cover

རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།

པོད་ཆ༽

རིག་འཛིན་ཉི་མ་གྲགས་པ།

མཁན་ཆེན་ཨོ་རྒྱན་རིག་འཛིན་ནས་པར་དུ་བསྐྲུན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

གྲུབ་བརྙེས་རིག༵་འཛིན༵་ཌཱཀྐིའི་ཐུགས་ཀྱི་བཅུད། །
ཡང་ཟབ་ཆོས་གཏེར་ཉི༵་མ༵་གསར་བའི་གཟིས། །
བསྟན་འགྲོའི་རྒུད་མུན་མིང་གི་མཐར་བྱེད་པའི། །
གྲགས༵་པ༵་ས་གསུམ་རྒྱན་དུ་བརྟན་གྱུར་ཅིག །
རྒྱལ་བ་ཀུན་གྱི་མཁྱེན་ནུས་བརྩེ་བའི་ཡོན་ཏན་གཅིག་ཏུ་སྤུངས་པ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་གཞི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཆོག་གིས། སྙིགས་དུས་ཀྱི་རྒུད་མུན་རྩད་ནས་གཞོམས་ཤིང་། འགྲོ་རྣམས་ཕན་བདེའི་དཔལ་ལ་ཡུན་ནས་ཡུན་དུ་སྤྱོད་པའི་སླད། གྲུབ་བརྙེས་རིག་འཛིན་ཌཱཀྐིའི་ཐུགས་བཅུད། འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་རྣམས། དཀར་པོར་མོས་པའི་མི་མིན་རྫུ་འཕྲུལ་གྱི་ཤུགས་ཅན་དག་ལ་གཉེར་དུ་གཏད་དེ། བསིལ་ལྡན་ཁ་བ་རི་བའི་ཕྱོགས་བཞི་དབུས་ལྔའི་གངས་རི་འགྱུར་མེད་དང་། གཡུ་མཚོ་གཏན་འཁྱིལ་སོགས་སུ་ནམ་ཡང་མི་འཇིག་པའི་ཕྱག་རྒྱས་བཏབ་ནས་སྦས་པའི། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྐོར། ལྷོ་གཏེར་སྨིན་པ་འབྲས་བུ་ལྟ་བུ། ནུབ་གཏེར་གསལ་བ་མེ་ཏོག་ལྟ་བུ། བྱང་གཏེར་གྱེས་པ་ཡལ་ག་ལྟ་བུ། དབུས་གཏེར་ཟུག་པ་རྩ་བ་ལྟ་བུར་བཞུགས་པ་དག ཕྱིས་དུས་རྟགས་རྟེན་འབྲེལ་མངོན་དུ་གྱུར་བ་ན། གུ་རུ་ཉིད་དང་རྗེ་འབངས་རིག་འཛིན་མཁའ་འགྲོ་མ་རྣམས་སླར་ཡང་རིག་སྔགས་འཆང་བའི་རྣམ་པར་བྱོན་ནས་འདོན་པར་མཛད་པ་ལས། འདིར་ནི་གངས་ཅན་མིག་གཅིག་ལོ་ཙཱ་བ་ཆེན་པོ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་བའི་རོལ་བ། ཤར་གཏེར་འདྲིལ་བ་སྡོང་བོ་ལྟ་བུའི་ཆོས་སྒོ་འབྱེད་པོར་ཚད་ཐུབ་གཏེར་ལུང་དུ་མ་ནས་བསྔགས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན། སྤྲུལ་སྒྱུར་གྱི་རོལ་རྩེད། ནུས་མཐུ་ཡི་དྲག་རྩལ། གཏེར་ཆོག་གི་ཁྱད་ཆོས། མཐོང་ཆོས་ཀྱི་རྫས་གཏེར། ཁྲོམ་གཏེར་གྱི་ངོ་མཚར་སོགས་གང་ནས་བསམ་ཀྱང་གཞན་ལས་ཁྱད་དུ་འཕགས་ཤིང་། གཞན་ལས་ཁྱད་ཆོས་མང་བ། གཏེར་ཆེན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩའི་ཟབ་ཆོས་མཐའ་དག་ལ་དབང་བའི་ཆོས་ཀྱི་དབང་ཕྱུག་ཆེན་པོ། དུས་ལ་བབས་མིན་དང་གཏེར་ཁ་ཡིན་མིན་ལ་མི་ལྟོས་པར་ཟབ་གཏེར་མཐའ་དག་ལ་འདོད་རྒུར་སྤྱོད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་གཏེར་སྟོན་ཆེན་མོ། ཆོས་དང་རྫས་ཀྱི་གཏེར་དངོས་ཉུང་བསྡུས་ཙམ་མ་ཡིན་པར་རྒྱ་ཆེན་གྲངས་མང་འཛད་མི་ཤེས་པ་རྒྱལ་བོའི་བང་མཛོད་ལྟ་བུ་དག་འབྱིན་པ་ལ་སྔོན་སྨོན་གྱི་མཐུ་གྲུབ་པ། སྤྲུལ་བའི་གཏེར་སྟོན་ཆེན་མོ་༧རིག་འཛིན་ཉི་མ་གྲགས་པའམ་གར་དབང་འགྲོ་འདུལ་གླིང་བ་དེ་ཉིད་ཀྱི་གཏེར་བྱོན་ཟབ་ཆོས་རྣམས། བོད་ཁམས་ཕྱོགས་རྫ་རྒྱུད་ཨ་སེ་དགོན་ཐུབ་བསྟན་མདོ་སྔགས་བསྟན་གཉིས་དར་རྒྱས་གླིང་དུ། ཨ་སེ་མཆོག་སྤྲུལ་འགྱུར་མེད་རྡོ་རྗེས་ཕྱི་ལོ་(༡༩༢༢)སྐོར་ཡིག་མཁན་ཁྱད་འཕགས་དུ་མ་ཆེད་དུ་གདན་དྲངས་ཏེ་འབྲིར་བཅུག་པའི་གླེགས་བམ་པོད་བཅུ་གསུམ་ཡོད་པ་དག །ཕྱིས་ང་དགུའི་དུས་འགྱུར་སྐབས་མ་རུང་ངན་སྤྱོད་པ་དག་གིས། ཕྱག་དར་ཁྲོད་དུ་དོར་ཏེ་རླག་ལ་ཉེ་བའི་སྐབས། ཨ་སེའི་བླ་མ་ནམ་མཁའ་དང་མཁན་པོ་ཆོས་གྲགས་རྣམ་གཉིས་ཀྱིས་སྲོག་དང་བསྡོས་ཏེ་ཉར་ཚགས་བྱས། དུས་ཕྱིས་ཁོ་བོའི་ཞང་པོ་མཁན་པོ་ཆོས་གྲགས་ནས་དེ་དག་གྲོན་པར་དོག་སྟེ་ཁོ་བོ་ལ་བཀས་སྐུལ་བ་བཞིན། ཕྲན་པས་ཀྱང་རྒྱུ་ཚེགས་གཉིས་ཀྱིས་འབད་འབུངས་མི་དམན་པ་བསྐྱེད་དེ། རྩིས་འཕྲུལ་དུ་ཕབས་ཐོག་སྔ་ཕྱིར་ཞུ་དག་ལན་བདུན་བྱས་ཏེ་དཔར་དུ་བསྐྲུན་པ་ཡིན། དེ་ཡང་སྔོན་མའི་མ་དཔེ་ལྟར་གཏེར་གཞུང་རྩ་བའི་ཆོས་སྐོར་པོད་བཅུ་གསུམ་གཞིར་བཞག་བྱས་ཐོག གཏེར་ཆེན་རིན་པོ་ཆེའི་རང་རྣམ་དང་མགུར་འབུམ་དུམ་པ་གཅིག་མགོར་བཞག །སློབ་རྒྱུད་མཁས་གྲུབ་དག་གིས་མཛད་པའི་རྒྱབ་ཆོས་གལ་ཆེན་གྲས་ཕྱོགས་བསྡུས་དུམ་གཅིག་མཇུག་ཏུ་བསྣན་ཏེ་པོད་བཅོ་ལྔ་བྱས་ཏེ་བསྒྲིགས་བྱས་ཡོད། འོན་ཀྱང་མ་དཔེ་ཟག་རུལ་དུ་སོང་བ་སོགས་ཀྱི་དབང་གིས་ད་དུང་ནོར་འཁྲུལ་ཅི་རིགས་ཡོད་ངེས་པས། དབྱིངས་བཞུགས་རྩ་གསུམ་ཆོས་སྐྱོང་ལ་བཟོད་པ་གསོལ་བ་དང་། རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དགོངས་ཡངས་དང་ནོར་བཅོས་གནང་བར་ཞུ་ཞེས་གསོལ་བ་འདེབས་པ་དང་འབྲེལ། འདིས་མཚོན་ལེགས་བྱས་མཐའ་དག་འབྲེལ་ཐོགས་ཡིད་ཅན་རྣམས་ཀྱི་གཙོས། མཐའ་ཡས་པའི་སེམས་ཅན་མཐའ་དག་བདེ་ནས་བདེ་བར་འགྲོ་བ་དང་། ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། ཁྱད་པར་མཚོར་འཁྲུངས་རྒྱལ་བའི་རིང་ལུགས་གསང་ཆེན་སྙིང་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་འགྱུར་བར་སྨོན་ན། དེ་དེ་བཞིན་འགྲུབ་པའི་མཐུན་འགྱུར་དབྱིངས་བཞུགས་སྲས་བཅས་རྒྱལ་བས་གནང་བར་མཛོད་ཅིག ༈ ཆོས་ཚུལ་འདི་ཡང་མཐའ་ཡས་འགྲོ་བ་རྣམས། །གདོད་མའི་གཞི་དབྱིངས་མངོན་པར་བྱང་ཆུབ་བར། །མི་ནུབ་བརྟན་གནས་བྱིན་བརླབས་གཟི་འོད་ཀྱིས། །སྲིད་པའི་གདུང་བ་ཡོངས་སུ་གཞིལ་གྱུར་ཅིག །དཔལ་ལྡན་བླ་མའི་ཞབས་པད་ཡུན་བརྟན་ཐུགས་ཀྱི་བཞེད་དོན་གེགས་མེད་འགྲུབ། །བསླབ་གསུམ་ཡོན་ཏན་དཔལ་གྱིས་བརྒྱན་པའི་འདུས་པའི་སྡེ་ཡིས་ས་སྟེང་གང་། །འབྲེལ་ཐོག་གཙོས་པའི་མཐའ་ཡས་ཡིད་ཅན་གནས་སྐབས་མཐོ་རིས་དཔལ་གྱིས་འབྱོར། །རིང་མིན་ཞི་བ་ཆོས་སྐུའི་དཔལ་ཐོབ་སྤྲུལ་བས་གཞན་དོན་མཐར་ཕྱིན་ཤོག །ཅེས་པར་སྐྲུན་ཡོན་སྦྱར་བ་ཨོ་རྒྱན་རིག་འཛིན་ནས་བོད་རྒྱལ་ལོ་ ༢༡༤༢ ཟླ་ ༢ ཚེས་ ༢༥ ཕྱི་ལོ་ ༢༠༡༥ ཟླ་ ༤ བའི་ཚེས་ ༡༤ ཉིན་ཆོས་སྐོར་འདི་ཉིད་པར་སྐྲུན་སྐབས་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་གྱུར་པ་རྫོགས་ཆེན་མཁན་ཆེན་ཁྲི་ཟུར་ཨྱོན་རིག་འཛིན་རིན་པོ་ཆེ་མཆོག་ནས་བསྐྱར་དུ་བསྐྲུན་གནང་བའི་རིག་འཛིན་ཉི་མ་གྲགས་པའི་གཏེར་ཆོས་གླེགས་བག་བཅོ་ལྔའི་གྲངས་ལྡན་མཐའ་མའི་ཞུ་དག་ཅན་མཁན་རིན་པོ་ཆེ་ཉིད་ནས་གནང་འབྱོར་བྱུང་བ་ལགས་ན། སྐུ་ཉིད་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།
ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

གཏེར་སྟོན་ཉི་མ་གྲགས་པས་གཏེར་གྱི་ཁ་བྱང་རྙེད་ཚུལ་གསལ་བའི་མེ་ལོང་།

གཏེར་སྟོན་ཉི་མ་གྲགས་པས། གཏེར་གྱི་ཁ་བྱང་རྙེད་ཚུལ་གསལ་བའི་མེ་ལོང་། །ན་མོ་མ་ཧཱ་གུ་རུ་ཡེ། འདི་ཕྱིའི་སྐྱབས་གནས་ཨོ་རྒྱན་པདྨ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཐུགས་རྗེས་གཟིགས་ཤིག་བྱིན་གྱིས་བརླབ་ཏུ་གསོལ། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དུས་ངན་ཐ་མའི་སྤྲང་པོ་འགྲོ་འདུལ་གླིང་། །མདོ་ཁམས་ཡུལ་དུ་སྐྱེས་ནས་དབུས་སུ་འཁྱར། །ཙ་རིའི་གནས་ལ་ལུག་ལོའི་ནང་དུ་སོང་། །དཔལ་ལྡན་བླ་མའི་སྐུ་དྲིན་འཁོར་ཐབས་མེད། །རྫོགས་ཆེན་བཀའ་གཏེར་ཆོས་ནི་མང་དུ་ཐོབ། །མཁའ་འགྲོའི་ལུང་བསྟན་དག་སྣང་ཟ་ཟི་བྱུང་། །ཁྱད་པར་དཔལ་གྱི་རི་ཟླུམ་མཇལ་བའི་ཕྱིར། །རྫོགས་ཆེན་མངའ་བདག་གྲུབ་ཐོབ་ཆེན་པོ་དང་། །མཆེད་གྲོགས་མང་དང་བཅས་ཏེ་སོང་བའི་ཚེ། །ཉམས་ཀྱང་ཟ་ཟི་ཤེས་པ་བན་བུན་དུ། །རེས་འགའ་སྔོན་སོང་རེས་འགའ་རྗེས་སུ་བསྡད། །སྐབས་ཤིག་ཞིང་སྐྱོང་གྷ་ཡ་རྡ་རའི་མཚོ། །དཀར་མོ་ཉ་འདྲ་འཁྱིལ་བའི་ཁ་ན་སླེབས། །རིག་པ་གཏད་མེད་མིག་ནས་འོད་དམར་འཁྱུགས། །ཕ་བོང་གུར་འདྲའི་བྲག་ལ་ལན་གསུམ་འཕྲོས། །ཕ་བོང་ངོས་ལ་ཕོར་བའི་ཁ་ཙམ་ཞིག། མེ་འབར་དུ་བ་འཐུལ་བའི་སྣང་བ་བྱུང་། །ཐུར་མ་བཙུགས་པས་ཕ་བོང་ཁུང་དུ་སོང་། །ནང་ནས་ལ་ཆས་བསྡམས་པའི་ཤོག་དྲིལ་ཞིག། འདུག་ཚེ་བླངས་པས་བྲག་སྒོ་ཐམ་གྱིས་འགྲིགས། །གཏེར་ཞིག་ཡིན་ནམ་བསམ་ཏེ་དགའ་དྲགས་ནས། །དབུགས་ནི་སྟོད་འཚངས་ཧུར་ཞིང་སྐྲ་རྣམས་གཟེངས། །རྐང་པ་གར་རྒྱབ་དྲན་མེད་ཐོམ་མེར་རྒྱུགས། །སྐད་ཅིག་དེ་ལ་བུད་མེད་ཅིག་བྱུང་ནས། །སྡོད་ཅིག་སྡོད་ཅིག་གསུངས་ཏེ་ལག་ནས་བཟུང་། །གསང་སྤྱོད་ཡིན་པས་གསང་བ་དམ་དུ་གྱིས། །ཁ་བྱང་ཡིན་ནོ་སུ་ལའང་མ་སྟོན་ཅིག། བར་ཆད་ཡོད་དོ་སྲོག་ལ་འབབ་ཉེན་ཡོད། །སྦོས་ཤིག་ཕག་ཏུ་སྦོས་ལ་ཚགས་དམ་གྱིས། །མི་ལ་བསྟན་ན་ཁྱོད་ཀྱི་དངོས་གྲུབ་ཡལ། ཅེས་གསུང་བུད་མེད་མི་སྣང་བུན་ནེར་སོང་། །རིག་པ་བརྟན་ལ་ཉམས་གསལ་ཤེས་པ་དྭངས། །ཁ་བྱང་ཡིན་པར་ཤེས་ཏེ་དགའ་བ་འཕེལ། །ཉམས་རྟོགས་འལ་མ་འོལ་ལ་གླུ་བྲོ་འཁྲབས། །རི་ཟླུམ་རྩེ་ན་བླ་མས་ཚོགས་འཁོར་མཛད། །དག་པ་ཤེལ་རིའི་རྩེ་ལས་སྤྲིན་སྨུག་ནག། མཁའ་འགྲོ་གར་ཐབས་མཛད་འདྲའི་ཚུལ་ཞིག་བྱུང་། །གྲུབ་ཐོབ་ཆེན་པོས་ཁྲོས་མས་ཞལ་གཟིགས་གསུངས། །བསམ་གཏན་ཁང་པར་འོངས་ཏེ་སྡད་པའི་ཚེ། །རིན་པོ་ཆེ་ཡི་ཞལ་ནས་འདི་སྐད་གསུངས། །དེ་རིང་སྐུ་སྐྱེ་ཁྱོད་ལ་ཅི་ཞིག་བྱུང་། །འདི་ནི་སྨྱོན་མའི་གདོན་གྱིས་བརླབས་པའམ། ཡང་ན་ཅི་ཡིན་ཉམས་ཀྱི་མཚར་བ་ལ། བུད་མེད་གཞོན་ནུ་དབང་པོའི་ཁམས་རྒྱས་དུས། གླུ་བྲོ་ལ་སོགས་དབང་མེད་བྱེད་ཡོད་གདའ། །སྐྱེས་པར་དེ་འདྲ་འོང་ནི་མ་མཐོང་སྟེ། ན་སོ་གཞོན་པས་ཁམས་འདྲ་རྒྱས་ལས་ཆེ། །དེང་ཕྱིན་དེ་འདྲ་བྱུང་ན་མི་ཡག་འདུག། དེ་རིང་ཡུད་ཙམ་མིན་ན་དེར་སྨྱོས་སོང་། །གསུང་ཚེ་སེམས་ལ་ཐུགས་ཀྱང་བདེན་པར་ཡོད། །བསམ་པ་བྱུང་ཡང་ཁ་ནས་ཅི་མ་ཞུས། ཤིང་སེབ་རྒྱངས་སར་སོང་སྟེ་ཤོག་སེར་བལྟས། །ཤོག་དྲིལ་གཅིག་ལ་ནང་ཚན་གསུམ་དུ་འདུག། ཡི་གེ་འབྲུ་གཅིག་ལྷོགས་པར་མི་འདུག་པས། བླ་མར་ཞུའམ་ཅི་དྲག་བསམ་པའི་ཚེ། །དེ་ནུབ་གཉིད་དུ་སོང་བའི་རྨི་ལམ་དུ། གར་ཐབས་འཁྱུགས་པའི་བུད་མེད་ནམ་མཁའ་ནས། ན་སོ་གཞོན་ལ་སྐྱེ་མཆེད་དྭངས་པ་ཞིག། བྱུང་ནས་ཚིག་ཏུ་ཐོས་པར་འདི་སྐད་ཟེར། །ཤོག་སེར་ཡི་གེ་མི་ཤེས་སྡུག་མི་དགོས། །སྐབས་ཤིག་ཤེས་པའི་དུས་ཤིག་ངེས་པར་འོང་། །དེ་བར་མཐོ་དམན་སུ་ལའང་མ་སྟོན་ཅིག། རྟེན་འབྲེལ་འགྲིག་ན་གཏེར་ཁ་མང་དུ་ཡོད། །གཏེར་སྟོན་བདུད་འདུལ་གླིང་པ་མཇལ་ཐུབ་ན། ཤོག་སེར་སྟོན་ཅིག་དེ་མིན་གཞན་ལ་གསང་། །གསུངས་པ་རྨིས་ཤིང་ཕྱིར་ནང་གསལ་པོར་དྲན། །དེ་ནས་ཤོག་སེར་དམ་དུ་ཚགས་བྱས་སོ། །ཙཱ་རི་ནས་འོངས་ཉང་པོའི་ལུང་སེར་སླེབས། རྨི་ལམ་ཞིག་ལ་འདི་སྐད་ཟེར་བ་བྱུང་། །ཡིག་རིགས་མང་ཡང་མཁའ་འགྲོའི་བརྡ་ཡིག་དཀོན། །མི་རིགས་མང་ཡང་སྤྲུལ་པའི་གཏེར་སྟོན་དཀོན། །དམ་ཆོས་མང་ཡང་ཟབ་མོའི་གཏེར་ཆོས་དཀོན། །ཨེ་མ་སེང་གེ་འདྲ་བའི་བྲག་ལོགས་ལ། །ཨོ་རྒྱན་པདྨའི་ཟབ་གཏེར་ཡོད། །མདུན་ན་གུ་རུའི་ཞབས་རྗེས་ཡོད། །ཟེར་བ་ཞིག་ཐོས་པས་ཕྱིར་ནང་བླ་མ་སྟག་ཤམ་པ་ལ། བྲག་འདི་ལ་གཏེར་གཅིག་ཡོད་པ་འདྲ། མདུན་འདི་ན་ཨོ་རྒྱན་གྱི་ཞབས་རྗེས་ཤིག་ཡོད་པ་འདྲ། ཞེས་གསང་དགོས་པ་མ་ཤེས་པར་སྨྲས་པས། བླ་མས་འོ་ན་ཞབས་རྗེས་ཚོལ་དང་ཟེར་ནས་བཙལ་བས་མ་རྙེད། སངས་རྒྱས་མགོན་པོ་ཅི་འཚོལ་ཟེར་བར། ཨོ་རྒྱན་གྱི་ཞབས་རྗེས་ཡོད་ཟེར་བ་ཅིག་བྱུང་ནས་འཚོལ་བ་ཡིན་སྨྲས་པས། ཧ་ཧ་སྡོད་མི་ཚུགས་པའི་མི་ལ་ཟེར་བས་བཞགབྲག་གི་ཁྲོད་འགའ་ལ་ང་རང་གཅིག་པུར་སོང་ཡང་ཅི་ཡང་མ་མཐོང་། བླ་མ་སྟག་ཤམ་པས་འདི་གཏེར་སྟོན་གཅིག་མིན་པ་འདྲ་ཟེར་བའི་གཏམ་ངན་ཞིག་ཀྱང་བསྒྲགས་སོང་། རྗེས་སོར་སངས་རྒྱས་མགོན་པོ་དང་ཙ་རི་ན་འཛིངས་འཛོམ་ཡོད་འདུག་པར། ཁྱོད་ཀྱི་བླ་མས་གཏེར་འདོན་རྒྱུ་ཡོད་ཟེར་འདུག་ཧ་ཧ་ཟེར་སྟེ་འཚངས་ཀྱང་བྲུས་བྱུང་ཟེར་རོ། དེ་ནས་གཏེར་སྟོན་བདུད་འདུལ་རྡོ་རྗེ་མཇལ་དུ་འགྲོ་བར་ཐེང་གཉིས་ཆས་ཀྱང་འགྲོ་མ་ཐུབ། ཤོག་སེར་ཀྱི་ཡི་གེ་ཡང་མ་ཆོད། རྫོང་ཁམས་ཤག་གི་གནས་ལ་མཚམས་བྱས་ཏེ་བསྡད། ཤོག་དྲིལ་མཆོད་མདུན་དུ་རྗེན་པར་བཞགབསམ་པ་ལ། ཡི་གེ་ནི་ཤེས་པར་མི་འདུགདགོས་ཆེད་ཀྱང་ཆུང་བ་འདྲ་བསམ། ཉིན་གཅིག་གནམ་གྲང་མོ་ཞིག་བྱུང་། གཟན་གོན་ཏེ་ཉལ་བསྡད་པར་སྒོ་ཕྱེ་མཁན་ཞིག་བྱུང་སུ་ཡིན་སྙམ་བལྟས་པས། ཛོ་ཀི་སྐྲ་ཁམ་པ་རས་གཟན་སེར་པོ་གོན་པ་ཅིག་གི་ཕྱག་ནས་ལགས་སོ་གསུང་ནས་ཤོག་དྲིལ་ཞིག་གཏད་བྱུང་ཁ་ཕྱེ་བས་ཛོ་ཀི་སྤྱོད་སོང་། སྔོན་གྱི་གཏེར་སྟོན་རཏྣའི་རྣམ་ཐར་དྲན། གུ་རུ་རིན་པོ་ཆེ་ཡིན་པ་འདྲ་བསམ་ནས་གསོལ་འདེབས་མང་པོ་བྱས། སྒོ་ནས་ལངས་ཏེ་བལྟས་པས་སུ་ཡང་མི་འདུག། ཡར་འོངས་ནས་ཡི་གེ་ལ་བལྟས་པས་བརྡ་ཡིག་གི་ཀ་དཔེར་འདུག། སྔར་གྱི་ཤོག་དྲིལ་ལ་བལྟས་པས་འབྲུ་དོན་རྣམས་ཕྱེད། སྐྱིད་པའི་སྣང་བ་མང་པོ་ཤར་ཞིང་གླུ་བྲོ་བྱས། ཚོགས་ཀྱི་འཁོར་ལོ་བསྐོར། དཀོན་མཆོག་ཚེ་རིང་གིས་དེ་རིང་བླ་མ་ཉམས་འབར་འདུག་ཟེར། དེ་རྣམས་ཁ་བྱང་རྙེད་ཚུལ་ལོ། །སྐྱབས་གནས་ཀུན་འདུས་བླ་མ་ཨོ་རྒྱན་ལ། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །རིག་འཛིན་པདྨ་བླ་མར་བརྟེན་བྱས་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག། ཟབ་ཆོས་བཀའ་ཡི་ཕ་འབབས་ཡིད་བཞིན་ནོར། །མ་ནོར་འཁྲུལ་མེད་སྨོན་ལམ་དབང་གིས་རྙེད། །བག་ཆགས་སད་པས་གུ་རུས་ཐུགས་རྗེས་བཟུང་། །དུས་མཐར་སྐྱེས་པའི་སྤྲང་པོ་ཉི་མ་གྲགས། །དགའ་བ་སྒོམས་དང་དགའ་བྲལ་ཡེ་ཤེས་ཨ། །མངྒ་ལཾ། །

གཏེར་འབྱུང་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ གཏེར་འབྱུང་ཡིད་བཞིན་ནོར་བུ་བཞུགས་སོ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ སངས་རྒྱས་ཀུན་འདུས་ཐུགས་རྗེ་རྨད་བྱུང་དཔལ། །འགྲོ་དྲུག་ཀུན་གྱི་སྐྱབས་མགོན་རིན་པོ་ཆེ། །བོད་ཡུལ་འགྲོ་བའི་གཉེན་གཅིག་པདྨ་འབྱུང་། །མོས་གུས་གདུང་བས་གསོལ་བ་སྙིང་ནས་འདེབས། །ཐུགས་རྗེས་གཟིགས་ཤིག་བྱིན་གྱིས་བརླབ་ཏུ་གསོལ། །ཨེ་མ་ཧོ༔ ལྔ་བརྒྱའི་དུས་སུ་སྐྱེས་པའི་བྱ་བྲལ་བ། །ཁ་ཉེན་སྙོམས་ཆུང་འགྲོ་འདུལ་གླིང་པ་ང་། །ཕ་མ་ལ་སོགས་བྱམས་པའི་གཉེན་་དང་བྲལ། །བླ་མ་སློབ་དཔོན་གྲྭ་རོགས་གྲོགས་མཆེད་ཀུན། །མིག་འབྲས་བཞིན་དུ་དམ་ཚིག་བརྩེར་བསྲུངས་ཀྱང་། །བཟང་ལན་ངན་འཇལ་ཕྲག་དོག་རླུང་ལྟར་འཚུབ། །ཆོས་པར་རེ་ནས་གྲྭ་སློབ་འཁོར་དུ་བསྐོར། །ཡིན་པར་བསླབས་བཞིན་མིན་པ་སྣ་ཚོགས་བྱེད། །ཀྱེ་མ་ཀྱེ་ཧུད་གུ་རུ་རིན་པོ་ཆེ། །ཕུང་པོའི་འདོར་ལེན་འཁོར་བའི་གྲོང་ཁྱེར་ལས། །ལུས་འདིའི་སྟེང་ནས་བོར་བར་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་ཐར་བར་མཛད་དུ་གསོལ། །དེ་ཡང་ཁ་བྱང་ལས། ཆོས་འཁོར་འདི་ཡི་ནུབ་ཀྱི་ཕྱོགས༔ གངས་རིའི་རྒྱལ་པོ་ཏེ་སེ་ན༔ རྩོད་ལྡན་འགྲོ་ལ་ཕན་པའི་ཕྱིར༔ ཡང་ཟབ་བདེ་མཆོག་འཁོར་ལོ་དང་༔ སྐུ་ཚབ་མཐོང་བ་དོན་ལྡན་སྦས༔ མ་འོངས་ང་སྤྲུལ་ལས་འཕྲོ་ཅན༔ ཀླུ་དབང་ཁྱོད་ཀྱི་སྐྱེ་མཐའ་ལ༔ འགྲོ་འདུལ་གླིང་ཞེས་ཁམས་ནས་འབྱུང་༔ ད་ལྟའི་སྨོན་ལམ་འཕྲོ་བཙན་པས༔ ཁ་བྱང་ཙ་རི་ཏྲ་ནས་རྙེད༔ ཡང་བྱང་སྲིང་མོ་རྫོང་དུ་འབབས་༔ དེ་ཚེ་སྐལ་ལྡན་བུ་དེ་ལ༔ ཡ་མ་ཟུང་གི་མངོན་ཤེས་འཆར༔ པདྨ་ང་ལ་གསོལ་བ་ཐོབ༔ བར་གཅོད་རྐྱེན་འཕྲང་གསུམ་ལ་གཟོབས༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ ཟབ་གཏེར་སྤྱོད་པའི་དུས་རྟགས་ནི༔ བྱི་བ་གླང་སྟག་ཡོས་འབྲུག་ལོ༔ གང་རིགས་ཤིག་ནས་འགོ་བཟུང་སྟེ༔ གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར༔ འཁྲུག་རྩོད་དམག་སྣ་འུར་ཟིང་ལངས༔ ལྷོ་མོན་མཚམས་སུ་འཁྲུག་རྩོད་ཆེ༔ ཤ་མཁར་བརྩེགས་ཤིང་ཁྲག་མཚོ་བསྐྱིལ༔ ཁྲི་སྐོར་བཅུ་གསུམ་བོད་འདི་ཡི༔ གློ་བུར་རྒྱལ་པོ་འཕོ་འཕྱུག་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་གངས་རི་ཏེ་སེ་ན༔ ཁ་བ་ཉིན་ཞག་ཟླ་འབྲེལ་འབབ༔ རི་ཀླུང་དུད་འགྲོའི་ཤ་ཁྲག་ལ༔ གནས་ཡུལ་མཁའ་འགྲོས་ཚོགས་འཁོར་བྱེད༔ མ་ཕམ་གཡུ་མཚོ་ཆེས་ཆེར་དར༔ ཡར་ཀླུངས་ནང་དུ་སྒྲུབ་སྡེ་འབྱུང་༔ གངས་རིའི་སྐུ་མདོག་གཟི་འདྲ་ཞིང་༔ ཡང་ན་སྨུག་པོ་མཆོང་ལ་ཉེ༔ གྲི་གུག་མཚོ་ནས་འོད་དམར་མཆེད༔ གངས་རིའི་སྐུ་ལས་འོད་དང་སྒྲ༔ སྣ་ཚོགས་འགྲོ་བས་མཐོང་བ་འོང་༔ དེ་ཚེ་ཟབ་ཆོས་གཏེར་འདི་ཐོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་གསང་བའི་རྟགས་གསུམ་ནི༔ དམ་ཉམས་འཁོར་གཡོག་རྩོད་འཛིང་མང་༔ ཁྲིམས་གསར་ལ་ཆུ་འཕྲང་གསུམ་སྡེམ༔ ཤེས་པ་གང་ལའང་གཏད་མེད་པར༔ སྤྱོད་པ་ངེས་མེད་ཆོ་ལེར་འགྲོ༔ གསང་རྟགས་ཡིན་པས་གཏེར་ལ་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་གསང་བླ་ན་མེད་པའི་རྟགས༔ ཏེ་སེ་གངས་ཀྱི་ལྷ་བཙན་དང་༔ དམ་ཅན་རྡོ་རྗེ་ལེགས་པ་ཡིས༔ དངོས་གཟུགས་སྟོན་ཞིང་རོགས་དན་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨེ་མ་མ་འོངས་རྩོད་ལྡན་དུས༔ ལས་ཅན་སྐྱེས་བུ་འགྲོ་འདུལ་གླིང་༔ ཕྱི་ནང་གསང་བ་ཡང་གསང་གི༔ རྟགས་རྣམས་རིམ་པར་བརྟག་མཁས་བྱ༔ བདུད་ཀྱི་ཆོ་འཕྲུལ་རྐྱེན་ལ་གཟོབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་པོའི་བཙུན་མོ་འབྲོམ་བཟའ་འདི༔ སྐྱེ་བ་མང་བརྒྱུད་ཐ་མ་ལ༔ སྲིང་མོ་རྫོང་གི་གནས་ཀྱི་འདབས༔ ཕ་ཇོའི་བུ་མོ་རྟ་སྦྲུལ་ལོ༔ སྐྲ་ཁམ་ལུས་བོང་བཞིན་རས་མཛེས༔ འགྲོ་དུས་རྐང་གཡོན་སྔོན་དུ་འདོར༔ འདུག་དུས་སྐྱིལ་ཀྲུང་དག་གིས་སྡོད༔ སྐ་རག་ཆོས་འཁོར་དག་ཏུ་དཀྲི༔ རྡོ་རྗེ་འཁའ་འགྲོས་བྱིན་གྱིས་བརླབས༔ རིགས་ལྡན་བུ་མོ་གྲོགས་སུ་ཁྲིད༔ རྟེན་འབྲེལ་འདི་འགྲིག་གཏེར་འདི་ཐོན༔ དེ་མིན་རྐྱེན་གྱིས་འཁྱེར་ཡང་སྲིད༔ རྐྱེན་ལ་གཟོབས་ཤིག་རིགས་ཀྱི་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྟགས་མི་ནོར་འཆོལ་མེད་ནི༔ ལུག་རོ་ཁ་ཕྱེ་འདྲ་བའི་ཕུག༔ འདོམ་བརྒྱངས་གང་གི་གཡས་ཟུར་ན༔ ཚེས་བརྒྱད་ཟླ་བ་འདྲ་བའི་བྲག༔ མཚལ་གྱི་གཡང་དྲུང་རིས་ཀྱིས་མཚན༔ ཁྲུ་གང་ཟུར་གཡོན་ཕབ་པའི་སར༔ མདའ་གང་ས་ན་གཡའ་སྒྲོམ་ཡོད༔ སྐུ་ཚབ་ཨ་ཐམ་ཧྲཱི༔ ཐམ་མ༔ ཡོད་པས་ལྷ་བཙན་མཆོད་ལ་ཐོན༔ བདེ་ཆེན་གསང་ཕུག་ཡང་སྟེང་དུ༔ ཆོས་འབྱུང་རིས་ཀྱིས་མཚན་པའི་ནང་༔ བདེ་མཆོག་འཁོར་ལོའི་ཆོས་སྐོར་ཡོད༔ བཀའ་སྲུང་ལྷ་བཙན་ཕུད་ཀྱིས་མཆོད༔ གཏེར་གྲོགས་བུ་མོ་ཡོད་ན་ཐོན༔ དེ་མིན་རྐྱེན་གྱིས་ངེས་པར་འཁྱེར༔ རྐྱེན་ལ་གཟོབས་ཤིག་རིགས་ཀྱི་བུ༔ གསང་བའི་དམ་དང་ལུང་བསྟན་རྣམས༔ ཞལ་གདམས་ལུང་བསྟན་བཞིན་དུ་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་འདུག་པས། འདི་དོན་གྱི་དགོངས་དོན་བསྒྲུབ་བློར་སེམས་ཏེ། བླ་མ་དམ་པའི་གསུང་དང་སྦྱིན་བདག་ཧོར་སོག་གང་གི་ཡང་ཁ་དང་གསུང་ལ་མ་བརྩིས་པར། བློ་རང་ཐག་བཅད་དེ་ཏེ་སེའི་གངས་ལ་སོང་ཚེ། དངོས་ཉམས་རྨི་ལམ་མང་པོར་རེས་ཙ་ན་སོང་ཟེར་བ་འདྲ་བ་དང་། །རེས་ཙ་མ་འགྲོ་ཟེར་བ་འདྲ་བ་མང་པོ་ལུང་བསྟན་བྱུང་། ཁྱད་པར་ཅན་གྱི་དུས་རྟགས་ལྷོ་བོད་ཀྱི་འཚུབ་མ་ལངས་སོང་བས་ངེས་པར་འགྲོ་དུས་སུ་བབས་བསམས་ཏེ་སོང་བས། ཕྱི་ནང་གསང་བའི་རྟགས་རྣམས་ཁ་བྱང་ལྟར་བྱུང་། ཁྱད་པར་ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་བའི་ཚེས་བཅུ་བཞིའི་ཉིན་མོ། ཏེ་སེའི་སྐོར་ལམ་སྒྲོལ་མ་བླ་མཚོའི་ཁར་གཉིད་ཐུན་གཅིག་ཉལ་བའི་རྨི་ལམ་དུ་བུད་མེད་གཅིག་ན་རེ༔ བུ་ཁྱོད་ཀྱིས་རྟེན་འབྲེལ་ལ་གཟོབས། བར་ཆད་ཡོད་དོ། ད་བུ་མོ་ཀུན་བཟང་དབང་མོ་ཟླ་གྲོགས་ལ་འཛོམས་ན་མ་གཏོགས་གཏེར་ཐོན་པ་མེད་དོ། རྐྱེན་འཕྲང་ལ་གཟོབས་ཤིག་ཟེར་བ་ཐོས་པས་འོད་གསལ་སྙིང་པོ་ཀུན་བཟང་དབང་མོ་རྐང་པ་ན་ཡོད་གྱིས་ལ། མགྱོགས་པོ་མིན་ཙམ་ཤོག་སྨྲོས་བྱས་པས་མིག་རྒྱང་གང་ཙམ་རྗེས་སུ་བསྡད་སོང་། །དེ་ནས་མཉམ་དུ་བྱུང་བས་རྟེན་འབྲེལ་མི་འགྲིགས་པ་འདྲ་སྙམ་པའི་ཚོར་བ་ཆེན་པོ་བྱུང་། ཁྲོ་ཚིག་མང་པོ་སྨྲས་པས། རྐྱེན་ལ་མ་ཤོར་ཙམ་གྱི་ངང་ནས་བདེ་ཆེན་གསང་ཕུག་ཏུ་ཚེས་བཅོ་ལྔའི་ནུབ་མོ་འཛོམ། ཨོ་རྒྱན་རིན་པོ་ཆེར་གསོལ་འདེབས། གཏེར་སྲུང་མཆོད་པ་ལ་སོགས་ལེགས་འོས་སུ་བསྒྲུབས་པས། གཏེར་བསྲུང་ལྷ་བཙན་དང་དམ་ཅན་རྡོ་རྗེ་ལེགས་པ་གཉིས་མངོན་སྣང་དུ་མི་དཀར་དམར་གཉིས་ཀྱི་རྣམ་པར་བྱུང་ནས་རོགས་དན་མཛད་པས་རྩོལ་མེད་དུ་ཁ་བྱང་་ལྟར་རྙེད། དགའ་བའི་གླུ་བླངས། སྐྱིད་པའི་བྲོ་འཁྲབས། གུ་རུ་ལ་གསོལ་བ་བཏབ། བུ་མོ་འདིས་ཀྱང་དྲིན་ཆེར་བྱས་བྱུང་བསམ་པ་ཤར། དེ་ཉིད་ཀྱི་སྐོར་ལམ་ཐམས་ཅད་དུ་འཛབ་དབྱངས་དང་གླུ་བྲོ་རྒྱུན་མ་ཆད་བར་བྱས། སྣང་བ་བུན་ནེ་རིག་པ་ཧུ་རེ་བ་ཞིག་ལ་ནམ་མཁར་འཕུར་རམ་རི་བྲག་ལ་འཛུལ་ལམ། ཅི་བྱེད་ཀྱང་སྣང་སེམས་ཀྱི་རོལ་པ་འདི་ལ་སྤྱོད་ཆོག་བསམ་པའི་ཉམས་མང་པོ་ཤར། སྒྲོལ་མ་ལ་ཁའི་རྡོ་གཅིག་ལ་རྐང་རྗེས་གསལ་ལ་རང་ཡིད་ཆེས་པ་ཆ་གཅིག་དོད་སོང་། །ཨཱ༔ ཐམ་མ་བདུན། ཧྲཱི༔ ཐམ་མ་བདུན་རྣམས་བདག་གིས་ཟོས། གུ་རུ་རིན་པོ་ཆེའི་སྐུ་ཚབ་བྱེ་མ་ཨ་ཀྲོང་ལ་སྨོན་ལམ་རྣམ་དག་བཏབ། ཤོག་སེར་རྣམས་ཁ་ཕྱེས་ནས་བལྟས་པས་ལུང་བསྟན་གསལ་བའི་མེ་ལོང་གི་ཤོག་དྲིལ་ལ་ཐུག་པས་རྟེན་འབྲེལ་བཟང་དུ་གོཤོག་སེར་གྱི་སྐོར་ལ། རྩ་བའི་ཤོག་དྲིལ་དྲུགཡན་ལག་གི་ཤོག་དྲིལ་དྲུགཁ་བསྐང་བའི་ཤོག་དྲིལ་གཉིས་དང་བཅས་ཏེ་འདུག་གོ། །ཀྱེ་མ་ལྔ་བརྒྱའི་དུས་ཀྱི་མཐར། །ལུས་ངན་བླངས་པའི་འགྲོ་འདུལ་གླིང་། །བཟང་བྱས་འབྲས་བུ་ངན་དུ་སྨིན། །ཆེ་བཙན་དྲག་དགུ་བཟང་གསུམ་གྱི། །ངོ་འཛིན་འདི་ཡང་སྐྱུར་ནས་གཏོང་། དམ་ཚིག་སྡོམ་ཉམས་མང་པོ་ཡི། །འཁོར་གཡོག་འདི་ཡང་འབོར་ཏེ་འཇོག། ད་ནི་དབེན་པའི་རི་ལ་སྡོད། །གཅིག་པུར་རང་གཡོག་རང་གིས་བྱེད། །ཨོ་རྒྱན་པདྨ་ཡབ་ཡུམ་མཁྱེན། །སྐྱིད་སྡུག་ཅི་མཛད་ཁྱེད་རང་ཤེས། །ཞེས་སྨྲས་སོ། །སྤྲང་བན་འགྲོ་འདུལ་གླིང་པའི་གཏེར་འབྱུང་གཉིས་པའོ། བདེ་མཆོག་འཁོར་ལོའི་གཏེར་འབྱུང་སརྦ་མངྒ་ལཾ། །

ཐེམ་བྱང་གསང་བའི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཐེམ་བྱང་གསང་བའི་རིམ་པ་བཞུགས༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་འོངས་བོད་ཁམས་གངས་རིའི་ལྗོངས་འདི་རུ༔ ཆོས་ལུགས་མི་གཅིག་ཡ་མ་ཟུང་དུ་འབྱུང་༔ མདོ་སྔགས་ཆོས་ལ་རས་གཅོད་གཟུ་ལུམ་བྱེད༔ རྒྱལ་བའི་བཀའ་དཀྲུགས་བྱིན་རླབས་ན་བུན་ཡལ༔ ལོག་ཤེས་རྣོ་བས་རང་བཟོའི་གྲུབ་མཐའ་མང་༔ ལྟ་སྒོམ་སྤྱོད་པ་ཕལ་ཆེར་ལོག་དང་འཆལ༔ ལྷས་བྱིན་དགེ་སློང་གཟུགས་འཆང་གང་ཟག་ཚུལ༔ མདོ་སྔགས་ཡ་མ་ཟུང་གི་བསྟན་བཅོས་མང་༔ ཤཱཀྱའི་བསྟན་པ་ང་མིན་ང་འདྲས་བཤིགས༔ དེ་ཚེ་རྒྱ་འགྱུར་མ་འཕྱུགས་ང་ཡི་བཀའ༔ བྱ་སླ་ཚེགས་ཆུང་ལྟ་སྒོམ་སྤྱོད་དང་འབྲས༔ ལན་གྲངས་བཅུ་དྲུག་བཞུས་པའི་གསེར་དང་མཚུངས༔ ལས་འཕྲོ་ཡོད་ངེས་སྐལ་ལྡན་མ་གཏོགས་པ༔ ང་ཡི་ཟབ་ཆོས་རྣམས་དང་མི་འཕྲད་ཅིང་༔ གལ་སྲིད་འཕྲད་ཀྱང་ཉམས་སུ་ལོན་རེ་ཀན༔ དེས་ན་མ་འོངས་ང་སྤྲུལ་སྙིང་གི་བུ༔ ལས་ཀྱི་འཕྲོ་སད་ཉི་མ་གྲགས་པ་རྩལ༔ ང་ཡི་གཏེར་ལ་སྤྱོད་ཚེ་སྤྱོད་པ་གཟོབས༔ ཆོས་བརྒྱད་རྒྱབ་བསྐྱུར་སྒྲུབ་པ་དང་དུ་ལོངས༔ མི་ཡོང་གཞན་དོན་བོར་ལ་རང་དོན་ཚོལ༔ འདུ་འཛི་གཡེང་བ་བསྐྱུར་ལ་དབེན་པ་བསྟེན༔ བར་ཆད་གཙོ་བོ་གྲཱ་སློབ་དགོན་གནས་སྤོངས༔ ཆགས་སྡང་བརྟེན་ཕུར་ཕ་ཡུལ་རྒྱབ་ཏུ་སྐྱུར༔ དགྲ་བོའི་དབང་སྡུད་ཟས་ནོར་མ་གསོགས་ཤིག༔ རྟེན་འབྲེལ་རབ་གྱུར་གཤིན་རྗེའི་གཏེར་ཐོན་ན༔ ཆོས་ཀྱི་བདག་པོ་གངས་ཅན་གཙུག་གི་རྒྱན༔ ཆོས་རྒྱལ་སྤྲུལ་པ་རྒྱ་མཚོའི་མཚན་ཅན་གྱི༔ བླ་མཆོད་བྱེད་ཅིང་འགྲོ་དོན་བསྟན་པ་རྒྱས་༔ རྟེན་འབྲེལ་འབྲིང་བབས་རྫོགས་ཆེན་གཏེར་ཐོན་ན༔ གཞན་དོན་མི་ཡོང་པདྨ་འབྱུང་གནས་བཀའ༔ རང་དོན་རྩེ་གཅིག་བསྒྲུབ་པའི་དུས་ཡིན་ནོ༔ ཟང་ཟིང་དབང་སོང་ཚེ་ལ་བར་གཅོད་འབྱུང་༔ རིག་པ་ཚད་ཕེབས་འོད་གསལ་གཡོ་འགུལ་མེད༔ ཉམས་རྟོགས་མཐར་ཕྱིན་དྲོད་རྟགས་མ་ཐོབ་བར༔ གསང་རྒྱ་སྡོམས་ལ་སྒྲུབ་པ་སྲོག་དང་སྡོས༔ ཆོས་ཀྱི་བདག་པོ་ལུང་ཟིན་ཡིན་ངེས་ལ༔ མནའ་རྒྱས་ལན་གསུམ་ཐོབ་ལ་གསང་བར་སྤེལ༔ ཡུན་རིང་འགྲོ་དོན་དོན་ཆེན་ངང་གིས་འགྲུབ༔ མི་ཡི་མཚང་སྣོན་མ་བྱེད་དམ་ཚིག་སྲུངས༔ དམ་ཚིག་མ་བསྲུངས་ངན་དགུ་འཕྲལ་དུ་འབྱུང་༔ རང་གིས་རང་ཉིད་མ་བསླུ་སྙིང་གི་གཏམ་༔ ཨོ་རྒྱན་ང་ལ་གསོལ་བ་སྙིང་ནས་ཐོབ༔ ཚེས་བཅུའི་མཆོད་པ་བསྐང་བཤགས་རྒྱུན་མ་གཅོད༔ མི་ཟེར་བྲོད་ཁར་མ་ཉན་རང་ཐག་གཅོད༔ རྟེན་འབྲེལ་ཐ་མ་གཏེར་ཕྲན་ཆོས་རྙེད་ན༔ ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་སྤེལ༔ བོད་ཁམས་ཡོངས་ལ་མ་ཎིའི་འབྲེལ་བ་ཞོག༔ འགྲོ་དྲུག་ཀུན་ལ་བྱམས་དང་སྙིང་རྗེ་བསྒོམས༔ འབྲེལ་ཐོགས་འགྲོ་བ་མ་འོངས་གདུལ་བྱར་འགྱུར༔ བླ་མ་བདེ་མཆོག་དབང་གི་ཆོས་ཀྱི་སྐོར༔ ཐེམ་བྱང་འདི་དང་ལོ་རྒྱུས་རྩ་རྒྱུད་གསུམ༔ སྒྲུབ་བའི་ཁོག་དབུབ་ལས་བྱང་བུམ་དབང་དང་༔ གསང་དབང་ཤེས་རབ་ཚིག་དབང་རིན་པོ་ཆེ༔ ཕྱི་ནང་གསང་གསུམ་ཡང་གསང་སྒྲུབ་དང་བཞི༔ ཁྲེགས་ཆོད་ཐོད་རྒལ་རླུང་གནད་རྣམ་པ་གསུམ༔ ད་ལའི་རྣམ་དག་སྒྲུབ་པའི་བླ་རྡོ་གསུམ༔ བསྐང་བ་བདུད་རྩི་སྨན་སྒྲུབ་ཡིག་སྣ་བཞི༔ བམ་སྒྲུབ་མི་རོའི་ལས་སྦྱོར་མེ་མཆོད་དང་༔ རླུང་འཁོར་ལས་ཚོགས་སྐལ་ལྡན་ལུང་བསྟན་གསུམ༔ གོ་ཆའི་ལྷ་དབང་དོན་དབང་རབ་གནས་དང་༔ ཀླུ་དབང་ཞུས་ལན་སྐྱེ་འཕྲེང་ལུང་བསྟན་གཉིས༔ སྤྱི་ལུང་གཏོར་བཟློག་བསྐུལ་དང་དམོད་བྱང་དང་༔ འཕོ་བ་སཱཙྪ་ས་ཡི་མདོ་ཆིངས་དང་༔ ཐོད་བརྟགས་ཟིན་བྲིས་བཞི་དང་བཀའ་སྲུང་གི༔ ཡིག་སྣ་དགུ་དང་གཏེར་སྲུང་མཆོད་ཐབས་བཅས༔ རྩ་བའི་ཆོས་ཚན་ལྔ་བཅུ་རྩ་བདུན་དང་༔ ཡན་ལག་མ་ཚང་ཆོས་ཀྱི་ཁ་སྐོང་དུ༔ ཟབ་ལམ་གསང་བ་ཐུགས་རྗེ་ཆེན་པོ་ཡི༔ ལོ་རྒྱུས་དབང་དང་སྒྲུབ་པ་ལས་བྱང་དང་༔ བུམ་སྒྲུབ་ཚེ་སྒྲུབ་རླུང་སྦྱོར་བཏགས་གྲོལ་དང་༔ མོ་ཁྲིད་དང་ནི་ཟིན་བྲིས་དབང་སྡུད་དང་༔ ལས་ཚོགས་གཤིན་པོ་རྗེས་འཛིན་ལ་སོགས་ཏེ༔ ཆོས་ཚན་བཅུ་གསུམ་དག་གིས་ཚང་བར་བསྟན༔ ཚེ་སྒྲུབ་ལས་བྱང་དབང་དང་ཉེ་ཤིང་དང་༔ ར་མོ་ཤག་དང་དབང་ལག་བདུད་རྩི་བཞི༔ སྒྲུབ་པའི་ཡིག་ཆུང་ཆོས་ཚན་བདུན་གྱིས་རྫོགས༔ རྡོར་སེམས་ལས་བྱང་རྡོར་སེམས་དབང་ཆོག་དང་༔ རྡོར་སེམས་གསང་སྒྲུབ་ལག་ལེན་གབ་ཐིག་དང་༔ མཐོང་གྲོལ་འཁོར་ལོ་ལས་མཐའི་འགྲོ་དོན་གསུམ༔ སྒྲིབ་སྦྱོང་རོ་སྲེག་ཆོས་ཚན་རྣམ་པ་དགུས༔ ཞི་བ་རྡོ་རྗེ་སེམས་དཔའི་ཆོས་སྐོར་ཚང་༔ འཇམ་དབྱངས་སྒྲུབ་ཐབས་དབང་དང་ལག་ལེན་གསུམ༔ གསང་སྒྲུབ་འཁོར་ལོ་ལས་ཚོགས་ཐོར་བུ་སྟེ༔ ཆོས་ཚན་དྲུག་གིས་རྫོགས་པར་བསྟན་ནོ་རྒྱ༔ མཁའ་སྤྱོད་བདུད་འདུལ་ནག་མོའི་སྒྲུབ་ཐབས་དང་༔ ལས་བྱང་བསྐུལ་དང་བསྐང་བ་དབང་ཆོག་སྟེ༔ ཚེ་སྒྲུབ་རྫས་བསྲུང་གསང་བའི་རྡོ་བཟློག་དང་༔ ལས་སྦྱོར་གསུམ་དང་ཟིན་བྲིས་ཡིག་ཆུང་དང་༔ འཕུང་བཤིག་སྒྲུབ་པ་འཕུང་གཏད་ནག་པོ་དང་༔ འཁོར་ལོ་འབྲི་ཐབས་གསང་བའི་ལས་མཐའ་གསུམ༔ དུག་མདའ་ནག་པོ་དགྲ་བོའི་ངག་མནན་དང་༔ ཉེ་དབྱེ་ཆོ་འཕྲུལ་ཆུ་ཁྱགས་འབེབས་པའི་ཐབས༔ ཡང་ཟབ་བསྲུང་བ་གསུམ་དང་བཟློག་པ་གསུམ༔ ངག་མནན་འགྲོལ་ཐབས་གྲིབ་མདོས་དང་བཅས་ཏེ༔ ཆོས་ཚན་ཉེར་ལྔས་ཡོངས་སུ་རྫོགས་པར་བསྟན༔ སྲིད་པའི་ལྷ་ཆེན་ལས་ཀྱི་ཧེ་རུ་ཀའི༔ སྒྲུབ་ཐབས་ལས་བྱང་དབང་དང་བླ་རྡོ་དང་༔ སྙིང་བྱང་ཞལ་ཁྲིད་ལས་སྦྱོར་རྣམ་པ་གསུམ༔ བདུད་རྩི་དཀར་པོའི་ལས་ཚོགས་བཅུ་བདུན་དང་༔ མན་ངག་ཐོར་བུ་དང་བཅས་ཆོས་ཚན་བཅུས༔ ལྷ་ཆེན་ཡབ་ཡུམ་སྒྲུབ་པའི་གདམས་སྐོར་རྫོགས༔ འཛམ་ལྷ་དམར་པོའི་ཡིག་སྣ་རྣམ་གསུམ་སྟེ༔ ཆོས་ཚན་དྲུག་ཅུ་རེ་ལྔ་མ་བུར་བཅས༔ ཡན་ལག་མ་ཚང་ཆོས་ཀྱི་ཁ་སྐོང་རྫོགས༔ འདི་ནི་རྩ་བ་ཡན་ལག་ཁ་སྐོང་གི༔ ཁ་བྱང་མ་བུ་ཆ་ལག་ཕྱོགས་སུ་སྡེབས༔ ནོར་འཁྲུལ་ལྷག་ཆད་སྤང་ཕྱིར་ཐེམས་སུ་བསྒྲིགས༔ ཡོངས་དྲིལ་ཆོས་ཚན་བརྒྱ་དང་ཉེར་དགུའོ༔ ས་མ་ཡཱ༔ ཨེ་མ་ཡང་ཟབ་སྙིང་པོ་ཆིག་དྲིལ་ཆོས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་དང་༔ ས་འོག་ཀུན་གྱི་གཏེར་གཅིག་ཡིད་བཞིན་ནོར༔ རིགས་འཛིན་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འདི༔ གཅེས་པར་ཆོངས་ལ་ཉམས་རྟོགས་མཐའ་རུ་སྐྱོལ༔ སརྦ་མངྒ་ལཾ། །

ཆོས་ཀྱི་ལོ་རྒྱུས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལོ་རྒྱུས་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བླ་མ་བདེ་མཆོག་འཁོར་ལོ་ཡི༔ ལོ་རྒྱུས་རིམ་པ་གསལ་བར་བཀོད༔ མ་འོངས་ལས་ཅན་སྙིང་གི་བུ༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཆོས་དབྱིངས་ངོ་བོ་ཡེ་དག་བྱ་རྩོལ་ལས་འདས་པའི་ཕོ་བྲང་དུ༔ གདོད་མའི་མགོན་པོ་འོད་མི་འགྱུར་བའི་རྣམ་རོལ་ཡེ་ཤེས་ཀྱི་རྩལ་ལས་རང་ཤར་ཏེ༔ རིགས་འཛིན་རོལ་པའི་དུར་ཁྲོད་དུ༔ དཔལ་ཆེན་པོ་རིགས་འཛིན་འདུས་པ་རྩལ་གྱིས༔ དུས་གསུམ་དུས་མེད་ཀྱི་ངང་ནས༔ རིགས་འཛིན་འདུས་པའི་རྩ་རྒྱུད་བཀའ་སྩལ་པ་དང་༔ རྡོ་རྗེ་ནུས་འབྱིན་རྩལ་ལས་རྡོ་རྗེ་སེམས་དཔས་བཀའ་ཡི་བསྡུ་བ་མཛད་ནས༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་ཏེ་བཞག་པ་ལས༔ བདག་པདྨ་ཐོད་ཕྲེང་རྩལ་དུར་ཁྲོད་ཆེན་པོ་བརྒྱད་ལ་སྤྱོད་པ་སྤྱད་དུ་སོང་ཞིང་༔ ཁྱད་པར་དུར་ཁྲོད་བསིལ་བ་ཚལ་དུ་བམ་རོའི་སྒྲུབ་པ་ལ་ཡོད་དུས༔ ཐོ་རངས་ཀྱི་ནམ་མཁའ་ལས་དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་པ༔ ཨེ་མ་པདྨ་ཐོད་ཕྲེང་རྩལ༔ ཁྱོད་ནི་འཁོར་འདས་ཡོངས་ཀྱི་དཔལ༔ གདོད་མའི་མགོན་པོ་ཧེ་རུ་ཀ༔ ཆོས་དབྱིངས་ངང་ནས་རང་ཤར་ཏེ༔ རིགས་འཛིན་འདུས་པའི་རྩ་རྒྱུད་གསུངས༔ བཀའ་ཡི་བསྡུ་བ་བདག་གིས་བྱས༔ མཆོད་རྟེན་བདེ་བྱེད་བརྩེགས་པ་ཡི༔ ཉི་མའི་སྙིང་པོར་གཏེར་དུ་ཡོད༔ གཏེར་སྲུང་མཆོད་ལ་རྒྱུད་དཔེ་བཤུས༔ མ་དཔེ་རང་གནས་བཞུགས་སུ་ཆུག༔ རྒྱ་གར་འཕགས་པའི་ཡུལ་འདི་ན༔ རིགས་འཛིན་རྒྱུན་མི་འཆད་པ་ཡི་༔ བསྟན་པའི་བཙས་ཡིན་ཨེ་མ་ཧོ༔ པདྨ་ཐོད་ཕྲེང་ལེགས་པར་ཉོན༔ རྒྱུད་ལ་བརྟེན་པ་སྒྲུབ་པའི་ཐབས༔ མ་བུ་ཆ་ལག་ཁ་ཁོངས་ལ༔ ལས་དང་སྐལ་བར་ལྡན་པ་འགའ༔ སྨིན་གྲོལ་འཐོབ་པའི་འཕྲིན་ལས་སྐྱོངས༔ གསུངས་པ་དང་༔ བསྟོད་པ༔ ཨེ་མ་ཧོ༔ ཨ་ལ་ལ༔ ཡེ་ཤེས་རོལ་པ་འགྲོ་བའི་སྐྱབས༔ སངས་རྒྱས་ཀུན་འདུས་རྡོ་རྗེ་སེམས༔ རིགས་བདག་མགོན་པོ་ཁྱོད་ལ་བསྟོད༔ ཅེས་བསྟོད་པས་རྡོ་རྗེ་སེམས་དཔའ་མཁའ་ལ་འོད་དུ་ཡལ༔ དེ་ནས་གཏེར་གྱི་སྲུང་མ་ནི༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ པདྨ་བདག་ལ་འདི་སྐད་གསུང་༔ སྟོན་པ་རྡོ་རྗེས་བཀའ་སྩལ་པའི༔ རིགས་འཛིན་འདུས་པའི་རྩ་རྒྱུད་ཆོས༔ རིགས་འཛིན་ཆེན་པོ་མཆོག་ཁྱོད་ཀྱིས༔ ཅི་དགར་སྤྱོད་ཅིག་འགྲོ་དོན་སྤྱོད༔ ཅེས་གསུངས་བཀའ་ཡི་གནང་བ་བྱིན༔ ཉི་མའི་འཁོར་ལོའི་སྙིང་པོ་ནས༔ ཟབ་ཆོས་ཀུན་གྱི་མཐར་ཐུག་པ༔ རྫོགས་པ་ཆེན་པོ་བླ་ན་མེད༔ རིགས་འཛིན་འདུས་པའི་རྩ་རྒྱུད་བླངས༔ བུ་དཔེ་བཤུས་ནས་མ་དཔེ་སྦས༔ རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་བརྩམས༔ རིག་འཛིན་རྣམས་རིགས་འཛིན་ཆེན་པོ་བརྒྱད་དང་བཀའ་ཡང་བགྲོས༔ འཕགས་པའི་ཡུལ་དུ་བག་ཙམ་བཤད༔ བོད་ཡུལ་སྟོན་པས་ཞབས་མ་བཅགས༔ འདུལ་བའི་སྨོན་ལམ་བདག་ལ་ཡོད༔ མ་འོངས་ཤེས་པའི་པདྨ་ངས༔ བོད་དུ་འོང་བ་སེམས་ཀྱིས་ཤེས༔ ཤོག་སེར་བྲིས་ནས་བོད་དུ་ཁྱེར༔ སྤྱན་རས་གཟིགས་ཀྱིས་བྱིན་བརླབས་པའི༔ ཐུགས་ཀྱི་སྲས་གྱུར་ཀླུ་དབང་དང་༔ མཚོ་རྒྱལ་དཔལ་གྱི་ཡེ་ཤེས་དང་༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ བསམ་ཡས་མཆིམས་ཕུའི་ནགས་ཁྲོད་དུ༔ བཀའ་བརྒྱད་ཆོས་ཀྱི་སྨིན་གྲོལ་བཀོད༔ བདེར་འདུས་འོ་མའི་རྒྱ་མཚོ་ལས༔ སྙིང་པོའི་བཅུད་བསྡུས་བླ་མེད་གནད༔ རིགས་འཛིན་བླ་མའི་སྒྲུབ་ཐབས་དང་༔ མ་བུ་ཆ་ལག་རྒྱུད་སྐོར་རྣམས༔ ཉམས་ལེན་ཆིག་དྲིལ་སྒྲུབ་པར་བསྟན༔ མ་སྤེལ་སྙིང་གི་དཀྱིལ་དུ་སྦོས༔ བཀའ་རྒྱས་བཏབ་སྟེ་ཉམས་ལེན་སྤྲད༔ ཁྱད་པར་ཀླུ་ཡི་དབང་པོ་ལ༔ ཆོས་འདི་དབང་བའི་སྨོན་ལམ་བཏབ༔ ཏེ་སེ་གངས་ལ་གཏེར་དུ་སྦས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་ང་བུ་ལས་འཕྲོ་ཅན༔ ཟབ་མོའི་ཆོས་ལ་སྤྱོད་པའི་ཚེ༔ གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར༔ བསྟན་པ་རྟགས་འཛིན་ཡང་མཐའ་དུས༔ མི་དགེ་བཅུ་ལ་ཉམས་ལེན་བྱེད༔ མཚམས་མེད་ལྔ་ལ་དམར་གཡོས་བྱེད༔ བདུད་དང་རྒྱ་འདྲེ་ཟ་ཁ་དར༔ མཐའ་དབུས་ཀུན་ཏུ་འཁྲུག་རྩོད་མང་༔ ཨེ་མ་བསྐལ་བའི་སྙིགས་མ་ལ༔ སྨོན་ལམ་དབང་གིས་ལུས་བླངས་པའི༔ གར་དབང་འགྲོ་འདུལ་གླིང་པ་ཁྱོད༔ བར་གཅོད་འཕྲང་དགུ་དག་ལ་འགྲིམ༔ བསྐལ་པ་དུས་ཀྱི་ཡང་མཐའ་ལ༔ རང་དོན་ཆོས་ཀྱི་སྒྲུབ་པར་འབུངས༔ གཞན་དོན་སྨོན་ལམ་རྒྱ་མ་ཆུང་༔ ལས་ཅན་ཆོས་བདག་བུ་རྣམས་ལ༔ བཀའ་རྒྱས་ཐོབ་ལ་ཆོས་འདི་སྤྲོད༔ དང་པོ་རང་གིས་ལེགས་པར་སྒྲུབས༔ དེ་ནས་ཆོས་བདག་མ་ནོར་བུ༔ ཉམས་སྣང་དངོས་དང་རྨི་ལམ་ལ༔ མཁའ་འགྲོའི་ལུང་བསྟན་འབྱུང་གི་གསལ༔ ལུང་ཟིན་སྐལ་ལྡན་མ་གཏོགས་པ༔ ཁྲོམ་ཆོས་མཁའ་འགྲོས་བར་ཆད་འོངས༔ དམ་ཆོས་འཚོ་ཤེས་གྱིས་ཤིག་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུས་ངན་ཐ་མའི་སྤྲང་བན་འགྲོ་འདུལ་གླིང་། །སྨོན་ལམ་ཆུད་ཟོས་མ་བཏང་སྙིང་རུས་བྱས། །ལྟོགས་སྡུག་ཚ་གྲང་བཀྲེས་སྐོམ་དཀའ་བ་སྤྱད། །ཏེ་སེ་གངས་ནས་ཨོ་རྒྱན་ཟབ་གཏེར་ཐོབ། །སྔོན་སྦྱངས་ལས་འཕྲོ་སད་པའི་སྤྲང་པོ་དགའ། །སུ་མ་མགུ་ཡང་རང་གིས་ཉམས་སུ་ལེན། །པདྨ་འབྱུང་གནས་དེ་དང་གཉིས་མེད་ཤོག། ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ནུབ་མོ་གངས་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་། རང་ཉམས་ལེན་ཕྱིར་ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ས་ཕོ་རྟ་ལོ་ཧོར་ཟླ་བཅུ་པར་ཤོག་སེར་ལས་ཕབ་པའི་ཡི་གེ་པ་ནི་སྤྲང་པོ་རང་ངོ། །མངྒ་ལཾ། །

