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ་བཞུགས་སོ། །སྲས་བཅས་རྣམ་འདྲེན་མ་ལུས་པའི། །སྙིང་རྗེའི་རང་གཟུགས་ཉིན་མོར་བྱེད། །སྲིད་འགྲོ་མ་རིག་སྡུག་བསྔལ་མུན། །སེལ་མཛད་འཕགས་མཆོག་ཐུགས་རྗེས་སྐྱོངས། །འདིར་འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དོན་དབང་བསྐུར་བ་ལ་གཉིས་ཏེ། །སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དབང་དངོས་སོ། དང་པོ་ནི། །གང་དུ་བྱ་བའི་གཞི་དེར་དཀྱིལ་འཁོར་བྲི་བའམ་ཡང་ན་འབྲུའི་ཚོམ་བུ་བཀོད་ཀྱང་རུང་ལ། དབུས་སུ་བུམ་པ། གཡས་སུ་བདུད་རྩི། གཡོན་དུ་གཏོར་མ། མདུན་དུ་མར་མེ། རྒྱབ་དུ་པྲོག་ཞུ། མཐའ་བསྐོར་དུ་མཆོད་རྫས་སྣ་ཚོགས་བཤམས་ཤིང་། མིག་དར། ཀཱ་ཡ་ཝཱཀྐ་ཙིཏྟ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཛྙཱ་ན་ཏིཥྛ་ལྷན། ཅེས་བརྗོད་ཅིང་དབང་རྫས་རྣམས་བཀྲམ༔ མཐའ་བསྐོར་དུ་སྨན་རག་གཏོར་གསུམ་ཉེར་སྤྱོད་ལྔ་སོགས་དང་། གཞན་ཡང་ལས་བུམ་བགེགས་གཏོར་མཐོར་ནས་སྤོས་ཐུན་སོགས་ཚོགས་པར་བྱའོ། །གཉིས་པ་ནི། ལས་ཀྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བྱས་ལ་བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གྱིས་བླངས། བཀའ་གཏེར་ཚོགས་བསྐང་བཅས་ལྷག་མ་ཡན་གྲུབ་ནས། རིགས་མཐུན་རྟ་མགྲིན་ནམ་བདུད་རྩི་འཁྱིལ་པ་ལྟ་བུའི་ལས་བུམ་སྒྲུབ་ཅིང་། སློབ་བུ་རྣམས་གདོང་གཡོག་བཅིང་སྒོ་དྲུང་ངམ་ཡང་ན་ཕོ་བྲང་གཉེན་པོའི་ཤར་སྒོར་འཁོད་པའི་མོས་པ་དང་བཅས་ཏེ། དབང་ཡོན་མེ་ཏོག་བཟང་པོ་ལག་ཏུ་ཐོགས་ཤིང་འདི་སྐད་ཞུའོ། ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་མ་རིག་རྨོངས་པའི་བུ༔ ཁྱེད་ཀྱི་བརྩེ་བས་རྗེས་སུ་བཟུང་༔ འཁོར་བའི་འདམ་ནས་འདྲེན་དུ་གསོལ༔ སྨིན་གྲོལ་དངོས་གྲུབ་སྩལ་དུ་གསོལ༔ ཅེས་ཞུ༔ སློབ་དཔོན་གྱིས་གནང་བ་སྦྱིན༔ ཧོ༔ ཁྱེད་རྣམས་སྐལ་བར་ལྡན་ལགས་སམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ལས་ལྡན་རིགས་ཀྱི་བུ་ཡིན་ན༔ ཁྱེད་རྣམས་ཕོ་བྲང་ནང་འདིར་ཤོག༔ སྨིན་གྲོལ་མཆོག་ཐུན་སིདྡྷི་སྦྱིན༔ ཅེས་བརྗོད༔ སློབ་དཔོན་གྱིས་ལས་བུམ་ཐོགས་ནས། ཇི་ལྟར་ལྟམ་པ༴ སོགས་དང་། དྲི་མེད་དག་པ་གང་བབས་ཀྱི་བུམ་ཆུ་སྦྱིན་ཚར་ནས། བགེགས་གཏོར་བཤམས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨཱོཾ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར༔ ཨཱོཾ་ཨཱཿཧཱུྃ་ཧོ༔ གསུམ། ཨོཾ་སརྦ་བིགྷྣན་ཨ་ཀཪྵ་ཡ་ཛཿཛ༔ བགེགས་གཏོར་བསྐོར་ཞིང་དྲིལ་བུ་གསིལ་བ་དང་བཅས། ཨོཾ་སརྦ་བིགྷྣན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཥེ་སོགས་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན༴ ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་བྱིན་པ་འདིས་ཚིམས་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་དུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ༔ ཨཱོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔༴ སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དྲ་བ་ར་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིགས་པའི་གུར་དུ་གྱུར་པའི་མོས་པ་མཛོད༔ བཛྲ་རཀྵཿརཀྵཿ ཆོས་བཤད་རྒྱས་བསྡུས་གང་རུང་ངམ། ཡང་ན་ལོ་རྒྱུས་ཙམ་གྱིས་ཆོག་པས། ཁྱེད་རྣམས་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་གྱི་དབང་སྦྱིན་པའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ༔ དེ་ཡང་གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་མགོན་པོ་སྣང་བ་མཐའ་ཡས་ཀྱིས་འཁོར་ཕུན་སུམ་ཚོགས་པ་འཕགས་པ་སྤྱན་རས་གཟིགས་རིགས་ལྔ་དང་པདྨ་རིགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཕུན་སུམ་ཚོགས་པ་ཐོག་མཐའ་དང་བྲལ་བའི་ཚེ་ཆོས་ཕུན་སུམ་ཚོགས་པ་མ་རིག་མུན་པ་ཐམས་ཅད་རབ་ཏུ་སེལ་བ་རིན་པོ་ཆེ་འདུས་པའི་རྒྱུད་གསུངས་པ་སྤྲུལ་པའི་མཁའ་འགྲོ་མ་རྣམས་ཀྱི་ཡི་གེར་བཏབ་ཏེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་སྐད་ཞུས་སོ༔ སྟོན་པ་འོད་སྣང་དེ་བཞིན་གཤེགས༔ རྒྱུད་ཆེན་རྒྱུད་མཆོག་དམ་པ་འདི༔ བཀའ་བབས་ཆོས་བདག་གང་གིས་བྱེད༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ འདུས་པའི་འཁོར་རྣམས་ང་ལ་ཉོན༔ རྒྱུད་ཆེན་རྒྱུད་མཆོག་དྲི་མེད་འདི༔ ད་ལྟ་འཕགས་པའི་ཐུགས་ལ་བསྟིམ༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ གསང་སྔགས་ཆོས་ཀྱི་འབྲས་བུ་སྨིན༔ དེ་དུས་ང་ཡི་ཐུགས་ཀྱི་སྤྲུལ༔ མཚོ་སྐྱེས་པདྨའི་སྡོང་པོ་ལ༔ པདྨ་འབྱུང་གནས་ཞེས་བྱ་འབྱུང་༔ སངས་རྒྱས་སྟོང་གི་འཕྲིན་ལས་སྐྱོང་༔ འཕགས་པ་ཁྱོད་དང་བཀའ་བགྲོས་བྱེད༔ དེ་ཚེ་རྒྱུད་མཆོག་དམ་པ་འདི༔ རྡོ་རྗེ་པདྨ་འབྱུང་ལ་ཐིམ༔ མི་མཇེད་འགྲོ་དྲུག་ཐབ་ཀྱིས་འདུལ༔ ཁྱད་པར་མཐའ་འཁོབ་གངས་ཁྲོད་དུ༔ འཕགས་པའི་སྤྲུལ་པས་རྐྱེན་བྱེད་དེ༔ འགྲོ་བ་མི་ཡི་གླིང་ཞིག་འབྱུང་༔ མདོ་སྔགས་ཆོས་ཀྱི་བསྟན་པ་དར༔ རྩོད་ལྡན་སྙིགས་མ་ལྔ་བདོའི་ཚེ༔ ལོག་འདྲེན་འགོང་པོ་སྟོབས་རྒྱས་པས༔ གཡོ་ཟོག་ཁྲམ་གསུམ་འཁོར་ལོ་བསྐོར༔ བསྟན་པ་ཐབས་ཀྱིས་བརླགས་པའི་ཕྱིར༔ བདུད་སྤྲུལ་གོས་སེར་གྱོན་པ་མང་༔ སེམས་ཅན་བསོད་ནམས་ཟད་པའི་ཕྱིར༔ ཧོར་སོག་དུ་རུ་ཀ་རྣམས་དར༔ མུ་སྟེགས་བསྟན་པ་ཤར་བའི་རྟགས༔ དགེ་བཤེས་རྣམས་ཀྱིས་དམག་དཔོན་བྱེད༔ འགོང་སྤྲུལ་མང་པོས་ཤེས་རྒྱུད་གཡོ༔ སེམས་བསྐྱེད་སྙིང་རྗེ་ཆུ་རུ་འཕོ༔ བྱང་སེམས་མང་པོ་གྲི་རུ་བཀུམས༔ བདུད་ཀྱིས་བྱིན་བརླབས་འཁྲུག་རྩོད་དར༔ འཕགས་པའི་ཐུགས་རྗེས་སྐྱོབ་དཀར་ཡང་༔ སྨོན་ལམ་དག་པའི་སྟོབས་ཤུགས་ཀྱིས༔ ཆོས་འདིས་སྙིགས་དུས་འགྲོ་དོན་བྱེད༔ པད་འབྱུང་སྤྲུལ་པས་གཏེར་འདོན་ཞིང་༔ འཕགས་པའི་སྤྲུལ་པས་ཆོས་འདི་སྤེལ༔ སྐབས་ཤིག་འགྲོ་བ་བདེ་ལ་འགོད༔ ཅེས་གསུངས་པའི་གདམས་པ་རིན་པོ་ཆེ་འདི། ཆོས་འཁོར་བསམ་ཡས་འབྱོངས་པའི་གྲོལ་སྟོན་ཆོས་ཀྱི་ཕ་འབབས་སུ་གུ་རུ་རིན་པོ་ཆེས་བྱང་ཆུབ་སེམས་བསྐྱེད་གླིང་གི་གཙུག་ལག་ཁང་དུ། རྒྱུད་ལུང་གདམས་པ་དང་བཅས་པ་བཀའ་སྩལ་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་སྟེ་གུ་རུས་ལུང་བསྟན་པ་བཞིན་དུ་མང་ཡུལ་ལུང་པ་གྲི་ཀྱོག་འདྲ་བའི་ནང་༔ ཀ་ཆེན་བཅུ་དྲུག་བཀོད་པས་ཁྱད་པར་འཕགས་པའི་གནས་མཆོག་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་གི །མཁའ་འགྲོ་ལཱ་སེ་དཀར་མོའི་ཐུགས་ཀ་ནས་གདམས་པ་ཡོངས་རྫོགས་རྣམས་དང་། རྒྱུད་ཆེན་པོ་མ་རིག་མུན་སེལ་རྡོ་རྗེ་སྙིང་རྫོང་སོགས་ནས་མེ་ཕོ་འབྲུག་གི་ལོ་ལ་གདན་དྲངས་ཤིང་། ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཁམས་སྲིང་མོ་རྫོང་གི་སྒྲུབ་གནས་ཆགས་རུ་ཕུག་ནག་གུ་ཧ་ཀཱ་ལར་ཤོག་སེར་ལས་ཕབ་ཅིང་གསང་དམ་ཉམས་ལེན་མཐར་ཕྱིན་པར་མཛད་ཅིང་དུས་དང་མཚམས་པ་རིམ་པར་སྤེལ་བར་མཛད་པའི་གདམས་ཟབ་གང་དེའི་སྒོ་ནས་སྨིན་བྱེད་གདམ་པའི་ཡང་སྙིང་དོན་དབང་མཐར་ཐུག་གི་སྙིང་པོ་འདི་བསྐུར་བ་སྐབས་སུ་བབས་པ་སྟེ༔ དེ་ལ་ཡང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་༔ སློབ་མའི་བྱ་བ་གཉིས་ལས༔ སློབ་དཔོན་གྱི་བགྱི་བའི་འོས་སུ་གྱུར་པ་བདག་མདུན་དབྱེར་མེད་དུ་བསྒྲུབ་མཆོད་བཟླས་པ་དང་༔ ཟབ་གཏེར་གྱི་བསྲུང་མར་གཏོར་མ་ཕུལ་ཏེ་རྒྱ་འགྲོལ་བའི་འཕྲིན་ལས་བཅོལ་བ༔ ཚོགས་ཀྱི་འཁོར་ལོས་ཆོ་གའི་ལྷག་ཆད་བཀང་བ༔ བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བླང་བ་སོགས་གོང་དུ་གྲུབ་པ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་ཏུ་མཎྜལ་ཕུལ་མཛོད༔ ཞེསབརྡ་སྤྲད་དེ། དེའང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གཙོ་བོ་འཕགས་པ་མ་རིག་མུན་སེལ་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའ་ིརྗེས་བཟློས་གྱིས༔ ཧོ༔ རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ འཕགས་པ་མ་རིག་མུན་སེལ་གྱི༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཁྱེད་ཀྱི་བརྩེ་བས་བདག་སྐྱོངས་ཤིག༔ ཅེས་ཞུའོ༔ གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་ཏུ་གྱིས༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་སྐྱབས་སུ་འགྲོ་བ་དང་༔ ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་ཡན་ལག་བདུན་པ་བཅས་ཚིག་ཕྱིར་སེམས་གཞོལ་བས་འདིའ་ིརྗེས་བཟློས་གྱིས༔ ཧཱུྃ༔ ཐུགས་རྗེས་ཀུན་ཁྱབ་ཆོས་སྐུ་སྣང་མཐའ་ཡས༔ མ་རིག་མུན་སེལ་ལྷ་ཚོགས་ལོངས་སྤྱོད་རྫོགས༔ རྣམ་སྤྲུལ་དཔག་ཡས་གང་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ༔ བདག་སོགས་འགྲོ་དྲུག་བྱང་ཆུབ་མ་ཐོབ་བར༔ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི༔ གསུམ། རང་རིག་རང་ཤར་ལྷ་ལ་ཕྱག་འཚལ་ལོ༔ འགགས་མེད་རང་གསལ་རང་གྲོལ་མཆོད་པ་འབུལ༔ མ་རིག་འཁྲུལ་སྣང་གདོད་མའི་དབྱིངས་སུ་བཤགས༔ དུས་གསུམ་མཉམ་ཉིད་ཆེན་པོར་ཡི་རང་ངོ་༔ འགྲོ་དྲུག་འཁོར་བ་དོང་ནས་སྤྲུག་པར་བསྐུལ༔ ཀ་དག་རང་རིག་འདུ་འབྲལ་མེད་པར་བཞུགས༔ དམིགས་མེད་ཁྱབ་བདལ་ཆེན་པོར་བསྔོ་བར་བགྱིད༔ ཀུན་ཀྱང་ཆོས་དབྱིངས་ཟང་ཐལ་མངོན་གྱུར་ཤོག༔ དེ་ལྟར་སྐྱབས་སུ་སོང་པའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་དུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུང་པས། ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ། བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་བཟློས་གྱིས། ཧཱུྃ༔ མ་རིག་མུན་སེལ་འཕགས་པའི་ཏིང་འཛིན་གྱིས༔ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་ནས་ཀྱང་༔ འགྲོ་ཀུན་བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམ་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།། ཞེས་དང་། ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས། དེ་ནས་དཀྱིལ་འཁོར་དུ་མེ་ཏོག་དོར་ལ། གཙོ་འཁོར་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མ་མཆིས་ནའང་། རང་རང་གི་ལས་ཀྱི་འབྲེལ་བ་གང་ཡོད་པའི་ལྷག་པའི་ལྷ་དེས་བདག་གི་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམས་པས་དཀྱིལ་འཁོར་གྱི་ལྷར་ཕུལ་བའི་དམིགས་འདུན་བཅས་དོར་བར་མཛོད། ཅེས་དང་། དེ་ནས་གསེར་ཐུར་ཐོགས་ནས། ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ་ནས། དེ་ལྟར་མ་རིག་པའི་ལིང་ཏོག་མིག་དར་གྱིས་མཚོན་པ་དེ་ཉིད་བསལ་བའི་ཤུལ་ནས། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གནང་ནས། འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡའ་སྤྲད་པ་ལ་བརྟེན་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་འཕགས་པ་མ་རིག་མུན་སེལ་གྱི་དཀྱིལ་འཁོར་གྱི་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་དང་། དེ་དག་ཀྱང་ཕྱི་རོལ་ནས་གཞན་ཞིག་བཙལ་དུ་ཡོད་པ་མ་ཡིན་ཞིང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས། ཞུགས་པ་ལ་དབང་བསྐུར་བ་ལ་ཐ་མལ་གྱི་ལུས་ཀྱི་བཅུད་མི་ཐུབ་པས་ཐོག་མར་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་ཏུ་མཛོད། ལས་བུམ་གྱི་ཆུས་སྦྱངས་ལ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཁྱེད་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་བའི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གི་བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་མ་རིག་མུན་སེལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་འོག་མས་པདྨའི་ཕྲེང་བ་དང་། གཡོན་གྱི་འོག་མས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། དབུ་སྐྲ་རལ་བའི་ཐོར་ཚུག་ལ་རིན་པོ་ཆེའི་པྲོག་ཞུ་དང་དར་གྱི་ན་བཟའ་ཅན་རིན་པོ་ཆེ་སྣ་ཚོགས་དང་མེ་ཏོག་གི་ཕྲེང་བས་རྒྱན་པ། སྤྱན་གསུམ་ཞི་འཛུམ་ཉམས་དང་ལྡན་པ། དེའི་པང་དུ་ཡུམ་མཆོག་གསང་བ་ཡེ་ཤེས་ཀྱི་དྷཱཀྐི་མ་སྐུ་མདོག་དམར་པོ་གཅེར་བུ་བཅུ་དྲུག་ལོན་པའི་ལང་ཚོ་རབ་ཏུ་སྒེག་པ། ཞི་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པདྨས་མཚན་པའི་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་བདུད་རྩིས་བཀང་བའི་བུམ་པ་འཛིན་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཡབ་ཡུམ་གཉིས་ཀ་སྣང་སྟོང་འོད་ཀྱི་རང་བཞིན་ལས་གྲུབ་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས། ནུབ་ཕྱོགས་བདེ་བ་ཅན་དང་། ཕོ་བྲང་པོ་ཏ་ལ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད། འཕགས་པ་ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་གྱི་རྣམ་པར་སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བབ་པ་ལྟར་ཐིབ་ཐིབ། འོག་ནས་བྱོན་པ་ཐམས་ཅད་རླུང་རྡོལ་བ་ལྟར་བུན་བུན། བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོའི་དགེ་འདུན་འདུ་བ་ལྟར་འུར་དེང་དེང་བྱོན། ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། ལས་བྱང་གི་སྤྱན་འདྲེན་དང་སྔགས་དང་སྤོས་རོལ་བྱ་ཞིང་བྱིན་དབབ་ནས། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ། ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད། ཅེས་བརྗོད། དེ་ནས་དབང་བསྐུར་བ་ནི། དེའང་དབང་གི་ངོ་བོ་ངེས་ཚིག་དབྱེ་བ། ཇི་ལྟར་བསྐུར་བའི་ཚུལ་བཞི་ལས། དང་པོ་ནི། རྒྱུ་རྐྱེན་གཉིས་ལས། རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། བསྐུར་བས་ཐོབ་པར་ག་ལ་འགྱུར། བྲ་སྲན་འབྲས་ས་དབང་བསྐུར་ཀྱང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། ཅེས་དང་། རྐྱེན་ནི་བཞི་ལས་དབང་བསྐུར་དུ་རུང་བ་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མའི་གོ་ཕྱེ་ནས། ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། གཉིས་པ་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བའི་བླུག་པ་སྟེ། དབང་བཞིས་རང་སྐལ་གྱི་དྲི་མ་འཁྲུད་ཅིང་། སྐུ་བཞིའི་ས་བོན་གསོས་ཐེབས་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། གསུམ་པ་ནི་བུམ་གསང་ཤེར་ཡེ་ཚིག་དབང་བཞི་འམ། དེ་དག་གི་དོན་གྱི་གནད་འགག་འདུས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་པའི་དབང་ངོ་། བཞི་པ་ནི་སློབ་དཔོན་དང་དབང་རྫས་རྣམས་འཕགས་པ་མ་རིག་མུན་སེལ་གྱི་སྐུར་བསྐྱེད་ནས་དབང་རྫས་དེ་དག་བསྐུར་གནས་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་འགྱུར་པའི་མོས་པ་མཛོད། བུམ་པ་མགོར་བཞག་འདི་སྐད་དོ། ཧཱུྃ༔ མཚན་ལྡན་བུམ་པ་ཆོས་ཀྱི་དབྱིངས༔ འཕགས་པའིི་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མ་རིག་མུན་སེལ་ལྷ་ཚོགས་ཀྱི༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་ངག་དུ་བླུད༔ བྷནྡྷ་མགྲིན་པར་བཞག་ཅིང་༔ ཧཱུྃ༔ བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ རང་བྱུང་དག་པ་ཨ་མྲི་ཏ༔ སངས་རྒྱས་ཀུན་གྱི་གསང་བའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན། མར་མེ་སྙིང་གར་བཞག་ཅིང་༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཀོང་བུ་རུ༔ རྒྱུ་མཆོག་རང་བྱུང་ཡེ་ཤེས་མེ༔ མཁྱེན་དང་བརྩེ་བའི་ཐུགས་རྗེའི་དཔལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་མ་རིག་མུན་སེལ་གྱི༔ ཐུགས་ཀྱི་དབང་མཆོག་ཐོབ་པ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཐོགས་ཏེ༔ ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཡོན་ཏན་རབ་འབྱམས་འཕྲིན་ལས་བཞིའི༔ རིན་ཆེན་རྒྱན་མཆོག་པྲོག་ཞུའི་དབང་༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ ཡོན་ཏན་ཀུན་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་སྣོད་དུ་བྷ་ལིངྟ༔ ཡི་དམ་ལྷ་དང་གཉིས་སུ་མེད༔ ཡོངས་རྫོགས་འཕྲིན་ལས་ཐོགས་མེད་དབང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཕགས་པ་མ་རིག་མུན་སེལ་གྱི༔ འཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་ཚོགས་འོད་ཞུ་སློབ་མར་བསྟིམ༔ འཕགས་པའི་སྐུ་རུ་གྱུར་པར་བསམས༔ གཏོར་མ་དངོས་གྲུབ་ཚུལ་གྱིས་རོལ༔ ཞེས་གསུངས་པ་ལྟར་བྱ་ཞིང་། ལས་བྱང་ལྟར་ཤིས་པ་བརྗོད་ཅིང་མེ་ཏོག་སིལ་མ་ཆར་དུ་སྙིལ་བར་བྱའོ། །དེ་ལྟར་འཕགས་པ་མ་རིག་མུན་སེལ་གྱི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས༔ གཙོ་བོས་ཇི་སོགས། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་དབང་བསྐུར་ཐོབ་པའི་ཕན་ཡོན་ཀྱང་། གཞུང་ལས། བཀའ་དྲིན་ཁུར་ཞིང་དབང་ཡོན་འབུལ༔ དམ་ཚིག་བསྲུང་ཞིང་བསྙེན་སྒྲུབ་བརྩམ༔ འཕགས་པའི་དྲོད་ཐོབ་རྣལ་འབྱོར་པས༔ སྣོད་དང་ལྡན་པའི་སློབ་བུ་ལ༔ མཐར་ཐུག་དབང་གི་སྙིང་པོ་འདི༔ ལན་གཅིག་འབྲེལ་བའི་སྐལ་ལྡན་རྣམས༔ མི་དགེ་བཅུ་ཡི་ལས་སྒྲིབ་འདག༔ མཚམས་མེད་ལྔ་ཡི་ཉེས་པ་བྱང་༔ དམ་ཚིག་ཉམས་ཆག་རྟོག་སྒྲིབ་སྐོང་༔ མཐར་ཐུགས་འཕགས་པའི་ཞིང་དུ་གྲོལ༔ ཞེས་སོགས་གསུངས་པ་ལྟར་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས་པས་དགའ་བ་བསྒོམ་ཞིང་། དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། ༈ བསོད་ནམས་འདི་ཡིས་སོགས་དང་། རིན་ཆེན་དགེ་ཚོགས་སོགས། དགེ་བ་བསྔོ། ཚོགས་འཁོར་ཡོད་ན་བྲིམ། སློབ་མ་རང་གནས་བཏང་། ཆོག་གཞུང་སྐྱོང་ཞིང་རྗེས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་པར་བྱའོ། །བརྩེ་ཆེན་སྲས་བཅས་རྒྱལ་ཀུན་གྱི། །སྙིང་རྗེའི་རང་གཟུགས་འཕགས་པའི་སྐུ། །ཡོངས་བཞེངས་དཀྱིལ་འཁོར་འཁོར་ལོ་རུ། །སྨིན་བྱེད་ཡང་སྙིང་འཇུག་བདེ་བ། །འདི་ཡང་མཚུངས་བྲལ་འཁོར་ལོའི་མགོན། །གང་གི་གསུང་རྒྱུན་ཕྱག་བཞེས་བཞིན། །འཁྲུལ་མེད་ཁྲིགས་སུ་བསྡེབས་པའི་དགེས། །འགྲོ་ཀུན་འཕགས་པའི་སྐུ་ཐོབ་ཤོག །ཅེས་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱི་བཞེད་སྐོང་དུ་འཁོར་ལོའི་མགོན་པོ་དཔལ་བླ་མ་དམ་པའི་ཕྱག་བཞེས་ལྟར་ཡེ་ཤེས་དབབ་པའི་དམིགས་རིམ་ཅུང་ཟད་ཕྲན་བུ་གསར་བརྩམས་ལས་གཞན་མཚམས་སྦྱོར་རྣམས་ཀྱང་བླ་མ་མཆོག་གི་སྩལ་བ་ཁོ་ན་ལས་རང་བཟོ་མེད་པར་འཇུག་བདེར་ཀླགས་ཆོག་ཏུ་བསྡེབས་པ་འདི་ཡང་སྙིགས་མཐའི་དཱ་རི་དྲ་པ་ངག་དབང་བློ་གྲོས་ཀྱིས་སུག་བྲིས་སུ་བགྱིས་པ་འདི་རང་དང་སྐལ་མཉམ་འགའ་ལ་ཕན་པའི་རྒྱུར་གྱུར་ཅིག། བཀྲ་ཤིས། དགེའོ། །དགེའོ། །དགེའོ།། །།


previousདོན་དབང་མཐར་ཐུག་དབང་གི་སྙིང་པོ་བཀླགས་ཆོག་ཁྲིགས་སུ་སྡེབས་པ།next