རིག་འཛིན་འདུས་པའི་རྩ་རྒྱུད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རིག་འཛིན་འདུས་པའི་རྩ་རྒྱུད་བཞུགས་སོ༔ ཨོ་རྒྱན་སྐད་དུ༔ བོད་སྐད་དུ་རིག་འཛིན་འདུས་པའི་རྩ་རྒྱུད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན༔ གནས་ཕུན་སུམ་ཚོགས་པ་རིག་འཛིན་རོལ་པ་ཆེན་པོའི་སྒྱུ་འཕྲུལ་གྱི་བཀོད་པ་ཞེས་བྱ་བ༔ མཐའ་དང་དབུས་མེད་པ༔ ཕྱི་ནང་ཡང་ཀུན་ཏུ་གསལ་བ༔ ཀུན་ཏུ་ཡང་ནང་དུ་གྱུར་པ༔ ཕྱི་ལྟར་བཀོད་པ་ལྷུན་གྲུབ་ཀྱི་ཞིང་ཁམས༔ ནང་ལྟར་གསང་ཆེན་རོལ་པའི་དུར་ཁྲོད༔ གསང་བ་འོག་མིག་སྟུག་པོ་བཀོད་པའི་ཕོ་བྲང་དང་གཉིས་སུ་མེད་པའི་ཞིང་ཁམས་ཀྱི་དབུས་ན༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ལ༔ དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ ལྗང་གུ་དང་༔ མཐིང་ག་ལ་སོགས་པའི་འོད་ཟེར་གྱི་དྲྭ་བས་འབྲེལ་བ༔ ལྟ་ན་སྡུག་པའི་གཞལ་ཡས་ཁང་ཆེན་པོ་དེའི་དབུས་སུ༔ ཉི་མ་དང་༔ ཟླ་བ་དང་༔ པདྨ་དང་༔ དར་ཟབ་སྣ་ཚོགས་བརྩེགས་པའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་ན༔ རིགས་འཛིན་ཐམས་ཅད་ཀྱི་སྐུ་དང་༔ གསུང་དང་ཐུགས་དང་ཡོན་ཏན་འཕྲིན་ལས་ཐམས་ཅད་འདུས་པའི་ངོ་བོ༔ གར་གྱི་དབང་ཕྱུག་ཧེ་རུ་ཀཿདཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་ཐོད་པའི་ཕྲེང་བ་ཅན༔ རིག་འཛིན་འདུས་པ་རྩལ་བདེ་བའི་དབང་ཕྱུག་མཆོག་གི་རྒྱལ་པོ་ཞེས་བྱ་བས༔ ཧེ་རུ་ཀཿའི་ཆས་རྣམས་ཀྱིས་སྤྲས་ཤིང་༔ རང་འོད་ཀྱི་གསལ་མདངས་སུ༔ ཡུམ་གར་གྱི་དབང་མོ་རྩལ་མནྡྷ་རཱ་བ་དང་གཉིས་མེད་དུ་འཁྲིལ་ཞིང་༔ བདེ་སྟོང་དབྱེར་མེད་སྤྲོས་བྲལ་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ༔ སྙོམས་པར་ཞུགས་མ་ཐག་ཏུ་རང་བྱུང་གི་སྒྲ་ལས༔ ཨཱཿཧཱཾ༔ བཛྲ་ངྷརྨཱ་ངྷརྟུ་ཡོ་གི་ནི༔ ཞེས་པའི་སྒྲ་ཆེན་པོ་དེས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ་པས༔ རྣམ་པར་སྨིན་པའི་རིག་འཛིན༔ ས་ལ་གནས་པའི་རིག་འཛིན༔ ལྷུན་གྱིས་གྲུབ་པའི་རིག་འཛིན༔ ཚེ་ལ་དབང་བའི་རིག་འཛིན་༔ ཕྱག་རྒྱ་ཆེན་པོའི་རིག་འཛིན༔ ཡི་དམ་དང་མཁའ་འགྲོ་དང་ཆོས་སྐྱོང་བའི་སྲུང་མ་བསམ་གྱིས་མི་ཁྱབ་པ་སྐད་ཅིག་དེ་ལ་ཞིང་ཁམས་དེ་ཉིད་དུ་འདུས་སོ༔ འདུས་པར་གྱུར་ཏོ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གླེང་གཞི་གླེང་ལངས་པའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ལས་མི་གཞན་པའི༔ རིག་འཛིན་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ དགོངས་པ་གཅིག་གི་ཆོས་ཉིད་ལས༔ རིག་འཛིན་རྡོ་རྗེ་ནུས་འབྱིན་ཞེས༔ སྟོན་པའི་མདུན་དུ་སྤྲུལ་བྱས་ནས༔ བདེ་བའི་འཁོར་ལོར་འདི་སྐད་གསོལ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ དུས་གསུམ་རིག་འཛིན་འདུས་པའི་གཙོ༔ མཁའ་འགྲོ་གིང་དང་ལང་ཀའི་བདག༔ ཕུན་སུམ་ཚོགས་པའི་ཞིང་ཁམས་སུ༔ རིག་འཛིན་མཁའ་འགྲོའི་ཕོ་བྲང་དུ༔ རང་འོད་ཡུམ་དང་བཅས་བཞུགས་ཏེ༔ བདེ་སྟོང་ཟུང་འཇུག་ཨཱཿཧཱཾ་སྒྲས༔ ཕྱོགས་བཅུའི་ཞིང་གི་ཁྱོན་གང་བའི༔ བདེ་སྟོང་ཟུང་འཇུག་སྒྲ་དབྱངས་དོན༔ འདུས་པའི་འཁོར་ལ་བཤད་དུ་གསོལ༔ དེ་སྐད་ཅེས་ནི་གསོལ་བ་དང་༔ བཅོམ་ལྡན་བདེ་མཆོག་འཁོར་ལོ་ཡིས༔ འདུས་པའི་འཁོར་ལ་བཀའ་སྩལ་པ༔ ཉོན་ཅིག་རྡོ་རྗེ་ནུས་འབྱིན་རྩལ༔ ང་ཡི་ཞིང་མཆོག་དམ་པ་འདི༔ དངོས་པོ་མ་ཡིན་དངོས་མེད་མིན༔ རྟག་པ་མ་ཡིན་སྟོང་པ་མིན༔ རྒྱུ་ལས་མ་བྱུང་རྐྱེན་ལས་མིན༔ དེ་དབུས་སྣ་ཚོགས་རྒྱན་ལྡན་པའི༔ རིགས་འཛིན་ཡོངས་འདུས་ཕོ་བྲང་ཆེ༔ གྲུ་བཞི་པ་ལ་སྒོ་བཞི་པ༔ རྒྱན་དང་རྟ་བབས་བཞི་བཞིར་ལྡན༔ ལྷ་ཀླུ་གནོད་སྦྱིན་ཀ་གདུང་ལ༔ གཟའ་སྐར་དྲལ་ཕྱམ་ཞིང་ལྤགས་ཐོག༔ རྒྱུ་མའི་དྲ་ཕྱེད་ཙིཏྟའི་ཏོག༔ གདུགས་དང་ཆོས་འཁོར་ཉི་ཟླས་སྤྲས༔ དུར་ཁྲོད་བརྒྱད་ཀྱི་ཁོར་ཡུག་ཚོགས༔ ཐོག་མ་མ་ཡིན་ཐ་མ་མིན༔ དངོས་དང་དངོས་མིན་ལས་འདས་ཤིང་༔ རྒྱུ་དང་རྐྱེན་གྱི་འདུ་འཕྲོ་ཟད༔ ཟད་པ་ཟག་མེད་ཆོས་དབྱིངས་ཀློང་༔ དུས་གསུམ་མཉམ་ཉིད་ཀློང་དུ་བརྡལ༔ དེ་དབུས་སྣ་ཚོགས་བཀོད་ལེགས་ཁྲིར༔ ཉི་མ་འབུམ་གྱི་འོད་འཕྲོ་བའི༔ བདག་ཉིད་བདེ་བའི་ཧེ་རུ་ཀ༔ སྟོང་པའི་རང་རྩལ་ཡུམ་དང་འཁྲིལ༔ ཨཱཿཧཱཾཿསྒྲ་ཡིས་རྒྱལ་དང་སྲས༔ རྟོག་མེད་དབྱིངས་སུ་དགའ་བཞིས་མཆོད༔ ནམ་མཁའི་མཐར་ཐུག་ཁྱོན་བཀང་སྟེ༔ སེམས་ཅན་ཀུན་ཡིད་ཚིམ་པར་བྱེད༔ སེམས་ཅན་ཀུན་གྱི་ཡིད་དགའ་བ༔ གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད༔ ནོར་བ་ཐམས་ཅད་རྣམ་པར་སྤངས༔ དུས་གསུམ་སངས་རྒྱས་ལས་བྱེད་པ༔ སངས་རྒྱས་ཐོག་མ་ཐ་མ་མེད༔ ཨཱཿནི་ཀུན་བཟང་ཡུམ་གྱི་མཁའ༔ ཆོས་འབྱུང་འབར་བ་ཨཱཿཡི་ཚུལ༔ རྡོ་རྗེ་བཙུན་མོའི་བྷ་ག་ཆེ༔ བདེ་ཆེན་ཡེ་ཤེས་ཤེས་རབ་མཆོག༔ ཧཱུྃ༔ ནི་བདེ་མཆོག་འཁོར་ལོ་སྟེ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ རྡོ་རྗེ་ཡེ་ཤེས་རྡོ་རྗེ་མཆོག༔ རང་བྱུང་རྡོ་རྗེ་མཆོག་སྩོལ་བ༔ ཐབས་ཀྱི་སྐུར་སྟོན་དཔའ་བོ་དཔལ༔ བཛྲ་མི་ཤིག་འཇིགས་བྲལ་བ༔ ངྷརྨཱ་ཆོས་རྣམས་སྐྱེ་བ་མེད༔ ངྷརྟུ་འཕོ་འགྱུར་བྲལ་བ་སྟེ༔ ཡོ་གི་ཁམས་གསུམ་ཀུན་ཏུ་རྒྱལ༔ དགའ་བ་དགའ་བྲལ་དགའ་བའི་མཆོག༔ རྟོག་མེད་ཆོས་སྐུ་ལྷུན་གྱིས་གྲུབ༔ སངས་རྒྱས་ཉག་གཅིག་ཆོས་ཀྱི་སྐུ༔ རྒྱུ་དང་རྐྱེན་རྣམས་དབྱིངས་སུ་དག༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བདེ་སྟོང་ཟུང་འཇུག་གི་དོན་བཤད་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ བདེ་སྟོང་འབར་བའི་སྒྱུ་འཕྲུལ་ལས༔ རིག་འཛིན་ཡོངས་ཀྱི་རྩལ་འཆང་བའི༔ བདེ་མཆོག་འཁོར་ལོའི་ཏིང་འཛིན་གྱིས༔ གྲོལ་ལམ་འཇུག་ཐབས་ཇི་ལྟར་ལགས༔ བསྐྱེད་པའི་རིམ་པ་གང་ལྟར་བསྒོམ༔ དུས་གསུམ་རིག་འཛིན་དོན་དུ་གསུངས༔ ཅེས་གསོལ་སྟོན་པས་བཀའ་སྩལ་པ༔ ནུས་འབྱིན་རྡོ་རྗེ་མཆོག་ཁྱོད་ཉོན༔ རིག་པ་འཛིན་པ་ཀུན་འདུས་པའི༔ བདེ་མཆོག་བླ་མའི་ཏིང་འཛིན་ལ༔ འཇུག་པར་འདོད་པའི་རྣལ་འབྱོར་པས༔ བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ༔ དུར་ཁྲོད་རི་སུལ་ནགས་འདབས་སམ༔ གཡའ་དང་གངས་ཁྲོད་དབེན་གནས་སུ༔ བྱ་བྱེད་འདུ་ཚོགས་གཡེང་བ་སྤངས༔ དཀར་ཕྱོགས་སྲུང་མར་གཙང་གཏོར་འབུལ༔ ནག་ཕྱོགས་བགེགས་རིགས་སྔགས་ཀྱིས་སྦྱང་༔ སྐྱབས་གྱུར་བླ་མེད་དཀོན་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་གསོལ་འདེབས༔ བདག་གཞན་བསྟན་དང་འགྲོ་དོན་དུ༔ རང་བྱུང་དོན་གྱི་ཆོས་ལ་འཇུག༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ སྔགས་དང་དམིགས་པས་སྒྲིབ་གཉིས་སྦྱངས༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན༔ གཅིག་ཏུ་བསྡུས་ནས་གང་ལ་འབུལ༔ ཚོགས་རྫོགས་སྒྲིབ་སྦྱངས་བླ་མེད་མཆོག༔ ཡན་ལག་བདུན་དང་དམ་བཤགས་འབུལ༔ བརྒྱུད་པར་གསོལ་བ་སྙིང་ནས་འདེབས༔ མོས་གུས་བསྐྱེད་ཅིང་དབང་བཞི་ལེན༔ ཐུན་མོང་སྔོན་འགྲོའི་ལས་རིམ་མོ༔ དངོས་གཞི་ཏིང་འཛིན་རྣམ་པ་གསུམ༔ སྣོད་བཅུད་དུག་གསུམ་རྣམ་པར་སྦྱངས༔ མཁའ་ཀློང་རྣམ་པར་དག་པའི་ངང་༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྂ༔ སྟོང་ཉིད་ནམ་མཁའ་མཐའ་དབུས་མེད༔ རླུང་གིས་བཏེག་པའི་གསེར་གྱི་གཞི༔ རིག་འཛིན་རོལ་པའི་དུར་ཁྲོད་དབུས༔ ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ༔ ཏི་ར་ཉི་ཟླ་པདྨ་དང་༔ དར་ཟབ་བརྩེགས་པའི་ཁྲི་སྟེང་དུ༔ རྡོ་རྗེ་ཧཱུྃ་གིས་མཚན་པར་བསྒོམ༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཡོངས་གྱུར་ངོ་བོ་རང་རིག་ནི༔ རིག་འཛིན་འཁོར་ལོ་བདེ་མཆོག་ཆེ༔ རྣམ་པ་གསལ་ལ་མ་འདྲེས་པ༔ རྣམ་དག་དྲན་ལ་ཡོངས་སུ་རྫོགས༔ ང་རྒྱལ་རྡོ་རྗེ་ཡེ་ཤེས་སྐུ༔ སྣང་སྟོང་ཆུ་ཡི་ཟླ་གཟུགས་ལྟར་༔ མ་ཡེངས་ངང་ནས་ལྷམ་མེར་གསལ༔ དེ་ཡི་ཕྱི་རིམ་པད་འདབ་ལ༔ ཕྱོགས་བཞི་མཚམས་དང་བརྒྱད་རྣམས་སུ༔ རིགས་འཛིན་བཞི་དང་སློབ་དཔོན་བཞི༔ འོད་ཀྱི་ཀློང་དུ་བཞུགས་པར་བསྒོམ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ མ་མོ་མཆོད་བསྟོད་དྲག་སྔགས་ཀྱི༔ རིག་པ་འཛིན་པའི་ཚོགས་ཀྱང་གསལ༔ སྒོ་བ་སྒོ་མ་བཀའ་སྲུང་དང་༔ བྲན་དང་ཕོ་ཉ་བསམ་མི་ཁྱབ་༔ རང་བྱུང་དུར་ཁྲོད་ཆེན་པོ་བརྒྱད༔ པད་རྡོར་མེ་རི་བྲག་ཆེན་བཅས༔ ཕྱི་གསལ་ནང་གསལ་ཟང་ཐལ་ཀློང་༔ དྲི་མེད་ཡེ་ཤེས་རྒྱལ་བའི་གནས༔ རིག་འཛིན་རོལ་པའི་བའི་ཕོ་བྲང་གསལ༔ ཕྱི་ལྟར་རྣམ་དག་བཀོད་པའི་ཞིང་༔ ནང་ལྟར་ཧེ་རུ་ཀཿཡི་གནས༔ གསང་་བ་ཡུམ་གྱི་མཁའ་ཀློང་ཆེ༔ བརྟེན་བཅས་ལྷ་དང་ལྷ་མོར་གསལ༔ སྣང་སྟོང་ཡེ་ཤེས་རོལ་པར་བསྒོམ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བསྐྱེད་རིམ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ དེ་ལྟར་བསྐྱེད་རིམ་བསྒོམས་པའི་ལྷ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་དང་མཆོད༔ བསྟོད་པ་འཛབ་ཀྱི་རིམ་པ་གསུང་༔ དེ་ནས་སྟོན་པས་བཀའ་སྩལ་པ༔ བླ་མེད་ཆོས་ཀྱི་ནུས་འབྱིན་མཆོག༔ སེམས་དཔའ་རིག་འཛིན་མཆོག་ཁྱོད་ཉོན༔ རང་བཞིན་དག་པ་ཞིང་གི་མཆོག༔ འོག་མིན་སྟུག་པོ་བཀོད་པ་ནས༔ བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ བདེ་མཆོག་བདེ་བའི་རྣམ་པར་སྤྱོད༔ སྣང་བརྙན་སྐུ་ལ་ཐིམ་པར་བསྒོམ༔ དར་ཟབ་བཀོད་ལེགས་ཉི་ཟླའི་དཀྱིལ༔ འོད་ཀྱི་ཀློང་དུ་བཞུགས་པར་བསམས༔ འདུ་འབྲལ་མེད་པའི་ཕྱག་འཚལ་ཞིང་༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ བརྡ་དོན་རྟགས་ཀྱི་རིམ་པས་བསྟོད༔ ཐུགས་ཀར་ཉི་དཀྱིལ་ས་བོན་མཐར༔ སྔགས་ཀྱི་ཕྲེང་བ་འདི་ལྟར་འཁོད༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་ཧྲཱིཿསྭཱ་ཧཱ༔ སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བསྡུས་ཏེ་དངོས་གྲུབ་བདག་ལ་བསྟིམ༔ མ་གསལ་བར་དུ་བསྐྱེད་པར་བྱ༔ མ་གྲུབ་བར་དུ་མི་གཏོང་ངོ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ མཆོད་བསྟོད་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ བདེ་མཆོག་འཁོར་ལོར་འདི་སྐད་གསོལ༔ ཀྱེ་ཀྱེ་སྟོན་པ་བདེ་བའི་རྒྱལ༔ རིག་འཛིན་འདུས་པའི་སྒྱུ་འཕྲུལ་གྱིས༔ ཚོགས་དང་རྗེས་ཆོག་ལས་རིམ་གསུང་༔ འདུས་པའ་ིའཁོར་ལ་བཀའ་སྩོལ་ཅིག༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ནུས་འབྱིན་རྡོ་རྗེ་སེམས་དཔའ་ཉོན༔ རིག་འཛིན་སྒྱུ་འཕྲུལ་ཕོ་བྲང་དུ༔ བཟའ་བ་དང་ནི་བཅའ་བ་དང་༔ བདུད་རྩི་ལྔ་དང་ཤ་ལྔ་དང་༔ རི་སྒོག་དང་ནི་ཀླུང་ལས་སྐྱེས༔ སྤང་ལས་སྐྱེས་དང་ནགས་ལས་སྐྱེས༔ བཏུང་བའི་བྱེ་བྲག་སྣ་ཚོགས་པ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཡེ་གེ་གསུམ་གྱི་བྱིན་གྱིས་བརླབ༔ འདོད་དགུ་རང་བྱུང་ཚོགས་ལ་སྒྱུར༔ ལྷ་ལ་མཆོད་ཅིང་རྣལ་འབྱོར་རོལ༔ ཐུགས་དམ་བསྐང་ཞིང་དབྱིངས་ནས་བསྐུལ༔ ལྷག་མ་སྦྱིན་ཞིང་ཐ་མ་བསྒྲལ༔ ཞལ་དུ་སྟོབ་ཅིང་བཟློག་སྒྱུར་བཅོལ༔ དངོས་གྲུབ་བླང་ཞིང་ཚེ་ཡང་འགུགས༔ བཀྲ་ཤིས་མེ་ཏོག་འཐོར་བར་བྱ༔ འགྲོ་དྲུག་མར་གྱུར་འགྲོ་བ་རྣམས༔ བླ་མེད་འཐོབ་ཕྱིར་བསྔོ་སྨོན་བྱ༔ ཀ་དག་བློ་འདས་ཡེ་རྫོགས་ཀློང་༔ མཐའ་བྲལ་ཆེན་པོ་སྤྲོས་མེད་སྤྱོད༔ ལྷ་དང་དཀྱིལ་འཁོར་ཡེ་རྒྱས་གདབ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས་ཚོགས་དང་རྗེས་ཆོག་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པར་སླར་གསོལ་པ༔ རིག་འཛིན་ཡོངས་འདུས་ཕོ་བྲང་དུ༔ བསྙེན་ཅིང་བསྒྲུབ་སྟེ་མཆོད་པའི་ཚེ༔ ཐུགས་དམ་བསྐང་ན་ཇི་ལྟར་ལགས༔ དེ་ནས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་མཆོག་ཁྱོད་ལེགས་པར་ཉོན༔ ཡར་ངོ་མར་ངོའི་དུས་ཆེན་དང་༔ ཉམས་ཆགས་རྟོག་སྒྲིབ་ནམ་བྱུང་དུས༔ བསྐང་བའི་རིམ་པས་བསྐང་དང་བཤགས༔ ཐུན་མོང་མཆོད་པས་སྐུ་ལ་བསྐང་༔ སྔགས་ཚིག་རོལ་མོས་གསུང་ལ་བསྐང་༔ ཆོས་ཉིད་ཕྱག་རྒྱས་ཐུགས་ལ་བསྐང་༔ དེ་ལྟར་བསྐང་ཞིང་གསོལ་གསོལ་ནས༔ ལས་བཞིའི་འཕྲིན་ལས་བསྒྲུབ་པར་བྱ༔ རིག་འཛིན་འདུས་པའ་ིརྩ་རྒྱུད་ལས༔ བསྐང་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པར་ཡང་གསོལ་བ༔ ཀྱེ་ཀྱེ་སྟོན་པ་བདེ་བའི་རྒྱལ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་དུ༔ དམ་ལྡན་སློབ་མ་འཇུག་ཐབས་དང་༔ དབང་གི་སྨིན་གྲོལ་ཇི་ལྟར་སྦྱིན༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རིག་འཛིན་ནུས་པའི་རྡོ་རྗེ་ཉོན༔ དམ་ཚིག་གཙང་ལྡན་གཏོང་ཕོད་ཆེ༔ ཤེས་རབ་ཆེ་ཞིང་སྒྲུབ་ལ་བརྩོན༔ ཚེ་འདི་བློས་བཏང་སྐལ་ལྡན་ལ༔ རི་སུལ་དུར་ཁྲོད་དབེན་གནས་སུ༔ ཐོས་བསམ་སྒོམ་སྒྲུབ་དྲོད་རྟགས་ཐོན༔ ཤེས་ཆེ་སྤོབས་པ་མཐོ་བ་དང་༔ བརྒྱུད་ལྡན་མན་ངག་དབང་བསྐུར་ཐོབ༔ རང་གྲོལ་གཞན་དོན་བསྒྲུབ་ནུས་པའི༔ མཚན་ལྡན་བླ་མས་དབང་འདི་སྦྱིན༔ གཙང་མའི་ཆུ་ཡིས་ལས་བུམ་དགང་༔ ཁྲོ་བོའི་སྔགས་བཟླས་ཏིང་འཛིན་བསྐྱེད༔ ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ༔ འོད་དུ་ཞུ་ནས་སློབ་མ་བཀྲུ༔ ཡེ་ཤེས་བླ་མེད་ཆུ་རྒྱུན་གྱིས༔ ལས་ཉོན་སྡིག་སྒྲིབ་དག་པར་བསམས༔ གཙང་མའི་གཏོར་མ་རྒྱན་ལྡན་འདི༔ བསྲུང་བ་གཞི་བདག་དཀར་ཕྱོགས་མཆོད༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ ཧཱུྃ་གདོན་དང་བགེགས་དང་འབྱུང་པོ་དང་༔ བར་དུ་གཅོད་པ་གང་ཡིན་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ འབྱུང་པོའི་ཚོགས་རྣམས་མཱ་ར་ཡ་ཕཊ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབ༔ ལྔ་ལྡན་སྣལ་མའི་སྐུད་པ་ལ༔ ཡི་གེ་གསུམ་གྱི་སྔགས་ཀྱིས་གདབ་༔ རྡོ་རྗེ་འབར་བའི་མདུད་པ་རྒྱབ་༔ གདོན་བགེགས་བསྲུངས་ཤིག་རཀྵ་ཡེ༔ བཀྲ་ཤིས་རྩ་འདི་མཆོག་གི་རྫས༔ བྱིན་གྱིས་བརླབས་ཏེ་སྔས་གདན་སྦྱིན༔ སེང་གེ་བཞིན་ཉོལ་རྨི་ལམ་ཤོད༔ ཨཱོཾ་ཨཱཿཧཱུྃ༔ པྲ་ཏི་ཧ་ཏ༔ བྱང་ཆུབ་ཤིང་གི་སོ་ཤིང་འདི༔ དཀྱིལ་འཁོར་འདིར་འདོར་ལས་སྨོན་དབང་༔ གང་ཡོད་བདག་ལ་གསལ་བར་སྟོན༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ སྤོས་སྲེག་རོལ་མོ་དྲག་ཏུ་འབིར༔ བྱིན་འབེབས་མེ་ཏོག་ལྷ་ལ་དབུལ༔ ཚེ་རབས་ལྷ་སྐལ་རང་ངོས་བཟུང་༔ པྲ་ཏིཙྪ་པཱུཙྪ་ཧོ༔ རྡོ་རྗེ་དབང་ཆེན་རཏྣ་འཕྲིན༔ རིགས་མཐུན་དངོས་གྲུབ་སིངྔྷི་ཧོ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ རིན་ཆེན་སྣ་ཚོགས་ལས་གྲུབ་པ༔ ལོངས་སྤྱོད་རྫོགས་པའི་རྟགས་ཀྱི་རྒྱ༔ རལ་པ་མཐོན་མཐིང་དཀྲི་ཞིང་བརྒྱན་༔ ཡེ་ཤེས་འོད་ཀྱི་ཐུར་མ་ཡིས༔ མ་རིག་རྨོངས་པའི་དྲི་མ་བསལ༔ ད་ལ་དཀྱིལ་འཁོར་འདི་ལ་ལྟོས༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ སྟོང་ཉིད་ངང་ནས་ལྷ་རུ་གསལ༔ རྡོ་རྗེ་ཕག་མོ་གར་དུ་འཁྲབ༔ འོད་ཟེར་འཕྲོས་པས་འོག་མིན་ནས༔ ལྷ་ཚོགས་ཆར་སྤྲིན་བཞིན་དུ་བསམས༔ ཏིཥྛ་བཛྲ་༔ ཧཱུྃ་ཧྲཱི༔ བུམ་པ་ཆོས་དབྱིངས་ཀ་དག་ཆེ༔ ལྷ་མཆོག་དཀྱིལ་འཁོར་ཡོངས་སུ་རྫོགས༔ ལུས་ཀྱི་བག་ཆགས་སྦྱོང་བྱེད་པ༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ ཧཱུྃ་ཧྲཱི༔ ས་གནས་རིག་འཛིན་ཚེ་དབང་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ལ་སོགས་རྣམ་བཞིའི་དབང་སྦྱིན་ཞིང་༔ ཚེ་རབས་སློབ་དཔོན་མན་ངག་དམ་ཚིག་དབང་༔ ཉམས་ཆག་སྐོང་བའི་སློབ་དཔོན་རྣམ་པ་བཞིས༔ སྐལ་ལྡན་བུ་ལ་དབང་མཆོག་སྦྱིན་པར་བྱ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རྣམ་པ་ལྔ༔ མ་མོ་མཆོད་བསྟོད་དྲག་སྔགས་རིགས་འཛིན་ཚོགས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ རིག་འཛིན་རྒྱ་མཚོ་རྣམས་ཀྱིས་དབང་བསྐུར་བས༔ སྨིན་གྲོལ་རབ་འབྱམས་སྐུ་ཡི་དབང་ཐོབ་ཤོག༔ ཧཱུྃ་ཧྲཱི༔ སྒོ་བ་སྒོ་མ་བཀའ་སྡོད་དུར་ཁྲོད་ཆས༔ གནས་ཡུལ་དཔའ་བོ་དཔའ་མོའི་དབང་བསྐུར་བས༔ སྨིན་གྲོལ་ལས་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ མཎྜལ་འབུལ་ཞིང་དམ་ཚིག་བཟུང་༔ ཚོགས་འཁོར་བསྐོར་ཞིང་གླུ་བྲོ་འཁྲབ༔ བདེ་བའི་ཉམས་སྐྱོང་རང་ཞལ་བལྟ༔ དབང་འདི་ཐོབ་པས་མཆོག་ཐུན་འགྲུབ༔ འབྲས་བུ་ཚེ་འདིར་རྫོགས་འཚང་རྒྱ༔ རིག་འཛིན་འདུས་བའི་རྩ་རྒྱུད་ལས༔ སྤྲོས་བཅས་དབང་གི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ སྤྲོས་མེད་དབང་བསྐུར་གང་ལྟར་ལགས༔ འདུས་པའི་འཁོར་ལ་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་རྡོ་རྗེ་ཁྱོད་ཉོན་ཅིག༔ ཡིད་དང་མཐུན་པའི་དབེན་གནས་སམ༔ དུར་ཁྲོད་ནགས་འདབས་ལུང་སྟོང་དུ༔ ཕྱི་ནང་གསང་བའི་མཆོད་པ་བཤམས༔ ངྷཀྐི་མཚན་ལྡན་བདེ་སྟེར་མ༔ བཅུ་དྲུག་ལོ་ལོན་ཡིད་འོང་མཛེས༔ མཚན་དང་ལྡན་པའི་རིག་མ་ལ༔ དབང་བསྐུར་ཁྲུས་བྱས་རྒྱན་གྱིས་སྤྲས༔ ལྟ་དང་འཁྱུད་དང་གཡའ་སྒོག་ཅིང་༔ རིམ་པར་སྦྱོར་ཏེ་བྱང་སེམས་དབབ༔ ཐོད་པར་བླུགས་ནས་བདུད་རྩིར་བསྒྱུར༔ བློ་ཆེ་ཁོག་ཡངས་དམ་ཚིག་གཙང་༔ སྙིང་ནས་སྒྲུབ་ལ་བརྩོན་པའི་བུ༔ ལྔ་གསུམ་བདུན་ལས་མང་མི་བྱ༔ བླ་མ་ཡབ་ཡུམ་དཀྱིལ་འཁོར་ལ༔ མེ་ཏོག་གཏོར་ཞིང་མཎྜལ་དབུལ༔ ཧེ་རུ་ཀཿདཔལ་བླ་མ་ལ༔ གསོལ་བ་གདབ་ཅིང་དབང་ལ་འཇུག༔ མ་དག་སྦྱང་ཕྱིར་ཕག་མོར་བསྒོམ༔ རླུང་སྦྱོར་ལྡན་པས་དཔྲལ་བའི་དཀྱིལ༔ གཡུང་དྲུང་འཁོར་ལ་དམིགས་པ་གཏད༔ རོལ་མོ་འཁྲོལ་ཞིང་ཤ་ཆེན་དང་༔ གྲི་ཀླད་རང་གི་སྐྲ་དང་སེན༔ སྤོས་དཀར་རྣམས་ཀྱི་དུད་པ་བཏང་༔ ཧཱུྃ་ཧྲཱི༔ བདུད་རྩི་འབྱུང་བའི་ཡུལ་ནི་ཡུམ་གྱི་མཁའ༔ བདུད་རྩི་བསྒྲུབ་པའི་སྣོད་ནི་ཀ་པཱ་ལ༔ བདུད་རྩིའི་ལས་ནི་རྣམ་པར་རྟོག་པ་སྦྱང་༔ སྐལ་ལྡན་རྣམས་ལ་དབང་བསྐུར་ཐོབ་གྱུར་ཅིག༔ ངག་སྒྲིབ་དག་ནས་ལོངས་སྤྱོད་རྫོགས༔ རྡོ་རྗེ་འཆང་དང་སྐལ་བ་མཉམ༔ མཚན་ལྡན་གཟུངས་མ་སློབ་མར་སྦྱིན༔ བདེ་བ་བསྐྱེད་ལ་དགའ་བ་བསྒོམ༔ ཐིག་ལེ་ཉམས་ན་དམྱལ་བར་ལྟུང་༔ བླ་མེད་མཆོག་གི་དངོས་གྲུབ་རྫས༔ ཁྱེར་ཅིག་དཔའ་བོ་རྣལ་འབྱོར་ཆེ༔ བུ་དང་ཆུང་མ་ནོར་གྱི་རིགས༔ འཕངས་བསྲི་མེད་པར་ཡོན་དུ་དབུལ་༔ ཚོགས་འཁོར་བསྐོར་ཞིང་བདེ་ཉམས་སྐྱོང་༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གསང་དབང་གི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྡོ་རྗེ་ནུས་འབྱིན་གྱིས༔ སྟོན་པ་ཉིད་ལ་འདི་སྐད་གསོལ༔ ཀྱེ་མ་སྟོན་པ་འཇིག་རྟེན་འོད༔ ཤིན་ཏུ་སྤྲོས་པ་མེད་པའི་དབང་༔ བསྐུར་བའི་ཆོ་ག་ཇི་ལྟ་བུ༔ བདག་ཅག་རྣམས་ལ་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་སེམས་དཔའ་ལེགས་པར་ཉོན༔ རབ་ཏུ་དབེན་ཞིང་མཐོ་བའི་སར༔ ཕྱི་ནང་གསང་བའི་མཆོད་རྫས་དང་༔ ཤེལ་དང་མེ་ལོང་རྨ་བྱའི་སྒྲོ༔ ལྟ་གོན་བྱས་ནས་སྣོད་ལྡན་གྱི༔ སློབ་བུས་གསེར་གཡུ་རིན་ཆེན་ནོར༔ མཎྜལ་ཕུལ་ནས་གསོལ་བ་གདབ༔ ཁྲུས་བྱས་གུ་གུལ་དྲི་ཡིས་བདུག༔ བླ་མས་ཧེ་རུ་ཀཿཡི་ཆས༔ སྤྲས་ནས་ཐོད་རྔ་འཁྲོལ་ཞིང་བུར༔ ཧཱུྃ་ཧྲཱི༔ དྲི་མེད་གསལ་ལ་མ་འདྲེས་པ༔ རྒྱལ་དང་རྒྱལ་བའི་སྐུ་འདི་ཡིན་༔ བསྐྱེད་རིམ་མཐར་ཕྱིན་དབང་ཐོབ་ཤོག༔ ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ མི་འགྱུར་མཚན་དང་དཔེ་བྱད་འབར་༔ བདེ་གཤེགས་གསུང་དབང་རྨ་བྱའི་སྒྲོ༔ གྲག་སྟོང་བརྗོད་བྲལ་ཨེ་མ་ཧོ༔ ཧཱུྃ་ཧྲཱི༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ མ་སྐྱེས་མི་འགག་དེ་བཞིན་གཤེགས༔ སྐྱེ་མེད་ཆོས་དབྱིངས་སྤྲོས་དང་བྲལ༔ ལྷུན་གྲུབ་འགག་མེད་སྣ་ཚོགས་སྣང་༔ སྐྱེ་བ་མེད་ལས་སྐྱེ་དང་འཕྲུལ༔ ཇི་ལྟར་ནམ་མཁའི་རང་བཞིན་ལྟར༔ འགྲོ་འོང་རེ་དོགས་ཕྱོགས་ལྷུང་མེད༔ བུ་ཁྱོད་རིག་པ་ནམ་མཁར་སྤྲོས༔ ཕྱོགས་བཅུའི་ནམ་མཁའི་ཁམས་ན་སོང་༔ ལྷབས་ལྷབས་འཕུར་དང་ཞུང་ཞུང་འཛུལ༔ ལིངས་ལིངས་མཆོང་བའི་ངང་ནས་སྤྱོད༔ འགྲོ་བར་སྙམ་ཡང་རང་གི་སེམས༔ འགྲོ་བྱེད་ངོ་བོ་གཞི་རྩ་བྲལ༔ མ་ཡེངས་མ་ཡེངས་རང་ལ་ལྟོས༔ བལྟ་མཁན་ཆོས་དབྱིངས་སྐྱེ་བ་མེད༔ མ་ལྟ་མ་ལྟ་གློད་ནས་ཞོག༔ གློད་མཁན་གནས་ལུགས་འགྱུར་བ་མེད༔ བུ་སྒོམས་ཤིག་སྒོམས་ཤིག་ཀ་དག་བསྒོམས༔ བསྒོམས་ཀྱང་བཟང་དུ་སོང་བ་མེད༔ བུ་མ་བསྒོམ་མ་བསྒོམ་བསྐྱུར་ནས་ཐོང་༔ བསྐྱུར་ཡང་ངན་དུ་སོང་བ་མེད༔ ཨེ་མ་རང་བྱུང་ཡེ་ཤེས་ཆེ༔ སྐྱེ་མེད་ནམ་མཁའི་ངོ་བོ་ཉིད༔ ཨཱ་ཨཱ་ཨཱ༔ མཎྜལ་ཚོགས་འཁོར་དབང་ཡོན་འབུལ༔ མཆོག་གི་དངོས་གྲུབ་ལོ་ཟླས་འཐོབ༔ རིག་འཛིན་འདུས་བའི་རྩ་རྒྱུད་ལས༔ ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་ལེའུ་སྟེ་དགུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྡོ་རྗེ་ནུས་འབྱིན་གྱིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་སྟོན་པ་འཇིག་རྟེན་མགོན༔ བསྟན་བའི་སྒྲོན་མེ་ཡེ་ཤེས་འོད༔ རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི༔ སྒྲུབ་ཐབས་མན་ངག་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག༔ འཇིགས་སུ་རུང་བའི་དུར་ཁྲོད་དམ༔ ཚང་ཚིང་འཁྲིགས་པའི་ནགས་ཀྱི་འདབས༔ གཡའ་དང་གངས་རི་ལུང་སྟོང་ངམ༔ གཞན་གྱིས་འཚེ་བ་མེད་པའི་སར༔ ད་ལ་གྱེན་ཐུར་མདའ་གང་པ༔ བ་ཡི་རྣམ་ལྔས་ཆག་ཆག་གདབ༔ སྐྱང་ནུལ་བྱས་ནས་དྲི་བཟང་བྱུག༔ ཚངས་པའི་ཐིག་གདབ་ཆ་ལ་བགོ༔ བཅུ་དྲུག་ཐིག་གི་གྲངས་སུ་བཅད༔ ཆ་ཆེན་དང་པོ་དབུས་ཀྱི་ཆ༔ གཉིས་པར་འདབ་བརྒྱད་པདྨ་བཀོད༔ ཆ་ཆེན་གསུམ་པར་པད་འདབ་བརྒྱད༔ མུ་ཁྱུད་ལ་སོགས་མཛེས་པར་བྱ༔ ཆ་ཆེན་བཞི་པ་ཁྱམས་ཀྱི་ཆ༔ ལྔ་བ་ཕྱེད་གདབ་ཕྱི་མ་བསྲེ༔ དྲུག་པ་དབུས་དོར་མཐའ་གཉིས་གདབ༔ བདུན་པ་ཆ་བཞིར་བགོས་ཏེ་གདབ༔ བརྒྱད་པ་དབུས་དོར་མཐའ་གཉིས་གདབ༔ དུར་ཁྲོད་རྡོ་ལ་ཚོན་གྱིས་བསྒྱུར༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱཿབྱིན་གྱིས་བརླབས་ཤིང་ཡེ་ཤེས་བསྟིམ༔ སྦོམ་ཕྲ་མདའ་སྨྱུག་ཙམ་དུ་བླུག༔ ལྷག་ཆད་མེད་པར་མཛེས་པར་བྱ༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ མཚན་ལྡན་བུམ་པ་སྨན་དང་བཅས༔ འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ༔ སྙིང་པོ་ལྔ་དང་སྨན་ལྔ་རྣམས༔ གཙང་མའི་ཆུར་སྦྱར་ནང་དུ་བླུག༔ མགུལ་ཆིངས་རྒྱན་ཞིང་གཟུངས་ཐག་བཏགས༔ ཁྲོ་བོའི་སྔགས་སྦྱངས་ཁ་རྒྱན་བཅས༔ གཞན་ཡང་ཕྱི་ནང་གསང་མཆོད་དང་༔ སྨན་གཏོར་རཀྟ་བཟང་དུ་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་མཆོད་བྱིན་བརླབ༔ ཏིང་འཛིན་ལྷ་བསྐྱེད་མཆོད་ཅིང་བསྟོད༔ འཛབ་ཀྱིས་སྲོག་སྙིང་གནད་ནས་བསྐུལ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་སྐྱེ་འགག་མེད༔ གནས་ལུག་ངོ་བོ་མཚོན་བརྫོད་བྲལ༔ རང་བྱུང་ལྷན་སྐྱེས་ཐུགས་རྗེའི་དཔལ༔ སྐྱེ་མེད་དབྱིངས་ནས་བདེ་མཆོག་རྒྱལ༔ འགག་མེད་དབྱིངས་ནས་རིག་འཛིན་རྩལ༔ ཐུགས་རྗེ་འགྲོ་འདུལ་དཀྱིལ་འཁོར་ལྷ༔ ཡབ་ཡུམ་བདེ་རོལ་སྔགས་ཕྲེང་འོད༔ སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བསྡུས་པས་དངོས་གྲུབ་རང་ལ་ཐིམ༔ སྣང་སེམས་ངོ་བོ་ཆོས་དབྱིངས་སྟོང་༔ དུས་གསུམ་རྒྱལ་བའི་ཐུགས་མཆོག་ཆེ༔ རོ་གཅིག་ཆོས་སྐུ་དྲི་མ་མེད༔ རང་བྱུང་རིག་པ་རང་གི་སེམས༔ སྣ་ཚོགས་ཆོས་རྣམས་སྐུ་གསུང་ཐུགས༔ སྣོད་བཅུད་འཁོར་འདས་ཕྱམ་གཅིག་བརྡལ༔ ཡེ་ནས་རང་བྱུང་ཀུན་ཏུ་བཟང་༔ བསྒྲུབ་བྱ་སྒྲུབ་བྱེད་མཐའ་བྲལ་ཆེ༔ འདི་དོན་བླ་མེད་ལྷ་དང་མཇལ༔ ཚོགས་འཁོར་བསྐོར་ཞིང་གླུ་བྲོ་འཁྲབ༔ རྒྱུན་སྤྱོད་བསྔོ་སྨོན་རྒྱ་ཡིས་གདབ༔ ལས་བཞིའི་འཕྲིན་ལས་དོན་གཉིས་བསྒྲུབ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་༔ རང་རིག་ཆོས་སྐུར་སྨིན་པའི་ཐབས༔ ཐབས་མང་དཀའ་བ་བྲལ་བ་ཡི༔ གྲོལ་ལམ་ཁྲིད་ཀྱི་བསྒོམ་ཐབས་གང་༔ དེ་ནས་སྟོན་པས་བཀའ་སྩལ་པ༔ སེམས་དཔའ་མཆོག་ཁྱོད་ལེགས་པར་ཉོན༔ ཚེ་གཅིག་གྲོལ་བའི་ཟབ་ལམ་ཆོས༔ བླ་མེད་རྫོགས་པའི་ས་འདོད་ན༔ ཚེ་འདིས་བྱ་བ་བློ་ཡིས་བཏང་༔ དབེན་པའི་རི་ལ་གཅིག་པུར་བསྡད༔ མཚན་དང་ལྡན་པའི་སློབ་དཔོན་ལ༔ སྣོད་དང་ལྡན་པའི་སློབ་མ་ཡིས༔ སྒོ་གསུམ་མཉེས་པའི་ཞབས་ཏོག་བསྒྲུབ༔ ལུས་ངག་ཡིད་གསུམ་བསྲང་དུ་གཅུན༔ སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ ཡི་རང་བསྐུལ་ཞིང་གསོལ་བ་འདེབས༔ དགེ་བ་ཆོས་དབྱིངས་ཀློང་དུ་བསྔོ༔ ཡི་གེ་བརྒྱ་པས་སྒྲིབ་པ་སྦྱངས༔ ཆོས་དབྱིངས་མཎྜལ་རིག་པས་བརྒྱན༔ བླ་མ་ཆོས་སྐུ་དྲི་མེད་མཆོད༔ རང་ལུས་མཎྜལ་དབང་པོས་བརྒྱན༔ བླ་མ་ལོངས་སྐུ་བྱང་སེམས་མཆོད༔ རིན་ཆེན་མཎྜལ་གསེར་གཡུས་བརྒྱན༔ བླ་མ་སྤྲུལ་སྐུ་འགྲོ་འདུལ་མཆོད༔ རང་བྱུང་སེམས་ཀྱི་གནས་ལུགས་ལ༔ རང་ངོར་ཤེས་པར་གསོལ་བ་གདབ༔ འགྲོ་དྲུག་སྡུག་བསྔལ་རྒྱ་མཚོའི་གནས༔ མི་ལུས་ཆོས་ཀྱི་རྟེན་དུ་བཟང་༔ སྐྱེ་འཆིའི་འཇིགས་པ་མཐའ་ཡས་ཤིང་༔ ལས་ཀྱི་འབྲས་བུ་སྟོངས་མཐའ་མེད༔ བདེ་ལྡན་སྡུག་བྲལ་ཐར་པའི་གླིང་༔ དེ་དག་རྣམས་ནི་སྔོན་དུ་འགྲོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་ལུས་གནད་ལྡན་པའི་ངང་༔ དང་པོ་སེམས་འདི་བྱུང་ས་འཚོལ༔ མ་རྙེད་ཆོས་དབྱིངས་ངང་དུ་གློད༔ བར་དུ་སེམས་འདི་གནས་ས་འཚོལ༔ མ་རྙེད་རང་བྱུང་རྗེན་པར་བཞག༔ ཐ་མ་སེམས་འདི་འགྲོ་ས་གཞིག༔ སྣང་སེམས་འཁྲུལ་པའི་ཁང་བུ་བཤིག༔ ལུས་འདི་རིགས་དྲུག་རྟེན་ཡིན་པས༔ རིགས་དྲུག་ས་བོན་ཉིད་དུ་གནས༔ ཡི་གེ་གསུམ་གྱི་བཟླས་པ་བྱ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་ནས༔ རིགས་དྲུག་ས་བོན་བསྲེག་པར་བྱ༔ རང་ལུས་རྡོ་རྗེའི་འདུག་སྟངས་བཅས༔ འབྲུ་གཅིག་རྒྱལ་བའི་ཐུགས་སྒྲུབ་བཟླས༔ མཉེན་བཙལ་ལམ་ཞུགས་དམིགས་པས་སྒྱུར༔ བར་ཆད་ཞི་དང་རང་ངོ་འཕྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྣོད་ལྡན་བུ་དེ་ལ༔ རིམ་པ་གསུམ་གྱི་ངོ་སྤྲོད་བྱ༔ དཔེ་ནི་ནམ་མཁའ་སྟོང་པ་སྟེ༔ རྒྱུ་མིན་རྒྱུ་ཡི་རྐྱེན་དང་བྲལ༔ རྐྱེན་མེད་རྐྱེན་གྱི་འབྱུང་ཁུངས་ཟད༔ སྟོང་པ་མ་ཡིན་ངོ་བོས་སྟོང་༔ གཟུགས་སོགས་སྐྱེ་མཆེད་ཡོད་མ་ཡིན༔ དོན་ནི་སྐུ་གསུམ་རང་ལ་ཆས་༔ ཀ་དག་ཆོས་སྐུ་སྐྱེ་མེད་ཆེ༔ གཞི་ལམ་འབྲས་གསུམ་རང་ལ་རྫོགས༔ འཁོར་འདས་ཀུན་འབྱུང་སྤྲུལ་པའི་སྐུ༔ རྟགས་ནི་དབང་པོའི་ཡུལ་ལ་རྫོགས༔ རྣམ་གྲོལ་མཆོག་སྟེ་རྫོགས་འཚང་རྒྱ༔ མ་རིག་འཁྲུལ་བ་རྒྱུ་དྲུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ལྟར་སྤྱོད་པའི་སྐལ་ལྡན་ཉིད༔ སྡུག་བསྔལ་མེད་ཅིང་རྣམ་པར་གྲོལ༔ ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ༔ རང་བྱུང་སྲིད་ཞིའི་མགོན་པོ་སྟེ༔ རབ་འབྲིང་ཐ་མ་གསུམ་གྱིས་གྲོལ༔ སྐྱེ་མེད་མངོན་གྱུར་ཨེ་མ་ཧོ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གྲོལ་ལམ་ཁྲིད་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་གསང་འཛིན་གྱིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་ཐུགས་རྗེ་ཆེར་ལྡན་པ༔ འགྲོ་བའི་མགོན་པོ་བདེ་བའི་མཆོག༔ རྩ་རླུང་བསྒོམ་ན་ཇི་ལྟར་ལགས༔ འདུས་པའི་འཁོར་ལ་བསྟན་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་གསང་བའི་དབང་ལྡན་ཉོན༔ ལུས་ལ་རྩ་འཁོར་གྲངས་མེད་ཀྱང་༔ འཁོར་ལོ་ལྔ་དང་རྩ་གསུམ་སྟེ༔ འདོད་ཆགས་མོ་རླུང་གཡོན་ནས་རྒྱུ༔ ཞེ་སྡང་ཕོ་རླུང་གཡས་ནས་རྒྱུ༔ གཏི་མུག་རླུང་ནི་དབུས་ནས་རྒྱུ༔ དུག་གསུམ་རྒྱུ་དང་རྟེན་དུ་གནས༔ རྟོག་པས་ཁམས་གསུམ་རླུང་གིས་བསྐྱོད༔ འབྲས་བུ་ངན་སོང་འགྲོ་བ་དྲུག༔ དེ་གྲོལ་སྐུ་གསུམ་མངོན་དུ་འགྱུར༔ དུག་ལ་སྔགས་ཀྱིས་བཏབ་པ་བཞིན༔ ལམ་དུ་སྒྱུར་ཞིང་ཡེ་ཤེས་འཁྱེར༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ཕོ་དང་མོ་དང་མ་ནིང་གི༔ རླུང་རོ་ལན་དགུ་དག་གིས་འབུད༔ སྟེང་རླུང་མནན་ཅིང་འོག་རླུང་བསྡམས༔ བུམ་པའི་རང་བཞིན་བསྐྱེལ་ཞིང་ལྡི༔ མདའ་ལྟར་འཕང་ཞིང་དལ་བུས་འཐེན༔ ལྷུག་པར་བསྐྱིལ་ཞིང་བརྩོན་འགྲུས་བྱ༔ ཨ་ཐུང་མེ་ཡི་འཁོར་ལོ་འབར༔ རྩ་གསུམ་འཁོར་ལོ་ཀུན་ཏུ་ཁྱབ༔ ཧཾ་ཡིག་འོད་ཀྱི་བདུད་རྩི་དཀར༔ ཐིགས་པའི་རྣམ་པར་འཛག་པ་ལས༔ བདེ་སྟོང་ངོས་བཟུང་དབབ་ཅིང་ལྡོག༔ རྩ་འདུལ་ལུས་སྦྱོང་རྣམས་ལ་འབད༔ ཉོན་མོངས་ལས་རླུང་རང་སར་དག༔ ངྷུ་ཏིར་རླུང་ཚུད་མཁའ་སྤྱོད་འགྲུབ༔ རྩ་མདུད་གྲོལ་ཞིང་ཡེ་ཤེས་འཆར༔ ཆོས་རྣམས་མ་འདྲེས་སོ་སོར་མཁྱེན༔ རང་ལུས་འབྱོངས་ནས་གཞན་ལུས་བསྟེན༔ བཅུ་དྲུག་ཡིད་འོང་སྐེད་ཕྲ་མ༔ བདེ་བ་འབྱུང་བ་ཡུམ་གྱི་མཁའ༔ ལྟ་དང་འཁྱུད་དང་རིམ་གྱིས་སྤྱོད༔ དགའ་བཞིའི་དབབ་ལྡོག་འདྲེན་ཞིང་དགྲམ༔ བདེ་ཆེན་ཡེ་ཤེས་མངོན་གྱུར་ཚེ༔ འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ གཏུམ་མོའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་ཡེ་ཤེས་ཀྱིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ ཀྱེ་ཀྱེ་སྟོན་པ་བདེ་བའི་མཆོག༔ མཆོག་ཐུན་འགྲུབ་པའི་ལས་སྦྱོར་ཞིག༔ གྲོལ་བའི་མྱུར་ལམ་བླ་ན་མེད༔ འདུས་བའི་འཁོར་ལ་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ཉོན་ཅིག་རྡོ་རྗེ་གསང་བའི་རྒྱལ༔ འཁོར་འདས་ཆོས་རྣམས་ཀ་ནས་དག༔ ངོ་བོ་ཉིད་ནི་རང་སར་གྲོལ༔ བདུད་རྩི་ལྔ་ཡི་རང་བཞིན་ཏེ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ ཕྱི་དང་ནང་དང་གསང་བར་ཕྱེ༔ ཙན་དན་སྦྲུལ་སྙིང་ཨ་རུ་ར༔ མཆོག་ཆེན་མི་སྟེ་རྣམ་པ་གསུམ༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ སྙིང་པོ་དྲི་དང་སྨན་གྱི་རིགས༔ སྲིད་པའི་བྱང་སེམས་དཀར་དམར་དང་༔ ཁ་མངར་སྐྱུར་རྩུབ་སྐྱོབ་ཏུ་སྦྱར༔ ཕྱེ་མར་བཏགས་ནས་ཐོད་པར་བསྒྲུབ༔ དཀྱིལ་འཁོར་དབུས་སུ་བཞག་པར་བྱ༔ གཏོར་ཚོགས་མཆོད་པའི་བྱེ་བྲག་བཤམས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དགྲམ༔ རྒྱལ་པོ་བཞི་ལ་འཕྲིན་ལས་གཞོལ༔ བདུད་རྩི་གསང་བའི་སྲུང་མར་བསྐུལ༔ རིགས་ལྔ་ཡབ་ཡུམ་རྩ་བ་གསུམ༔ སྦྱར་བའི་བདུད་རྩིར་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ བུང་བ་ཚང་ཞུག་ལྟ་བུར་བཟླ༔ འཛབ་དང་གླུ་བྲོ་གར་གྱིས་མཆོད༔ ལོངས་སྤྱོད་སྣ་ཚོགས་ཚོགས་འཁོར་བསྐོར༔ བདུད་རྩི་གྲུབ་ནས་དངོས་གྲུབ་ཞུ༔ རང་གཞན་དོན་དུ་འགྲོ་དོན་སྤྱོད༔ མ་དག་འགྲོ་བ་སྡིག་ལྡན་དང་༔ ཐ་ན་དུད་འགྲོ་ཡིན་ཀྱང་རུང་༔ ཤིག་གི་སྙིང་ཙམ་ཁར་སོང་བ༔ ཚེ་དེས་གྲོལ་འགྱུར་ཐེ་ཚོམ་མེད༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བདུད་རྩི་སྨན་གྱི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་པ༔ མ་བསྒོམ་གྲོལ་བའི་གདམས་པ་ཞིག༔ འདུས་པའི་འཁོར་ལ་བཤད་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ནུས་འབྱིན་གསང་བའི་རྒྱལ་པོ་ཉོན༔ མ་བསྒོམས་གྲོལ་བའི་ལམ་འདོད་ན༔ སྐྱབས་སེམས་ངང་ནས་གསོལ་བ་གདབ༔ འོད་ཀྱི་སྐུ་ལ་ཧིག་གི་སྒྲས༔ རང་སེམས་སྐྱེ་མེད་དབྱིངས་སུ་སྤར༔ ཡང་ཡང་སྦྱངས་པས་རྟགས་མྱུར་ཐོན༔ སྤྱི་བོ་སྐྲང་དང་ཆུ་སེར་བརྡོལ༔ ཟ་དང་གཡའ་རྣམས་འབྱོངས་པའི་ཚད༔ མི་དགེའི་ལས་ལ་སྤྱོད་པ་དང་༔ མཚམས་མེད་ལྔ་བྱས་འགྲོ་བ་ཡང་༔ གྲོལ་བར་འགྱུར་ལ་གདོན་མི་ཟ༔ སྒོ་དགུ་བཀག་པས་རྒྱུ་དྲུག་ཁེགས༔ འགྲོ་དྲུག་གནས་ལས་རྒྱངས་ཀྱིས་འཕགས༔ སྒོ་གཅིག་འོད་གསལ་རྫོགས་པ་ཆེ༔ མཆོག་གི་དངོས་གྲུབ་འཐོབ་པར་འགྱུར༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ འགྲོ་དྲུག་བག་ཆགས་ཕུང་བོ་ལ༔ རིག་པ་བཅུག་ཅིང་དབྱིངས་སུ་སྤར༔ དམིགས་མེད་ཆོས་དབྱིངས་ངང་དུ་ཀློད༔ རབ་འབྲིང་ཐ་མའི་ཞིང་དུ་འཕོ༔ རིག་འཛིནའདུས་པའི་རྩ་རྒྱུད་ལས༔ འཕོ་བའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོ་རྗེ་ཡིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་བཅོམ་ལྡན་བདེ་བའི་མཆོག༔ འདི་ལྟར་ཟབ་པའི་རྒྱུད་རྒྱལ་འདི༔ བཅང་ཞིང་འབྲི་ཀློག་ཉན་བཤད་འདོན༔ ཕན་ཡོན་ལ་སོགས་གསུང་དུ་གསོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ རྡོ་རྗེ་གསང་བའི་མཆོག་ཁྱོད་ཉོན༔ རྒྱུད་རྒྱལ་རིག་འཛིན་ཡོངས་འདུས་འདི༔ བསྟན་པ་གང་ལ་བབས་པ་ཡི༔ རིན་ཆེན་དེ་ཡིས་རིས་སུ་འབྲི༔ ཟ་མ་ཏོག་ཏུ་བཅང་བ་དང་༔ ཉན་དང་འཛིན་དང་ཁ་ཏོན་བྱེད༔ སྒོམ་དང་སྒྲུབ་པ་སུས་བྱེད་པ༔ ཕྱོགས་བཅུའི་ཞིང་གི་སངས་རྒྱས་མཆོག༔ འཁོར་འདས་ཀུན་གྱི་མཆོད་སྡོང་ཆེ༔ ཡུལ་ཕྱོགས་རྒྱལ་ཁམས་དགེ་ལེགས་ཤིས༔ གདོན་དང་འབྱུང་པོ་རིང་དུ་བྲོས༔ ནད་དང་ཉེ་བར་འཚེ་བ་ཞི༔ ཏིང་འཛིན་ལྡན་པའི་རྣལ་འབྱོར་པས༔ ཉི་ཟླ་ལྡོག་གྱུར་སྒྲ་དང་གཡོས༔ ཆོ་འཕྲུལ་གྱི་ནི་དུས་ཆེན་ལ༔ རྒྱུད་འདི་ཀླག་པའི་སྒྲ་ཐོས་པ༔ ཐ་ན་སྲིན་བུ་ཡིན་ཀྱང་གྲོལ༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ རྒྱུད་ཀྱི་ཀློག་ཐབས་དང་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནུས་འབྱིན་རྡོར་སེམས་ཀྱིས༔ སྟོན་པ་ཉིད་ལ་ཡང་གསོལ་བ༔ ཀྱེ་ཀྱེ་སྟོན་པ་ཐུགས་རྗེའི་འོད༔ རིག་འཛིན་འདུས་པའི་རྒྱུད་མཆོག་འདི༔ བཀའ་ཡི་སྲུང་མ་གང་ལ་བཅོལ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ གསང་བའི་རྡོ་རྗེ་ཁྱོད་ཉོན་ཅིག༔ དུར་ཁྲོད་བརྒྱད་ཀྱི་ཞིང་སྐྱོང་ཞིང་༔ གནས་ཡུལ་ཀུན་ཏུ་རྒྱུ་བ་ཡི༔ དཔའ་བོ་རིགས་བཞི་དཔའ་མོ་བཞིར༔ བཀའ་འདི་བཅོལ་ལ་གཉེར་དུ་གཏོད༔ རིག་འཛིན་འདུས་པ་རྩ་རྒྱུད་ལས༔ སྲུང་མར་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པས་བཀའ་སྩལ་པ༔ ཨེ་མ་ནུས་འབྱིན་རྡོ་རྗེ་སེམས༔ བཀའ་འདི་ཁྱོད་ཀྱིས་ཡོངས་སུ་སྡུས༔ སྤྲུལ་པའི་མཁའ་འགྲོའི་ཡི་གེར་ཐོབ༔ རབ་འཇིགས་དུར་ཁྲོད་བསིལ་བ་ཚལ༔ རང་བྱུང་མཆོད་རྟེན་ཆེན་པོ་ཡི༔ ཉི་མའི་འཁོར་ལོར་གཏེར་དུ་སྦོས༔ ལས་ཀྱི་དབང་མོར་སྲུངས་ཤིག་བཅོལ༔ རྩོད་ལྡན་ཤཱཀྱའི་བསྟན་པ་ལ༔ རྒྱལ་བའི་སྤྱི་གཟུགས་མཚོ་ལས་སྐྱེས༔ རྡོ་རྗེ་པདྨ་འབྱུང་ལ་གཏོད༔ བསྟན་དང་འགྲོ་བའི་དོན་བྱེད་འགྱུར༔ རིག་འཛིན་འདུས་པའི་རྩ་རྒྱུད་ལས༔ བཀའ་ཡོངས་སུ་གཏད་ཅིང་གཏེར་ལ་སྦས་པའི་ལེའུ་སྟེ་བཅུ་བདུན་པའོ༔ གཏེར་རྒྱ་༔ སྦས་རྒྱ་༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་མཚོ་སྐྱེས་རྡོ་རྗེ་ངས༔ རབ་འཇིགས་དུར་ཁྲོད་བསིལ་བའི་ཚལ་དུ་་ནི༔ སྟོན་པ་རྡོ་རྗེ་སེམས་དཔས་ལུང་བསྟན་ཏེ༔ རིག་འཛིན་འདུས་པའི་རྒྱུད་ཀྱི་རྒྱལ་པོ་རྙེད༔ རྒྱ་གར་ཡུལ་གྱི་མཁས་་པ་བརྒྱད་ལ་ཕུལ༔ སྨོན་ལམ་དབང་གིས་བོད་ཀྱི་ཡུལ་དུ་འོང་༔ མངའ་བདག་སོགས་ཏེ་རྗེ་འབངས་ཉེར་ལྔ་ལ༔ མཆིམས་ཕུའི་རྫ་ལ་བཀའ་བརྒྱད་སྨིན་གྲོལ་བསྟན༔ བླ་མའི་མན་ངག་གོ་བདེ་འཁྱེར་སླ་བ༔ བཀའ་བརྒྱད་ཆོས་ཀྱི་སྨིན་གྲོལ་རྒྱ་མཚོ་ནས༔ སྙིང་པོའི་བཅུད་ཕྱུངས་རིག་འཛིན་འདུས་རྒྱུད་ལས༔ སྒྲུབ་ཐབས་བརྩམས་ཏེ་ཉམས་ལེན་ཆོས་ལ་བྱས་༔ མ་འོངས་དོན་དུ་གངས་རིའི་རྒྱལ་པོ་ལ༔ ཡི་གེར་བཏབ་ནས་རིན་ཆེན་གཏེར་དུ་སྦས༔ ཀླུ་དབང་སྐྱེ་མཐའ་ང་ཡི་ཐུགས་ཀྱི་སྲས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ རྡོ་རྗེ་ལེགས་པར་བཀའ་འདི་བཅོལ་ལོ་སྲུངས༔ ལྷ་བཙན་འབར་བས་གཏེར་འདི་སྲུངས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁར་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་སྤྲང་བན་འགྲོ་འདུལ་གླིང་པས་གདན་དྲངས་ཤིང་ས་ཕོ་རྟ་ལོ་ཧོར་ཟླ་བཅུ་པར་ཤོག་སེར། ཞིང་མཁྱུད་གང་དཀྱུས་མཐོ་དོ་དང་སོར་བཞི་པ་ཞིག་ལས། བོད་ཡིག་ཏུ་ཕབ་པའོ། །སརྦ་མངྒ་ལཾ། །

སྒྲུབ་ཆེན་གྱི་ཁོག་དབུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྒྲུབ་ཆེན་གྱི་ཁོག་དབུབ་ཆེན་མོ་ཡོད་དོ༔ དཔལ་ཆེན་པོ་རིག་འཛིན་ཧེ་རུ་ཀཿབདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ༔ རིག་འཛིན་སྔགས་འཆང་པདྨ་འབྱུང་གནས་ངས༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་སྒྱུར༔ མ་འོངས་དོན་ཕྱིར་སྒྲུབ་ཐབས་དཔག་མེད་བརྩམས༔ ཀུན་ཀྱང་ཡང་ཟབ་སྒྲུབ་ཐབས་མཐར་ཐུག་སྟེ༔ སྙིང་པོའི་ཡང་སྙིང་ཚིག་བསྡུས་འདི་ཁོ་ན༔ རྩོད་ལྡན་དུས་མཐར་ལས་ཅན་བུ་ལ་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་རིག་འཛིན་རོལ་པའི་སྒྲུབ་ཆེན་གྱི་ཁོག་འབུབ་ཏུ་བསྟན་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་སྟོན་ནོ༔ དང་པོ་སྔོན་དུ་འགྲོ་བ་ལ་དོན་བཅུ་གསུམ་སྟེ༔ སློབ་དཔོན་སློབ་མ་གདམས་པ་བརྟག་པ་དང་༔ དགའ་སྟོན་གསོལ་འདེབས་བསྙེན་པ་དང་༔ གནས་ཚོལ་ས་ཆོག་སྟ་གོན་དང་༔ ཕྱི་ནང་བཤགས་མཚམས་ཐིག་ཆོག་དཀྱིལ་འཁོར་འདྲི༔ ལྷག་ཆད་གསོ་ཞིང་་ད་ལ་མཆོད་པ་དང་༔ མ་ཏྲཾ་བསྒྲལ་དང་སྦྱིན་སྲེག་དང་༔ དཀྱིལ་འཁོར་རྫས་དང་རྒྱན་བཀོད་དང་༔ ལས་ཆོག་རིམ་པ་ཞལ་བཀོད་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལ་གསུམ་སྟེ༔ བླ་མ་སློབ་མ་གདམས་པ་བརྟག་པའོ༔ བླ་མའི་སྐྱོན་ནི༔ ཐོས་ཆུང་ང་རྒྱལ་ཆེ་ལ་བླུན་རྨོངས་ཚིག་ལ་སྲེད༔ ཁེངས་སེམས་ཤེས་རབ་ཆུང་དང་དོན་ལ་རྨོངས༔ བསྐྱེད་རྫོགས་གཡེལ་ཞིང་བདག་འཛིན་ཆེ་བ་དང་༔ ཐུགས་རྗེ་དག་སྣང་ཆུང་ཞིང་ལོག་ལྟ་ཆེཿམཁྱེན་པ་ཆུང་ཞིང་ཕྱོགས་འཛིན་ཆེ་བ་ཡི༔ བླ་མ་བསྟེན་ན་སློབ་མ་འཕུང་བར་འགྱུར༔ དེ་ནི་ཡང་དག་ཉིད་དུ་སྤང་བར་བྱ༔ བླ་མེད་ཐེག་ཆེན་ཚིག་དོན་ཕ་རོལ་ཕྱིན༔ ལྟ་སྒོམ་སྤྱོད་གསུམ་ཐོས་བསམ་དྲོད་དང་ལྡན༔ རང་དོན་ཉམས་ལེན་གཞན་དོན་ཐབས་མཁས་ལྡན༔ ཚེ་འདི་བློས་བཏང་ཕྱི་མའི་དོན་དུ་གཉེར༔ མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་ཆེ༔ འདི་ཕྱི་ཀུན་གྱི་བདེ་ལེགས་འབྱུང་བའི་གནས༔ ཡང་དག་ཉིད་དུ་མི་སྤང་ཐོད་དུ་འཆིང་༔ སློབ་མ་རྒྱུད་ངན་ལག་དམ་སྟོང་ཞུས་མཁས༔ བཀའ་བཞིན་མི་བསྒྲུབ་ཚེ་འདི་དོན་དུ་གཉེར༔ གདམས་པ་ཐོབ་ཆོག་དམ་མེད་དྲིན་ལ་རྩོད༔ ཡོན་ཏན་མི་མཐོང་སྐྱོན་རྟོག་ངན་སྨྲ་ལྡིར༔ སློབ་མ་མ་བརྟགས་བླ་མ་ཆོས་ཀྱི་དགྲ༔ བདུད་དུ་ཤེས་པས་བརྟག་མཁས་སྤང་པར་བྱ༔ ཤེས་རབ་ཆེ་ཞིང་མོས་གུས་དག་སྣང་ཆེ༔ ངེས་འབྱུང་བྱང་ཆུབ་སེམས་ཆེ་སྡུག་སྲན་བཟང་༔ ཚེ་འདི་བློས་གཏོང་སྒྲུབ་པ་སྲོག་དང་བསྡོ༔ ཅི་གསུང་བཀའ་ཉན་མོས་གུས་ལྟེམ་རྐྱང་མེད༔ བསྟན་པའི་རྩ་ལག་སྣོད་ལྡན་སློབ་མ་བསྟེན༔ མན་ངག་བཟང་ལ་བསྲེ་བསླད་མ་ཞུགས་པ༔ ཟབ་རྒྱས་འདྲིལ་ལ་གོ་སླ་འཁྱེར་བདེ་བ༔ དངོས་གྲུབ་ལོ་ཟླས་འཐོབ་པའི་ཟབ་ཆོས་བཙལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དགའ་སྟོན་སློབ་བུས་བླ་མ་ལ༔ ལོ་ཟླ་མང་པོའི་གོང་ནས་ཞུ་བ་འབུལ༔ ཞལ་བཞེས་བྱུང་ཚེ་སྣོད་ལྡན་སློབ་མའི་ཚོགས༔ ཚོགས་འཁོར་བསྐོར་ལ་བླ་མར་རྐྱང་ཕྱག་འཚལ༔ རྡོ་རྗེ་གསུམ་གྱི་གླུ་གར་ཉམས་བསྐྱང་ཞིང་༔ བཀའ་བཀླག་སཱཙྪ་གདབ་དང་ཆོས་སྟོན་དྲང་༔ ཡར་མཆོད་མར་སྦྱིན་ཕྱག་སྐོར་ཡིག་བརྒྱ་འདོན༔ བསོད་ནམས་ཚོགས་གསོག་དགེ་བའི་ལས་ལ་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཏོར་མ་བཤམས་ཞིང་གསོལ་བ་གདབ༔ ཐལ་མོ་སྦྱར་ཞིང་མགྲིན་གཅིག་འདི་སྐད་དོ༔ ཨེ་མ་སྟོང་ཉིད་མཆོག་གི་བླ་མ་ལ༔ སེམས་ཅན་འགྲོ་དོན་བསྐུལ་བརྡ་མི་འཚལ་ཡང་༔ ལྔ་བརྒྱ་རྩོད་ལྡན་དུས་མཐའི་འགྲོ་བ་རྣམས༔ རིགས་དྲུག་གནས་ལས་སྒྲོལ་བའི་འཕྲིན་ལས་སྩོལ༔ ཅེས་ལན་གསུམ་ཞུའོ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་ལས་ལྡན་བུ་རྣམས་ལེགས་པར་ཉོན༔ རིགས་དྲུག་འཁོར་བའི་སྡུག་བསྔལ་མཐོང་ནས་སུ༔ བདེ་ཆེན་ཐར་པའི་ཞིང་ལ་བགྲོད་འདོད་ན༔ སྡོམ་གསུམ་བླ་མེད་ཆོས་ཀྱི་སྣོད་ལྡན་ནམ༔ ཞེས་དྲིས་པའི་ལན་དུ༔ ཨེ་མ༔ དུས་གསུམ་བླ་མ་འགྲོ་བའི་དེད་དཔོན་མཆོག༔ བསླབ་པ་གསུམ་ནི་ཐེག་པའི་གོ་རིམ་ལྟར༔ བདག་ཅག་རྣམས་ཀྱིས་རྩོལ་སྒྲུབ་ཚུལ་བཞིན་སྤྲོ༔ ཞེས་ཞུ༔ དེ་ནས་སློབ་མའི་གོ་རིམ་དང་བསྟུན་ལ༔ སྐྱབས་སེམས༔ དགེ་བསྙེན༔ དགེ་ཚུལ༔ དགེ་སློང་༔ གསང་སྔགས་ཀྱི་དམ་ཚིག་རྣམས་རིམ་བཞིན་འབོག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བསྙེན་སྒྲུབ་དབང་དང་གོ་རིམ་བསྟུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་སྒྲུབ་གནས་ཕུན་སུམ་ཚོགས་པ་སྟེ༔ ལུང་ནས་བཤད་དམ་གོང་མས་ཞབས་ཀྱིས་བཅགས༔ དབེན་ཞིང་དྭངས་ལ་ཉམས་དགའ་ཡིད་དང་མཐུན༔ མཐུན་རྐྱེན་འཛོམ་དང་གཡེང་བ་མི་རྒོད་མེད༔ རི་རྒྱུད་གངས་འབྲེལ་དབྱར་བསིལ་དགུན་དྲོ་བ༔ རྒྱབ་རི་བྱིན་ཆགས་བྱང་སྐྱོར་ཤར་གཞོལ་བ༔ ལྷོ་བརྡལ་ནུབ་སྐྱོར་ཆུ་བོ་གངས་ནས་འབབས༔ མཚན་ཉིད་ལྡན་པའི་གནས་དེར་ས་ཆོག་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྟག་བསླངས་བཟུང་དང་བྱིན་རླབས་རིམ་པ་བཞི༔ ས་བདག་ལྟོ་འཕྱེ་རང་གི་ཕོ་བྲང་བསྐོར༔ གང་ཤར་ཟླ་བའི་བདུན་ཟུར་མགོ་གཏད་ཅིང་༔ ཟླ་བར་གཞུང་བསྟན་གཞོག་གཡོན་ཕབ་ཏེ་ཉལ༔ དཔྱིད་གསུམ་ཟླ་བར་མགོ་ནུབ་ཁ་བྱང་སྟོན༔ དབྱར་གསུམ་མགོ་བོ་བྱང་ལ་ཁ་ཤར་སྟོན༔ སྟོན་གསུམ་ཟླ་བར་མགོ་ཤར་ཁ་ལྷོར་སྟོན༔ དགུན་གསུམ་མགོ་ལྷོ་ཁ་ནི་ནུབ་ཏུ་སྟོན༔ འཁོར་ཚུལ་དེ་ལས་ལྟོ་བའི་ས་བསླང་ངོ༔ བུམ་གཏེར་རྫས་ཁྱེར་རས་དཀར་ཁ་གང་སྟེང་༔ ཚོམ་བུ་ལྔ་བཀོད་གཏོར་མ་ཆ་གསུམ་བཤམས༔ རང་ཉིད་དབང་ཆེན་ཁྲོ་བོ་རྟ་མགྲིན་བསྒོམ༔ མདུན་དུ་ལྷ་མོ་བསྟན་མ་སྐུ་མདོག་སེར༔ ཕྱག་ན་བུམ་པ་སྐུ་ཕྱེད་ས་ལས་འཐོན༔ ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་སེམས་དཔའ་ནི༔ གོང་མཐུན་ལྟར་བསྐྱེད་སྤྱན་དྲངས་གཟུགས་ལ་བསྟིམས༔ ལན་གསུམ་ལག་པ་སར་བརྡབས་འདི་སྐད་དོ༔ ཧཱུྃ་ཧྲཱིཿསྤྲུལ་པའི་ལྷ་མོ་ས་བདག་འགྲོ་བའི་མ༔ ཚུར་སྤྱོན་ཚུར་སྤྱོན་ལྷ་མོ་རིན་ཆེན་མ༔ ཡིད་འོང་མཛེས་ལྡན་སྣ་ཚོགས་རྒྱན་གྱིས་སྤྲས༔ རིན་ཆེན་གཏེར་བུམ་འདོད་པའི་དངོས་གྲུབ་སྩོལ༔ མཆོད་པ་འདི་བཞེས་ཕོ་བྲང་ས་འདི་གནོང་༔ ཨེ་ཧཱ་ཡ་ཧཱི་པྲ་ཏི་བྷ་ཏི་བྷི་ནཱི་ཨ་ཀར་ཤ་ཡ་ཛཿསྤྱན་དྲངས་དམ་ཚིག་སྐུ་ལ་ཡང་ཡང་བསྟིམ༔ མཆོད་པ་ནི༔ ཇི་སྙེད་འཇིག་རྟེན་མ་ལུས་ན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཅི་མཆིས་པ༔ ལྷ་མོ་བསྟན་མ་ཁྱོད་ལ་འབུལ༔ པུཥྤེ་དྷཱུ་པེ་སོགས༴ སྦྱང་བ་ནི༔ རྒྱལ་པོར་མེ་བླངས་པ་མཐའ་བསྐོར་བའམ༔ བ་དམར་འོ་མར་ཀླུ་སྨན་བཏབ་པ་ཀུ་ཤས་འཐོར༔ རིན་ཆེན་བརྡར་ཏེ་རིན་ཆེན་ཕུང་པོར་བསམས༔ འདི་གསུམ་ཕྱི་ནང་གསང་བའི་ས་སྦྱང་ངོ་༔ སོལ་བ་གྱོ་མོ་རྡོ་སོགས་མེད་ན་བཟང་༔ མདོག་སྨུག་ས་རྒྱུ་བཟང་ཞིང་ཤུལ་གང་ལུད་ན་བཟང་༔ དེ་དག་བརྟག་སྦྱང་ད་ནི་བཟུང་བར་བྱ༔ ཆ་གསུམ་བཏང་ལ་འདི་སྐད་དོ༔ ཧཱུྃ༔ མི་མཇེད་འཇིག་རྟེན་ཁམས་ཀྱི་གཞི་བདག་དང་༔ ཡུལ་འདི་དབང་བའི་ལྷ་ཀླུ་གནོད་སྦྱིན་ཚོགས༔ ས་འདི་བདག་ཞུ་ཁྱེད་རྣམས་གཞན་དུ་གཟུར༔ ཕྲག་དོག་མ་མཛད་མཆོད་སྦྱིན་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པ་དང་༔ ལས་ཀྱི་དངོས་གྲུབ་བདག་ལ་སྩལ་དུ་གསོལ༔ ཞེས་བསྒོའོ༔ དེ་ནས་ལྷ་མོ་ལ་མེ་ཏོག་འཐོར་ཞིང་༔ ཀྱེ༔ དུས་གསུམ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས༔ བྱང་ཆུབ་སེམས་བསྐྱེད་ས་འདི་བརྟེན་ནས་ཀྱང་༔ རྫོགས་སངས་རྒྱས་དང་ཆོས་ཀྱི་འཁོར་ལོ་བསྐོར༔ ས་ཡི་ལྷ་མོ་ཁྱོད་ནི་དཔང་པོར་གྱུར༔ ད་སྟེ་རྣལ་འབྱོར་བདག་གིས་བྱང་ཆུབ་ཕྱིར༔ ས་འདི་སྤྱོད་དམ་ལྷ་མོ་རིན་ཆེན་མ༔ ཞེས་བརྗོད་པས་ལྷ་མོ་དགའ་བའི་མདངས་ཕྱུངས་ནས༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་དམ་པ་སྟེ༔ ས་འདི་གནང་གི་འགྲོ་དོན་དཔག་མེད་སྤྱོད༔ ཅེས་གསུངས་ལྷ་མོ་འོད་ཞུ་ས་ལ་ཐིམ༔ རིན་ཆེན་སྣ་ཚོགས་ཕུང་པོར་གྱུར་བར་བསམས༔ ཆུ་བསླངས་ཏེ༔ ཀྱེ༔ བཀྲ་ཤིས་མཛེས་ལྡན་ཀླུ་སྨན་ལྷ་མོ་ཁྱོད༔ ར་བ་བཞི་ལ་དབྱིངས་ཀྱི་མཁའ་ལ་གནས༔ འབྲིང་པོ་བཞི་ལ་བར་སྣང་ཁམས་ན་འཕྱོ༔ ཐ་ཆུང་བཞི་ལ་རྒྱ་མཚོའི་གཏིང་དུ་བཞུགས༔ རྒྱལ་བའི་ཕོ་བྲང་འདེབས་པའི་ཆག་ཆག་ཆུ༔ རྣལ་འབྱོར་བདག་ལ་ད་ལྟ་ཉིད་དུ་སྩོལ༔ འབྲུ་སྣ་འཐོར་ཞིང་ཆུ་བླང་ངོ༔ དེ་ནས་གནས་ཁང་རྒྱ་ཁྱོན་དཀྱིལ་འཁོར་བརྩིག༔ མེ་ལོང་ངོས་ལྟར་མཛེས་ཤིང་འཇམ་པར་བྱ༔ བ་ཡི་རྣམ་ལྔ་དྲི་ཆུས་ཆག་ཆག་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་སྟ་གོན་རིམ་པ་ལ༔ དང་པོ་བུམ་པ་སྟ་གོན་ནི༔ མཚན་ལྡན་བུམ་པ་ཁྲིའུ་ཁར་བཞག་ལ༔ སྔགས་ཀྱིས་སྦྱངས་ཤིང་མི་དམིགས་སྟོང་པར་བསམས༔ སྟོང་བའི་ངང་ལས་རིན་ཆེན་གཞལ་ཡས་ཁང་༔ ཉི་ཟླ་པད་སྟེང་ཧྲཱིཿཡིག་འོད་དུ་ཞུ༔ རིག་འཛིན་འདུས་པའི་ལྷ་ཚོགས་མ་ལུས་གསལ༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཡིད་ཀྱིས་མཆོད་བསྟོད་ལྷ་ཚོགས་ཐུགས་ཀར་ནས༔ ཉི་མའི་དཀྱིལ་འཁོར་ས་བོན་སྔགས་འབྲུས་བསྐོར༔ འོད་འཕྲོས་དོན་གཉིས་བྱས་ནས་གཟུངས་ཐག་ལ༔ སྔགས་འབྲུ་རྟར་ཞོན་བུམ་ནང་ལྷ་ཚོགས་ཀྱི༔ ཐུགས་ཀར་ཐིམ་པས་བདུད་རྩིའི་རང་བཞིན་ཞུ༔ མ་ཡེངས་ཏིང་འཛིན་ངང་ནས་ཅི་འགྲུབ་བཟླས༔ དེ་ནས་ལྷ་སྟ་གོན་བྱ་བ་ནི༔ མཎྜལ་སྟེང་དུ་དྲི་བཟང་ཐིག་ལེ་ནི༔ དཀྱིལ་འཁོར་ལྷ་ཡི་གྲངས་དང་མཉམ་པར་བྱས༔ ལྷ་ཡི་ས་བོན་ངག་ནས་བརྗོད་བཞིན་དུ༔ མེ་ཏོག་ཚོམ་བུ་རང་རང་གནས་སུ་བཀོད༔ དམ་ཚིག་ལྷ་བསྐྱེད་ཡེ་ཤེས་སྤྱན་དྲངས་བསྟིམ༔ མཆོད་བསྟོད་བྱས་ཏེ་གསོལ་བ་འདི་ལྟར་གདབ༔ ཧོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་བདག་ལ་དགོངས་སུ་གསོལ༔ རྩ་གསུམ་ལྷ་ཚོགས་མཆོད་དང་བསྟོད༔ སྐལ་ལྡན་རྗེས་འཇུག་སྨིན་པའི་ཕྱིར༔ རྣལ་འབྱོར་དབང་ཕྱུག་བདག་གིས་ནི༔ ནང་པར་རྒྱལ་བའི་དཀྱིལ་འཁོར་འབྲི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་པའི་གསོལ་འདེབས་ལན་གསུམ་བྱ༔ དེ་ནས་ཞི་བའི་སྦྱིན་སྲེག་གདབ༔ སྲེག་རྫས་དབུལ་ཞིང་འདོད་གསོལ་བརྗོད༔ དེ་ནས་སློབ་མ་སྟ་གོན་བྱ༔ བླ་མ་དབང་གི་ཆས་བཅུས་བརྒྱན༔ རིན་ཆེན་མཛེས་པའི་ཁྲི་ལ་བཞུགས༔ སློབ་བུས་ཕྱག་འཚལ་ཐལ་མོ་སྦྱར༔ ངག་ནས་གསོལ་བ་འདི་ལྟར་གདབ༔ ཀྱེ༔ རིག་འཛིན་ཆེན་པོ་རྒྱལ་བའི་འཕྲིན་ལས་བདག༔ བདག་ཅག་འགྲོ་རྣམས་ཁྱེད་ཀྱི་རྗེས་སུ་འཇུག༔ ཐུན་མོང་ཕྱི་ནང་ཁྱད་པར་སྐྱབས་འགྲོ་དང་༔ སོ་ཐར་བྱང་སེམས་དམ་ཚིག་སྡོམ་པའི་ཚོགས༔ མགོན་པོ་ཁྱོད་ཀྱིས་བདག་ལ་སྩལ་དུ་གསོལ༔ ཞེས་ཞུ༔ དེ་ནས་བླ་མས༔ ཀྱེ་མ་སྐལ་བཟང་བུ་རྣམས་ཉོན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་༔ བླ་མེད་ཆོ་ག་འདི་མཁྱེན་ནས༔ སྲིད་གསུམ་རྣམ་གྲོལ་མངོན་སངས་རྒྱས༔ ད་སྟེ་སྐལ་ལྡན་ཁྱེད་རྣམས་ཀྱང་༔ སྨིན་གྲོལ་ཆོ་ག་འདིར་ཞུགས་ལ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ གནང་བ་སྦྱིན་ནོ༔ དེ་ནས་མདུན་གྱི་ནམ་མཁའ་ལ༔ རྩ་གསུམ་ལྷ་ཚོགས་བཞུགས་པར་བསམས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་མཆོད༔ སློབ་བུས་ཐལ་སྦྱར་འདི་སྐད་བརྗོད༔ ཨེ་མ་ཧོ༔ ཕྱོགས་དུས་རྒྱལ་བ་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ༔ སངས་རྒྱས་ཀུན་འདུས་བླ་ན་མེད༔ རིག་འཛིན་རྡོ་རྗེ་སློབ་དཔོན་ལ༔ བླ་མེད་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ ཡི་དམ་ལྷ་ཚོགས་མ་ལུས་དང་༔ འབུམ་ཕྲག་དཔའ་བོ་དཔའ་མོ་བཅས༔ ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སོ་སོར་ཐར་པའི་སྡོམ་པ་བླང་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་གནས་ཤིང་བསྲུང་བར་བགྱིད༔ ཅེས་ལན་གསུམ༔ སྨོན་སེམས་ནི༔ ཨེ་མ༔ དུས་གསུམ་རིག་འཛིན་དགོངས༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་དང་མ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བ་རྣམས་བསྒྲལ་བར་བྱ༔ མ་གྲོལ་བ་རྣམས་གྲོལ་བར་བྱ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ འཇུག་པ་ནི༔ ཧོ༔ སྔོན་གྱི་བདེ་གཤེགས་བཅོམ་ལྡན་འདས༔ སྡོམ་པ་གསུམ་ལ་གནས་པ་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ བླ་ན་མེད་པར་འཇུག་པའི་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱིད༔ ཕར་ཕྱིན་དྲུག་དང་སྡོམ་གསུམ་བཟུང་༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ༔ དེ་ནས་རིགས་ལྔའི་སྡོམ་བཟུང་ནི༔ ཨེ་མ་ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་བསྟེན༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུ་བྱང་ཆུབ་སེམས༔ ནམ་ཡང་མི་སྤང་བསྒྲུབ་པར་བགྱིད༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞིས་འགྲོ་བ་སྐྱོང་༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་བཤད་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ སྒོ་གསུམ་དཀྱིལ་འཁོར་གསུམ་ལ་སྤྱོད༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ ཅེས་བརྗོད་དོ༔ སློབ་དཔོན་གྱིས༔ ཀྱེ་ཧོ་སྐལ་ལྡན་འདིར་ཚོགས་ཀུན༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བསྲུང་མཛོད་དང་༔ མཆོག་གི་དངོས་གྲུབ་མྱུར་དུ་འཐོབ༔ ཅེས་བརྗོད༔ དེ་ནས་དམ་ལྡན་སློབ་བུ་ལ༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ ཡི་གེ་གསུམ་གྱི་བྱིན་གྱིས་བརླབ༔ ངག་ཏུ་བདུད་རྩི་བཞག་ནས་ཀྱང་༔ ཡི་དམ་ལྷ་ཡི་བསྐྱེད་རིམ་གཏད༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ རྡོ་རྗེ་མགོར་བཞག་མེ་ཏོག་འཐོར༔ ༈དེ་ནས་དངོས་གྲུབ་རྟེན་འབྲེལ་བརྟག༔ དྲི་བཟང་ཤིང་ལ་སོ་ཤིང་གཞོག༔ ལྕུམ་གཞོག་རྒྱ་མདུད་ཡོད་པར་བྱ༔ རྩེ་ལ་མེ་ཏོག་བཅིངས་ནས་ཀྱང་༔ སོས་བཟུང་མིག་བཙུམས་ཚོམ་བུར་འདོར༔ ངག་ནས་འདི་ལྟར་བརྗོད་པར་བྱ༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དངོས་གྲུབ་བཟང་པོ་བདག་ལ་སྟོན༔ ཨཱོཾ་བཛྲ་ཧ་སཱ་ཧ༔ ཞེས་དོར་ཕྱོགས་བཞིར་འཕྲིན་ལས་བཞི༔ མཚམས་བཞིར་ཕྲན་བུ་འགྲུབ་བོ་བརྗོད༔ རྩ་བ་རང་བསྟན་ལན་གསུམ་བསྐྱར༔ སླར་ཡང་ལྡོག་ན་རྐྱེན་བཟློག་འབུངས༔ སྐལ་མེད་ཡིན་པས་གྲལ་ནས་འཐོན༔ དེ་ནས་བླ་མས་འདི་སྐད་དོ༔ ཨེ་མ༔ སྐལ་ལྡན་བུ་རྣམས་མ་ཡེངས་ཉོན༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ ཨུ་དུམ་ཝཱ་ར་ལས་ཀྱང་དཀོན༔ འདི་རུ་ཚོགས་རྣམས་བསོད་ནམས་བསགས༔ མཐོང་བས་སྡིག་སྒྲིབ་ཐམས་ཅད་འདག༔ ཚུལ་བཞིན་བསྒྲུབས་ན་མཆོག་ཐུན་འགྲུབ༔ དགའ་བ་སྒོམས་ཤིག་སྐལ་ལྡན་རྣམས༔ ཞེས་བརྗོད་དོ༔ ༈དེ་ནས་བསྲུང་སྐུད་ལྔ་སྒྲིལ་ལ༔ རྩ་སྔགས་བཟླས་ལ་མདུད་པ་བྱས༔ ཕོ་གཡས་མོ་གཡོན་དཔུང་པར་གདགས༔ ཧོཿསྔགས་དང་ཏིང་འཛིན་བྱིན་བརླབས་པའི༔ རྡོ་རྗེའི་རང་བཞིན་བསྲུང་བའི་རྒྱ༔ སྐལ་ལྡན་རྣམས་ཀྱི་དཔུང་པར་གདགས༔ བར་གཅོད་འབྱུང་པོའི་ཚོགས་རྣམ་སྲུངས༔ བཛྲ་རཀྵ་ཧཱུྃཿལས་བུམ་ཆུས་སྦྲན་རྡོ་རྗེས་རྒྱས་གདབ༔ དེ་ནས་ཀུ་ཤ་ཡི་གེ་གསུམ་བཟླས་པ་བྱིན་ལ༔ ཧཱུྃ༔ རྡོ་རྗེའི་རྩྭ་འདི་བླ་ན་མེད༔ ཇི་སྙེད་སངས་རྒྱས་བཅོམ་ལྡན་འདས༔ རྩྭ་འདི་བརྟེན་པས་སངས་རྒྱས་ལྟར༔ དེང་དུས་རིགས་ཀྱི་བུ་ཁྱེད་རྣམས༔ རྩྭ་འདི་ཁྱེར་ལ་སྔས་གདན་གྱིས༔ སེང་གེ་བཞིན་ཉོལ་རྨི་ལམ་རྟོགས༔ ལེགས་ཉེས་གང་བྱུང་བདག་ལ་སྨྲོས༔ ནང་པར་བླ་མའི་དྲུང་དུ་གང་བྱུང་ཞུ༔ ངན་ན་རྐྱེན་བཟློག་རིམ་པར་འབུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟ་གོན་ལྷ་ཚོགས་རྣམས༔ མདུན་གྱི་མཁའ་ལ་བཞུགས་པར་བསམས༔ དྲུག་པ་ཕྱི་བཤགས་བྱ་བ་ནི༔ བཤགས་རྒྱུད་ལ་སོགས་ནར་མར་བཀླག༔ ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱི་མཚམས་གཅོད་པ་ནི༔ ཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞི༔ ཕྲིན་ལས་བཞི་ཡི་བྱང་བུར་བཅས༔ བསྐྱེད་བསྟིམ་མངའ་གསོལ་གཏོར་མ་དབུལ༔ ཕྲིན་ལས་བཅོལ་བ་འདི་སྐད་དོ༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུང་༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ ཞི་བའི་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ དྲི་ཟ་ཕོ་མོའི་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་ཏིས་ཊཱ་ར་ཐ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ རྒྱས་པའི་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ ལྷོ་ཕྱོགས་གཤིན་རྗེའི་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་རུ་ཏ་ཀ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ དབང་གི་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ ནུབ་ཕྱོགས་ཀླུ་དབང་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་རུ་བག་ཀྵ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ མངོན་སྤྱོད་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ བྱང་ཕྱོགས་གནོད་སྦྱིན་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་ཤ་ར་མ་ན་ཡེ་སྭཱ་ཧཱ༔ སྔགས་ཆས་ལྡན་པའི་མཆེད་ལྕམ་གྱིས༔ རོལ་མོ་དར་འཕྱར་དུང་འབུད་ཅིང་༔ རྡོ་རྗེའི་འགྲོས་ཀྱིས་ཤར་ནས་བསྐོར༔ མཆེད་ལྕམ་ཐོ་ལས་མི་འདའ་ཞིང་༔ ཕྱི་ནང་མཚམས་བཅད་བསྲུང་འཁོར་བསྒོམས༔ ལོངས་སྤྱོད་དངོས་གྲུབ་རྫས་མི་སྤང་༔ གིང་པས་ཐུན་གྱིས་བྲབ་ནས་བླངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དམ་སྲི་མནན་པ་ནི༔ ར་སོགས་རྒྱབ་ཏུ་གླིང་བཞི་འབྲི༔ ནང་དུ་དམ་སྲི་བྱ་མགོ་ཅན༔ རིད་ཅིང་ཧམ་པའི་སྙིང་ག་ན༔ དམ་སྲི་ཏྲི་ནན༔ ཐ་མར༔ ཡ་མ་དམ་སྲི་ག་པ་རི་མཱ་ར་ཡ་ཛཿནནཿཏྲིའུ་ཏྲིའུ་ཡ༔ ན་མ་ཤྭ་ཛཿཁུག་ནན༔ དམ་སྲི་ཕོ་མོ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་ནན༔ སྟམ་བྷ་ཡ་ནན༔ མོ་ཁ་ཡ་ནན༔ ན་ཤ་ཡ་ནན༔ བྱ་བ་བྲི༔ སྒྲུབ་ཁང་ཐེམ་འོག་གྲུ་གསུམ་ནང་༔ ལིངྒ་བཞག་ལ་ཕུར་བསྐོར་བྱ༔ རང་ཉིད་ཆེ་མཆོག་རྒྱལ་པོར་བསྒོམས༔ འགུགས་བསྟིམ་དམིགས་པ་གནད་དུ་བསྣུན༔ གྲུ་གསུམ་ཁ་བཀབ་འདི་སྐད་དོ༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ བླ་མ་ལ་བསྡོས་མཆེད་ལ་འཁུས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད༔ བཀའ་འདས་བསྒྲལ་བའི་ཞིང་བཅུ་ཁྱོད༔ ནམ་ཡང་བཏང་བར་མི་བྱ་ཞིང་༔ མཚོན་ཆ་འབར་བས་དུམ་བུར་གཏུབ༔ ཁྲོ་བོ་ཆེན་པོའི་ཞལ་དུ་སྟབས༔ རི་རབ་གླིང་བཞིའི་འོག་ཏུ་མནན༔ མཐའ་མེད་རྒྱ་མཚོའི་ནང་དུ་བསྐྱུར༔ བསྐལ་པའི་མེ་དཔུང་ཀློང་དུ་བསྲེགས༔ ཆུ་སྲིན་གྲེ་བའི་ཁ་རུ་བརྫངས༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ མཆེད་ལྕམ་ལུ་གུ་རྒྱུད་སྦྲེལ་ལ༔ ཧཱུྃ༔ བྲོ་གཅིག་དང་པོ་ཆོས་སྐུའི་རྒྱ༔ གཉིས་པ་འགག་མེད་ལོངས་སྐུའི་རྒྱ༔ གསུམ་པ་མཁྱེན་བརྩེ་སྤྲུལ་སྐུའི་རྒྱ༔ བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་པ་སྐུ་ལྔའི་ཡེ་ཤེས་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་སངས་རྒྱས་རབས་བདུན་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་ནི་ཐེག་པ་རིམ་དགུའི་རྒྱ༔ བཅུ་ནི་ས་བཅུ་ནོན་པའི་རྒྱ༔ སེམས་དཔའི་བརྟུལ་ཞུགས་བྲོ་རུ་བརྡུངས༔ སྒབ་འདྲེ་འབྱུང་བོ་རྡུལ་དུ་བརླགས༔ ཏིང་འཛིན་ངང་ནས་བྲོ་རྡུངས་ཤིག༔ ཨཱོཾ་ལཾ་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ ཞེས་བརྗོད་དོ༔ གཞན་ཡང་རྟ་བྲོ་ཅི་མང་བརྡུང་༔ ས་མ་ཡཱ༔ རྒྱ༔ དེ་ནས་སྒོ་བྱང་བདུད་རྩི་འཁྱིལ་བ་བཏགས་ཏེ༔ ཧཱུྃ༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ བདུད་རྩི་གསང་བའི་བསྲུང་མ་མཛོད༔ དངོས་གྲུབ་འབྱུང་བའི་གནས་འདི་རུ༔ དམ་སྲི་ཐལ་བ་རྡུལ་དུ་རློགས༔ ཞེས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཕྲིན་ལས་བཅོལ༔ སྒོ་ཕྱིར་གཤིན་རྗེའི་གཤེད་ཀྱི་སྐུ་བཏགས་ཏེ༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ཕོ་ཉའི་བདག༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ གསང་བ་བསྒྲུབ་ལ་མི་དབང་བགེགསཿལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ རྣལ་འབྱོར་དངོས་གྲུབ་མ་ཐོབ་བར༔ ས་འདི་ཡན་ཆད་མ་གཏོང་ཞིག༔ ཞེས་པས་ཕྱི་ནང་གི་ཐོ་མཚམས་བྱང་བུ་ལ་ཡང་དེ་བཞིན་འབྲིའོ༔ ས་མ་ཡཱ༔ རྒྱ༔ བདུན་པ་དཀྱིལ་འཁོར་བྲི་བ་ནི༔ མཚན་ལྡན་བཅུ་དྲུག་ལོ་ལོན་རྒྱན་གྱིས་སྤྲས༔ ཐིག་སྐུད་ཞིང་དང་ཁྱི་དཀར་རྒྱུ་མའམ༔ རས་བལ་སྐུད་པ་དཀྱིལ་འཁོར་ཉིས་འགྱུར་ཚད༔ སྦོམ་ཕྲ་སྒོ་ཡི་ཉི་ཤུའི་ཆ་འཛིན་བསྒྲིལ༔ སློབ་དཔོན་ཁ་ཤར་མཚན་ལྡན་ནུབ་ཏུ་བལྟ༔ ཡེ་ཤེས་སྤྲོས་བྲལ་ཐིག་ནི་ནམ་མཁར་གདབ༔ ཧཱུྃ༔ རིག་འཛིན་འཁོར་ལོ་བདེ་མཆོག་རྩལ༔ གསང་བའི་ཡུམ་མཆོག་མནྡྷ་ར༔ བྷ་ག་ཡུམ་གྱི་ས་གཞི་ལ༔ བྱང་ཆུབ་སེམས་ཀྱི་ཐིག་སྤྲོས་པས༔ རྒྱལ་བའི་དཀྱིལ་འཁོར་མཁའ་ལ་ཤར༔ བྷྲཱུྃ་སཾ་སྐྲྀ་ཏ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཞེས་བརྗོད་རྩ་གསུམ་ལྷ་ཚོགས་མཁའ་ལ་དམིགས༔ རྣམ་དག་བྱང་ཆུབ་སེམས་ཀྱི་མཆོད་བསྟོད་བྱ༔ ཐིག་སྐུད་སྙིང་གར་འཐེན་ཏེ༔ ཧཱུྃ༔ རིག་འཛིན་རྩ་གསུམ་ཕོ་བྲང་མཆོག༔ བླ་མེད་རྒྱལ་བའི་ཞིང་དུ་གསལ༔ བྷྲཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ༔ བར་ཐིག་གདབ༔ དེ་ནས་ཚངས་པའི་ཐིག་སྤྲོ་ཞིང་༔ ཧཱུྃ༔ མཚན་ལྡན་ཁྱོད་ཀྱི་བྷ་ག་ལ༔ དགའ་བཞི་རོལ་པའི་ཐིག་གདབ་པས༔ རིག་འཛིན་རོལ་པའི་ཕོ་བྲང་གསལ༔ སྣང་སྟོང་ཆོས་དབྱིངས་རོལ་པ་ཆེ༔ བྷྲཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་མཎྜལ་ཧཱུྃ༔ ཞེས་གདབ་བར་ཆད་མེད་ན་དངོས་གྲུབ་འཐོབ༔ ཐིག་ཆེན་དཀར་པོ་ཐིག་ཆུང་དམར་པོས་གདབ༔ བཅུ་དྲུག་ཐིག་ནས་དཀྱིལ་འཁོར་འབྲི་བའི་ཐབས༔ དབང་གི་སྐབས་སུ་ཡོད་པ་ཤེས་པར་བྱ༔ ས་མ་ཡཱ༔ རྒྱ༔ དེ་ནས་ཚོན་གྱི་ཆོ་ག་ནི༔ རབ་རིན་པོ་ཆེ་རྣམ་ལྔ༔ འབྲིང་དུར་ཁྲོད་ཀྱི་རྡོ་བ༔ ཐ་མ་ཡང་ཅོང་ཞིའམ་རྡོ་རྒྱུས་ལྟ་བུ་ཚོན་གྱིས་བསྒྱུར་ཏེ༔ ཞིབ་ལ་མདངས་དང་ལྡན་པ་ཉི་ཤུའམ་སྣ་ལྔ་ལ་སོགས་གང་འཛོམ་བསགས་ནས༔ སོ་སོའི་སྣོད་དུ་བླུགས༔ ཨཱོཾཿཧཱུྃ་ཏྲཱཾ་ཧྲཱིཿཨཱཾ༔ སོགས་ས་བོན་བཀོད༔ དམ་ཚིག་བསྐྱེད༔ ཡེ་ཤེས་པ་བསྟིམ༔ མཆོད་བསྟོད་བྱ༔ དེ་ནས་སློབ་དཔོན་གྱིས་ཚོན་ཐོགས་ཏེ་ཤར་ནས་བཀྱེ་ཞིང་༔ ཧཱུྃ༔ བདེ་བར་གཤེགས་པ་བཅོམ་ལྡན་འདས༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ༔ བསྟན་དང་འགྲོ་བའི་དོན་གྱི་ཕྱིར༔ འགག་མེད་ཀློང་ནས་རྡུལ་ཚོན་སྤྲོ༔ ཞེས་བརྗོད༔ དེ་ནས་ལས་ཀྱི་སློབ་དཔོན་གྱིས༔ སྦོམ་ཕྲ་ཀྱག་ཀྱོག་མེད་པ་ལ༔ མདའ་སྨྱུག་ཚད་དུ་བླུགས་པར་བྱ༔ རྟེན་འབྲེལ་ཆེ་བས་གཟབས་ཏེ་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་ལྷག་ཆད་ཁ་བསྐང་ཞིང་༔ ཡི་གེ་བརྒྱ་པ་དབྱངས་གསལ་བརྗོད༔ རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ རྡོ་རྗེའི་གླུ་བྲོ་སྣ་ཚོགས་བྱ༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་འོག་མིན་སྤྲོས་བྲལ་གནས་ཀྱི་མཆོག༔ སྟོན་པ་ཀུན་ཏུ་བཟང་པོ་གཙོ་དང་འཁོར༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་གཙོ་དང་འཁོར༔ ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་གཙོ་དང་འཁོར༔ རིག་འཛིན་ཆོས་སྐྱོང་དཔའ་བོ་དཔའ་མོར་བཅས༔ མ་ལུས་ཐམས་ཅད་མཁའ་ལ་གཤེགས་ནས་ཀྱང་༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ རོལ་མོ་འཁྲོལ་གོང་གི་ལྷ་ཚོགས་ནམ་མཁར་བཞུགས་པ་རྣམས་དཀྱིལ་འཁོར་ལ་ཐིམ་པར་བསྒོམ༔ མཆོད་བསྟོད་བསྡུས་པ་གཅིག་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་མ་ཏྲཾ་བསྒྲལ་བ་ནི༔ ཁམས་ས་ལ་མ་ཏྲཾ་གྱི་གཟུགས་བྱས་དཀྱིལ་འཁོར་གྱི་དབུས་སམ་ལྷོ་ནུབ་ཏུ་བཞག་ལ༔ མགོ་བོ་ལྷོ་ནུབ་ཏུ་བསྟན་པ༔ རྐང་པ་བྱང་ཤར་ལ་བསྟན་པར་བྱའོ༔ ཧེ་རུ་ཀཿཡི་ཏིང་འཛིན་གྱིས༔ རྔ་བརྡུང་ཕུར་སྐོར་དྲག་ཏུ་བྱ༔ ཀྱེ་མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ནས་དུག་གསུམ་ལས་ལས་སྐྱེས༔ བྱང་ཆུབ་བསྒྲུབ་ལ་བར་དུ་བཅད༔ དཔལ་ཆེན་ཚོགས་ཀྱིས་ཁྱོད་བསྒྲལ་ནས༔ གཞལ་ཡས་ཁང་དུ་བྱིན་གྱིས་བརླབས༔ ད་ལྟ་རྣལ་འབྱོར་བྱང་ཆུབ་བསྒྲུབ༔ མ་ཏྲཾ་ཁྱོད་བསྒྲལ་ཕོ་བྲང་འདེབས༔ རིག་འཛིན་འདུས་པའི་གཞལ་ཡས་གྱུར༔ མ་ཏྲཾ་རཱུ་ཏྲ་ཨེ་ཙཀྲ་མཎྜལ་ཨཱོཾཿཧཱུྃ་བྷྲཱུྃ༔ མ་ཏྲཾ་མལ་གྱི་ཐེམ་འོག་མནན༔ རྣལ་འབྱོར་རཱུ་ཏྲའི་སྲོག་རྩར་ཞུགས༔ གཞལ་ཡས་ཁང་དུ་གྱུར་པར་བསམས༔ རྡོ་རྗེའི་འགྲོས་ཀྱིས་ད་ལ་བསྐོར༔ ས་མ་ཡཱ༔ རྒྱ༔ དེ་ནས་ནང་མཚམས་བཅད་དེ༔ ཕུར་པ་དར་གྱི་ཅོད་པན་ཅན་བཅུ་ལ་ཁྲོ་བོ་བཅུ༔ བསྐྱེད་བསྟིམ་དབང་བསྐུར་ཞིང་༔ ཧཱུྃ༔ སྟེང་འོག་ཕྱོགས་དང་ཕྱོགས་མཚམས་ནས༔ དཔལ་ཆེན་སྤྲུལ་པའི་ཁྲོ་བོ་བཅུ༔ ཀུན་ཀྱང་ཁྲོ་གཏུམ་རྔམ་པའི་གཟུགས༔ སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ༔ སྐུ་སྨད་གནམ་ལྕགས་ཕུར་པ་འདྲིལ༔ བསྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ འབྱུང་བོའི་ཚོགས་ལ་ཀི་ལཱ་ཡ༔ བཛྲ་ཀཱི་ལི་ཀི་ལཱ་ཡ་ཧཱུྃ་ཕཊ༔ ཨཱོཾ་ཧཱུྃ་ཀ་ར་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ནི་ལ་དནྜ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨཱརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཧྱ་གྷྲཱི་ཝ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཊ་ཀི་རཱ་ཛ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཀྲཻ་ལོ་ཀྵ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཅེས་ཕུར་པ་རྣམས་གདབ༔ ཕྲིན་ལས་བཅོལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་སྦྱིན་སྲེག་ནི༔ ལས་བཞི་ཀ་གྲུབ་ན་རབ༔ དེ་མིན་དབང་ངམ་དྲག་པོ་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་དཀྱིལ་འཁོར་གཉན་པོའི་རྒྱན་འཀོད་དེ༔ རྫས་ཐོགས་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ སྣ་ཚོགས་བཀོད་པའི་རྒྱན་དང་མཆོད་པའི་སྤྲིན༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མེད་གསང་བའི་གནས་འདིར་བཀོད་པར་བྱ༔ ཧཱུྃ༔ བཀྲ་ཤིས་བུམ་པ་རྣམ་དག་གཞལ་ཡས་ཁང་༔ རིག་འཛིན་སྐུ་འབག་བདེ་མཆོག་གཉིས་སུ་མེད༔ མེ་ལོང་བདུད་རྩི་དྲི་མེད་གསང་བའི་རྫས༔ དམ་རྫས་བྷ་ལིང་ཐུགས་དམ་བསྐང་བའི་རྫས༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ རྡོ་རྗེ་དྲིལ་བུ་ཐབས་ཤེས་དབྱེར་མེད་རྟེན༔ རྔ་རྡུང་ཌཱ་རུ་རྒྱལ་བ་མཆོད་པའི་རྫས༔ མདའ་བཞི་གྲི་བཞི་མེ་ལོང་ཕུར་པ་བཞི༔ བར་ཆད་སྒྲོལ་དང་དངོས་གྲུབ་བརྟག་པའི་རྟེན༔ ཚོན་སྐུད་སྟག་ཤམ་དར་ཚོན་རྟགས་ཀྱི་རྒྱ༔ ཡོལ་བ་བླ་བྲེ་རྒྱན་དྲུག་པྲོག་ཞུ་པཎ༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་ཕྲིན་ལས་རྫོགས༔ མཚན་ལྡན་རིག་མ་ཡིད་འོང་བདེ་བའི་ལམ༔ གིང་ཆེན་ལས་པས་ཡིད་བཞིན་རེ་བ་སྐོང་༔ ཕོ་བྲང་གཞལ་ཡས་ཆེན་པོ་ལྷུན་གྱིས་གྲུབ༔ ཅེས་བརྗོད་དོ༔ ཕྱི་མཆོད་ཤར་ལ་ནང་མཆོད་ལྷོ༔ གསང་མཆོད་ནུབ་ལ་ཆོས་སྐྱོང་བྱང་༔ རྫས་དང་རྒྱན་རྣམས་བཀོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་ལས་པ་བཀོད་ཅིང་རིག་མ་འགོད༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་རྒྱལ་བའི་ངོ་བོ་ཉིད༔ རྡོ་རྗེ་རྒྱལ་ཐེབས་ལས་ཀྱི་རྒྱལ་ཐེབས་དང་༔ རྡོ་རྗེ་མཚམས་པ་རྡོ་རྗེ་གཟུངས་མ་དང་༔ གར་པ་གིང་པ་ལས་ཀྱི་སྒྲོལ་གིང་དང་༔ ཚོགས་གཉེར་གཡོས་པ་ཕྱག་ཚང་དུས་འཛིན་སོགས༔ མ་ལུས་ཐམས་ཅད་གནས་འདིར་ལྷུན་གྱིས་གྲུབ༔ ཅེས་བརྗོད་སྐྱོགས་ཆང་དྲང་ཞིང་གླུ་བྲོ་བྱ༔ དེ་ནས་མཚན་ལྡན་གཟུངས་མ་བདུན་ལྔ་གསུམ༔ ཐ་ན་ཡང་ནི་གཅིག་ལ་རྒྱན་ཁྲུས་བྱ༔ རྡོ་རྗེ་རྒྱལ་པོར་དབུལ་ཏེ་འདི་སྐད་དོ༔ ཨེ་མ༔ དུས་གསུམ་སངས་རྒྱས་གཤེགས་པའི་ཡུམ༔ རྡོ་རྗེ་བཙུན་མོ་བཅུ་དྲུག་བདེ་བའི་གར༔ དྲི་བཟང་བྷ་ག་རུབ་ཅིང་ནུ་མ་འབུར༔ བདེ་བའི་འབྱུང་གནས་བདེ་ཆེན་རྒྱལ་པོར་འབུལ༔ མ་ཧཱ་མུ་དྲ་གུ་ཡ་པཱུ་ཙ་ཧོ༔ རྡོ་རྗེ་རྒྱལ་པོའི་ཕྱག་གིས་བླང་ངོ་༔ བཅུ་གསུམ་པ་ཞལ་བཀོད་གདབ་པ་ནི༔ དེ་ནས་རྡོ་རྗེ་རྒྱལ་པོ་ཡིས༔ འདུས་པའ་ིའཁོར་ལ་ཞལ་བཀོད་གདབ༔ ཀྱེ་ཧོ༔ སྐལ་ལྡན་མཆེད་ལྕམ་རྣལ་འབྱོར་རྣམས༔ དལ་འབྱོར་ཐོབ་པ་ད་ལན་དོན་དང་ལྡན༔ ཡང་གསང་བླ་མེད་སྒྲུབ་ཆེན་འདི་ལྟ་བུ༔ སྔོན་ཆད་འཇིག་རྟེན་ཁམས་སུ་མ་གྲགས་ཏེ༔ ད་ལན་བདག་ཅག་སྔོན་སྦྱང་ལས་འཕྲོ་སད༔ སྨོན་ལམ་དག་པས་དཀྱིལ་འཁོར་གཅིག་ཏུ་འཚོགས༔ ཚེ་གཅིག་སངས་རྒྱས་འབྲས་བུ་དེ་རིང་འཐོབ༔ སངས་རྒྱས་ཞིང་ལ་ཁྱུ་དེད་འགྲོགས་ཏེ་འགྲོ༔ སྐལ་པ་བཟང་བས་སྤྲོ་བ་རབ་ཏུ་བསྐྱེད༔ དངོས་གྲུབ་ཆེ་ལ་བར་ཆད་བདུད་ཟབ་ཅིང་༔ ལུས་ངག་ཡིད་གསུམ་སྤྱོད་པས་དམ་ལོག་ན༔ མནར་མེད་གནས་སུ་བསྐལ་པ་འབུམ་དུ་བསྲེག༔ དེས་ན་འདིར་ཚོགས་རྣལ་འབྱོར་ཕོ་མོ་རྣམས༔ བྲེ་མོའི་གཏམ་དང་མྱོས་བྱེད་ཆང་དང་གཉིད༔ འཐབ་རྩོད་ཀུ་ཅོ་ལེ་ལོ་ཉེ་རིང་དང་༔ ཕྲ་མ་བརྙས་བཅོས་ལོག་ལྟ་སླ་ཆོས་དང་༔ ང་རྒྱལ་འཐབ་རྩོད་ཕྲག་དོག་རྩོད་དང་འཛིང་༔ ལུས་ངག་ཡིད་ཀྱི་ཉེས་པ་ཀུན་སྡོམས་ཤིག༔ དད་དང་བརྩོན་འགྲུས་དག་སྣང་མོས་གུས་དང་༔ བླ་མ་རྒྱལ་ཐེབས་མཆེད་ལྕམ་རིག་མ་སོགས༔ དཀྱིལ་འཁོར་ལྷ་དང་ཐ་དད་མེད་པར་སྒོམས༔ ལོག་རྟོག་ངན་སེམས་སྐད་ཅིག་བྱ་མི་རུང་༔ འདི་འདྲའི་དབང་བསྒྲུབ་འཛམ་གླིང་བཙལ་ཀྱང་དཀོན༔ རང་ཅག་འདིར་ཚོགས་བསོད་ནམས་ཤིན་ཏུ་ཆེ༔ སློབ་དཔོན་ཚིག་ལ་རྩེ་གཅིག་གུས་པས་ཉོན༔ བཀའ་ལས་འདས་ན་དངོས་གྲུབ་བརླག་པར་འགྱུར༔ དེ་ནི་ཉིན་མཚན་དུས་བཞི་དག་ཏུ་བསྐུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་གཉིས་པ་དངོས་གཞི་ལ་བརྒྱད་དེ༔ ལས་བྱང་གཞུང་བསྲང་བ༔ དབང་བསྙེན་བསྒྲུབ་པ༔ ཉུལ་ལེ་བསྐྲད་པ༔ དམ་བཅའ་བ༔ བཤགས་པ་འབུལ་བ༔ བསྒྲུབ་པའི་ལྟས་བརྟགས༔ དབང་བསྐུར་བ༔ དངོས་གྲུབ་བླང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལས་བྱང་གཞུང་བསྲང་བ་ནི༔ ཕྲིན་ལས་ནར་མར་གཏོང་ཞིང་དུས་བཞི་ལ་སོགས་ཚོགས་མཆོད་ཀྱི་དུས་སུ་ཡང་༔ ལྷག་མཆོད་ཡན་རེ་བཏང་ངོ་༔ ཞི་ཁྲོ་བཀའ་བརྒྱད་སོགས་ཀྱི་ཡང་གཞུང་བསྲང་བར་བྱའོ༔ གཉིས་པ་དབང་བསྙེན་བསྒྲུབ་པ་ནི༔ བསྙེན་སྒྲུབ་ལས་སྦྱོར་གསུམ་ལ་རྒྱུན་མི་འཆད་པའི་ཐུན་བཟུང་ངོ༔ སྐབས་སུ་དྲག་པོའི་ཧཱུྃ་དབྱངས་ལྡིར༔ འཛབ་བྲོ་བརྡུང་ཞིང་སྟངས་སྟབས་སྒྱུར༔ ལེ་ལོ་སྙོམས་ལས་སྤང་སྟེ་བསྒྲུབ༔ མཆོག་གི་དངོས་གྲུབ་ཨེ་མ་ཧོ༔ གསུམ་པ་སྒྲུབ་ལ་བར་གཅོད་བགེགས༔ ཉུལ་ལེ་བཅུ་གཉིས་གིང་པས་བསྐྲད༔ བཀའ་བརྒྱད་གཞུང་ནས་བླང་བར་བྱའོ༔ བཞི་པ་དམ་བཅའ་སྟེ་ལུ་གུ་རྒྱུད་སྦྲེལ་ལ་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས༔ གར་གྱི་དབང་ཕྱུག་རིག་འཛིན་ཐོད་པ་རྩལ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་མཆོག༔ དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་གྱུར་ཅིག༔ བླ་མེད་ཡང་གསང་མཆོག་གི་ལམ་ཞུགས་ཏེ༔ མཆོག་ཐུན་དངོས་གྲུབ་སྲོག་ཕྱིར་མི་གཏོང་བསྒྲུབ༔ རིག་འཛིན་རྡོ་རྗེ་རྒྱལ་པོས་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་ལྡན་ཡང་མཐའ་འདིར༔ རྣམ་དག་མཛད་པའི་ཕྲིན་ལས་བདག་གིས་སྐྱོང་༔ དམ་ཚིག་གཟུང་གིས་འབྲེལ་བའི་འཕྲེང་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ མཆོག་ཐུན་དངོས་གྲུབ་བདག་གིས་མ་ཐོབ་པར༔ ལུས་དང་སྲོག་ལ་མི་ལྟ་བསྒྲུབ་པར་བྱ༔ བདག་གི་བསམ་པ་གེགས་མེད་འགྲུབ་པར་ཤོག༔ ཅེས་བརྗོད་དོ༔ ལྔ་པ་བཤགས་པ་འབུལ་བ་ནི༔ ཧཱུྃ༔ རིག་འཛིན་རོལ་པའི་ཕོ་བྲང་ཆེན་པོ་འདིར༔ བདག་ཅག་བསྙེན་དང་སྒྲུབ་པར་དམ་བཅས་ཀྱང་༔ མ་རིག་དབང་གིས་ཉེས་ལྟུང་སྒྲིབ་པའི་ཚོགས༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་༔ དྲི་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དྲུག་པ་སྒྲུབ་པའི་ལྟས་བརྟག་རིམཔ་ནི༔ ཏིང་འཛིན་གསལ་དང་བག་དྲོ་ཤེས་པ་དྭངས༔ བླ་མ་མཆོད་ལ་བཅོས་མིན་དག་སྣང་དང་༔ བུམ་ཆུ་གཏོར་མ་ཁོལ་དང་མེ་འབར་འཕུར༔ འོད་ཟེར་འཕྲོ་དང་འཁྲབ་དང་དྲི་བཟང་འཐུལ༔ རྨི་ལམ་ཉི་ཟླ་ཤར་དང་ཆུ་བོ་བརྒལ༔ བུད་མེད་བཟང་མོས་ཟས་གོས་འདྲེན་དང་སྟེར༔ དར་འཕྱར་དུང་འབུད་རོལ་མོ་རྒྱན་གོས་སྤྲས༔ ཁྲུས་བྱས་བྲག་བཤིག་ཤིང་བཅད་ལིང་བཏབ་སོགས༔ འབྱུང་དང་སྒྲུབ་པའི་གཞུང་གི་རྟགས་རྣམས་སོ༔ ས་མ་ཡཱ༔ རྒྱ༔ བདུན་པ་དབང་ནི་སྒྲུབ་ཆེན་དང་བསྟུན་ན་འདི་ནས་སྦྱིན༔ དབང་རྐྱང་སྟ་གོན་ཚར་ནས་བསྐུར་ཀྱང་ཆོག༔ ས་མ་ཡཱ༔ རྒྱ༔ སྤྱི་དོན་བརྒྱད་པ་མཆོག་གི་དངོས་གྲུབ་བླང་བ་ནི༔ ར་ས་ཡ་ནའི་རྫས་མཆོག་ཁྱད་པར་ཅན༔ རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་ཐོགས་ནས་ཀྱང་༔ རིག་མས་བྷནྡྷ་ཆང་གིས་བཀང་སྟེ་བཟུང་༔ བླ་མའི་མདུན་དུ་རྒྱན་སྤྲས་གདན་ལ་འཁོད༔ མཆེད་ལྕམ་རྣམས་ཀྱིས་ཕྱག་འཚལ་གསོལ་བ་འདེབས༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རིག་འཛིན་དབང་གི་ལྷ༔ བདག་ཅག་རྣམས་ལ་ཐུགས་རྗེས་བརྩེར་དགོངས་དང་༔ ད་ལྟ་སྐྱ་རེངས་དང་པོའི་ནམ་མཁའ་ལངས༔ རྡོ་རྗེ་སྲིན་པོའི་ནམ་མཁའ་ལངས་དུས་འདིར༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་དུས་ལ་བབས༔ བསྙེན་སྒྲུབ་ལས་སྦྱོར་དུས་རྟགས་གྲངས་སུ་ཐེམས༔ དཀའ་བ་སྤྱད་དེ་ཁྱེད་བསྒྲུབས་ཁྱེད་བསྙེན་པས༔ སྔོན་གྱི་དམ་བཅའ་ཐུགས་བསྐྱེད་སྨོན་ལམ་དགོངས༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཞེས་གསོལ་བ་གདབ༔ དེ་ནས་རྡོ་རྗེ་རྒྱལ་པོས་དངོས་གྲུབ་ཀྱི་རྫས་དེ་གནས་གསུམ་དུ་གཏུག་ཅིང་དབང་བསྐུར་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་དུ་འབར༔ བདུད་རྩི་བྱང་ཆུབ་སེམས་ཀྱི་བཅུད་དུ་འཕྲོས༔ ཡབ་ཡུམ་གསང་བའི་མཁའ་ལས་ཚངས་བུག་བབས༔ དབུ་མའི་ལམ་བརྒྱུད་དགའ་བཞིའི་ཡེ་ཤེས་བསྐྱེད༔ དབང་བཞི་མཐར་ཕྱིན་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དབང་བསྐུར་རོ༔ རིགས་མས་བྷནྡྷའི་བདུད་རྩི་བླུད༔ དེས་ནི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་ཐ་མ་རྗེས་རིམ་བཅུ་གཅིག་སྟེ༔ གཏེར་སྦ་གཏོར་མ་བཏང་དང་ཚེ་འགུགས་ཤིང་༔ དལ་བསྡུ་ལྷར་ལྡང་ཡོན་དབུལ་བསྔོ་སྨོན་བྱ༔ བཀྲ་ཤིས་ལུས་བསྲུང་མཚམས་འགྲོལ་གནས་བསྲུང་ཞིང་༔ ས་བཅད་འདི་ཡིས་ལག་ལེན་མཐར་ཕྱིན་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྫ་བུམ་ནང་དུ་སྨན་འབྲུ་དར་སྣ་སྨན༔ བུམ་རྫས་དང་བཅས་ཁ་རྒྱན་མགུལ་ཆིངས་སྤྲས༔ སྟེགས་བུའི་དབུས་སུ་སྦ་སྟེ་མེ་ཏོག་འཐོར༔ སྨོན་ལམ་གདབ་ཅིང་ཤིས་བརྗོད་འདི་སྐད་དོ༔ ཧཱུྃ༔ འབྱུང་བཞིའི་དབུས་ན་ལྷ་མོ་བསྟན་མ་བཞུགས༔ རིན་ཆེན་བུམ་པ་སྨན་འབྲུ་གཏོར་མས་བཀང་༔ འདོད་ཡོན་ལྔ་ལྡན་གཏེར་ཆེན་བུམ་པ་འདི༔ ལྷ་མོར་བཅོལ་ལོ་རིན་ཆེན་ས་ལ་སྦ༔ བདག་ཅག་རིག་འཛིན་མཆེད་ལྕམ་འཁོར་བཅས་རྣམས༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ མཆོག་ཐུན་དངོས་གྲུབ་སྒྲུབ་པའི་བཙས་སུ་སྦ༔ འཇིག་རྟེན་ཞིང་ཁམས་གླིང་དང་ཡུལ་ཕྱོགས་འདིར༔ ནད་མུག་མཚོན་གསུམ་འཁྲུག་རྩོད་ཞི་བ་དང་༔ ཚེ་དཔལ་མངའ་ཐང་ལོངས་སྤྱོད་རྒྱས་པར་ཤོག༔ བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ ཐུགས་རྗེའི་རང་བཞིན་བྱིན་རླབས་བཀྲ་ཤིས་ཤོག༔ ཅེས་བརྗོད་རོལ་མོ་འཁྲོལ་ལ་ད་ལ་བསྐོར༔ གནས་སྐབས་མཐར་ཐུག་ཡོན་ཏན་བརྗོད་ལས་འདས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་གཏོར་མ་བཏང་བ་ནི༔ ཆ་གཅིག་གཏེར་སྦ་ཆ་གཅིག་སྦྱིན་སྲེག་བྱ༔ ཆ་གཅིག་ཟོར་འཕེན་ཆ་གཅིག་དངོས་གྲུབ་རོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཚེ་འགུགས་རིམ་པ་ནི༔ བྲེ་གང་ནས་ཀྱི་སྟེང་དུ་ཚེ་བུམ་དང་༔ ཚེ་ཆང་ཚེ་ཟན་མདའ་དར་ལ་སོགས་བཀོོད༔ བུམ་པ་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་༔ དབུས་ན་ཚེ་དཔག་མེད་མགོན་ཡབ་ཡུམ་བསྒོམས༔ ཐུགས་སྲོག་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འཁོར་འདས་ཀུན་གྱི་ཚེ་བསོད་དཔལ་འབྱོར་དབང་༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་འུབ་ཀྱིས་བསྡུས༔ རང་དང་ཚེ་རྫས་རྣམས་ལ་ཐིམ་པར་བསྒོམ༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བཟླ༔ ཨཱོཾབཛྲ་ཨཱ་ཡུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བརྒྱ་སྟོང་བཟླས་ལ་མདའ་དར་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་རྒྱལ་བ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱག་གཉིས་མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ བདེ་སྟོང་གཉིས་མེད་གསང་བའི་ཡུམ་དང་འཁྲིལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་སྒོ་མའི་ཚོགས༔ ཕྱག་ན་བཀྲ་ཤིས་ཚེ་བུམ་མདའ་དར་བསྣམས༔ ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནས༔ འབྱུང་བཞིའི་བཅུད་དང་འཁོར་འདས་དཔལ༔ ཐུགས་རྗེས་བསྡུས་ནས་ནྲི་ལ་བསྟིམ༔ བླ་ཚེ་ཆད་ཉམས་ཤུལ་དུ་ཚུད༔ བཀྲག་དང་གཟི་མདངས་འོད་དུ་འབར༔ མི་འགྱུར་གཡུང་དྲུང་རྡོ་རྗེ་འདྲ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་མདའ་དར་རྒྱས་གདབ་ཚེ་བུམ་དབང་ཡང་བསྐུར༔ ཚེ་རྫས་རོལ་ལ་འཆི་མེད་བདུད་རྩིར་བསམས༔ མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་དཀྱིལ་འཁོར་བསྡུ་ཆོག་ནི༔ ཧཱུྃ༔ ལྷ་ཚོགས་ཕོ་བྲང་འོད་ཞུ་གཙོ་བོར་ཐིམ༔ གཙོ་བོ་ཡབ་ཡུམ་སྔགས་འབྲུ་ས་བོན་ཧྲཱི༔ ཧ་ཁོག་མགོ་བོ་ནཱ་ད་དམིགས་མེད་གྱུར༔ ཆོས་དབྱིངས་ཀློང་དུ་སྤྲོས་བྲལ་མ་བཅོས་ཨཱཾ༔ ཞེས་བརྗོད་རྡོ་རྗེས་དཀྱིལ་འཁོར་མཐའ་ནས་བསྡུ༔ ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་བཟླ༔ ཡེ་ཤེས་པ་གཤེགས་དཀྱིལ་འཁོར་བསྡུ༔ ས་མ་ཡཱ༔ ལྔ་པ་རྒྱུན་སྤྱོད་ལྷ་ཡི་རྣལ་འབྱོར་ནི༔ ཧཱུྃ༔ འཁོར་འདས་ཐམས་ཅད་ཆོས་དབྱིངས་ལྷ་ཡི་ཞིང་༔ སྣང་གྲག་གཟུགས་སྣང་ལྷ་དང་ལྷ་མོའི་སྐུ༔ རང་སེམས་བརྗོད་མེད་རྒྱལ་བའི་ཐུགས་ཀྱི་དབྱིངས༔ རྣམ་བཞིའི་ལས་ཀྱིས་བདག་གཞན་དོན་གཉིས་སྒྲུབས༔ ཞེས་བརྗོད་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ལྷར་གསལ་རྒྱུན་གྱི་སྤྱོད་པ་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་ཡོན་གྱིས་སློབ་དཔོན་མཆེད་ལྕམ་མཆོད༔ མཆེད་ལྕམ་དངུལ་གཟན་རྡོ་རྗེ་ལས་པས་བསྡུས༔ དཀྱིལ་འཁོར་དབུས་སུ་གདན་བཤམས་བླ་མ་བཞུགས༔ གསེར་དངུལ་གཡུ་སོགས་མཎྜལ་སྐྱེམས་ཐོགས་ཏེ༔ སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད་པར་བྱ༔ ཨེ་མ་རྒྱལ་བའི་རྣམ་འཕྲུལ་འགྲོ་བའི་མགོན༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་ཅག་སྨིན་གྲོལ་མཛད་ལ་སྐུ་དྲིན་ཆེ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ ནམ་ཡང་འབྲལ་བ་མེད་པའི་དངོས་གྲུབ་སྩོལ༔ ལུས་ངག་ཡིད་གསུམ་ལོངས་སྤྱོད་མཁོ་དགུའི་ཚོགས༔ དངོས་འབྱོར་ཡིད་སྤྲུལ་བླ་མ་རྗེ་ལ་འབུལ༔ ཞེས་བརྗོད་ན་བཟའ་གསོལ་ལ་སྐུ་དྲིན་འཁུར༔ ཕྱག་ཞབས་སྤྱི་བོར་བླང་ཞིང་གསོལ་བ་གདབ༔ རྣམ་པ་རྒྱུན་དུ་སྐུ་དྲིན་དྲན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་སྨོན་ལམ་གདབ་པ་ནི༔ མཚན་ལྡན་རིག་མ་ཁྲུས་རྒྱན་བྷན་ཆང་ཐོགས༔ མཆེད་ལྕམ་མར་མེ་སྤོས་ཀྱི་རེང་བུ་བཟུང་༔ དཀྱིལ་འཁོར་བསྐོར་ཞིང་དབྱངས་སྙན་འདི་སྐདབརྗོད༔ ཧཱུྃ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བདག་ཅག་རིག་འཛིན་རྣལ་འབྱོར་མཆེད་ལྕམ་གྱི༔ བསྙེན་སྒྲུབ་ཟབ་མོའི་ལྟ་སྒོམ་སྤྱད་པའི་མཐུས༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་༔ གསང་ཡུམ་རིག་མ་རྒྱལ་ཐེབས་ཐུགས་ཀྱི་སྲས༔ དབང་ཆོས་ཟབ་མོས་འབྲེལ་བའི་མཆེད་ལྕམ་རྣམས༔ ཚེ་རབས་འདི་ནས་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ བཅུ་གསུམ་འཁོར་ལོ་ཚོགས་ཆེན་བླ་མེད་ས༔ མཁའ་སྤྱོད་རིག་འཛིན་གནས་དེར་ཚོགས་པར་ཤོག༔ ལས་ཀྱི་དབང་གིས་འཁོར་བར་སྐྱེ་སྲིད་ན༔ མཐའ་འཁོབ་ཀླ་ཀློའི་ཡུལ་དང་མི་ཁོམ་གནས༔ དབང་པོ་མ་ཚང་གྱུར་དང་རིགས་དྲུག་གི༔ གནས་ངན་ལེན་གྱི་སྐྱེ་སྒོ་ཀུན་ཁེགས་ནས༔ སྣང་གསལ་མར་མེ་འདི་ཡིས་རྒྱུད་གསལ་ཞིང་༔ དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་ཐོབ་སྟེ༔ དགེ་བའི་བཤེས་གཉེན་མང་པོའི་ཞལ་མཐོང་ཞིང་༔ རྗེས་སུ་བཟུང་ནས་ཐར་པ་འཐོབ་པར་ཤོག༔ ཅེས་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་བཀྲ་ཤིས་མེ་ཏོག་ཀུན་གྱིས་འཐོར༔ ཨེ་མ་ཧོ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོར་ཆོས་སྐུའི་འཁོར་གྱིས་བསྐོར༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་སྤྲོས་དང་བྲལ༔ སྣ་ཚོགས་རང་གྲོལ་ཆོས་སྐུའི་བཀྲ་ཤིས་ཤོག༔ རྣམ་དག་གསང་བ་མཆོག་གི་ཕོ་བྲང་ནས༔ རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་སྐུས་བསྐོར༔ མཚན་དཔེ་ཡོངས་རྫོགས་མ་འདྲེས་ཆོས་རྣམས་སྟོན༔ སྣང་སྟོང་འགག་མེད་ལོངས་སྐུའི་བཀྲ་ཤིས་ཤོག༔ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་པདྨར་སྤྲུལ་སྐུའི་འཁོར་གྱིས་བསྐོར༔ འགྲོ་དྲུག་ཀུན་ལ་བྱིན་རླབས་རྨད་པོ་ཆེ༔ ཐུགས་རྗེས་འགྲོ་འདུལ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་དག་པ་རིག་འཛིན་ཕོ་བྲང་ནས༔ འཁོར་ལོ་བདེ་མཆོག་རིག་འཛིན་འབུམ་གྱིས་བསྐོར༔ འགག་མེད་རོལ་པ་དཀྱིལ་འཁོར་ལྷ་རུ་ཤར༔ དངོས་གྲུབ་རྒྱ་མཚོ་ཡི་དམ་བཀྲ་ཤིས་ཤོག༔ སྟོང་གསུམ་རབ་འབྱམས་གནས་ཡུལ་དུས་ཁྲོད་ནས༔ ཡེ་ཤེས་མཁའ་འགྲོའི་གཙོ་མོ་མནྡ་ར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་འཁོར་དང་བཅས༔ སྣ་ཚོགས་རྟེན་འབྲེལ་མཐར་ཕྱིན་བཀྲ་ཤིས་ཤོག༔ རྡོ་རྗེ་རྒྱལ་པོ་གསང་ཡུམ་མཆེད་དང་ལྕམ༔ ཡི་དམ་ཆོས་སྐྱོང་བཀའ་སྲུང་གཏེར་གྱི་བདག༔ ལས་བཞི་རབ་འབྱམས་མཆོག་ཐུན་ཀུན་གྱི་དཔལ༔ ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་རང་ཉིད་ལྷ་རུ་གསལ༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་དམ་ཚིག་བཟུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་ཟླུམ་གཏོར་རྒྱན་ལྡན་ཕུད་དང་བཅས༔ རྒྱལ་པོ་བཞི་དང་སྒོ་སྲུང་རྣམས་ལ་འབུལ༔ ཀྱེ་སྔོན་ནས་ཐུགས་བསྐྱེད་བསྟན་དང་འགྲོ་བའི་མགོན༔ ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་༔ སྔར་བྱས་ལས་ཀྱི་གཏང་རག་མཆོད་གཏོར་བཞེས༔ རྣམ་དག་རང་བཞིན་ཀློང་དུ་བཛྲ་མུ༔ རྩ་སྔགས་བརྗོད་ཅིང་གཏོར་མ་རིམ་གྱིས་དབུལ༔ རྒྱལ་པོ་ཆེན་པོ་བཞི་ལ་འགྲེའོ༔ ཧཱུྃ༔ རྣོ་མཐོང་གསང་བ་ཡེ་ཤེས་ལས་ཀྱི་ལྷ༔ བདུད་རྩིའི་སྲུང་མ་དཔལ་གྱི་ཕོ་ཉ་བ༔ ལེགས་ཉེས་སྟངས་འཛིན་གཤིན་རྗེའི་གཤེད་ཆེན་པོ༔ ཁྲོ་བོ་བདུད་རྩི་འཁྱིལ། གཏང་རག་གསེར་སྐྱེམས་དཔལ་གྱི་མཆོད་པ་བཞེས༔ ཆོས་དབྱིངས་ཀློང་དུ་གཤེགས་བཞུད་མེད་པར་སྐྱོད༔ གཏོར་མ་ཕུལ་ལ་སྒོ་བྱང་ཕྱི་ནང་བསྡུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་དཔལ་གཏོར་བཤམས་ཏེ་ལས་གཞུང་བསྲང་༔ ཚོགས་འཁོར་གླུ་བྲོ་གར་སོགས་བདེ་ཉམས་སྐྱོང་༔ སྒྲུབ་པའི་གནས་བསྲུང་རྡུལ་ཚོན་མཚོ་ལ་བསྐྱལ༔ རྔ་དུང་རོལ་མོ་གདུགས་དང་རྒྱལ་མཚན་འཕྱར༔ གར་གིང་འཁྲབ་ཅིང་གླུ་བྲོའི་རྩེད་འཇོ་སྒྱུར༔ གནས་སྐབས་མཐར་ཐུག་ཡོན་ཏན་བརྗོད་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་བསྔོ་སྨོན་མཐའ་རྒྱས་བརྗོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་དུས་གསུམ་མཁྱེན་པའི་པདྨ་ངས༔ བདེ་མཆོག་ཡབ་ཡུམ་སྒྲུབ་པའི་ཁོག་དབུབ་བྲིས༔ མ་འོངས་དོན་དུ་ཏེ་སེའི་གངས་ལ་སྦས༔ དམ་རྒྱས་བཏབ་ཅིང་རྡོ་རྗེ་ལེགས་པར་གཏད༔ སྦས་རྒྱས་བཏབ་ཅིང་ལྷ་བཙན་ཆེན་པོར་བཅོལ༔ གཏད་རྒྱས་བཏབ་ཅིང་ཉི་མ་གྲགས་པར་བཞག༔ གསང་རྒྱས་བཏབ་ཅིང་ཆོས་བདག་ལུང་ནས་བསྟན༔ ཟབ་རྒྱས་བཏབ་ཅིང་ལས་བཞི་ཚང་བར་བཀོད༔ གཉན་རྒྱས་བཏབ་ཅིང་སྐལ་མེད་རིང་བར་བྱས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་ཕུག་ནས་རྙེད་པའོ། །སརྦ་མངྒ་ལཾ།། །།

ཀུན་གྱི་ཁ་སྐོང་ལས་བྱང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཀུན་གྱི་ཁ་སྐོང་ལས་བྱང་བཞུགས་སོ༔ མ་བཅོས་ཆོས་དབྱིངས་ངོ་བོ་ཉིད༔ དཔལ་ལྡན་རང་བྱུང་ཡེ་ཤེས་མཛོད༔ ཀུན་མཁྱེན་རྒྱལ་བའི་གསང་མཛོད་འཆང་༔ ཐོད་ཕྲེང་བདེ་མཆོག་འཁོར་ལོར་བསྟོད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་གྱི༔ བླ་མེད་འབྲས་བུ་ཐོབ་དོན་དུ༔ ཡང་གསང་སྒྲུབ་པའི་ལས་བྱང་ཞིག༔ རིག་འཛིན་པདྨ་བདག་གིས་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་དུ་འགྲོ་བའི་ཆོས་དགུ་དང་༔ དངོས་གཞིའི་ལས་ཁྲིགས་ཉི་ཤུ་སྟེ༔ རྗེས་ཀྱི་ལས་རིམ་བཅུ་བཞིའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ སྔོན་དུ་འགྲོ་བའི་ཆོས་དགུ་ལ༔ བཀའ་བསྒོ་མཚམས་གཅོད་བརྡ་སྒོ་དབྱེ༔ བརྡའ་ཕྱག་དམ་བྱིན་དམ་བཅའ་བཟུང་༔ ཕྱི་ནང་གསང་མཆོད་བྱིན་གྱིས་བརླབས༔ དམ་བཤགས་མ་འདྲེས་རང་གསལ་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱི༔ བརྒྱུད་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཏིང་འཛིན་དང་༔ མ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུས༔ མཆོག་ཐུན་དངོས་གྲུབ་བར་དུ་གཅོད་པའི་བགེག༔ ལོག་པར་འདྲེན་པ་མ་རུངས་བདུད་ཀྱི་ཚོགས༔ གསང་བའི་དཀྱིལ་འཁོར་གནས་འདིར་མ་འདུག་པར༔ རང་རང་སོ་སོའི་གནས་སུ་མྱུར་དུ་དེངས་༔ གལ་ཏེ་མི་འགྲོ་གནས་འདིར་འཚེ་བྱེད་ན༔ དབང་ཆེན་ཁྲོ་བོ་ཁྲོ་མོའི་ཏིང་འཛིན་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས་པ་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ༔ དེ་བས་མ་འདུག་རང་རང་གནས་སུ་དེངས༔ བཀའ་ལྟར་མི་བྱེད་ཚོགས་རྣམས་མཱ་ར་ཡ༔ དམ་མེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་པ་ནི༔ ཧཱུྃ་ཧྲཱི༔ ང་ནི་རྣམ་དག་སྐྱེ་མེད་དབྱིངས་ལས་ཁྲོ༔ སྐུ་ཡི་སྤྲུལ་པའི་ཁྲོ་བོས་ནམ་མཁའ་གང་༔ གསུང་གི་སྤྲུལ་པའི་ཁྲོ་མོས་བར་སྣང་གང་༔ ཐུགས་ཀྱི་སྤྲུལ་པ་སྲས་དང་བཀའ་སྡོད་འབུམ༔ གདོན་བགེགས་འབྱུང་པོ་སུ་ཡང་མ་འདའ་ཞིག༔ ཨཱོཾ་བཛྲ་གྷུ་རུ་དྷེ་ཝ་དྷཀྐི་ནི༔ བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ གསུམ་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ་ཧྲཱི༔ འཁོར་འདས་སྣང་སྲིད་བདེ་ཆེན་འོག་མིན་གནས༔ བཅུད་གྱི་སྐྱེ་འགྲོ་ཡེ་ནས་ཡི་དམ་ལྷ༔ དེ་ལྟར་མ་རྟོགས་མ་རིག་རྨོངས་པས་བསྒྲིབས༔ རང་བྱུང་ཡེ་ཤེས་བརྡ་ཡི་སྒོ་དབྱེ་འཚལ༔ བྷྲཱུཾ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་པྲ་ཝེ་ཤ་ཡ་ཕཊ༔ བཞི་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་མ་སྐྱེས་རང་བྱུང་ཀུན་བཟང་དོན༔ མ་རིག་གཉིས་འཛིན་བག་ཆགས་དབང་གྱུར་པས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ༔ རང་རིག་དོན་གྱི་གནས་ལུགས་མཇལ་ཕྱག་འཚལ༔ ས་མ་ཡཱ༔ ཨ་ཏི་པུ་ཧོ༔ ལྔ་པ་དམ་བྱིན་དབབ་པ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཆེན་པོ་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང་༔ སྔོན་གྱི་དམ་བཅའ་ཐུགས་རྗེས་བརྩེར་དགོངས་ནས༔ བླ་མ་བདེ་མཆོག་ཡི་དམ་ངྷཀྐིའི་ཚོགས༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ མི་མངོན་དབྱིངས་ནས་གནས་འདིར་བྱིན་ཅིག་ཕོབ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་བསྐུར་དུས་འདིར་སྩོལ༔ ཨཱོཾ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་ས་མ་ཡཱ་ཨ་ཝེ་ཤ་ཡ་ཨ་ཨཱ༔ དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱི༔ བླ་མ་བདེ་མཆོག་དབང་གི་དཀྱིལ་འཁོར་འདིར༔ ཕྱི་ནང་གསང་བའི་དམ་རྫས་མཆོད་པའི་ཚོགས༔ ཡེ་ནས་རྣམ་དག་བདུད་རྩིའི་རང་བཞིན་ལས༔ མ་དག་འབག་བཙོག་ཉེས་སྐྱོན་མིང་མེད་ཀྱང་༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿ་ཧཱུྃ༔ གསུམ༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གྷུ་ཡ་ས་མ་ཡེ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཐ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་གྷ་ན་གྷུ་ཡ་སརྦ་པུཙྪ་ཧོ༔ ཧཱུྃ་ཧྲཱི༔ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ འདོད་ཡོན་ལྷ་མོ་གླུ་གར་རྒྱན་གྱིས་སྤྲས༔ བདེ་མཆོག་བླ་མེད་དབང་གི་ལྷ་ལ་འབུལ༔ ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་མ་ཧཱ་པུཙྪ་ཧོ༔ བདུན་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས༔ དུས་གསུམ་འབྲལ་མེད་རོ་གཅིག་དཀྱིལ་འཁོར་འདིར༔ མ་འདྲེས་ཡོངས་སུ་རྫོགས་པའི་ཏིང་འཛིན་གྱིས༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱིད༔ ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ བརྒྱད་པ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་སངས་རྒྱས་བཅོམ་ལྡན་འདས༔ ཁྱེད་ནི་མ་བཅོས་ཆོས་སྐུ་དྲི་མ་མེད༔ བདག་ནི་ལས་ཉོན་བག་ཆགས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་བསགས་རྣམས་བཤགས༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཤུངྔྷཱེ་ཨཱཿདགུ་པ་རང་གསལ་གདབ་པ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ སྐྱེ་འགགས་འགྱུར་མེད་ཐུགས་རྗེའི་འོད་ཀྱིས་སྤྲས༔ ཞི་དང་ཁྲོ་གར་གཙོ་དང་འཁོར་དུ་གསལ༔ རང་བྱུང་སེམས་ཉིད་དག་པ་གདོད་མའི་ལྷ༔ ཆོས་དབྱིངས་ཡེ་ཤེས་ངང་དུ་ལྷུན་གྱིས་གྲུབ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ས་མ་ཡ་སྟྭཾ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ནས་དངོས་གཞིའི་ལས་ཁྲིགས་ཉི་ཤུ་ལས༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་འོད་ཟེར་སྤྲོ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་འབུལ༔ སྨན་རག་གཏོར་མ་སྦྱོར་དང་སྒྲོལ༔ བསྟོད་པ་འབུལ་ཞིང་བཤགས་པ་དང་༔ འཛབ་བཟླས་ཐུགས་དམ་གནད་ནས་བསྐུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ མ་བཅོས་རྣམ་དག་ཆོས་སྐུ་ཀུན་ཏུ་བཟང་༔ བདེ་མཆོག་ཆོས་དབྱིངས་འཁོར་ལོས་འདི་སྐད་སྨྲ༔ ངོ་བོ་ཉིད་སྐུ་ཀ་ནས་དག་པ་ལ༔ སྨྲ་བསམ་བརྗོད་མེད་བློ་འདས་རྫོགས་པ་ཆེ༔ གདོད་ནས་འགྱུར་མེད་ཆོས་སྐུ་སྤྲོས་དང་བྲལ༔ བརྗོད་མེད་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ བློ་བྲལ་ཆོས་དབྱིངས་འགྱུར་མེད་དེ་ཡི་ངང་༔ མ་རིག་འཁྲུལ་པའི་ལས་ལ་སྤྱོད་པ་ཡི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན་ཁྱབ་པའི༔ ཐུགས་རྗེས་བརྩེ་བའི་སྙིང་རྗེ་འགྲོ་ལ་བསྒོམ༔ གསུམ་བ་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱི༔ རྣམ་དག་སྟོང་ཉིད་སྙིང་རྗེའི་ངང་ཅན་དེས༔ ཁམས་གསུམ་འགྲོ་བ་ཀུན་གྱི་དོན་བྱེད་ཕྱིར༔ རང་རིག་འགྱུར་མེད་གསེར་གྱི་རྡོ་རྗེ་ལ༔ ཐུགས་ཀྱི་ས་བོན་ཧཱུྃ་གིས་མཚན་པར་བསམས༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ བཞི་པ་འབྱུང་བ་རིམ་བརྩེགས་ནི༔ ཧཱུྃ་ཧྲཱི༔ ཐུགས་སྲོག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ འབྱུང་བཞི་མེ་ཆུ་རླུང་གིས་བསྐལ་པ་སྟོངས༔ གདོད་ནས་མ་སྐྱེས་ཆོས་དབྱིངས་ནམ་མཁའི་ངང་༔ རང་བྱུང་སྐྱེ་འགག་བྲལ་བའི་ཡི་གེ་བདུན༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ སྟོང་ཉིད་མཁའ་ལ་སྟོབས་ཆེན་རླུང་གིས་བཏེག༔ རཀྟའི་རྒྱ་མཚོ་ཞིང་ཆེན་ས་གཞི་ཆེ༔ ཀེང་རུས་རི་རབ་བསྐལ་པའི་མེ་དཔུང་འབར༔ ལྔ་པ་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ རྡོ་རྗེ་བྷྲཱུྃ་གྱུར་རིན་ཆེན་གཞལ་ཡས་ཁང་༔ བདེ་བ་ཆེན་པོའི་ཕོ་བྲང་འོད་དུ་འབར༔ འཇའ་དང་འོད་དུ་འཁྱིལ་བའི་ཀློང་ཡངས་སུ༔ སྣ་ཚོགས་པད་འདབ་ཕྱི་ནང་མུ་ཁྱུད་བཅས༔ གྲུ་ཆད་བར་འཁྱམས་སྒོ་དང་རྟ་བབས་མཛེས༔ བྷནྡྷ་སྐམ་རློན་སྤེལ་མར་བརྩེགས་པ་ལ༔ གནམ་ལྕགས་འབར་བའི་གཟེར་གྱིས་རབ་ཏུ་བསྡམས༔ གཟའ་ཆེན་རྒྱུ་སྐར་ལྷ་ཀླུ་འབུམ་གྱི་ཚོགས༔ རྡོ་རྗེའི་གདུང་དང་དྲ་ཕྱམ་ཀ་བ་སྟེ༔ ཀ་གཞུ་ཡ་ཐེམ་མ་ཐེམ་མཛེས་པར་བརྒྱན༔ ཐོག་ནི་ཞིང་ཆེན་ལྤགས་པས་ཡོངས་སུ་བརྡལ༔ ཉི་ཟླ་འཇའ་ཚོན་འོད་དང་ཟེར་དུ་འཁྲིགས༔ ཕྱི་ནང་ཟང་ཐལ་མ་བཅོས་ཆོས་ཀྱི་དབྱིངས༔ སྐྱེ་འགག་འགྱུར་མེད་རང་བཞིན་ལྷུན་གྱིས་གྲུབ༔ བྷྲཱུྃ་བྷི་ཤ་བྷི་ཤུངྔྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ བཾ་རུ་ཊ་ཀྲོ་ཏི་ཏི་ར་བཾ༔ མ་སུརྱ་མཎྜ་ལ་བྷྲཱུྃ༔ ཨ་ཙཎྜ་མཎྜ་ལ་བྷྲཱུྃ༔ པཾ་པདྨ་མཎྜ་ལ་བྷྲཱུྃ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དྲུག་པ་དམ་ཚིག་ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ རིན་ཆེན་ཁྲི་ལ་ལྷབ་ལྷུབ་དར་ཟབ་བརྩེགས༔ ཏི་ར་ཉི་ཟླ་པདྨ་འབར་བའི་སྟེང་༔ བདག་ཉིད་ཆེ་བའི་ཆེ་མཆོག་ཐོད་པ་རྩལ༔ རིག་འཛིན་འདུས་པའི་དབང་ཕྱུག་ཧེ་རུ་ཀ༔ བཅོམ་ལྡན་དཔལ་ཆེན་འཁོར་ལོ་བདེ་མཆོག་ནི༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་འགྱིང་༔ ཕྱག་གཉིས་སྣང་སྟོང་རྡོར་དྲིལ་ཡུམ་ལ་འཁྱུད༔ ཞི་འཛུམ་ཉམས་ལྡན་སྤྱན་གསུམ་ཞི་མ་ཁྲོ༔ ཐོར་ཚུགས་ཐོད་སྐམ་རིན་ཆེན་རྩེ་བྲན་སྤྲས༔ ཕྱག་གདུབ་ཞབས་གདུབ་མགུལ་ཆུན་དཔུང་རྒྱན་དང་༔ སེ་མོ་དོ་དང་སྙན་རྒྱན་མེ་ཏོག་ཕྲེང་༔ སྟག་ཤམ་སྦྲུལ་ཆུན་ཚར་གསུམ་ཐོད་པས་བརྒྱན༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞིའི་གོས༔ ཐབས་ཤེས་གཤོག་པ་ཁྲག་ཐིག་ཞག་གིས་བརྒྱན༔ དེ་ཡི་དཔང་ཡུམ་བདེ་སྟོང་རིག་མ་ནི༔ ལྷ་ལྕམ་མཁའ་འགྲོའི་དབང་ཕྱུག་མན་ངྷ་ར༔ སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཉིས་གྲི་ཐོད་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་འཁྲིལ་སྦྱོར་རོལ༔ ཡབ་དང་ཞལ་སྦྱོར་ཁྲོ་འཛུམ་སྤྱན་གསུམ་ལྡན༔ རུས་པའི་རྒྱན་དྲུག་གཟིག་གི་ཤམ་ཐབས་ཅན༔ དབུ་སྐྲ་སྣུམ་འབོལ་ལྕང་ལོ་མགུལ་དུ་འཕྱང་༔ ཡབ་ཡུམ་གཉིས་མེད་དར་གྱི་ཅོད་པཎ་འཕུར༔ ཉི་ཟླའི་རྒྱབ་ཡོལ་འོད་ཀྱི་ཀློང་དུ་བཞུགས༔ འཁོར་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཕྱོགས་དང་ཕྱོགས་མཚམས་པདྨ་འདབ་བརྒྱད་ལ༔ ཤར་དུ་ས་ལ་གནས་པའི་རིག་འཛིན་ནིི༔ ཞལ་གཅིག་ཕྱག་གཉིས་དཀར་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་དཀར་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་སྒྱུར༔ ཧཱུྃ་ཧྲཱི༔ ལྷོ་རུ་ཚེ་ལ་དབང་བའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་སེར་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་སེར་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་སྒྱུར༔ ཧཱུྃ་ཧྲཱི༔ ནུབ་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་དམར་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་དམར་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་སྒྱུར༔ ཧཱུྃ་ཧྲཱི༔ བྱང་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་ལྗང་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་ལྗང་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་སྒྱུར༔ ཧཱུྃ་ཧྲཱི༔ ཤར་ལྷོར་ཚེ་རབས་ལས་ཀྱི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་སྔོན་པོ་འཛུམ་དང་ལྡན༔ མཁའ་འགྲོ་ལས་ཀྱི་མྱུ་གུ་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་དམ་ཚིག་དབང་གི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་སྨུག་ནག་འཛུམ་དང་ལྡན༔ མཁའ་འགྲོ་དབང་ལྡན་རྒྱལ་མོ་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཧཱུྃ་ཧྲཱི༔ ནུབ་བྱང་མན་ངག་ལུང་གི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་སེར་ནག་འཛུམ་དང་ལྡན༔ མཁའ་འགྲོ་དཔལ་གྱི་དབང་མོ་སྐུ་ལ་འཁྲིལ༔ ཡབ་ཡུམ༴ ཧཱུྃ་ཧྲཱི༔ བྱང་ཤར་ཉམས་ཆག་སྐོང་བའི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་ལྗང་ནག་འཛུམ་དང་ལྡན༔ མཁའ་འགྲོ་འདོད་དགུར་དབང་བསྒྱུར་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཡུམ་རྣམས་སྐུ་མདོག་ཡབ་ཀྱི་ཚུལ་ལྟར་བསྐྱེད༔ ཧཱུྃ་ཧྲཱི༔ རིག་འཛིན་བཞི་དང་རྡོ་རྗེ་སློབ་དཔོན་བཞི༔ རང་འོད་ཡུམ་འཁྲིལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ རལ་པའི་ཐོར་ཅོག་ཐོད་སྐམ་རིན་ཆེན་སྤྲས༔ སྤྱན་གསུམ་ཁྲོ་འཛུམ་གཙོ་བོའི་ཐུགས་ཀར་གཟིགས༔ ཡུམ་རྣམས་སྤྱན་གསུམ་གཟིག་ཤམ་རུས་པས་བརྒྱན༔ དབུ་སྐྲ་ཐུར་འཕྱང་བདེ་བའི་ཉམས་དང་ལྡན༔ ཉི་ཟླ་པད་གདན་འོད་ཀྱི་ཀློང་དུ་བཞུགས༔ ཧཱུྃ་ཧྲཱི༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཤར་དུ་རིག་འཛིན་རྡོ་རྗེ་གྲུབ་པ་རྩལ༔ ཡང་དག་གྲུབ་བའི་སློབ་དཔོན་ཧཱུྃ་ཀ་ར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བྷནྦྷ་བསྣམས༔ བྲམ་ཟེའི་བུ་མོ་རྡོ་རྗེ་སྙེམ་མ་འཁྲིལ༔ ཧཱུྃ་ཧྲཱི༔ ལྷོ་རུ་རིག་འཛིན་རྡོ་རྗེ་དགའ་བ་རྩལ༔ གཤིན་རྗེ་གྲུབ་པའི་འཇམ་དཔལ་བཤེས་གཉེན་ནི༔ ཞལ་གཅིག་ཕྱག་གཉིས་བེ་ཅོན་བྷནྦྷ་བསྣམས༔ གསང་བའི་རིག་མ་འོད་ལྡན་གཞོན་ནུ་འཁྲིལ༔ ཧཱུྃ་ཧྲཱི༔ ནུབ་ཏུ་རིག་འཛིན་རྡོ་རྗེ་དབང་སྡུད་རྩལ༔ དབང་ཆེན་གྲུབ་པའི་ནཱ་ག་རྫུ་ན་ནི༔ ཞལ་གཅིག་ཕྱག་གཉིས་པད་ཕྲེང་བྷནྡྷ་བསྣམས༔ སྤྲུལ་པའི་མཁའ་འགྲོ་བདེ་ཆེན་དཔལ་མོ་འཁྲིལ༔ ཧཱུྃ་ཧྲཱི༔ བྱང་དུ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཕུར་པ་གྲུབ་པའི་སློབ་དཔོན་པྲ་ཧ་སྟི༔ ཞལ་གཅིག་ཕྱག་གཉིས་ཕུར་པ་བྷནྡྷ་བསྣམས༔ ཐུགས་ཀྱི་གཟུངས་མ་ལྷུན་གྲུབ་དབྱིངས་ཕྱུག་འཁྲིལ༔ ཧཱུྃ་ཧྲཱི༔ ཤར་ལྷོར་རིག་འཛིན་རྡོ་རྗེ་དབང་སྡུད་རྩལ༔ མ་མོ་གྲུབ་པའི་ངྷ་ན་སཾ་སྐྲྀ་ནི༔ ཞལ་གཅིག་ཕྱག་གཉིས་ཆོས་འབྱུང་བྷནྡྷ་བསྣམས༔ མཁའ་འགྲོ་ལེགས་སྦྱིན་ཉི་མ་སྐུ་ལ་འཁྲིལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ བདུད་རྩི་གྲུབ་པའི་བི་མ་མི་ཏྲ་ནི༔ ཞལ་གཅིག་ཕྱག་གཉིས་ཐོད་རྔ་བྷནྡྷ་བསྣམས༔ བདེ་ཆེན་རིག་མ་བྱང་ཆུབ་འོད་བྱེད་འཁྲིལ༔ ཧཱུྃ་ཧྲཱི༔ ནུབ་བྱང་རིག་འཛིན་རྡོ་རྗེ་གཤོག་རྒོད་རྩལ༔ མཆོད་བསྟོད་གྲུབ་པའ་ིརོམ་བུ་གྷུ་ཡ་ནི༔ ཞལ་གཅིག་ཕྱག་གཉིས་ཁ་ཊྲཱྂ་བྷནྡྷ་བསྣམས༔ བདེ་བའི་འབྱུང་གནས་ཆོས་དབྱིངས་དབང་མོ་འཁྲིལ༔ ཧཱུྃ་ཧྲཱི༔ བྱང་ཤར་རིག་འཛིན་རྡོ་རྗེ་ཐེབས་གཤོག་རྩལ༔ དམོད་པ་གྲུབ་པའི་ཤིནྟཾ་གྷརྦྷ་ནི༔ ཞལ་གཅིག་ཕྱག་གཉིས་ཐོད་དབྱུག་བྷནྡྷ་བསྣམས༔ སྦྱོར་བའི་རིག་མ་སྒེག་པའི་་རྒྱལ་མོ་འཁྲིལ༔ ཀུན་ཀྱང་འོད་ལྔའི་ཀློང་ན་གར་སྟབས་འགྱིང་༔ སྐུ་མདོག་སྣ་ཚོགས་མདོག་ཅན་མི་ཤ་ཁ༔ ཐོད་སྐམ་དབུ་རྒྱན་སྟག་ཤམ་རྒྱན་དྲུག་བཏགས༔ ཡུམ་རྣམས་སྐུ་མདོག་ཡབ་ཀྱི་རང་འོད་འབར༔ ཕྱག་མཚན་གྲི་ཐོད་གཟིག་ཤམ་རུས་པས་བརྒྱན༔ པདྨ་ཉི་ཟླའི་གདན་ལ་བཞུགས་པར་བསྒོམས༔ ཧཱུྃ་ཧྲཱི༔ དེ་ཡི་ཕྱི་རོལ་གྲུ་ཆད་བར་འཁྱམས་ལ༔ བཀའ་བབས་མི་དགུ་རིག་འཛིན་ཉེར་ལྔ་བཅས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་སྒྱུར༔ ཟ་འོག་བེར་ཕྱམ་ཆོས་གོས་པད་ཞུ་མཛེས༔ བདེ་ཉམས་གར་འཁྱུག་ཁ་ཊྲཱྂ་རྩེ་གསུམ་འཆང་༔ འོད་དང་འོད་ཟེར་འབར་བའི་ཀློང་དུ་བསྒོམ༔ ཧཱུྃ་ཧྲཱི༔ སྒོ་སྐྱོང་དཔའ་བོ་དཔའ་མོ་ཡབ་ཡུམ་བརྒྱད༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་གར་སྟབས་འཁྲིལ༔ སྐུ་མདོག་དཀར་སེར་དམར་ལྗང་རང་འོད་འབར༔ རུས་པའི་རྒྱན་དྲུག་སྟག་ཤམ་དར་གྱིས་བརྒྱན༔ ཡུམ་རྣམས་སྐུ་མདོག་ཡབ་ཀྱི་ངང་ཚུལ་ལ༔ གཟིག་གི་ཤམ་ཐབས་དར་དཔྱང་རུས་པ་འཁྲོལ༔ འབར་ཁྲོ་བགེགས་འཇོམས་ཉི་ཟླ་པད་སྟེང་གསལ༔ ཧཱུྃ་ཧྲཱི༔ གཞན་ཡང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ གནས་ཡུལ་སྐྱོང་བའི་དཔའ་བོ་དཔའ་མོ་རྣམས༔ མ་ལུས་ཏིལ་གང་ཁ་ཕྱེས་ལྟ་བུར་གསལ༔ སྣང་སྟོང་ཆོས་དབྱིངས་ཀློང་དུ་གསལ་བར་བསྐྱེད༔ བདུན་པ་འོད་ཟེར་སྤྲོ་བ་ནི༔ ཧཱུྃ་ཧྲཱི༔ དམ་ཚིག་སྐུ་དང་ཐུགས་སྲོག་ས་བོན་ལས༔ འོད་ལྔའི་ཟེར་ཐག་ཕྱོགས་བཅུའི་ཞིང་དུ་འཕྲོས༔ དུས་གསུམ་བདེ་གཤེགས་དཔའ་བོ་དཔའ་མོ་རྣམས༔ རང་བཞིན་དབྱིངས་ནས་གནས་འདིར་སྤྱན་འདྲེན་ནོ༔ བརྒྱད་པ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་འདུས་པའི་གཙོ་མཆོག་ཧེ་རུ་ཀ༔ གར་གྱི་དབང་ཕྱུག་བདེ་མཆོག་ཡབ་ཡུམ་ལ༔ འཁོར་དུ་རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར༔ མི་མངོན་དབྱིངས་ནས་གནས་འདིར་སྤྱན་འདྲེན་གཤེགས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཅས༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ཙ་ན༔ རིན་ཆེན་དབུ་རྒྱན་ཐོར་ཅོག་ལྡེམས་སེ་ལྡེམ༔ སྣ་ཚོགས་དར་གྱི་ཅོད་པན་པུ་རུ་རུ༔ གླུ་ལེན་གར་བྱེད་མང་པོ་ཁྱུགས་སེ་ཁྱུག༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རྒྱན་ཆ་རུས་རྒྱན་ཁྲོ་ལོ་ལོ༔ དཔའ་བོས་ཐབས་ཀྱི་བྲོ་རྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་ཤེས་རབ་གླུ་ལེན་ཀྱུ་རུ་རུ༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཡ་ལ་ལ༔ མཁའ་འགྲོ་འབུམ་གྱི་མ་ཚོགས་ཐིབས་སེ་ཐིབ༔ ཆོས་སྐྱོང་སྒྲོལ་བའི་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་སྒྲ་མང་པོ་སི་ལི་ལི༔ ཕྱི་ནང་གསང་བའི་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་མང་པོ་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་མང་པོ་སྤུངས་སེ་སྤུང་༔ དར་གྱི་རུ་མཚོན་མང་པོ་ལྷུབས་སེ་ལྷུབ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔ དཔའ་བོ་དཔའ་མོ་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རྩ་གསུམ་སྒྲུབ་པའི་གནས་འདིར་བྱིན་ཅིག་ཕོབ༔ སྐལ་ལྡན་རྣལ་འབྱོར་བདག་ལ་དབང་བཞི་བསྐུར༔ བརྒྱུད་འཛིན་མོས་བའི་བུ་ལ་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛ༔ སིངྔྷི་ཕ་ལ་ཧཱུྃ༔ ཞེས་བཟླས་པས་འོག་མིན་ཞིང་དང་ལྷོ་ནུབ་པདྨ་འོད་ནས་ཨོ་རྒྱན་རིག་འཛིན་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་འཁོར་དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས་པ་བྱིན་ཐིབས་ཐིབས་བྱོན་པར་བསམས་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རིན་ཆེན་གཞལ་ཡས་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་ལྷུན་གྲུབ་ཚོགས་ཁང་བྱིན་རེ་ཆགས༔ སྣ་ཚོགས་པདྨ་འདབ་བརྒྱད་མདངས་རེ་གསལ༔ ཐབས་ཤེས་ཉི་ཟླ་བརྩེགས་བ་འོད་རེ་འཕྲོ༔ རྟོག་མེད་རོ་གདན་ཆེན་པོ་བག་རེ་དྲོ༔ བཞུགས་ཡུལ་དཀྱིལ་འཁོར་གཞལ་ཡས་དྭངས་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོ་སྲུང་མར་བཅས༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས་སུ་གསོལ༔ བདག་ཅག་བསྒྲུབ་པའི་བུ་ལ་ཞལ་སྟོན་འཚལ༔ གསུང་དབྱངས་དྲུག་ཅུས་ཆོས་ཀྱི་གནད་དཀྲོལ་ཞིང་༔ མཁྱེན་བརྩེ་ཐུགས་ཀྱི་དགོངས་པའི་སྒོ་དབྱེ་ནས༔ འགྲོ་བའི་དོན་དུ་གནས་འདིར་བཞུགས་སུ་གསོལ༔ གུ་རུ་དྷེ་ཝ་དྷཀྐི་ནི་སརྦ་ས་མ་ཡ་ཏིཥྛ་ལྷན༔ བཅུ་པ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཀུན་གྱི་བདག༔ ཐུགས་རྗེ་རྨད་བྱུང་འགྲོ་བ་འདྲེན་པའི་མཆོག༔ ཡིད་བཞིན་ནོར་ལྟར་དགོས་འདོད་ཆར་འབེབས་པའི༔ བདེ་མཆོག་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ༔ ཧཱུྃ་ཧྲཱི༔ སྣང་བ་ཡབ་ལ་གསལ་སྟོང་ཆོས་དབྱིངས་ཡུམ༔ རིག་འཛིན་རོལ་པའི་སྒྱུ་འཕྲུལ་དྲ་བའི་གར༔ བཀའ་ཡི་ཕོ་ཉ་ལས་བྱེད་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ བཅུ་གཅིག་པ་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ༔ ལྷ་རྫས་རྣམ་དག་ཕྱི་ཡི་མཆོད་པ་ནི༔ ཡིད་འོང་མེ་ཏོག་བདུག་སྤོས་མར་མེ་དྲི༔ རོ་བརྒྱའི་བཤོས་དང་སིལ་སྙན་རོལ་མོའི་སྒྲ༔ སྤྱན་ཤངས་ཐུགས་ཀ་རྡོ་རྗེའི་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པ་འབུལ་གྱིས་བཞེས༔ བཛྲ་མ་ཧཱ་གུ་རུ་དྷེ་ཝ་ངྷཀྐི་ནི༔ བཛྲ་པུཥྤེ༔ ངྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྦྷེ༔ ནཻ་ཝེ་དྱ༔ ཤཔྟ་པཱུ་ཙ་ཧོ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ རང་བྱུང་རྣམ་དག་ནང་གི་མཆོད་པ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད་པ་འབུལ༔ གསུར་ཆེན་བདུག་སྤོས་དྲི་ཡི་མཆོད་པ་འབུལ༔ ཞུན་ཆེན་སྣང་གསལ་མར་མེའི་མཆོད་པ་འབུལ༔ རྡོ་རྗེ་དྲི་ཆུ་བྱུག་པའི་མཆོད་པ་འབུལ༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད་པ་འབུལ༔ རྐང་གླིང་ཐོད་རྔ་སྒྲ་ཡི་མཆོད་པ་འབུལ༔ དུག་གསུམ་མཆོད་པ་སྐུ་གསུང་ཐུགས་ལ་འབུལ༔ དུག་ལྔའི་མཆོད་པ་ཡེ་ཤེས་ལྔ་རུ་འབུལ༔ སྣང་སྲིད་གསལ་བ་ཕྱག་རྒྱ་བཞི་རུ་འབུལ༔ རང་བྱུང་ནང་གི་མཆོད་པ་བཞེས་སུ་གསོལ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་མ་ཧཱ་སརྦ་པཉྩ་པཱུ་ཙ་ཧོ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ གཉིས་མེད་གསང་བའི་མཆོད་པ་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ བདུད་རྩི་བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་དཀྱིལ་འཁོར་ལྷ་ལ་འབུལ༔ རྡོ་རྗེའི་སྐུ་ལུས་དགྱེས་ཕྱིར་བཞེས་སུ་གསོལ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་ངྷཀྐི་ནི་བྷོ་ངྷི་ཙིཏྟ་ས་མ་ཡ་ཧོ༔ བཅུ་གཉིས་པ་སྨན་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན༔ བདེ་གཤེགས་རྒྱལ་བ་རིགས་ལྔའི་དམ་ཚིག་མཆོག༔ ཡེ་ཤེས་རང་བྱུང་ལྔ་རྫོགས་སྒྲུབ་པའི་རྫས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཚན་ནས་བརྗོད་ཅིང་དབུལ་བར་བྱ༔ བཅུ་གསུམ་པ་གཏོར་མ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དཔལ་ཆེན་འཁོར་ལོ་བདེ་མཆོག་དབང་གི་ལྷ༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས་ལགས་ན༔ མ་དང་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ འདོད་ཡོན་རྣམ་པ་ལྔ་ཡི་མཆོད་པ་འབུལ༔ བྷ་ལིང་རྒྱན་གྱི་གཏོར་མའི་མཆོད་པ་འབུལ༔ བདུད་རྩི་སྨན་དང་རཀྟའི་མཆོད་པ་འབུལ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་ཆོས་དབྱིངས་མཆོད་པ་འབུལ༔ བླ་མ་རིག་འཛིན་ཚོགས་རྣམས་མཆོད་པ་བཞེས༔ ཡི་དམ་བསྒྲུབ་པ་བཀའ་བརྒྱད་མཆོད་པ་བཞེས༔ མ་མོ་མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་ཆེན་སྡེ་བཞིའི་ཚོགས་རྣམས་མཆོད་པ་བཞེས༔ ཐབས་ཀྱི་དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ ཤེས་རབ་དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་བཀའ་སྡོད་ཚོགས་རྣམས་མཆོད་པ་བཞེས༔ འདིར་ཚོགས་རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ མ་དང་མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་བཟང་དཀྱིལ་འཁོར་ཉམས་རེ་དགའ༔ ཞིང་གི་ལྤགས་པའི་བླ་བྲེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣའི་ཚོགས་ནི་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ་གྱིས་བཞེས༔ ཧཱུྃ་ཧྲཱི༔ ཕྱི་སྣོད་སྣང་བ་ཡངས་པའི་གཞོང་བ་རུ༔ ནང་བཅུད་སྐྱེ་འགྲོ་བ་ལིང་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་ཡི་རྒྱལ་པོ་བས་ཀྱང་དཔངས་རེ་མཐོ༔ ངྷཀྐིའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ༔ གསེར་རི་ལྷུན་པོ་བདུན་ལས་བརྗིད་རེ་ཆེ༔ རཀྟ་བཞི་ཡི་ཨརྒྷཾ་སྦྲེང་བ་འདི༔ མཐའ་ཡི་རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ༔ རཱ་ས་ཡ་ནའི་བདུད་རྩིས་སྦྲན་པ་འདི༔ རྩ་གསུམ་ལྷ་ཡི་ཟས་ལས་ཁྱད་དུ་འཕགས༔ དཀར་དམར་རྩི་དང་ཤ་ཆེན་དྲི་ཆེན་ཚོགས༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་ལང་དང་༔ མཆོག་ཆེན་མི་ཡི་ཤ་སྟེ་རྣམ་པ་ལྔ༔ མ་ཧཱ་མཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ ཤིང་ཏོག་མེ་ཏོག་འབྲུ་སྣ་སྨན་སྣ་དང་༔ ཟན་དང་འཁུར་བ་ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་ཆང་འོ་མར་བཅས༔ རྩི་དང་ཙ་རུ་བཙོས་རྗེན་གོ་སྙོད་དང་༔ སྒ་དང་ལན་ཚཱ་སྤོད་ཀྱི་རིགས་རྣམས་དང་༔ རི་སྒོག་ཀླུང་སྒོག་ཤ་སྒོག་མང་པོ་དང་༔ བཟའ་དང་བཅའ་དང་བཏུང་བའི་རིགས་རྣམས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན༔ ཐོག་མེད་ཏིང་འཛིན་དག་པས་ཡོངས་བསྡུས་ཏེ༔ རྣམ་དག་དགོངས་རྒྱུད་དག་པས་བྱིན་བརླབས་ནས༔ བདུད་རྩིར་བསྒྱུར་བའི་དཔལ་གྱི་གཏོར་མ་འདིས༔ རིག་འཛིན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཐུགས་དམ་བསྐང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཐུགས་དམ་བསྐང་༔ དཔའ་བོ་གིང་ཆེན་རྣམས་ཀྱི་ཐུགས་དམ་བསྐང་༔ དམ་ཅན་བཀའ་སྲུང་གཏེར་བདག་ཐུགས་དམ་བསྐང་༔ ཁྱེད་རྣམས་ཐུགས་དམ་གཉེན་པོ་སྐོངས་གྱུར་ཅིག༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ བཅུ་བཞི་པ་རཀྟ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ སྲིད་གསུམ་གདུག་པའི་དགྲ་བགེགས་བསྒྲལ་བའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷའི་སྣོད་དུ་བསྐྱིལ༔ བདེ་ཆེན་རཀྟའི་མཆོད་པ་ཆེན་པོ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ བཅོ་ལྔ་བ་སྦྱོར་མཆོད་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཐབས་ཤེས་ཡབ་དང་ཡུམ༔ དོན་དམ་གཉིས་སུ་མེད་པའི་དབྱིངས་སུ་སྦྱོར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག༔ ཛ༔ ཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནི་མུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ བཅུ་དྲུག་པ་སྒྲོལ་མཆོད་ནི༔ ཧཱུྃ་ཧྲཱི༔ ཡང་དག་སྟོང་ཉིད་ཆོས་དབྱིངས་རྟོགས་པའི་བློས༔ སྣང་སྲིད་སྐྱེ་འགྲོ་མ་ལུས་ཡོངས་བསྒྲལ་ནས༔ བློ་ངན་དུག་གསུམ་འཁོར་བའི་རྒྱུན་བཅད་པས༔ དུས་གསུམ་བདེ་གཤེགས་ཐུགས་དམ་སྐོངས་གྱུར་ཅིག༔ མ་ཏྲཾ་རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ བཅུ་བདུན་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ གདོད་མའི་མགོན་པོ་རྒྱལ་བ་ཀུན་གྱི་ཡབ༔ ཕྱོགས་བཅུའི་སངས་རྒྱས་བདེ་གཤེགས་བཅོམ་ལྡན་འདས༔ ཐུགས་རྗེའི་དབང་ཕྱུག་གར་གྱི་ཧེ་རུ་ཀ༔ རིག་འཛིན་འདུས་པའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བདེ་བ་ཆེན་པོ་རྒྱལ་བ་ཀུན་གྱི་ཡུམ༔ མཁའ་འགྲོའི་དབང་ཕྱུག་འདོད་སྒྱུར་འཕྲུལ་མོ་ཆེ༔ གསང་བའི་ཡུམ་མཆོག་ལྷ་ལྕམ་མནྡྷ་ར༔ དུས་གསུམ་བདེ་གཤེགས་ཡུམ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ སྐྱེ་མེད་དབྱིངས་ལས་རིག་འཛིན་ཐུགས་རྗེའི་རྩལ༔ འགག་མེད་རོལ་པའི་རྡོ་རྗེ་སློབ་དཔོན་བཞི༔ ཡེ་ཤེས་མཁའ་འགྲོ་བདེ་བའི་ཡུམ་དང་བཅས༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ རྒྱལ་བའི་རྣམ་འཕྲུལ་གང་འདུལ་ཚུལ་སྟོན་ཞིང་༔ སྒྲུབ་པའི་འབྲས་བུ་མཆོག་གི་དངོས་གྲུབ་བརྙེས༔ མཁའ་སྤྱོད་རིག་འཛིན་ཡེ་ཤེས་འོད་ཀྱི་ལུས༔ རིག་འཛིན་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ སྨིན་གྲོལ་བཀའ་བབས་མཁས་གྲུབ་མཐར་ཕྱིན་མཆོག༔ ཡི་དམ་ཞལ་གཟིགས་འབྱུང་བཞིར་རང་དབང་བསྒྱུར༔ སྨིན་གྲོལ་མཐར་ཕྱིན་མཆོག་ཐུན་ཕྲིན་ལས་བདག༔ སྤྲུལ་པའི་བཀའ་བབས་རྗེ་འབངས་ཉེར་ལྔར་བསྟོད༔ ཧཱུྃ་ཧྲཱི༔ བཀའ་ཡི་སྒོ་བ་ཡབ་ཡུམ་མཁའ་འགྲོ་གིང་༔ ཡི་དམ་ཆོས་སྐྱོང་སྲུང་མ་གཙོ་དང་འཁོར༔ དཔལ་གྱི་ཕོ་ཉ་ལས་བྱེད་བྲན་གཡོག་སྟེ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བཅོ་བརྒྱད་པ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ཀུན་ནས་མ་ལུས་བདག་ལ་དགོངས་སུ་གསོལ༔ ལུས་ངག་ཡིད་གསུམ་ཉེས་གྱུར་མི་དགེའི་ལས༔ མ་རིག་རྨོངས་པའི་རྒྱུ་བསགས་ཅི་མཆིས་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་གུ་རུ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད༔ བཅུ་དགུ་པ་འཛབ་ཀྱིས་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པ་དབང་གི་དཀྱིལ་འཁོར་དུ༔ རིན་ཆེན་གཞལ་ཡས་ཕོ་བྲང་མཐའ་དབུས་མེད༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ན༔ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ༔ ཧཱུྃ༔ མ་ཆགས་སྐྱོན་བྲལ་འཁོར་ལོ་བདེ་མཆོག་རྩལ༔ གཉིས་མེད་ཡུམ་མཆོག་ལྷ་ལྕམ་མན་ངྷ་རཱ༔ རིག་འཛིན་རྡོ་རྗེ་སློབ་དཔོན་མཁས་གྲུབ་བརྒྱད༔ རྗེ་འབངས་ཉེར་ལྔ་ཡི་དམ་བཀའ་སྡོད་གིང་༔ འབུམ་ཕྲག་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ སྐྱེ་མེད་རང་བཞིན་དག་པའི་ཀློང་ཡངས་ནས༔ འགག་མེད་གསུང་གི་སྔགས་སྒྲ་དི་རི་རི༔ རྡོ་རྗེའི་བཟླས་པས་སྐུ་གསུམ་གནད་ནས་བསྐུལ༔ ཕཊ་ཀྱིས་སྤྲོས་པས་དུས་གསུམ་བདེ་གཤེགས་མཆོད༔ ཧཱུྃ་གིས་བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་མ་ཕྱིན་བར༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་པར་བགྱིད༔ བསྙེན་པའི་དུས་སུ་ལྷ་ཚོགས་སྤྱི་བོར་བསྒོམ༔ གསོལ་འདེབས་གདུང་བའི་དབྱངས་ཀྱིས་འཛབ་འདི་བཟླ༔ ཨཱོཾ་ཨཱཿ་ཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ སྒྲུབ་པའི་དུས་སུ་ལྷ་ཚོགས་སྙིིང་དཀྱིལ་གསལ༔ མཆོད་དང་བསྟོད་པའི་ཚུལ་གྱི་འཛབ་འདི་བཟླ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་བཛྲ་ས་མ་ཡ་ཛ༔ སིངྔྷི་ཕ་ལ་ཧཱུྃ༔ ལས་སྦྱོར་ཕྲིན་ལས་བཞི་ལ་རང་གསལ་གདབ༔ དོན་གཉིས་དངོས་གྲུབ་ཐོབ་ཕྱིར་འཛབ་འདི་བཟླ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿགྲངས་དང་རྟགས་ཀྱི་བསྙེན་སྒྲུབ་བརྩོན་པས་བསྒྲུབ༔ སྐབས་སུ་དྲག་པོ་ཧཱུྃ་གི་སྣང་གླུ་ལེན༔ ཐུན་སྐབས་རྣམས་སུ་བསྐུལ་ཞིང་དངོས་གྲུབ་ཞུ༔ ཉི་ཤུ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ དང་པོ་བསྙེན་ཅིང་མཆོད་བསྟོད་བར་དུ་བསྒྲུབས༔ ད་ལྟ་བདག་དང་དབྱེར་མེད་ཧེ་རུ་ཀ༔ འདིར་འདུས་མོས་པའི་རྣམ་འབྱོར་བདག་ཅག་གིས༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབས༔ བསྙེན་དང་སྒྲུབ་པ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོའི་ནམ་མཁའ་ལངས༔ དངོས་གྲུབ་འབྱུང་བའི་དུས་ལ་བབས་པའི་ཚེ༔ དུས་གསུམ་བདེ་གཤེགས་ཐུགས་རྗེའི་རང་བཞིན་ལ༔ ཐུགས་དམ་གནད་ནས་བསྐུལ་དུ་མི་འཚལ་ཡང་༔ འགྲོ་བའི་དོན་དུ་ཐུགས་དམ་གནད་ནས་བསྐུལ༔ སྐུ་གསུང་ཐུགས་ཀྱི་གསང་བའི་བེའུ་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཅེས་དངོས་གྲུབ་བླང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་ལས་རིམ་བཅུ་བཞི་ལས༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་༔ བསྐང་བ་བསྒྲལ་ལས་ཐུགས་དམ་བསྐུལ༔ ཚེ་འགུགས་གཏོར་དབང་ལྷག་མ་བསྔོ༔ ཆད་ཐོ་བསྟན་སྐྱོང་རྟ་བྲོ་བརྡུང་༔ བཀྲ་ཤིས་བསྔོ་སྨོན་དཀྱིལ་འཁོར་བསྡུ༔ རྒྱུན་སྤྱོད་ལ་སོགས་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དང་པོ་ཚོགས་འཁོར་བཤམས༔ བསང་ཆུ་གཏོར༔ བདུད་རྩིས་སྦྲན་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ དཔལ་ཆེན་བདེ་མཆོག་འཁོར་ལོའི་ཐུགས་ཀ་ནས༔ ཚོགས་ཀྱི་དངོས་འཛིན་སྦྱང་ཕྱིར་ཡི་གེ་འཕྲོས༔ རཾ་ལས་མེ་འབར་དངོས་འཛིན་བག་ཆགས་བསྲེགས༔ ཡཾ་ལས་རླུང་བྱུང་དུག་གསུམ་སྒྲིབ་པ་སྦྱངས༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་འཁྲུལ་སྣང་བཀྲུས༔ རཾ་ཡཾ་ཁཾ༔ ཧཱུྃ་ཧྲཱི༔ ཡི་གེ་ཧཱུྃ་གིས་རྣམ་རྟོག་ཆོས་དབྱིངས་སྦྱངས༔ སྐྱེ་མེད་ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨཱོཾ་གྱི་འཕྲོ་འདུས་འདོད་ཡོན་སྣང་སྲིད་གང་༔ ཨཱོཾ་ཨཱཿ་ཧཱུྃ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོར་ཆོས་སྐུའི་འཁོར་གྱིས་བསྐོར༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུམ་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྣམ་དག་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་ལ༔ བདེ་བར་གཤེགས་པ་ལོངས་སྐུའི་འཁོར་གྱིས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ནུབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ བདེ་བར་གཤེགས་པ་སྤྲུལ་སྐུའི་འཁོར་གྱིས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ གར་གྱི་དབང་ཕྱུག་འཁོར་ལོ་བདེ་མཆོག་ལ༔ རིག་འཛིན་དཔའ་བོ་འབུམ་གྱི་འཁོར་གྱིས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་གྷན་དྷོ་ལ་ཡི་ཕོ་བྲང་ནས༔ ལྷ་ལྕམ་མེ་ཏོག་མན་ངྷ་རཱ་བ་ལ༔ འབུམ་ཕྲག་ཡངས་པའི་མ་དང་མཁའ་འགྲོས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རང་བྱུང་ཆོས་དབྱིངས་རོལ་པའི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀར༔ ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་གསང་བ་མཆོག་གི་ཕོ་བྲང་ནས༔ བཀའ་དང་བསྟན་སྐྱོང་སྲུང་མ་ལས་བྱེད་ཚོགས༔ བྲན་དང་ཕོ་ཉ་མངག་གཞུག་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་གཞལ་ཡས་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བཞི་བསྐུར༔ ཚོགས་འཁོར་ཡེ་ཤེས་བདུད་རྩིར་བསྒྱུར་དུ་གསོལ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ༔ ཧཱུྃ་ཧྲཱི༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ རིག་འཛིན་འདུས་པའི་གཙོ་མཆོག་ཧེ་རུ་ཀ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ངྷེ་ཝ་ངྷཀྐི་ནི༔ ག་ན་ཙཀྲ་པཱུ་ཙ་ཧོ༔ བར་པ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ སྔོན་འདས་བསྐལ་པའི་གོང་ནས་ལུས་འདིའི་བར༔ མ་རིག་རྨོངས་པའི་ལུས་དང་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་ཀུན༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུངྔྷེ་ཨཱ༔ གཉིས་པ་བསྐང་བ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གསང་བའི་དཀྱིལ་འཁོར་གཉན་པོ་གཞུང་བཞིན་བཤམས༔ སྒྲུབ་པའི་དམ་རྫས་གཉན་པོ་ཚུལ་བཞིན་བཀྲམས༔ མཛེས་ཤིང་ཡིད་འོང་བཀོད་པས་ཁྱད་འཕགས་འདིས༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རིག་འཛིན་འཁོར་ལོ་བདེ་མཆོག་ཐུགས་དམ་བསྐང་༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཐུགས་དམ་བསྐང་༔ ས་ལམ་ཡོན་ཏན་མ་ལུས་ཡོངས་ཀྱི་བདག༔ ལྷ་ལྕམ་མནྡྷ་རཱ་བའི་ཐུགས་དམ་བསྐང་༔ བཀའ་དང་དམ་ཚིག་གསང་བ་གསུམ་གྱི་བདག༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གསུམ་པ་ཚོགས་ཐ་མ་བསྒྲལ་བ་ནི༔ དགྲ་གཟུགས་ལ་ཕུར་པ་གཟིར་ཞིང་༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ ཆོས་ཀྱི་དབྱིངས་ནས་རྔམ་དྲག་གཏུམ་པའི་སྐུ༔ ལས་ཀྱི་ཕོ་ཉས་སྟོང་གསུམ་འཇིན་རྟེན་གང་༔ གཡས་པས་རྡོ་རྗེ་གཡོན་པས་ཕུར་པ་འདྲིལ༔ དགྲ་བགེགས་བྱད་མའི་སྙིང་ལ་མཱ་ར་ཡ༔ ལུས་སྲོག་རྣམ་ཤེས་ཐལ་བ་རྡུལ་དུ་རློགས༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ནྲི་ཏྲི་ཤ་ཏྲུཾ་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་དུ་སྟོབ་པ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་དབང་ཕྱུག་འཁོར་ལོ་བདེ་བའི་མཆོག༔ ཆོས་སྐྱོང་སྲུང་མ་ལས་བྱེད་ཞལ་ཕྱེ་ཞིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་སྟོབས༔ རྔམ་བྱེད་ཧོམ་ཁུང་འབར་བའི་མགུལ་དུ་སྒྲིམས༔ འཁོར་འདས་ཡོངས་སྒྲོལ་ཆེན་པོར་བཞེས་སུ་གསོལ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི་ཁཱ་ཧི༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་ཚོགས་དྲངས་ཏེ༔ ཧཱུྃ་ཧྲཱི༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་ཚོགས་ཀྱི་བདག༔ ཡེ་ནས་རྣམ་དག་ཤ་ལྔ་བདུད་རྩི་ལྔ༔ མཆོག་ཐུན་དངོས་གྲུབ་ཀུན་འབྱུང་བླ་མེད་རྫས༔ རང་བཞིན་ཆོས་དབྱིངས་ངང་དུ་བཞེས་སུ་གསོལ༔ དེ་ནས་ལན་གདབ་སྟེ༔ ཨེ་མ་ངོ་མཚར་རྨད་བྱུང་ཚོགས་ཀྱི་རྫས༔ བླ་མེད་དངོས་གྲུབ་མཆོག་གི་ལོངས་སྤྱོད་ཆེ༔ གཟུང་འཛིན་ཡོངས་བྲལ་རིན་ཐང་མེད་པའི་དཔལ༔ ཆོས་དབྱིངས་མཆོག་གི་རྫས་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ བཞི་པ་ལྷག་མ་སྦྲན་ཏེ༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་ཕོ་བྲང་ཆེན་པོ་ནས༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་མ༔ ཤར་ནས་དཀར་མོ་དུང་གི་ཐོར་ཚུགས་ཅན༔ རྡོ་རྗེ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ལྷོ་ནས་སེར་མོ་གསེར་གྱི་ལན་ཕྲན་ཅན༔ རིན་ཆེན་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ནུབ་ནས་དམར་མོ་རཱ་གའི་ཅོད་པན་འཕུར༔ པདྨ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ བྱང་ནས་ལྗང་མོ་གཡུ་ཡི་སྨིན་མ་ཅན་༔ ལས་ཀྱི་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ དགུང་སྔོན་རི་བོའི་རྩེ་ནས་བྱ་ར་བྱེད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམ༔ ལ་ལས་ཞལ་ཟས་ཚོགས་ཀྱི་ལྷག་མ་ལེན༔ ཚོགས་ལེན་གར་བྱེད་དེ་ནི་ཁྱུགས་སེ་ཁྱུག༔ ལ་ལས་བདུད་རྩི་ཆང་གི་ལྷག་མ་ལེན༔ ཆང་འཐུང་བཞད་གད་དེ་ནི་ཡ་ལ་ལ༔ ལ་ལས་གཏི་མུག་ཤ་ཆེན་ལྷག་མ་ལེན་༔ ཤ་ཟ་སོ་བརྡར་དེ་ནི་ཆེམས་སེ་ཆེམ༔ ལ་ལས་འདོད་ཆགས་ཁྲག་གི་ལྷག་མ་སྡུད༔ ཁྲག་ལྕེ་དམར་མོ་དེ་ནི་ཉུགས་སེ་ཉུག༔ ལ་ལས་ཞེ་སྡང་རུས་པའི་ལྷག་མ་སྡུད༔ རུས་འཆའ་མཆེ་བ་དེ་ནི་ཟངས་སེ་ཟང་༔ ལྷག་གཏོར་འདི་བཞེས་དཔལ་གྱི་བཀའ་ལུང་བཞིན༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ སརྦ་ངྷཀྐི་ནི་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ལྔ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ མ་གཡེལ་མ་འཕང་རིག་འཛིན་ཧེ་རུ་ཀ༔ མ་གཡེལ་མ་འཕང་ལྷ་ལྕམ་མནྡྷ་རཱ༔ མ་གཡེལ་མ་འཕང་སྒྲུབ་པ་བཀའ་བརྒྱད་ལྷ༔ མ་གཡེལ་མ་འཕང་དཔའ་བོ་དཔའ་མོའི་ཚོགས༔ མ་གཡེལ་མ་འཕང་ཆོས་སྐྱོང་བཀའ་སྡོད་བྲན༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཁོར་ལོ་བདེ་མཆོག་ཡབ་ཡུམ་སྐུ་སྐྱོད་འཚལ༔ འབུམ་ཕྲག་དཔའ་བོ་དཔའ་མོ་སྐུ་སྐྱོད་འཚལ༔ ཡི་དམ་སྒུབ་པ་བཀའ་བརྒྱད་སྐུ་སྐྱོད་འཚལ་༔ ཆོས་སྐྱོང་སྲུང་མ་ལས་བྱེད་སྐུ་སྐྱོད་འཚལ༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་སྒྲ་སྐད་མང་པོ་ས་ི་ལི་ལི༔ དར་སྣ་མང་པོའི་ཅོད་པན་པུ་རུ་རུ༔ རོལ་མོ་མང་པོའི་སྒྲ་སྐད་དི་རི་རི༔ གླུ་ལེན་གར་བྱེད་མང་པོ་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་གིས་བསྒྲུབ༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་དབྱིངས་སུ་སོལ༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་སྒྲུབས༔ དུག་ལྔའི་རྣམ་རྟོག་འབྱུང་བཞིའི་ནད་རྣམས་སོལ༔ དྲུག་པ་ཚེ་འགུགས་པ་ནི༔ མདའ་དར་གཡབ་ཅིང་༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་ཡི་ལྷ༔ ཐུགས་རྗེའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ འཁོར་འདས་ཀུན་གྱི་ཚེ་བསོད་དཔལ་འབྱོར་དབང་༔ བླ་ཚེ་ཆད་ཉམས་གས་པ་འོད་ཀྱིས་བསྡུས༔ བདག་ཅག་རྣམས་ཀྱི་ལུས་ལ་གཉིས་མེད་ཐིམ༔ མཆོག་ཐུན་དངོས་གྲུབ་ཚེ་ཡི་དབང་ཐོབ་བསམས༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཚེ་བྷྲཱུཾ་ཛྙཱ་ན་སརྦ་སིངྔྷི་ཧཱུྃ་བྷྲཱུཾ༔ ཅི་མང་བཟླས༔ བདུན་པ་གཏོར་མ་ལྷར་བསམས༔ དངོས་གྲུབ་ལེན་པའི་དབང་བསྐུར་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པ་དབང་གི་དཀྱིལ་འཁོར་དུ༔ སྐུ་ལྔའི་ཡོན་ཏན་མ་ལུས་འདུས་པའི་དཔལ༔ བདེ་མཆོག་འཁོར་ལོའི་ལྷ་དང་གཉིས་སུ་མེད༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ མ་དང་མཁའ་འགྲོ་བརྟེན་ཕྱིར་བདག་ལ་སྩོལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ དཔལ་ཆེན་འཁོར་ལོ་བདེ་མཆོག་དཀྱིལ་འཁོར་ལྷ༔ འགྱུར་མེད་རྣམ་དག་སྐུ་ཡི་སྒོ་ཕྱེ་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་རྣམ་དག་གསུང་གི་སྒོ་ཕྱེ་ནས༔ ཚངས་དབྱངས་དྲུག་བཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་མེད་རྣམ་དག་ཐུགས་ཀྱི་སྒོ་ཕྱེ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ངྷེ་ཝ་ངྷཀྐི་ནི༔ ཀ་ཡ་ཝཀྐ་ཙིཏྟ་སརྦ་སི་ངྔྷི་ཧཱུྃ༔ ཞེས་དབང་བླང་ཞིང་བསྐུར་རོ༔ བརྒྱད་པ་ཆད་ཐོའི་གཏོར་མ་སྤགས༔ རྔ་བརྡུང་དུང་འབུད་རཀྟས་སྦྲན་ལ༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་འདུས་པ་རྩལ༔ བླ་མེད་སྟོན་པ་འཁོར་ལོ་བདེ་མཆོག་གིས༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་དང་བཅས༔ རིག་འཛིན་རོལ་པའི་སྒྱུ་འཕྲུལ་བསྟན་པའི་ཚེ༔ དམ་ལ་བཏགས་པའི་འབུམ་ཕྲག་མཁའ་འགྲོའི་ཚོགས༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་ཇི་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ བསམ་ཡས་མཆིམས་ཕུའི་བྲག་དམར་དགེ་གོང་དུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ མངའ་བདག་རྗེ་བློན་འཁོན་ཆེན་ཀླུ་དབང་གིས༔ རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་སྐྱོང་བའི་མཁའ་འགྲོ་བསྟན་མར་བཅས༔ དམ་ཅན་དྲེགས་པས་དངོས་གཟུགས་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ་༔ སྔོན་ཚེ་དཔལ་གྱི་བཀའ་ལུང་ཇི་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ རིག་འཛིན་ཁམས་པ་ཉི་མ་གྲགས་པ་ཡིས༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལམ་མཁའ་འགྲོའི་བཀའ་སྡོད་སྒྲོལ་གིང་དང་༔ གཏེར་སྲུང་དམ་ཅན་སྲུང་མ་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིལ་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་ཇི་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོདེ༔ ཧཱུྃ་ཧྲཱི༔ ད་ལྟ་བདག་གིས་བསྒྲུབ་པའི་གཏོར་ཟོར་འདི༔ གདུག་པའི་དགྲ་བགེགས་སྟེང་དུ་ཟོར་འཕེན་ནོ༔ ལྷ་ཀླུ་གཞི་བདག་ཐམས་ཅད་སྐུ་བཟུར་ཅིག༔ དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རློགས་༔ ཞེས་གཏོར་མ་འཕང་ངོ༔ དགུ་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ་ཧྲཱི༔ འཇིག་རྟེན་བོད་ཁམས་སྐྱོང་བ་བསྟན་མའི་ཚོགས༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ བསྟན་པ་སྐྱོང་མཛད་མ་སྲིང་ཁྱེད་རྣམས་ཀྱང་༔ དཔོན་གཡོག་མང་བོ་སྨན་ཕྲན་འབུམ་དང་བཅས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མཐུ་ཆེན་མངའ་བདག་རྗེ་འབངས་ཀྱིས༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང་༔ རཱུ་ཏྲ་བསྒྲལ་བའི་ཞིང་ཆེན་གདན་སྟེང་དུ༔ དབང་བསྐུར་སྤྱི་བོར་དབང་རྟགས་ཅོད་པན་བཏགས༔ དམ་ཚིག་གསང་བའི་བདུད་རྩི་ལྕེ་ལ་བཞག༔ དབང་རྟགས་རྡོ་རྗེ་ཕུར་པའི་ཕྱག་རྒྱ་གཏད༔ གསང་སྔགས་བཀའ་ཡི་སྲུང་མར་ཁས་བླངས་ནས༔ མ་འོངས་སངས་རྒྱས་འཐོབ་པའི་ལུང་བསྟན་མཛད༔ བཀའ་ཡི་སྲུང་མ་དམ་ཅན་ཁྱེད་རྣམས་ཀྱང་༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ བཅུ་པ་རྟ་བྲོ་ནི༔ མཆེད་ལྕམ་རྣམས་ལུ་གུ་བརྒྱུད་བསྣོལ་ལ༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་བརྟུལ་ཞུགས་བྲོ་བརྡུང་བས༔ གནོད་བྱེད་དགྲ་བགེགས་རི་རབ་འོག་ཏུ་གནོན༔ སྒབ་འདྲེ་འབྱུང་པོ་ཟ་འདྲེ་འཕུང་སྲིའི་ཚོགས༔ མནན་པ་ཡིན་ནོ་ལྡང་བར་མ་བྱེད་ཅིག༔ བཅིངས་པ་ཡིན་ནོ་ནམ་ཡང་མ་གྲོལ་ཞིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་པ་བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ དམིགས་མེད་ཆོས་སྐུ་དག་པ་ནས༔ ཀུན་བཟང་ཡབ་ཡུམ་བཀྲ་ཤིས་ཤོག༔ འགག་མེད་རོལ་པ་ཆེན་པོ་ནས༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག༔ ཐུགས་རྗེས་འགྲོ་བ་འདུལ་བ་ནས༔ པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ནས༔ བདེ་མཆོག་འཁོར་ལོའི་བཀྲ་ཤིས་ཤོག༔ ཤེས་རབ་ཡུམ་གྱི་མཁའ་ཀློང་ནས༔ མན་ངྷ་རཱ་ཝའི་བཀྲ་ཤིས་ཤོག༔ ཁྲོ་བོ་རོལ་པའི་དུར་ཁྲོད་ནས༔ སྒྲུབ་པ་བཀའ་བརྒྱད་བཀྲ་ཤིས་ཤོག༔ བཀའ་འདུས་དཔལ་གྱི་ཕོ་བྲང་ནས༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཆོས་སྐྱོང་གཏེར་སྲུང་བཀྲ་ཤིས་ཤོག༔ བཅུ་གཉིས་པ་བསྔོ་སྨོན་ནི༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཆོ་ག་འདི་བསྒྲུབས་པས༔ བདག་སོགས་འགྲོ་བ་སེམས་ཅན་རྣམས༔ རིག་འཛིན་བླ་མའི་ཕོ་བྲང་དུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ བཅུ་གསུམ་པ་བསྡུ་ཆོག་ནི༔ ཧཱུྃ་ཧྲཱི༔ ཞིང་ཁམས་གཞལ་ཡས་དཀྱིལ་འཁོར་ལྷ༔ འོད་དུ་ཡལ་ནས་གཙོ་ལ་ཐིམ༔ གཙོ་བོ་སྔགས་འབྲུ་ས་བོན་ཏེ༔ ཟླ་ཚེས་ཐིག་ལེ་ནཱ་དར་ཡལ༔ དམིགས་མེད་ངང་དུ་ཨེ་མ་ཧོ༔ ཅེས་བསྔོ་སྨོན་དང་བཀྲ་ཤིས་བརྗོད༔ དགའ་སྟོན་བྱ་ཞིང་ཚོགས་ལ་རོལ༔ བཅུ་བཞི་པ་བཀྲ་ཤིས་པའི་གླུ་བྲོ་སོགས་རྒྱུན་སྤྱོད་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འདུས་པའ་ིགཙོ་མཆོག་ཧེ་རུ་ཀ༔ འཁོར་ལོ་བདེ་མཆོག་གསང་བའི་ཆོས་སྐོར་རྣམས༔ རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་ཀྱང་༔ ཕྱི་རབས་དོན་དུ་སྒྲུབ་པ་ལག་ལེན་བཅས༔ མ་བུ་ཆ་ཚང་པདྨ་བདག་གིས་བཀོད༔ ལས་བཞིའི་ཕྲིན་ལས་བསྒྲུབ་དང་སྨིན་བྱེད་དབང་༔ ཀུན་གྱི་ཁ་སྐོང་ལས་བྱང་འདི་ཡིན་ནོ༔ རྡོ་རྗེ་ལེགས་པས་བཀའ་འདིའི་བྱ་ར་གྱིས༔ ལྷ་བཙན་ཆེན་པོས་གཏེར་འདིའི་སྲུང་མ་མཛོད༔ བཞི་བཅུ་ཁ་རལ་སུམ་ཅུར་ཉེ་བའི་དུས༔ ང་ཡི་ཐུགས་སྲས་སྦས་པའི་རྣལ་འབྱོར་ཞིག༔ མདོ་ཁམས་མཆོད་རྟེན་དཀར་པོའི་ནུབ་ནས་འོང་༔ ཟབ་ཆོས་འདིར་འཕྲད་འགྲོ་དོན་མཐར་ཕྱིར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་རྒན་འགྲོ་འདུལ་གླིང་པས་ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁར་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་། ས་ཕོ་རྟ་ལོའི་ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་དཀྱུས་མཐོ་དོ་ཞེང་མཛུབ་གང་པ་ཞིག་ལས་བཤུས་པའོ། །སརྦ་མངྒ་ལཾ། །

སྤྲོས་བཅས་བུམ་པའི་ལྷ་དབང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྤྲོས་བཅས་བུམ་པའི་ལྷ་དབང་ཡོད༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ལྔ་བརྒྱའི་འགྲོ་ལ་ཕན་དོན་དུ༔ སྤྲོས་བཅས་དབང་གི་ཆོ་ག་ཞིག༔ པདྨ་འབྱུང་གནས་བདག་གིས་བཀོད༔ གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འདུས་པའི་རྒྱུད་ལས་ཀྱང་༔ དུར་ཁྲོད་རི་སུལ་དབེན་གནས་སུ༔ ཅེས་གསུངས་པས་གནས་དབེན་པར་གད་བརྡར་དང་སྐྱང་ནུལ་སྒྲུབ་པའི་ཁོག་འབུབ་ལྟར་བྱས་ནས༔ སྣོད་ལྡན་གྱི་སློབ་མ་སྨིན་གྲོལ་ལ་འཇུག་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱིས་སྟོན་ཏེ༔ སྔོན་དུ་འགྲོ་བ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས༔ ཐུན་མོང་ལ་ལྔ་སྟེ༔ བུམ་པ་དང་དཀྱིལ་འཁོར་སྟ་གོན༔ དབང་རྫས་དགྲམ་པ་དང་དབང་བསྒྲུབ་པ༔ བདག་འཇུག་བླང་བ་དང་ལྔའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཐོག་མར་དཀྱིལ་འཁོར་སྟ་གོན་ནི༔ ཚངས་པའི་ཐིག་གདབ་བཅུ་དྲུག་ཐིག་ཏུ་གདབ༔ ལོ་མ་ལོ་ཆུང་ལན་གསུམ་གཏུབས་པ་ཡིས༔ བཅུ་དྲུག་ཐིག་གིས་ཆ་རྣམས་ལེགས་པར་དབྱེ༔ དེ་ནས་ཆ་ཆེན་དང་པོ་ལྟེ་བའི་ཆ༔ གཉིས་དང་གསུམ་པ་པདྨའི་ཆ་ཡིན་ཞིང་༔ བཞི་པ་མི་གདབ་ཁྱམས་ཀྱི་རིམ་པའོ༔ ལྔ་པ་ཕྱེད་གདབ་ཕྱི་མ་བསྲེ་བར་བྱ༔ དྲུག་པ་དབུས་དོར་མཐའ་གཉིས་གདབ་པར་བྱ༔ བདུན་པ་ཆ་བཞིར་ཡོངས་སུ་བགོ་བར་བྱ༔ བརྒྱད་པ་ཕྱེད་གདབ་ཕྱི་མ་བསྲེ་བར་བྱ་༔ སྒོ་བཞི་པ་ལ་གྲུ་ཞི་པ༔ རྒྱན་དང་རྟ་བབས་བཞི་བཞིར་ལྡན༔ བུམ་པ་ཆོས་འཁོར་གདུགས་ཏོག་མཛེས༔ པདྨ་རྡོ་རྗེ་མེ་རི་བྲག༔ མཛེས་པའི་ཚོན་གྱིས་འབྲི་བར་བྱ༔ དབུས་སུ་ཆ་ཆེན་ལྟེ་བར་བཅད༔ དེ་ཡི་ཕྱི་རོལ་པད་འདབ་བརྒྱད༔ མུ་ཁྱུད་མཛེས་པས་བསྐོར་བར་བྱ༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ ཕྱི་ནང་པདྨ་བཅུ་དྲུག་རྣམས༔ དཀྱིལ་འཁོར་ལྷ་ཡི་སྐུ་མདོག་དང་༔ མཐུན་པའི་རྫས་ཀྱིས་བསྒྱུབ་པར་བྱ༔ ཁྱམས་བཞི་ཕྱོགས་ཀྱི་མདོག་ཅན་ལ༔ སྒོ་གྲུ་རྟ་བབས་སྤྱི་དང་མཐུན༔ ས་མ་ཡཱ༔ རྒྱ་རྒྱརྒྱ༔ དེ་ནས་བུམ་པ་སྟ་གོན་ནི༔ མཚན་ཉིད་ལྡན་པའི་བུམ་པ་ལ༔ གུ་གུལ་བདུག་ཅིང་སྔགས་འདི་བཟླ་༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ རཾ་རཾ་གནོད་བྱེད་འབྱུང་པོ་ཕཊ༔ རིགས་བཟང་ཁྱེའུ་བཀྲ་ཤིས་ཀྱི༔ ཁྲུས་བྱས་གཙང་པོའི་ཆུ་བླངས་ཤིང་༔ མཚན་ལྡན་གཟུངས་མས་བུམ་པར་བླུགས༔ སྔགས་འདི་ངག་ནས་བརྗོད་པར་བྱ༔ ཨཱོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ༔ སྨན་ལྔ་འབྲུ་ལྔ་སྙིང་པོ་ལྔ༔ རིན་ཆེན་ལྔ་དང་དྲི་ལྔ་སོགས༔ བུམ་པར་བཏབ་ཅིང་སྔགས་འདི་བརྗོད༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐ་སྭཱ་ཧཱ༔ དར་སྣ་ལྔ་ཡི་ཅོད་པན་བཏགས༔ མགུལ་ཆིངས་བརྒྱན་ཅིང་སྔགས་འདི་བཟླ༔ ཨཱོཾ་བཛྲ་ཝཥྟ་ཨ་ཝེ་ཤ་ཡ༔ འབྲས་བུ་ཅན་གྱི་ཤིང་གིས་བརྒྱན༔ ཨཱོཾ་བཛྲ་མངྒ་ལཾ་སྭ་ཏི༔ ཞེས་བརྗོད་གཟུངས་ཀྱི་ཐག་པ་བཏགས༔ ཨཱོཾ་བཛྲ་པ་ཏི་ཀ་པ་ར་ལི་པི་ཏི་ཨཱོཾ་ཨཱཿཧཱུྃ༔ ཞེས་བརྗོད་དཀྱིལ་འཁོར་དབུས་སུ་བཤམས༔ ཨཱོཾ་ཛྙཱཛྙ་ན་མཎྜ་ལ་ཧཱུྃ་བྷྲཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཀྱིལ་འཁོར་ལྷ་དང་རྫས་དབང་སོགས༔ ཙ་ཀ་ལི་ནི་འགོད་པ་དང་༔ མཚན་ལྡན་ཐོད་པར་བྱང་སེམས་བཅས༔ མེ་ལོང་སིནྡྷུ་ར་ཡིས་མཚན༔ ཆོས་འབྱུང་ཧ་རི་ནི་ས་འབྲི༔ དར་དམར་དང་བཅས་ཐོད་པ་བཀབ༔ སྤོད་ལྡན་གཏོར་མ་རིན་ཆེན་འབར༔ རྒྱན་ལྡན་བཀའ་སྲུང་གཏོར་མ་བཤམས༔ མཚན་ལྡན་བུ་མོ་བཅུ་དྲུག་མ༔ དབང་གི་སྒོས་རྫས་རྒྱན་གྱིས་སྤྲས༔ མེ་ལོང་མན་ཤེལ་རྨ་བྱའི་སྒྲོ༔ དུང་དཀར་ཤོག་སེར་བུ་དཔེ་དང་༔ རྒྱལ་མཚན་དབང་ཞུ་རྡོ་རྗེ་དྲིལ༔ ཆོས་གོས་ཕོད་ཀ་རྣམས་ཀྱང་འགོད༔ དབང་རྫས་དགྲམ་པའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དབང་སྒྲུབ་སྟ་གོན་ནི༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ སྐབས་སུ་སློབ་མ་འཇུག་པའི་ཚེ༔ སྒྲུབ་ཁོག་ཆེན་མོའི་ལག་ལེན་བཞིན༔ ལས་བྱང་བཞུང་བསྲང་འཛབ་ཐུན་བཟུང་༔ སྔགས་དམིགས་སྒྲུབ་པའི་སྐབས་དང་བསྟུན༔ བསྙེན་པ་ཁྲི་སྟོང་ཁ་གསོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འཇུག་དམིགས་པའི་འཕྲུལ་འཁོར་གྱིས༔ དབང་བཞི་ཏིང་འཛིན་ངང་ནས་བླངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བའི་རིམ་པ་ནི༔ སྣོད་ལྡན་སློབ་བུས་ཐལ་མོ་སྦྱར༔ དཀྱིལ་འཁོར་གཉེན་པོའི་ཤར་སྒོ་ནས༔ ཕོ་བྲང་སྒོ་བར་གསོལ་འདེབས་ནི༔ ཀྱེ༔ ཁྲོ་བོ་ཆེན་པོ་མི་བཟད་གཏུམ་པའི་སྐུ༔ ཡེ་ཤེས་མཁའ་ཀློང་ཆོས་དབྱིངས་ཕོ་བྲང་ནས༔ རྒྱལ་བའི་རྣམ་འཕྲུལ་མཆོག་ཐུན་ཀུན་གྱི་བདག༔ བདག་ཅག་འདིར་ཚོགས་བླ་མ་ལྷ་དང་སྤྲོད༔ དངོས་གྲུབ་འཐོབ་ཕྱིར་ནང་དུ་གཏོང་བར་འཚལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ལས་ཀྱི་སློབ་དཔོན་གྱིས༔ ཀྱེ་ཧོ༔ ཁྱེད་ཅག་འདིར་ཚོགས་འདོད་དོན་གང་༔ གསོལ་འདེབས་འབྲས་བུ་ཅི་དགོས་ལགས༔ ཞེས་དྲི་སློབ་མས་འདི་སྐད་དོ༔ ཨེ་མ་ཧོ༔ རྡོ་རྗེ་རྒྱལ་ཐེབས་འགྲོ་བའི་མགོན༔ བདག་ཅག་འདིར་ཚོགས་རིགས་ཀྱི་བུ༔ རིག་འཛིན་འདུས་པའི་ཕོ་བྲང་དུ༔ སྨིན་གྲོལ་དངོས་གྲུབ་བསྒྲུབ་ལ་སྤྲོ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ ཅེས་ལན་གསུམ་ཞུའོ༔ དེ་ནས་རྡོ་རྗེ་རྒྱལ་ཐེབས་པས༔ ཧོ༔ འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ༔ ལས་ལྡན་དམ་ལ་གནས་ནུས་ན༔ རིག་འཛིན་བླ་མའི་ལྷ་ཚོགས་ལ༔ གསོལ་བ་ཐོབ་ལ་ནང་འདིར་ཤོག༔ དམ་མེད་ལོག་ལྟ་ཕྱིར་དེངས་ཤིག༔ ཅེས་བརྗོད་ལས་ཀྱི་སློབ་དཔོན་གྱིས༔ རྡོ་རྗེས་སྣ་ཁྲིད་ཕོ་བྲང་ལ༔ ཕྱག་དང་སྐོར་བ་གསུམ་གསུམ་བྱས༔ སྒོ་ནང་ཡོལ་བའི་ཕྱི་རོལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་གིང་གིས་ཆུ་ཡིས་སྦྱངས༔ ཤུ་ནྱ་ཏ་ཡི་སྔགས་ཀྱང་བརྗོད༔ རིན་ཆེན་གིང་གིས་དུད་པས་བདུག༔ ཧཱུྃ་བཞིའི་སྔགས་ཀྱིས་སྦྱང་བར་བྱ༔ པདྨ་གིང་གིས་མེ་ཐུན་བྲབ༔ ཛྭ་ལ་རཾ་གྱིས་བསྲེག་པར་བྱ༔ ལས་ཀྱི་གིང་གིས་ཐུན་སྣ་གཏོར༔ དམ་མེད་ལོག་ལྟ་རྡུལ་དུ་བརླག༔ དམ་ཚིག་ལྡན་བའི་སྔགས་པ་དགུས༔ རོལ་མོ་ལྡིར་ཞིང་དྲག་སྔགས་བཟླ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྡོ་རྗེ་སློབ་དཔོན་ལ༔ ཐལ་སྦྱར་གསོལ་བ་འདི་ལྟར་གདབ༔ ཀྱེ་སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ ཐུགས་རྗེ་ཆེར་ལྡན་འགྲོ་བའི་སྐྱབས༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ འདྲེན་ཕྱིར་དབང་དང་དངོས་གྲུབ་སྩོལ༔ ཅེས་ལན་གསུམ་ཞུའོ༔ བླ་མས༔ ཧོ་འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ༔ རིག་འཛིན་ཡོངས་འདུས་ཕོ་བྲང་འདིར༔ འཇུག་ནས་དམ་ལ་གནས་ནུས་སམ༔ རིག་འཛིན་ཡོངས་འདུས་དབང་སྒྲུབ་འདི༔ སྔོན་ཆད་འཛམ་གླིང་མ་གྲགས་ཤིང་༔ མཁའ་འགྲོའི་གསང་མཛོད་གཏེར་ཁ་ནས༔ གཏད་རྒྱ་བརྒྱུད་དེ་བདག་ལ་བབས༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་འཐོབ༔ དམ་ཚིག་གསུམ་ལས་མི་འདའ་ན༔ མཆོག་ཐུན་དངོས་གྲུབ་སྦྱིན་པར་བྱ༔ དམ་ལས་འདའ་ན་དམྱལ་བར་བསྲེག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཅེས་བརྗོད་ལན་དུ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་དང་༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ཅག་སྔོན་སྦྱངས་ལས་འཕྲོ་ཅན༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཞུགས་ཏེ་སྨིན་གྲོལ་དངོས་གྲུབ་སྩོལ༔ དམ་ཚིག་བཀའ་ལས་བདག་མི་འདའ༔ ཞེས་ཞུའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མིག་དར་བཀབ་ཅིང་ཡོལ་བ་བཀྲོལ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་འབོགས༔ ཁྲུས་ནས་ཕྱུང་བ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ ལས་ཀྱི་བུམ་པ་སྟོན་པ་རྡོ་རྗེ་སེམས༔ འོད་དུ་ཞུ་བ་ཐུགས་རྗེའི་ཆུ་ཡིས་གང་༔ དག་པར་བཀྲུས་པས་སྒོ་གསུམ་སྒྲིབ་པ་སྦྱངས༔ ནང་དུ་འཐུང་ན་དངོས་གྲུབ་ཚེ་འདིར་འཐོབ༔ དེས་ན་ཁྱེད་ཅག་ལས་ངན་ཀུན་དག་ནས༔ དབང་བཞི་སྦྱིན་པའི་སྣོད་དུ་རུང་བར་ཤོག༔ ཨཱོཾ་བཛྲ་ས་ཏྭ་ཧཱུྃ༔ ཤུངྔྷེ་ཤུངྔྷེ་ཨཱ༔ ཞེས་བུམ་ཆུས་བཀྲུའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གླུད་གཏོར་བསྔོ་ཞིང་བགེགས་བསྐྲད་དྲག་ཏུ་བྱ༔ རོལ་མོ་འཁྲོལ་ཞིང་གིང་པ་རྒྱུག༔ སློབ་མས་ཐལ་སྦྱར་གསེར་དངུལ་གཡུ༔ མཎྜལ་ཕུལ་ལ་འདི་སྐད་ཞུ༔ ཨེ་མ་རྡོ་རྗེ་རྒྱལ་པོ་ཆེ༔ རིག་འཛིན་ལྷ་ཚོགས་སྤངས་ནས་ཀྱང་༔ སྐྱོབ་པ་གཞན་ན་མ་མཆིས་པས༔ ཁྱོད་ཀྱི་ཐུགས་རྗེས་བཟུང་དུ་གསོལ༔ ཅེས་ལན་གསུམ་ཞུའོ༔ བླ་མས་གནང་བ་བྱིན་ཞིང་༔ ཀྱེ་ཧོ༔ ཁྱེད་རྣམས་བསོད་ནམས་བསགས༔ རིག་འཛིན་རོལ་པའི་དཀྱིལ་འཁོར་འདིར༔ ཁྱེད་རྣམས་བདག་གིས་སྨིན་པར་བྱ༔ འདོད་པའི་དངོས་གྲུབ་སྦྱིན་པར་བྱ༔ ཞེས་བརྗོད་ཡོན་འབུལ་གྲལ་ལ་འཁོད༔ བསྲུང་སྐུད་སོ་ཤིང་ཀུ་ཤ་རྣམས༔ སྒྲུབ་པའི་ཁོག་འབུབ་ནང་ལྟར་སྦྱིན༔ ས་མ་་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གནས་གསུམ་དུ་དྲི་ཡིས་ཐིག་ལེ་བྱ་ཞིང་བྱིན་དབབ༔ མེ་ཏོག་ལག་ཏུ་ཐོགས་ཤིང་དཀྱིལ་འཁོར་ལ་དོར་ཏེ་འདི་སྐད་དོ༔ ཧཱུྃ་གསང་འདུས་རིག་འཛིན་ལྷ་ཚོགས་ལ༔ བདག་གི་ཚེ་རབས་ལས་ཀྱི་ལྷ༔ གང་ཡིན་བརྟག་ཕྱིར་མེ་ཏོག་དབུལ༔ ཚེ་རབས་སྔོན་གྱི་ལྷ་ལ་ཕོབ༔ ཨཱོཾ་བཛྲ་པུཥྤེ་པྲ་ཏི་ཙ་གྷྲི་ཧ་ན་ཧོ༔ ཞེས་དོར་ལྷ་ངོ་སྤྲད་ཅིང་སྒོམ་བཟླས་འབོགས༔ ལས་བཞི་ཕྲན་ཚེགས་དཀྲོལ་ཏེ་བཤད༔ ཤར་དུ་རྡོ་རྗེ་བཞད་པ་རྩལ༔ ལྷོ་རུ་རྡོ་རྗེ་དགའ་བ་རྩལ༔ ནུབ་ཏུ་རྡོ་རྗེ་དབང་སྡུད་རྩལ༔ བྱང་དུ་རྡོ་རྗེ་དྲག་པོ་རྩལ༔ དབུས་སུ་རིག་འཛིན་ཐོད་པ་རྩལ༔ མཚམས་བཞིར་རྡོ་རྗེ་རིན་ཆེན་དང་༔ པདྨ་ཀརྨ་དབང་ལྡན་རྩལ༔ བུད་མེད་རྣམས་ལ་ལས་་བཞི་དང་༔ མཐུན་པའི་བདེ་འབྱིན་རྩལ་ཞེས་བཏགས༔ དབུས་སུ་ལྷ་ལྕམ་བདེ་འབྱིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསོལ་བ་འདི་ལྟར་གདབ༔ ཐུགས་རྗེའི་བདག་ཉིད་འདྲེན་པའི་གཙོ༔ བདག་ནི་ལས་ཉོན་རྨོངས་པས་བསྒྲིབས༔ མ་རིག་རྨོངས་པའི་ལིང་ཏོག་འདི༔ ད་ལྟ་ཉིད་དུ་བསལ་དུ་གསོལ༔ ཞེས་ཞུའོ༔ དེ་ནས་སློབ་དཔོན་གྱིས་གསེར་ཐུར་ཐོགས་ཏེ༔ ཧཱུྃ་ཧྲཱི༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ མ་རིག་རྨོངས་པའི་མིག་བསལ་ལྟར༔ ཁྱོད་ཀྱི་ཉོན་མོངས་སྒྲིབ་པའི་མིག༔ བདག་གིས་ཡེ་ཤེས་སྤྱན་དུ་དབྱེ༔ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ དཀྱིལ་འཁོར་གྱི་རྣམ་དག་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དམ་ཚིགས་བསྒྲགས་ཏེ་སྤྱི་བོར་རྡོ་རྗེ་བཞག་ལ༔ ཧཱུྃ་ཧྲཱི༔ འདི་ནི་སངས་རྒྱས་ཀུན་གྱི་དཔལ༔ གསང་བ་བླ་མེད་མཆོག་གི་ཆོས༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་སྨྲ་མི་བྱ༔ གལ་སྲིད་སྨྲ་ན་ཉམས་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་མགྲིན་པར་བཞག་ལ༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པ་ཆེན་པོ་ལས༔ སྦྱོར་དང་སྒྲོལ་བ་བླ་ན་མེད༔ ཤ་ལྔ་བདུད་རྩི་གསང་བའི་རྫས༔ དམ་མེད་རྣམས་ལ་མ་སྨྲ་ཞིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཛྲ་ཧཱུྃ༔ དེ་ནས་སྙིང་གར་བཞག་སྟེ༔ ཧཱུྃ་ཧྲཱི༔ ད་སྟེ་བླ་མ་བདེ་མཆོག་རྩལ༔ སྐལ་ལྡན་ཁྱོད་དང་གཉིས་སུ་མེད༔ རང་བྱུང་རིག་པ་ཆོས་ཀྱི་དབྱིངས༔ མ་བཅོས་སྤྲོས་བྲལ་ངོ་བོ་ཉིད༔ གཞན་ལ་སྨྲ་ན་ཉམས་ཏེ་རལ༔ ཨཱོཾ་ཨཱཿ་ཧཱུྃ་ས་མ་ཡཱ༔ དེ་ནས་ལས་བུམ་ཆུ་དང་བདུད་རྩི་བསྲེས་ལ་སྦྱིན་ཞིང་༔ ཧཱུྃ་ཧྲཱི༔ འདི་ནི་དམ་ཚིག་གསང་བའི་ཆུ༔ དམ་ཚིག་སྲུང་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་དམྱལ་བར་བསྲེག༔ ཡང་དག་རྡོ་རྗེ་ཆུ་འདིས་འགྲུབ༔ ས་མ་ཡ་ཨི་དནྟི་བྷཀྴ་སི་ཧཱུྃ༔ དེ་ནས་རྡོ་རྗེ་འབར་བའི་ཕྱག་རྒྱ་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ ང་ནི་བཅོམ་ལྡན་བདེ་མཆོག་རྩལ༔ སྐལ་ལྡན་རིགས་ཀྱི་བུ་ཁྱེད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ང་ཡི་བཀའ་དང་དམ་འདས་ན༔ མནར་མེད་གནས་སུ་སྐྱེ་ཏ་རེ༔ དེ་བས་དམ་ཚིག་ཡང་དག་སྲུངས༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ་ཡཀྴ་ཧཱུྃ་ཛ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སློབ་མ་སྔགས་ཀྱིས་སྦྱངས༔ ལངས་ཏེ་སྤྱི་བོར་ཐལ་མོ་སྦྱར༔ བསྐྱེད་རིམ་གཏད་ཅིང་ལྷ་རུ་བསྒོམས༔ སྙིང་དཀྱིལ་རྡོ་རྗེ་ཕག་མོ་ནི༔ མན་ངྷ་རཱ་བ་སྐུ་མདོག་དམར༔ བརྐྱང་བསྐུམ་གྲི་ཐོད་གར་སྟབས་འཁྲབ༔ ཐུགས་ཀར་གཡུང་དྲུང་ར་བཞི་ལ༔ ཧ་རི་ནི་ས་འབྲུ་བཞི་པོ༔ དྲག་ཏུ་གཡས་སུ་འཁོར་བ་ཡིས༔ གཡུང་དྲུང་གཡོན་དུ་འཁོར་བར་བསམས༔ མ་ཡེངས་ཤེས་པ་རྩེ་གཅིག་གཏད༔ ལྷ་ཚོགས་སྤྱན་དྲངས་སློབ་མར་བསྟིམ༔ རཀྟ་ཤ་ཆེན་གུ་གུལ་དང་༔ བདུད་རྩི་ལྔ་དང་མི་ཀླད་དང་༔ བྱི་ལའི་བྲུན་དང་སྐྲ་སེན་དང་༔ ར་ཡི་ཉྭ་བཞིའི་ཤ་དང་ནི༔ སྤོས་དཀར་སྲེག་ལ་རོལ་མོ་འཁྲོལ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞག༔ བྱིན་རླབས་ཡེ་ཤེས་ཕེབས་པའི་རྟགས༔ འཁྲབ་དང་འདར་དང་ངུ་དང་རྒོད༔ སཾ་སྐྲྀ་ཏ་ཡི་སྐད་སྨྲ་ཞིང་༔ བདེ་གསལ་མི་རྟོགས་ཉམས་མྱོང་འབར༔ དངོས་གྲུབ་ཐོབ་རྟགས་ཨེ་མ་ཧོ༔ རྟགས་རྣམས་རིམ་པར་མ་གསལ་བར༔ བསྐྱར་ཏེ་གནད་དུ་དབབ་པར་བྱ༔ དེ་དག་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ བུམ་པ་སྐུ་དང་ཕྱག་མཚན་དང་༔ རྫས་དང་ལྷ་དབང་ཡོངས་རྫོགས་ཀྱིས༔ སྐལ་ལྡན་སློབ་མ་སྨིན་གྲོལ་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྣོད་ལྡན་སློབ་མ་ཡིས༔ འདེམས་རྐྱང་མེད་པའི་མོས་གུས་ཀྱིས༔ དངོས་གཞིའི་ལྷ་དབང་ཞུ་བའི་དོན༔ ཐལ་སྦྱར་གསོལ་བ་འདི་ལྟར་གདབ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ དཔལ་ལྡན་བླ་མ་མཆོག་གི་རྒྱལ༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ལན་གསུམ་བརྗོད༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ རྣམ་རྒྱལ་བུམ་པ་སྤྱི་བོར་བཞག༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་༔ བཅུད་ནི་འཁོར་ལོ་བདེ་མཆོག་ཡབ་ཡུམ་སྐུ༔ དུས་གསུམ་སངས་རྒྱས་ཀུན་དང་འདུ་འབྲལ་མེད༔ མཚན་དཔེ་ཡོངས་རྫོགས་གར་གྱི་ཧེ་རུ་ཀ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ སྤྱི་བོར་བསྐུར་ཞིང་བུམ་ཆུ་བླུད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་སྐྱེ་མེད་མ་བཅོས་ཐུགས་རྗེའི་རྩལ༔ འགག་མེད་རོལ་པ་འཁོར་ལོ་བདེ་མཆོག་དཔལ༔ གང་ལ་གང་འདུལ་གར་མཁན་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་མཆོག་ལྷ་ལྕམ་མནྡྷ་རཱ༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཐོབ་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཏིཥྛ་ཨ་བྷི་ཥིཉྩ་ཨཱོཾ༔ རིག་འཛིན་གྱི་དབང་ཕྱུག་ཧེ་རུ་ཀཿདཔལ་ཆེན་པོ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུ་ཡི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་མེ་ཏོག་གཏོར༔ ས་མ་ཡཱ༔ རྒྱ༔ དུར་ཁྲོད་རྫས་ཀྱི་དབང་ལ་རིམ་པ་གསུམ་སྟེ༔ ཧེ་རུ་ཀཿཡི་དཔལ་གྱི་ཆས༔ དུར་ཁྲོད་ཆས་ལྡན་དྲག་པོའི་ཆས༔ ཕྱག་མཚན་བརྡ་མཚོན་རྫས་ཀྱི་ཆས༔ ས་མ་ཡཱ༔ རྒྱ་༔ དེ་ནས་ཐོག་མར་ཧེ་རུ་ཀའི་ཆས་ཀྱི་དབང་བསྐུར་བ་ནི༔ ཐོད་སྐམ་རཏྣའི་རྩེ་བྲན་ཅན༔ པྲོག་ཞུ་སློབ་མའི་སྤྱི་བོར་སྐོན༔ ཧཱུྃ་ཧྲཱི༔ ཐོད་སྐམ་པྲོག་ཞུ་རིན་ཆེན་རྩེ་བྲན་བརྒྱན༔ ཁྲག་འཐུང་རིགས་ལྔ་ཡོངས་སུ་རྫོགས་པའི་དཔལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིན་ཆེན་ཐོད་སྐམ་དབུ་རྒྱན་དབང་ཐོབ་ཤོག༔ ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ དར་གྱི་སྟོད་གཡོགས་སྨད་དཀྲིས་སྐོན་ལ༔ ཧཱུྃ་ཧྲཱི༔ སྣ་ཚོགས་དར་ལ་རེག་འཇམ་ལྷ་ཡི་གོས༔ ལྷབ་ལྷུབ་རྒྱན་ལྡན་སྟོད་གཡོགས་སྨད་ཀྱི་དཀྲིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ན་བཟའ་སྟོད་གཡོགས་སྨད་དཀྲིས་དབང་ཐོབ་ཤོག༔ ཨཱོཾ་ནི་ར་གྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཨུཏྤལ་མེ་ཏོག་ཕྲེང་བའི་དོ་ཤལ་སྐོན་ལ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་ལྷ་རྫས་མེ་ཏོག་ཨུཏྤལ་འཕྲེང་༔ དུས་གསུམ་རྒྱལ་བའི་ཆས་ཏེ་དྲི་མེད་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོ་ཤལ་མེ་ཏོག་ཕྲེང་བའ་ིདབང་ཐོབ་ཤོག༔ ཨཱོཾ་བཛྲ་པུཥྤེ་ཛྙཱ་ན་མ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ སྙན་རྒྱན་སློབ་མའི་རྣ་བར་སྐྱོན་ལ༔ ཧཱུྃ་ཧྲཱི༔ རིན་ཆེན་སྣ་ཚོགས་སྙན་རྒྱན་བླ་ན་མེད༔ བདེ་གཤེགས་རྒྱལ་བའི་རྒྱན་མཆོག་དམ་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིན་ཆེན་སྙན་རྒྱན་འབར་བའི་དབང་ཐོབ་ཤོག༔ ཨཱོཾ་བྷ་ཏ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ མགུལ་རྒྱན་སྐོན་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ མེ་ཤེལ་ཆུ་ཤེལ་ཨིཎྜ་ནཱི་ལ་སོགས༔ རྒྱལ་བའི་མགུལ་རྒྱན་རིན་ཆེན་སྣ་ཚོགས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མགུལ་རྒྱན་རིན་ཆེན་འབར་བའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་རྒྱན་བཏགས་ཏེ༔ ཧཱུྃ་ཧྲཱི༔ རྒྱན་མཆོག་དམ་པ་དཔུང་རྒྱན་དཔལ་གྱི་ཆས༔ རྒྱལ་བའི་དཔུང་རྒྱན་རིན་ཆེན་སྣ་ཚོགས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔུང་རྒྱན་རིན་ཆེན་འབར་བའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ གདུ་བུ་བཞི་དཀྲིས་ཏེ༔ ཧཱུྃ་ཧྲཱི༔ ཕྱག་ཞབས་གདུ་བུ་རིན་ཆེན་དཔལ་གྱི་ཆས༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་འོད་དུ་འབར་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྱག་ཞབས་གདུ་བུ་རྣམ་བཞིའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ རུས་པའ་ིརྒྱན་བཏགས་ཏེ༔ ཧཱུྃ་ཧྲཱི༔ དུར་ཁྲོད་རུས་དུམ་སྟོད་དང་སྨད་ཀྱི་རྒྱན༔ རྒྱལ་བ་རྣམས་ཀྱི་རྒྱན་མཆོག་རུས་འཕྲེང་གིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིན་ཆེན་དུར་ཁྲོད་རུས་རྒྱན་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་བྷ་དྲ་གུ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དར་དཔྱངས་ཏེ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་དར་ལ་སྣ་ཚོགས་ཅོད་པན་འཕུར༔ མ་འདྲེས་ཆོས་རྣམས་སོ་སོར་སྟོན་པའི་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣ་ཚོགས་དར་དཔྱངས་ཅོད་པན་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་མ་ཧཱ་ཀཱ་རུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞི་བ་དཔལ་ཆེན་པོ་ཧེ་རུ་ཀའི་ཆས་ཀྱི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་མེ་ཏོག་གཏོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དུར་ཁྲོད་རྒྱན་ལྡན་དྲག་པོའི་ཆས་ཀྱི་དབང་ནི༔ ཐོད་ཕྲེང་སྐོན་ནས༔ ཧཱུྃ་ཧྲཱི༔ ང་རྒྱལ་མ་སྤངས་མཉམ་ཉིད་ངང་དུ་གྲོལ༔ ཚར་གསུམ་ཐོད་ཕྲེང་སྐུ་གསུམ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿཡི་བརྟུལ་ཞུགས་དབང་ཐོབ་ཤོག༔ གླང་ཆེན་ཀོ་རློན་སྐོན་ལ༔ ཧཱུྃ་ཧྲཱི༔ གཏི་མུག་མ་སྤངས་ཆོས་དབྱིངས་ངང་དུ་གྲོལ༔ གླང་ཆེན་ཀོ་རློན་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ སྦྲུལ་གྱི་ཆུན་པོ་དཀྲིས་ལ༔ ཧཱུྃ་ཧྲཱི༔ ཞེ་སྡང་མ་སྤངས་མེ་ལོང་ངང་དུ་གྲོལ༔ སྦྲུལ་གྱི་ཆུན་པོ་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ མི་ལྤགས་སྐོན་ལ༔ ཧཱུྃ་ཧྲཱི༔ འདོད་ཆགས་མ་སྤངས་སོར་རྟོག་ངང་དུ་གྲོལ༔ མི་ལྤགས་གཡང་གཞི་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ སྟག་ཤམ་སྐོན་ལ༔ ཧཱུྃ་ཧྲཱི༔ ཕྲག་དོག་མ་སྤངས་བྱ་གྲུབ་དབྱིངས་སུ་གྲོལ༔ སྟག་གི་ཤམ་ཐབས་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ རཀྟས་བརྒྱན་ཅིང་༔ ཧཱུྃ་ཧྲཱི༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ རཀྟའི་ཐིག་ལེ་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ ཞག་གི་སོར་རིས་བྱུག་ཅིང་༔ ཧཱུྃ་ཧྲཱི༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུ་མངའ་ཕྱིར༔ ཞག་གི་སོ་རིས་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ ཐལ་ཆེན་བྱུག་ཅིང་༔ ཧཱུྃ་ཧྲཱི༔ གདུག་པའི་དགྲ་བགེགས་མ་ལུས་འདུལ་བའི་ཕྱིར༔ ཐལ་ཆེན་ཚོམ་བུ་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ གཤོག་པ་སྐྱོན་ཏེ༔ ཧཱུྃ་ཧྲཱི༔ ཐོགས་མེད་རྫུ་འཕྲུལ་ཐབས་ཀྱི་རང་བཞིན་ལས༔ རྡོ་རྗེའི་གཤོག་པ་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ མེ་དཔུང་གཏད་དེ༔ ཧཱུྃ་ཧྲཱི༔ མ་རིག་ཉོན་མོངས་བག་ཆགས་དབྱིངས་སུ་བསྲེག༔ ཡེ་ཤེས་མེ་དཔུང་དཔའ་བོ་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཧེ་རུ་ཀཿདཔལ་བརྟུལ་ཞུགས་དབང་ཐོབ་ཤོག༔ ཡུམ་གྱི་ཆས་རྣམས་གཏད་ལ༔ ཧཱུྃ་ཧྲཱི༔ ཤེས་རབ་རྣམ་དག་ཡུམ་གྱི་མཁའ་ཀློང་ནས༔ གཟིག་ཤམ་རུས་རྒྱན་དར་དཔྱངས་དཔའ་མོའི་རྒྱ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་དབང་ཐོབ་ཤོས༔ ཨཱོཾ་ཤྲཱི་ཧེ་རུ་ཀཿས་མ་ཡེ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ༔ ངྷརྨཱ་ངྷརྟུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་བརྡ་མཚོན་རྫས་ཀྱི་དབང་ནི༔ རྡོ་རྗེ་རྩེ་ལྔ་པ་གཡས་སུ་གཏད་ལ༔ ཧཱུྃ་ཧྲཱི༔ རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཉོན་མོངས་དུག་ལྔ་འཇོམས་པའི་རྫས་ཀྱི་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐབས་ཀྱི་ཕྱག་རྒྱ་རྡོ་རྗེའི་དབང་ཐོབ་ཤོག༔ ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨཱཾ༔ དྲིལ་བུ་གཡོན་དུ་གཏད་ལ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་སྒྲ་སྒྲོག་ཤེས་རབ་དྲིལ་བུ་འདི༔ གསུང་དབྱངས་དྲུག་ཅུ་མ་འགགས་རྫས་ཀྱི་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཕྱག་རྒྱ་དྲིལ་བུའི་དབང་ཐོབ་ཤོག༔ ངྷརྨཱ་ངྷརྟུ་ཤཔྟ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་ཡུམ་གྱི་ཕྱག་མཚན་སྦྱིན་ཏེ༔ ཧཱུྃ་ཧྲཱི༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ འཕྲིན་ལས་ཐོགས་མེད་རྫས་ཀྱི་དབང་མཆོག་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཕྱག་རྒྱ་གྲི་གུག་དབང་ཐོབ་ཤོག༔ ཐོད་ཁྲག་སྦྱིན་ལ༔ ཧཱུྃ་ཧྲཱི༔ བྷནྡྷ་འབར་བས་ཁམས་གསུམ་ཁྲག་གི་རོལ༔ ཡོན་ཏན་མ་ལུས་རྫོགས་པ་དཔལ་གྱི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཕྱག་རྒྱ་ཐོད་ཁྲག་དབང་ཐོབ་ཤོག༔ ཨཱོཾ་བྷན་ངྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དཀྱིལ་འཁོར་ལྷ་དབང་བསྐུར་བ་སྟེ༔ ས་གནས་རིག་འཛིན་ཡབ་ཡུམ་གྱི་དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ ས་ལ་གནས་པའི་རིག་འཛིན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་ས་གནས་རིག་འཛིན་དབང་ཐོབ་ཤོག༔ དེ་ནས་ཚེ་དབང་རིག་འཛིན་ཡབ་ཡུམ་གྱི་དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ ཚེ་ལ་དབང་བའི་རིག་འཛིན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་ཚེ་དབང་རིག་འཛིན་དབང་ཐོབ་ཤོག༔ དེ་ནས་ཕྱག་རྒྱའི་རིག་འཛིན་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་ཕྱག་རྒྱའི་རིག་འཛིན་དབང་ཐོབ་ཤོག༔ དེ་ནས་ལྷུན་གྲུབ་རིག་འཛིན་ཡབ་ཡུམ་གྱི་དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་ལྷུན་གྲུབ་རིག་འཛིན་དབང་ཐོབ་ཤོག༔ ཚེ་རབས་སློབ་དཔོན་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ་ཧྲཱི༔ རྣམ་དག་སྨོན་ལམ་ཀློང་ནས་སྐུར་བཞེངས་པ༔ ཚེ་རབས་ལས་ཀྱི་སློབ་དཔོན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་ཚེ་རབས་སློབ་དཔོན་དབང་ཐོབ་ཤོག༔ དམ་ཚིག་སློབ་དཔོན་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ་ཧྲཱི༔ རྣམ་དག་དམ་ཚིག་ཀློང་ནས་སྐུར་བཞེངས་པ༔ དམ་ཚིག་དབང་གི་སློབ་དཔོན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་དབང་གི་སློབ་དཔོན་དབང་ཐོབ་ཤོག༔ མན་ངག་སློབ་དཔོན་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ་ཧྲཱི༔ རྣམ་དག་རྒྱུད་ལུང་ཀློང་ནས་སྐུར་བཞེངས་པ༔ མན་ངག་ལུང་གི་སློབ་དཔོན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་ལུང་གི་སློབ་དཔོན་དབང་ཐོབ་ཤོག༔ ཉམས་ཆག་སྐོང་མཛད་ཡབ་ཡུམ་གྱི་དབང་ནི༔ ཧཱུྃ་ཧྲཱི༔ སྒྲིབ་གཉིས་རྣམ་དག་ཀློང་ནས་སྐུར་བཞེངས་པ༔ ཉམས་ཆག་སྐོང་བའི་སློབ་དཔོན་ཡབ་ཡུམ་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉམས་ཆག་རྟོག་སྒྲིབ་བསྐང་བའི་དབང་ཐོབ་ཤོག༔ བྷོ་ངྷི་ས་ཏྭ་ཤྭ་ར་གྷིརྟི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གྲུབ་ཆེན་བརྒྱད་ཀྱི་དབང་ནི༔ ཧཱུྃ་ཀ་ར་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡང་དག་གྲུབ་པའི་སློབ་དཔོན་ཧཱུྃ་ཀ་ར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ འཇམ་དཔལ་བཤེལ་གཉེན་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ལྷོ་ཕྱོགས་སྐུ་ལ་རྫོང་གི་དུར་ཁྲོད་དུ༔ གཤིན་རྗེ་གྲུབ་པའི་རིག་འཛིན་འཇམ་དཔལ་བཤེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ནཱ་ག་རྫུ་ན་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་དུ༔ དབང་ཆེན་གྲུབ་པའི་ནཱ་ག་རྫུ་ན་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ པྲ་ཆེན་ཧསྟི་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ བྱང་ཕྱོགས་ལས་རབ་རྫོགས་པའི་དུར་ཁྲོད་དུ༔ ཕུར་པ་གྲུབ་པའི་པྲ་ཆེན་ཧསྟི་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ངྷ་ན་སཾ་སྐྲྀ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཤར་ལྷོ་ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ མ་མོ་གྲུབ་པའི་ངྷ་ན་སཾ་སྐྲྀ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ བི་མ་མི་ཏྲ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་གསང་ཆེན་རོལ་བའི་དུར་ཁྲོད་དུ༔ ཆེ་མཆོག་གྲུབ་པའི་བི་མ་མི་ཏྲ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ རོམ་བྷུ་གྷུ་ཡ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ ནུབ་བྱང་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ མཆོད་བསྟོད་གྲུབ་པའི་རོམ་བྷུ་གྷུ་ཡ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཤཱནྟིང་གྷརྦྷ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ བྱང་ཤར་མཆོད་རྟེན་བརྩེགས་པའི་དུར་ཁྲོད་དུ༔ དམོད་པ་གྲུབ་པའི་ཤཱནྟིང་གྷརྦྷ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་བཛྲ་བྷི་ངྷ་ར་སརྦ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀའ་ཡི་སྒ་ོབ་གིང་ཆེན་ཡབ་ཡུམ་གྱི་དབང་བསྐུར་བ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་འདུས་པའི་ཕོ་བྲང་ཤར་སྒོའི་བདག༔ རྡོ་རྗེ་གིང་ཆེན་ཡབ་ཡུམ་གཉིས་མེད་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བའི་ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་གིང་ཀ་ར་བཛྲ་ངྷཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་གིང་གི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ རིག་འཛིན་འདུས་པའི་ཕོ་བྲང་ལྷོ་སྒོའི་བདག༔ རཏྣ་གིང་ཆེན་ཡབ་ཡུམ་གཉིས་མེད་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་པའི་ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨཱོཾ་རཏྣ་ཛྙཱ་ན་གིང་ཀ་ར་རཏྣ་དྷཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་གིང་གི་སྐུ་ཐོགས་ལ༔ ཧཱུྃ་ཧྲཱི༔ རིག་འཛིན་འདུས་པའི་ཕོ་བྲང་ནུབ་སྒོའི་བདག༔ པདྨ་གིང་ཆེན་ཡབ་ཡུམ་གཉིས་མེད་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་གི་ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨཱོཾ་པདྨ་གིང་ཀ་ར་པདྨ་ངྷཱཀྐི་ནི་ཨབྷི་ཥིཉྩ་ཧཱུྃ༔ ཀརྨ་གིང་གི་སྐུ་ཐོགས་ལ་༔ ཧཱུྃ་ཧྲཱི༔ རིག་འཛིན་འདུས་པའི་ཕོ་བྲང་བྱང་སྒོའི་བདག༔ ཀརྨ་གིང་ཆེན་ཡབ་ཡུམ་གཉིས་མེད་དབང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨཱོཾ་ཀརྨ་གིང་ཀ་ར་ཀརྨ་ངྷཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་དབྱིངས་རོལ་པ་ཆེན་པོར་ཚོམ་བུའི་སྐུར་བཞེངས་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་མེ་ཏོག་འཐོར༔ རྩ་གསུམ་མཆོད་ཕྱིར་དཔལ་གྱི་གཏོར་དབང་དང་༔ འགྲོ་དོན་འཇུག་པ་རྡོ་རྗེ་སློབ་དཔོན་དབང་༔ དབང་སྲོག་ཡིན་པས་དམ་ཚིག་རྒྱས་འདེབས་དང་༔ བཀའ་དྲིན་དྲན་ཕྱིར་མཎྜལ་ཚོགས་འཁོར་ཏེ༔ ས་བཅད་བཞི་ཡིས་དབང་འདིའི་རྗེས་སྐྱོང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དང་པོ་དཔལ་གྱི་གཏོར་ཆེན་ཐོགས་ཏེ༔ ཧཱུྃ་ཧྲཱི༔ དམ་རྫས་གཏོར་མ་ལྷ་དང་གཉིས་སུ་མེད༔ རྩ་གསུམ་རིག་འཛིན་ལྷ་ཚོགས་མཆོད་པ་དང་༔ མ་མོ་མཁའ་འགྲོའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ དཔལ་གྱི་གཏོར་དབང་སྐལ་ལྡན་བུ་ལ་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ་པར་ཤོག༔ ཨཱོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་དྷཱཀྐི་ནི་སརྦ་བྷ་ལིངྟ་སརྦ་སིངྔྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུལ་གཏོར་མ་དངོས་གྲུབ་ཏུ་རོལ༔ གཉིས་པ་འགྲོ་དོན་འཇུག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི༔ སེང་གེའི་ཁྲི་བཤམས་པའི་སྟེང་དུ་སློབ་མ་འགོད་པའམ་ཡང་ན་བྲིས་པ་གཏད་ཅིང་༔ ཧཱུྃ་ཧྲཱི༔ སྟོབས་རྩལ་ལྡན་པ་མི་འཇིགས་སེངྒེ་ཁྲི༔ དུས་གསུམ་རིག་འཛིན་མ་ལུས་བཞུགས་པའི་གདན༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ ཇི་སྲིད་འཁོར་བ་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་འགྲོ་དོན་མཐའ་རུ་ཕྱིན་པར་ཤོག༔ ཏིཥྛ་བཛྲ་ལྷན༔ དེ་ནས་ཕོད་ཀ་བསྐོན་ཏེ༔ ཧཱུྃ་ཧྲཱི༔ ཟ་འོག་སྨུག་བེར་ཕོད་ཀ་རིན་ཆེན་འདི༔ ཁམས་གསུམ་དབང་སྡུད་སློབ་དཔོན་དཔལ་གྱི་ཆས༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ དེ་ནས་ཆོས་གོས་བསྐོན་ཏེ༔ ཧཱུྃ་ཧྲཱི༔ ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་མཐར་ཕྱིན་ནས༔ དགའ་བཞིའི་དབབ་ཟློག་ལམ་གྱི་རྩལ་འབྱོངས་ཏེ༔ སྟོན་པའི་བསྟན་པ་མི་ནུབ་ངུར་སྨྲིག་གོས༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ པྲོག་ཞུའམ་དབང་ཞུ་བསྐོན་ལ༔ ཧཱུྃ་ཧྲཱི༔ སྙན་ཞུ་འདབ་ལྡན་བླ་མའི་དམ་ཚིག་རྟེན༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་རྫས༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ རྡོ་རྗེ་དྲིལ་བུ་གཏད་ཅིང་༔ ཧཱུྃ་ཧྲཱི༔ ཐབས་ཤེས་ཡོངས་རྫོགས་ཕྱག་རྒྱ་གར་གྱི་རྫས༔ ཕྲིན་ལས་སྐྱོང་བ་སློབ་དཔོན་དཔལ་གྱི་ཆས༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ ཤོག་སེར་གྱི་བུ་དཔེ་གཏད་ཅིང་༔ ཧཱུྃ་ཧྲཱི༔ རིག་འཛིན་ཡོངས་འདུས་རིག་འཛིན་བསྒྲུབ་པའི་ཆོས༔ བླ་མེད་བཀའ་གསང་རྨད་བྱུང་པོ་ཏི་འདི༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ ཕྲེང་བ་གཏད་ཅིང་བཟླས་ལུང་འབོགས༔ རྒྱལ་མཚན་གཏད་ལ༔ ཧཱུྃ་ཧྲཱི༔ ཨ་ཏིའི་བསྟན་པ་མི་ནུབ་རྒྱལ་མཚན་འདི༔ གཡུལ་ལས་རྒྱལ་བ་མི་ནུབ་དཔལ་གྱི་ཆས༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ དུང་གཏད་ལ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་དུང་དཀར་གཡས་འཁྱིལ་ཆོས་ཀྱི་སྒྲ༔ མ་འགགས་རོལ་པ་སློབ་དཔོན་དཔལ་གྱི་ཆས༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ རྔ་གཏད་ལ༔ ཧཱུྃ་ཧྲཱི༔ ཐབས་ཤེས་གཉིས་མེད་གསང་བའི་རྔ་བོ་ཆེ༔ བདུད་པོ་རཱུ་ཏྲ་བཏུལ་བའི་ལྤགས་པས་བསྟུམས༔ རྡོ་རྗེ་སློབ་དཔོན་དཔལ་གྱི་ཆས་མཆོག་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ སྒྲོན་མེ་གཏད་ཅིང་༔ ཧཱུྃ་ཧྲཱི༔ མ་རིག་མུན་སེལ་ཡེ་ཤེས་ཤེས་རབ་མེ༔ མཁྱེན་པ་གཉིས་ལྡན་འོད་ཀྱི་སྒྲོན་མེ་འདི༔ རྡོ་རྗེ་སློབ་དཔོན་དཔལ་གྱི་ཆས་མཆོག་ཏེ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་འདི་སྦྱིན་པས༔ རྒྱལ་ཚབ་སྤྱི་བླུགས་འགྲོ་དོན་དབང་ཐོབ་ཤོག༔ གསུམ་པ་དབང་སྲོག་དམ་ཚིག་རྒྱས་གདབ་པ་ནི༔ བཀའ་སྲུང་གཏོར་མ་གཏད་ཅིང་༔ ཧཱུྃ་ཧྲཱི༔ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ༔ དམ་ལྡན་སློབ་བུ་རྗེས་སྐྱོང་དངོས་གྲུབ་སྟེར༔ དམ་མེད་རྣམས་ཀྱི་སྲོག་གི་བཤན་པ་བྱེད༔ སྐལ་ལྡན་བུ་ལ་གཏད་དོ་དམ་ཚིག་སྲུངས༔ ཆོས་སྐྱོང་སྲུང་མས་དམ་ལྡན་རྗེས་འཇུག་སྐྱོངས༔ དམ་མེད་ལོག་ལྟ་ཐལ་བ་བརྡུལ་དུ་རློགས༔ ཞེས་བསྐུལ་དེ་ནས་འདི་སྐད་བརྗོད༔ ཨེ་མ་འདིར་ཚོགས་སྐལ་ལྡན་སྐྱེས་བུ་རྣམས༔ གསང་སྔགས་བླ་མེད་ཆོས་ཀྱི་སྨིན་གྲོལ་འདིི༔ ཁེ་ཆེ་ཚེ་གཅིག་སངས་རྒྱས་འཐོབ་པས་འཚེང་༔ ཉེན་ཆེ་དམ་མེད་སྲུང་མས་སྲོག་དབུགས་དབྲལ༔ མནར་མེད་དམྱལ་བར་སྐྱེ་བས་ཉེན་ཀྱང་ཆེ༔ དེས་ན་ཁྱེད་ཅག་འདིར་ཚོགས་ཐམས་ཅད་ཀྱིས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་མ་ཉམས་བླ་མ་ལྷ་དང་ནི༔ མཆེད་དང་ལྕམ་དྲལ་གསང་ཡུམ་རིག་མར་སྲུངས༔ དམ་ཚིག་སྲོག་ལ་བབས་ཀྱང་འདའ་མི་བྱ༔ ཞེས་བརྗོད་བདུད་རྩི་བླུད་ཅིང་རྡོ་རྗེ་གཏད༔ བཞི་བ་བཀའ་དྲིན་འཁུར་ཞིང་ལུས་ངག་ཡིད་གསུམ་དང་༔ གསེར་དངུལ་དར་ཟབ་ཡོན་གྱིས་སློབ་དཔོན་མཆོད༔ མཁོ་བར་གྱུར་དང་མཉེས་བྱེད་མཎྜལ་མཆོད༔ རང་ལ་ཅི་ཡོད་བདག་འཛིན་མེད་པར་དབུལ༔ ཚོགས་འཁོར་བསྐོར་དང་བཀྲ་ཤིས་བསྔོ་སྨོན་དང་༔ ཆད་ཐོ་བསྟན་མ་སྐྱོང་ཞིང་དཀྱིལ་འཁོར་བསྡུ༔ ལས་བྱང་སྒྲུབ་པའི་ཁོག་འབུབ་ལྟ་བུར་སྤྱོད༔ གླུ་བྲོ་གར་སོགས་བདེ་བའི་ཉམས་སྐྱོང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་འབྱུང་༔ ཤཱཀྱ་ཐུབ་པའི་བསྟན་པ་ལ༔ འབྲས་བུའི་བསྟན་པ་དར་ཕྱིར་དུ༔ ཆོས་དབྱིངས་བདེ་བ་ཆེན་པོ་ནས༔ འོད་དཔག་མེད་ཀྱིས་སྤྲུལ་བ་བསྐྱེད༔ ཐུགས་ཀྱི་ས་བོན་ཧྲཱིཿཡིས་སྤྲོས༔ རིག་འཛིན་འདུས་པའི་མཁའ་སྤྱོད་དུ༔ རྡོ་རྗེ་ཁྲག་འཐུང་ཐུགས་ཀར་བསྟིམས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ནས༔ ཀླུ་རྒྱལ་འཇོག་པོའི་ཁང་སྟེང་ན༔ མདངས་ལྡན་དྲི་མེད་མཚོ་ལ་བབས༔ པདྨ་གེ་སར་རྩེ་ལས་སྐྱེས༔ ཨིཎྜ་བྷོ་ངྷིའི་གདུང་བ་བསལ༔ རྒྱལ་སྲིད་སྤངས་ན་བརྟུལ་ཞུགས་སྤྱད༔ དུར་ཁྲོད་བསིལ་བ་ཚལ་དུ་སོང་༔ སྟོན་པ་རྡོ་རྗེ་སེམས་དཔའ་མཇལ༔ མཆོག་དང་ཐུན་མོང་དངོས་གྲུབ་བརྙེས༔ རིག་འཛིན་འདུས་པའི་རྒྱུད་ཆར་ཕབ༔ ཧེ་རུ་ཀ༔ དཔལ་པདྨ་ངས༔ འཕགས་ཡུལ་བསྟན་འགྲོའི་དོན་ཆེན་བསྐྱངས༔ ད་ལྟ་བོད་ཡུལ་གངས་ཅན་འདིར༔ མངའ་བདག་རྗེ་བློན་ཁྱེད་རྣམས་ལ༔ མདོ་སྔགས་ཆོས་ཀྱི་ཆར་པ་ཕབ༔ བོད་ཡུལ་ལུང་པ་དཀར་པོར་བཏང་༔ ཁྱེད་རྣམས་ཚོགས་བསགས་བསྐལ་པ་བཟང་༔ ང་ནི་སྲིན་པོ་འདུལ་དུ་འགྲོ༔ ཁྱེད་རྣམས་མི་རྟག་མྱ་ངན་འདའ༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ ཐུབ་པའི་བསྟན་པ་རྟགས་ཀྱིས་འཛིན༔ དགེ་བྱེད་དམོད་ཅིང་སྡིག་བྱེད་བསྟོད༔ དགེ་བཤེས་བན་བཙུན་དམག་ལས་བྱེད༔ ཧོར་སོག་མཐའ་དམག་རླུང་ལྟར་འཚུབ༔ དགེ་སྦྱོང་ཚོགས་གསོག་ཁྲལ་དུ་རྒྱུག༔ གཤིན་ཟས་དཀོར་ལ་ཧབ་ཐོབ་རྒྱག༔ བཙུན་པ་རྣམས་ཀྱིས་སྔགས་ཆས་བྱེད༔ སྔགས་པར་ཁས་བླངས་བཙུན་ཆས་བསྒྲུབ༔ སྒྲུབ་སྡེ་རྣམས་སུ་བཤད་གྲྭ་འཛུགས༔ བཤད་གྲྭས་སྔགས་བསྒྲུབ་གཏོར་ཟོར་འཕེན༔ སྐྱེ་བོས་མཐའ་མིའི་ཆས་གོས་གོན༔ བུད་མེད་ཧོར་འདྲའི་ཆས་ལ་འཇུག༔ དེ་ཚེ་ལྷོ་ནུབ་རྔ་ཡབ་ནས༔ པདྨ་ང་ཡི་སྤྲུལ་པ་ཞིག༔ ཆོས་འཁོར་གཉན་པོའི་ཤར་དུ་འབྱུང་༔ ཁམས་པ་ཉི་མ་གྲགས་པ་ཞེས༔ འགྲོ་བ་འདྲེན་པའི་སྐྱེས་བུ་ཡོང་༔ སྐལ་ལྡན་མཚོ་ལ་ངང་འདུ་འདྲ་༔ སྐལ་མེད་དགོང་ཀའི་གྲིབ་སོ་འདྲ༔ ལོག་ལྟ་བུ་ཡུག་འཚུབ་པ་འདྲ་༔ དད་པ་རི་མཐོའི་ཉི་མ་འདྲ་༔ འོན་ཀྱང་སྔོན་གྱི་སྨོན་ལམ་མཐུས༔ དབང་ཆོས་འདི་ཡི་འབྲེལ་ཐོགས་ཀུན༔ དག་པའི་ཞིང་དུ་ངེས་པར་སྐྱེལ༔ གསང་སྔགས་ཆོས་རྣམས་འོ་མའི་མཚོ༔ རིག་འཛིན་ཡོངས་འདུས་མར་དུ་དྲིལ༔ སྨིན་བྱེད་དབང་གི་རིམ་པ་འདི༔ རྩོད་ལྡན་འགྲོ་བའི་དོན་ཕྱིར་དུ༔ པདྨ་འབྱུང་གནས་བདག་གིས་བཀོད༔ དམ་ལྡན་འགྲོ་བ་ཕོ་མོ་ལ༔ ཚེ་གཅིག་སངས་རྒྱས་འབྲས་བུ་སྟེར༔ དམ་མེད་ན་རཀ་དམྱལ་བར་བསྲེག༔ དེ་བས་མ་འོངས་རྗེས་འཇུག་བུ༔ བཀའ་འདི་རྐུན་ནོར་ལྟ་བུར་སྤྱོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་བདེ་ཆེན་གསང་བ་ཕུག་ནས་རྙེད༔ སརྦ་མངྒ་ལཾ༔

སྤྲོས་མེད་ནང་གི་གསང་དབང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྤྲོས་མེད་ནང་གི་གསང་དབང་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཡང་ཟབ་བླ་མེད་ཐེག་པའི་ཆོས༔ ཆགས་ཅན་འགྲོ་བ་སྨིན་པའི་ཕྱིར༔ སྤྲོས་མེད་ནང་གི་གསང་དབང་ཞིག༔ གར་མཁན་པདྨ་བདག་གིས་བཀོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དུར་ཁྲོད་རི་སུལ་ལུང་སྟོང་ངམ༔ ཤིན་ཏུ་དབེན་པའི་གནས་ཉིད་དུ༔ མཚན་དང་ལྡན་པའི་བུད་མེད་ནི༔ སྔགས་ལས་སྐྱེས་དང་ཞིང་ལས་སྐྱེས༔ གནས་ལས་སྐྱེས་དང་ལས་ལས་སྐྱེས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ མཆོག་ཏུ་གྱུར་པ་བྷུདྡྷའི་རིགས༔ དཔྲལ་བར་ཤ་མཚན་སྨེ་བ་ཅན༔ ལྟ་ན་སྡུག་ཅིང་ཡིད་འོང་མཛེས༔ བྷ་གར་དྲི་ཞིམ་ངད་པ་འཐུལ༔ གསང་སྔགས་ཆོས་ལ་མོས་གུས་ལྡན༔ བླ་མ་སངས་རྒྱས་དངོས་སུ་ལྟ༔ དམ་ཚིག་མིག་འབྲས་བཞིན་དུ་བསྲུང་༔ བཅུ་དྲུག་གམ་ནི་ཉེར་ལྔ་མ༔ ཚེ་གཅིག་སངས་རྒྱས་སྒྲུབ་པའི་གྲོགས༔ ཡིད་བཞིན་ནོར་འདྲའི་བུ་མོ་བཙལ༔ དབང་དང་སྨིན་གྲོལ་གདམས་ངག་གིས༔ ཐ་མལ་ཤེས་རྒྱུད་ཡོངས་སུ་སྦྱང་༔ དེ་ནས་མཚན་ལྡན་བླ་མ་ཡིས༔ ཚེ་འདི་བློས་བཏང་སྐྱེས་བུ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ སྤྲོས་མེད་གསང་བའི་དབང་འདི་བསྐུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཐོག་མར་སྔོན་དུ་འགྲོ་བའི་རིམ་པ་ནི༔ གནས་དབེན་པར་སྐྱང་ནུལ་སོགས་ལེགས་པར་བྱས་ཤིང་༔ མཚན་དང་ལྡན་པའི་བཅུ་དྲུག་མ་ཞིག་ཁྲུས་ནས་ཕྱུངས་ཤིང་རྒྱན་གྱིས་སྤྲས༔ དྲི་བཟང་པོ་བྱུགས་ལ༔ གསེར་གཡུའི་མཎྜལ་བཅས་རྡོ་རྗེ་རྒྱལ་པོར་འབུལ་ཞིང་འདི་སྐད་བརྗོད་དོ༔ ཨེ་མ༔ སངས་རྒྱས་ཀུན་གྱི་བདག༔ རྡོ་རྗེ་རྒྱལ་པོ་བཅོམ་ལྡན་འདས༔ བདེ་བ་ཆེན་པོ་མཆོག་གི་སྐུ༔ ལོག་སྲེད་འཛིན་པ་མི་མངའ་ཡང་༔ བདག་ཅག་རྗེས་སུ་འཛིན་པའི་ཕྱིར༔ མཚན་ལྡན་རིག་མ་འདི་བཞེས་ལ༔ གསང་བའི་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅེས་འབུལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཧོ༔ ཁྱེད་ཅག་སྔོན་ནས་ཚོགས་ཆེན་བསགས༔ ལས་དང་སྐལ་བར་ལྡན་ལགས་སམ༔ བློ་ཆེན་གསང་སྔགས་སྣོད་ཡིན་ན༔ བདུད་རྩི་ལྔ་ལ་སྤྱོད་ནུས་སམ༔ ཤ་ལྔའི་དམ་ཚིག་བསྟེན་ནུས་སམ༔ དུག་གསུམ་ཡེ་ཤེས་སྒྱུར་ནུས་སམ༔ ཉོན་མོངས་ལམ་དུ་སློང་ནུས་སམ༔ ཞེས་དྲི་སློབ་མས་ལན་གསོལ་པ༔ ཨེ་མ༔ རྡོ་རྗེ་སློབ་དཔོན་དགོངས༔ བདག་ནི་སྔོན་སྦྱངས་ལས་འཕྲོ་ཅན༔ གསང་སྔགས་གསང་བའི་ཆོས་ལ་དད༔ དམ་ཚིག་བཀའ་ལས་བདག་མི་འདའ༔ མཚན་ལྡན་རིག་མ་འབུལ་གྱིས་བཞེས༔ མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཕུལ་ནས་སློབ་དཔོན་གྱི་ཕྱག་གིས་བཟུང་ཞིང་༔ ཨེ་མ་ཧོ༔ ཨ་ལ་ལ༔ ཞེས་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྤྲོས་པ་ཆེ་ཆུང་གི་སྟེགས་བུའམ༔ ཡང་ན་བུམ་དབང་གི་མཇུག་ཏུ་སྦྱར་ཀྱང་རུང་སྟེ༔ སྔོན་འགྲོའི་གཏོར་མ་ཕུལ་ཞིང་ལས་གཞུང་བསྲང་༔ འཛབ་ཀྱི་སྐབས་སུ་ཡབ་ཡུམ་སྙོམས་པར་འཇུག་ཅིང་བྱང་སེམས་དབབ༔ སྦྱོར་མཚམས་ནས་མེ་ལོང་ཡུ་བ་ཅན་གྱིས་བླང་ཞིང་༔ བདུད་རྩི་ཆོས་སྨན་དང་༔ སིནྡྷུ་ར་དང་༔ ཅུ་གང་དང་༔ ག་པུར་དང་༔ གི་ཝཾ་དང་༔ སྦྲང་དང་བུ་རམ་ཀ་ར་ཛ་གད་ཀྱི་ཉིང་ཁུ་རྣམས་སྐྱོབ་ཏུ་སྦྱར་ཏེ༔ ཐོད་པ་མཚན་ལྡན་དུ་བླུགས༔ དར་དམར་གྱིས་ཁ་བཀབ༔ མེ་ལོང་ལ་སིནྡྷུ་རས་བྱུག་ཅིང་ཆོས་འབྱུང་བྲིས་ཏེ་ཧྲཱིཿམ་ཧ་རི་ནི་སཿར་ཙ་ཧྲཱི་ཡ༔ ཞེས་པའི་སྔགས་བཀོད་ལ་ཁ་བཅད༔ དཀྱིལ་འཁོར་གྱི་དབུས་སུ་བཞག་ཅིང་༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ༔ ཙིཏྟ་ཧྲིང་ཧྲིང་ཛཿཛཿཨཱོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ཞེས་ཡབ་ཡུམ་གཉིས་ཆར་གྱིས་བཟླ་ཞིང་༔ དུས་གསུམ་གྱི་བདེ་གཤེགས་ཡབ་ཡུམ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་བྱོན་ཏེ༔ དཀྱིལ་འཁོར་དབུས་སུ་དམ་ཚིག་ཡེ་ཤེས་གཉིས་མེད་དུ་བཞུགས་ཤིང་༔ སྦྱོར་བ་མཛད་པའ་ིབྱང་སེམས་ཐོད་པར་བབས་པར་བསྒོམས་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དོ༔ སྔགས་བརྒྱ་སྟོང་ཁྲི་འབུམ་སོགས་སྐབས་དང་སྦྱར་ལ་བཟླ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྣོད་ལྡན་གྱི་སློབ་མ་ལྔ་གསུམ་བདུན་ལས་མི་མང་བར་བྱས་ཏེ༔ ནམ་སྲོད་ལ་བབས་པའི་དུས་སུ་ཡོལ་བའི་ཕྱི་རོལ་དུ་འཁོད༔ ཁྲུས་ནས་ཕྱུང་བགེགས་བསྐྲད་གུ་གུལ་གྱིས་བདུག༔ དྲག་སྔགས་བརྗོད༔ བསྲུང་འཁོར་བསྒོམས༔ ཙཎྜ་ལི་བདེ་བ་ཆེན་པོ་གསང་སྔགས་མ་རྒྱུད་ཀྱི་ལོ་རྒྱུས་དང་དྲང་དོན་གྱི་ཆོས་བཤད༔ དེ་ནས་སློབ་མས་གསེར་གྱི་མཎྜལ་དང་བཅས་ཏེ་འདི་སྐད་ཞུའོ༔ ཀྱེ༔ བདེ་བ་ཆེན་པོ་རྡོ་རྗེ་འཆང་༔ འགྲོ་བའི་ཡེ་ཤེས་སྟོན་པ་པོ༔ གང་འདུལ་སྤྲུལ་བའི་ཐུགས་རྗེ་ཅན༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་གསོལ་བ་གདབ༔ དེ་ནས་སློབ་དཔོན་གྱིས༔ ཀྱེ༔ ལས་དང་སྐལ་བར་ལྡན་པའི་བུ༔ བླ་མེད་མཆོག་གི་ཐེག་པ་འདི༔ ཨུ་དུམ་ཝཱ་རའི་མེ་ཏོག་འདྲ༔ ཁྱེད་རྣམས་ཚེ་འདི་བློས་གཏོང་ཞིང་༔ བདེ་བ་ཆེན་པོ་ཆོས་ཀྱི་སྐུ༔ ཡང་དག་ཉིད་དུ་བསྒྲུབ་ནུས་སམ༔ ཞེས་དྲི་སྤྱན་དར་དམར་པོ་རེ་བཀབ༔ དེ་ནས་སློབ་མ་རྣམས་ཀྱིས་ཐལ་མོ་སྦྱར་ཞིང་༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ ཚེ་འདིའི་དོན་ལ་མི་འཇུག་ཅིང་༔ གསང་སྔགས་གསང་བའི་ལམ་ཞུགས་ནས༔ མཆོག་གི་འབྲས་བུའི་བསྒྲུབ་ལ་སྤྲོ༔ དཔའ་བོ་ཡབ་ཡུམ་ཁྱེད་ཀྱིས་ནི༔ སྨིན་གྲོལ་གསང་བའི་དབང་མཆོག་སྩོལ༔ ལན་གསུམ་ཞུའོ༔ དེ་ནས་གནང་བ་སྦྱིན་ཏེ༔ ཧོ༔ འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ༔ སྣོད་ལྡན་ཁྱེད་རྣམས་ནང་དུ་ཤོག༔ བདག་གིས་ཡང་དག་སྨིན་པར་བྱ༔ ཞེས་བརྗོད་ཡོལ་བ་དཀྲོལ༔ དེ་ནས་བླ་མ་ཡབ་ཡུམ་མམ༔ མེ་ལོང་སིནྦྷཱུ་རའི་དཀྱིལ་འཁོར་ལ་མེ་ཏོག་དོར་ཏེ༔ ཧཱུྃ༔ བདག་གི་ལས་ཀྱི་མེ་ཏོག་འདི༔ བླ་མ་ཡབ་ཡུམ་དཀྱིལ་འཁོར་ལ༔ དད་པས་འབུལ་ལོ་ཚེ་རབས་ཀྱི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ ཅེས་བརྗོད་མེ་ཏོག་དོར༔ གང་ལ་བབས་པའི་ལྷ་ངོ་སྤྲོད༔ དཔྲལ་བར་སྐུ་དང་མགྲིན་པར་གསུང་༔ ཐུགས་ཀར་ཐུགས་དང་ལྟེ་བར་ཡོན༔ གསང་གནས་ཕྲིན་ལས་གཞོགས་གཡས་ཐབས༔ གཞོགས་གཡོན་ཤེས་རབ་ཡུམ་ཀྱང་འགྲེ༔ གསང་མཚན་རྡོ་རྗེ་པདྨ་ལས༔ རིན་པོ་ཆེ་དང་འཁོར་ལོ་སོགས༔ བདེ་བ་རྩལ་ཞེས་སྦྱར་ཏེ་བཏགས༔ མོ་ལ་བདེ་བའི་དབང་མོར་གདགས༔ དེ་ནས་ཅོད་པན་དབང་བསྐུར་ཏེ༔ ཧཱུྃ་ཧྲཱི༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ རལ་པ་མཐོན་མཐིང་དཀྲིས་ཤིག་བུ༔ ལོངས་སྤྱོད་རྟགས་ཀྱི་དབང་ཐོབ་ཤོག༔ མེ་ཏོག་འཐོར༔ དེ་ནས་མིག་དབྱེ་སྟེ༔ ཧཱུྃ་ཧྲཱི༔ ཁྱེད་ཅག་མ་རིག་ལིང་ཏོག་མིག༔ ཐུགས་རྗེ་ཐབས་ལྡན་གསེར་ཐུར་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་འདི་ལྟར་བརྗོད་པར་བྱ༔ ཧོ༔ ལས་ལྡན་བུ་རྣམས་ཚུར་ཉོན་དང་༔ ཕྱི་ལྟར་མེ་ལོང་དཀྱིལ་འཁོར་དང་༔ ནང་ལྟར་བླ་མ་ཡབ་ཡུམ་དང་༔ གསང་བ་ཡུམ་གྱི་བྷ་ག་འདི༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ཏེ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བཞུགས༔ ཞལ་དང་ཕྱག་ནི་ཅིར་ཡང་སྤྲུལ༔ སངས་རྒྱས་རིན་ཆེན་ཟ་མ་ཏོག༔ ཆོས་དབྱིངས་ཡངས་པའི་མཁའ་ཀློང་ན༔ དཔའ་བོ་མཁའ་འགྲོ་གྲངས་མེད་པ༔ ཏིལ་གང་ཁ་ཕྱེས་ལྟ་བུར་བཞུགས༔ མོས་གུས་མ་ཆུང་དང་བས་མཇོལ༔ བྱིན་རླབས་ཚེ་འདིར་བྱང་ཆུབ་སྟེར༔ ཅེས་བརྗོད་ཡུམ་གྱི་བྷ་ག་བསྟན༔ གསེར་ཐུར་ཐོགས་ཏེ་རྣམ་དག་བཤད༔ དེ་ནས་དམ་ཆུ་བླུད་དེ༔ ཧཱུྃ་ཧྲཱི༔ འདི་ནི་དམ་ཚིག་དམྱལ་བའི་ཆུ༔ དམ་ཚིག་བསྲུང་ན་དངོས་གྲུབ་འཐོབ༔ དམ་ཚིག་ཉམས་ན་དམྱལ་བར་བསྲེགས༔ དེ་བས་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་ཆོ་ག་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་རྣམས་ལ་མ་སྨྲ་ཞིག༔ ས་མ་ཡཱ༔ ཨི་དན་ཏེ་ན་ར་ཀན༔ ཞེས་དམ་ཆུ་བླུད༔ ཆོས་འབྱུང་ཕྱག་རྒྱ་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ ང་ནི་རྡོ་རྗེ་སློབ་དཔོན་ཏེ༔ ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་༔ བཀའ་ཟུར་ཙམ་ཡང་གཅོག་མི་རུང་༔ སངས་རྒྱས་ཀུན་འདུས་འགྲོ་བའི་མགོན༔ རྡོ་རྗེ་སློབ་དཔོན་ང་ཡིན་ནོ༔ དྷརྨཱ་དྷརྟུ་ཛྙཱ་ན་ཨཱ༔ ཞེས་བརྗོད༔ དེ་ནས་གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱ་ཞིང་ཡི་གེ་གསུམ་གྱིས་རྒྱས་གདབ༔ སྭ་བྷ་ཝའི་སྔགས་ཀྱིས་སློབ་མ་སྦྱངས་ཏེ༔ རྡོ་རྗེ་ཕག་མོའི་མངོན་རྟོགས་གཏད༔ བསྐྱེད་རིམ་དང་ལྡན་པའི་དཔྲལ་བར་གཡུང་དྲུང་ལྗང་གུ་ར་བཞི་ལ་ཧ་རི་ནི་སས་མཚན་པ་གཡས་གཡོན་དུ་དྲག་ཏུ་འཁོར་བ་ལ་ཤེས་པ་གཏད་ཅིང་༔ རྐང་པ་གར་སྟབས་ལག་པ་སྤྱི་བོར་ཐལ་མོ་སྦྱར༔ ཤ་ཆེན་མི་ཀླད་བྱི་ལའི་བྲུན་རང་གི་སྐྲ་སེན༔ སྤོས་དཀར་རྣམས་ཀྱི་དུད་པ་བཏང་༔ ཧ་རི་ནི་ས་ཨ་ཝེ་ཤ་ཡ་ཨཱ་ཨཱ༔ ཞེས་མང་དུ་བརྗོད་ལ༔ རོལ་མོ་འཁྲོལ༔ མེ་ཏོག་འཐོར་ཞིང་ཏིཥྛ་བཛྲ་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིིས་པ་དངོས་གཞི་དབང་བསྐུར་བ་ལ་ལྔ་སྟེ༔ སྐུ་མཚན་ལྡན་གསུང་ཐོད་པ་བདུད་རྩི་ཐུགས་མེ་ལོང་སིན་ངྷུ་ར༔ ཡོན་ཏན་བྷ་གའི་དཀྱིལ་འཁོར་ཕྲིན་ལས་སྦྱོར་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ སྐུ་མཚན་ལྡན་གྱི་རིག་མ་སློབ་མའི་སྤྱི་བོར་བཞག་ཅིང་༔ ཧཱུྃ་ཧྲཱི༔ སྐྱེ་མེད་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུམ༔ མ་འགགས་རང་གསལ་ལོངས་སྐུར་ལྷུན་གྱིས་གྲུབ༔ ཐུགས་རྗེས་འགྲོ་འདུལ་སྤྲུལ་པའི་མཁའ་འགྲོ་མ༔ མཚན་ལྡན་རིག་མས་བུ་ལ་དབང་བསྐུར་བས༔ སྐུ་གསུམ་མཁའ་འགྲོའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ངྷཱཀྐི་ནི་ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ ཕྱག་རྒྱའི་ཞབས་སློབ་མས་སྤྱི་བོར་བླངས༔ གསུང་ཐོད་པ་བདུད་རྩི་ཐོགས་ལ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་བྷན་ངྷ་ཡངས་པའི་སྣོད་ནང་དུ༔ མ་བཅོས་རང་བྱུང་བདུད་རྩི་ཨ་མྲྀ་ཏ༔ བླ་མ་ཡབ་ཡུམ་བྱང་སེམས་དཀར་དམར་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འབུམ་ཕྲག་མཁའ་འགྲོའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ངྷཱཀྐི་ནི་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ངག་ཏུ་བླུད༔ གནས་གསུམ་དུ་ཐིག་ལེ་བྱ༔ ཐུགས་མེ་ལོང་སིན་ངྷུ་ར་ཐོགས་ལ༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཡེ་གྲུབ་ཀ་ནས་དག༔ ངོ་བོ་ཉིད་སྐུ་རང་བྱུང་ཐུགས་རྗེའི་ལྷ༔ སྒྲིབ་བྲལ་མེ་ལོང་ཆོས་འབྱུང་རྒྱ་ཡིས་གདབ༔ སྐལ་ལྡན་་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འབུམ་ཕྲག་མཁའ་འགྲོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ངྷཱཀྐི་ནི་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བསྐུར་ཞིང་ཐིག་ལེ་བྱ༔ ཡོན་ཏན་ཡུམ་གྱི་བྷ་ག་བསྟན་ཏེ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ མ་ཡེངས་ང་ཡི་བྷ་གར་ལྟོས༔ ང་ཡི་བྷ་ག་ཆོས་ཀྱི་དབྱིངས༔ ཡི་གེ་ཨེ་ཡི་ཆ་བྱད་ཅན༔ འབུམ་ཕྲག་ཡངས་བའི་མཁའ་འགྲོ་དང་༔ གཉིས་སུ་མེད་ཅིང་ཐ་མི་དད༔ མཆོག་ཐུན་དངོས་གྲུབ་རྟག་ཏུ་སྦྱིན༔ ཨཱོཾ་བཛྲ་ཛྙཱ་ན་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་ལྡན་གར་སྟབས་གྲུ་མོར་ཁ་ཊྲཱཾ་འཆང་ཞིང་༔ ཡབ་ཀྱི་གསེར་ཐུར་གྱིས་བྷ་ག་ཕྱེས་ཏེ་སློབ་མར་བསྟན་ཞིང་འོ་བྱའོ༔ ཕྲིན་ལས་སྦྱོར་དབང་ཕྱག་རྒྱ་སློབ་མ་ལ་གཏད་ཅིང་༔ ཧཱུྃ་ཧྲཱི༔ ཡེ་ཤེས་མཁའ་འགྲོ་ཕྱག་རྒྱ་མི་མོའི་གཟུགས༔ སྤྲུལ་པའི་མཁའ་འགྲོ་འགྲོ་བ་འདྲེན་པའི་ཡུམ༔ སྦྱོར་བ་དགའ་བཞིའི་ཡེ་ཤེས་ཚད་ལ་ཕེབས༔ སྒྲོལ་བ་ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་བོའི་རྡོ་རྗེས་གནོད་བྱེད་དགྲ་བགེགས་བརྡུངས༔ རྣམ་པར་ཤེས་པ་རྒྱལ་བའི་སྲས་སུ་གྱུར༔ སྦྱོར་སྒྲོལ་བླ་མེད་ནུས་སྟོབས་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙོམས་པར་འཇུག་གོ༔ དེ་ནས་རྗེས་ཀྱི་དབང་དོན་རིམ་པ་ནི༔ བླ་རྡོ་གཏད་དང་དམ་ཚིག་སྐྱོན་ཡོན་བཤད༔ གཏང་རག་མཎྜལ་སློབ་དཔོན་ཡོན་གྱིས་མཆོད༔ ཚོགས་འཁོར་བསྐོར་ཞིང་གླུ་བྲོའི་ཉམས་སྐྱོང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བླ་རྡོ་གཏད་པ་ནི༔ ཐོད་རྔ་བྷནྡྷ་ལྕང་ལོ་ཅན་ཁ་ཊྲཱཾ་གསུམ་གཏད་ལ༔ ཧཱུྃ་ཧྲཱི༔ ཐོད་རྔ་འབུམ་ཕྲག་མཁའ་འགྲོ་འབོད་པའི་རྟེན༔ བྷནྦྷ་ལྕང་ལོ་མཁའ་འགྲོ་མཆོད་པའི་རྫས༔ ཁ་ཊྲཱཾ་ག་ནི་མཁའ་འགྲོ་བསྒྲུབ་པའི་རྟེན༔ འབུམ་ཕྲག་མཁའ་འགྲོ་རྣམས་ཀྱི་བླ་རྡོ་འདི༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད་ལ་གཏད༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འབུམ་ཕྲག་མཁའ་འགྲོ་བརྟེན་ཅིག་རིགས་ཀྱི་བུ༔ ཨཱོཾ་བཛྲ་ཛྙཱ་ན་སརྦ་ངྷཀྐི་ནི་ཨ་བྷི་ཥིཉྩ་ཨཱཿཞེས་ལག་ཏུ་གཏད་དོ༔ གཉིས་པ་དམ་ཚིག་བཤད་པ་ནི༔ བླ་མས་ཐོད་རྔ་འཁྲོལ་ཞིང་༔ ཀྱེ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཡུམ་གྱི་བྷ་ག་ལ་བརྟེན་ནས༔ སངས་རྒྱས་ཞིང་དུ་འགྲོ་འདོད་ན༔ དམ་ཚིག་སྲོག་ལྟར་བཙའ་དགོས་སོ༔ དམ་ཚིག་ལྡན་ན་དངོས་གྲུབ་འཐོབ༔ དམ་ཚིག་མེད་ན་བརླག་པར་འགྱུར༔ དེ་བས་དམ་ཚིག་ཡང་དག་སྲུངས༔ ཡུམ་གྱི་སྐུ་ཡི་དམ་ཚིག་ཏུ༔ བུད་མེད་ཡོངས་ལ་མི་བརྙས་ཤིང་༔ བཀུར་སྟི་རིམ་གྲོས་མཆོད་པར་བྱ༔ ཡུམ་གྱི་གསུང་གི་དམ་ཚིག་ཏུ༔ ཐུན་དྲུག་རླུང་གི་འབད་རྩོལ་བསྒོམས༔ རང་ལུས་ཚགས་སུ་ཚུད་པར་བྱ༔ ཡུམ་གྱི་ཐུགས་ཀྱི་དམ་ཚིག་ཏུ༔ བུད་མེད་མི་སྤང་བུད་མེད་བརྟེན༔ དགའ་བཞིའི་དབབ་ལྡོག་བསྐྱིལ་དང་དགྲམ༔ ཡུམ་གྱི་ཡོན་ཏན་དམ་ཚིག་ཏུ༔ བྱང་སེམས་ཉམས་པར་མི་བྱ་ཞིང་༔ ཉམས་ན་མཁའ་འགྲོའི་གྲོང་ཁྱེར་འཇིག༔ རྡོ་རྗེ་དམྱལ་བར་ཤི་ཏ་རེ༔ ཡུམ་གྱི་ཕྲིན་ལས་དམ་ཚིག་ཏུ༔ ཤ་ལྔ་བདུད་རྩིའི་བཅུད་ལེན་བརྟེན༔ དྲན་ཐང་སྨྱོན་སྤྱོད་གཅེར་བུ་བྱ༔ སྐུ་ལྔ་ཡོངས་རྫོགས་དམ་ཚིག་ཏུ༔ ཆགས་ཞེན་སྤངས་ལ་འཁྲི་བ་བཅད༔ གནས་ཡུལ་འགྲིམ་ཞིང་ཚོགས་འཁོར་བསྐོར༔ བྷ་ག་ཐོགས་ཚད་རྣམས་ལ་སྦྱོར༔ ན་ཆུང་གཞོན་ནུའི་རཀྟ་འཐུང་༔ ཚེ་འདི་བློས་ཐོང་བསྒྲུབ་ལ་བརྩོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་བརྗོད་དོ༔ གསུམ་བ་བཀའ་དྲིན་གཏང་རག་ནི༔ ལུས་ངག་ཡིད་གསུམ་བྲན་དུ་འབུལ༔ ནོར་དང་ལོངས་སྤྱོད་ཅི་ཡོད་ལ༔ ཆགས་ཞེན་མེད་པར་སྤོང་དག་བྱ༔ ཅི་ཕྱིར་ཡོན་ཏན་བརྗོད་ལས་འདས༔ དབང་རྟེན་མཚན་ལྡན་རིག་མ་ལ༔ གསེར་གཡུ་དར་ཟབ་མཎྜལ་དབུལ༔ སྒོ་གསུམ་མཉེས་པའི་ཞབས་ཏོག་བསྒྲུབ༔ ཚོགས་འཁོར་གླུ་བྲོ་རྩེད་འཇོ་འཁྲབ༔ བདེ་གསལ་མི་རྟོག་ཉམས་སྐྱོང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་འབྱུང་༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དང་༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ གསང་དབང་ཞུས་པས་མཆོག་ཐུན་ཐོབ༔ བསྟན་དང་འགྲོ་དོན་དཔག་མེད་གྲུབ༔ མ་འོངས་བསྐལ་པ་རྩོད་ལྡན་ལ༔ ང་སྤྲུལ་ལས་ཅན་སྐྱེས་བུ་གཅིག༔ མདོ་ཁམས་སྒོམ་སྡེའི་ཡུལ་ནས་ཡོང་༔ རྟ་མགྲིན་སྤྲུལ་པའི་དཔའ་བོ་ཡིན༔ ཡེ་ཤེས་མཁའ་འགྲོ་གྲིབ་ལྟར་འགྲོག༔ དངོས་ཉམས་རྨི་ལམ་ལུང་བསྟན་བྱེད༔ འཇིག་རྟེན་མཁའ་འགྲོ་སྤྲིན་ལྟར་འདུ༔ བཀའ་ཉན་ལས་བྱེད་བར་ཆད་སེལ༔ འཇིག་རྟེན་མི་མོ་རྡུལ་ལྟར་འཚུབ༔ སྒོ་གསུམ་མཉེས་པའི་ཞབས་ཏོག་བསྒྲུབ༔ སུས་མཐོང་འགྲོ་བ་དགའ་བ་འཕེལ༔ ཨེ་མ་སྐལ་ལྡན་སྐྱེས་བུ་དེས༔ འབྲེལ་ཐོགས་འགྲོ་བ་མཐོ་རིས་འདྲེན༔ གསང་འབྲེལ་ཐོབ་པའི་བུད་མེད་རྣམས༔ ངན་སོང་གསུམ་གྱི་སྐྱེ་སྒོ་ཁེགས༔ དབང་འདི་ཐོབ་པའི་སྐལ་ལྡན་རྣམས༔ པདྨ་འོད་ན་ངེས་པར་འོང་༔ རྩོད་ལྡན་འགྲོ་བ་བསོད་ནམས་བསགས༔ དམ་ཆོས་གསང་བའི་སྙིང་བོ་འདི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ ལས་འཕྲོ་ཅན་དག་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ་༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་འགྲོ་འདུལ་གླིང་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །

ཤིན་ཏུ་སྤྲོས་མེད་ཀྱི་དབང་མཆོག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཤིན་ཏུ་སྤྲོས་མེད་ཀྱི་དབང་མཆོག་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཆོས་དབྱིངས་ཀུན་བཟང་པདྨ་འབྱུང་༔ མ་འགགས་རང་གསལ་མཁྱེན་བརྩེའི་ངང་༔ ཐུགས་རྗེས་འགྲོ་བ་སྒྲོལ་བའི་ཕྱིར༔ ཤིན་ཏུ་སྤྲོས་མེད་དབང་མཆོག་ཅིག༔ ཕྱི་རབས་དོན་དུ་བཀོད་པར་བྱ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་སྣོད་ལྡན་སྨིན་པར་བྱའོ༔ སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས༔ ཐུན་མོང་ལ་གསུམ་འདོད་དོན་སློབ་མའི་གསོལ་འདེབས༔ ཐུན་མོང་རྫས་ཀྱི་སྟ་གོན༔ སློབ་དཔོན་དབང་གི་བསྙེན་སྒྲུབ་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྣོད་ལྡན་གྱི་སློབ་མ་ལྔ་གསུམ་བདུན་སོགས་སྒྲུབ་པ་ཚུལ་བཞིན་བྱེད་པ་རྣམས་ཀྱིས༔ བླ་མའི་དྲུང་དུ་ཚོགས་རྫས་ཀྱི་ཡོ་བྱད་དང་༔ མཎྜལ་གྱི་རྫས་ཁྱད་པར་ཅན་ཐོགས་ཏེ་འོངས་ནས༔ ཚོགས་འཁོར་བསྐོར་ཞིང་མཎྜལ་དབུལ༔ ཐལ་མོ་སྦྱར་ཞིང་འདི་སྐད་ཞུའོ༔ ཀྱཻ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ དཔལ་ལྡན་བླ་མ་བདག་ལ་དགོངས་སུ་གསོལ༔ བདག་ནི་མ་རིག་ཉོན་མོངས་ལས་ཀྱིས་བསྒྲིབས༔ རང་རིག་ཆོས་སྐུའི་རང་ངོ་མ་མཇལ་བས༔ གནས་ལུགས་དོན་གྱི་སྙིང་པོའི་དབང་བསྐུར་སྩོལ༔ ལན་གསུམ་ཞུའོ༔ དེ་ནས་སློབ་དཔོན་གྱིས༔ ཀྱེ་ཧོ་ཁྱེད་ཅག་སུ་ཡིན་འདོད་དོན་གང་༔ སྤྲོས་མེད་ཆོས་དབྱིངས་དབང་ཞུ་ནས༔ དམ་ཚིག་བཀའ་ལྟར་བསྲུང་ནུས་སམ༔ སྒྲུབ་པ་སྲོག་དང་བསྡོ་ནུས་སམ༔ ཚེ་འདི་བློ་ཡིས་གཏོང་ཕོད་དམ༔ དམ་མེད་རྡོ་རྗེ་དམྱལ་བས་འཇིགས༔ དམ་ཚིག་བསྲུངས་ན་དངོས་གྲུབ་འཐོབ༔ རིགས་ཀྱི་བུ་རྣམས་དྲི་ལན་དགོས༔ ཅེས་སྨྲ། སློབ་མས༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ ཚེ་འདི་བློ་ཡིས་རབ་ཏུ་གཏོང་༔ གནས་དང་དུར་ཁྲོད་ཞིང་རྣམས་ཉུལ༔ གསོག་འཇོག་སེར་སྣའི་མདུད་པ་སྤང་༔ ཡང་དག་དོན་གྱི་དབང་བསྐུར་སྩོལ༔ ཞེས་ཞུའོ༔ དེ་ནས་སློབ་དཔོན་གྱིས༔ འོ་དེ་ལྟར་སྣོད་དང་ལྡན་གྱུར་ན༔ བདག་གིས་ཡེ་ཤེས་ཆེན་པོའི་དབང་༔ ད་ལྟ་ཉིད་དུ་སྦྱིན་པར་བྱ༔ རྡོ་རྗེའི་དམ་ཚིག་ཆུ་འདི་འཐུང་༔ དམ་མེད་འགྲོ་བ་ལོག་ལྟ་ཅན༔ སྣོད་མེད་རྣམས་ལ་མ་སྨྲ་ཞིག༔ ཛྙཱ་ན་ས་མ་ཡ་ཧཱུྃ༔ ཞེས་དམ་ཆུ་བླུད༔ གནང་བ་སྦྱིན༔ གཉིས་པ་ཐུན་མོང་དབང་རྫས་སྟ་གོན་ནི༔ དེ་ནས་ལིའི་མཎྜལ་ཞིག་ཕྱིས་པའི་སྟེང་དུ་མན་ཤེལ་དྲི་མེད༔ མེ་ལོང་གཡའ་དག༔ རྨ་བྱའི་སྒྲོ་གསུམ་བཞག་ཅིང་༔ ཨཱོཾ་ཧཱུྃ་ཛྙཱ་ན་བཛྲ་བྷྲཱུཾ༔ ཞེས་བརྗོད་དོ༔ མཐར་མཆོད་པ་དང་ཚོགས་འཁོར་བཤམས༔ གསུམ་པ་སློབ་དཔོན་དབང་གི་བསྙེན་སྒྲུབ་ནི༔ ཨཱོཾ་མ་ཧཱ་ཤུ་ནྱཻ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ༔ ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པར་བསམས༔ སྟོང་པའི་ངང་ལས་རང་དང་དབང་རྫས་རྒྱལ་བ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་བསྒོམ་ཞིང་༔ དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི་སྐུར་གསལ་བའི་ངང་ནས༔ ཨཱོཾ་དྷརྨཱ་དྷརྟུ་ཛྙཱ་ན་བཛྲ་སརྦ་སིངྔྷི་ཧཱུྃ༔ སྟོང་ཕྲག་གཅིག་བཟླ་༔ ཀ་དག་བློ་འདས་ཀྱི་ངང་ལ་དར་ཅིག་བཞག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ༔ དོན་ལྔ་སྟེ༔ གསོལ་བ་གདབ་པ༔ མེ་ཏོག་འདོར་བ༔ ཅོད་པན་མིང་དང་བཅས་པའི་དབང་བསྐུར་བ༔ མིག་དབྱེ་བ༔ ལྷ་ཞལ་བསྟན་པ་དང་ལྔའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བླ་མ་ཧེ་རུ་ཀཿའི་ཆས་ཀྱིས་སྤྲས༔ སློབ་མ་གཅེར་བུར་བྱ༔ གྲལ་ལ་འཁོད་ཅིང་༔ དང་པོ་གསོལ་བ་གདབ་པ་ནི༔ ཀྱེ་བླ་མེད་བླ་མའི་སྟོན་པ་པོ༔ ཁྱབ་བདག་ཆེན་པོ་རྡོ་རྗེ་འཆང་༔ བདག་ཅག་འདིར་ཚོགས་བུ་རྣམས་ལ༔ ཤིན་ཏུ་སྤྲོས་མེད་དབང་བསྐུར་སྩོལ༔ ལན་གསུམ་ཞུའོ༔ ཁྲུས་ནས་ཕྱུངས་བགེགས་བསྐྲད༔ བསྲུང་འཁོར་བསྒོམ༔ དཔུང་སྐུད་གདགས༔ མིག་དར་བཀབ༔ གཉིས་པ་མེ་ཏོག་འདོར་བ་ནི༔ དར་སྔོན་གྱི་ཅོད་པན་ཐལ་མོ་སྦྱར་བའི་བར་དུ་བཟུང་ཞིིང་དཀྱིལ་འཁོར་ལ་དོར་སྟེ༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བདག་ཅག་རྣམས་ཀྱིས་དབུལ་བར་བགྱིད༔ ཚེ་རབས་ལྷ་དང་མཇལ་བར་ཤོག༔ བྷོ་ངྷི་པུཥྤེ་པཱུ་ཙ་ཧོ༔ ཞེས་དོར་ཕྱོགས་བཞི་དབུས་དང་ལྔར༔ མེ་ཏོག་ཕོག་པའི་ལྷ་ངོ་སྤྲོད༔ མཆོག་ཏུ་གྱུར་པ་དབུས་ཉིད་དོ༔ གསང་མཚན་ལས་བཞི་སོ་སོ་ལ༔ རང་གྲོལ་རྩལ་ཞེས་སྦྱར་ཏེ་བཏགས༔ མོ་ལ་དཔའ་མོ་རང་གྲོལ་སྦྱར༔ གསུམ་པ་ཅོད་པན་མིང་གི་དབང་ནི༔ ཅོད་པན་ཐོགས་ཏེ༔ ཧཱུྃ་ཧྲཱི༔ བྱང་ཆུབ་སེམས་ཀྱི་ཅོད་པན་འདི༔ མཐིང་ག་མི་འགྱུར་ཆོས་དབྱིངས་རྟགས༔ སྐལ་ལྡན་བུ་ཡི་གཙུག་ཏུ་རྒྱན༔ ཁམས་གསུམ་གཡུལ་ལས་རྒྱལ་ནས་ཀྱང་༔ འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ མངོན་པར་རྫོགས་པར་འཚང་རྒྱ་ཏེ༔ གསང་མཚན་ཆོས་དབྱིངས་རང་གྲོལ་རྩལ༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མེ་ཏོག་འཐོར་རོ༔ བཞི་པ་མིག་དབྱེ་བ་སྟེ༔ ཧཱུྃ་ཧྲཱི༔ ཀུན་གཞི་སེམས་དང་སེམས་བྱུང་གི༔ བག་ཆགས་མ་རིག་སྒྲིབ་པའི་ཚོགས༔ ཐབས་ཤེས་ཐུགས་རྗེའི་ཐུར་མས་དབྱེ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ མིག་དར་བསལ༔ ལྔ་པ་ལྷ་ཞལ་བསྟན་པ་ནི༔ བླ་མས་འདི་སྐད་དོ༔ ཀྱེ༔ རིགས་ཀྱི་བུ་ཁྱེད་རྣམས་མ་ཡེངས་པར་ཉོན་ཅིག༔ ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ཆེན་པོ་ན༔ རང་སེམས་ཀ་དག་གི་སངས་རྒྱས་གཞོན་ནུ་བུམ་པའི་སྐུའི་རང་མདངས་ཕྱོགས་བཅུར་འབར་ཞིང་བཞུགས་པའི་རང་ཞལ་ལ་ལྟོས་ཤིག༔ འདི་ནི་མ་མཐོང་མཐོང་བ་ཆེན་པོའི་སངས་རྒྱས་ཞལ་མཇལ་བ་ཡིན་པས་དགའ་བ་སྒོམས་ཤིག༔ ཨཱཿཨཱཿཨཱཿཞེས་བརྗོད༔ དེ་ནས་དངོས་གཞིའི་དབང་ལ་གསུམ་སྟེ༔ མེ་ལོང་སྐུ་སྟེ་སྐུ་ཡི་དབང་༔ རྨ་བྱའི་སྒྲོ་ཕོད་གསུང་གི་དབང་༔ ཤེལ་གོང་དྲི་མེད་ཐུགས་ཀྱི་དབང་ཿསེམས་ཉིད་བརྡ་དོན་ངོ་སྤྲོད་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐུ་ཡི་དབང་བསྐུར་སྟེ༔ མེ་ལོང་གི་ངོས་ལ་གཙོ་བོའི་སྐུ་བསྟན་ཞིང་༔ ཧཱུྃ་ཧྲཱིཿམེ་ལོང་སྤྲོས་བྲལ་ཆོས་དབྱིངས་ཞིང་ཁམས་ན༔ མ་འགགས་སྣང་བརྙན་ཡི་དམ་ལྷ་ཚོགས་གསལ༔ སྣང་སྟོང་གཉིས་མེད་སྐྱེ་འགགས་གནས་གསུམ་བྲལ༔ ངོ་བོ་ཉིད་སྐུ་མ་བཅོས་རྫོགས་པ་ཆེ༔ སྐུ་ཡི་དམ་ཚིག་བསྐྱེད་རིམ་མཐར་ཕྱིན་དབང་ཿསྣོད་ལྡན་སློབ་མ་ཁྱོད་ཀྱིས་ཐོབ་ནས་ཀྱང་༔ སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྗོད་ཅིང་སྐུ་མེ་ལོང་ལ་ཤར་བའི་གཟུགས་བརྙན་བསྟན་ཞིང་སྤྱི་བོར་དབང་བསྐུར་རོ༔ གཉིས་པ་གསུང་གི་དབང་རྨ་བྱའི་སྒྲོ་མགྲིན་པར་བཞག༔ ཧཱུྃ་ཧྲཱིཿངོ་བོ་ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ སྒྲ་གྲགས་མ་འགགས་རང་བྱུང་ལོངས་སྤྱོད་རྫོགས༔ གྲག་སྟོང་གཉིས་མེད་སྐྱེ་འགག་གནས་གསུམ་བྲལ༔ ངོ་བོ་ཉིད་སྐུ་མ་བཅོས་རྫོགས་པ་ཆེ༔ གསུང་གི་དམ་ཚིག་གྲག་སྟོང་བརྗོད་མེད་དབང་༔ སྣོད་ལྡན་སློབ་མ་ཁྱོད་ཀྱིས་ཐོབ་ནས་ཀྱང་༔ བཟླས་པ་མཐར་ཕྱིན་ལོངས་སྐུའི་དབང་ཐོབ་ཤོག༔ ཨཱོཾ་ཨཱོཾ་ཨཱོཾ༔ བརྗོད་ཅིང་མགྲིན་པར་བསྐུར་རོ༔ གསུམ་པ་ཤེལ་ཐོགས་ཏེ༔ ཧཱུྃ་ཧྲཱི༔ ཡེ་ནས་རྣམ་དག་རྒྱུ་རྐྱེན་མཚན་མ་བྲལ༔ གདོད་ནས་རྣམ་དག་རང་བཞིན་ལྷུན་གྱིས་གྲུབ༔ གཅིག་ཏུ་མ་ཡིན་སོ་སོར་རང་རིག་སྤྱོད༔ སྐྱེ་འགག་གནས་གསུམ་སྤྲོས་པའི་མཐའ་དང་བྲལ༔ མན་ཤེལ་དྲི་མེད་བརྡ་ཡིས་དབང་བསྐུར་བས༔ ཀ་དག་ཆོས་སྐུའི་དོན་དུ་རྟོགས་པར་ཤོག༔ ཨཱ༔ ཨཱཿཨཱཿཞེས་བརྗོད་དཀར་ནག་མཚམས་སུ་དབང་བསྐུར་རོ༔ དེ་ནས་ཚིག་གི་བརྡ་དོན་ངོ་སྤྲོད་གདབ་པ་ནི༔ སློབ་མ་རྣམས་ཆོས་བདུན་བཅས་ལ༔ སློབ་དཔོན་གྱིས་ཐོད་རྔ་འཁྲོལ་ཞིང་༔ ཀྱེ༔ མ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཉོན༔ དབང་གསུམ་བསྐུར་ཏེ་སྐུ་གསུམ་ས་བོན་བཏབ༔ ད་ནི་མ་དག་མིང་མེད་ཆོས་དབྱིངས་ཀློང་༔ བུ་ཁྱོད་མ་ཡེངས་རང་སེམས་ཆོས་སྐུར་ལྟོས༔ ཡང་ལྟོས་ཡང་ལྟོས་མ་ཡེངས་ལེགས་པར་ལྟོས༔ མ་མཐོང་ཙ་ན་མཉམ་པར་ཞོག་ལ་ལྟོས༔ བལྟ་བྱ་ལྟ་བྱེད་རྟོག་ཚོགས་ཀ་ནས་དག༔ རང་བྱུང་ཆོས་སྐུ་མ་བཅོས་རྫོགས་པ་ཆེ༔ ཨཱཿཨཱཿཨཱཿ་ཞེས་བརྗོད༔ དེ་ནས་སློབ་མ་རྣམས་ལངས་ནས་ཨ་ཡིག་ཕྱག་རྒྱ་བཅས་ཏེ༔ ཡང་བླ་མས་འདི་སྐད་དོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ རང་བྱུང་སེམས་ཉིད་ཟང་ཐལ་རྗེན་པ་འདི༔ རྒྱངས་རྒྱངས་ལིང་ལིང་སྟེང་ཕྱོགས་མཁའ་ལ་སོང་༔ སྟེང་ཕྱོགས་ནམ་མཁའ་ཆོས་དབྱིངས་ཕོ་བྲང་ན༔ མ་བཅོས་རང་བྱུང་ཆོས་སྐུ་ཀུན་བཟང་བཞུགས་༔ རང་ཞལ་ལྟོས་དང་རང་རིག་སྐྱེ་འགག་མེད༔ འགྲོ་བར་སྣང་ཡང་འགྲོ་མཁན་རྒྱུ་དང་བྲལ༔ མཇལ་བར་སྣང་ཡང་མཇལ་མཁན་རྐྱེན་ལས་འདས༔ མཐོང་བར་སྣང་ཡང་མཐོང་མཁན་གཞི་རྩ་བྲལ༔ ཨཱ་ཨཱ་ཨཱ༔ ཞེས་ལན་དགུར་བརྗོད་ཅིང་ལིང་ལིང་གྱེན་ལ་འཕག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དབང་གི་རྗེས་ཀྱི་རིམ་པ་གསུམ་སྟེ༔ དམ་ཚིག་གདབ་ཅིང་ཞལ་གདམས་འབོགས་པ་དང་༔ བཀའ་དྲིན་འཁུར་ཞིང་ཡོན་གྱིས་མཆོད་པ་དང་༔ ཚོགས་འཁོར་བསྔོ་སྨོན་བརྗོད་མེད་ཉམས་སྐྱོང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལ་གཉིས་ཏེ༔ དམ་ཚིག་གསལ་གདབ་པ་དང་ཞལ་གདམས་འབོགས་པའོ༔ དང་པོ་དམ་ཚིག་གསལ་གདབ་པ་ནི༔ སློབ་མ་རྣམས་ཆོས་བདུན་ལྡན་པར༔ སློབ་དཔོན་གྱིས་འདི་སྐད་བརྗོད་དོ༔ ཀྱེ་ཧོ་ཁྱོད་འདིར་ཚོགས་ཤིང་འདུས་པ་རྣམས་ལེགས་པར་ཉོན་ཅིག༔ གསང་སྔགས་ཟབ་མོའི་དབང་མཆོག་འདི་ནི༔ སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་འདི་ཡིན་པས༔ ད་ཁྱེད་རྣམས་དབང་འདིར་ཞུགས་པའི་དམ་ཚིག་ཏུ་ལུས་དང་སྲོག་ལ་མི་བལྟ་བར་སྒྲུབ་པ་ལ་བརྩོན༔ སྐུའི་དམ་ཚིག་ཏུ་བླ་མ་བདེ་མཆོག་འཁོར་ལོའི་སྐུ་ཆོངས་ཤིག༔ གསུང་གི་དམ་ཚིག་ཏུ་སྒྲུབ་པའི་པོ་ཏི་ཟུངས་ཤིག༔ ཐུགས་ཀྱི་དམ་ཚིག་ཏུ་ཚེ་འདི་བློས་ཐོངས་ཤིག༔ ཡོན་ཏན་གྱི་དམ་ཚིག་ཏུ་ཆགས་མེད་གྱིས༔ ཕྲིན་ལས་ཀྱི་དམ་ཚིག་ཏུ་ཞེན་མེད་དུ་སྤྱོད་ཅིག༔ ཅེས་བརྗོད་བདུད་རྩི་བླུད་ཅིང་རྡོ་རྗེ་མགོར་བཞག་གོ༔ གཉིས་པ་ཞལ་གདམས་འབོགས་པ་ནི༔ བླ་མས༔ ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས༔ རྒྱལ་བའི་བཀའ་ལ་སློབ་དཔོན་གྱིས་ཤིག༔ ཕྱོགས་མེད་གནས་ལ་སྒྲུབ་པ་གྱིས་ཤིག༔ བླ་མ་སངས་རྒྱས་དངོས་སུ་སྒོམས་ཤིག༔ མཆེད་དང་ལྕམ་དྲལ་དམ་ཚིག་སྲུངས་ཤིག༔ ནོར་རྫས་གསོག་འཇོག་ཞེན་པ་ཕྲོལ་ཞིག༔ ལྟོ་གོས་གཏམ་ལ་གྱོང་དུ་ཁུར་ཅིག༔ ཆགས་སྡང་རྨོངས་གསུམ་མདུད་པ་ཁྲོལ་ཅིག༔ སྐྱེ་མེད་ཆོས་སྐུའི་ལྟ་བ་ལྟོས་ཤིག༔ འགག་མེད་རང་གསལ་སྒོམ་པ་སྐྱོངས་ཤིག༔ སྣ་ཚོགས་རང་གྲོལ་སྤྱོད་པ་སྤྱོད་ཅིག༔ མི་ཚེ་མི་རྟག་འཆི་བ་སྒོམས་ཤིག༔ འདུས་བྱས་ཆོས་རྣམས་འཇིག་པར་སོམས་ཤིག༔ རྒྱུ་འབྲས་ཆོས་ལ་ཡིད་ཆེས་སྐྱེད་ཅིག༔ རང་གི་སློབ་དཔོན་རང་གིས་གྱིས་ཤིག༔ དམ་བཅའ་དྲག་པོ་མཐའ་རུ་ཐོན་ཞིག༔ བརྩོན་འགྲུས་འཆི་གཞུག་ཆོས་དང་སྙོམས་ཤིག༔ འཆི་བའི་དུས་སུ་འགྱོད་མེད་མཛོད་ཅིག༔ བཛྲ་ས་མ་ཡཱ༔ ངྷ་ཐིམ༔ ཞེས་བརྗོད་སློབ་དཔོན་གྱི་ཕྱག་མགོར་བཞག་གོ༔ གཉིས་པ་ལ་གཉིས་ཏེ༔ བཀའ་དྲིན་འཁུར་བ་དང་ཡོན་གྱིས་མཆོད་པའོ༔ དང་པོ་བཀའ་དྲིན་འཁུར་བ་ནི༔ གསེར་དངུལ་ཟངས་ལྕགས་རྟ་དང་གླང་པོ་ཆེ༔ ལོངས་སྤྱོད་ཅི་ཡོད་ཕངས་མེད་བླ་མར་འབུལ༔ བུ་དང་ཆུང་མ་ལུས་ངག་ཡིད་གསུམ་སོགས༔ བླ་མར་ཕུལ་བའི་ཕན་ཡོན་རྣམ་པ་གཉིས༔ གནས་སྐབས་འདི་ནས་བྱང་ཆུབ་མ་ཐོབ་བར༔ ཆོས་ཀྱི་ལོངས་སྤྱོད་འདོད་དགུས་ཕྱུག་པ་དང་༔ མཐར་ཐུག་རྫོགས་པའི་སངས་རྒྱས་གྲུབ་པའི་དུས༔ གནས་དང་དུས་དང་འཁོར་དང་ཆོས་རྣམས་ལ༔ ཕུན་སུམ་ཚོགས་པ་ལྔ་ལྡན་རྒྱན་བཟང་འཐོབ༔ གཉིས་པ་ཡོན་གྱིས་མཆོད་པ་ནི༔ ཅི་འབྱོར་གྱི་མཎྜལ་ཐོགས༔ སྐྱེམས་དང་བཅས་ཏེ་འདི་སྐད་ཞུའོ༔ ཨེ་མ་ཐུགས་རྗེ་ཆེར་ལྡན་པ༔ ཐམས་ཅད་མཁྱེན་པ་སྟོན་པ་པོ༔ ཡེ་ཤེས་བླ་མེད་སྨིན་གྲོལ་གྱི༔ ཐུགས་རྗེ་ཐབས་མཁས་ཕྲིན་ལས་སྐྱོངས༔ བདག་ཅག་རྗེས་བཟུང་སྐུ་དྲིན་ཆེ༔ ཞེས་བརྗོད་མཎྜལ་དབུལ༔ གསུམ་པ་ལ་གསུམ་ལས༔ ཚོགས་འཁོར་བསྐོར་བ༔ བསྔོ་སྨོན་རྒྱས་འདེབས༔ བརྗོད་མེད་ཀྱི་ཉམས་སྐྱོང་བའོ༔ ཚོགས་འཁོར་བསྔོ་སྨོན་རྣམས་ལས་བྱང་ལྟར་བྱའོ༔ བརྗོད་མེད་ཀྱི་ཉམས་སྐྱོང་བ་ནི༔ མདུན་གྱི་ཚོམ་བུ་ལ་མཆོད་བསྟོད་བསྡུས་པ་ཞིག་བྱས་ཏེ༔ ཀུན་བཟང་ཡབ་ཡུམ་ཆོས་དབྱིངས་བརྗོད་མེད་ཀྱི་ངང་དུ་ཡལ་བར་བསྒོམས་ཤིང་༔ ཀ་དག་བློ་འདས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རིག་པའི་ཡེ་ཤེས་པད་འབྱུང་ང་༔ རྒྱུ་རྐྱེན་མཚན་མའི་དྲི་མ་དག༔ རྡོ་རྗེ་སེམས་དཔས་ངོ་སྤྲོད་བཏབ༔ སྐུ་གསུམ་སངས་རྒྱས་རང་ལས་རྙེད༔ ཆོས་ཉིད་བདེན་པ་མཐོང་བའི་ཚེ༔ འགྲོ་ལ་ཕན་ཕྱིར་བསྟན་བཅོས་བརྩམས༔ དུས་གསུམ་འགྲོ་དོན་མཐར་ཕྱིན་བྱས༔ མ་འོངས་བོད་ཀྱི་རྒྱལ་ཁམས་འདིར༔ རྟོག་གེ་མཁན་གྱི་སློབ་དཔོན་འགས༔ སྦྱངས་པའི་རིག་གནས་ཚིག་སྐམ་རེས༔ ཤེས་བློར་བཅང་ཞིང་བསྟན་བཅོས་རྩོམ༔ དམུས་ལོང་འགྲོ་རྣམས་རྗེས་སུ་འཇུག༔ དྲོད་རྟགས་་མེད་ཅིང་ཉམས་མྱོང་བྲལ༔ ཁ་བཤད་རྒྱག་ཅིང་རང་ཆེ་འདོན༔ འཆི་དུས་ཆོས་ཀྱིས་གང་ཟག་འཆིང་༔ མནར་མེད་འཁྱམས་པའི་ཆོས་པ་འགྱོད༔ ཨོ་རྒྱན་ང་ལ་གཉིས་ཡོད་ཟེར༔ གཏེར་ཆོས་ཟབ་མོར་མིག་ལོག་ལྟ༔ ལྟ་སྒོམ་སྤྱོད་གསུམ་གོ་བ་བཞག༔ ཚིག་སྐམ་རེ་རེའི་སྔ་ཕྱི་རྩོད༔ དུས་རྟགས་གྲངས་གསུམ་ནོར་རོ་ཟེར༔ མི་མཁས་འདོད་ཆགས་མེ་ལྟར་འབར༔ ཡང་ན་ལྷ་ཡིས་བྱིན་གྱིས་བརླབས༔ ཡང་ན་སྒྲིབ་པ་གཉིས་བྲལ་ཚེ༔ བསྟན་བཅོས་རྩོམ་དང་སྤེལ་བསྡུ་དབང་༔ དེ་མིན་བསྟན་བཅོས་རྩོམ་པ་རྣམས༔ ནམ་མཁའ་སྦར་མོས་བཟུང་བ་འདྲ༔ རྒྱ་འགྱུར་མ་འཆུགས་པདྨའི་བཀའ༔ ཁ་ཚང་དོན་གསལ་ཉམས་ལེན་འདྲིལ༔ གཏེར་ཆོས་ཡིན་ནོ་སྐལ་ལྡན་རྣམས༔ ཁྱད་པར་བདེ་མཆོག་བླ་མེད་ཆོས༔ བླ་མ་ཡི་དམ་ཟུང་དུ་འཇུག༔ བསྐྱེད་རྫོགས་གཉིས་ལྡན་ཡིད་བཞིན་ནོར༔ ས་འོག་གཏེར་ཆོས་ཀུན་གྱི་བཅུད༔ ཕྱི་རབས་སྐལ་ལྡན་ཉམས་སུ་ལོང་༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ ལྷ་བཙན་ཆེན་པོས་གཏེར་འདི་སྲུངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །སརྦ་མངྒ་ལམ། །

ཕྱི་སྒྲུབ་ཟབ་པའི་མཐར་ཐུག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཕྱི་སྒྲུབ་ཡོད་དོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་སྐྱེས་བུ་ལ༔ བླ་མ་ཡི་དམ་དབྱེར་མེད་ཀྱི༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར༔ ཕྱི་སྒྲུབ་ཟབ་པའི་མཐར་ཐུག་ཅིག༔ པདྨ་འབྱུང་གནས་བདག་གིས་འབྲི༔ ཉམས་སུ་ལོངས་ཤིག་ཞིག་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གནས་ཡིད་དང་མཐུན་པ་ལ༔ ཡོན་ཏན་རྣམས་ཚང་ཞིང་སྐྱོན་མེད་པ༔ འདུ་འཛིའི་གཡེང་བ་དང་བྲལ་བ་ཅིག་ཏུ་སྟེགས་བུ་འཇམ་ལ་མཁྲེགས་པ་གནས་ཁང་གི་རྒྱ་ཁྱོན་དང་མཐུན་པར་བཟོས༔ བའི་རྣམ་ལྔ་དང་དྲི་བཟང་གིས་ཆག་ཆག་གདབ༔ རབ་རྡུལ་ཚོན་འབྲིང་རས་བྲིས་ཐ་ནའང་འབྲུའི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད༔ དབུས་སུ་ཁྲིའུ་ཁར་མཚན་ལྡན་གྱི་བུམ་པ་དར་དཀར་དམར་གྱི་མགུལ་ཆིངས་ཀྱིས་བརྒྱན་པ་ལ༔ ཆུ་གཙང་བླུག་ཅིང་བུམ་སྨན་ལྡན་པ་རྨ་བྱའི་སྒྲོ་དང་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ༔ གཟུངས་ཐག་གིས་མཚན་པ་ཞིག་བཤམས༔ བུམ་པ་དེའི་སྟེང་དུ་སྐུའི་རྟེན་ལ་བདེ་མཆོག་ཡབ་ཡུམ་གྱི་འདྲ་འབག་བཞག༔ བུམ་པའི་མདུན་དུ་ཐུགས་ཀྱི་ངོ་བོ་རྡོ་རྗེ་རྩེ་དགུ་པ་དར་གྱི་ཅོད་པན་བཏགས་པ་བཤམས༔ ལྷོར་ཡོན་ཏན་གྱི་རྟེན་དྲིལ་བུ༔ ནུབ་ཏུ་གསུང་གི་རྟེན་སྒྲུབ་ཡིག་པོ་ཏི༔ བྱང་དུ་ཕྲིན་ལས་ཀྱི་རྟེན་ཕུར་པ་རྣམས་བཤམས༔ སྤོད་ལྡན་གྱི་གཏོར་མ་རིན་པོ་ཆེ་འབར་བ༔ བདུད་རྩི་ཛ་གད་བྱང་སེམས་དཀར་དམར་གྱིས་བརྒྱན་པ༔ སེམས་ཅན་གྱི་ཁྲག་ལ་མུ་དྲའི་རཀྟས་བརྒྱན་པ་རྣམས་དང་༔ བཀའ་སྲུང་གི་གཏོར་མ་ལ་ཤ་ཆེན་གྱིས་བརྒྱན་པ༔ ཚིལ་ཆེན་སྣང་གསལ་གྱི་མར་མེ༔ ཤ་ཆེན་དང་སྤོས་ཀྱི་རེང་བུ༔ བདུད་རྩི་དྲི་ཆེན་གྱི་ཞལ་ཟས༔ དྲི་ཆུའི་བྱུག་པ༔ རྐང་ཆེན་གྱི་གླིང་བུ༔ ཐོད་རྔའི་རོལ་མོ་རྣམས་བཤམས༔ རྣལ་འབྱོར་པ་བདེ་བའི་གདན་ལ་འདུག༔ དཀར་གསུམ་གྱི་གཏོར་མ་བཤམས༔ རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་བསྒོམས༔ ཐུགས་ཀའི་འོད་ཀྱིས་བགེགས་དང་གཞི་བདག་རྣམས་སྤྱན་དྲངས་ཤིང་གཏོར་མ་དབུལ་ལ་འདི་སྐད་བརྗོད༔ ཨཱོཾ་ཨ་ཀ་རོ་མུ་ཁཾ་སརྦ་ངྷརྨ་ཎཾ་ཨ་དྱ་ནུཏྤན་ན་ཏྭད་ཏ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ རིན་པོ་ཆེའི་སྣོད་དུ་གཙང་ལྡན་གྱི་གཏོར་མ་འདི་དཀར་གསུམ་མངར་གསུམ་ལས་གྲུབ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨཱོཾ་ཨཱཿ་ཧཱུྃ༔ གསུམ༔ ཧཱུྃ༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི༔ ལྷ་ཆེན་ཐམས་ཅད་འཁོར་དང་བཅས༔ དགའ་བོ་འཇོག་པོ་དུང་སྐྱོང་སོགས༔ ཀླུ་རྣམས་མ་ལུས་འཁོར་དང་བཅས༔ ཉི་མ་ཟླ་བ་གཟའ་ཆེན་པོ༔ གཟའ་རྣམས་མ་ལུས་འཁོར་དང་བཅས༔ ས་བདག་ས་ཡི་ལྷ་མོ་སོགས༔ ས་བདག་མ་ལུས་འཁོར་དང་བཅས༔ མགུར་ལྷ་དགེ་བསྙེན་བསྟན་མའི་ཚོགས། ཕྱོགས་སྐྱོང་རྣམས་དང་གནོད་སྦྱིན་དང་༔ སྲིན་པོ་ཤ་ཆེན་ཟ་བ་དང་༔ དྲི་ཟ་གཤིན་རྗེ་མ་མོའི་ཚོགས༔ འབྱུང་པོ་རྣམས་དང་ཡི་དྭགས་དང་༔ སྡེ་བརྒྱད་ཕྱི་ནང་སྲུང་མའི་ཚོགས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སྟོབས་ཆེན་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་དང་དམ་ལས་མ་འདའ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྣམ་བཞིའི་ལས་ཀྱི་དངོས་གྲུབ་སྩོལ༔ བདག་གིས་བྱང་ཆུབ་མ་ཐོབ་བར༔ ཕྲིན་ལས་སྒྲུབ་ལ་རོགས་དན་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་དཀར་གཏོར་དང་དམར་གཏོར་འབུལ༔ དེ་ནས་བགེགས་ཀྱི་གཏོར་མར་ཆབ་སྦྲན་ལ༔ ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ ཨཱོཾ་སྭཱ་བྷཱ་ཝ་སོགས༔ རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་རྣམས་སུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀྀ་ཏེ༔ ཨཱོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ བདུན་བརྗོད༔ ཧྲཱི༔ ཐུགས་རྗེ་ཆེན་པོ་དབང་གི་རྒྱལ༔ རྟ་མཆོག་རོལ་པ་ཁྲོས་པའི་སྐུ༔ དབང་གི་རྟ་སྐད་འཚེར་བ་ཡིས༔ གདོན་བགེགས་འབྱུང་པོ་བཀུག་ཅིང་གཟིར༔ གསང་བ་བསྒྲུབ་ལ་མི་དབང་བའི༔ གདོན་བགེགས་འབྱུང་པོ་ལན་ཆགས་ཚོགས༔ གླུད་ཀྱི་གཏོར་མ་འདི་ཁྱེར་ལ༔ རང་རང་སོ་སོའི་གནས་སུ་དེངས༔ ཅི་སྟེ་མི་འགྲོ་འཚེ་བྱེད་ན༔ ཆོས་ཉིད་དབྱིངས་ཀྱི་ཏིང་འཛིན་དང་༔ ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ འབྱུང་པོའི་ཚོགས་རྣམས་རྡུལ་དུ་བརླག༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད་ལ་གདོན་བགེགས་སྒྲུབ་ལ་མི་དབང་པ་རྣམས་རྒྱ་མཚོའི་ཕ་རོལ་དུ་བསྐྲད༔ སྲུང་བའི་འཁོར་ལོས་གོ་བསྒོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་རྣམས་ཀྱིས་སྒྲུབ་པའི་སྟ་གོན་སོང་ནས༔ གཉིས་པ་སྒྲུབ་པའི་དངོས་གཞི་ལ༔ ཏིང་ངེ་འཛིན་དང་༔ སྤྱན་འདྲེན་པ་དང་༔ བཞུགས་སུ་གསོལ་བ་དང་༔ ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ བསྟོད་པ་བྱ་བ་དང་༔ འཛབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཏིང་ངེ་འཛིན་ལ་ཐུན་མོང་དང་ཁྱད་པར་རོ༔ ཐུན་མོང་ལ་གསུམ་སྟེ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ནམ་མཁའ་ལྟར་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་ཆེན་པོ་ཡེ་གྲོལ་གྱི་ཆོས་ལ་ཡང་གསལ་དུ་གདབ་པའོ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་རིམ་པ་གཉིས་ལ་བརྟེན་ནས་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པའི་ཏིང་ངེ་འཛིན་གྱི་གོ་བགོ་བའོ༔ གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི༔ ས་བོན་མེད་པ་ལ་འབྲས་བུ་མི་འབྱུང་བ་ལྟར་ཆོས་དབྱིངས་ཡེ་དག་གི་ཆ་ལ་མཚོན་བརྗོད་ཀྱི་སྤྲོས་པས་དབེན་ཀྱང་༔ མ་འགགས་པའི་རོལ་པས་འགྲོ་བ་འདུལ་བའི་ཕྱིར་དུ༔ ཡེ་ཤེས་ལྷ་ཡི་ས་བོན་སྤྲོ་བའོ༔ གཉིས་པ་ཁྱད་པར་གྱི་ཏིང་ངེ་འཛིན་ནི༔ དུས་གསུམ་གྱི་རྒྱལ་བ་ཡེ་གྲུབ་ཀྱི་ངོ་བོ༔ ཡེ་དག་གི་བློ་འདས་ཆེན་པོ་ལ་གཅིག་དང་སྣ་ཚོགས་ཀྱི་བྱེ་བྲག་ཏུ་མེད་ཅིང་༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་ཆམ་བརྡལ་ཡང་༔ འགྲོ་བ་རྣམས་ལ་ལས་སྣ་ཚོགས་ཀྱི་རྒྱུ་ཡོད་པས༔ དེ་དག་འདུལ་བའི་ཕྱིར་དུ་གང་ལ་གང་འདུལ་གྱི་སྐུར་སྟོན་པ་ནི་ཁྱད་པར་གྱི་ཏིང་ངེ་འཛིན་ཡིན་ཞིང་༔ སྐབས་འདིར་བདག་བསྐྱེད་པ་དང་མདུན་བསྐྱེད་པ་གཉིས་སོ༔ མདུན་བསྐྱེད་པ་ནི༔ ཕྱི་ལྟར་རྡུལ་ཚོན༔ ནང་ལྟར་བུམ་པ་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་ཆར་གསལ་ཞིང་༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་མཚན་མ་ཀུན་རྫོབ་ཀྱི་རྫས་ལ་ཡེ་ཤེས་ཀྱིས་རྒྱས་གདབ་པ་ལྔའོ༔ ཚོམ་བུ་བུམ་ནང་གི་ཆུ་བཅུད་ཀྱི་རང་བཞིན་དང་བཅས་པ་རྣམས༔ སྣང་སྟོང་འགག་མེད་ཀྱི་རོལ་པ་ལས་དཔལ་ཆེན་པོ་བདེ་མཆོག་ཡབ་ཡུམ་སྲས་འཁོར་སྒོ་བ་སྒོ་མ་རིག་འཛིན་གྱི་ཚོམ་བུའི་ལྷ་ཚོགས་རྣམས་མདངས་གསལ་མ་འགགས་པར་བསྐྱེད་པ་དང་༔ གཉིས་པ་བདག་བསྐྱེད་པ་ནི༔ རང་ལུས་འབྱུང་འདུས་ཀྱི་ཕུང་པོ་འདི་རང་བྱུང་རྒྱལ་བ་བཞུགས་པའི་ཕོ་བྲང་སྟེ༔ བརྡལ་ཁྱབ་ལྤགས་པས་རབ་ཏུ་གཡོགས་པའི་ཀེང་རུས་ཀྱི་མཁར་ཆེན་པོ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ༔ དབང་པོ་རྣམས་ཉི་ཟླ་དང་སྐར་ཁུང་གི་ཆར་གསལ་བ༔ ཡན་ལག་གི་རྟ་བབས༔ རྩ་རྒྱུས་ཀྱི་དྲ་བ༔ རྒྱུ་མའི་ཕྲེང་བ༔ ཙིཏྟའི་ཕོ་ལོང་༔ སྐྲའི་བ་དན་འཕྱར་བ༔ འབྱུང་འདུས་ཀྱི་གཟུགས་སྣང་དག་པའི་ཆ་ལས་རྩ་གསུམ་གྱི་ཕོ་བྲང་གསལ་ཞིང་༔ མཚན་ཉིད་དང་ལྡན་པའི་ཕོ་བྲང་ཆེན་པོའི་དབུས་ཀྱི་ཆ་ནི་བྷནྡྷ་དཀར་དམར་འབར་བའི་གཞལ་ཡས་ཁང་གི་དབུས་སུ༔ རྣམ་པར་ཤེས་པའི་ངོ་བོ་དཔལ་ཆེན་པོ་ཧེ་རུ་ཀ༔ སྣང་ཚུལ་གྱི་གཟུགས་སུ་སྟོན་པ་དཔལ་ཆེན་པོ་བདེ་མཆོག་འཁོར་ལོ༔ སྟོང་པའི་རང་རྩལ་དུ་ཤར་པ་ཡུམ་མན་ངྷ་རཱ་ཝ་སྣང་སྟོང་ཐབས་ཤེས་ཀྱི་རོལ་པ་ལས་རིག་འཛིན་འདུས་པའི་ཚོམ་བུའི་ལྷ་ཚོགས་རྣམས་ཏེ༔ བདག་དང་མདུན་བསྐྱེད་གཉིས་ཆར་སྐད་ཅིག་གིས་ལས་བྱང་གཅིག་གི་ཁོག་ནས་དམ་ཚིག་སེམས་དཔར་བསྐྱེད་ཅིང་༔ སྣང་ལ་སྟོང་པ་སྟོང་ལ་སྣང་བ་སྣང་སྟོང་དབྱེར་མེད་ཀྱི་ངོ་བོ་ཡེ་ཤེས་ཀྱི་རང་མདངས་རང་རིག་གི་ངོ་བོ་ཡེ་སྟོང་སྤྲོས་བྲལ་གྱི་སྣང་ཆར་གསལ་ཞིང་༔ ཡི་གེ་གསུམ་གྱི་རང་འོད་མ་འགགས་པའི་རོལ་པར་འཕྲོས་པས༔ ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་རང་བཞིན་རྣམ་པར་དག་པའི་ཀློང་ནས་གློ་བུར་གཉིས་འཛིན་གྱི་བག་ཆགས་སྦྱང་བའི་ཕྱིར་དུ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་བསྟིམ༔ བཞུགས་སུ་གསོལ་བ་དང་༔ ཕྱག་འཚལ་བ་དང་༔ མཆོད་པས་མཆོད་པ༔ བསྟོད་པ་ལ་སོགས་ལས་བྱང་ལྟར་བྱ་ཞིང་༔ ཏིང་ངེ་འཛིན་དེའི་ངང་ནས་ད་སྟེ་བདག་ཉིད་ཀྱི་བླ་མ་ཧེ་རུ་ཀཿརིག་འཛིན་གྱི་རྒྱལ་པོ་ཐོད་པ་རྩལ་འདི༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་བག་ཆགས་དང་བཅས་པའི་ཉོན་མོངས་འདི་རྣམས་བྱང་ཞིང་༔ རིགས་བདག་ཧེ་རུ་ཀཿདང་གཉིས་སུ་མེད་པའི་འབྲས་བུ་མངོན་དུ་མ་གྱུར་པའི་བར་དུ༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང་བསྒྲུབ་པར་བགྱིད་དོ་སྙམ་པའི་དམ་བཅའ་དྲག་པོའི་ངང་ནས༔ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཧཱུྃ་གི་མཐར༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ ཅེས་པའི་སྔགས་འབྲུ་རྣམས་འོད་ཟེར་དཀར་དམར་གྱི་ཕྲེང་ཐག་ལ་བརྟེན་ནས་སྔགས་འབྲུ་དང་འོད་ཟེར་གྱི་ཕྲེང་ཐག་གཡས་གཡོན་དུ་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར༔ བདག་བསྐྱེད་ལྷའི་ཞལ་ནས་སྔགས་འབྲུ་རྣམས་འཐོན་ཏེ༔ འོད་ཟེར་གྱི་རྟ་ལ་ཞོན་ནས་མདུན་བསྐྱེད་ལྷའི་ཐུགས་ཀར་མཆོད་པའི་ཚུལ་དུ་ཞུགས༔ སྐུ་གསུང་ཐུགས་ཀྱིས་རྒྱུད་བསྐུལ༔ སླར་མདུན་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ སེམས་ཅན་ཐམས་ཅད་ལ་ཕོག་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས༔ སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་དང་༔ ཁྱད་པར་དུ་བདག་ཉིད་ཆེན་པོ་རིག་འཛིན་ཐོད་པ་རྩལ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་རང་གི་སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ་བསྒོམ་པའི་ལྷ་ཚོགས་རྣམས་དང་༔ མདུན་བསྐྱེད་རྣམས་ལ་གཉིས་མེད་དུ་ཐིམ་པར་བསྒོམ་ཞིང་འཛབ་འདི་འབུམ་ཚོ་བཅོ་བརྒྱད་དུ་བགྲང་བར་བྱའོ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ ཐུན་སྐབས་རྣམས་སུ་གཏོར་མ་འབུལ་ཞིང་བསྟོད་པས་བསྟོད་དོ༔ ཐོ་རེངས་དང་དགོངས་མོ་ཉིན་གུང་མཚན་གུང་རྣམས་སུ་ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བླང་ངོ་༔ རིག་པ་བྱིང་བ་དང་འཐིབས་ན་ཧཱུྃ་གི་སྣང་གླུ་ལེན་ཞིང་གར་དང་ཕྱག་རྒྱ་སྒྱུར༔ མདོར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བླ་མ་ཧེ་རུ་ཀཿའི་ངོ་བོར་གསལ་ཞིང་ཡེ་གནས་ཆེན་པོར་ལྷུན་གྲུབ་ཀྱི་དགོངས་པ་དེ་གློ་བུར་གྱི་བག་ཆགས་བསལ་བའི་ཕྱིར་ཡང་གསལ་གདབ་པ་ཙམ་ལས༔ རང་དང་ཞིང་ཁམས་ལྷ་འཁོར་ཏིང་འཛིན་སྔགས་སོགས་སོ་སོར་གྲུབ་པ་དང་གཉིས་སུ་འཛིན་པ་མེད་པའི་དགོངས་པ་འདི་ནི་ལྟ་བ་དོན་གྱི་ལྷ་ཞེས་བྱ་བ་ཡིན་པས༔ དེ་ལྟ་བུའི་ངང་ནས་སྒྲུབ་པ་ལ་བརྩོན་པ་རྣམས་ཀྱིས་ནི་ཡི་དམ་གྱི་ལྷ་མི་འགྲུབ་པའི་ཐབས་མེད་ཅིང་སོ་སོར་བལྟ་བ་རྣམས་ཀྱིས་ནི་གྲུབ་པའི་དུས་མེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དག་རྣམས་ཀྱིས་སྒྲུབ་པའི་དངོས་གཞི་སོང་ནས༔ རྗེས་ཀྱི་རིམ་པ་ནི༔ འདི་ལྟར་སྒྲུབ་པའི་དུས་སུ་དགེ་བའི་ལྟས་དང་༔ སྒྲུབ་པའི་དྲོད་རྟགས་མང་པོ་འཆར་ཏེ༔ རྨི་ལམ་དུ་ཉི་ཟླ་ཤར་བ་དང་༔ ནམ་མཁའ་ལ་འཕུར་བ་དང་༔ ཁྲུས་བྱས་པ་དང་༔ གོས་གསར་གྱོན་པ་དང་༔ གངས་རི་དང་མཆོད་རྟེན་རྣམས་ལ་འཛེག་པ་དང་༔ བྲག་གཤགས་པ༔ ལིངས་བཏབ་པ༔ གོ་གོན་པ༔ རྣག་ཁྲག་ཟགས་པ་དང་༔ བུད་མེད་བཟང་མོས་ཆས་གོས་ལོངས་སྤྱོད་རྣམས་འབུལ་བ་སོགས་དང་༔ མངོན་སུམ་དུ་དྲི་བཟང་པོ་འཐུལ་བ་དང་༔ སྒྲུབ་རྫས་རྣམས་ལས་འོད་འཁྱུག་པ་དང་༔ མེ་འབར་བ་དང་༔ དུད་པ་འཐུལ་བ་དང་༔ སྨན་རཀ་ཁོལ་བ་དང་༔ བཀྲག་བཟང་བ་ལ་སོགས་པ་རྣམས་དང་༔ ཁྱད་པར་དུས་གསུམ་གྱི་ངོ་བོ་ཐམས་ཅད་བློ་འདས་ཀ་དག་ཆེན་པོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་གནས་ལུགས་ལ་ངེས་པ་རྙེད་ཅིང་༔ སྣང་སེམས་ཀྱི་ངོ་བོ་ཆོས་ཟད་དུ་གྲོལ་བ་ནི་དོན་དམ་པའི་ལྷ་གྲུབ་ཅིང་མཆོག་གི་དངོས་གྲུབ་ཐོབ་པ་ལ་སོགས་པའི་རྟགས་རྣམས་འབྱུང་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྟགས་ཀྱི་བསྙེན་པ་ནི་གང་ཟག་གི་སྒྲིབ་པ་ཆེ་ཆུང་ཡིན་ཞིང་༔ གྲངས་ཀྱི་བསྙེན་པ་ནི་གོང་དུ་སྨོས་པ་ལྟར་རོ༔ དུས་ནི་བསྙེན་གྲངས་ཀྱིས་འཛིན་ཏེ༔ སྒྲུབ་པ་པོའི་བརྩོན་འགྲུབ་ལ་རག་ལས་སོ༔ དེ་ལྟར་དུས་རྟགས་གྲངས་གསུམ་གྱི་སྲང་ལ་བཅུན་ནས་ཡང་དག་པར་བསྒྲུབ་པའི་རྣལ་འབྱོར་ཕོ་མོ་ལ༔ བདག་ཉིད་པདྨས་དངོས་གྲུབ་ནི་སྟེར༔ དབང་མཆོག་ནི་བསྐུར༔ བྱིན་རླབས་ནི་འཐོབ་སྟེ༔ བདག་ཉིད་པདྨ་འབྱུང་གནས་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་གང་ཟག་ལ་མ་གཅིག་བུ་ལ་བརྩེ་བ་ལྟར་དུས་གསུམ་རྒྱུན་ཆད་མེད་པར་སྐྱོབ་པར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཕྱི་ནང་གི་རྟགས་དང་བསྙེན་གྲངས་རྣམས་རྫོགས་ནས་སྒྲུབ་རྫས་རྣམས་གནས་ལྔར་གཏུག་ཅིང་ཏིང་ངེ་འཛིན་གྱིས་དབང་བླང་ངོ༔ སྐུ་འབག་སོགས་རྫས་རྣམས་བླ་རྡོར་བཅང་ཞིང་དམ་མེད་ལ་སྦ་བར་བྱའོ༔ རྗེས་ཚོགས་ཀྱི་འཁོར་ལོ་བསྐོར༔ གླུ་གར་གྱི་ཉམས་སྐྱོང་ངོ༔ ཞི་རྒྱས་ཀྱི་སྦྱིན་སྲེག་འདེབས༔ སྒྲུབ་པའི་རྗེས་མི་མངོན་པར་བྱའོ༔ སྒྲུབ་པ་འདིའི་དམ་ཚིག་ཏུ༔ བདེ་གཤེགས་ཀུན་འདུས་ཐོད་པ་རྩལ་གྱི་སྐུ་ཆེ་ཆུང་གང་རིགས་ཤིག་དང་སྒྲུབ་ཡིག་པོ་ཏི༔ བྷནྡྷ་མཚན་ལྡན་རྣམས་དུས་རྟག་ཏུ་བཅང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རང་གི་སྒྲུབ་པ་རང་གིས་བརྩམས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ བཀའ་འདི་རྡོ་རྗེ་ལེགས་པས་སྲུངས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་ཉི་མ་གྲགས་པས་ཏེ་སེའི་གངས་ནས་རྙེད་དོ། །སརྦ་མངྒ་ལཾ། །བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ནང་སྒྲུབ་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་ཐོད་ཕྲེང་གིས༔ སྔོན་འདས་བསྐལ་པའི་གོང་རོལ་ནས༔ སངས་རྒྱས་སྟོང་གི་མཐུ་རྡུགས་དུས༔ རྩོད་ལྡན་དུས་ཀྱི་ཡང་མཐའ་ལ༔ འགྲོ་བ་འདུལ་བའི་སྨོན་ལམ་བཏབ༔ དེ་ཕྱིར་རིག་འཛིན་རྒྱུད་ལ་བརྟེན༔ རང་གི་སྒྲུབ་པ་རང་གིས་འབྲི༔ ཉམས་སུ་ལོངས་ཤིག་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གནས་བཟང་ཞིང་ཡིད་དང་མཐུན་པ༔ ཕྱི་ནང་གི་གཡེང་བ་མེད་པ༔ ཁ་ནུབ་བམ་ལྷོར་བསྟན་པ༔ རྒྱབ་རི་རྩེ་ཐོན་པ་ཞིག་ཏུ༔ སྒྲུབ་ཁང་སྐྱང་ནུལ་ལེགས་པར་བྱས༔ མདུན་དུ་གཞི་མ་གཙང་མའམ༔ སྟེགས་བུ་འབྱོར་ན་རབ་སྟེ༔ འབྲུའི་ཚོམ་བུ་ལྷ་གྲངས་ལྟར་བཀོད༔ དབུས་སུ་ཁྲིའུ་ཁར་གཏོར་མ་རིན་པོ་ཆེ་འོད་དུ་འབར་བ་ལ༔ དང་པོར་པད་འདབ་བརྒྱད༔ དེའི་འོག་ཏུ་པད་འདབ་བརྒྱད༔ དེའི་འོག་ཏུ་པད་འདབ་བཅུ་བཞི༔ དེའི་འདབས་སུ་རིལ་བུ་བཅུ་བཞི༔ པདྨ་རྣམས་ཀྱི་མཚམས་སྟོད་སྨད་རྣམས་སུ་རིལ་བུ་རེ་རེས་བརྒྱན་པ༔ སྤོད་དང་ཛ་གད་འབྲུ་སྣ་སྨན་སྣ་རྣམས་གཟུངས་གཞུག་ཏུ་དབུལ་ཞིང་༔ མདོར་ན་ཤ་ལྔ་བདུད་རྩི་ལྔ་སོགས་དང་༔ དར་ཟབ་གསེར་གཡུ་མུ་མེན་བྱི་རུ་ཤེལ་ལ་སོགས་པ་རྣམས་ཀྱང་གཏོར་མ་དེའི་གཟུངས་ལ་གཞུག་གོ༔ རང་གི་རྩ་བའི་བླ་མ་ཡབ་ཡུམ་གྱི་བྱང་སེམས་དབུ་ལོ་ཕྱག་སེན་རྣམས་སྟོད་ཀྱི་ཆ་ལ་གཞུག་གོ༔ བར་གྱི་ཆ་ལ་བླ་རྡོ་གཞུག་གོ༔ གཏོར་མ་དེའི་གཡས་སུ་དུམ་བུ་གཅིག་པའི་སྣོད་ནང་དུ་ཡུམ་གྱི་བྱང་སེམས་དཀར་དམར་དང་༔ ཨ་མྲྀ་ཏ་བཏབ་པའི་ཛ་གད་བཤམས༔ གཡོན་དུ་རཀྟ་རྣམ་པ་བཞིས་བརྒྱན་པའི་ཁྲག་བྷན་ངྷར་བཤམ་མོ༔ མདུན་དུ་བཀའ་སྲུང་གི་གཏོར་མ་ཞལ་གཙོ་བོ་ལ་བསྟན་པ་བཤམ་མོ༔ རྒྱབ་ཏུ་ནོར་ལྷའི་གཏོར་མ་བཤམ་མོ༔ གཏོར་མ་རིན་པོ་ཆེ་འོད་དུ་འབར་བ་ལ་གཙོ་བོ་ཡབ་ཡུམ་གྱི་ཙཀ་ལིས་བརྒྱན༔ དར་དཀར་དམར་གྱི་གུར་ཕུབ༔ དྲི་བཟང་དང་ཤ་ཆེན་གྱི་སྤོས་བཏང་༔ རྐང་གླིང་དང་ཐོད་རྔ་འཁྲོལ༔ ལས་བྱང་གཞུང་བསྲང་ཞིང་གཙོ་བོ་ཡབ་ཡུམ་གྱི་མངོན་རྟོགས་ཀྱི་མཇུག་ཏུ་གོ་ཆའི་ལྷ་དཔལ་ཆེན་པོ་བརྒྱད་བཀོད་པ་ནི༔ ཧཱུྃ་ཧྲཱི༔ དེ་ཡི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ གྲི་ཐོད་ཕྱག་རྒྱ་གསང་བའི་ཡུམ་ལ་འཁྱུད༔ གནམ་ཞལ་དབྱིངས་ཕྱུག་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ མི་འགྱུར་དཔྲལ་བ་མཛོད་སྤུའི་འོད་ཀློང་དུ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ འཁོར་ལོ་སྡིག་མཛུབ་གསང་བའི་ཡུམ་ལ་འཁྱུད༔ པེ་ཏ་ཙ་ལི་ནག་མོ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ མགྲིན་པ་གསུང་གི་རང་མདངས་འཁྱིལ་བའི་ཀློང་༔ བཅོམ་ལྡན་དཔལ་ཆེན་གསུང་མཆོག་ཧེ་རུ་ཀ༔ དམར་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོར་དྲིལ་ཕྱག་རྒྱ་གསང་བའི་ཡུམ་ལ་འཁྱུད༔ པདྨ་གཟི་ལྡན་དམར་སྐྱ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ ཐུགས་ཀར་ཆོས་དབྱིངས་ཡེ་ཤེས་འོད་ཀྱི་ཀློང་༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོར་དྲིལ་ཕྱག་རྒྱ་གསང་བའི་ཡུམ་ལ་འཁྱུད༔ བཛྲ་ཀྲོ་ཏི་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ ལྟེ་བར་སྣ་ཚོགས་འོད་ཀྱི་ཀློང་དཀྱིལ་དུ༔ བཅོམ་ལྡན་དཔལ་ཆེན་སྲས་མཆོག་ཧེ་རུ་ཀ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ གནམ་ལྕགས་ཕུར་པ་འདྲིལ་ཞིང་ཡུམ་ལ་འཁྱུད༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ བདེ་ཆེན་གསང་གནས་རང་འོད་འབར་བའི་ཀློང་༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོ་རྗེ་བྷན་དམར་གསང་བའི་ཡུམ་ལ་འཁྱུད༔ ཡུམ་ཆེན་མུ་ཁ་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ གང་འདུལ་ཐབས་ཀྱི་རང་བཞིན་བརླ་གཡས་དཀྱིལ༔ བཅོམ་ལྡན་དཔལ་ཆེན་མཆོད་བསྟོད་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོ་རྗེ་ཐོད་ཁྲག་གསང་བའི་ཡུམ་ལ་འཁྱུད༔ ནག་མོ་སྲིད་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཤེས་རབ་རང་བཞིན་བརླ་གཡོན་དཀྱིལ༔ བཅོམ་ལྡན་དཔལ་ཆེན་དྲག་སྔགས་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བགྲད༔ ཙིཏྟ་ཐོད་ཁྲག་གསང་བའི་ཡུམ་ལ་འཁྱུད༔ འབྱུང་བའི་བདག་མོ་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ དཔལ་ཆེན་ཡབ་ཡུམ་ཐམས་ཅད་ཁྲོ་གཏུམ་སྒེག༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་སྡང་མིག་བགྲད༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་རིན་ཆེན་བརྒྱན༔ རུས་རྒྱན་དུར་ཁྲོད་ཆས་དང་གཤོག་པ་ལྡིང་༔ ཆེ་མཆོག་དབུ་ལ་ཡེ་ཤེས་ཁྱུང་གིས་བརྒྱན༔ ཡུམ་རྣམས་གྲི་ཐོད་སྤྱན་གསུམ་དམར་ལ་འཁྲུག༔ དབུ་སྐྲ་ཐུར་འཕྱང་རུས་རྒྱན་གཟིག་ཤམ་སྤྲས༔ ཉི་ཟླ་པད་གདན་རང་འོད་ཀློང་དུ་བསྐྱེད༔ ཅེས་པ་འདི་ནས་འཁོར་གྱི་ལྷ་རྣམས་བསྐྱེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྒྲུབ་པའི་དངོས་གཞི་ལ༔ དམིགས་པའི་འཕྲུལ་འཁོར་གསང་གནད་ནི༔ འབྱུང་བཞི་འདུས་པའི་རང་ལུས་འདི༔ ཡེ་ནས་རྣམ་དག་ཕོ་བྲང་དབུས༔ རང་སེམས་རིག་པའི་རྒྱལ་པོ་འདི༔ ཡེ་ནས་རང་བྱུང་ཡི་དམ་ལྷ༔ འདུ་འབྲལ་མེད་པའི་ལྷ་དང་ཞིང་༔ དེས་ན་ཕྱི་རབས་རྣལ་འབྱོར་པས༔ རང་ལུས་ལྷ་ཡི་ཕོ་བྲང་འདི༔ མཚན་ཉིད་ལྡན་པའི་ཞིང་ཁམས་དཀྱིལ༔ ཙིཏྟ་རིན་ཆེན་གཞལ་ཡས་ཁང་༔ རྣམ་ཤེས་འདབ་བརྒྱད་ཕྱི་ནང་བཅས༔ དབུས་སུ་གཙོ་མཆོག་ཐོད་པ་རྩལ༔ ཡུམ་མཆོག་མཁའ་འགྲོ་མན་ངྷ་རཱ༔ གོ་ཆ་དཔལ་ཆེན་ཡབ་དང་ཡུམ༔ རིག་འཛིན་སློབ་དཔོན་གྲུབ་ཆེན་བརྒྱད༔ བཀའ་བབས་བཀའ་སྡོད་སྒོ་བ་སོགས༔ མ་འགགས་རོལ་པའི་ཡེ་ཤེས་ལྷ༔ ཡབ་ཡུམ་བདེ་ཉམས་གར་དགུར་ལྡན༔ རྣམ་པ་གསལ་ལ་རྣམ་དག་དྲན༔ ང་རྒྱལ་བརྟན་པའི་ཏིང་འཛིན་གྱིས༔ བདག་དང་མདུན་བསྐྱེད་གཉིས་མེད་བསྒོམས༔ ཐུགས་ཀར་ཉི་དཀྱིལ་འོད་ཀྱི་ཀློང་༔ ས་བོན་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ གཡས་གཡོན་འཁོར་ཞིང་ཞལ་ནས་ཐོན༔ འོད་ཟེར་སྣ་ཚོགས་རྟ་ལ་ཞོན༔ མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས༔ ཐུགས་ཀར་སྔགས་འབྲུ་རྣམས་ལ་ཐིམ༔ མཆོད་པས་ཐུགས་དམ་རྒྱུད་བསྐུལ་ནས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཁྱད་པར་བདག་ཉིད་ཐོད་པ་རྩལ༔ འོག་མིན་ཞིང་དང་ལྷོ་ནུབ་ནས༔ ཁ་བ་བུ་ཡུག་འཚུབས་ལྟར་བྱོན༔ དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི༔ མ་ཡེངས་དགོངས་པའི་གཟེར་གདབ་སྟེ༔ འཛབ་ཀྱིས་བསྐུལ་ཞིང་འདི་ལྟར་བཟླ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ངྷེ་ཝ་ངྷཀྐི་ནི༔ བཛྲ་ས་མ་ཡ་ཛ༔ སིངྔྷི་ཕ་ལ་ཧཱུྃ༔ གྲངས་བསྙེན་འབུམ་ཚོ་བཅུ་གསུམ་བགྲང་༔ དུས་ནི་ཟླ་བ་གཉིས་ཀྱིས་འགྲུབ༔ རྟགས་ནི་རབ་དངོས་འབྲིང་ནི་ཉམས༔ ཐ་མ་ཡང་ནི་རྨི་ལམ་དུ༔ རིག་འཛིན་བླ་མ་བདེ་མཆོག་རྩལ༔ ཞི་བ་ཁྲོ་བོ་ཞི་མ་ཁྲོ༔ གང་རུང་ཚུལ་དུ་སྐུར་སྟོན་ཅིང་༔ དབང་བསྐུར་ཆོས་འཆད་ལུང་སྟོན་ནོ༔ གཞན་ཡང་དགེ་བའི་ལྟས་མང་འབྱུང་༔ འདི་ལྟར་བསྒྲུབ་པའི་སྐྱེས་བུ་ལ༔ རིག་འཛིན་པདྨ་བདག་ཉིད་ཀྱིས༔ བྱིན་གྱིས་བརླབ་ཅིང་དབང་མཆོག་བསྐུར༔ གནས་སྐབས་མཐར་ཐུག་ཡོན་ཏན་ནི༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་འགྲུབ༔ ཨོ་རྒྱན་ང་དང་སྐལ་པ་མཉམ༔ སྐྱེ་བ་པདྨ་འོད་དུ་འཕོ༔ རང་དོན་གྲུབ་ནས་གཞན་དོན་དུ༔ གང་འདུལ་སྤྲུལ་པས་འགྲོ་བ་འདྲེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒྲུབ་ལ་ཞུགས་པའི་སྐལ་ལྡན་དེས༔ སྣང་བ་མི་རྟོག་ཉམས་དང་བསྲེ༔ སྐབས་སུ་འཛབ་བྲོ་འཁྲབ་ཅིང་དབྱངས༔ སྐབས་སུ་ཧཱུྃ་གི་སྣང་གླུ་ལེན༔ སྐབས་སུ་ཀ་དག་ཀློང་དུ་བཞག༔ ཐུན་སྐབས་གཏོར་མ་དབུལ་ཞིང་མཆོད༔ བསྟོད་པ་དབྱངས་སྙན་རོལ་མོས་བསྟོད༔ ཐོ་རངས་དགོང་མོ་མཚན་དགུང་དང་༔ ཉིན་གུང་ལ་སོགས་སྐབས་རྣམས་སུ༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་ཞུ༔ འོད་ཟེར་སྤྲོ་བསྡུས་དབང་བཞི་བླང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དུས་རྟགས་གྲངས་གསུམ་གྱི༔ སྒྲུབ་པ་རྫོགས་ནས་གཏོར་ཆེན་ལས༔ དབང་བཞི་བླང་ཞིང་ཐུགས་དམ་བསྐུལ༔ གསང་བའི་བླ་རྡོ་ལུས་ལ་བཅང་༔ ཚོགས་འཁོར་ཆད་ཐོ་བསྟན་མ་སྐྱོང་༔ གླུ་བྲོ་བཀྲ་ཤིས་བསྔོ་སྨོན་བརྗོད༔ རྒྱུན་སྤྱོད་ལྷ་ཡི་རྣལ་འབྱོར་བསྒོམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒྲུབ་པ་འདི་ཡི་དམ་ཚིག་ཏུ༔ གསང་བའི་བླ་རྡོ་འབྲལ་མེད་བཅང་༔ ཐོད་པ་མཚན་ལྡན་ཨ་མྲྀ་ཏ༔ སྐུ་དང་རྡོ་རྗེ་དྲིལ་བུ་བཅང་༔ ཇི་སྲིད་རང་ཉིད་འཚོ་ཡི་བར༔ ཚེས་བཅུ་བཟུང་ལ་ཐུན་དྲུག་ཏུ༔ ཨོ་རྒྱན་ང་ལ་གསོལ་བ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ནང་སྒྲུབ་གསང་བ་བླ་མེད།

ནང་སྒྲུབ་གསང་བའི་བླ་མེད་འདི༔ རིག་འཛིན་བཀའ་བབས་ཀླུ་དབང་དང་༔ མངའ་བདག་རྗེ་འབངས་རྣམས་ལ་གདམས༔ མ་འོངས་འགྲོ་བའི་དོན་བསམས་ནས༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ བསྲུང་མ་རྣམས་ཀྱིས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ བདག་སྤྲང་བན་ཉི་མ་གྲགས་པས་ཏེ་སེ་ནས་རྙེད་པ་ལགས་སོ། །སརྦ་མངྒ་ལཾ། །

གསང་སྒྲུབ་སྣང་སྲིད་ཟིལ་གནོན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ གསང་སྒྲུབ་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿརིག་འཛིན་འདུས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་སྐལ་ལྡན་ནི༔ ཆོས་ལ་སྤྱོད་པའི་རྣལ་འབྱོར་དོན༔ སྒྲུབ་ཐབས་ཀུན་གྱི་མཐར་ཐུག་པ༔ གསང་སྒྲུབ་སྣང་སྲིད་ཟིལ་གནོན་གྱི༔ མན་ངག་ཨོ་རྒྱན་བདག་གིས་འབྲི༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་རྣམས་མ་སྐྱེས་སྐྱེ་བ་མེད༔ འགག་པ་མེད་ཅིང་གནས་པ་མེད༔ འཁོར་འདས་རོལ་པ་སྣ་ཚོགས་པ༔ རང་བྱུང་ཆོས་ཉིད་རྒྱན་དུ་ཆེ༔ རྒྱན་དུ་ཆེ་ཞིང་རྒྱན་དུ་རོལ༔ ངོ་བོ་ཉིད་ཀྱི་རྩལ་སྣང་དུ༔ ཡེ་ནས་ཤར་ཞིང་ཡེ་ནས་གྲོལ༔ གྲོལ་འཁྲུལ་འཛིན་པའི་བླང་དོར་རྣམས༔ ཀ་དག་ཡེ་རྒྱས་ཀློང་བརྡལ་ཕྱིར༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས༔ ཡང་ཟབ་འདི་བཞིན་ཉམས་སུ་ལོངས༔ དགོན་པའམ་ནི་དུར་ཁྲོད་དང་༔ ཚོང་དུས་གྲོང་ཁྱེར་སྲང་མདོ་སོགས༔ རང་ཉིད་གང་ན་གནས་པའི་ཡུལ༔ ཡེ་ནས་དག་པ་མཁའ་སྤྱོད་ཞིང་༔ རིག་འཛིན་རྒྱལ་བའི་ཕོ་བྲང་ཡིན༔ འབྱུང་བཞི་འདུས་པའི་རང་ལུས་འདི༔ རང་བྱུང་དམ་ཚིག་སེམས་དཔའ་ཡིན༔ གདོད་ནས་དག་པའི་སེམས་ཉིད་འདི༔ ཆོས་སྐུ་ཡེ་ཤེས་སེམས་དཔའ་ཡིན༔ སྣང་བ་མ་འགགས་ཟང་ཐལ་འདི༔ ཀུན་བཟང་རྒྱལ་པོ་ཧེ་རུ་ཀ༔ ངོ་བོ་རིག་པའི་ཡེ་ཤེས་འདི༔ རིག་འཛིན་རྒྱལ་བོ་ཐོད་པ་རྩལ༔ སྐྱེ་འགགས་གནས་གསུམ་སྤྲོས་བྲལ་སྟོང་༔ སྟོང་ཉིད་ཡུམ་ཆེན་མན་ངྷ་རཱ༔ སྣང་སྟོང་ཡེ་གྲོལ་ཀ་དག་འདི༔ མ་བཅོས་རང་བྱུང་ཆོས་དབྱིངས་ཐུགས༔ སོ་སོར་ཤར་བའི་རྣམ་ཤེས་བརྒྱད༔ རིག་འཛིན་བཞི་དང་སློབ་དཔོན་བཞི༔ ཐ་དད་མེད་ཅིང་འཛིན་པ་བྲལ༔ རང་འོད་རང་ཤར་མཁའ་འགྲོ་བརྒྱད༔ ཡེ་ནས་རང་བྱུང་རང་ལ་གྲུབ༔ གྲུབ་པའི་རིག་འཛིན་ཆེན་པོ་དེ༔ རང་ལས་ཤར་ཞིང་རང་ལ་གྲོལ༔ བདེ་བ་སྤེལ་བའི་རིག་མ་བརྒྱད༔ མ་བཅོས་ཆོས་དབྱིངས་ཀློང་དུ་བརྡལ༔ དོན་གྱི་བཀའ་བབས་སློབ་དཔོན་དགུ༔ གང་འདུལ་འཕྲིན་ལས་རྣམ་པ་བཞི༔ རིག་འཛིན་གིང་ཆེན་སྒོ་བ་ལ༔ བདག་སོགས་ལྟ་བཞི་དབྱིངས་སུ་དག༔ རིག་འཛིན་མཁའ་འགྲོ་སྒོ་མ་བཞི༔ ཐམས་ཅད་རང་བྱུང་རང་བཞིན་ཀློང་༔ རང་གསལ་རང་བྱུང་རང་ངོ་ལྟོས༔ བལྟ་བྱ་ལྟ་བྱེད་རྟོགས་ཚོགས་བྲལ༔ མཐོང་མེད་མཐོང་བ་དོན་གྱི་ལྷ༔ མ་བསྒྲུབས་ཡེ་ནས་རང་ལ་གནས༔ རེ་དོགས་བསྒྲུབས་ཀྱང་ལྷ་མི་འགྲུབ༔ མ་བཙལ་བཞག་པས་རང་ས་ཟིན༔ གདོད་མའི་རིག་འཛིན་ཆོས་ཀྱི་སྐུ༔ མ་ཡེངས་འཛིན་མེད་གཟེར་གྱིས་ཐོབ༔ སྤྲོས་བྲལ་བློ་འདས་ཆེན་པོར་ཞོག༔ རང་བྱུང་རོལ་པའི་འཛབ་འདི་བགྲང་༔ ཨཱོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བཟླས་རང་རིག་དྲི་མེད་འདི༔ ཡེ་ནས་རང་བྱུང་ཧེ་རུ་ཀ༔ དཔའ་བོ་དཔའ་མོའི་རང་བཞིན་ལ༔ ཡིན་ལ་ཡིན་བཞིན་རང་གསལ་གདབ༔ ཆོས་དབྱིངས་ཡེ་ཤེས་འཛབ་བསྙེན་འདི༔ འབུམ་ཚོ་བཅུ་གསུམ་གྲངས་ཐེམས་ན༔ བླ་མ་རིག་འཛིན་ཧེ་རུ་ཀ༔ གཉིས་མེད་འབྲས་བུ་བླ་མའི་ས༔ བཅུ་གསུམ་འཁོར་ལོ་ཚོགས་ཆེན་འཐོབ༔ སྒྲུབ་པ་འདི་ཡི་དྲོད་རྟགས་ཀྱིས༔ ཟག་བཅས་ཟག་མེད་ཀློང་དུ་གྲོལ༔ སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར༔ གནས་སྐབས་འབྱུང་བཞིར་རང་དབང་སྒྱུར༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟིལ་གྱིས་གནོན་ཅིང་ཆོས་ལ་འགོད༔ རིག་འཛིན་རྒྱལ་པོ་ཧེ་རུ་ཀ༔ པདྨ་ང་དང་སྐལ་པ་མཉམ༔ དུས་གནས་རྫས་དང་ཡོ་བྱད་རྣམས༔ སྒྲུབ་པ་ཟབ་མོ་འདི་ལ་མེད༔ བླང་དོར་འཛིན་པའི་མཐའ་དང་བྲལ༔ གང་ལྟར་བསྒྲུབ་ཀྱང་མི་འགྲུབ་མེད༔ འགྲུབ་དང་མི་འགྲུབ་རེ་དོགས་བྲལ༔ ཡང་གསང་སྒྲུབ་པའི་མཐར་ཐུག་ཡིན༔ པདྨ་འབྱུང་གནས་ཧེ་རུ་ཀ༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་ངང་ནས་མངོན་སུམ་མཇལ༔ ཆོས་འཆད་ལུང་སྟོན་ངོ་སྤྲོད་འདེབས༔ དེ་ཚེ་རང་དང་བླ་མ་གཉིས༔ དབྱེར་མེད་ཆོས་དབྱིངས་ངང་དུ་ཀློད༔ ས་མ་ཡཱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨེ་མ་བདག་ཉིད་པདྨ་ཡིས༔ ཁ་བ་ཅན་གྱི་རི་ལྗོངས་འདིར༔ སྒྲུབ་ཐབས་མན་ངག་མང་སྦས་ཀྱང་༔ ཡང་ཟབ་སྒྲུབ་པའི་སྙིང་པོ་འདི༔ གཏེར་ཁ་འདི་མིན་གཞན་ལ་མེད༔ ཅི་ཕྱིར་རིག་འཛིན་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཕྱིར༔ སྙིང་ཐིག་ཆོས་དབྱིངས་སྒྲུབ་པ་འདི༔ སྐལ་ལྡན་རེ་རེའི་ཆོས་སྐལ་ལས༔ མང་དུ་སྤེལ་བར་མི་རུང་བས༔ རིན་ཆེན་ས་ལ་གཏེར་དུ་སྦེད༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཕྲད་ནས་ཆོས་སྐུར་གྲོལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱརྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་རྙེད། །མངྒ་ལམ།། །།

ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་སྒྲུབ་ཐབས་བཞུགས་སོ༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་སྐལ་ལྡན་དོན༔ རྩ་གསུམ་ཀུན་འདུས་དཔལ་ཆེན་པོ༔ བདེ་མཆོག་དབང་གི་འཁོར་ལོ་ལས༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི༔ སྒྲུབ་ཐབས་རིམ་པ་གསལ་བར་བྱ༔ མ་འོངས་བུ་ཡིས་ཉམས་སུ་ལོང་༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ཡང་ནང་སྒྲུབ་ཀྱི་བསྙེན་པ་རྫོགས་ནས༔ དཀྱིལ་འཁོར་བཅའ་གཞི་གཏོར་ཚོགས་བཀོད་པ་སོགས་རང་གཞུང་དེའི་སྟེང་ནས༔ ལས་ཀྱི་གཞུང་བསྲང་ཞིང་འཛབ་ཀྱིས་བསྐུལ་ཏེ༔ ཕྱི་ནང་གཉིས་ཀྱི་བསྙེན་པ་དུམ་རེ་བསྐྱལ༔ རང་རང་གི་གཞུང་ལྟར་གྱི་བསྐྱེད་རིམ་དང་དམིགས་པའི་འདུ་འཕྲོ་སྒྱུར༔ དེ་ནས་རང་ཉིད་བླ་མ་ཧེ་རུ་ཀར་གསལ་བའི་སྤྱི་གཙུག་ཆེ་མཆོག་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་དུ་ཐུགས་སྲོག་ཧཱུྃ་སྨུག་ནག་གི་མཐར༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཧཱུྃ་ཕཊ༔ ཅེས་་པའི་སྔགས་འབྲུ་རྣམས་རང་སྒྲ་དིར་དིར་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་རང་གིས་བཟླས་པའི་ཚེ༔ མར་མེ་གཅིག་ལས་གཉིས་མཆེད་ཀྱི་རྣམ་པར་འོད་ཀྱི་ཐག་པ་ལ་ཞོན་ནས་སྔགས་འཕྲེང་མདུན་བསྐྱེད་ཀྱི་ཆེ་མཆོག་གི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་ཡབ་ཡུམ་བདེ་བས་དགྱེས་ཏེ་སྔགས་འཁོར་དྲག་ཏུ་འཁོར་བ་ལས་འོད་ཟེར་འབུམ་ཕྲག་དུ་མ་རོ་གཅིག་ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་ལས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ མཉེས་པའི་མཆོད་པར་གྱུར༔ བདེ་བར་གཤེགས་པ་ཞིང་རབ་འབྱམས་ཀྱི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་དགྱེས་ཤིང་རབ་ཏུ་དགྱེས་པ་ལས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཡོན་ཏན་དྲག་རྩལ་སྟོབས་དང་གཟི་བརྗིད་ཐམས་ཅད་སྐུ་ཡེ་ཤེས་སེམས་དཔའ་ཆེ་མཆོག་ཧེ་རུ་ཀའི་རྣམ་པ་ཆེ་ཆུང་ངེས་མེད་རྣམ་པ་གྲངས་མེད་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་བདག་མདུན་གྱི་བསྐྱེད་རིམ་གསལ་བའི་ཆེ་མཆོག་ཧེ་རུ་ཀཿལ་ཐིམ༔ དེ་བཞིན་དུ་གསུང་འཛབ་ཀྱི་སྙིང་པོ་ཡིག་འབྲུ་དང་༔ ཐུགས་ཕྱག་མཚན་གྲི་གུག་དང་ཐོད་པ་བདུད་རྩི་ལ་སོགས་ཀྱི་རྣམ་པ་ཡང་སྔར་ལྟར་དཔག་ཏུ་མེད་པ་ཐིམ་པའི་བྱིན་རླབས་ལ་བརྟེན་ནས༔ དཔལ་ཆེན་ཡབ་ཡུམ་གཟི་མདངས་རྒྱས་ཤིང་བདེ་བས་དགྱེས་པ་ལས་འོད་ཟེར་གྱི་ཚོགས་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་གང་ཞིང་ཉི་ཟླའི་ཟེར་འབུམ་ཕྲག་དུ་མ་བརྡལ་བ་ཙམ་འཁྲུག་པས་བདུད་དང་ལོག་པར་འདྲེན་པའི་གདོན་བགེགས་ཐམས་ཅད་ཚར་བཅད་ཅིང་རྡུལ་དུ་བརླགས༔ ཆེ་བཙན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན༔ ལྷ་འདྲེ་མི་གསུམ་གྱི་ནུས་སྟོབས་དང་ཡོན་ཏན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་དབང་དུ་བསྡུས་ཏེ༔ སྐུ་འདུ་བའི་སྦྱོར་བས་ཡོངས་སུ་བསྟིམས་པས་ནུས་སྟོབས་དང་ཡོན་ཏན་ཆེས་ཆེར་ཁྱད་དུ་འབར་ཞིང་༔ སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དབང་དྲག་འབར་བའི་ཞིང་ཁམས་ཀྱི་དུར་ཁྲོད༔ བཅུད་ཀྱི་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཐམས་ཅད་ཀྱང་དཔལ་ཆེན་པོའི་རང་བཞིན༔ སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ༔ རྟོག་པ་ཅི་ཤར་བ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་གདོད་མ་ནས་དག་པའི་ཆོས་ཉིད་ཟངས་ཐལ་དུ་ལམ་ལམ་གསལ་ཞིང་གོང་གི་སྙིང་པོ་ལ་འབུམ་ཚོ་གཅིག་བཟླ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་བཞིན་དུ་དཔལ་བདུན་པོ་ལ་ཡང་དམིགས་པ་གོང་མ་ལྟར་རིགས་འགྲེ་ཞིང་༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཡང་དག་གོ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ གཤིན་རྗེའོ༔ ཨཱོཾ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དབང་ཆེན་ནོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བྷིགྣན་བཾ་ཧཱུྃ་ཕཊ༔ སྲས་མཆོག་གོ༔ ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགྷུ་ཧྱ་ཛྙཱ་ན་ཀྲོ་ཏཱིི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མ་མོའོ༔ ཨཱོཾ་བཛྲ་ཙནྜ་སརྦ་དུཥྟཱན་ཧཱུྃ་ཕཊ༔ དྲེགས་པའོ༔ ཨཱོཾ་བཛྲ་སརྦ་དུཥྟཱན་ཧཱུྃ་ཕཊ༔ སྟོབས་ལྡན་ནོ༔ དེ་ལྟར་དཔལ་ཆེན་པོ་བརྒྱད་ཀྱི་གྲངས་བསྙེན་ནི་གོང་མ་དང་འདྲ་ཞིང་འབུམ་ཚོ་རེ་རེས་མི་འགྲུབ་མི་སྲིད་པས་བརྩོན་འགྲུས་ཀྱི་རྟ་ཕོས་རྩལ་ཐོན་པ་བྱེད་དེ༔ ལེ་ལོ་དང་སྙོམས་ལས་སྤངས་ནས་ཚུལ་བཞིན་དུ་བསྒྲུབ་པ་གལ་ཆེའོ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི་སྤྱིར་སྒྲུབ་ཐབས་གཞན་རྣམས་དང་འདྲ་ཞིང་ཁྱད་པར་དུ་རབ་འབྲིང་ཐ་མའི་ཚུལ་གྱིས་ཞལ་མཇལ་བ༔ གསུང་ཐོས་པ་ཡང་དག་པའི་ལྟ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ་སོགས་དང་༔ བྲག་གཤགས་པ་ལིངས་བཏབ་པ་ལྡེར་བཟོ་བཅོམས་པ་གཡུལ་ལས་རྒྱལ་བ་མཚོན་དང་ཕྱག་མཚན་རྙེད་པ༔ ཁྱི་དང་བྱི་ལ་བརྡུངས་པ་དང་བསད་པ་སོགས་གདོན་བགེགས་ཐུལ་བའི་རྟགས་དང་༔ གཏེར་བཏོན་པ་ནམ་མཁའ་ལ་འཕུར་བ་ཉི་ཟླ་ཤར་བ་ཞོན་པ་བུད་མེད་བཟང་མོས་ཆང་འདྲེན་པ་སོགས་དངོས་གྲུབ་ཐོབ་པའི་རྟགས་རྣམས་འབྱུང་ངོ༔ སྔགས་གྲངས་རྫོགས་ཀྱང་རྟགས་རྣམས་མ་གསལ་ན༔ སྔགས་དམིགས་ཀྱི་སྤྲོ་བསྡུ་སོགས་ལ་ལེ་ལོ་སོང་བའི་རྟགས་ཡིན་པས་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་གདབ༔ སྒྲུབ་པ་ལ་བརྩོན་པའི་གོ་ཆ་འཛབ་བསྐུལ་ལྟར་བརྩོན་ཞིང་༔ སྐྱེ་ཤི་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་བསྒྲུབ་སྙམ་པའི་ཞེ་བཅད་དྲག་པོའི་ངང་ནས་སྒྲུབ་པ་སླར་སྐྱོར་བར་བྱའོ༔ ཐོས་ཆུང་གསར་བུ་འགའ་ཞིག་གིས་རང་གི་བརྩོན་འགྲུས་ཆུང་བ་དང་སྙིང་རུས་མེད་པ་མི་སེམས་པར་བསྒྲུབས་པ་ལ་དྲོད་མེད་པར་འདུ་ཤེས་ནས༔ བསྒྲུབ་པའི་འཕྲོ་བཅད་ན་ནི་བར་ཆད་དུ་སོང་བ་ཞེས་བྱ་སྟེ་ཚེ་འདིར་ཡང་མི་རུང་བ་སྣ་ཚོགས་ཤིག་འབྱུང་ཞིང་༔ ཚེ་རབས་མང་པོར་གསང་སྔགས་ཀྱི་སྒྲ་མི་ཐོས་པར་འགྱུར་བས་སྒྲུབ་པ་ལ་བརྩོན་འགྲུས་སྐྱེད་ཅིག༔ ཡང་ཁ་ཅིག་བསྙེན་པ་མ་རྫོགས་པ་ལ་རྟགས་གསལ་ན་སྒྲུབ་རྫས་ལས་དབང་བཞི་ལེན་ཞིང་དགའ་བྲོད་ཀྱི་བདུད་མ་ཞུགས་པར་བྱས་ཏེ་བསྙེན་པ་ཚད་དུ་འཁྱོལ་བར་བྱའོ༔ རྟགས་གསལ་བ་ཙམ་གྱིས་ང་རྒྱལ་ཏེ་བསྙེན་པ་འཕྲོ་བཅད་ན་དེ་ཡང་ལམ་ལས་གོལ་བར་ཤེས་པར་བྱའོ༔ ལར་དངོས་གྲུབ་ཀྱིི་བདུད་ལ་ཐེ་ཚོམ་དང་ཡིད་གཉིས་ཆེ་བས་ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས་འཇུག་པ་ནི༔ ཡང་དག་པའི་མན་ངག་གོ༔ ཐུན་སྐབས་རྣམས་སུ་ཕྱི་ནང་གསང་གསུམ་གྱི་མཆོད་པས་ལས་བྱང་ལྟར་མཆོད་ཅིང་བསྟོད་པས་འདི་ལྟར་བསྟོད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ གནམ་ཞལ་ཁྲོ་མོ་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ པེ་ཏ་ཙ་ལི་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས༴ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་གསུང་མཆོག་ཧེ་རུ་ཀ༔ དམར་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ པདྨ་གཟི་ལྡན་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ༴ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མཐིང་དག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ བཛྲ་ཀྲོ་ཏི་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ༴ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་སྲས་མཆོག་ཧེ་རུ་ཀ༔ ལྗང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ༴ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ མཐིང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ མུ་ཁ་མཐིང་ནག་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར༴ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་མཆོད་བསྟོད་ཧེ་རུ་ཀ༔ མཐིང་ནག་འབར་བའི་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ སྲིད་པ་སྤྱི་འདུལ་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ༴ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་དྲག་སྔགས་ཧེ་རུ་ཀ༔ མཐིང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་རོལ་མོ་སོགས་སྒྲོག་ཅིང་གུས་པའི་ཡིད་ཀྱིས་རང་དང་གཉིས་སུ་མེད་པར་བསྟོད་དོ༔ བསྙེན་སྒྲུབ་རྫོགས་ནས་སྒྲུབ་རྫས་ལས་དབང་བཞི་ལས་བྱང་ལྟར་ལེན་ཞིང་བླ་རྡོ་བཅང་ལུགས་སོགས་ནང་སྒྲུབ་གཞུང་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་སྔགས་རྒྱུད་ལུང་མང་པོའི་བཅུད༔ སྣོད་ལྡན་སློབ་མ་རྗེ་འབངས་ཁྱེད་རྣམས་ལ༔ ད་ལྟ་བདག་གིས་སྒྲུབ་ལུང་མན་ངག་བཤད༔ ཁྱེད་རྣམས་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་གྲོལ༔ འཆི་བ་དང་པོ་འོད་གསལ་ཆོས་ཀྱི་སྐུ༔ ཁྱེད་རྣམས་ཡི་དམ་ལྷ་དང་གཉིས་སུ་མེད༔ སྤྲུལ་པས་ཁམས་གསུམ་འཇིག་རྟེན་ཐམས་ཅད་དང་༔ ཁྱད་པར་ཁ་བ་ཅན་གྱི་རི་ལྗོངས་འདིར༔ དུས་གསུམ་ཀུན་ཏུ་འགྲོ་བའི་དོན་ཆེན་བྱེད༔ ཁྱད་པར་ལོ་ཙཱ་ཀླུ་ཡི་དབང་པོ་ཁྱོད༔ རྩོད་ལྡན་ཐ་མ་བསྟན་པའི་མར་ཞབས་ལ༔ ཁམས་སུ་སྐྱེས་ནས་དབུས་ཀྱི་ཕྱོགས་སུ་འཁྱར༔ སྒྲོལ་མའི་སྤྲུལ་པ་བུ་མོ་ཨ་ཡི་མིང་༔ ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་ཆོས་འདི་རྙེད༔ དེ་ཚེ་ཡ་ག་བཀུར་འདེབས་འབར་གཞི་དང་༔ སུ་འགྲོགས་སྣང་བ་ཐེངས་གསུམ་ལོག་པ་ཡོང་༔ ཅི་ཕྱིར་ཞེ་ན་གསང་སྔགས་གཏེར་སྒྲོམ་འདི༔ ཡིད་བཞིན་ནོར་བུ་བས་ཀྱང་འཚེངས་ཆེ་ཞིང་༔ མཆོག་གི་དངོས་གྲུབ་དམ་པར་ལོངས་སྤྱོད་ཚེ༔ རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་ཀྱིས༔ འགྲོ་བའི་ཤེས་རྒྱུད་གཡོ་ཞིང་ཉོན་མོངས་སློང་༔ ང་ཡི་སྤྲུལ་པས་མཐོང་ཐོས་སྐྱེ་འགྲོ་རྣམས༔ དག་པའི་ཞིང་ལ་ཁྱུ་དེད་བྱེད་པ་ལ༔ མ་རུངས་ལྷ་འདྲེ་མི་གསུམ་བདུད་སྤྲུལ་གྱིས༔ ལོག་པའི་ལམ་འཛུད་འགྲོ་བ་ངན་འགྲོར་འཁྲིད༔ དེ་ཚེ་སེམ་ཞུམ་མི་དགོས་རིག་རྩལ་བསྐྱེད༔ འཁོར་གཡོག་མ་མང་འདུ་འཛིའི་འབྲེལ་བ་སྐྱུངས༔ དབེན་པ་བསྟེན་ཞིང་སྒྲུབ་པ་སྙིང་པོར་ལོང་༔ དགོན་གནས་མ་གཟུང་གསོག་འཇོག་ནོར་མ་གསོག༔ གཅིག་ཏུ་མ་འདུག་གར་སོང་ཆ་མེད་གྱིས༔ གསང་རྒྱ་རལ་ན་ཚེ་ལ་བར་ཆད་འོང་༔ གསང་རྒྱ་མཐར་ཕྱིན་དོན་གཉིས་ངང་གིས་འགྲུབ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ སྤྲང་པོ་ཉི་མ་གྲགས་པས་གངས་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །སརྦ་མངྒ་ལཾ། །

དཔའ་བོ་མཁའ་འགྲོའི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དཔའ་བོ་མཁའ་འགྲོའི་སྒྲུབ་ཐབས་བཞུགས༔ དཔལ་ཆེན་པོ་བདེ་བའི་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་བུ་ཡི་དོན༔ གྷུ་རུ་རྗེ་ལ་ལུང་ཞུས་ནས༔ དཔའ་བོ་ངྷཱཀྐིའི་སྒྲུབ་ཐབས་ཤིག༔ ཁོ་མོས་ཤོག་སེར་ལོགས་ལ་འདེབས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལས་གཞུང་ལས༔ ལས་སྦྱོར་འཕྲིན་ལས་བཞི་ལ་རང་གསལ་གདབ༔ ཅེས་པའི་འཕྲིན་ལས་བཞི་སྒྲུབ་ཀྱི་རིམ་པ་ཁོ་མོས་སྦྱར་བའི་ཟིན་བྲིས་ལ་བལྟ་ཞིང་༔ དོན་རྣམ་པ་གཉིས་ཀྱི་དངོས་གྲུབ་འཐོབ་པར་འདོད་པས་དཔའ་བོ་ངྷཱཀྐིའི་སྒྲུབ་ཐབས་འདི་བཞིན་ཉམས་སུ་ལེན་པར་བྱའོ༔ གནས་དང་དཀྱིལ་འཁོར་བཅའ་གཞི་གཏོར་ཚོགས་བཀོད་པའི་བྱེ་བྲག་དང་བཅས་པ་ནང་སྒྲུབ་སོར་བཞག་གི་སྟེང་ནས༔ ལས་ཀྱི་གཞུང་བསྲང་ཕྱི་ནང་གཉིས་དང་དཔལ་བརྒྱད་ཀྱི་བསྙེན་དམིགས་ཐུན་འགོ་ན་དུམ་རེ་བསྐྱལ་ཞིང་༔ རང་ཉིད་དཔལ་ཆེན་པོ་ཧེ་རུ་ཀཿཡབ་ཡུམ་དུ་གསལ་བའི་ཡན་ལག་བཞིའི་ཚིགས་ཁར་དུར་ཁྲོད་ཀྱི་ཕོ་བྲང་འཇིགས་རུང་བཀོད་པའི་ཚོམ་བུ་ཚང་བར་ལྡན་པའི་དབུས་སུ༔ པུས་མོ་གཡས་ནས་གཡས་སྐོར་དུ་དཀྱིལ་འཁོར་ཆེན་པོའི་སྒོ་སྐྱོང་དུར་ཁྲོད་དང་གནས་ཡུལ་ཀུན་གྱི་དེད་དཔོན་ཆེན་པོ་བཛྲ་རཏྣ་པདྨ་ཀརྨ་སྟེ༔ དཔའ་བོ་དཔའ་མོ་ཡབ་ཡུམ་བརྒྱད་འཁྲིལ་སྦྱོར་གར་སྟབས་ཅན་གྲི་ཐོད་ཀྱི་ཕྱག་རྒྱ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བསྐྱེད་པའི་བ་སྤུའི་འོད་ཀློང་དང་གནས་ལྔར་རིགས་བཞིའི་དཔའ་བོ་དཔའ་མོ་འབུམ་ཕྲག་འབུམ་ཕྲག་གི་ཚོགས་གྲངས་མེད་དཔག་ཏུ་མེད་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུར་བསྒོམ་ཞིང་༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་བཞི་ལ་ར་ཙ་ཧྲི་ཡ༔ ཡུམ་བཞི་ལ་ཧ་རི་ནི་སའི་ཐུགས་སྲོག་ས་བོན་གྱིས་མཚན་པའི་མཐར་ཡབ་རྣམས་ལ་ར་ཙ་ཧྲི་ཡ༔ ཡུམ་རྣམས་ལ་ཧ་རི་ནི་ས་བཞིའི་སྔགས་འབྲུ་ཚང་བ་རེ་གཡས་གཡོན་དུ་ཐབས་ཤེས་ཀྱི་ཚུལ་དུ་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་༔ ཞལ་ནས་སྙིང་པོ་དུམ་གཅིག་བཟླས་པས་སྔགས་ཕྲེང་འོད་ཟེར་གྱི་རྣམ་པར་གཅིག་ལས་གཉིས་མཆེད༔ མདུན་བསྐྱེད་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བ་དང་སྒོ་བཞིའི་གཞལ་ཡས་དང་དཔའ་བོ་དཔའ་མོ་བརྒྱད་ཀྱི་ཐུགས་ཀར་ཕོག་ཅིང་༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་འཁོར་ཡང་དྲག་ཏུ་འཁོར་ཡབ་ཡུམ་ཐམས་ཅད་བདེ་བ་ཆེན་པོ་རབ་ཏུ་རྒྱས་པ་ལས༔ དཔལ་ཆེན་པོ་དབང་གི་ལྷ་ཚོགས་རྣམས་དང་ཁྱད་པར་དུ་དཔའ་བོ་དཔའ་མོ་རྣམས་ཀྱི་གནས་གསུམ་དང་ཐུགས་ཀ་རྣམས་ལས་འོད་ཟེར་འབུམ་ཕྲག་དུ་མ་ཕྱོགས་བཅུའི་དག་པའི་ཞིང་མཁའ་སྤྱོད་ཀྱི་གནས༔ ཁྱད་པར་དུ་གནས་ཉི་ཤུ་རྩ་བཞི་ཡུལ་སུམ་ཅུ་སོ་ལྔ་དུར་ཁྲོད་ཆེན་པོ་བརྒྱད་ནུབ་ཕྱོགས་ཨོ་རྒྱན་ཟངས་མདོག་པདྨ་འོད་ལ་སོགས་སུ་བཞུགས་པའི་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ བདེ་བ་ཆེན་པོའི་རང་བཞིན་ལས་རང་ཤར་བའི་མཆོད་པའི་སྤྲིན་ཕུང་དུ་གྱུར་ཞིང་མཆོད་པས༔ དེ་རྣམས་ཐམས་ཅད་མཉེས་ཤིང་ཡོངས་སུ་དགྱེས་ནས་ཡེ་ཤེས་དང་བྱིན་རླབས་ཀྱི་རྣམ་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་ཁ་བ་བུ་ཡུག་འཚུབ་པའམ་ཉི་རྡུལ་ལྟར་ཚུར་འདུས་ཤིང་རང་དང་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པས༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ཀུན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེ་བཙན་དུ་གྱུར་ཅིང་༔ ནུས་སྟོབས་ཆེས་ཆེར་འབར་བའི་གཟི་བརྗིད་ཀྱིས་སྟོང་ཁམས་ཀུན་ཏུ་ཁྱབ་ཅིང་འཁྲུག་པས༔ གཟུགས་ཅན་གཟུགས་མེད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དབང་དུ་སྡུས་བྲན་དུ་བཀོལ་ཟིལ་གྱིས་མནན་ཏེ༔ ཁམས་གསུམ་འཁོར་བའི་མིང་མེད་པར་དཔའ་བོ་མཁའ་འགྲོའི་ཞིང་ཁམས་དཔའ་བོ་དཔའ་མོའི་རང་བཞིན་དུ་མེར་མེར་ཤིགས་ཤིགས་ཡོམ་ཡོམ་ཏིང་འཛིན་དུ་ལམ་ལམ་སྔགས་སྒྲ་རུ་དིར་དིར་ཡོད་པར་བསམས་ཤིང་གསང་སྔགས་རྒྱལ་པོ་འདི་ལ་འབུམ་ཚོ་གཅིག་བགྲང་བར་བྱའོ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིང་ཧྲིང་ཛ༔ ཛ༔ ཐུན་སྐབས་རྣམས་སུ་མཆོད་བསྟོད་སོགས་ལས་བྱང་ལྟར་བྱ༔ བསྙེན་པ་རྫོགས་ནས་སྒྲུབ་རྫས་གནས་གསུམ་དུ་གཏུག་ཅིང་དབང་བཞི་ལེན༔ མཐར་དམིགས་མེད་དུ་རྒྱས་འདེབས་སྟོང་ཉིད་དུ་ལམ་འཁྱེར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཉམས་སུ་བླངས་པའི་ཚེ་རྟགས་ཀྱི་རིམ་པ་ནི་སྔར་སྒྲུབ་ཐབས་སྤྱི་དང་མཐུན་ཞིང་༔ ཁྱད་པར་དུ་དཔའ་བོ་དཔའ་མོའི་ཞལ་མཐོང་བ་གསུང་ཐོས་པ་ཉམས་མྱོང་ཁྱད་པར་ཅན་སྐྱེ་བའི་ཏིང་འཛིན་ཁོར་ཡུག་ཏུ་འཆར་བ༔ ཟག་བཅས་ལ་བློ་ལོག་ཅིང་ཟག་མེད་མངོན་དུ་འགྱུར་བ༔ སྒྲུབ་རྫས་དང་གཏོར་མ་སོགས་ལ་མེ་འབར་བ་དུད་པ་འཐུལ་བ་དྲི་བཟང་པོ་བྲོ་བ༔ ཁྲོམ་མང་པོ་ལ་དབང་བསྐུར་བ་ཆོས་བཤད་པ་ཁྲི་བཟང་པོ་ལ་འདུག་པ་རྒྱན་བཏགས་པ་གོ་གྱོན་པ༔ བུད་མེད་མང་པོའི་འཁོར་གྱིས་བསྐོར་བ༔ དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་གཏད་པའི་རིག་པ་འུར་བ༔ ནམ་མཁའ་ལ་འཕུར་ཞིང་གནས་ཆེན་པོ་རྣམས་མཐོང་བ་ལ་སོགས་དངོས་ཉམས་རྨི་ལམ་དུ་འབྱུང་བར་འགྱུར་རོ༔ ངན་པའི་རྟགས་ལ་རྐུབ་དང་མོ་མཚན་སྟོན་པ༔ མཛེ་མོ་སྤྲང་མོ་ཡུགས་ས་མོ་ངན་སྤྲང་ལང་ལོང་མུན་རུབ་པ་བོང་བུ་ཞོན་ནས་ནུབ་བྱང་ལ་རྒྱུག་པ༔ གོས་ནག་པོ་ཧྲལ་ཧྲོལ་གྱོན་པ་ཐུར་ལ་རྒྱུག་པ་སོགས་བྱུང་ན་ངན་ནོ༔ དེ་ལྟར་བཟང་པོའི་རྟགས་རྣམས་བྱུང་ཡང་དགའ་སྤྲོ་མི་བྱ་ཞིང་ཆོས་ཉིད་ཀྱི་རོལ་པར་ཤེས་པའི་ངང་ནས་ཏིང་ངེ་འཛིན་གྱིས་དབང་བཞི་ལེན༔ ངན་རྟགས་ཤར་ཀྱང་རྣམ་རྟོག་ཏུ་མི་འཛིན་ཞིང་དཔའ་བོ་མཁའ་འགྲོའི་བསྐང་བཤགས་ལ་འབད་ཅིང་གྲིབ་དང་མི་གཙང་བ་ལ་འཛེམ་སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔའ་བོ་མཁའ་འགྲོའི་དྲིལ་སྒྲུབ་གསང་བའི་གནད༔ བདེ་མཆོག་དབང་གི་དཔལ་གྱི་བཀའ་འཁོར་བདག༔ དངོས་གྲུབ་རྣམ་གཉིས་འབྱུང་བའི་ཡིད་བཞིན་ནོར༔ སྙིང་གི་ཐིགས་པ་ཤོག་སེར་ལོགས་ལ་བཏབ༔ སྒྲུབ་པ་འདི་ལ་ལན་གཅིག་ཞུགས་པས་ཀྱང་༔ མཆོག་དང་ཐུན་མོང་སྐད་ཅིག་དེ་ལ་འགྲུབ༔ དཔའ་བོ་མཁའ་འགྲོའི་གསང་བའི་དམ་ཚིག་ནི༔ གསང་དབང་ཤེས་རབ་ཡེ་ཤེས་ཚིག་དབང་སོགས༔ དབང་གི་དམ་ཚིག་ཇི་ལྟར་བཤད་བཞིན་བསྲུང་༔ དེས་ནི་ལུས་དང་གྲིབ་མ་ཇི་བཞིན་དུ༔ དཔའ་བོ་དཔའ་མོ་འགྲོག་པར་གདོན་མི་ཟ༔ བཅུ་བཞི་ཉེར་གཉིས་ཉེར་ལྔ་ཉེར་དགུ་སོགས༔ དཔའ་བོ་མཁའ་འགྲོ་རྒྱུ་བའི་དུས་ཡིན་པས༔ ཚོགས་འཁོར་བསྐང་བཤགས་གཏོར་མཆོད་བསྒོམས་བཟླས་བྱ༔ མ་འོངས་སྐལ་ལྡན་ཐུགས་ཀྱི་སྲས༔ བདེ་མཆོག་དབང་གི་ཆོས་སྐོར་ལ༔ ཉམས་ལེན་སྒྲུབ་པ་ཚུལ་བཞིན་སྐྱོར༔ རྟེན་འབྲེལ་འབྲིང་ལ་བབས་པའི་ཚེ༔ ཐུགས་གཏེར་གདམས་པའི་ཆོས་འདིར་འཕྲད༔ གཞན་དོན་རྒུད་པའི་དུས་ཡིན་གསུང་༔ རང་དོན་གཙོ་བོར་འདོན་པའི་སྐབས༔ ཧཱུྃ་ཕཊ་སྦྱོར་བས་རིག་མ་བསྟེན༔ དུར་ཁྲོད་ཉུལ་ཞིང་གནས་ཡུལ་འགྲིམས༔ སྒྲུབ་ཐབས་ཟབ་མོ་ཉམས་སུ་ལོང་༔ གཙང་བཙོག་ཆོས་བརྒྱད་མེད་པར་གྱིས༔ གཤེ་སྐུར་བདུད་ཀྱི་འུར་བ་ཡོང་༔ འདུ་འཛི་བོར་ལ་ཕྱལ་པར་ཐོང་༔ འདི་ནས་མ་འོངས་དུས་ཀྱི་མཐར༔ མཚོན་འཁྲུག་ནམ་མཁའི་ཆར་ལྟར་འབེབས༔ མོན་བོད་གཉིས་ལ་འདོན་འཇུག་མང་༔ སྟོད་སྨད་ཧོར་བོད་འཐབ་ཅིང་འཛིང་༔ དགེ་བཤེས་གླང་སྙིང་དམག་དཔོན་བྱེད༔ དེ་དུས་གུ་རུའི་སྤྲུལ་པ་མང་༔ ཟབ་ཆོས་གསང་སྔགས་མཐའ་ནས་རྡོལ༔ སྒྲུབ་གནས་ཁྱད་འཕགས་དབུས་ནས་རྡོལ༔ གསེར་དངུལ་ཧོར་གྱི་ཡུལ་ནས་རྡོལ༔ བདུད་ཀྱི་སྤྲུལ་པས་ས་གཞི་གང་༔ རྒྱ་འདྲེ་འགོངས་པོས་བར་སྣང་གང་༔ སྐྱེ་འགྲོ་སེམས་ཅན་བདུད་དབང་སྒྱུར༔ དེ་ནས་ཆོས་འདི་སྤེལ་མི་རུང་༔ སྤེལ་ན་མི་རུང་སྣ་ཚོགས་ཡོང་༔ ཚོད་ལ་བརྟག་མཁས་གྱིས་ཤིག་བུ༔ དེ་ནས་གནམ་སའི་གོ་ལོག་གམ༔ ཡང་ན་གསང་བའི་ལུང་བསྟན་ལྟར༔ དུས་རྟགས་ངེས་པ་འཆོལ་མེད་ན༔ ཆོས་བདག་སྐལ་ལྡན་བུ་བདུན་ལས༔ མང་བར་མི་བྱ་མནའ་རྒྱས་ཐོབ༔ གསང་བར་སྤེལ་ལ་བསྒྲུབ་ལུང་བྱེད༔ བསྟན་དང་འགྲོ་དོན་དཔག་མེད་འབྱུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དེས་གངས་རིའི་རྒྱལ་བོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། སརྦ་མངྒ་ལམ།

དྲག་རྩལ་ཧེ་རུ་ཀའི་ཐུགས་སྒྲུབ་སྲོག་གི་ཐིགས་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དྲག་རྩལ་ཧེ་རུ་ཀའི་ཐུགས་སྒྲུབ་སྲོག་གི་ཐིགས་པ་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་ལྔ་བརྒྱའི་དུས་ངན་ཤར་བའི་ཚེ༔ པྲེ་ཏ་བོད་ཀྱི་རྒྱལ་ཁམས་འདི་ཉིད་དུ༔ མི་དགེ་བཅུ་ལ་མངོན་སུམ་སྤྱོད་བཞིན་དུ༔ ཕ་རོལ་འགྲོ་ལ་ཆོས་བཤད་དབང་བསྐུར་བྱེད༔ བསྟན་པའི་ཆོམས་པོ་གཞན་ནས་སུ་ཞིག་འདོགས༔ དགེ་བཤེས་ཟེར་ཞིང་དམག་གི་དཔོན་དུ་རྒྱུག༔ དགེ་སྦྱོང་ཟེར་ཞིང་གཤིན་ཟས་ཁྲལ་དུ་ལེན༔ མཁན་པོ་ཟེར་ཞིང་ཡུལ་གྲོང་ཁྲིམས་ཀྱིས་མནར༔ ཆོས་རྒྱལ་ཟེར་ཞིང་མནའ་ཆད་དབང་གསུམ་སྟོངས༔ འགྲོ་དོན་ཟེར་ཞིང་དཀོར་ནག་རྣམ་སྨིན་སྡུད༔ བསྟན་འཛིན་ཟེར་ཞིང་གཅིག་བསྟན་གཅིག་གིས་བརླག༔ གྲུབ་ཐོབ་ཟེར་ཞིང་གྲུབ་མཐས་རང་རྒྱུད་འཆང་༔ རྟོགས་ལྡན་ཟེར་ཞིང་ཉ་མིིའི་མགོ་བོ་བསྐོར༔ ཆེ་བཙན་ཐམས་ཅད་མ་རབས་དམངས་སུ་འབེབས༔ དེ་དུས་དཀར་ཕྱོགས་བསྲུང་མ་ཐམས་ཅད་གྱེས༔ ནག་ཕྱོགས་ལྷ་འདྲེ་མ་རུངས་ཟ་ཁ་དར༔ རྒྱ་འདྲེ་འགོང་པོས་འགྲོ་བའི་ཤེས་རྒྱུད་གཡོ༔ མངོན་ཤེས་གྲུབ་རྟགས་ལུང་བསྟན་སྣ་ཚོགས་བྱེད༔ དེ་དུས་མ་རུངས་རྟེན་འབྲེལ་མང་དུ་ཚོགས༔ ཆོས་ལྡན་སྐྱེས་བུའི་ཚེ་ལ་བར་གཅོད་ཅིང་༔ ཆོས་བཞིན་སྤྱོད་ལ་མི་མཐུན་རྐྱེན་མང་ཚེ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ༔ ང་ནི་རྒྱལ་བ་ཡོངས་ཀྱི་མངའ་བདག་སྟེ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་ང་ཡིས་འཛིན༔ དེ་དུས་འགྲོ་བའི་སྐྱབས་མགོན་ངས་བྱེད་ཅིང་༔ མ་རུངས་ལྷ་སྲིན་སྡེ་བརྒྱད་ང་ཡིས་འདུལ༔ དེ་ཕྱིར་ཡང་ཟབ་འཁོར་ལོ་བདེ་མཆོག་གི༔ ཆོས་ཀྱི་གཏེར་ཁས་འགྲོ་དོན་བྱེད་པའི་ཚེ༔ ཆོས་བཞིན་སྤྱོད་པའི་བར་ཆད་རྐྱེན་སེལ་དུ༔ རིག་འཛིན་རྡོ་རྗེ་དྲག་རྩལ་ཧེ་རུ་ཀའི༔ ཐུགས་ཀྱི་སྒྲུབ་པ་སྲོག་གི་ཐིགས་པ་ཞིག༔ སྔོན་འགྲོ་དངོས་གཞི་ལས་སྦྱོར་རྣམ་གསུམ་གྱི༔ མ་འོངས་དོན་དུ་རིམ་པར་དབྱེ་སྟེ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་འགྲོ་རྣམ་པ་བཞིས་བསྟན་ཏེ༔ གནས་དང་ཡོ་བྱད་སྐྱབས་འགྲོ་སེམས་བསྐྱེད་དོ༔ དང་པོ་གནས་ནི་རབ་འཇིགས་དུར་ཁྲོད་དམ༔ ཞིང་སྐྱོང་དཔའ་བོ་མཁའ་འགྲོ་འགྱུ་བའི་གླིང་༔ ཡང་ན་སྐབས་སུ་གང་བབས་གནས་པའི་ས༔ ཡུལ་དགོན་ཚོང་འདུས་གྲོང་བརྡལ་གང་ཡང་རུང་༔ གཉིས་པ་ཡོ་བྱད་སྟ་གོན་རིམ་པ་ནི༔ སྟེགས་བུ་གཙང་མར་སྨན་གཏོར་རཀྟ་བཤམས༔ ཁམས་ཀྱི་མཐུན་རྐྱེན་ཚོགས་ཀྱི་ཡོ་བྱད་བསགས༔ དམིགས་པའི་རྟེན་ལ་སྐུ་གཟུགས་ཚད་ལྡན་ཀྲམ༔ གསུམ་པ་སྐྱབས་འགྲོ་མདུན་གྱི་ནམ་མཁའ་ལ༔ རྩ་གསུམ་ལྷ་ཚོགས་བསྒོམ་ཞིང་བློ་སྙིང་བཀལ༔ རེ་ལྟོས་ཁྱེད་ཤེས་ངང་ནས་སྐྱབས་སུ་འགྲོ༔ བཞི་པ་སེམས་བསྐྱེད་འགྲོ་དྲུག་ཕ་མ་རྣམས༔ མ་བསྒྲལ་སྒྲོལ་ཞིང་མ་གྲོལ་འགྲོལ་བའི་ཕྱིར༔ རིགས་བདག་བདེ་གཤེགས་ཀུན་འདུས་ཧེ་རུ་ཀ༔ ཚུལ་བཞིན་བསྒྲུབ་པའི་དམ་བཅའ་སྙིང་ལ་གདབ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞིར་ས་བཅད་རྣམ་པ་གསུམ༔ བསྐྱེད་རིམ་བསྙེན་ཞིང་གྲུབ་རྟགས་བསྟན་པའོ༔ དང་པོ་བསྐྱེད་པའི་རིམ་པ་འདི་ལྟ་སྟེ༔ འཁོར་འདས་ཐམས་ཅད་སྟོང་པའི་རང་བཞིན་ལས༔ གནམ་ལྕགས་རྡོ་རྗེ་རྩེ་ལྔའི་ཁོང་གསེང་དུ༔ ཡེ་ཤེས་རང་བྱུང་ཡི་གེ་ཧཱུྃ་སྨུག་ནག༔ བམ་རོ་ཉི་ཟླ་པདྨའི་སྟེང་དུ་གསལ༔ འོད་ཟེར་འཕྲོས་པས་རྒྱལ་བ་ཞི་ཁྲོ་མཆོད༔ བྱིན་རླབས་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ གཟི་བརྗིད་དཔལ་འབར་འོད་ཀྱིས་རྒྱལ་བསེན་དང་༔ སྡེ་བརྒྱད་འབྱུང་པོ་མ་ལུས་བསྐྲད་ཅིང་གཟིར༔ སེམས་ཅན་ཀུན་གྱི་ཤེས་སྒྲིབ་ཉེས་ལྟུང་སྦྱངས༔ དཔལ་འབྱོར་དབང་ཐང་བསྡུས་ཏེ་ཧཱུྃ་ལ་ཐིམ༔ སྐད་ཅིག་གནས་འགྱུར་ཁྲག་འཐུང་ཐོད་པ་རྩལ༔ སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་རབ་བགྲད་ཞལ་གདངས་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་འོད་འབར༔ དབུ་སྐྲ་ཁམ་ནག་ཐོད་པའི་ཕྲེང་བས་བཅིངས༔ ཕྱག་གཡས་རྡོ་རྗེས་རི་རབ་ཐལ་བར་བརླག༔ ཕྱག་གཡོན་དྲིལ་བུ་ལྷ་ལྕམ་ཡུམ་ལ་འཁྱུད༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་བརྒྱན༔ གནམ་ལྕགས་སྤུ་གྲིའི་གཤོགས་པས་སྲིད་གསུམ་གཡོ༔ ལྷ་ལྕམ་དམར་མོ་རབ་ཏུ་ཁྲོས་མས་འཁྱུད༔ ཡབ་ཡུམ་འཁྲིལ་སྦྱོར་མེ་དཔུང་ཀློང་ན་འགྱིང་༔ སྤྱི་བོར་ཆེ་མཆོག་དཔྲལ་བར་གཤིན་རྗེ་དང་༔ མགྲིན་པར་གསུང་མཆོག་ཐུགས་ཀར་བཛྲ་དཔལ༔ ལྟེ་བར་སྲས་མཆོག་གསང་བར་རྦོད་གཏོང་སྟེ༔ བརླ་གཡས་མཆོད་བསྟོད་བརླ་གཡོན་དྲག་སྔགས་སྐུ༔ གཞན་ཡང་བ་སྤུའི་འོད་ཀློང་རེ་རེ་བཞིན༔ ཞི་ཁྲོ་ཁྲག་འཐུང་དཔལ་དང་ཡང་སྤྲུལ་དང་༔ ཕོ་ཉ་ལས་བྱེད་དཔའ་བོ་དཔའ་མོ་སོགས༔ ཡོམ་ཡོམ་ཤིགས་ཤིགས་ཉི་རྡུལ་ལྟ་བུ་བསམས༔ ཆོས་དབྱིངས་ཀ་དག་ཀློང་ནས་བསྐྱེད་པའི་ལྷ༔ རང་རིག་ཧེ་རུ་ཀཿདང་འདུ་འབྲལ་མེད༔ ཡེ་ནས་རང་གནས་ལྷུན་གྲུབ་རང་ལ་བཞུགས༔ སྐད་ཅིག་གཅིག་གི་བྱེ་བྲག་ཕྱེད་པའི་ཕྱག༔ ཕྱི་ནང་གཟུང་འཛིན་རང་གྲོལ་མཆོད་པ་སྟེ༔ རེ་དོགས་གཟུང་འཛིན་ཕྱོགས་ལས་རྣམ་རྒྱལ་བསྟོད༔ གཉིས་པ་བསྙེན་ཞིང་སྒྲུབ་པའི་རིམ་པ་ནི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གསལ་བའི་སྟེང་༔ གནམ་ལྕགས་རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ༔ སྨུག་ནག་ཧཱུྃ་གི་ཡི་གེར་མེ་ཆེན་འབར༔ ཁམས་གསུམ་འཁྲུག་ཅིང་སྲིད་གསུམ་རབ་ཏུ་བསྲེག༔ འཁོར་འདས་ཆེ་བཙན་རང་ཉིད་ཧེ་རུ་ཀའི༔ སྐུ་ལས་ཚ་ཚ་ཁྲོ་ཆུང་གྲངས་མེད་འཕྲོ༔ སྡང་མིག་བགྲད་པས་དྲེགས་པ་ཟིལ་གྱིས་གནོན༔ རྣོ་ངར་མཆེ་བ་གཙིགས་པས་བདུད་བཞི་འཇོམས༔ ཕྱག་གཡས་རྡོ་རྗེས་དྲེགས་བྱེད་ཀླད་པ་འགེམས༔ ཕྱག་གཡོན་དྲིལ་བུས་གདོན་བགེགས་སྨྱོ་འབོག་རེངས༔ ལྷ་སྲིན་བྱེ་བ་འདུལ་ཞིང་བྲན་དུ་བཀོལ༔ སྐུ་ནི་ཁྲག་འཐུང་ཞི་ཁྲོའི་ཚོམ་བུར་གསལ༔ ཐུགས་ནི་སྤྲོས་བྲལ་འཁོར་འདས་ཡོངས་ཀྱི་བདག༔ གསུང་ནི་ཧཱུྃ་སྒྲ་འབྲུག་སྟོང་ལྡིར་བ་ལས༔ འཇིག་རྟེན་ཁམས་ཀུན་འུར་འུར་ཤིགས་ཤིགས་འཁྱོམ༔ སངས་རྒྱས་བྱང་སེམས་རིག་འཛིན་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་སྨོན་ལམ་སྟོབས༔ ལྷ་འདྲེ་མི་གསུམ་ཚེ་དཔལ་དབང་ཐང་འབྱོར༔ ཐམས་ཅད་ཧེ་རུ་ཀཿལ་གཉིས་མེད་བསྒོམ༔ བདུན་གཅིག་བདུན་གཉིས་བདུན་གསུམ་ལ་སོགས་པ༔ རབ་འབྲིང་ཐ་མའི་རྣལ་འབྱོར་རིམ་པ་བཞིན༔ བརྩོན་འགྲུས་ལྡན་པས་ཉམས་སུ་ལེན་པར་བྱ༔ གསུམ་པ་རྟགས་ཀྱི་རིམ་པ་འདི་ལྟ་སྟེ༔ དབང་པོ་རབ་ཀྱི་དུས་བསྙེན་བདུན་ཕྲག་གཅིག༔ གྲངས་ཀྱི་བསྙེན་པ་ཁྲི་ཚོ་བཅུ་གསུམ་མོ༔ དབང་པོ་འབྲིང་གི་དུས་བསྙེན་བདུན་ཕྲག་གཉིས༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་གཉིས་ཀྱིས་རྫོགས༔ དབང་པོ་ཐ་མའི་དུས་བསྙེན་བདུན་ཕྲག་གསུམ༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ་གྱིས་རྫོགས༔ དབང་པོ་རབ་ཀྱིས་ང་ཉིད་མངོན་སུམ་མཇལ༔ ཆོས་ཉིད་ཀ་དག་རིག་པ་རྗེན་ལ་འབུད༔ རང་སེམས་དུས་གསུམ་སངས་རྒྱས་མངོན་སུམ་རྟོགས༔ སྤང་བླང་རེ་དོགས་གཟུང་འཛིན་རང་སར་གྲོལ༔ ཤེས་རིག་རང་རྩལ་ཧེ་རུ་ཀཿརུ་སྨིན༔ འབྲིང་གིས་བསྐྱེད་རིམ་སྣང་སྟོང་ལྷ་སྐུར་གྲོལ༔ ཉམས་དང་འོད་གསལ་ངང་ནས་ང་དང་མཇལ༔ དུག་གསུམ་རྟོག་ཚོགས་མ་སྤངས་སྐུ་གསུམ་རྟོགས༔ བག་ཆགས་གཟུང་འཛིན་སྣང་སེམས་བདུད་ལས་རྒྱལ༔ ཐ་མས་རྨི་ལམ་བཟང་རྟགས་སྣ་ཚོགས་རྨི༔ བར་ཆད་གདོན་དང་བགེགས་རྣམས་བསྐྲད་ཅིང་རེངས༔ ཐུན་མོང་དངོས་གྲུབ་བསམས་པའི་དོན་བཞིན་འགྲུབ༔ རྒྱལ་བསེན་སྡེ་བརྒྱད་དཔག་ཚད་རྒྱང་གྲགས་འབྲོས༔ ས་མ་ཡཱ༔ རྒྱ༔ གསུམ་པ་རྗེས་ཀྱི་ས་བཅད་རྣམ་པ་ལྔ༔ ལས་སྦྱོར་བཞི་དང་ཕན་ཡོན་རིམ་པའོ༔ ལས་སྦྱོར་དང་པོ་ཞི་བའི་རིམ་པ་ནི༔ ལྷ་ཚོགས་ཐམས་ཅད་ཞི་བ་སྐུ་མདོག་དཀར༔ སྔགས་འབྲུ་འོད་ཟེར་རྣམས་ཀྱང་དཀར་པོར་བསྒྱུར༔ རང་དང་ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ ཉེས་ལྟུང་སྡིག་སྒྲིབ་སྦྱངས་ཏེ་ཉམས་ཆག་སྐོངས༔ མེ་ལོང་ལྟ་བུའི་ཡེ་ཤེས་ལྡན་པར་བསམས༔ རྒྱུན་རིང་འཇམ་པར་ཧཱུྃ་རིང་ཤུབ་བུས་བཟླ༔ ལས་སྦྱོར་གཉིས་པ་རྒྱས་པའི་རིམ་པ་ནི༔ ལྷ་ཚོགས་ཐམས་ཅད་རྒྱས་པ་སྐུ་མདོག་སེར༔ སྔགས་འབྲུ་འོད་ཟེར་རྣམས་ཀྱང་སེར་པོར་བསྒྱུར༔ འཁོར་འདས་ལམ་གསུམ་ནུས་སྟོབས་ཐམས་ཅད་བསྡུས༔ རང་ལ་ཐིམ་པས་ལུང་རྟོགས་ཡོན་ཏན་རྒྱས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱས་པར་བསམས༔ སྦོམ་ལ་དལ་བར་ཧཱུྃ་གི་སྙིང་པོ་བགྲང་༔ ལས་སྦྱོར་གསུམ་པ་དབང་གི་རིམ་པ་ནི༔ ལྷ་ཚོགས་ཐམས་ཅད་དབང་སྟེ་སྐུ་མདོག་དམར༔ སྔགས་འབྲུ་འོད་ཟེར་རྣམས་ཀྱང་དམར་པོར་བསྒྱུར༔ འཁོར་འདས་ཐམས་ཅད་དབང་བསྡུས་ཟིལ་གྱིས་མནན༔ ཅི་བསྒོའི་བཀའ་ཉན་བྲན་དུ་ཁོལ་བར་བསམས༔ སྙན་ལ་ངར་ལྡན་ཁུག་པའི་ཚུལ་གྱིས་དབྱངས༔ སོ་སོར་རྟོག་པའི་ཡེ་ཤེས་ལྡན་པར་བསམས༔ ལས་སྦྱོར་བཞི་པ་སྒྲུབ་པའི་རང་གཞུང་སྟེ༔ སྣང་སེམས་ཡེ་དག་ཆོས་ཉིད་གསལ་གདབ་ལ༔ ལྷ་ཚོགས་ཐམས་ཅད་གར་དགུའི་ཉམས་ལྡན་འབར༔ འཁྲབ་མཆོང་འགེང་ཞིང་རྒྱུག་ཅིང་གར་སྟབས་སྒྱུར༔ གཅེར་བུ་དྲན་ཐང་སྨྱོན་སྤྱོད་བྱུང་རྒྱལ་བཏང་༔ ཉམ་ང་བག་ཚའི་ཡུལ་ལ་ཐོག་བརྫིས་བྱ༔ ཆོས་ཉིད་རང་བྱུང་ཧཱུྃ་དབྱངས་འབྲུག་སྟོང་ལྡིར༔ ཚར་བཅད་རྗེས་བཟུང་ལས་ཀྱི་ཧེ་རུ་ཀ༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་བསམ༔ ལྔ་པ་ཕན་ཡོན་རིམ་པ་མདོར་བསྡུས་ནི༔ ལྷ་གཅིག་སྐུ་ལ་ཞི་ཁྲོའི་དཀྱིལ་འཁོར་རྫོགས༔ སྔགས་གཅིག་ཧཱུྃ་ལ་འཁོར་འདས་སྲོག་སྙིང་འདུས༔ ཏིང་འཛིན་གཅིག་ལ་ལས་བཞིའི་ཕྲིན་ལས་རྫོགས༔ འདི་ནི་ཨོ་རྒྱན་མཁའ་འགྲོའི་སྙིང་ཁྲག་སྟེ༔ འདི་ནི་བསྐྱེད་རྫོགས་མ་ལུས་ཀུན་གྱི་སྙིང་༔ འདི་ནི་ལྟ་སྒོམ་ཡོན་ཏན་གསང་བའི་མཛོད༔ འདི་ནི་མཆོག་ཐུན་དངོས་གྲུབ་ཀུན་གྱི་བདག༔ འདི་ནི་གདོན་བགེགས་འབྱུང་པོ་བྱད་མའི་གཤེད༔ འདི་ནི་ཟ་འདྲེ་འབྱུང་པོ་ཀུན་གྱི་བདུད༔ འདི་ནི་ཆིག་ཆོག་ཡིད་བཞིན་ནོར་བུ་སྟེ༔ མ་འོངས་ལྔ་བརྒྱའི་ཐ་མ་རྩོད་ལྡན་དུས༔ ང་ཡི་ཐུགས་སྤྲུལ་སྦས་པའི་རྣལ་འབྱོར་པ༔ ཉི་མ་གྲགས་པ་རྩལ་དང་འཕྲད་པའི་ཚེ༔ ཉམས་ལེན་བསྙེན་སྒྲུབ་ཚད་དུ་འཁྱོལ་བར་གྱིས༔ དམ་སྲི་མི་དང་མི་མིན་བར་ཆད་བཟློག༔ འདི་ནི་གཅེས་སོ་ཡིད་ཀྱིས་བརྣག་པར་མཛོད༔ དེ་ནས་རིམ་བཞིན་ཆོས་བདག་བུ་རྣམས་ལ༔ བཀའ་རྒྱས་ཐོབ་ལ་གདམས་པ་འདི་སྟོན་རྒྱ༔ ཟས་དང་ནོར་ངོར་མ་སྟོན་སྦོས་ཤིག་རྒྱ༔ ཆེ་དྲེགས་ངོ་འཛིན་མ་བྱེད་གསོངས་ཤིག་རྒྱ༔ ཟབ་པའི་སྙིང་ནོར་བདེ་མཆོག་དབང་གི་ཆོས༔ གསང་རྒྱ་མཐར་ཕྱིན་ཉམས་ལེན་གནད་བསྣུན་ན༔ སངས་རྒྱས་བསྟན་པ་ལོ་བརྒྱའི་བར་དུ་བསྲིང་༔ ཟབ་ཆོས་བསྟན་པ་མི་རབས་བདུན་ལ་དར༔ གསང་རྒྱ་མ་ཐུབ་ཉམས་ལེན་མ་བྱུང་ན༔ གཤེད་བཞི་ལོ་པས་ཆོས་འདིར་སྐུར་བ་འདེབས༔ ཁྱི་ཕག་གླང་སྦྲུལ་ལོ་པས་ངན་མཚམས་སྦྱོར༔ འགྲོ་དོན་གུད་ཅིང་བསྟན་ཞབས་ཐག་པ་འདོགས༔ གང་ཟག་རང་ལ་མི་རུང་སྣ་དགུ་འབྱུང་༔ དེ་ཕྱིར་རིག་པར་ལྕགས་ཆུག་གསང་རྒྱ་སྡོམས༔ མེད་དང་མི་ཤེས་རྒྱུས་མེད་ཚིག་གསུམ་པོ༔ མགོ་ནག་འགྲོ་ལ་སྨྲོས་ཤིག་སྙིང་གཏམ་ཡིན༔ ཆོས་བདག་མ་ནོར་ཚུལ་ལ་གཉེར་འདུག་ན༔ མནའ་རྒྱས་ལན་གསུམ་ཐོབ་ལ་གསང་བར་སྤེལ༔ མི་བསླུ་ངེས་སོ་ཨོ་རྒྱན་ང་ཡི་བཀའ༔ ཡིད་ཆེས་སྐྱེད་ཅིག་མ་འོངས་སྐལ་ལྡན་བུ༔ ཡང་གསང་སྙིང་པོ་བཀའ་རྒྱས་བཏབ་པ་འདིའི༔ བདག་པོ་ཨེ་ཡོང་གང་ཟག་ཁྱོད་ལ་རག༔ ལས་འཕྲོའི་དབང་གིས་གཏེར་འདི་རྙེད་པའི་ཚེ༔ ང་ཡི་བཀའ་རྒྱ་སྙིང་ལ་ཆོངས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཁ་ཐམ༔ སོ་ཕག་ཤི་ན་རྒྱ༔ བདག་སྤྲང་བན་གྱིས་ཏེ་སེ་ནས་གདན་དྲངས་པའོ། །སརྦ་མངྒ་ལམ། །

ཁྲེགས་ཆོད་ཀྱི་ཁྲིད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཁྲེགས་ཆོད་ཀྱི་ཁྲིད་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཡང་ཟབ་མཐར་ཐུག་ཆོས་སྒོ་བརྒྱད་ཁྲིའི་དོན༔ རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་ཀྱང་༔ སྐལ་ལྡན་མྱུར་ལམ་གྲོལ་བའི་ཟབ་ཆོས་ཤིག༔ ཨོ་རྒྱན་སློབ་དཔོན་པདྨ་བདག་གིས་འབྲི༔ ཉམས་སུ་ལོངས་ཤིག་མ་འོངས་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་མྱུར་ལམ་ཁྲེགས་ཆོད་ལ་བརྟེན་ནས་གྲོལ་བར་བྱེད་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་༔ དངོས་གཞི་དང་༔ རྗེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ལ་ཡང་གསུམ་སྟེ༔ ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་༔ ཁྱད་པར་གྱི་སྔོན་འགྲོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ ཐུན་མོང་གི་སྔོན་འགྲོ་ལ་ཡང་ལྔ་སྟེ༔ དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ ལས་འབྲས་བསླུ་བ་མེད་པ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ༔ མཐར་ཕྱིན་བླ་ན་མེད་པ་ཐར་པའི་ཕན་ཡོན་དང་ལྔའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་དལ་འབྱོར་རྙེད་པར་དཀའ་བ་ལ་ཡང་གསུམ་སྟེ༔ དཔེའི་སྒོ་ནས་རྙེད་པར་དཀའ་བ་དང་༔ གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་དང་༔ དུས་ཀྱི་སྒོ་ནས་རྙེད་པར་དཀའ་བའོ༔ དང་པོ་དཔེའི་སྒོ་ནས་རྙེད་པར་དཀའ་བ་ལ་ཡང་གསུམ་སྟེ༔ ཡིད་བཞིན་གྱི་ནོར་བུ་ལྟ་བུའམ༔ ཨུ་དུམ་ཝཱ་རའི་མེ་ཏོག་གམ་ཞལ་ཞལ་གྱི་ལོགས་ཀྱི་འབྲུ་སྲན་ལྟ་བུའོ༔ ཡིད་བཞིན་གྱི་ནོར་བུ་ནི་ཤིན་ཏུ་འབྱུང་བར་དཀའ་སྟེ༔ ཐབས་དང་རྐྱེན་དང་ཡོ་བྱད་དང་༔ སྔོན་གྱི་སྨོན་ལམ་སྟོབས་པོ་ཆེ་རྣམས་མ་འཛོམ་ན་ནོར་བུ་ལོན་པའི་སྐབས་དང་བྲལ་བ་ལྟར༔ མི་ལུས་རིན་པོ་ཆེ་ཡང་སྔོན་བསྐལ་པ་ནས་བསྐལ་པ་མང་པོའི་་གོང་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་རྣམས་ཀྱིས་ནི་འཐོབ་ཅིང་༔ དེ་མིན་པ་རྣམས་ཀྱིས་རྙེད་པར་དཀའ་འོ༔ ཨུ་དུམ་ཝཱ་རའི་མེ་ཏོག་ནི་ས་ཆ་གང་བྱུང་གི་ཡུལ་དུ་མི་སྐྱེ་ཞིང་༔ གལ་སྲིད་སྐྱེས་ཀྱང་རྐང་གཉིས་ཀྱི་གཙོ་བོ་མིའི་སེངྒེ་འཇིག་རྟེན་དུ་འབྱོན་ན་མ་གཏོགས་སྐྱེ་བའི་སྐབས་དང་བྲལ་བ་ལྟར་༔ དལ་འབྱོར་མི་ལུས་ནི་འགྲོ་བ་གང་གིས་ཀྱང་མི་རྙེད༔ ཆོས་ལ་ཡང་དག་པར་སྤྱོད་པ་ཞིག་གི་འབྲས་བུ་ཁོ་ན་ལས་འབྱུང་དགོས་པས་རྙེད་པར་དཀའོ༔ ཞལ་ཞལ་ཤིན་ཏུ་འཇམ་པ་ཞིག་གི་ལོགས་ལ་འབྲུ་སྲན་ཁལ་སྟོང་ཕྲག་མང་པོ་གཏོར་ཀྱང་༔ གཅིག་ཙམ་ཡང་ཆགས་པར་མི་སྲིད་ཅིང་༔ གལ་སྲིད་གཅིག་ཆགས་པར་འགྱུར་རམ༔ དཔེ་དེ་ལས་ཀྱང་མི་ལུས་རྙེད་པར་དཀའོ༔ གཉིས་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ འབྲུའི་ཕུང་པོ་ཤིན་ཏུ་ཆེ་བ་ཞིག་གི་རྩ་བ་ནི་རིགས་དྲུག་གཞན་དང་༔ རྩེ་མོ་ལྷ་མིའི་ལུས་ཀྱི་དཔེ་ཡིན་ཏེ་རྙེད་པར་དཀའོ༔ གསུམ་པ་དུས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི༔ མུན་ནག་གི་བསྐལ་པ་དང་༔ བར་སྟོངས་གི་བསྐལ་པ་དང་༔ སངས་རྒྱས་བྱོན་ཡང་ཆོས་མི་གསུང་པའི་བསྐལ་པ་དང་༔ ཆོས་གསུངས་ཀྱང་སྣོད་དུ་མ་གྱུར་བའི་རིགས་ལ་སོགས་པ་རྣམས་སུ་མ་སྐྱེས་པར༔ སྟོན་པ་བྱོན༔ ཆོས་གསུངས༔ བསྟན་པ་གནས་པའི་དུས་སུ་མི་ལུས་ཐོབ་པ་འདི་དཀའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་འཆི་བ་མི་རྟག་པ་ལ་གསུམ་སྟེ༔ ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་༔ ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་དང་༔ བར་རང་གི་སྒྱུ་ལུས་འདི་མི་རྟག་པའོ༔ དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ཡང་གསུམ་སྟེ༔ ཆགས་པ་དང་གནས་པ་དང་སྟོང་པའོ༔ གཉིས་པ་ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་ཡང་གསུམ་སྟེ༔ ཆེན་པོ་མི་རྟག་པ་དང་༔ རགས་པ་མི་རྟག་པ་དང་༔ ཕྲ་བ་མི་རྟག་པའོ༔ དང་པོ་ཆེན་པོ་མི་རྟག་པ་ནི༔ རྫོགས་པའི་སངས་རྒྱས་རྣམས་ཀྱང་མྱ་ངན་ལ་འདའ་དགོས་པས་མི་རྟག་པ་དང་༔ གཉིས་པ་རགས་པའི་མི་རྟག་པ་ནི༔ ཚངས་པ་ཆེན་པོ་དང་༔ བརྒྱ་བྱིན་མིག་སྟོང་ལྡན་པ་དང་༔ རྒྱལ་པོ་ཆེན་པོ་རྣམས་ཀྱང་འཆི་འཕོ་ལ་སྤྱོད་དགོས་པས་མི་རྟག་པའོ༔ གསུམ་པ་ཕྲ་བའི་མི་རྟག་པ་ནི༔ རང་རེ་སྟོང་གསུམ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ངེས་པར་འཆི་དགོས་ཤིང་༔ མདོར་ན་འབྱུང་བ་བཞི་ལས་གྲུབ་པའི་ལུས་ཤིག་བླངས་ཕྱིན་ཆད་འཚོ་བའི་རྐྱེན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཞིང་༔ འཆི་བའི་རྐྱེན་ནི་ས་ཆེན་པོའི་རྡུལ་གྱི་གྲངས་ལས་ཀྱང་མང་བས༔ གར་འཆི་འདིར་འཆི་ནམ་འཆི་ཆ་མེད་པས་མི་རྟག་པའོ༔ བར་རང་གི་སྒྱུ་ལུས་མི་རྟག་པ་ལ་རྒྱུ་དང་རྐྱེན་གཉིས་ཏེ༔ དང་པོ་རྒྱུ་མི་རྟག་པ་ནི༔ མི་གཙང་བའི་རྫས་ངན་ལས་གྲུབ་ཅིང་འབྱུང་བ་བཞིའི་ཁམས་ལས་ཆུ་བུར་དུ་རྡོལ་བའི་ལུས་ངན་འདི་ལ༔ སྔོན་གྱི་བསོད་ནམས་ཀྱི་བསགས་རྒྱབ་ཀྱང་གཟུགས་འདི་ལས་གྲུབ་པ་ཞིག་གཞན་དུ་མེད་པས་མི་རྟག་པ་དང་༔ གཉིས་པ་རྐྱེན་མི་རྟག་པ་ནི༔ དུས་བཟང་པོ་བསྟན་པ་ཡར་ལྡན་ལ་སོགས་པ་ཐམས་ཅད་ནི་ནུབ༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་ཀྱི་ཡང་མར་ཞབས༔ སྙིགས་མ་ལྔ་བདོ་བའི་དུས་ངན་འདིར་ནད་རིགས་ནི་མང་༔ གདོན་རིགས་ནི་འཚུབས༔ ཟ་འདྲེ་དང་འབྱུང་པོ་ནི་དར༔ གློ་བུར་དང་ཡེ་འབྲོག་རྣམས་ནི་ཆར་ལྟར་དུ་འབབས་པས༔ འཆི་རྐྱེན་ཁོ་ནས་གང་ཚེ་མྱུར་དུ་འཆི་ཞིང་མི་རྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་འབྲས་བསླུ་བ་མེད་པ་ལ་ཡང་གཉིས་ཏེ༔ རྒྱུ་དགེ་བ་བྱས་པས་འབྲས་བུ་མཐོ་རིས་འཐོབ་པ་དང་༔ རྒྱུ་མི་དགེ་བ་བྱས་པས་འབྲས་བུ་སྡུག་བསྔལ་འབྱུང་བའོ༔ རྒྱུ་དགེ་བ་བྱས་པས་འབྲས་བུ་མཐོ་རིས་འཐོབ་པ་ལ་ཡང་གཉིས་ཏེ༔ གནས་སྐབས་ཀྱི་མཐོ་རིས་དང་མཐར་ཐུག་གི་མཐོ་རིས་སོ༔ དང་པོ་གནས་སྐབས་ཀྱི་མཐོ་རིས་ནི་ཆོས་སྤྱོད་དགེ་བ་བཅུ་དང་༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང་༔ བསྡུ་བའི་དངོས་པོ་བཞི་སོགས་ཀྱི་འབྲས་བུས་གནས་སྐབས་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ལེན་པའོ༔ གཉིས་པ་མཐར་ཐུག་གི་མཐོ་རིས་ནི༔ གསང་སྔགས་ཕྱི་པ་དང་ནང་པ༔ ཡང་གསང་བླ་ན་མེད་པ་ལ་སོགས་པའི་སྦྱོར་དངོས་རྗེས་གསུམ་ཡང་དག་པར་བསྒྲུབས་པས་འབྲས་བུ་རྫོགས་པའི་སངས་རྒྱས་འཐོབ་པའོ༔ རྒྱུ་མི་དགེ་བ་བྱས་པས་འབྲས་བུ་སྡུག་བསྔལ་འབྱུང་བ་ནི༔ དཔེར་ན་ས་བོན་ལས་འབྲས་བུ་སྨིན་པ་ལྟར་མི་དགེ་བ་བཅུ་དང་༔ མཚམས་མེད་པ་ལྔ་དང་༔ ལོག་པར་ལྟ་བ་བརྒྱད་ལ་སོགས་ཀྱི་ལས་སྤྱད་པའི་འབྲས་བུ་རང་བྱས་ལས་ཀྱིས་རང་ཉིད་མནར་བའོ༔ བཞི་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ནི་དྲུག་སྟེ༔ དུག་ལྔ་དང་དུག་གསུམ་གྱི་འབྲས་བུ་ལས་འབྱུང་བ་ཁོ་ན་སྟེ༔ དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ༔ ཡི་དཱགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ༔ དུད་འགྲོ་ལ་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ༔ ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ༔ ལྷ་མ་ཡིན་ལ་འཐབ་ཅིང་རྩོད་དགོས་པའི་སྡུག་བསྔལ༔ མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཏེ་དྲུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཐར་ཕྱིན་པ་བླ་ན་མེད་པའི་ཕན་ཡོན་ལ་གསུམ་སྟེ༔ ཆོས་ཀྱི་སྐུ་དང་༔ ལོངས་སྤྱོད་རྫོགས་པའི་སྐུ་དང་༔ སྤྲུལ་པའི་སྐུ་སྟེ་གསུམ་མོ༔ ཆོས་སྐུ་ནི་འཁོར་འདས་ཡོངས་ལ་ཁྱབ་པས་བདེ་བ་ཆེན་པོར་རྟག་པ་རྒྱུན་གྱི་འཁོར་ལོར་ཡེ་ནས་བཞུགས་པ་དང་༔ ལོངས་སྐུ་འགག་མེད་རོལ་པ་ཆེན་པོར་དུས་གསུམ་གཡོ་མེད་དུ་བཞུགས་པ་དང་༔ སྤྲུལ་སྐུ་ནི་མཁྱེན་པ་གཉིས་ལྡན་གྱིས་འཁོར་བའི་སེམས་ཅན་བློས་མི་གཏོང་བར་འགྲོ་བའི་དོན་མཛད་པ་སྟེ༔ མཐར་ཕྱིན་བླ་མེད་བྱང་ཆུབ་ཆེན་པོའི་ཕན་ཡོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་དྲུག་སྟེ༔ སྐྱབས་སུ་འགྲོ་བ་དང་༔ སེམས་བསྐྱེད་པ་དང་༔ ཡན་ལག་བདུན་པ་དང་༔ རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་༔ མཎྜལ་འབུལ་བ་དང་༔ བླ་མའི་རྣལ་འབྱོར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྐྱབས་སུ་འགྲོ་བ་ལ་གསུམ་སྟེ༔ ཕྱིའི་སྐྱབས་འགྲོ་དང་༔ ནང་གི་སྐྱབས་འགྲོ་དང་༔ གསང་བའི་སྐྱབས་འགྲོའོ༔ དང་པོ་ཕྱིའི་སྐྱབས་འགྲོ་ལ་ཡང་གསུམ་སྟེ༔ སངས་རྒྱས་དང་ཆོོས་དང་དགེ་འདུན་གསུམ་མོ༔ གཉིས་པ་ནང་གི་སྐྱབས་འགྲོ་ལ་ཡང་གསུམ་སྟེ༔ བླ་མ་དང་ཡི་དམ་མཁའ་འགྲོ་གསུམ་མོ༔ གསུམ་པ་གསང་བའི་སྐྱབས་འགྲོ་ལ་ཡང་གསུམ་སྟེ༔ ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་སེམས་བསྐྱེད་པ་ལ་གཉིས་ཏེ༔ སྨོན་པའི་སེམས་བསྐྱེད་དང་འཇུག་པའི་སེམས་བསྐྱེད་དོ༔ དང་པོ་སྨོན་པའི་སེམས་བསྐྱེད་ལ་གསུམ་སྟེ༔ བདག་དོན་དུ་སྨོན་པ་དང་༔ གཞན་དོན་དུ་སྨོན་པ་དང་༔ བདག་གཞན་གཉིས་མེད་ཀྱི་དོན་དུ་སྨོན་པའོ༔ གཉིས་པ་འཇུག་པའི་སེམས་སྐྱེད་པ་ལ་བཞི་སྟེ༔ མ་བསྒྲལ་བ་སྒྲོལ་བ༔ མ་གྲོལ་བ་འགྲོལ་བ༔ དབུགས་མ་ཕྱུང་བ་དབུགས་དབྱུང་བར་བྱེད་པ༔ ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡན་ལག་བདུན་པ་ལ་བདུན་ཏེ༔ ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ སྡིག་པ་བཤགས་པ་དང་༔ དགེ་བ་ལ་རྗེས་སུ་ཡི་རང་བ་དང་༔ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་༔ དགེ་བ་བྱང་ཆུབ་ཏུ་བསྔོ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ བཞི་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་གསུམ་སྟེ༔ ལྷ་བསྒོམ་པ་དང་༔ སྔགས་བཟླ་བ་དང་༔ འོད་དུ་ཞུ་ནས་སྒྲིབ་པ་སྦྱང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་མཎྜལ་ལ་གསུམ་སྟེ༔ ཕྱིའི་མཎྜལ་གླིང་དང་ཞིང་ཁམས༔ ནང་གི་མཎྜལ་རིན་ཆེན་འབྲུ་ནོར༔ གསང་བའི་མཎྜལ་ལུས་ངག་ཡིད་གསུམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་བླ་མའི་རྣལ་འབྱོར་ལ་གཉིས་ཏེ༔ དབྱེ་བ་དང་བསྒོམ་ཐབས་སོ༔ དང་པོ་དབྱེ་བ་ལ་བཞི་སྟེ༔ ཚེ་རབས་ལས་ཀྱི་བླ་མ༔ དམ་ཚིག་དབང་གི་བླ་མ༔ མན་ངག་ལུང་གི་བླ་མ༔ ཉམས་ཆག་སྐོང་བའི་བླ་མའོ༔ གཉིས་པ་སྒོམ་ཐབས་ལ་གསུམ་སྟེ༔ སྐུ་སྒོམ་པ་དང་གསོལ་བ་གདབ་པ་དང་དབང་བཞི་བླང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་བ་ཁྱད་པར་གྱི་སྔོན་འགྲོ་ལ་དོན་གསུམ་སྟེ༔ ལུས་འཁོར་འདས་རུ་ཤན་དབྱེ་བ་དང་༔ ངག་འཁོར་འདས་རུ་ཤན་དབྱེ་བ་དང་༔ ཡིད་འཁོར་འདས་རུ་ཤན་དབྱེ་བའོ༔ དང་པོ་ལུས་འཁོར་འདས་རུ་ཤན་དབྱེ་བ་ལ་གསུམ་སྟེ༔ རིགས་དྲུག་གི་ས་བོན་བཀོད་པ་དང་༔ ཡེ་ཤེས་ཀྱི་མེས་བསྲེག་པ་དང་༔ འབྲུ་གསུམ་གྱི་བཟླས་པའོ༔ དང་པོ་རིགས་དྲུག་གི་ས་བོན་བཀོད་པ་ལ་དྲུག་སྟེ༔ སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ༔ མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་གུ༔ སྙིང་གར་མིའི་ས་བོན་ནྲི་སེར་པོ༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི་མཐིང་ག༔ གསང་གནས་སུ་ཡི་དཱགས་ཀྱི་ས་བོན་པྲེ་དམར་པོ༔ རྐང་མཐིང་དུ་དམྱལ་བའི་ས་བོན་དུ་དུད་ཁའོ༔ གཉིས་པ་ཡེ་ཤེས་ཀྱི་མེས་བསྲེག་པ་ལ་གསུམ་སྟེ༔ ས་བོན་བཀོད་པ༔ མེ་སྤར་བ༔ བསྲེག་པའོ༔ དང་པོ་ས་བོན་བཀོད་པ་ནི༔ སྤྱི་བོར་ལྷའི་ས་བོན་ཨའི་སྟེང་དུ་ཨཱོཾ་དཀར་པོ༔ མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་གུའི་སྟེང་དུ་ཨཱཿདམར་པོ༔ སྙིང་གར་མིའི་ས་བོན་ནྲི་སེར་པོའི་སྟེང་དུ་ཧཱུྃ་མཐིང་ག་བསམ་མོ༔ གཉིས་པ་མེ་སྦར་བ་ནི༔ ཡི་གེ་གསུམ་ལས་སྐུ་གསུང་ཐུགས་ཀྱི་མེ་དཀར་དམར་མཐིང་གསུམ་དར་དྲག་ལ་ཡུན་རིང་བར་སྤར་བའོ༔ གསུམ་པ་བསྲེག་པ་ནི་རིགས་དྲུག་གི་ས་བོན་དེ་རྣམས་ཡེ་ཤེས་ཀྱི་མེ་དང་འཕྲད་པ་ཙམ་གྱིས་བྱ་སྒྲོ་མེ་ལ་བཤུར་བ་ལྟར་བསྲེག་པར་རྩེ་གཅིག་ཏུ་བསྒོམ་པར་བྱའོ༔ གསུམ་པ་འབྲུ་གསུམ་གྱི་བཟླས་པ་ནི༔ ཨཱོཾ་ཨཱཿཧཱུྃ༔ ཞེས་འབུམ་ཚོ་དྲུག་བཟླའོ༔ གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ལ་དྲུག་སྟེ༔ ལུས་རྡོ་རྗེའི་འདུག་སྟངས༔ ངག་ཧཱུྃ་གི་བཟླས་པ༔ མཉེན་བཙལ་བ༔ ལམ་དུ་ཞུགས་པ༔ སྣང་བ་ལ་རྒྱས་འདེབས་པ༔ ཕུང་པོ་ལ་རྒྱས་འདེབས་པའོ༔ དང་པོ་ལུས་རྡོ་རྗེའི་འདུག་སྟངས་ནི༔ མཐིལ་བཞི་སྤྲད་ཅིང་རྐང་པའི་མཐེ་བོང་གཉིས་ལ་ལུས་ཀྱི་ལྕིད་བཀལ་ཞིང་ལག་པ་སྤྱི་བོར་བརྐྱང་པའོ༔ གཉིས་པ་ངག་ཧཱུྃ་གི་བཟླས་པ་ནི༔ དལ་ལྷོད་སྣ་ཚོགས་ཀྱིས་བུང་བ་ཚང་ཞིག་པ་ལྟར་བཟླའོ༔ གསུམ་པ་མཉེན་བཙལ་བ་ནི༔ ཧཱུྃ་དེ་ངག་ནས་བཟླས་པ་བཞིན་ཤིང་རིང་དང་རི་བོ་ཆེན་པོ་ལ་སོགས་ལ་རབ་ཏུ་འཁྲིལ་ཏེ་ཡར་སོང་བ་དང་༔ མར་རང་ལ་བསྡུ་བའོ༔ བཞི་པ་ལམ་དུ་གཞུག་པ་ནི༔ ཧཱུྃ་དེ་བཟླས་པ་བཞིན་དུ་རང་གི་ངག་ནས་ཧཱུྃ་ཐོན་ཏེ༔ རྒྱ་ལམ་ཆེན་པོར་ཞུགས་ནས་ཐོགས་མེད་དུ་སོང་ཞིང་མཐའི་རྒྱ་མཚོའི་བར་བརྟོལ་བ་དང་༔ སླར་རང་ལ་བཟློག་པའོ༔ ལྔ་པ་སྣང་བ་ལ་རྒྱས་འདེབས་པ་ནི༔ ཧཱུྃ་ཞེས་བསྒྲང་བ་དང་གཟུགས་སྣང་ཐམས་ཅད་ལ་ཧཱུྃ་ལས་ཧཱུྃ་སྒྲ་དིར་དིར་ཟང་ཐལ་དུ་སོང་བར་དམིགས་པའོ༔ དྲུག་པ་ཕུང་པོ་ལ་རྒྱས་འདེབས་པ་ནི༔ ཧཱུྃ་ཞེས་ངག་ནས་བགྲང་བ་དང་ཧཱུྃ་གིས་རང་ལུས་ཐམས་ཅད་མེར་མེར་ཤིགས་ཤིགས་ཡོམ་ཡོམ་དུ་ཕར་ཕུག་ཚུར་ཕུག་པར་བསམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡིད་འཁོར་འདས་རུ་ཤན་དབྱེ་བ་ནི་དོན་གསུམ་གྱིས་སྟོན་ཏེ༔ བྱུང་ས་ལ་བརྟག་པ༔ གནས་ས་ལ་བརྟག་པ༔ འགྲོ་ས་ལ་བརྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བྱུང་ས་ལ་བརྟག་པ་ནི༔ ལུས་རྡོ་རྗེའི་སྐྱིལ་ཀྲུང་དང་རྣམ་སྣང་གི་ཆོས་བདུན་ལྡན་པའི་ངང་ནས༔ ག་རེ་ངའི་སེམས་འདི་དང་པོ་གང་ནས་བྱུང་སྙམ་པའི་འདུན་པས་ལེགས་པར་བརྟག་གོ༔ མ་རྙེད་ཆོས་དབྱིངས་ངང་དུ་ཀློད༔ གཉིས་པ་གནས་ས་ལ་བརྟག་པ་ནི༔ ཕྱི་སྣོད་ནང་བཅུད་ཕུང་པོའི་ཁམས་གང་དུ་གནས་འདུག་ལེགས་པར་བརྟག༔ མ་རྙེད་རང་བྱུང་རྗེན་པར་ཞོག༔ གསུམ་པ་འགྲོ་ས་ལ་བརྟག་པ་ནི༔ སེམས་འདི་ཐ་མར་གང་དུ་འགྲོ༔ ལམ་དང་གཏད་ས་ཅི་འདྲ་འདུག༔ ལེགས་པར་བརྟག་སྟེ་སྣང་སེམས་ཀྱི༔ འཁྲུལ་བའི་ཁང་བུ་བཤིག་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དངོས་གཞིའི་རིམ་པ་ལ་རྣལ་དུ་དབབ་པ་དང་ངོ་སྤྲོད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྣལ་དུ་དབབ་པ་ལ་གསུམ་སྟེ༔ ལུས་རྣལ་དུ་དབབ་པ་དུར་ཁྲོད་དུ་མི་རོ་བསྐྱལ་བ་ལྟ་བུ༔ ངག་རྣལ་དུ་དབབ་པ་པི་ཝང་གི་གསང་ཐག་བཅད་པ་ལྟ་བུ༔ ཡིད་རྣལ་དུ་དབབ་པ་དུས་གསུམ་གྱི་ཤེས་པ་ལ་བཟོ་བཅོས་མེད་པར་བཞག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ངོ་སྤྲད་པ་ལ་གསུམ་སྟེ༔ ཆོས་སྐུར་ངོ་སྤྲད་པ་དང་༔ ལོངས་སྐུར་ངོ་སྤྲད་པ་དང་༔ སྤྲུལ་སྐུར་ངོ་སྤྲད་པའོ༔ དང་པོ་ཆོས་སྐུར་ངོ་སྤྲད་པ་ནི༔ ཀྱེ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་རང་གི་སེམས་གཞི་མེད་རྩ་བྲལ་ཀ་དག་ཆེན་པོ་བློ་འདས་ཀྱི་དགོངས་པ་དུས་གསུམ་གྱི་ཤེས་པ་སྐྱེ་འགགས་གནས་གསུམ་དང་བྲལ་བ་འདི་གཞི་མ་བཅོས་པ་ཆོས་ཀྱི་སྐུའོ༔ ཞེས་ངོ་སྤྲོད་དོ༔ གཉིས་པ་ལོངས་སྐུར་ངོ་སྤྲོད་པ་ནི༔ ཀྱེ་ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རང་སེམས་ཀྱི་ངོ་བོ་རྒྱ་ཡོངས་སུ་མ་ཆད་ཅིང་༔ ཕྱོགས་གང་དུའང་མ་ལྷུང་བར་དུས་གསུམ་རྟག་པ་ཡེ་གྲུབ་ཆེན་པོར་ལྷང་ངེ་ལྷམ་མེ་ལྷན་ནེ་ཝལ་ལེ་རྗེན་ནེ་ཁྲེ་སེ་བུན་ནེ་ཡེ་རེ་ས་ལེ་ཧྲིག་གེ་བ་འདི་རང་བཞིན་མ་བཅོས་པ་ལོངས་སྤྱོད་རྫོགས་པའི་སྐུའོ༔ ཞེས་ངོ་སྤྲོད་དོ༔ གསུམ་པ་སྤྲུལ་སྐུའི་ངོ་སྤྲོད་ནི༔ ཧོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་པར་ཉོན་ཅིག༔ ཁྱོད་ཀྱི་རང་སེམས་ཀྱི་ངོ་བོ་སྐྱེ་བ་མེད་པ་ལ་སྩལ་སྣ་ཚོགས་སུ་འཕྲོ་ཞིང་༔ འཕྲོས་ཙ་ཉིད་ནས་འཕྲོ་བ་མེད་པ་ཐུགས་རྗེ་སྤྲུལ་སྐུའོ༔ ཞེས་ངོ་སྤྲད་ཅིང་སྤྲོས་མེད་ཀྱི་དབང་བསྐུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་ཡིས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཉམས་ལེན་ཆིག་དྲིལ་ཁྲེགས་ཆོད་ཁྲིད༔ བདེ་མཆོག་འཁོར་ལོའི་ཆོས་ཚན་དུ༔ ལེགས་པར་བསྒྲིགས་ཏེ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ ཉི་མ་གྲགས་པས་གངས་རིིའི་རྒྱལ་པོ་ཏེ་སེ་ནས་རྙེད་པའོ། །མངྒ་ལཾ། །

ཐོད་རྒལ་གྱི་ཁྲིད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཐོད་རྒལ་གྱི་ཁྲིད་བཞུགས་སོ༔ དཔལ་ཆེན་ཧེ་རུ་ཀཿལ་འདུད༔ ཡེ་ཤེས་ལུས་ཅན་པདྨ་བདག༔ རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཡིན༔ ཁྱད་པར་རྡོ་རྗེ་སེམས་དཔའ་ལཿམཆོག་གི་འོད་གསལ་ངོ་སྤྲོད་ཞུས༔ དོན་གཉིས་མཐར་ཕྱིན་པདྨ་ངས༔ འགྲོ་ལ་ཕན་ཕྱིར་ཡང་གསང་གནད༔ ཡི་གེར་འབྲི་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲེགས་ཆོད་གཏན་ཕེབས་སྐྱེས་བུ་ལ༔ འོད་གསལ་ངོ་སྤྲོད་འདི་ལྟར་གདབ༔ ཤར་ནུབ་ཉི་ཟླའི་འགྲོས་ལམ་ཡང་༔ དབེན་ཞིང་དྭངས་ལ་མཐོ་བའི་སར༔ མཁོ་བའི་ཡོ་བྱད་ཁམས་རྐྱེན་བསགས༔ ཤེས་རྒྱུད་དབང་དང་ཁྲེགས་ཆོད་ཀྱིས༔ ཡོངས་སུ་སྨིན་གྲོལ་མཐར་ཕྱིན་ནས༔ སྐལ་ལྡན་བུ་ལ་ངོ་སྤྲོད་གདབ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ ཕྱི་ནང་གསང་བའི་བྱ་བ་བཏང་༔ སྐུ་གསུམ་བཞུགས་སྟངས་འདི་ལྟར་བསླབ༔ ཆོས་སྐུ་སེང་གེ་ཁྱི་ཚུགས་དང་༔ ལོངས་སྐུ་གླང་ཆེན་འཕྲེད་ཉལ་དང་༔ སྤྲུལ་སྐུ་དྲང་སྲོང་ཙོག་པུ་སྟེ༔ ལུས་གནད་གསུམ་གྱི་འཁྲུལ་འཁོར་བཅུན༔ ངག་གནད་སྨྲ་བ་ཉུང་དང་སྤང་༔ ལ་ཟླ་དག་ཏུ་ཤེས་པར་བྱ༔ རླུང་གནད་ཤིན་ཏུ་དལ་བ་སྟེ༔ སེམས་གནད་ནམ་མཁའ་སྟོང་པར་གཏད༔ སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ༔ ཡུལ་གནད་རྐྱེན་བྲལ་ནམ་མཁའ་མཆོག༔ དཀར་ཤས་ཆེ་ན་གཡས་སུ་བལྟ༔ ལྗང་ཤས་གཡོན་དང་སེར་ཤས་གྱེན༔ དམར་ཤས་ཐུར་དང་མཐིང་ཤས་དབུས༔ གཟིགས་སྟངས་གཅུན་པས་འདི་ལྟར་འཆར༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ ངོ་བོ་ཉིད་སྐུ་དེ་བཞིན་གཤེགས༔ སྐུ་དང་ཞིང་ཁམས་འདུ་འབྲལ་མེད༔ གཞོན་ནུ་བུམ་སྐུ་ཞལ་ཕྱག་རྫོགས༔ དཀར་འཇམ་ལམ་གྱི་རྩར་བརྟེན་ནས༔ རྒྱང་ཞགས་སྒོ་ནས་དབྱིངས་སུ་འཆར༔ ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད༔ མཆོད་རྟེན་མིག་མང་དྲ་ཕྱམ་དང་༔ སྣང་བའི་འོད་གསལ་སྣ་ཚོགས་མཐོང་༔ དེ་ཚེ་ཆོས་ཉིད་མངོན་དུ་གྱུར༔ ངན་སོང་གསུམ་ལས་རྒྱངས་ཀྱིས་འཕགས༔ ཐིག་ལེ་སྟོང་སྒྲོན་འབྲལ་མེད་ཅིང་༔ ཟ་འོག་རིས་དང་གྱེན་འགྲེང་དང་༔ རྩིབ་ཤར་དུམ་ཁྲིག་པདྨ་དང་༔ མདའ་མདུང་འོད་ལྔའི་མུ་ཁྱུད་རིས༔ ལྔ་ལྡན་ཕུབ་རིས་འོད་གསལ་མང་༔ དེ་ཚེ་ཉམས་སྣང་གོང་དུ་འཕེལ༔ དེ་ནས་འོད་གསལ་སྣང་བ་དེ༔ ཐིག་ལེ་ཐིག་ཕྲན་མང་ཞིང་འཚེར༔ ལྔ་ལྡན་མུ་ཁྱུད་ར་བ་ཅན༔ དབུས་སུ་གཙུག་ཏོར་སྐུ་ཕྱེད་དང་༔ ཚང་མ་རྐྱང་གཅིག་ཡུམ་ཅན་དང་༔ འཁྲིལ་སྦྱོར་ཚོམ་བུ་ལྔ་ལྔ་སོགས༔ མཐོང་བས་སྤྱན་དང་རྫུ་འཕྲུལ་སྟོན༔ འབྱུང་བའི་ཁམས་ལ་ཟང་ཐལ་འགྲོ༔ དེ་ལ་ཡང་དག་གོམས་བྱས་པས༔ འོད་གསལ་ལས་རུང་རླུང་གི་ཡང་༔ འགྱུ་བ་རང་ཟད་འབྱུང་བ་བཞི་༔ འོད་དུ་གྲོལ་ནས་རིག་པ་དེ༔ གར་གཏད་འཕར་དང་འགུལ་བ་དང་༔ སྐད་འབྱིན་རགས་པའི་སྣང་བ་ཟད༔ ཕྱི་ནང་རིག་པ་ཚད་ལ་ཕེབས༔ ཉོན་མོངས་མེད་ཅིང་ལྟོ་གོས་ཀྱི༔ ཞེན་པ་བྲལ་ཞིང་ཡོན་ཏན་རྫོགས༔ ལོངས་སྤྱོད་རྫོགས་སྐུ་མངོན་དུ་འགྱུར༔ ལུས་ཀྱི་བ་སྤུའི་ཚད་མཉམ་པའི༔ སངས་རྒྱས་ཞིང་ཁམས་གྲངས་མེད་འཆར༔ དེ་ཚེ་རིག་པ་ཚད་ལ་ཕེབས༔ ལུས་ཀྱི་གདོས་བཅས་ཤ་ཁྲག་དང་༔ ཉོན་མོངས་འབྱུང་བ་རྣམ་རྟོག་དང་༔ རླུང་གི་འགྱུ་བ་ཐམས་ཅད་ཟད༔ རེ་དོགས་གཉིས་འཛིན་བྲལ་བའི་ཚེ༔ སོར་མོའི་འོད་ཙམ་འཆར་བར་འགྱུར༔ འོད་ལ་རིག་པ་ཡུན་རིང་གཏད༔ འཕོ་བ་ཆེན་པོ་འགྲུབ་པར་འགྱུར༔ འཁོར་བའི་འགྲོ་བ་ཡོངས་སྒྲོལ་ཞིང་༔ པདྨ་བདག་དང་སྐལ་བ་མཉམ༔ སྐྱེ་འཇུག་རང་དབང་ཨེ་མ་ཧོ༔ འཕོ་བའི་སྐུ་ལ་མི་ཞེན་ན༔ འོད་གསལ་སྤངས་ནས་ལྷུན་གྲུབ་བསྐྱངས༔ ཕྱི་གསལ་སྣང་བ་ནང་དབྱིངས་ཐིམ༔ ཀ་དག་ཆོས་སྐུ་སྤྲུལ་པ་འབུམ༔ འབྲས་བུ་ཆོས་ཟད་མཐར་ཕྱིན་གྲོལ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཟབ་གསང་བླ་མེད་གནད༔ སྐུ་གསུམ་ལམ་དུ་བྱས་པ་ཡི༔ འབྲས་བུ་སྐུ་གསུམ་གཅིག་ཏུ་རྫོགས༔ འོད་གསལ་སྐུ་གསུམ་རང་ཆས་དེ༔ ཡེ་གྲུབ་རང་གནས་མངོན་དུ་གྱུར༔ ཟབ་གསང་ལམ་ལ་འདྲེས་སྦྱངས་མཐུས༔ ཕྱི་ནང་ཆོས་རྣམས་རང་སར་ཟད༔ ཆོས་དབྱིངས་འོག་མིན་ཕོ་བྲང་དུ༔ ཀུན་བཟང་སངས་རྒྱས་ས་ལ་འཁོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལུས་ནི་རབ་ཏུ་མི་འགུལ་ཞིང་༔ དེ་ཡི་སྟོབས་ཀྱིས་མིག་མི་འགུལ༔ དམིགས་རྟེན་དབྱིངས་ལ་འགུལ་སྐྱོད་བྲལ༔ དབྱིངས་རྟེན་རིག་པ་མི་འགུལ་ཞིང་༔ ཡེ་ཤེས་སྣང་བ་མངོན་དུ་བྱེད༔ སྔ་གྲོ་སཱུརྱའི་འོག་ཏུ་གཟིར༔ དགོངས་མོ་གཡོན་དང་ཡར་ངོ་ལ༔ ཙནྜའི་འབེན་ལ་གཅུན་པ་དང་༔ མར་ངོ་དག་ལ་ཨཱ་ལོ་ཀེ༔ ཉིན་གུང་ཕྱི་དབྱིངས་མཚན་གུང་དུ༔ ཙིཏྟར་གསལ་ཞིང་མ་ཡེངས་ཉལ༔ མན་ངག་མཐའ་བརྟེན་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཙིཏྟ་ཤ་ཡི་སྒྲོན་མའི་མདངས༔ དཀར་འཇམ་རྩ་སྒྲོན་ལམ་བརྒྱུད་དེ༔ རྒྱང་ཞགས་ཆུ་སྒྲོན་ཉིད་ལ་བསླབ༔ མི་འགུལ་གསུམ་ལ་ཉམས་བླངས་པས༔ དབྱིངས་ནི་རྣམ་དག་སྒྲོན་མ་སྟེ༔ ཡི་གེའི་ན་རོ་ལྟ་བུར་འཆར༔ ཤེས་རབ་སྒྲོན་མ་དབྱིངས་ཀྱི་ནང་༔ ལུག་རྒྱུད་ལྕགས་སྒྲོག་ལྟ་བུར་འཆར༔ ཐིག་ལེ་སྟོང་སྒྲོན་འོད་ལྔའི་མདངས༔ རྨ་བྱའི་སྒྲོ་ལྟར་གཅིག་གཉིས་འབྲེལ༔ སུམ་འབྲེལ་བཞི་སྒྲོམ་དག་ཏུ་འཚེར༔ བརྩོན་འགྲུས་ལྡན་པས་ཉམས་བླངས་ན༔ སྣང་བཞི་མཐར་ཕྱིན་ཟད་སར་འཁྱོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་གསང་བླ་མེད་གནད༔ ཕྱི་རབས་དོན་དུ་ཡི་གེར་བྲིས༔ ཏེ་སེ་གངས་ཀྱི་རྒྱལ་པོར་སྦས༔ སྲུང་མར་བཅོལ་ལོ་ཨ་ཐམ་རྒྱ༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །སརྦ་མངྒ་ལཾ། །

རླུང་སྦྱོར་གྱི་ཉམས་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རླུང་སྦྱོར་གྱི་ཉམས་ལེན་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ རླུང་རྩོལ་ཟབ་ལམ་མན་ངག་ཅིག༔ བདག་ཉིད་པདྨས་ཡི་གེར་འདེབས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་དབེན་ཞིང་དངས་ལ་རིག་པ་གསལ་བའི་གནས་ཤིག་ཏུ༔ བདེ་བའི་གདན་ལ་འདུག་ཅིང་༔ སྐྱབས་སེམས་དང་རྡོར་སེམས་བསྒོམ་བཟླས་སྔོན་དུ་བཏང་༔ རང་གི་སྤྱི་གཙུག་ཏུ་བླ་མ་ཡབ་ཡུམ་ལ་རྒྱལ་བ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམས་ལ༔ མོས་གུས་རྩེ་གཅིག་གི་ངང་ནས་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་༔ བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་གི་ཕུང་པོ་འབྱུང་བ་བཞི་འདུས་པའི་རྡོས་བཅས་འདི་མི་དམིགས་པ་སྟོང་པར་བསྒོམས༔ སྟོང་པའི་ངང་ལས་འོད་སྣང་ལས་གྲུབ་པའི་ལུས་ཕྱི་ནང་ཡོངས་སུ་གསལ་ལ་གོ་མ་འགགས་པ་གཅིག་ཏུ་བསམས༔ དེའི་དབུས་སུ་དབུ་མ་མདའ་སྨྱུག་ཙམ་པ་ཕྱི་དཀར་ལ་ནང་དམར་བ༔ སྲབ་ལ་དྭངས་པ་ཁྲག་དང་ཆུ་སེར་མེད་པ༔ ཡར་སྣེ་སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་གྱིས་ཁ་བཅད་པ་ལ་ཧཾ་ཡིག་གིས་མཚན་པ༔ མར་སྣ་ལྟེ་འོག་ཏུ་ཟུག་པའི་ནང་དུ་རོ་རྐྱང་གི་སྣེ་འདུས་པ༔ སུམ་མདོར་ཨ་ཤད་ཀྱིས་མཚན་པ༔ གཡས་ཀྱི་རོ་མ་དང་གཡོན་གྱི་རྐྱང་མའི་ཡར་སྣེ་སྣ་བུག་གཉིས་སུ་ཟུག་པ༔ གྲོ་སོག་ཙམ་པ༔ ཡོ་བ་དང་འཁྱོགས་པ་འཁྲིས་པ་སོགས་ཀྱི་སྐྱོན་མེད་པར་ཁང་སྟོང་གི་ཀ་བ་ལྟར་ཐ་ལེར་གནས་པ་ཞིག་ཏུ་གསལ་བའི་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སུམ་ཅུ་རྩ་གཉིས༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག༔ སྙིང་ག་ཆོས་ཀྱི་འཁོར་ལོར་རྩ་འདབ་བརྒྱད༔ ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི་རྣམས་ཕྱི་གསལ་ནང་གསལ་འོད་གཟུགས་ལས་གྲུབ་པ༔ ཁྲག་དང་ཆུ་སེར་མེད་པ་ཡར་མར་གྱི་རྩ་འཁོར་གཉིས་གཉིས་ཁ་སྦྱར་བའི་ཚུལ་གྱིས༔ གདུགས་ཀྱི་རྩིབས་མ་ལྟར་བསམས༔ ཉོན་མོངས་པ་དང་གཉིས་འཛིན་གྱི་བག་ཆགས་སྡིག་སྒྲིབ་ཐམས་ཅད་སྣ་བུག་ནས་སོང་བར་བསམས་ཤིང་རླུང་རོ་འབུད༔ ཚ་ཤས་ཆེ་ན་ཞི་བ༔ གྲང་ཤས་ཆེ་ན་དྲག་པོ༔ ཚ་གྲང་སྙོམས་པའི་གང་ཟག་གིས་དལ་ལྷོད་རན་པ་སྟེ༔ མན་ངག་འདི་གསུམ་གྱི་ཉམས་ལེན་རིགས་པའི་མདས་བསྣུན་ཞིང་ཁམས་དང་སྦྱར་ལ་ཕོ་བར་དགང་༔ རོ་རྐྱང་གི་རླུང་རྩ་གསུམ་འདུས་མདོར་ཨ་ཤད་ལ་ཕོག་པས༔ བདེ་དྲོད་ཀྱི་མེ་ལྕེ་དམར་ཉུག་ཉུག་ཏུ་འབར་བར་བསམས་ལ་ཤེས་རིག་མ་ཡེངས་པར་རྩེ་གཅིག་ཏུ་གཏད༔ རླུང་ཁུག་པ་ཉེར་བརྒྱད་ཀྱིས་རྩ་འཁོར་ལོ་ལྔ་ཡེ་ཤེས་ཀྱི་མེས་གང་བས༔ སྤྱི་གཙུག་གི་ཧཾ་ཡིག་དཀར་པོ་ལས་ཆབ་རོམ་ཆུར་ཞུ་བ་ལྟར༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཐིགས་པ་བཅུ་དྲུག་འཛགས་པས༔ ཐིགས་པ་བཞིས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྩ་འདབ་སུམ་ཅུ་རྩ་གཉིས་པ་གང་༔ དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས༔ བཞི་ཡིས་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་བཅུ་དྲུག་པ་གང་༔ ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུད་ལ་སྐྱེས་པར་བསམས༔ ཐིགས་པ་བཞི་བབས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་པ་གང་༔ མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས༔ ཐིགས་པ་བཞི་བབས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་པ་གང་༔ དགའ་བྲལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས༔ སླར་ཡང་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཡར་ལྡོག་པས༔ མས་འབེབས་ལྟར་ཡས་འཛེག་ལ་སྦྱར་ཏེ་དགའ་བ་བཞི་བསྒོམ༔ འདིའི་སྐབས་སུ་ལུས་གནད་ཆོས་བདུན་བསྲང་བ་དང་༔ སེམས་གནད་རྩེ་གཅིག་མ་ཡེངས་པར་དབུ་མའི་ནང་དང་རླུང་རྩོལ་ལ་གཏད་པ་དང་༔ རླུང་གནད་སྟེང་འོག་གི་རླུང་བསྡམས་ཤིང་བུམ་པ་རབ་ཏུ་དགང་བ་གནད་ཡིན་ནོ༔ དེ་ཐམས་ཅད་མཚན་བཅས་ཀྱི་ལས་རླུང་སྲོག་རྩོལ་དུ་ཆུད་པའི་རིམ་པ་ཡིན་ཞིང་༔ མཚན་མེད་དེ་བཞིན་ཉིད་ཀྱི་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་དག་པར་བྱ་བ་ནི༔ རྩ་དང་རླུང་གི་དམིགས་པ་སོགས་བློ་གཏད་ཀྱི་འཛིན་པ་ཐམས་ཅད་དུས་གསུམ་མཉམ་བརྡལ་ཆེན་པོར་ཆམ་གཅིག་པའི་དགོངས་པའི་ངང་ནས་རླུང་ཁུག་པ་ཅི་མང་ལ་སྦྱངས་པས་གཟུགས་སྣང་གི་བག་ཆགས་མཚན་བཅས་ཀྱི་རླུང་རང་སར་དག་ཅིང་༔ འཛིན་པའི་བག་ཆགས་མཚན་མེད་ཀྱི་རླུང་ཡེ་ཤེས་ཀྱི་རླུང་དུ་རྒྱུ་སྟེ༔ དགའ་བྲལ་བླ་མེད་བདེ་གསལ་མི་རྟོག་པའི་ཉམས་མྱོང་རྒྱུད་ལ་སྐྱེ་བར་བྱེད་དོ༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ ཟབ་ལམ་བླ་མེད་རླུང་གནད་འདི༔ ཉམས་སུ་ལེན་པའི་སྐལ་ལྡན་གྱི༔ ལུས་ཀྱི་རྩ་མདུད་གྲོལ་བ་དང་༔ རླུང་རྣམས་རང་སོར་རྒྱུ་བའི་ཕྱིར༔ ནད་གདོན་སྡིག་སྒྲིབ་སྦྱང་བའི་ཐབས༔ རྩ་འདུད་ལུས་སྦྱོང་འདི་ལྟར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རླུང་བཟུངས་དྲག་ལངས་ལག་པ་གཉིས༔ གསུམ་གསུམ་འཕུར་ཞིང་མཆན་ལ་བརྡེག༔ རྐང་པ་གཡས་གཡོན་གསུམ་གསུམ་འཕུར༔ བརྐྱང་བསྐུམ་རེས་མོས་ལན་གསུམ་བྱ༔ ལག་གཉིས་གཞུ་འགེངས་གསུམ་གསུམ་མཐར༔ རྒྱབ་མདུན་འཕུར་ཞིང་མགོ་བོ་མཉེ༔ ཧ་སྤྲུག་དང་བཅས་བར་འབེབས་རྒྱག༔ སྐྱིལ་ཀྲུང་ངང་ནས་ཕོ་རྐེད་མགོ༔ ལག་གཉིས་པུས་མོར་བཀབ་ཅིང་བསྐོར༔ སོག་སྲུབ་གཡས་གཡོན་ལན་གསུམ་གཅུ༔ མིག་བསྐོར་ལྕེ་བསྒྲིལ་ཁ་མིག་གཉིས༔ གདངས་བཙུམ་ལན་གསུམ་རེས་མོས་བྱ༔ འབེབ་ཆུང་བདུན་དང་ཧ་སྤྲུག་བདུན༔ དེ་ནས་མ་བཅོས་ངང་དུ་གློད༔ དེ་ལྟར་ཆགས་མེད་བརྩོན་པའི་མཐུས༔ གདོན་དང་བགེགས་ཞི་ཁྱད་པར་དུ༔ ནད་རིགས་འབྱུང་འཁྲུགས་མ་ལུས་ཚོགས༔ ནམ་ལངས་མུན་པ་ལྟ་བུར་སངས༔ ཁ་ཟས་བཅུད་ཅན་བསྟེན་པ་དང་༔ ཚིལ་ཆེན་རྐང་མར་བསྐུ་མཉེ་བྱུག༔ ཚྭ་གཡེར་རྗེན་གྱི་རིགས་རྣམས་སྤངས༔ ཉེ་ཤིང་ར་མོ་ཤག་ཤིང་དང་༔ དབང་ལག་རྒྱལ་པོའི་བཅུད་ལེན་མཆོག༔ རླུང་གནད་མན་ངག་འདི་གསུམ་པོ༔ གཅིག་ཏུ་དྲིལ་ཞིང་ཉམས་བླངས་ནས༔ རང་ལུས་ཚགས་ཚུད་གཞན་ལུས་བསྟེན༔ མཁའ་སྤྱོད་རིག་འཛིན་མ་འགྲུབ་ན༔ བདག་འདྲ་རིག་འཛིན་པདྨ་འཁྲུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ་༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏི་སེའི་བདེ་ཆེན་གསང་བ་ཕུག་ནས་རྙེད། །མངྒ་ལཾ། །

ད་ལའི་རྣམ་དག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ད་ལའི་རྣམ་དག་ཡོད༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་བུ་ཡི་དོན༔ དཀྱིལ་འཁོར་རྣམ་དག་རིམ་པ་ཞིག༔ པདྨ་འབྱུང་གནས་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སློབ་བུ་སྤྱན་དབྱེ་རྡོ་རྗེ་སློབ་དཔོན་གྱིས༔ གསེར་ཐུར་རྡོ་རྗེ་ཕྱེད་པས་མཚན་པ་ཐོགས༔ དཀྱིལ་འཁོར་ཤར་ནས་རྣམ་དག་འདི་ལྟར་བརྗོད༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ དད་གུས་མོས་འདུན་རྩེ་གཅིག་རིག་པ་སྒྲིམས༔ མ་ཡེངས་ངང་ནས་དཀྱིལ་འཁོར་འདི་ལ་ལྟོས༔ རྟེན་གཞི་འབྱུང་བ་རིམ་བརྩེགས་དང་༔ ལྷུན་གྲུབ་གཞལ་ཡས་རིན་པོ་ཆེ༔ བརྟེན་པ་ཡི་དམ་དཀྱིལ་འཁོར་ལྷ༔ ཕྱི་ནང་གསང་བ་བླ་ན་མེད༔ བླ་མེད་གསང་བའི་དཀྱིལ་འཁོར་འདི༔ དུས་གསུམ་རྒྱལ་བའི་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་མཆོག་གི་གནས༔ ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང་༔ གྲུ་བཞི་པ་ལ་སྒོ་བཞི་པ༔ རྒྱན་དང་རྟ་བབས་བཞི་བཞིར་ལྡན༔ ཕྱི་གསལ་ནང་གསལ་ཕོ་བྲང་དབུས༔ བཅོམ་ལྡན་དཔལ་ཆེན་ཐོད་པ་རྩལ༔ ཆོས་སྐུ་འགྱུར་མེད་ཞལ་གཅིག་པ༔ ཐབས་ཤེས་དབྱེར་མེད་ཕྱག་གཉིས་ན༔ སྣང་སྟོང་ཟུང་འཇུག་རྡོར་དྲིལ་བསྣམས༔ རིན་ཆེན་རྒྱན་ལྡན་ལོངས་སྤྱོད་རྫོགས༔ དུར་ཁྲོད་ཆས་ལྡན་ཧེ་རུ་ཀ༔ དཔལ་གྱི་ཆས་ལྡན་ཁྲོ་བོའི་རྒྱལ༔ འཁོར་འདས་དབྱེར་མེད་ཞབས་གཉིས་འགྱིང་༔ ཆགས་མེད་ཆོས་དབྱིངས་སྟོང་པའི་ཡུམ༔ འགག་མེད་མཁྱེན་རྩལ་སྤྲུལ་པའི་སྐུ༔ ཉོན་མོངས་སྒྲིབ་བྲལ་ཉི་ཟླའི་གདན༔ རྣམ་འཕྲུལ་དཔག་ཡས་དཀྱིལ་འཁོར་ལྷ༔ མུ་མཐའ་མེད་པ་ཆོས་ཀྱི་དབྱིངས༔ ས་ལམ་ཡོན་ཏན་མཐར་ཕྱིན་རྫོགས༔ སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ༔ དུག་ལྔ་ཚོགས་བརྒྱད་རྣམ་པར་དག༔ རྟག་ཆད་འཛིན་པ་རང་སར་གྲོལ༔ རྣམ་པར་ཐར་པ་བརྒྱད་ལྡན་ཞིང་༔ འདི་ནི་རིག་འཛིན་ཕོ་བྲང་སྟེ༔ མཁའ་སྤྱོད་དག་པ་དཔལ་གྱི་དབྱིངས༔ དཔའ་བོ་མཁའ་འགྲོ་འདུ་བའི་ཞིང་༔ ཡེ་ཤེས་ཟངས་ཐལ་འོད་ཀྱི་ཀློང་༔ མ་བཅོས་ཆོས་དབྱིངས་ཕོ་བྲང་འདི༔ མཐོང་བ་ཙམ་གྱིས་སྡིག་སྒྲིབ་འདག༔ བརྟེན་ཅིང་བསྒྲུབ་ན་མཆོག་ཐུན་འགྲུབ༔ རིག་འཛིན་བླ་མའི་ཕོ་བྲང་འདི༔ མོས་གུས་མ་ཆུང་དྭངས་བས་མཇོལ༔ ཅེས་བརྗོད་དཀྱིལ་འཁོར་མཐོང་བ་འདྲི༔ དཀར་པོར་མཐོང་ན་ཞི་བའི་ལས༔ དམར་པོ་དབང་དང་སེར་པོ་རྒྱས༔ མཐིང་ག་ཆོས་དབྱིངས་ནག་པོ་ནི༔ མངོན་སྤྱོད་ལ་སོགས་གང་མཐོང་གི༔ ལས་བཞི་འགྲུབ་གྱུར་ཐེ་ཚོམ་མེད༔ དཀྱིལ་འཁོར་བལྟ་བའི་མཐོང་སྣང་དང་༔ མེ་ཏོག་ཕོག་པའི་ལྷ་སྐལ་གཉིས༔ མཐུན་ན་མི་དེ་སྐལ་ལྡན་བུ༔ དངོས་གྲུབ་འཐོབ་པར་གདོན་མི་ཟ༔ དེ་ནས་སྐལ་ལྡན་བུ་དེ་ལ༔ གནས་གསུམ་དྲི་ཡིས་ཐིག་ལེ་བྱ༔ ཡེ་ཤེས་དབབ་ཅིང་མེ་ཏོག་འཐོར༔ ཏིཥྛ་བཛྲ་བརྗོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་རྙེད༔ མངྒ་ལམ། །

དཀྱིིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དཀྱིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ་ཡོད༔ གྷུ་རུ་བླ་མའི་སྐུ་ལ་འདུད༔ བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ རིག་འཛིན་སྒྲུབ་པའི་ཆ་རྐྱེན་དུ༔ དཀྱིལ་འཁོར་རྣམ་དག་རིམ་པ་ཞིག༔ མ་འོངས་དོན་དུ་ཟིན་བྲིས་འདེབས༔ ཚུལ་བཞིན་སྤྱོད་ཅིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ནས་རྡོ་རྗེ་རྒྱལ་པོས་གསེར་ཐུར་ཐོགས་ཏེ༔ ལྷ་དང་དཀྱིལ་འཁོར་ངོ་སྤྲོད་འདི་ལྟར་གདབ༔ ཀྱེ་ལས་དང་སྐལ་བར་ལྡན་པའི་རྡོ་རྗེའི་སློབ་མ་ཁྱེད་རྣམས་མ་ཡེངས་པར་ཕོ་བྲང་ཆེན་པོ་འདི་ལ་ལྟོས་ལ་འདུན་པ་རྩེ་གཅིག་གིས་ཉོན་ཅིག༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རོལ་པ་ལས་རང་ཤར་པའི་ཕོ་བྲང་ཆེན་པོ་འདིའི་རྟེན་གཞི་ནི༔ ཨེ་ལས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ཀ་མཐའ་དབུས་བྲལ་བ༔ སུས་ཀྱང་མ་བྱས་ཡེ་གྲུབ་ཆེན་པོར་ཆམ་བརྡལ་བའི་སྟེང་དུ༔ ཡཾ་ལས་རླུང་གི་རྒྱ་གྲམ་སྲ་ཞིང་མཁྲེགས་པའི་ངོ་བོ་སྟོང་པ༔ དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་རྦ་རླབས་ཡོངས་སུ་འཕྱོ་བ་གཟུང་འཛིན་དང་བྲལ་བ༔ དེའི་སྟེང་དུ་སུཾ་ལས་ཞིང་ཆེན་གྱི་ས་གཞི་རི་རབ་ཀྱི་བཀོད་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ་བདག་མེད་པ༔ དེའི་སྟེང་དུ་རཾ་ལས་ཡེ་ཤེས་ཀྱི་བདེ་དྲོད་འབར་བའི་མེ་དཔུང་གྲུ་གསུམ་པ་སྣང་ལ་རང་བཞིན་མ་གྲུབ་པ་སྟེ༔ འབྱུང་བའི་ཁམས་རྣམས་ཡེ་སྟོང་སྤྲོས་བྲལ་མུ་མཐའ་མེད་པའི་ཞིང་ཁམས་ཀྱི་དབུས་སུ༔ ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཟུང་འཛིན་དང་བྲལ་བའི་གཞལ་ཡས་ཁང་ཆེན་པོ་འདིའི་ལྟེ་བ་ཟླ་གམ་དཀར་དམར་ཞལ་སྦྱོར་བ་འདི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་ཆོས་ཉིད་ཀྱི་འཁོར་ལོར་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའི་བརྡ་ཡིན༔ མུ་ཁྱུད་ཟླུམ་པོས་བསྐོར་བ་འདི་དོན་དམ་པའི་ངོ་བོ་ལ་སྤྲོས་པས་དབེན་པའི་བརྡ་ཡིན༔ དེའི་ཕྱི་རིམ་ལ་པདྨ་འདབ་མ་བརྒྱད་དུ་འབྱུང་བ་འདི༔ རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་འཛིན་པ་ཡེ་ནས་དག་པའི་བརྡ་ཡིན༔ དེའི་ཕྱི་རིམ་ལ་པདྨ་འདབ་མ་བརྒྱད་ལ་སྣ་ཚོགས་ཀྱི་མདངས་དང་ལྡན་པ་འདི༔ ཡུལ་བརྒྱད་ཀྱི་གཟུང་ཡུལ་རྣམ་པར་དག་པའི་བརྡ་ཡིན༔ དེའི་ཕྱི་རིམ་གྱི་བར་ཁྱམས་ཆེན་པོའི་གླིང་བཞི་དཀར་སེར་དམར་ལྗང་དུ་ཤར་བ་འདི༔ ཕྲིན་ལས་རབ་འབྱམས་ལས་བཞིས་འགྲོ་དོན་མཐར་ཕྱིན་དུ་བསྒྲུབ་པའི་བརྡ་ཡིན༔ གྲུ་བཞི་དང་ལྡན་པ་འདི་སྐུ་བཞི་དང་ལྡན་པའི་བརྡ་ཡིན༔ སྒོ་བཞི་དང་ལྡན་པ་འདི་ཚད་མེད་པ་བཞི་མཚོན་པའི་བརྡ་ཡིན༔ རྩིག་པ་ལྔར་བྱུང་བ་འདི་ཡེ་ཤེས་ལྔ་མཚོན་པའི་བརྡ་ཡིན༔ དེ་ཡང་གཞལ་ཡས་ཁང་ཆེན་པོ་འདིའི་ནང་དུ་ཀླུ་ཆེན་པོ་བརྒྱད་ཀྱི་ཀ་གདན་བྱས་པ་འདི༔ བསྙེན་གནས་ཡན་ལག་བརྒྱད་མཚོན་པའི་བརྡ་ཡིན༔ ལྷ་ཆེན་པོ་བརྒྱད་ཀྱིས་ཀ་བ་བྱས་པ་འདི༔ འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་བརྡ་ཡིན༔ གཟའ་ཆེན་པོ་བརྒྱད་ཀྱིས་ཀ་གཞུ་བྱས་པ་འདི༔ རྣམ་པར་ཐར་པ་བརྒྱད་མཚོན་པའི་བརྡ་ཡིན༔ རྒྱལ་པོ་བཞི་གདུང་བཞིར་བྲེས་པ་འདི་མི་འཇིགས་པ་བཞིའི་བརྡ་ཡིན༔ གནོད་སྦྱིན་དང་རྒྱུ་སྐར་གྱི་དྲལ་ཕྱམ་དུ་བྱས་པ་འདི༔ སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད་མཚོན་པའི་བརྡ་ཡིན༔ རིན་པོ་ཆེ་སྣ་ཚོགས་དང་ཞིང་ཆེན་གྱིས་ཐོག་བཀབ་པ་འདི༔ ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བརྡ་ཡིན༔ དེ་ཡང་གཞལ་ཡས་ཁང་གི་སྟེང་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་རྣམ་པར་བྱུང་བ་འདི༔ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཚོན་པའི་བརྡ་ཡིན༔ བང་རིམ་དང་པོ་ལ་དྲན་པ་ཉེ་བར་བཞག་པ་བཞི་མཚོན་པའི་བརྡ་ཡིན༔ བང་རིམ་གཉིས་པ་ལ་ཡང་དག་པར་སྤོང་བ་བཞི་མཚོན་པའི་བརྡ་ཡིན༔ གསུམ་པ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པའི་བརྡ་ཡིན༔ བཞི་པ་ལ་དབང་པོ་ལྔ་མཚོན་པའི་བརྡ་ཡིན༔ བུམ་གདན་ལ་སྟོབས་ལྔ་མཚོན་པའི་བརྡ་ཡིན༔ བུམ་པ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་པའི་བརྡ་ཡིན༔ བྲེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་མཚོན་པའི་བརྡ་ཡིན༔ སྲོག་ཤིང་ལ་སྐུ་གསུ་ཐུགས་ཡོངས་སུ་རྫོགས་པར་མཚོན་པའི་བརྡ་ཡིན༔ ཆོས་འཁོར་བཅུ་གསུམ་ནི་དགོངས་པ་ཉེ་བར་བཞག་པ་བཞི་དང་ཐེག་པ་དགུ་མཚོན་པའི་བརྡ་ཡིན༔ ཆར་ཁེབས་ནི་ཐུགས་རྗེ་ཆེན་པོས་ཉོན་མོངས་པའི་ཚ་གདུང་ལས་ཀུན་ཏུ་ཡང་དག་པར་སྐྱོབ་པའི་བརྡ་ཡིན༔ བང་རིམ་རྣམས་ལ་དར་སྣ་ཚོགས་ཀྱི་ཅོད་པན་འཕུར་བ་ནི༔ མཆོད་པའི་ལྷ་མོ་རྣམས་ཀྱིས་འདོད་ཡོན་གྱི་མཆོད་པ་རྒྱུན་མི་འཆད་པར་འབུལ་བའི་བརྡ་ཡིན༔ དྲིལ་བུའི་ཕྲེང་བ་ནི་ཟབ་གསང་བླ་མེད་ཀྱི་ཆོས་སྒྲ་སྒྲོགས་པའི་བརྡ་ཡིན༔ ཉི་ཟླའི་འཁོར་ལོ་ནི་ཀུན་ནས་མ་རིག་པའི་ལས་ཉོན་བག་ཆགས་དང་བཅས་པ་སེལ་བའི་བརྡ་ཡིན༔ རིན་པོ་ཆེའི་ཏོག་ནི་བསྟན་པའི་རྒྱལ་མཚན་ནམ་ཡང་ནུབ་པ་མེད་པའི་བརྡ་ཡིན༔ དེ་ཡང་འདོད་ཡོན་གྱི་སྣམ་བུ་དམར་པོ་པདྨ་རཱ་ག་ལས་གྲུབ་པ་ནི༔ འདོད་ཆགས་མ་སྤངས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ རིན་པོ་ཆེའི་ཕ་གུ་གསེར་ལས་གྲུབ་པ་ནི༔ ང་རྒྱལ་མ་སྤངས་གནས་སུ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ ནོར་བུ་རིན་པོ་ཆེ་བཻཌཱུརྱའི་དྲྭ་བ་ལ་སྣ་ཚོགས་ཀྱི་རི་མོ་གསལ་བ་ནི༔ ཞེ་སྡང་མ་སྤངས་གནས་སུ་དག་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ ད་རུ་ཀཱ་ཨིཎྜ་ནཱི་ལ་དམར་ལྗང་དུ་ཡོད་པ་ནི༔ ཕྲག་དོག་མ་སྤངས་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ མཆོད་རྟེན་དཀར་པོ་བརྒྱ་རྩ་བརྒྱད་རྡོ་ཀ་མ་ཤི་ལ་ལས་གྲུབ་པ་ནི༔ གཏི་མུག་མ་སྤངས་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ གཞལ་ཡས་ཀྱི་ཁང་པ་འདི་གྲུ་བཞི་བྱུང་བ་ནི༔ ཆེ་བའི་ཡོན་ཏན་རྒྱས་པའི་བརྡ་ཡིན༔ ལོགས་བཞིར་བྱུང་བ་ནི༔ ཐུགས་རྗེ་ཆེན་པོ་ལ་མཉམ་པ་མེད་པའི་བརྡ་ཡིན༔ ཕྱོགས་བཞིར་རྟ་བབས་བཞིས་བརྒྱན་པ་ནི༔ རྣམ་པར་ཐར་པ་བཞི་དང་ལྡན་པའི་བརྡ་ཡིན༔ ཀ་བ་བཞི་དང་ལྡན་པ་ནི༔ ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་བརྡ་ཡིན༔ ཀ་གདན་བཞི་ནི་དྲན་པ་ཉེ་བར་བཞག་པ་བཞིིའི་བརྡ་ཡིན༔ ཀ་ཞུ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་བརྡ་ཡིན༔ གདུང་བཞི་བསྣོལ་མར་བཏང་བ་ནི༔ བདེན་པ་བཞི་དང་བསམ་གཏན་བཞིའི་བརྡ་ཡིན༔ རྟ་བབས་བང་རིམ་བཞིར་བྱུང་བ་ནི༔ གསུམ་ནི་ཁམས་གསུམ་མཚོན་པའི་བརྡ་ཡིན༔ བཞི་པ་ནི་འཕགས་ལམ་མཚོན་པའི་བརྡ་ཡིན༔ རྟ་བབས་ཀྱི་སྟེང་ན་ཆོས་འཁོར་བཅུ་གསུམ་ནི༔ ས་བཅུ་གསུམ་ཕྱིར་མི་ལྡོག་པ་བླ་མའི་ས་ཆེན་པོ་བཟུང་ནས་སེམས་ཅན་ཀྱི་འགྲོ་དོན་མཛད་པའི་བརྡ་ཡིན༔ སྟེང་ན་གདུགས་དང་ཏོག་གིས་བརྒྱན་པ་ནི༔ ཐུགས་རྗེ་ཆེན་པོས་འཁོར་བའི་ཚ་གདུང་དང་ཉོན་མོངས་པའི་འཇིགས་པ་ལས་སྐྱོབ་ཅིང་བསྟན་པའི་རྒྱལ་མཚན་ཆེན་པོ་ནམ་ཡང་ནུབ་པ་མེད་པའི་བརྡ་ཡིན༔ གཡས་གཡོན་ན་རི་དྭགས་ཕོ་མོ་གཉིས་ཀྱིས་ཆོས་ཉན་པ་ནི༔ འདུ་འཛི་ལས་དབེན་ཞིང་བདེན་པ་བཞི་མཚོན་པའི་བརྡ་ཡིན༔ རྟ་བབས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འཕན་འཕྱར་བ་ནི༔ འདོད་ཡོན་སྤྲིན་ལྟར་གཏིབས་པའི་བརྡ་ཡིན༔ རྟ་བབས་ནང་དུ་དྲིལ་བུ་གཡེར་ཁ་རེ་རེ་ཡོད་པ་ནི༔ སྟོང་ཉིད་ཀྱི་ཆོས་སྒྲ་སྒྲོགས་པའི་བརྡ་ཡིན༔ ཉི་ཟླའི་དཀྱིལ་འཁོར་ནི་ཐབས་ཤེས་དབྱེར་མེད་ཟུང་འཇུག་གི་བརྡ་ཡིན༔ རྡོ་རྗེའི་རྭ་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་མཐར་ཕྱིན་རྣམ་པར་དག་པའི་བརྡ་ཡིན༔ བཀྲ་ཤིས་པའི་རྟགས་བརྒྱད་དང་རིན་པོ་ཆེའི་རྒྱལ་མཚན་བརྒྱད་རྣམས་ནི༔ འཁོར་བའི་གཡུལ་ལས་རྒྱལ་ཞིང་བདུད་ཀྱི་བར་ཆད་ལས་རྣམ་པར་རྒྱལ་བའི་བརྡའོ༔ གཞལ་ཡས་ཁང་གི་རྒྱུ་རིན་པོ་ཆེ་ལྔ་ལས་གྲུབ་པ་ནི༔ དགོས་འདོད་ཐམས་ཅད་ཆར་ལྟར་དུ་འབེབས་པའི་བརྡའོ༔ དེའི་ཕྱི་རིམ་པདྨ་སྣ་ཚོགས་ཀྱིས་བསྐོར་བ་ནི༔ རང་བྱུང་གི་རིག་པ་ལ་སྐྱོན་གྱིས་མ་གོས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པའི་བརྡའོ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ནི༔ འཁོར་བ་མ་སྤངས་གནས་སུ་དག་པའི་བརྡའོ༔ རྡོ་རྗེའི་ར་བ་ནི་དོན་དམ་གྱི་ངོ་བོ་ལ་འཇིགས་མེད་ཀྱི་གདེངས་དང་ལྡན་པའི་བརྡའོ༔ ཡེ་ཤེས་ལྔ་ལྡན་གྱི་མེ་རི་ནི༔ གཟུང་འཛིན་གྱི་བག་ཆགས་ཐམས་ཅད་བསྲེག་པའི་བརྡའོ༔ དེ་ལྟ་བུའི་གཞལ་ཡས་ཁང་ཆེན་པོ་རྒྱ་ཡོངས་སུ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བའི་བཀོད་པས་ལྟ་ན་སྡུག་པའི་ཕོ་བྲང་ཆེན་པོའི་དབུས་སུ་འཁོར་འདས་ཐམས་ཅད་ཀྱི་དཔལ་དང་ལྡན་པའི་བརྡར༔ ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི༔ འདོད་ཡོན་མ་སྤངས་རྒྱན་དུ་རོལ་བའི་བརྡར༔ དར་ཟབ་སྣ་ཚོགས་ཀྱི་གདན༔ སྐྱོན་གྱི་མ་གོས་པའི་བརྡར༔ པདྨ་འབར་བའི་འབོལ༔ སྒྲིབ་གཉིས་དག་པའི་བརྡར་ཉི་ཟླའི་དཀྱིལ་འཁོར༔ བདག་འཛིན་ཀྱི་རཱུ་ཏྲ་འདུལ་བའི་བརྡར་སྲིན་པོའི་བཾཿམཁྱེན་དང་བརྩེ་བ་བླ་ན་མེད་པའི་བརྡར༔ འོད་ཟེར་སྣ་ཚོགས་འཕྲོ་བ་སྟེ༔ བཀོད་པ་ལྷུན་གྲུབ་ཀྱི་ཁྲི་ཆེན་པོ་དེའི་སྟེང་དུ༔ ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་འདུས་པའ་ིབདག་ཉིད་ཆེ་བའི་ཆེ་མཆོག་རིག་འཛིན་ཐོད་པ་རྩལ་ཆེན་པོ༔ ཆོས་སྐུ་འགྱུར་མེད་ཉག་གཅིག་གི་བརྡར་ཞལ་གཅིག༔ སྙིང་རྗེ་ཞི་བས་འགྲོ་བ་སྒྲོལ་བའི་བརྡར་སྐུ་མདོག་དཀར་པོ༔ སྐུ་གསུམ་གྱི་སངས་རྒྱས་རང་ལ་རྫོགས་པའི་བརྡར་སྤྱན་གསུམ༔ ཐབས་ཤེས་གཉིས་སུ་མེད་པའི་བརྡར་ཕྱག་གཉིས༔ སྣང་སྟོང་ཟུང་དུ་འཇུག་པའི་བརྡར་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ འཁོར་འདས་གཉིས་མེད་དུ་རྟོགས་པའི་བརྡར་ཞབས་གཉིས་འགྱིང་བག་དང་ལྡན་པ༔ ཆོས་ཉིད་ཀ་དག་གི་ངོ་བོ་མ་བཅོས་པའི་བརྡར་ཞི་བའི་ཉམས་དང་ལྡན་པ༔ ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་རྣམས་དང་གཉིས་སུ་མེད་པའི་བརྡར༔ རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ༔ སྤྲུལ་པའི་སྐུའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་བརྡར༔ རལ་པའི་གཙུག་ཏོར་ལ་ནོར་བུ་དབང་གི་རྒྱལ་པོས་བརྒྱན་པ༔ ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་བརྡར་རུས་པའི་རྒྱན་དྲུག་བཅིངས་པ༔ བདུད་ཀྱི་གཡུལ་ལས་རྒྱལ་བའི་བརྡར་དཔའ་བོ་སྟག་གི་ཤམ་ཐབས་དཀྲིས་པ༔ མ་རིག་པའི་བདག་འཛིན་དང་བྲལ་ནས་ཁམས་གསུམ་གྱི་སེམས་ཅན་སྐུ་གསུམ་གྱི་ཞིང་ལ་སྦྱོར་བའི་བརྡར་ཚར་གསུམ་ཐོད་ཕྲེང་གིས་བརྒྱན་པ༔ དྲེགས་པའི་དགྲ་བགེགས་འདུལ་བའི་བརྡར་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་བརྡར་དར་སྣ་ཚོགས་ཀྱི་ཅོད་བན་འཕུར་བ༔ ཐུགས་རྗེ་སེམས་ཅན་དོན་ལ་རྗེས་སུ་ཆགས་པའི་བརྡར༔ ཡུམ་མེ་ཏོག་མན་ངྷ་རཱ་ཝ་དམར་མོ་དང་གཉིས་མེད་དུ་སྦྱོར་བ༔ སྦྱོར་སྒྲོལ་རྨད་དུ་བྱུང་བའི་སྤྱོད་པས་འཁོར་བ་དོང་ནས་སྤྲུགས་བའི་བརྡར༔ གཉིས་མེད་དུ་འཁྲིལ་བ༔ དགའ་བ་བཞིའི་ཡེ་ཤེས་མཐར་ཕྱིན་པའི་བརྡར༔ བདེ་བའི་ཉམས་དང་ལྡན་པ༔ ས་ལམ་གྱི་ཡོན་ཏན་ཐམས་ཅད་བདེ་སྟོང་གི་ངོ་བོར་རྫོགས་པའི་བརྡར༔ ཡུམ་མན་ངྷ་རཱ་ཝ་སྣ་ཚོགས་ཀྱི་རྒྱན་དང་གཟིག་ཤམ་འཕྱོ་བ༔ དུག་ལྔ་དང་དུག་གསུམ་མ་སྤངས་རང་སར་གྲོལ་བའི་བརྡར༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐྱེ་ཤི་རྩད་ནས་གཅོད་པའི་བརྡར་ཕྱག་གཡས་གྲི་གུག་བསྣམས་པ༔ ཆགས་པ་མེད་པའི་བརྡར་ཐོད་ཁྲག་གཙོ་བོ་ལ་སྟོབས་པ༔ ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་བརྡར༔ དཔལ་བརྒྱད་རྒྱན་དུ་རྫོགས་པའོ༔ དེ་ལྟར་བདེ་གཤེགས་ཀུན་འདུས་བདེ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་གྱི་འཁོར་དུ༔ སྐུ་ལྔ་དང་སྐུ་གསུམ་གྱི་རྩལ་སྣ་ཚོགས་ཀྱི་རོལ་པ་ལས་རང་ཤར་བའི་ཡེ་ཤེས་ཀྱི་ལྷ་ཚོགས་ཡབ་ཡུམ་མ་འགགས་པའི་རོལ་པའི་སྣང་རྩལ་དུ་ཤར་བ་དཔག་ཏུ་མེད་པའི་དཀྱིལ་འཁོར་ཚོམ་བུའི་སྣང་ཚུལ་དུ་སྟོན་པ་ནི༔ རིག་འཛིན་གྱི་ལྷ་ཚོགས་དཔའ་བོ་དཔའ་མོ་བཀའ་སྡོད་སྒོ་བ་སྒོ་མ་དང་བཅས་པ་འདི་རྣམས་ཡིན་པས༔ ཀྱཻ་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས༔ གཟུང་འཛིན་གྱི་ཞེན་པ་ཕྲོལ་ལ༔ ཕྱི་ལྟར་རྡུལ་ཚོན་རྫས་ཀྱི་དཀྱིལ་འཁོར༔ ནང་ལྟར་རང་ལུས་རྒྱལ་བའི་ཕོ་བྲང་༔ གསང་བ་ལྟར་རང་བྱུང་ཡུམ་གྱི་མཁའ་ཀློང་༔ ཡང་གསང་ངོ་བོ་ཉིད་སྐུ་གདོད་མའི་ཞིང་ཁམས༔ བླ་མེད་རང་སེམས་ཀ་དག་དབྱིངས་རིག་གི་དཀྱིིལ་འཁོར་དུ་རང་ཤར་བའི་ངོ་བོ་ལ་ལྟོས་ལ༔ གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་ཕྲལ་ཏེ༔ བདེ་གཤེགས་ཀུན་འདུས་རིག་འཛིན་བླ་མའི་ཕོ་བྲང་དང་ངོ་བོ་ཉིད་སྐུ་ཐ་དད་མེད་པར་ལྟོས་ཤིག༔ ཅེས་བརྗོད་སློབ་བུས་མཎྜལ་ཕུལ་ལ་མེ་ཏོག་དོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་བ་བླ་མེད་འཁོར་ལོ་བདེ་མཆོག་གི༔ ད་ལའི་རྣམ་དག་གསང་བའི་སྦས་བཤད་འདི༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕྱི་རབས་དོན་དུ་ཤོག་སེར་ལོགས་ལ་བཏབ༔ ལྔ་བརྒྱའི་ཐ་མ་རྩོད་ལྡན་ཡང་མཐའ་ལ༔ སྨོན་ལམ་དག་པའི་བདེན་སྟོབས་ནུས་པ་ཡིས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཉི་མ་གྲགས་པས་ཏེ་སེའི་གངས་ནས་བཏོན་ཞིང་སྲིང་མོ་རྫོང་དུ་ཤོག་སེར་ལས་ཕབ་པའོ༔ ངོ་གསར་མང་པོའི་རྐྱེན་དང་བཅས། །ཉི་མ་གསུམ་ལ་འབྲི་དགོས་ཐུག། ཧ་ཧ། མངྒ་ལཾ། །

བྱིན་རླབས་སྐུ་ཡི་བླ་རྡོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བྱིན་རླབས་སྐུ་ཡི་བླ་རྡོ་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་འོངས་སྐལ་ལྡན་ཕོ་མོ་ནི༔ སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས༔ སྐུ་ཡི་བྱིན་རླབས་བླ་རྡོ་ནི༔ བཅང་ཐབས་འཁོར་ལོ་བདག་གིས་བསྟན༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དད་བརྩོན་ལྡན་པའི་རྣལ་འབྱོར་པས༔ ཡར་ངོའི་དུས་ཚེས་བཟང་པོ་ལ༔ འཁོར་ལོ་མུ་ཁྱུད་དྲུག་ཏུ་བསྐོར༔ ལྟེ་བར་ཨཱོཾ་ཡིག་བྲིས་པའི་མཐར༔ ཨཱོཾ་ཨཱཿ་ཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ ཞེས་འདྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་སརྦ་མ་ཧཱ་གུ་རུ་བྷུངྔྷ་བྷོ་ངྷི་སཏྭ་ངྷེ་ཝ་ངྷཱཀྐི་ནི་སརྦ་སིངྔྷི་ཕ་ལ་ཧཱུྃ་ཧཱུྃ༔ ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་བསྐུར་དུ་གསོལ༔ ཅེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་བཛྲ་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ བཛྲ་ངྷཱཀྐི་ནི་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཨཱོཾ་རཏྣ་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ རཏྣ་ངྷཱཀྐི་ནི་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཨཱོཾ་པདྨ་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ པདྨ་ངྷཱཀྐི་ནི་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཨཱོཾ་ཀརྨ་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཀརྨ་ངྷཱཀྐི་ནི་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཨཱོཾ་བྷུངྔྷ་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ བྷུངྔྷ་དྷཱཀྐི་ནི་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཨཱོཾ་སརྦ་བྷུངྔྷ་བྷོ་ངྷི་ས་ཏྭ་ཛྙཱ་ན་ཀཱ་ཡ་སརྦ་སིངྔྷི་ཧཱུྃ༔ ཅེས་བྲི་དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང་༔ སོགས་དབྱངས་གསལ་བྱེད་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཡེ་ངྷརྨཱ་སོགས་རྟེན་འབྲེལ་སྙིང་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མེ་རི་འབར་བས་མཚན་པར་འབྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྟེ་བ་དམར་པོ་མུ་ཁྱུད་སེར༔ དེ་ཡི་ཕྱི་རིམ་མུ་ཁྱུད་མཐིང་༔ དེ་ཡི་ཕྱི་རིམ་མུ་ཁྱུད་དམར༔ དེ་ཡི་ཕྱི་རིམ་མུ་ཁྱུད་སེར༔ མེ་རི་དམར་པོའི་ཚོན་གྱིས་བྱུགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བླ་མ་ཡབ་ཡུམ་དབུ་ལོ་དང་༔ ན་བཟའ་ཕྱག་སེན་ལ་སོགས་གདབ༔ དྲི་བཟང་སྨན་གྱིས་ལེགས་པར་བྱུག༔ གུ་གུལ་བདུག་ཅིང་དྲག་སྔགས་བརྗོད༔ དཀར་དམར་དར་གྱིས་ལེགས་པར་དྲིལ༔ བྱིན་གྱིས་བརླབ་ཅིང་རབ་གནས་བྱ༔ བྱིན་རླབས་སྐུ་ཡི་བླ་རྡོ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དམ་ལྡན་སྒྲུབ་པའི་བཙས་སུ་བཀོད༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ འཕྲད་ནས་སྒྲུབ་པའི་སྲོག་ཏུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པ་ཡིས། །གངས་རིའི་རྒྱལ་པོ་ཏེ་སེ་ནས། །སྤྱན་དྲངས་ཤོག་སེར་ལོགས་ནས་ཕབ། མངྒ་ལཾ། །

མན་ངག་གསུང་གི་བླ་རྡོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ མན་ངག་གསུང་གི་བླ་རྡོ་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སྐལ་ལྡན་མྱུར་དུ་གྲོལ་བའི་ལམ༔ སྒྲུབ་པ་ཟབ་མོའི་ཆ་རྐྱེན་དུ༔ བྱིན་རླབས་གསུང་གི་ཙཀྲ་ཞིག༔ འབྲི་ཐབས་པདྨ་བདག་གིས་སྟོན༔ ཉམས་སུ་ལོངས་ཤིག་སྐལ་ལྡན་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཨཱཾཿབྲིས་དེ་ཡི་མཐར༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་བཛྲ་ས་མ་ཡཱ་ཛ༔ སིངྔྷི་ཕ་ལ་ཧཱུྃ༔ ཅེས་བྲི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ན་མོ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་སརྦ་ངྷརྨཱ་ཀཱ་ཡ༔ ཛྙཱ་ན་ཝཱཀྐ༔ ངྷརྨཱ་ངྷརྟུ་ཛྙཱ་ན་ཙིཏྟ་ཧཱུྃ༔ བདག་ཆེ་གེ་མོ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་ཁྱད་པར་ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་དམ་པ་སྩལ་དུ་གསོལ༔ ཅེས་འབྲི་དེ་ཡི་ཕྱི་རིམ་མ་ཁྱུད་ལ༔ པདྨ་འདབ་བཞི་དག་ཏུ་བྲི༔ ཤར་ནས་རིམ་བཞིན་པདྨ་ལ༔ ལྷག་ཆད་མེད་པར་འདི་རྣམས་འབྲི༔ ཨཱོཾ་བཛྲ་གུ་རུ་ངྷེ་ཝ་དྷཱཀྐི་ནི་བྷུདྡྷ་བྷོ་དྷི་སཏྭ་སརྦ་ཛྙཱ་ན་ཝཱཀྐ་སིངྔྷི་ཧཱུྃ་ཛ༔ ཨཱོཾ་རཏྣ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་བྷུདྡྷ་བྷོ་དྷི་སཏྭ་སརྦ་ཛྙཱ་ན་ཝཱཀྐ་སིངྔྷི་ཧཱུྃ་ཛ༔ ཨཱ་ོཾཔདྨ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་བྷུདྡྷ་བྷོ་དྷི་སཏྭ་སརྦ་ཛྙཱ་ན་ཝཱཀྐ་སིངྔྷི་ཧཱུྃ་ཛ༔ ཨཱོཾ་ཀརྨ་གུ་རུ་དྷེ་ཝ་ངྷཱཀྐི་ནི་བྷུདྡྷ་བྷོ་དྷི་སཏྭ་སརྦ་ཛྙཱ་ན་ཝཱཀྐ་སིངྔྷི་ཧཱུྃ་ཛ༔ ཅེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཱཻ༔ ཨོ་ཨཱཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉཿཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ་༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཅེས་འབྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོའི་སྔགས་རྣམས་བྲི༔ དེ་ཡི་ཕྱི་རིམ་མེ་རི་བྲི༔ ལྟེ་བ་དམར་དང་མུ་ཁྱུད་སེར༔ དེ་ཡི་ཕྱི་རིམ་པདྨ་རྣམས༔ ཕྱོགས་མདོག་ཚོན་གྱིས་བྱུག་པར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྗང་༔ དེ་ཡི་ཕྱི་རིམ་མུ་ཁྱུད་སེར༔ མེ་རི་དམར་པོའི་ཚོན་གྱིས་བསྒྱུར༔ བྲིས་སུབ་ལྷག་ཆད་མེད་པར་བྱ༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ ཆོས་སྨན་བཏབ་ལ་དྲི་བཟང་བྱུག༔ གུ་གུལ་བདུག་ཅིང་དྲག་སྔགས་བརྗོད༔ ལྷ་ཚོགས་བསྟིམ་ཞིང་རབ་ཏུ་གནས༔ ཁ་དོག་དམར་པོའི་དར་གྱིས་དྲིལ། སྒྲུབ་པའི་རྟེན་དང་བླ་རྡོར་བཅང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བུ་ཡི་དོན་དུ་བཀོད༔ ཏེ་སེའི་གངས་ལ་སྦས་ཏེ་བཞག༔ གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར༔ གསང་སྔགས་དར་ལ་མ་སྨིན་དུས༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང་༔ སྐལ་ལྡན་འགྲོ་རྣམས་གྲོལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་རིག་འཛིན་ཉི་མ་གྲགས་པས་ཏེ་སེ་ནས་རྙེད། མངྒ་ལཾ།། །།

ཡང་དག་ཐུགས་ཀྱི་བླ་རྡོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཡང་དག་ཐུགས་ཀྱི་བླ་རྡོ་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ཨོ་རྒྱན་ཆེན་པོར་བཀའ་ཡི་ལུང་ཞུས་ནས༔ མན་ངག་གསང་བ་ཐུགས་ཀྱི་བླ་རྡོ་ཞིག༔ ཕྱི་རབས་དོན་དུ་ཡི་གེར་འབྲི་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུགས་ཀྱི་བླ་རྡོ་ཙཀྲ་ནི༔ འཁོར་ལོ་མུ་ཁྱུད་བརྒྱད་དུ་བསྐོར༔ ལྟེ་བར་རྡོ་རྗེ་རྩེ་ལྔ་འབྲི༔ དེ་ཡི་ཐ་མར་ཆེ་གེའི་མིང་༔ སྲུངས་ཤིག་རཀྵ་བྱ་བས་བསྐོར༔ ཐུགས་ཀྱི་ས་བོན་རྡོ་རྗེ་ཡི༔ གནས་གསུམ་ཨཱོཾ་ཨཱཿཧཱུྃ་གསུམ་འགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཕྱི་ནང་གསང་གསུམ་སྒྲུབ་ཐབས་ཀྱི༔ བསྙེན་པ་ལྷག་ཆད་མེད་པར་འབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གསོལ་འདེབས་འདོད་གསོལ་འདི་ལྟར་བྲི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཨཱོཾ་སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ སྣང་སྟོང་སྐུ་ཡི་དབང་མཆོག་བསྐུར༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱཿགསུང་གི་བྱིན་རླབས་ངག་ལ་སྩོལ༔ འགག་མེད་གསུང་གི་དབང་མཆོག་བསྐུར༔ ཚངས་དབྱངས་གསུང་གི་དངོས་གྲུབ་སྩོལ༔ ཧཱུྃ་ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ༔ རང་བྱུང་ཡེ་ཤེས་དབང་མཆོག་བསྐུར༔ ཆོས་ཉིད་སྤྲོས་བྲལ་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིངྔྷི་ཧཱུྃ༔ ཅེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྩིབས་བརྒྱད་ནང་དུ་འདི་ལྟར་འགོད༔ ན་མོ་བཛྲ་ཛྙཱ་ན་སརྦ་བྷུངྔྷ་བྷོ་ངྷི་ས་ཏྭ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ ན་མོ་རཏྣ་ཛྙཱ་ན་སརྦ་བྷུངྔྷ་བྷོ་ངྷི་ས་ཏྭ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ ན་མོ་པདྨ་ཛྙཱ་ན་སརྦ་བྷུངྔྷ་བྷོ་ངྷི་ས་ཏྭ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ ན་མོ་ཀརྨ་ཛྙཱ་ན་སརྦ་བྷུངྔྷ་བྷོ་ངྷི་ས་ཏྭ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ དེ་ལྟར་ཕྱོགས་བཞིའི་རྩིབས་ལ་བྲི༔ དེ་ནས་རྩིབས་མཆན་བཞི་པོ་ལ༔ ན་མོ་སརྦ་བཛྲ་ངྷཱཀྐི་ནི་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ ན་མོ་རཏྣ་སརྦ་ངྷཱཀྐི་ནི་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ ན་མོ་པདྨ་སརྦ་ངྷཱཀྐི་ནི་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ ན་མོ་ཀརྨ་ངྷཱཀྐི་ནི་སརྦཀཱ་ཡ་ཝཀྐ་ཙིཏྟ་སརྦ་ཨ་ངྷིཥྛཱ་ཏེ་སྭཱ་ཧཱ༔ དེ་ལྟར་མཚམས་བཞིའི་རྩིབས་ལ་བྲི༔ རྩིབས་མཆན་རྣམས་ལ་འབྲི་བ་ནི༔ མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ༔ ཁམས་གསུམ་དབང་དུ་འདུ་བའི་དངོས་གྲུབ་སྩལ་དུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་དངོས་གྲུབ་སྩལ་དུ་གསོལ༔ རྩོད་པ་ཀུན་ལས་རྒྱལ་བའི་དངོས་གྲུབ་སྩལ་དུ་གསོལ༔ བདུད་དང་བར་གཅོད་འདུལ་བའི་དངོས་གྲུབ་སྩལ་དུ་གསོལ༔ ལྟ་སྤྱོད་ཏིང་འཛིན་ལྡན་པའི་དངོས་གྲུབ་སྩལ་དུ་གསོལ༔ རིག་འཛིན་ལྷ་ཚོགས་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་རྩིབས་མཆན་བརྒྱད་ལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ཨཱཿཧཱུྃ་ངྷརྨཱ་ངྷརྟུ་ཛྙཱ་ན་བྷོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཨཱ༔ ཨཱོཾ་ཨཱཿ་ཧཱུྃ་བཛྲ་མ་ཧཱ་སརྦ་སིངྔྷི་ཧཱུྃ་ཨཱ༔ ཨཱོཾ་ཛཱི་ན་ཛིཀ༔ མུཾ་ངྷཱ་ཏུ་ཤྭ་རི་སྟྭཾ༔ ཧཱུྃ་བཛྲ་ངྷྲིག༔ ལཾ་ཏེ་ཤྭ་ར་ཏི་སྟྭཾ༔ སྭཱ་རཏྣ་ངྷྲིག༔ མཾ་མོ་ཧ་ར་ཏི་སྟྭཾ༔ ཨཱོཾ་ཨ་རོ་ལིཀ༔ པྱཾ་རཱ་ག་རཏི་སྟྭཾ༔ ཧཱ་པྲ་ཛྙཱ་ངྷྲིཀ༔ ཏཾ་བཛྲ་ར་ཏི་སྟྭཱཾ༔ ཀྵི་ཧི་ར་ཙ་ཡ་ཧཱུྃ༔ པྱཾ་ས་མ་ཡ་སྟྭཾ༔ ཏྲཾ་ཨ་གརྦྷ་ཡ་ཧཱུྃ༔ ཏཾ་མཱ་ལེ་ས་མ་ཡ་སྟྭཾ༔ ཧྲི་ཧ་ཧཱུྃ་པདྨ་བྷདྷ་མ༔ ཧྲཱིི༔ གྷིརྟི་ར་ཧོ་ཧཾ༔ ཛིཾ་ཀུ་རུ་པ་ན་ཧྲི༔ ཨ་ནིརྟི་ར་ཧ་ཡ་མི༔ མེ་ངྷ་ར་ནི་སྭཱ་ཧཱ༔ ཛཿངྷཱུ་པེ་པྲ་ཤ་ཡ༔ ཐི་ལིང་ནི་ས་ལཾ་པ་ཡ་སྭཱ་ཧཱ༔ ཧཱུྃ་པུཥྤེ་ཨ་ཏེ་ཤ༔ ཧཱུྃ་ས་ར་ཙ་ཡ་སྭཱ་ཧཱ༔ བཾ་ངྷི་པ་སུ་ཀྵི་ནི༔ མུཾ་ཤྲཱི་ཨ་ར་ག་ཡ་སྭཱ་ཧཱ༔ ཧོ༔ གྷནྡྷེ་ཙིཏྟ་ཡ་ཧོ༔ ཡ་མཱན་ཏ་ཀྲི་ཏ་ཛཱཿཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་ཕཊ༔ བྷིག་ནན་ཏ་ཀྲིཏ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་ཕཊ༔ པདྨ་ཏ་ཀྲིཏ་བཾ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་ཕཊ༔ པྲཛྙཱ་ཏ་ཀྲིཏ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་ཕཊ༔ ཨཱོཾ་མུ་ནེ་ཡེ་ཀྲེཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཡེ་ཏྲུཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཡེ་སྲུཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཡེ་བྲཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཡེ་ཀྵཾ་སྭཱ་ཧཱ༔ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱ༔ ཅེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ༔ ཨཱོཾ་བྷུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ༔ ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ༔ ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ༔ ཨཱོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨཱོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ སརྦ་བྷིག་ནན་བཾ་ཧཱུྃ་ཕཊ༔ ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟཱན་ཧཱུྃ་ཕཊ༔ ཨཱོཾ་བཛྲ་སརྦ་དུཥྟཱན་ཧཱུྃ་ཕཊ༔ ཨཱོཾ་ཁྲོཾ་གྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་པ་སོགས་དང་ཁྲག་འཐུང་གི་ལྷ་ཚོགས་ཅི་མང་གི་སྔགས་དང་༔ ཁྲོ་བོ་བཅུ་རྡོ་རྗེ་རྣམ་འཇོམས་ཀྱི་སྔགས་རྣམས་འགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དབྱངས་གསལ་བྱེད་རྟེན་འབྲེལ་སྙིང་པོ་འདོད་གསོལ་སྨོན་ལམ་དང་བཅས་པ་བྲི༔ དེའི་ཕྱི་རིམ་རྡོ་རྗེའི་ཕྲེང་བ་མེ་རི་རྣམས་བྲིའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྟེ་བ་དཀར་དང་རྡོ་རྗེ་དམར༔ མུ་ཁྱུད་སྔོན་པོར་བསྒྱུར་བར་བྱ༔ འདོད་གསོལ་སེར་པོ་རྩིབས་བརྒྱད་མཐིང་༔ རྩིབས་མཆན་ལྗང་གུ་དག་ཏུ་བྱུག༔ དེ་ཡི་ཕྱི་རིམ་མུ་ཁྱུད་དཀར༔ དེ་ཡི་ཕྱི་རིམ་མུ་ཁྱུད་མཐིང་༔ དེ་ཡི་ཕྱི་རིམ་མུ་ཁྱུད་དམར་༔ དེ་ཡི་ཕྱི་རིམ་མུ་ཁྱུད་སེར༔ རྡོ་རྗེ་མེ་རི་དམར་སེར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བྲིས་པའ་ིའཁོར་ལོ་ལ༔ སིན་ངྷུ་ར་དང་ཨ་མྲྀ་ཏ༔ དེ་བཞིན་གཤེགས་པའི་རིང་བསྲེལ་དང་༔ སྨན་ལྔ་སྤོས་ལྔ་དྲི་ལྔ་དང་༔ འབྲུ་ལྔ་ཟངས་ལྕགས་རིན་ཆེན་ལྔ༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ ཤངས་མཚལ་དབུ་ལོ་ན་བཟའ་དང་༔ ཕྱག་སེན་དར་སྣ་ལ་སོགས་གཞུག༔ ས་མ་ཡཱ༔ རྒྱ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབ༔ ཚོགས་འཁོར་བསྐོར་ཞིང་རབ་ཏུ་གནས༔ དར་སྣ་ལྔས་དྲིལ་སྐུ་འབག་གམ༔ ཟངས་ཀྱི་གའུ་ནང་དུ་གཞུག༔ སྒྲུབ་པའི་དུས་སུ་རྟེན་དུ་འགོད༔ སྒྲུབ་པ་ཐེམས་ནས་བླ་རྡོ་བཅང་༔ སྐུ་གསུང་ཐུགས་ཀྱི་ཙཀྲ་གསུམ༔ ཡོངས་རྫོགས་གྲུབ་ན་རྒྱས་པ་ཏེ༔ མ་གྲུབ་འདི་ཉིད་གཅིག་པུས་ཆོག༔ དཀར་པོའི་དར་ལ་དཔལ་ཆེན་པོ༔ འཁོར་ལོ་བདེ་མཆོག་གཞུང་ལྟར་འབྲི༔ དམར་པོའི་དར་ལ་ལྷ་ལྕམ་ཡུམ༔ མནྡྷ་རཱ་ཝ་བྲིས་ནས་ཀྱང་༔ ཡབ་ཡུམ་བར་དུ་འཁོར་ལོ་རྣམས༔ ཡང་ན་ཐུགས་ཀྱི་བླ་རྡོ་ལྟེམ༔ ལྟེ་བ་མ་ཉམས་ལྟེབ་ཚིགས་བརྒྱབ༔ ཤིན་ཏུ་གསང་བའི་བླ་འཁོར་ཏེ༔ བདེ་གཤེགས་ཀུན་འདུས་ཙཀྲ་ཏེ༔ འཆང་བས་མཆོག་ཐུན་དངོས་གྲུབ་འཐོབ༔ ཕྱོགས་དུས་རྒྱལ་བས་དབང་བསྐུར་ཞིང་༔ ཡི་དམ་ལྷ་ཚོགས་སྤྲིན་བཞིན་འདུ༔ མ་དང་མཁའ་འགྲོས་དངོས་གྲུབ་སྟེར༔ ཆོས་སྐྱོང་སྲུང་མ་བྲན་དུ་ཁོལ༔ ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་འཕེལ༔ གཞུང་ལྟར་བསྙེན་སྒྲུབ་འཁྱོལ་ནས་ཀྱང་༔ བླ་རྡོ་འདི་དང་མ་བྲལ་ན༔ སྔོན་ལས་འཕྲལ་རྐྱེན་གང་གིས་ཀྱང་༔ བར་ཆད་རྐྱེན་གྱིས་མི་ཚུགས་ཤིང་༔ རྣལ་འབྱོར་ལུས་རྒྱ་ཞིག་པའི་ཚེ༔ ས་གཡོ་སྒྲ་དང་འོད་ཀྱང་འཁྱུག༔ གདུང་དང་རིང་བསྲེལ་ཡིག་འབྲུ་འབྱུང་༔ ཅི་ཕྱིར་བཏགས་གྲོལའང་འདི་ཡིན་ནོ༔ ལོ་རེ་བཞིན་དུ་རབ་གནས་བསྐྱར༔ རྒྱལ་བ་སྲས་བཅས་དངོས་སུ་བསྒོམ༔ ལུས་ཀྱི་དྲོད་དང་འབྲལ་མེད་བཅང་༔ འདི་དང་བསྟན་པ་བུ་གཅིག་རྒྱུད༔ ཟུང་འཇུག་བཅངས་ན་མཆོག་ཐུན་གཉིས༔ མྱུར་དུ་འཐོབ་པར་གདོན་མི་ཟ༔ གསེར་ལ་གཡུ་ཡི་འཕྲས་བརྒྱན་འདྲ༔ ཨེ་མ་ཡིད་བཞིན་ནོར་བུ་ཆེ༔ མན་ངག་གསང་བའི་བླ་རྡོ་འདི༔ ཁོ་མོས་ཤོག་སེར་ལོགས་ལ་བཏབ༔ ཏེ་སེ་གངས་ཀྱི་གནས་ལ་སྦས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་སྐྱེས་བུ་འགྲོ་འདུལ་གླིང་༔ གདམ་པ་འདི་དང་འཕྲད་པར་ཤོག༔ སྲུང་མ་རྣམས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ བདག་སྤྲང་བན་ཉི་མ་གྲགས་པས་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལམ། །

བསྐང་བ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བསྐང་བ་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དུས་ཀྱི་སྙིགས་མ་ལྔ་བརྒྱའི་དུས༔ ཆོས་པས་མི་དགེ་སྣ་ཚོགས་སྤྱོད༔ དམ་ཚིག་སྡོམ་ཉམས་ངན་སོང་སྙོགས༔ དེ་དུས་འགྲོ་བ་སེམས་ཅན་ལ༔ ཕན་ཕྱིར་ཉམས་ཆག་བསྐང་བའི་ཐབས༔ རྒྱུད་ལ་བརྟེན་ཏེ་པདྨས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡར་ངོ་མར་ངོའི་དུས་ཆེན་དང་༔ ཉམས་ཆག་རྟོག་སྒྲིབ་ནམ་བྱུང་དུས༔ བསྐང་བའི་རིམ་པས་བསྐང་དང་བཤགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་མོང་མཆོད་པས་སྐུ་ལ་བསྐང་༔ སྔགས་ཚིག་རོལ་མོས་གསུང་ལ་བསྐང་༔ ཆོས་ཉིད་ཕྱག་རྒྱས་ཐུགས་ལ་བསྐང་༔ དེ་ལྟར་བསྐང་ཞིང་གསོལ་མཆོད་ནས༔ ལས་བཞིིའི་འཕྲིན་ལས་གང་བརྩམས་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་དང་མཐུན་བའི་གནས་ཉིད་དུ༔ ཕྱི་ནང་གསང་བའི་མཆོད་གཏོར་དང་༔ གྷ་ན་ཚོགས་ཀྱི་འཁོར་ལོ་བཤམས༔ མཚན་ལྡན་བཅུ་དྲུག་ཁྲུས་བྱས་བརྒྱན༔ དྲི་བཟང་ཤ་ཆེན་དུད་པ་གཏོང་༔ ཕོ་གླིང་མོ་གླིང་ཐོད་རྔ་དང་༔ རོལ་མོ་སྒྲ་སྙན་སྣ་ཚོགས་བཅས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ ལས་བྱང་གཞུང་བསྲང་ཚོགས་བྱིན་བརླབ༔ ལྷ་དང་དཀྱིལ་འཁོར་སྲུང་མ་ལ༔ ཉམས་ཆག་བཤགས་པའི་གདུང་ཤུགས་བསྐྱེད༔ རོལ་མོ་དབྱངས་བཅས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱིི་ཕོ་བྲང་ནས༔ རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ རྣམ་དག་གསང་བ་མཆོག་གི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཐུགས༴ ཐུགས་རྗེས་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེའི་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ བདུད་རྩི་སྨན་དང་རཀྟ་དམར༔ རྨད་དུ་བྱུང་བའི་གཏོར་མས་བསྐང་༔ ཤ་ཆེན་སྤོས་དང་ཞུན་ཆེན་མེ༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་དང་༔ རྐང་ཆེན་དུང་དང་རོལ་མོའི་སྒྲ༔ ཆོས་དབྱིངས་མ་བཅོས་ཡང་དག་ཐུགས༔ སྐུ་གསུམ་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཐུགས༴ བདེ་གཤེགས་སངས་རྒྱས་ཀུན་འདུས་བཅོམ་ལྡན་འདས༔ དཔལ་ཆེན་བདེ་མཆོག་འཁོར་ལོའི་ཐུགས༴ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་དབང་ཕྱུག་མ༔ ལྷ་ལྕམ་མན་ངྷ་རཱ་བའི་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༔ རིག་འཛིན་ཐོད་རྩལ་ཡབ་ཡུམ་ཐུགས༴ ཐུགས་དམ་བསྐང་ལ༴ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་བའི་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་འདུས་པའི་ལྷ་ཚོགས་ཐུགས༴ ས་ལམ་སྦྱངས་བགྲོད་མཐར་ཕྱིན་སྐུར་སྣང་པ༔ ས་གནས་རིག་འཛིན་ཡབ་ཡུམ་ཐུགས༴ སྐྱེ་འཆིིའི་འཇིགས་བྲལ་རིག་འཛིན་སྐུར་སྣང་བ༔ ཚེ་དབང་རིག་འཛིན་ཡབ་ཡུམ་ཐུགས༴ བརྗོད་མེད་མ་བཅོས་ཆོས་སྐུའི་སྐུར་སྣང་བ༔ ཕྱག་རྒྱའི་རིག་འཛིན་ཡབ་ཡུམ་ཐུགས༴ མ་འདྲེས་ཆོས་རྣམས་ལྷུན་གྲུབ་སྐུར་སྣང་བ༔ ལྷུན་གྲུབ་རིག་འཛིན་ཡབ་ཡུམ་ཐུགས༴ ཧཱུྃ་ཧྲཱི༔ སྨོན་ལམ་སྟོབས་ཀྱིས་ཐུགས་རྗེའི་སྐུར་སྣང་བ༔ ཚེ་རབས་སློབ་དཔོན་ཡབ་ཡུམ་ཐུགས༴ དབང་བཞིའིི་སྨིན་གྲོལ་མཆོག་གི་འབྲས་བུ་སྩོལ༔ དབང་གི་སློབ་དཔོན་ཡབ་ཡུམ་ཐུགས་དམ༴ སྣ་ཚོགས་ཆོས་རྣམས་བརྗོད་མེད་ངོ་བོར་སྟོན༔ ལུང་གི་སློབ་དཔོན་ཡབ་ཡུམ་ཐུགས༴ དུག་གསུམ་ངོ་བོ་ཀ་དག་ཀློང་དུ་གྲོལ༔ ཉམས་ཆག་སྐོང་མཛད་ཡབ་ཡུམ་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༔ རིག་འཛིན་རྡོ་རྗེ་སློབ་དཔོན་ཐུགས༴ ཐུགས་དམ་བསྐང་ལ༴ ཧཱུྃ་ཧྲཱི༔ ཡང་ཅིག་ཐུགས་དམ་རྨད་དུ་བསྐང་བ་ནི༔ ཡང་དག་རིག་འཛིན་ཐུགས་ཀྱི་ཧེ་རུ་ཀ༔ ཧཱུྃ་ཆེན་ཀ་ར་ཡབ་ཡུམ་ཐུགས༴ འཇམ་དཔལ་རིག་འཛིན་གཤིན་རྗེའི་ཧེ་རུ་ཀ༔ འཇམ་དཔལ་བཤེས་གཉེན་ཡབ་ཡུམ་ཐུགས་དམ༔ པདྨའི་རིག་འཛིན་དབང་ཆེན་ཧེ་རུ་ཀ༔ ནཱ་ག་རྫུ་ན་ཡབ་ཡུམ་ཐུགས༴ ༔ ཕྲིན་ལས་རིག་འཛིན་སྲས་མཆོག་ཧེ་རུ་ཀ༔ པྲ་ཆེན་ཧ་ཏི་ཡབ་ཡུམ་ཐུགས༴ མ་མོའི་རིག་འཛིན་བླ་མེད་ཧེ་རུ་ཀ༔ ངྷ་ན་སཾ་སྐྲྀ་ཡབ་ཡུམ་ཐུགས་དམ༴ ཡོན་ཏན་རིག་འཛིན་ཆེ་མཆོག་ཧེ་རུ་ཀ༔ བི་མ་མི་ཏྲ་ཡབ་ཡུམ་ཐུགས༴ མཆོད་བསྟོད་རིག་འཛིན་ཚར་གཅོད་ཧེ་རུ་ཀ༔ རོམ་བྷུ་གྷུ་ཡ་ཡབ་ཡུམ་ཐུགས༴ དམོད་པའི་རིག་འཛིན་ལས་ཀྱི་ཧེ་རུ་ཀ༔ ཤནྟིང་གརྦྷ་ཡབ་ཡུམ་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༔ རིག་འཛིན་ཡབ་ཡུམ་བརྒྱད་ཀྱིི་ཐུགས༴ ཐུགས་དམ་བསྐང་ལ༴ ཧཱུྃ་ཧྲཱིི༔ གཤིན་རྗེའི་བཀའ་བབས་ཉི་ཟླ་གདན་དུ་བཏིང་༔ སློབ་དཔོན་སངས་རྒྱས་ཡེ་ཤེས་ཐུགས༴ དབང་ཆེན་བཀའ་བབས་རྟ་སྐད་ཕྱོགས་བཅུར་སྒྲོགས༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཐུགས༴ ཡང་དག་བཀའ་བབས་ཉི་མའི་ཟེར་ལ་བཅིབས༔ གནུབས་བན་ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་༔ ཡོན་ཏན་བཀའ་བབས་བྲག་ལ་བདུད་རྩི་བསྐྱིལ༔ གཉགས་ཆེན་ཛྙཱ་ན་ཀུ་མའི་ཐུགས༴ ཕུར་པའི་བཀའ་བབས་བསད་པའི་མི་རོ་བསླངས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས༴ མ་མོའི་བཀའ་བབས་མཁའ་འགྲོ་བྲན་དུ་ཁོལ༔ སློབ་དཔོན་དཔལ་གྱི་ཡེ་ཤེས་ཐུགས༴ མཆོད་བསྟོད་བཀའ་བབས་ལྷ་སྲིན་བྲན་དུ་ཁོལ༔ སློབ་དཔོན་རླངས་ཆེན་དཔལ་སེང་ཐུགས༴ དྲག་སྔགས་བཀའ་བབས་དམོད་པས་དགྲ་བགེགས་བསྒྲལ༔ སློབ་དཔོན་བཻ་རོ་ཙ་ནའི་ཐུགས༴ བདེ་འདུས་བཀའ་བབས་གཡོ་མེད་ཏིང་འཛིན་ལྡན༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཐུགས་དམ༴ གུ་རུའི་ཐུགས་སྲས་སྨིན་གྲོལ་དངོས་གྲུབ་ཐོབ༔ འཁོན་ཆེན་ཀླུ་ཡི་དབང་པོའི་ཐུགས་དམ༴ སྦྱངས་བགྲོད་མཐར་ཕྱིན་མཆོག་ཐུན་མངོན་དུ་གྱུར༔ རིག་འཛིན་རྗེ་འབངས་ཉེར་ལྔའི་ཐུགས༴ ཐུགས་དམ་བསྐང་བའི་དམ་རྫས་ནི༔ སོགས༔ དུས་གསུམ་རིགས་འཛིན་རྒྱ་མཚོའི་ཐུགས༴ ཐུགས་དམ་བསྐང་ལ་༴ ཧཱུྃ་ཧྲཱི༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཡི་དམ་སྒྲུབ་བ་བཀའ་བརྒྱད་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་བཞིན་ཕྲིན་ལས་ཀུན་གྱི་བདག༔ རིག་འཛིན་སྒོ་བ་ཡབ་ཡུམ་ཐུགས་༴ སྐྱེ་གནས་བཞི་ཡི་འགྲོ་བ་སྨིན་གྲོལ་མཛད༔ འབུམ་ཕྲག་དཔའ་བོ་དཔའ་མོའི་ཐུགས༴ བཀའ་ལྟར་དམ་ཚིག་གཉན་པོས་རྗེས་སུ་སྐྱོང་༔ བཀའ་བསྲུང་གཏེར་བདག་རྣམས་ཀྱི་ཐུགས༴ ཐུགས་དམ་སྐང་བའི་རྫས་ནི༔ སོགས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐུགས༴ ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་ལག་ཏུ་སྤོས་ཀྱི་རེང་བུ་དང་༔ སྣང་གསལ་གྱི་མར་མེ་ཐོགས་ལ༔ གནོང་འགྱོད་ཀྱི་སྒོ་ནས་ཚེ་རབས་ཀྱི་སྡིག་སྒྲིབ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ དགོངས་ཤིག་དུས་གསུམ་རིག་འཛིན་མཁའ་འགྲོའི་ཚོགས༔ མི་མངོན་དབྱིངས་ནས་ཐུགས་རྗེས་བདག་ལ་དགོངས༔ བདག་ནི་འཁོར་བ་ཐོག་མ་མེད་པ་ནས༔ མ་རིག་དབང་གིས་ལམ་ལོག་འཁོར་བར་འཁྱམས༔ སྡིག་བའི་ལས་གྱུར་མི་དགེ་རྣམ་པ་བཅུ༔ མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ༔ ལོག་ལྟ་བརྒྱད་དང་ལྕི་བ་རྣམ་པ་བཞི༔ ཁ་ན་མ་ཐོ་ཉེས་ལྟུང་སྡིག་པའི་ལས༔ རང་རྒྱུད་རྨོངས་པའི་ལས་བསགས་རང་ཉིད་མནར༔ ཐུགས་རྗེ་ཆེར་མངའ་ཁྱེད་ཀྱིས་བརྩེར་དགོངས་ནས༔ མཐོལ་བཤགས་གདུང་བའི་སྨྲེ་སྔགས་འདི་བཞེས་ཏེ༔ ཉོན་མོངས་རྟོག་སྒྲིབ་མ་ལུས་ཀུན་སྦྱངས་ནས༔ གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཤགས་པ་གཞན་དང་ཡེ་ཤེས་སྐུ་མཆོག་ལ་སོགས་བྱའོ༔ སྐྱེ་མེད་བློ་འདས་དོན་གྱིས་བསྐང་དང་བཤགས༔ འཁོར་འདས་གཉིས་མེད་ངོ་བོ་ཀ་དག་པའི༔ རང་རིག་ཆོས་སྐུ་སྤྲོས་བྲལ་མ་བཅོས་པ༔ མཐར་ཕྱིན་བསྐང་བཤགས་བླ་མེད་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་ཉི་མ་གྲགས་པས་གངས་རིིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ། །

གསང་བའི་སྨན་སྒྲུབ་ཁྲོལ་བུའི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ གསང་བའི་སྨན་སྒྲུབ་ཁྲོལ་བུའི་རིམ་པ་བཞུགས་སོ༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ རྒྱུ་རྐྱེན་མེད་པའི་ཟང་ཐལ་ལུས༔ འཁོར་འདས་མངའ་དབང་ཧེ་རུ་ཀ༔ པདྨ་ཐོད་ཕྲེང་བདག་ཉིད་ཀྱིས༔ ཕྱི་རབས་བསྟན་དང་འགྲོ་བའི་དོན༔ བདུད་རྩི་གསང་བའི་སྒྲུབ་པ་ཞིག༔ ཡི་གེར་བྲིས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ དེ་ལ་བདུད་རྩི་གསང་བའི་སྒྲུབ་པ་བྱེད་པར་འདོད་པའི་གང་ཟག་གིས༔ སྔོན་འགྲོ་མཆོག་གི་རྫས་འགོད་པ་དང་༔ དངོས་གཞིའི་སྒྲུབ་པ་རྗེས་དབང་དང་བསྔོ་སྨོན་རྒྱས་འདེབས་སོ༔ ས་མ་ཡཱ་༔ རྒྱ༔ རྒྱ༔ རྒྱ༔ སྔོན་འགྲོ་མཆོག་གི་རྫས་འགོད་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའོ༔ ཐུན་མོང་ནི་ཁོག་འབུབ་ལྟར་གསལ་ཞིང་༔ ཐུན་མོང་མ་ཡིན་པ་ནི༔ ཐོད་པ་མཚན་དང་ལྡན་པ་ཕོ་ཐོད་མོ་ཐོད་གཉིས་ཀྱི་ནང་དུ༔ རབ་གསེར་འབྲིང་དངུལ་ཐ་མ་ཡང་རྒྱ་མཚལ་གྱིས་འཁོར་ལོ་མུ་ཁྱུད་ལྔ་པ་རེ་བྲི༔ ཕོ་ཐོད་ཀྱི་ལྟེ་བ་ལ་ཨཱོཾ༔ དེའི་ཕྱི་རོལ་དུ་རྩིབས་བཞིའི་ནང་དུ༔ ཧཱུྃ་ཏྲཱྃ་ཧྲཱི༔ ཨཱཿརྣམས་བྲི༔ རྩིབས་མཆན་བཞི་ལ༔ ར་ཙ་ཧྲི་ཡ་བཞི་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་མཐར༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཿཐཱ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ཅེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་དབྱངས་གསལ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་བྲི༔ ཕྱི་རིམ་ཉི་ཟླ་སྐར་གསུམ་བྲི༔ མོ་ཐོད་དབུས་སུ་མུཾ༔ རྩིབས་བཞི་ལ་ལཾ་མཾ་པཾ་ཏཾ་བྲི༔ རྩིབས་མཆན་བཞི་ལ་ཧ་རི་ནི་ས་བཞི་བྲི༔ མུ་ཁྱུད་ཕྱི་ནང་གོང་དང་མཚུངས༔ མཐའ་ལ་འབྱུང་བཞིའི་རི་མོ་ལ༔ ཡཾ་བཾ་རཾ་སུཾ་བཞི་ཡིས་མཚན་པ་བྲི༔ མཛེས་པའི་ཚོན་བྱུག་རབ་གནས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ མོ་ཐོད་ཀྱི་ཤར་དུ་བྱང་སེམས་འོ་མ་ཁྱིའི་ཤ་ཅོང་ཞི་ཛཱ་ཏི་དབང་ལག་ག་བུར་རྣམས་འགོད༔ ལྷོ་རུ་དྲི་ཆུ་གླ་རྩི་ཀ་ཀོ་ལ་མར་རྟ་ཤ་འཚེ་བ་རུ་ར་རྣམས་འགོད༔ ནུབ་ཏུ་པདྨ་རཀྟ་གུར་གུམ་སྦྲང་རྩི་རྨ་བྱའི་ཤ་ལི་ཤི་མཁན་པ་སྐྱུ་རུ་ར་རྣམས་འགོད༔ བྱང་དུ་ཤ་ཆེན་ཚིལ་ཆེན་བུ་རམ་ཁྱུང་ཤ་བྲག་ཞུན་ཡུང་བ་གི་ཝང་རྣམས་འགོད༔ དབུས་སུ་དྲི་ཆེན་ཙན་དན་གླང་ཤ་ཤུག་འབྲུ་ཨ་རུ་ར་སེང་ཤ་སྤྲེལ་ཤ་སྦལ་པའི་ཤ་ཉ་སྲམ་གྱི་ཤ་ཤང་ཤང་གི་ཤ་ཕྱི་བའི་ཤ༔ མིག་སྣ་རྣ་བ་ལྕེ་སྙིང་རྨིག་ལེབ་རྨིག་ཟླུམ་རྨིག་པ་ཁ་དབྲག་མཆེ་བ་ཅན་གཤོག་པ་ཅན་སོགས་བརྒྱ་བརྒྱ་རྣམས་དང་མེ་ཏོག་སྣ་ཚོགས་སྨན་སྣ་དང་འབྲུའི་རིགས་གྱུར་དབུས་སུ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕོ་ཐོད་སྟེང་ནས་བཀབ༔ དར་གྱིས་དྲིལ་ནས་ཚོན་སྐུད་བསྡམས༔ པྲོག་ཞུ་བསྐྱོན་ཞིང་གཟུངས་ཐག་གདགས༔ རྡོ་རྗེ་སློབ་དཔོན་ལྕམ་དྲལ་རྣམས༔ ཆས་སུ་གཞུག་ཅིང་ད་ལ་བསྐོར༔ ཁྱེའུ་བཞི་དང་བུ་མོ་བཞི༔ རྒྱན་དྲུག་རིགས་ལྔ་དར་གྱིས་བརྒྱན༔ དཀར་དམར་དར་གྱི་མདོ་ལེ་ལ༔ བདུད་རྩི་སྨན་གྱི་ཐོད་པ་བཏེག༔ རོལ་མོ་འཁྲོལ་ཞིང་དྲག་སྔགས་བརྗོད༔ གུ་གུལ་བདུག་ཅིང་སྤོས་རྣམས་བསྲེག༔ སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད༔ དུས་གསུམ་རྒྱལ་དང་རྒྱལ་པའི་ཕྲིན་ལས་པ༔ སྙིགས་མ་ལྔ་བརྒྱའི་འགྲོ་བ་འདྲེན་པའི་མགོན༔ མ་ཧཱ་གུ་རུ་རྡོ་རྗེ་ཐོད་པ་རྩལ༔ རིག་འཛིན་དཔའ་བོ་དཔའ་མོ་ཡི་དམ་གིང་༔ གནས་ཡུལ་མཁའ་འགྲོ་ཆོས་སྐྱོང་བསྲུང་མར་བཅས༔ རང་སྣང་རྣམ་དག་འོག་མིན་ཆོས་དབྱིངས་ནས༔ འགྲོ་བའི་དོན་དུ་གནས་འདིར་གཤེགས་སུ་གསོལ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང་༔ གསང་བའི་ཕོ་བྲང་འདི་ལ་བྱིན་ཅིག་ཕོབ༔ དམ་རྫས་བདུད་རྩི་འདི་ལ་བཅུད་ཅིག་སྩོལ༔ མཚན་ལྡན་རིག་མ་འདི་ལ་མདངས་ཤིག་ཕྱུངས༔ བཀྲ་ཤིས་ཁྱེའུ་འདི་ལ་བདེ་བ་བསྐྱེད༔ རྡོ་རྗེ་རྒྱལ་པོར་རྒྱལ་ཚབ་དབང་མཆོག་བསྐུར༔ སྒྲུབ་མཆོག་མཆེད་ལྕམ་རྣམས་ལ་དངོས་གྲུབ་སྩོལ༔ ཕྱི་ནང་གསང་བའི་བར་གཅོད་དབྱིངས་སུ་སོལ༔ བགེགས་དང་ལོག་པར་འདྲེན་པ་རྡུལ་དུ་རློགས༔ དུས་གསུམ་རིག་འཛིན་དཔའ་བོ་མཁའ་འགྲོ་རྣམས༔ རིགས་བཞིའི་དཔའ་བོ་དཔའ་མོ་གཙོ་དང་འཁོར༔ གདོད་ནས་རྣམ་དག་རྫས་མཆོག་ཁྱད་པ་ཅན༔ ར་ས་ཡ་ན་འདི་དང་གཉིས་མེད་བཞུགས༔ བྱང་སེམས་བདུད་རྩིའི་རྒྱ་མཚོར་བསྒྱུར་དུ་གསོལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཅེས་བརྗོད་བུམ་སྟེགས་ལྡིང་ཁྲིའི་དབུས་སུ་བཞག༔ དཀར་དམར་མདངས་ལྡན་དར་གུར་ལེགས་པར་ཕུབ༔ ཞི་ཁྲོ་བཀའ་བརྒྱད་གཞུང་གི་བྱིན་འབེབས་འདོན༔ དབྱངས་གསལ་ཡེ་ངྷར་སྔགས་ཀྱིས་ནན་པར་བྱ༔ སྔོན་འགྲོ་མཆོག་གི་རྫས་འགོད་རིམ་པ་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞི་སྒྲུབ་པའི་རིམ་པ་ནི༔ རྣལ་འབྱོར་ཕོ་མོ་གཡས་གཡོན་གྲལ་དུ་འཁོད༔ གིང་པ་དཀར་ནག་སྔགས་ཐུན་བཅས་པ་རྒྱུག༔ བགེགས་བསྐྲོད་བསྲུང་འཁོར་ནན་ཏན་དྲག་ཏུ་བསྒོམ༔ ལས་བྱང་གཞུང་བསྲང་མཆོད་བསྟོད་འཛབ་ཀྱི་གོང་༔ བདུད་རྩི་གསང་བའི་རིག་འཛིན་ཕོ་མོ་རྣམས༔ རང་བཞིན་ཆོས་དབྱིངས་མཁའ་སྤྱོད་ཕོ་བྲང་ནས༔ གསང་བའི་དམ་རྫས་དཀྱིལ་འཁོར་ཕོ་བྲང་ལ༔ སིབ་སིབ་གཉིས་མེད་ཐིམ་པའི་མོས་འདུན་ངང་༔ ཚིག་གིས་གསལ་གདབ་འདི་སྐད་བརྗོད་པར་བྱ༔ ཧཱུྃ༔ རིག་འཛིན་ཚངས་པ་གཙོ་བོའི་མཆོག༔ དུང་གི་ཐོར་ཅོག་ཁོང་གསེང་ཅན༔ ཚངས་པ་ཆེན་པོ་ཀུན་ཏུ་སྒྲོལ༔ དྲང་སྲོང་ཆེན་པོ་ལྗང་སྔོན་ཅན༔ ར་ཙ་ཀ་དང་ནབས་སོ་སྐྱེས༔ ཐ་སྐར་བུ་དང་ལྷས་སྐྱབས་དང་༔ རྒྱུན་ཤེས་དང་ནི་གཡོན་ཕྱོགས་ལྷ༔ ཐང་ལ་གནས་དང་མེ་བཞིན་འཇུག༔ རྐང་གཉིས་སྤྱོད་དང་ཀ་ན་ཡ༔ ཤིང་ཁྱེར་དང་ནི་ལྗང་སྔོན་བུ༔ ཉི་མ་ཟླ་བ་ཀླུ་རུ་བཅས༔ བྲམ་ཟེ་གཞོན་ནུ་སྤྲིན་དང་ནི༔ རིན་པོ་ཆེ་དང་གྷོ་དེ་ཤན༔ གཞོན་ནུ་སྲེད་ཅེས་བྱ་བ་དང་༔ འགྲོ་སྐྱོབ་ཞེས་ནི་བྱ་བ་དང་༔ རྩིབས་ཀྱི་མུ་ཁྱུད་འཛིན་ལ་སོགས༔ ཁྱེད་རྣམས་མ་ལུས་འཁོར་བཅས་ཀྱིས༔ སྔོན་ཚེ་ཡིད་བཞིན་བདུད་རྩི་བསྒྲུབ༔ མཐར་ཕྱིན་བླ་མེད་གྲུབ་པ་ལྟར༔ དེང་འདིར་བྱིན་གྱིས་བརླབས་ནས་ཀྱང་༔ ར་ས་ཡ་ནའི་དངོས་གྲུབ་སྩོལ༔ ཧཱུྃ༔ རང་བྱུང་རྣམ་དག་བདུད་རྩིའི་ལྷ༔ བཻཌཱུར་འོད་ཀྱི་རྒྱལ་པོ་དང་༔ དྲང་སྲོང་ཆེན་པོའི་ཚོགས་རྣམས་དང་༔ འཇོག་པོ་དང་ནི་རིག་འཛིན་ཚོགས༔ བདུད་རྩི་སྨན་གྱི་ལྷ་མོ་རྣམས༔ འཁོར་འདས་ཀུན་གྱི་བཅུད་བསྡུས་ལ༔ གསང་བའི་གནས་འདིར་མགོན་ལ་གཤེགས༔ གཞལ་ཡས་འདི་ལ་བཀྲག་ཅིག་བསྐྱེད༔ ཕོ་བྲང་འདི་ལ་བྱིན་ཅིག་ཕོབ༔ དམ་རྫས་འདི་ལ་བཅུད་ཅིག་སྩོལ༔ གསང་བའི་དཀྱིལ་འཁོར་བསྲུང་དུ་གསོལ༔ ལན་གསུམ་བརྗོད་ཅིང་རོལ་མོ་འཁྲོལ༔ མདའ་དར་ཕྱོགས་བཞི་མཚམས་བཞི་ནས༔ ཁྱེའུ་ཕོ་མོ་བཞི་བཞིས་གཡབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཆང་ལ་བདུད་རྩི་བཏབ༔ རྟོག་པ་བསལ་ཕྱིར་འདི་སྐད་བརྗོད༔ ཧཱུྃ༔ གཙང་མ་བྲམ་ཟེས་གཙང་མ་ཟ༔ གཙང་མར་ཟོས་ཀྱང་གྲོལ་མི་འགྱུར༔ དྲང་སྲོང་རྣམས་དང་ཀླུ་རྣམས་ཀྱིས༔ གཙང་ལྡན་སྤྱོད་ཅིང་གཙང་མར་གནས༔ གཙང་ཡང་དེ་དག་གྲོལ་མི་འགྱུར༔ བྱོལ་སོང་དུད་འགྲོ་རི་དྭགས་ཀྱིས༔ རྩྭ་གཙང་བཟའ་དང་ཆུ་གཙང་འཐུང་༔ ཇི་སྲིད་སྤྱོད་ཀྱང་དེ་མི་གྲོལ༔ ཁྱི་དང་ཕག་པ་ལ་སོགས་པས༔ མི་གཙང་ཁ་ཟས་རྒྱུན་དུ་བསྟེན༔ དེ་ཡང་གྲོལ་བར་མི་འགྱུར་རོ༔ སྲིན་པོ་རྣམས་དང་བགེགས་རྣམས་ཀྱིས༔ ཤ་ཆེན་བཟའ་དང་ཀླད་ཁྲག་འཐུང་༔ དེ་ཡང་གྲོལ་བར་ག་ལ་སྲིད༔ གདོལ་བའི་ཚོགས་དང་བཤན་པ་ཡིས༔ ཤ་དང་ཁྲག་ལ་ལོངས་སྤྱོད་བྱེད༔ དེ་ཡང་གྲོལ་བར་འགྱུར་མི་སྲིད༔ ཧཱུྃ༔ ད་ལྟ་ཕོ་བྲང་གཞལ་ཡས་འདིར༔ བརྟེན་ཞིང་བསྒྲུབ་པའི་ལྷ་བསྲུང་དང་༔ རིག་འཛིན་རྣལ་འབྱོར་ཕོ་མོ་རྣམས༔ གཙང་དང་མི་གཙང་གཉིས་འཛིན་གྱི༔ བླང་དོར་འཛིན་པ་དབྲལ་བའི་ཕྱིར༔ གཙང་ལྡན་འབྲུ་བཅུད་སྨན་སྤོས་དྲི༔ བཙོག་པ་ཤ་དང་བདུད་རྩི་ལྔ༔ གཙང་བཙོག་མེད་པར་གཅིག་ཏུ་བསྡུས༔ གཟུང་འཛིན་བྲལ་ཡང་སྣོད་དུ་སྤུངས༔ དུ་མར་སྣང་ཡང་གཅིག་ཏུ་བསྐྱིལ༔ གཟུགས་སུ་མེད་ཀྱང་སྐུ་རུ་བསྒོམས༔ བརྗོད་པ་བྲལ་ཡང་འཛབ་ཀྱིས་བསྐུལ༔ གཉིས་སུ་མེད་ཀྱང་བསྙེན་ཅིང་བསྒྲུབས༔ རེ་དོགས་ཟད་ཀྱང་སྤྲོ་བསྡུ་སྒྱུར༔ འདི་ནི་བླ་མེད་ཚོགས་ཀྱི་རྫས༔ ཡེ་ནས་རྣམ་པར་དག་པ་སྟེ༔ སྐུ་ལྔ་ཡེ་ཤེས་མ་འགགས་རྩལ༔ ཐམས་ཅད་རིགས་ལྔ་ཡབ་དང་ཡུམ༔ རང་རང་ཆོས་ཉིད་ངོ་བོར་རྫོགས༔ བླང་དོར་མེད་པར་སྤྱོད་པར་བྱ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དཔའ་བོ་དཔའ་མོའི་ཚོགས༔ རིག་འཛིན་རྣལ་འབྱོར་མཆེད་དང་ལྕམ༔ རྒྱལ་ཐེབས་མཚན་ལྡན་གཟུངས་མ་དང་༔ རྡོ་རྗེ་རྒྱལ་པོ་གཙོ་དང་འཁོར༔ སརྦ་པཉྩ་སིངྔྷི་ཁཱ་ཧི་ཁཱ་ཧི༔ སིངྔྷི་ཕ་ལ་ཧོ༔ ལྷ་ལ་མཆོད་ཅིང་རྣལ་འབྱོར་རོལ༔ མཆོད་ཅིང་བསྟོད་པས་ཡོངས་སུ་བསྟོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་འཛབ་དམིགས་འཕྲུལ་འཁོར་ནི༔ བདག་བསྐྱེད་འཁོར་ལོ་བདེ་མཆོག་རྩལ༔ ཡབ་ཡུམ་ཐུགས་ཀའི་ས་བོན་ལས༔ འོད་ཟེར་འཕྲོས་པས་སྨན་སྒྲོམ་འོག༔ ཀེཾ་ལས་ཐོད་སྒྱེད་གསུམ་དུ་བསམས༔ འོག་ཏུ་ཡཾ་ལས་རླུང་གཡོས་པས༔ རཾ་ལས་མེ་འབར་སྨན་གྱི་སྒྲོམ༔ མཚན་ལྡན་ཐོད་པ་དྲོས་པའི་ཚེ༔ ཤ་ལྔ་བདུད་རྩི་སྨན་འབྲུ་རྣམས༔ རིག་འཛིན་དཔའ་བོ་དཔའ་མོ་ཡི༔ ས་བོན་རྣམས་སུ་གྱུར་ནས་ཀྱང་༔ འོད་དང་ཟེར་ནི་སྐར་ལྟར་འཁྲུག༔ ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་ཡིས༔ སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་རྣམས་ལ་མཆོད་པ་ཕུལ༔ འཁོར་འདས་ཀུན་གྱི་བྱིན་རླབས་བསྡུས༔ ས་བོན་ཡིག་འབྲུ་རྣམས་ལ་ཐིམ༔ བྷནྡྷ་མཾ་དང་ཨཱཾཿཡིག་དང་༔ ཉི་ཟླ་ཁ་སྦྱོར་གཞལ་ཡས་དབུས༔ རིག་འཛིན་འདུས་པའི་གཙོ་མཆོག་ནི༔ འཁོར་ལོ་བདེ་མཆོག་ཡབ་ཡུམ་ལ༔ རིག་འཛིན་རྡོ་རྗེ་སློབ་དཔོན་དང་༔ གྲུབ་པ་ཐོབ་དང་བཀའ་བབས་ཚོགས༔ ཡི་དམ་རྣམས་དང་ཆོས་སྐྱོང་དང་༔ སྨན་གྱི་དྲང་སྲོང་རིག་པ་འཛིན༔ འབུམ་ཕྲག་དཔའ་བོ་དཔའ་མོ་རྣམས༔ མ་འགགས་རོལ་པར་ཡོངས་རྫོགས་གསལ༔ སྣང་སྟོང་ངང་ནས་ལམ་མེར་བསྐྱེད༔ བསྙེན་དང་སྒྲུབ་པ་ལས་སྦྱོར་གསུམ༔ འཛབ་ཀྱི་བཟླས་པས་ཐུགས་རྒྱུད་བསྐུལ༔ མར་མེ་གཅིག་ལས་གཉིས་མཆེད་ཀྱི༔ རྣམ་པའི་ཚུལ་དུ་སྔགས་ཕྲེང་རྣམས༔ བདག་བསྐྱེད་ལྷ་ཡི་ཞལ་ནས་འཐོན༔ གཟུངས་ཐག་ལ་ཞོན་མདུན་དུ་སོང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དཔའ་བོ་དཔའ་མོ་ལ༔ མཆོད་པས་མཆོད་ཅིང་བསྟོད་པས་བསྟོད༔ ཞལ་དུ་ཞུགས་ནས་ཐུགས་ཀར་ཐིམ༔ ཐུགས་དམ་རྒྱུད་བསྐུལ་སྦྱོར་བ་མཛད༔ ཡབ་ཡུམ་གསང་བའི་མཁའ་ཀློང་ནས༔ བྱང་སེམས་གཞལ་ཡས་བྷན་ངྷར་བསྐྱིལ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད༔ ནང་བཅུད་འགྲོ་བ་ཡི་དམ་ལྷ༔ རིག་འཛིན་ཚོམ་བུར་ཐ་མི་དད༔ སྒྲ་རུ་གྲགས་པ་སྔགས་ཀྱི་རྒྱུན༔ བསྙེན་སྒྲུབ་ལས་སྦྱོར་ཐ་དད་མེད༔ བརྗོད་མེད་ཡང་དག་ཆོས་ཀྱི་སྐུ༔ བདེ་མཆོག་ཐུགས་དང་གཉིས་སུ་མེད༔ དེ་ལྟར་གསལ་ཞིང་སྤྲོ་བསྡུ་གཟིར༔ ཉིན་དང་མཚན་མོ་ཐུན་གསུམ་དུ༔ བསྙེན་སྒྲུབ་ལས་སྦྱོར་གསུམ་ལ་འབད༔ ཕྱི་ནང་གསང་བའི་འདུ་འཛི་དང་༔ རྣམ་གཡེང་ལེ་ལོ་སྤང་སྟེ་བསྒྲུབ༔ གིང་པ་རྒྱུག་ཅིང་ཉུལ་ལེ་བསྐྲད༔ ལྔ་གསུམ་བདུན་དང་ཞག་གཅིག་སོགས༔ སྒྲུབ་པའི་དངོས་གཞི་དག་དང་བསྟུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་མཚན་ལྡན་རིག་མ་རྣམས༔ ཆས་ཀྱིས་བརྒྱན་ཞིང་འཛབ་བྲོ་བྱ༔ རྡོ་རྗེ་སློབ་དཔོན་ཏིང་འཛིན་གསལ༔ བསྐྱེད་པའི་ལྷ་ཚོགས་དེ་རྣམས་ཀྱང་༔ བདུད་རྩིའི་སྒྲོམ་ལ་གཉིས་མེད་བསྟིམ༔ མཆོག་ཐུན་བསྒྲུབ་པའི་རྫས་སུ་བསམས༔ རིག་མས་འདོ་ལེའི་དར་ལ་བཏེག༔ སྨན་སྒྲོམ་རྡོ་རྗེ་རྒྱལ་པོར་དབུལ༔ ལྕམ་དྲལ་རྣམས་ཀྱིས་འདི་སྐད་ཞུ༔ ཧཱུྃ༔ གསང་བ་བླ་མེད་མཆོག་གི་རྫས༔ ར་ས་ཡ་ན་སྨན་གྱི་མཆོག༔ དུག་གསུམ་ཉོན་མོངས་རྒྱུ་དང་བཅས༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེ༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་རྫས༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ འདི་ནི་དངོས་གྲུབ་མཆོག་གི་ཚོགས༔ སྟོན་པ་རྡོ་རྗེ་རྒྱལ་པོ་ལ༔ འབུལ་ལོ་ཆོས་དབྱིངས་ཀློང་དུ་བཞེས༔ ཨ་ལ་ལ་ཨེ་མ་ཧོ་སིངྔྷི་ཕ་ལ་ཞེས་བརྗོད་རྡོ་རྗེ་རྒྱལ་པོར་འབུལ༔ དེ་ནས་རྡོ་རྗེ་རྒྱལ་པོ་ཡིས༔ པདྨའི་ཕྱག་རྒྱས་བླང་ནས་ཀྱང་༔ འདི་སྐད་བརྗོད་ཅིང་ཆེ་བ་བསྐྱེད༔ ཧཱུྃ༔ ཡ་མཚན་བླ་མེད་མཆོག་གི་རྫས༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ ཕྱི་ནང་གསང་བའི་རྩ་བ་བརྒྱད༔ ཡན་ལག་སྟོང་གི་སྐྱོབས་སུ་སྦྱར༔ འདི་ནི་འཁོར་འདས་ཀུན་གྱི་བཅུད༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ བླ་མ་ཡི་དམ་སྒྲུབ་པའི་རྫས༔ མ་དང་མཁའ་འགྲོ་བརྟེན་པའི་རྫས༔ ཆོས་སྐྱོང་སྲུང་མ་བསྐང་བའི་རྫས༔ དབང་བཞིའི་ཡེ་ཤེས་འཐོབ་པའི་རྫས༔ ས་ལམ་དྲོད་རྟགས་འབྱུང་བའི་རྫས༔ རང་བྱུང་ཆོས་སྐུ་རྟོགས་པའི་རྫས༔ འཆི་མེད་གསང་བའི་ཨ་མྲྀ་ཏ༔ དུས་གསུམ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་གསང་སྒྲུབ་འདི་མཛད་ཅིང་༔ རྡོ་རྗེ་ལྟ་བུར་རྫོགས་སངས་རྒྱས༔ ཨེ་མ་བླ་མེད་མཆོག་གི་རྫས༔ ཀ་དག་ངང་ནས་དབང་བཞི་སྩོལ༔ སྤྲོས་བྲལ་ངང་ནས་བྱིན་ཅིག་ཕོབ༔ ཆོས་དབྱིངས་ཀློང་ནས་བརྟན་པར་མཛོད༔ མཆོག་གི་བུད་མེད་མཁའ་འགྲོའི་ཚོགས༔ དཀར་སེར་དམར་ལྗང་ལས་བཞིའི་བདག༔ འོད་དང་གཟི་མདངས་ཡ་ལ་ལ༔ རྒྱན་དྲུག་གཡེར་ཁ་སི་ལི་ལི༔ དར་དང་ཅོད་པན་པུ་རུ་རུ༔ ཕྱག་ཞབས་གར་སྟབས་ཁྱུགས་སེ་ཁྱུག༔ རིན་ཆེན་པྲོག་ཞུ་ལྡེམས་སེ་ལྡེམ༔ གཙོ་མོ་ཆོས་ཀྱི་དབྱིངས་ན་བཞུགས༔ འབུམ་ཕྲག་དཔའ་བོ་དཔའ་མོར་བཅས༔ བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་སརྦ་སིདྡྷཱི་ཧཱུྃ༔ ཅེས་བརྗོད་སྨན་སྒྲོམ་ཞལ་ཕྱེ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྫས༔ ཨ་བར་སྐྱུར་གསུམ་ཕྱག་ཏུ་བླངས༔ ཡི་གེ་གསུམ་བཟླས་ཞལ་དུ་གསོལ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ནི་བསྔོ་སྨོན་གླུ་བྲོ་གར༔ ཚོགས་འཁོར་ལ་སོགས་གཞུང་བཞིན་བྱ༔ བདུད་རྩི་གསང་བའི་སྨན་སྒྲུབ་ལས༔ ཁྲོལ་བུར་སྒྲུབ་ཐབས་རིམ་པ་འདི༔ ཡི་གེར་བྲིས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་བདེ་ཆེན་གསང་བ་ཕུག་ནས་རྙེད་ཅིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

བདུད་རྩིའི་སྒྲུབ་པ་ཕྱེ་མའི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་རྩིའི་སྒྲུབ་པ་ཕྱེ་མའི་རིམ་པ་བཞུགས་སོ༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདུད་རྩི་གསང་བའི་སྒྲུབ་ཐབས་ཤིག༔ ཡི་གེར་འབྲི་ནས་གཏེར་དུ་སྦ༔ རྩོད་ལྡན་དུས་ཀྱི་ཡང་མཐའ་ལ༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲོལ་བུའི་སྒྲུབ་པ་རྫོགས་ནས་ཀྱང་༔ ཕྱེ་མར་སྒྲུབ་ཐབས་འདི་ལྟར་བྱ༔ སྔོན་འགྲོ་འདུལ་སྦྱོང་དངོས་གཞི་བསྒྲུབ༔ ཐ་མར་དབང་དང་ཚོགས་འཁོར་བསྐོར༔ བཀྲ་ཤིས་བསྔོ་སྨོན་གླུ་བྲོ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤར་དུ་མ་ཏྲཾ་ལྤགས་པ་ནི༔ མགོ་བོ་ལྷོ་ནུབ་བསྟན་པ་ལ༔ རྐང་པ་བྱང་ཤར་མཚམས་སུ་སྟོན༔ དེ་སྟེང་རྡོ་གཞོང་གཏུན་བུ་བཞག༔ རྡོ་གཞོང་དེ་ཡི་ནུབ་ཕྱོགས་ནས༔ རྡོ་རྗེ་སློབ་དཔོན་ཤར་དུ་བལྟ༔ རིག་མ་ཤར་ནས་ནུབ་ཏུ་བལྟ༔ རྡོ་གཞོང་ཡུམ་གྱི་བྷ་གར་བསམ༔ གཏུན་བུ་ཡབ་ཀྱི་རྡོ་རྗེར་དམིགས༔ རིག་འཛིན་བདེ་མཆོག་ཡབ་ཡུམ་གཉིས༔ སྦྱོར་བས་གསང་བའི་སྦྱོར་མཚམས་ནས༔ བྱང་སེམས་བབས་ཤིང་བསྐྱིལ་བར་བསམས༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཀནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྩིང་ཞིབ་སྙོམས་པར་བརྡུང་བར་བྱ༔ དེ་ནས་དཀྱིལ་འཁོར་ལྷོ་ཕྱོགས་སུ༔ མཚན་ལྡན་ཡུམ་གྱིས་དར་ཚགས་བཟེད༔ ཡབ་ཀྱིས་བླུག་ཅིང་དམིགས་པ་ནི༔ དར་ཚགས་ཡུམ་གྱི་བྷ་གའི་ནང་༔ ཡབ་ཀྱི་བྱང་སེམས་བབས་པར་བསམས༔ སྔགས་འདི་བརྗོད་ཅིང་ཚགས་ལ་བཙགས༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ཛྙཱ་ན་ཤུངྔྷེ་ཤུངྔྷེ་ཨཱ༔ དེ་ནས་དཀྱིལ་འཁོར་ནུབ་ཕྱོགས་སུ༔ ཆུ་གཙང་འོ་མ་ཛ་གད་རྣམས༔ སྦྲང་བུར་ཀ་ར་རཀྟས་སྦྲན༔ ཆུ་སྣ་བཞི་ཡི་རླན་གྱིས་སྦྲུས༔ ཕབས་སྣ་བཞི་ཡི་དྲོད་ཀྱིས་བསྲོ༔ དམིགས་པ་གཙོ་བོ་ཡབ་ཡུམ་གྱི༔ བྱང་སེམས་དཀར་དམར་འདྲེས་པར་བསམས༔ སྔགས་འདི་བརྗོད་ཅིང་སྦོལ་བར་བྱ༔ ཨཱོཾ་བཛྲ་ཨ་མྲྀ་ཏ་ས་མ་ཡ་སྟྭཾ༔ ས་མ་ཡཱ་ཧོ༔ དེ་ནས་དཀྱིལ་འཁོར་བྱང་ཕྱོགས་སུ༔ དྲིལ་བུ་ཡུམ་གྱི་བྷ་གར་བསམ༔ ཕྱག་མཚན་ཡབ་ཀྱི་རྡོ་རྗེར་བསྒོམ༔ གྲངས་སུ་གཞལ་ཞིང་དར་ཁུག་བླུགས༔ བྱང་སེམས་ཐིགས་པ་གྲངས་མེད་རྣམས༔ འབུམ་ཕྲག་དཔའ་བོ་དཔའ་མོ་ཡི༔ ས་བོན་རྣམས་སུ་གྱུར་པར་བསམ༔ བཛྲ་ཨ་མྲྀ་ཏ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་ཙིཏྟ་སྟྭཾ༔ དེ་ནས་སྨན་དེ་དར་ཁུག་དྲིལ༔ བྷནྡྷ་ཁ་སྦྱར་ནང་དུ་སྩལ༔ ས་བོན་ཡི་གེ་ཧྲཱི༔ ཧཱུྃ་དང་༔ རྡོ་རྗེ་རྒྱ་གྲམ་དག་གིས་བསྐོར༔ མགུལ་ཆིངས་གཟུངས་ཐག་རྡོ་རྗེས་བརྒྱན༔ གཡས་གཡོན་རྡོ་རྗེ་དྲིལ་བུ་བཅིངས༔ གཟུངས་ཐག་ཕྱོགས་བཞི་དབུས་སུ་འཐེན༔ སྨན་སྒྲོམ་མདོ་ལེར་ཡུམ་གྱིས་བཏེག༔ གུ་གུལ་ཐུན་དང་སྔགས་ཀྱིས་བསྐྲད༔ ཧཱུྃ་སྒྲ་སྒྲོག་ཅིང་གིང་པ་རྒྱུག༔ ཡུམ་གྱི་ཕོ་བྲང་མངའ་གསོལ་ནི༔ ཧཱུྃ༔ བྱང་ཆུབ་སེམས་མཆོག་བླ་ན་མེད༔ ཆོས་དབྱིངས་དག་པའི་ཕོ་བྲང་དུ༔ རྣམ་དག་མཆོག་གི་ས་བོན་སྤྲོ༔ རྫོགས་པའི་སངས་རྒྱས་བདེ་མཆོག་རྒྱལ༔ ཨཱོཾ་བྷནྡྷ་ངྷརྨ་ངྷརྟུ་ཛྙཱ་ན་ཏིཥྛ་ཧཱུྃ༔ ཡབ་ཀྱིས་པད་སྐོར་ཕྱག་རྒྱས་བླང་༔ ཧཱུྃ༔ རང་བྱུང་དག་པའི་ཡེ་ཤེས་ཆེ༔ འཁོར་འདས་ཀུན་ཁྱབ་སྤྲོས་དང་བྲལ༔ བདེ་ཆེན་ངང་དུ་འདུ་འབྲལ་མེད༔ དུ་མ་རོ་གཅིག་བཅུད་དུ་འཁྱིལ༔ ཏིཥྛ་ཛྙཱ་ན་ཨ་མྲྀ་ཏ་སིངྔྷི་སྟྭཾ༔ ཞེས་བརྗོད་ཡབ་ཀྱིས་དཀྱིལ་འཁོར་འགོད༔ ཁ་དོག་ལྔ་ཡི་དར་གུར་ཕུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞི་སྒྲུབ་ཐབས་ནི༔ དུས་དྲུག་ལས་གཞུང་བསྲང་བ་དང་༔ སྲུང་མ་སྤྱན་འདྲེན་རྟོག་པ་བསལ༔ དེ་དག་ཁྲོལ་བུ་སྒྲུབ་བཞིན་ནོ༔ དེ་ནས་རང་ཉིད་བདེ་མཆོག་རྩལ༔ ཡབ་ཡུམ་གཙོ་འཁོར་ལུས་དཀྱིལ་གསལ༔ འོད་ཟེར་སྨན་གྱི་སྒྲོམ་ལ་སྤྲོ༔ ཀེཾ་ལས་ཐོད་སྒྱེད་གསུམ་གྱི་སྟེང་༔ མཚན་ལྡན་བྷནྡྷའི་གཞལ་ཡས་བསམ༔ ཡཾ་ལས་རླུང་གཡོས་རཾ་ལས་མེ༔ དྲག་ཏུ་འབར་བས་ཐོད་པ་དྲོས༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡིག་འབྲུ་ལྔ་ཡི་འཇུག་འདུལ་ལས༔ ཟག་མེད་བདུད་རྩིའི་རང་བཞིན་ཆེ༔ བཅུད་དུ་འཁྱིལ་བ་ཡི་དམ་ལྷ༔ དཔལ་ཆེན་བདེ་མཆོག་ཡབ་ཡུམ་ལ༔ ཕོ་བྲང་དཀྱིལ་འཁོར་ཡོངས་རྫོགས་པ༔ རྩ་གསུམ་ཆོས་སྐྱོང་ལས་བྱེད་ཚོགས༔ མ་འགགས་སྣང་སྟོང་ཚོམ་བུར་བསྐྱེད༔ འོད་ཟེར་འཕྲོས་པས་འཁོར་འདས་ཀྱི༔ དོན་གཉིས་དཔལ་ལ་སྤྲོ་བསྡུ་བསྒྱུར༔ དངོས་གྲུབ་བསྡུས་ཏེ་རང་ལ་བསྟིམ༔ བྱིན་རླབས་གཟི་བརྗིད་འོད་དུ་འབར༔ སྔགས་འཕྲེང་གཟུངས་ཀྱི་ཐག་པར་བརྒྱུད༔ མདུན་བསྐྱེད་ལྷ་ཚོགས་ཞལ་དུ་ཞུགས༔ ཐུགས་ཀར་མཆོད་པའི་ཚུལ་དུ་ཐིམ༔ ཐུགས་དམ་རྒྱུད་བསྐུལ་སྦྱོར་བ་མཛད༔ བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་བསྒྱུར༔ གསང་བའི་མཁའ་ལ་བཅུད་དུ་འཁྱིལ༔ ཀུན་ད་སེམས་ཀྱི་བདུད་རྩི་དང་༔ བདེ་མཆོག་འཁོར་ལོ་ཚོམ་བུ་འབུམ༔ བདུད་རྩི་སྨན་གྱི་དམ་རྫས་རྣམས༔ སྐུ་དང་ཞིང་ཁམས་འདུ་འབྲལ་མེད༔ བྱང་ཆུབ་སེམས་མཆོག་སྐྱེ་ཤི་མེད༔ དུས་གསུམ་དུས་མེད་སྐྱེ་འགག་བྲལ༔ མ་བཅོས་དམིགས་མེད་བློ་འདས་ངང་༔ ལྷ་སྔགས་ཏིང་འཛིན་ཐབས་ཤེས་མཐུས༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ བཅུད་དུ་འདྲིལ་ཏེ་བདུད་རྩིར་འཁྱིལ༔ འོད་ཟེར་སྤྲོ་བསྡུས་རྒྱལ་བ་མཆོད༔ ཐུགས་རྗེ་བྱིན་རླབས་ཡང་ཡང་བཀུག༔ མ་ཡེངས་མི་དམིགས་ཏིང་འཛིན་གྱིས༔ དམ་རྫས་ཨ་མྲྀ་ཏ་ལ་བསྟིམ༔ འབྲུ་གསུམ་ངོ་བོར་གསལ་ཞིང་བསྐྱེད༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྜ་ལི་ཛྙཱ་ན་ཧཱུྃ་ཧྲཱིཿཐཱ༔ ཅེས་པ་མ་ཡེངས་ཏིང་འཛིན་ངང་༔ མི་ཚིག་བར་མ་ཆོད་པར་བཟླ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཀྱི་རིམ་པ་ནི༔ བདུད་རྩི་སྨན་གྱི་ཆེ་བ་བརྗོད༔ ལྷ་ཚོགས་འོད་ཞུ་བདུད་རྩིར་བསྒྱུར༔ དངོས་གྲུབ་ལེན་ཞིང་དབང་བསྐུར་བྱ༔ ཉིན་དང་མཚན་མོ་ཐུན་དྲུག་བཅད༔ སྲུང་མ་བསྐུལ་ཞིང་ཉུ་ལེ་བསྐྲད༔ བསྙེན་སྒྲུབ་ལས་སྦྱོར་སྦྲེལ་མའམ༔ ཡང་ན་མཆེད་ལྕམ་རིམ་གསུམ་དབྱེ༔ བསྙེན་སྒྲུབ་ལས་སྦྱོར་སོ་སོར་བཟླ༔ དམ་བཅའ་བཟུང་ཞིང་ཏིང་འཛིན་གསལ༔ སྒོ་གསུམ་རྩེ་གཅིག་བསྲང་ལ་གཅུན༔ ལེ་ལོ་གཉིད་དང་མྱོས་བྱེད་སྤང་༔ ཀུ་ཅོ་འཐབ་འཛིང་འཇོ་སྒེག་སོགས༔ སྤང་ཞིང་སྐབས་སུ་ཧཱུྃ་སྒྲུབ་འབུང་༔ རྡོ་རྗེ་རྒྱལ་པོ་རྒྱན་གྱིས་བརྒྱན༔ སེང་གེའི་ཁྲི་ལ་བཞུགས་ནས་ཀྱང་༔ སྨན་སྒྲོམ་གཞལ་ཡས་ཕྱག་ཏུ་ཐོགས༔ ཧཱུྃ༔ བདེ་མཆོག་ཡབ་ཡུམ་མཁའ་ཀློང་དུ༔ ཐབས་ཤེས་གཉིས་མེད་རོལ་པ་ལས༔ བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་མཛད༔ སྣང་སྲིད་སྨན་བཅུད་བདུད་རྩིར་བསྐྱིལ༔ རང་བྱུང་བདུད་རྩི་ཡེ་སངས་རྒྱས༔ རཱ་ག་དམར་པོའི་བསེ་ཕོར་དང་༔ དྲི་མེད་དཀར་པོའི་ཤེལ་ཕོར་ནང་༔ བདུད་རྩི་རང་བྱུང་བཅུད་ཀྱིས་བལྟམས༔ ཡེ་ཤེས་ལྷ་ལ་ཕུལ་བའི་ཚེ༔ རྒྱལ་བའི་དཀྱིལ་འཁོར་ཡང་དག་དགྱེས༔ དམ་ཅན་སྲུང་མ་མཆོད་པའི་ཚེ༔ ཐུགས་དམ་སྐོངས་ནས་ཕྲིན་ལས་བསྒྲུབ༔ ཡི་དམ་ལྷ་ལ་ཕུལ་བའི་ཚེ༔ དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྟེར༔ རྣལ་འབྱོར་བདག་གིས་མྱོང་བའི་ཚེ༔ དབང་བཞི་མཐར་ཕྱིན་མངོན་འཚང་རྒྱ༔ གདོན་དང་བགེགས་ལ་ཕོག་པའི་ཚེ༔ ལུས་སེམས་ཐལ་བ་རྡུལ་དུ་བརླག༔ ཨེ་མ་ངོ་མཚར་མཆོག་གི་རྫས༔ མཐོང་ཐོས་མྱོང་བའི་སྐལ་ལྡན་རྣམས༔ བླ་མེད་བྱང་ཆུབ་ས་ལ་རེག༔ ཨེ་མ་ཐབས་ཤེས་བླ་ན་མེད༔ ཨེ་མ་ངོ་མཚར་རྨད་དུ་བྱུང་༔ ཉོན་མོངས་མ་སྤངས་རང་བྱུང་དག༔ སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ༔ འཆི་མེད་གསང་བའི་དངོས་གྲུབ་འཐོབ༔ འདི་ནི་ངོ་མཚར་མཆོག་གི་རྫས༔ ཅེས་བརྗོད་ལྷ་ཚོགས་བདུད་རྩིར་བསྒྱུར༔ བྷནྡྷ་གཞལ་ཡས་ཁ་ཕྱེ་ནས༔ བདུད་རྩི་ཅུང་ཞིག་ཆང་ལ་བཏབ༔ མཚན་ལྡན་རིགས་མས་བྷན་ཆང་ཐོགས༔ སློབ་དཔོན་མཐེབ་སྲིན་གཉིས་ཀྱིས་མཆོད༔ ལྷ་ཚོགས་རྣམས་ཀྱི་མཚན་ནས་བརྗོད༔ སརྦ་པཉྩའི་སྔགས་ཀྱིས་དབུལ༔ ཧཱུྃ༔ ར་ས་ཡ་ན་སྨན་གྱི་མཆོག༔ རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར༔ རང་བྱུང་བྷནྡྷའི་སྣོད་དུ་བསྐྱིལ༔ འདི་ནི་བླ་མེད་མཆོག་གི་རྫས༔ འབྲུ་གསུམ་འོད་ཟེར་འཕྲོ་འདུ་ལས༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ ཨཱོཾ་ཨཱཿཧཱུྃ་སརྦ་ཛྙཱ་ནཱ་སརྦ་སིངྔྷི་ཀཱ་ཡ་ཝཱཀྐ་ཙིཏྟ་སིངྔྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་བདུད་རྩི་ལྕེ་ལ་མྱོང་༔ དངོས་གྲུབ་རྣམ་གཉིས་ཡོངས་འཐོབ་ཅིང་༔ བདེ་གསལ་མི་རྟོག་ཉམས་མྱོང་རྒྱས༔ ཐབས་ཤེས་འཕྲུལ་ལས་རང་རིག་ཧཱུྃ༔ བདེ་ཆེན་དབང་གི་རྒྱལ་པོར་བསྒོམས༔ བུམ་རིལ་ཕོ་བྲང་སྣོད་ལྡན་གྱི༔ སློབ་བུའི་མགོར་བཞག་འདི་སྐད་དོ༔ ཧཱུྃ་ཧྲཱི༔ དཔལ་ཆེན་འཁོར་ལོ་བདེ་མཆོག་རྩལ༔ བྷནྡྷ་ཡེ་ཤེས་གཞལ་ཡས་སུ༔ རང་བྱུང་བདུད་རྩིའི་ངོ་བོར་བཞུགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ མཆོག་གི་དཀྱིལ་འཁོར་འདི་བཟུང་ལ༔ བདག་གཞན་ཕྲིན་ལས་འགྲོ་དོན་སྐྱོངས༔ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ༔ ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཨཱོཾ༔ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཏྲཾ༔ ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀཿཨབྷི་ཥིཉྩ་ཨཱ༔ ཨཱོཾ་ཀརྨ་ཤྲཱི་ཧེ་རུ་ཀཿཨབྷི་ཥིཉྩ་ཧཱུྃ་ཧྲཱིཿཐཱ༔ གནས་ལྔར་བསྐུར་ཞིང་གསང་མཚན་གདགས༔ རཏྣ་ཨ་མྲྀ་ཏ་བྷྲ་དྲ༔ ཕོ་ལ་འདོགས་ཤིང་མོ་རྣམས་ལ༔ ཛྙཱ་ན་ཨ་མྲྀ་ཏ་སིངྔྷི་ཕ་ལཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ ཚོགས་འཁོར་བཀྲ་ཤིས་གླུ་བྲོ་དང་༔ བསྔོ་སྨོན་ལ་སོགས་རྗེས་ཆོག་རྣམས༔ སྒྲུབ་ཆེན་ཁོག་འབུབ་ཆེན་མོ་དང་༔ ལས་བྱང་བཞིན་དུ་སྤྱོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ ཨེ་མ་གསང་བའི་ཆོས་མཆོག་འདི༔ ཚེགས་ཆུང་གོ་བདེ་འཁྱེར་སླ་བས༔ ཕྱི་མའི་འགྲོ་ལ་ཕན་དོན་དུ༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ སྲུང་མ་རྣམས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་སྤྲང་བན་ཉི་མ་གྲགས་པས་བདེ་མཆོག་དབང་གི་ཕོ་བྲང་ཏེ་སེ་གངས་ཀྱི་རྒྱལ་པོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

བདུད་རྩི་སྨན་གྱི་གསང་སྒྲུབ་ཀྱི་མན་ངག་ལག་ལེན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་རྩི་སྨན་གྱི་གསང་སྒྲུབ་ཀྱི་མན་ངག་ལག་ལེན་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ རྒྱ་གར་ཡུལ་གྱི་སྔགས་འཆང་པདྨ་ངས༔ ཁ་བ་ཅན་དུ་བསྟན་པའི་རྒྱལ་མཚན་བཙུགས༔ མདོ་སྔགས་ཐེག་པ་སྣ་ཚོགས་དམ་ཆོས་ཀྱིས༔ བོད་ཡུལ་འགྲོ་བ་སྨིན་གྲོལ་ལམ་ལ་བཀོད༔ ཁྱད་པར་ར་ས་ཡ་ནའི་རྫས་མཆོག་གིས༔ མྱོང་བས་གྲོལ་བའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ ཡི་གེར་བཏབ་ནས་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སོ་སོར་སྨོན་ལམ་བཏབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་བདུད་རྩི་གསང་བའི་སྒྲུབ་ཐབས་འདི་ལ་དང་པོ་རྫས་བསགས་པ༔ བར་དུ་བསྒྲུབ་ཅིང་ལྟས་བརྟག་པ༔ ཐ་མར་བཅང་ཞིང་ཕྲིན་ལས་སྐྱོང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་རྫས་བསགས་པ་ལ་གསུམ་སྟེ༔ ངོས་འཛིན་པ་དང་གཅིག༔ བསགས་པ་དང་གཉིས༔ ཆ་སྙོམས་པ་དང་གསུམ་མོ༔ དང་པོ་ངོས་འཛིན་པ་ལ་བཞི་སྟེ༔ ཕྱིའི་རྩ་བརྒྱད་དང་༔ ནང་གི་རྩ་བརྒྱད་དང་༔ གསང་བའི་རྩ་བརྒྱད་དེ༔ དེ་དག་རེ་རེ་ལ་ཡན་ལག་སྟོང་དུ་སྦྱར་བས་རྩ་བརྒྱད་སྟོང་སྦྱར་དུ་གྲགས་སོ༔ དང་པོ་ཕྱིའི་རྩ་བརྒྱད་ནི༔ ཙན་དན་སྦྲུལ་གྱི་སྙིང་པོ་ལ་ཚང་སྟེ༔ རྩ་བ་མུ་བཞི་བྷ་ཏི་ཏ༔ སྡོང་པོ་ནི་ཙན་དན་སྨུག་པོ༔ ཡལ་ག་ནི་ལི་ཤི་དམར་པོ༔ ལོ་མ་ནི་གྷ་ལ་བྷ་དྲ༔ མེ་ཏོག་ནི་དྲི་ཞིམ་གུར་གུམ༔ འབྲས་མཆོག་དམ་པ་ནི་ཛཱ་ཏི༔ ཡོངས་འདུས་སྙིང་པོ་ནི་ག་བུར༔ ཕྱིའི་ཤུན་པ་ནི་ཤིང་ཚ༔ དེ་ལྟར་རྣམ་པ་བརྒྱད་པོ་ཡང་མ་སྨིན་པ་དང་༔ རུལ་བ་སོགས་ཀྱི་སྐྱོན་མེད་པར་བསྒྲུབ་པར་བྱའོ༔ གཉིས་པ་ནང་གི་རྩ་བརྒྱད་ནི་མཆོག་ཆེན་གྱི་བམ་ལ་ཚང་སྟེ༔ ཕའི་རྒྱུ་ལས་བྱུང་བའི་རྩ་བ་གསུམ་ནི༔ ཀླད་པ་དང་༔ རུས་པ་དང་༔ རྐང་དང་གསུམ༔ མའི་རྐྱེན་ལས་བྱུང་བའི་རྩ་བ་གསུམ་ནི༔ ཤ་དང་༔ པགས་པ་དང་༔ ཁྲག་དང་གསུམ༔ ཕའི་རྒྱུ་ལྷག་ཚིལ་བུ་དང་༔ མའི་རྐྱེན་ལྷག་རྐང་མར་གཉིས་ཏེ་བརྒྱད་དོ༔ དེ་དག་རྣམས་ཀྱང་མཚན་དང་ལྡན་པའི་བམ་ནས་བླང་བར་བྱའོ༔ གསུམ་པ་གསང་བའི་རྩ་བརྒྱད་ལ༔ ཡབ་ཀྱི་རྒྱུ་བཞི་དང་༔ ཡུམ་གྱི་རྐྱེན་བཞི་སྟེ་བརྒྱད་དུ་ཡོད་པ་ལས༔ ཡབ་ཀྱི་རྒྱུ་བཞི་ནི༔ བྱང་ཆུབ་ཀྱི་སེམས་འབྱུང་བའི་ཡུལ་བདེ་ཆེན་གྱི་གོ་རོ་ཙ་ན༔ བྱང་ཆུབ་སེམས་ཀྱི་རྒྱུ་ལམ་ནི་རྩ་ཨ་ཝ་ངྷཱུ་ཏི༔ བྱང་ཆུབ་སེམས་ཀྱི་བསྐྱིལ་ས་ནི་ཙིཏྟ་དམར་པོ༔ བྱང་ཆུབ་སེམས་ཀྱི་གཤེགས་ཤུལ་ནི་བཛྲ་གྱི་སྦུ་གུ༔ གཉིས་པ་ཡུམ་གྱི་རྐྱེན་བཞི་ནི༔ རཀྟ་གནས་སའི་ཡུལ་ནི་མཆིན་པ༔ རཀྟ་གསོག་སའི་གནས་ནི་བྷ་གའི་ཕུག༔ རཀྟ་ལེན་པའི་གནས་ནི་ཡུམ་གྱི་མཁའ༔ རཀྟ་རྒྱུ་བའི་ལམ་ནི་བྱ་ལྕེ་དང་དྲེ་ལྕེ་ཡང་ལྕེ་སྟེ༔ འདི་དག་རྣམས་ཀྱང་མཚན་དང་ལྡན་པའི་ཡབ་ཡུམ་གྱིས་ཆོ་ག་བཞིན་དུ་དགའ་བ་བཞིའི་ངང་ནས་ཉོན་མོངས་པའི་དྲི་མ་སྤངས་ཏེ༔ མེ་ལོང་ཡུ་བ་ཅན་གྱིས་བླང་བར་བྱའོ༔ བཞི་པ་དེ་དག་གི་སྐྱོབ་ལ་རྩ་བ་དང་ཡན་ལག་གཉིས་ལས༔ རྩ་བ་ལ་ལྔ༔ དང་པོ་དྲི་ཆེན་གྱི་རྩ་བརྒྱད་ནི༔ མཚན་ལྡན་གྲུབ་ཐོབ་ཀྱི་དྲི་ཆེན༔ འབྲས་ལྔ་རོལ་པའི་དྲི་ཆེན༔ ཤི་བ་བམ་གྱི་དྲི་ཆེན༔ ཀུ་ཀུ་ར་ཙའི་དྲི་ཆེན༔ འདབ་ཆགས་དྲི་ཆེན་སྦྲང་རྩི༔ གཤོག་ཅན་དྲི་ཆེན་སྣ་མང་༔ མཆེ་ཅན་གླང་ཆེན་དྲི་ཆེན༔ འདི་དག་རྣམས་ཀྱང་ཚུལ་དང་མཐུན་པར་བསག་གོ༔ གཉིས་པ་བྱང་ཆུབ་སེམས་ཀྱི་རྩ་བརྒྱད་ནི༔ རུས་པའི་དྭངས་མ་སོ༔ དབང་པོའི་དྭངས་མ་མིག་འབྲས༔ བྱང་སེམས་ཀྱི་དྭངས་མ་གདུང་རིགས་ལྔ་གང་འཛོམ༔ བྱང་སེམས་འབྱུང་གནས་ཀླད་པ༔ བྱང་སེམས་རྒྱུ་ལམ་གཞུང་པ༔ བྱང་སེམས་རོ་འདུས་གསང་མཚན་འབྲས་བུ་དང་བཅས་པ་བསྒྲུབ་བོ༔ གསུམ་པ་མཾ་ས་ཤའི་རྩ་བརྒྱད་ནི༔ ལག་པའི་ཉྭ་ཤ་གཉིས༔ རྐང་པའི་ཉྭ་ཤ་གཉིས༔ ལྕེ་དང་༔ གློ་བ་དང་༔ སྙིང་དང་༔ མཁལ་མ་དང་༔ གཞང་ཁ་དང་བརྒྱད་རྣམས་བསག་གོ༔ བཞི་པ་རཀྟའི་རྩ་བརྒྱད་ནི༔ ཁྱིའི་ཁྲག་དང་༔ རྟ་ཁྲག་དང་༔ མ་ཧེའི་ཁྲག་དང་༔ ཤི་བ་བམ་གྱི་ཁྲག་དང་༔ ཡབ་ཀྱི་སྣ་གཡས་པའི་ཁྲག་དང་༔ ཡུམ་གྱི་པདྨའི་ཁྲག་དང་༔ འབྲས་བུ་ཆེན་པོ་བསྒྲལ་བའི་ཁྲག་དང་༔ བྱ་རྒོད་ཀྱི་ཁྲག་སྟེ་མུ་ལ་བརྒྱད་པོ་ཡང་ལེགས་པར་བསག་གོ༔ ལྔ་པ་དྲི་ཆུའི་རྩ་བརྒྱད་ནི༔ རྒྱ་མཚོ་སྦུ་བའི་ཆུ༔ བྲག་ཞུན་རྡོ་ཡི་ཆུ༔ བདུད་རྩི་ཅོང་ཞིའི་ཆུ༔ ལན་ཚྭ་ལྷ་ཆེན་བྱང་སེམས་ཆུ༔ མཚན་ལྡན་མུ་དྲའི་ཆུ༔ དཔའ་བོ་ཡབ་ཀྱི་ཆུ༔ འབྲས་བུ་བསྒྲལ་བའི་ཆུ༔ ཤི་བ་བམ་གྱི་ལྒང་ཆུ་དང་བརྒྱད་པོ་ཡང་བསག་གོ༔ གཉིས་པ་ཡན་ལག་གི་སྐྱོབ་ནི༔ རྒྱལ་པོ་དང་༔ བློན་པོ་དང་༔ དཔོན་ཆེན་དང་༔ བཙུན་མོ་དང་༔ ལོངས་སྤྱོད་དང་༔ ཕྱི་སྣོད་དང་༔ ནང་བཅུད་དང་༔ འབངས་རྣམས་ཏེ་ཡན་ལག་གི་སྐྱོབ་ལ་བརྒྱད་དོ༔ དང་པོ་རྒྱལ་པོ་ལྔ་ནི་༔ མིག་དང་༔ སྙིང་དང་༔ སྣ་དང་༔ ལྕེ་དང་༔ རྣ་བ་དང་ལྔའོ༔ གཉིས་པ་བློན་པོ་ལྔ་ནི༔ སྟག་ཚེར་དང་༔ སེང་ཚེར་དང་༔ སླེ་ཏྲེས་དང་༔ དབང་པོ་ལག་པ་དང་༔ ཤུ་དག་དཀར་པོའོ༔ གསུམ་པ་དཔོན་ལྔ་ནི༔ ཤེལ་ཀ་ར་དང་༔ ག་པུར་དང་༔ ཛཱ་ཏི་དང་༔ ཀ་ཀོ་ལ་དང་༔ ཙན་དན་སྨུག་པོའོ༔ བཞི་པ་བཙུན་མོ་ལྔ་ནི༔ ཞོ་ཤ་གསུམ་དང་༔ ཤིང་ཚ་དང་༔ སུག་སྨེལ་དང་༔ ལི་ཁྲི་དང་༔ ཙན་དན་དཀར་པོའོ༔ ལྔ་པ་ལོངས་སྤྱོད་ལྔ་ནི༔ ཨ་རུ་ར་དང་༔ དུ་རུ་ཀ་དང་༔ རྩི་སོགས་དང་༔ གླ་རྩི་དང་༔ ལྕེ་སོགས་དཀར་པོའོ༔ དྲུག་པ་ཕྱི་སྣོད་ནི༔ སེང་གེའི་ཤ་སོགས་སྡེར་ཆགས་སྣ་ཚོགས་ཀྱི་ཤ་སྣ་བརྒྱ༔ གླང་ཆེན་ལ་སོགས་རྨིག་པ་ཁ་དབྲག་སྣ་ཚོགས་ཀྱི་ཤ་སྣ་བརྒྱ༔ རྟའི་ཤ་སོགས་རྨིག་ཟླུམ་སྣ་སོགས་ཀྱི་ཤ་སྣ་བརྒྱ༔ རྨ་བྱའི་ཤ་སོགས་འདབས་ཆགས་སྣ་ཚོགས་ཀྱི་ཤ་སྣ་བརྒྱ༔ ཤང་ཤང་ཏེའུ་ལ་སོགས་གདོང་པ་ཅན་སྣ་ཚོགས་ཀྱི་ཤ་སྣ་བརྒྱ༔ བདུན་པ་ནང་བཅུད་ལྔ་ནི༔ དུང་དང་༔ གསེར་དང་༔ གཡུ་དང་༔ ཟངས་དང་༔ ལྕགས་རྣམས་སོ༔ བརྒྱད་པ་འབངས་ནི༔ ཁ་དོག་དཀར་བ་ཅུ་གང་ལ་སོགས་པའི་འོ་མ་སྣ་ཚོགས་དང་༔ ཨ་རུ་ར་གསེར་མདོག་དང་༔ ཆུ་རྩ་དང་༔ ཡུང་བ་དང་༔ ལུག་རུ་སེར་པོ་དང་༔ དཔའ་བོ་སེར་པོ་ལ་སོགས་པའི་སེར་པོ་སྣ་ཚོགས་དང་༔ ལི་ཁྲི་དང་༔ སྐྱུ་རུ་ར་དང་༔ གི་ཝང་ལ་སོགས་པའི་དམར་སེར་སྣ་ཚོགས་དང་༔ བ་རུ་ར་སྤྱི་བཞུར་སྔོ་སྨན་གྱི་རིགས་ཅི་མང་སྟེ་སྣ་ཚོགས་པའི་ལྗང་གུའི་རིགས་ཐམས་ཅད་དང་༔ འབྲས་ཆང་དང་༔ ནས་ཆང་དང་༔ རྒུན་ཆང་དང་༔ གྲོ་ཆང་དང་༔ སྦྲང་ཆང་དང་༔ ཆུ་དང་༔ འོ་མ་རྣམས་བྷནྦྷ་སོ་སོར་བསག་གོ༔ དེ་དག་རྣམས་ནི་རྩ་བ་དང་ཡན་ལག་གི་རིམ་པ་སྟེ༔ བདུད་རྩི་འབྱུང་བའི་རྒྱུད་ལས་པདྨ་བདག་གིས་ཟུར་དུ་ཕྱུངས་པའོ༔ མན་ངག་གསང་བའི་གདམས་པ་ཁྱད་པར་ཅན་ནི༔ དབང་པོ་ལག་པའི་ཕྱེ་དང་༔ མེ་ཏོག་འོད་ལྡན་གྱི་ཕྱེ་དང་༔ ཕབས་བཟང་པོ་དང་༔ བཟང་པོ་དྲུག་རྣམས་ཀྱི་ཕྱེ་མ་སྨན་མང་ཉུང་གི་ཚོད་དང་དཔགས་པའ་ིཚྭ་ཚོད་དུ་སྦྱར་བ་ནི་ཁྱད་པར་ཅན་ནོ༔ གསུམ་པ་ཆ་སྙོམས་པ་ནི༔ གཙོ་བོ་ལྔ་དང་བདུད་རྩི་ལྔ་རྣམས་ཡིན་ཞིང་༔ རྩ་བརྒྱད་གཞན་རྣམས་ནི་གཙོ་བོའི་དཔུང་ཚོད་དང་རྒྱལ་བློན་གྱི་ཚུལ་དུ་སྦྱོར་མཁས་པར་བྱའོ༔ སྐྱོབ་རྣམས་ནི་དེའི་རྒྱལ་བློན་འབངས་གསུམ་གྱི་རིམ་པ་རིགས་པའི་མདས་བསྣུན་ཤེས་པར་བྱའོ༔ བཞི་པ་སྒྲུབ་པ་ནི་ཁྲོལ་བུ་དང་ཕྱེ་མ་རང་གཞུང་ལྟར་རོ༔ ལྟས་བརྟག་པ་ནི༔ སྒྲུབ་པ་ལ་ཞུགས་ཚེ་འོད་འཁྱུག་པ་དང་༔ ཟེར་འཁྲིག་པ་དང་༔ དྲི་བཟང་པོ་འཐུལ་བ་དང་༔ སྨན་གྱི་དཔུང་འཕེལ་བ་དང་༔ ལྷ་དང་ལྷ་མོའི་སྐུ་མཐོང་བ་དང་༔ མེ་འབར་བ་དང་༔ དུ་བ་འཐུལ་བ་དང་༔ རླངས་པ་འཕྲོ་བ་དང་༔ ནམ་མཁའ་ནས་འཛབ་ཀྱི་སྒྲ་སྒྲོགས་པ་སོགས་འབྱུང་བར་འགྱུར་རོ༔ ཐུན་མོང་དུ་བུམ་པ་འཕར་བ་དང་༔ སྨན་རཀ་ཁོལ་བ་དང་༔ མར་མེ་རིང་བ་དང་༔ བཀྲག་དང་ལྡན་པ་དང་༔ ལྷ་ཀླུ་མི་གསུམ་གྱི་ལོངས་སྤྱོད་འབུལ་བ་ལ་སོགས་སོ༔ རྨི་ལམ་དུའང་གངས་རི་མཆོད་རྟེན་ལ་སོགས་ལ་འཛེག་པ་དང་༔ དར་འཕྱར་བ་དང་༔ དུང་འབུད་པ་དང་༔ ཉི་ཟླའི་རྟ་ལ་ཞོན་པ་དང་༔ བུད་མེད་བཟང་མོས་བཅུད་ཅན་གྱི་ཟས་དང་ཐོད་པ་ཆང་གིས་བཀང་ནས་འདྲེན་པ་ལ་སོགས་ཏེ༔ བཟང་ལྟས་ཀྱི་རྨི་ལམ་རྣམས་འོང་བར་འགྱུར་རོ༔ ཁྱད་པར་གྱི་རྟགས་སུ་ཉམས་རྟོགས་ཀྱི་ཡོན་ཏན་བདེ་གསལ་མི་རྟོག་པ་སོགས་དང་༔ ཆོས་སྐུ་སྤྲོས་བྲལ་ཁོར་ཡུག་ཏུ་ཁྲེ་སེ༔ ཤིག་གེ༔ བུན་ནེ༔ དེའི་ངང་ནས་སྣང་སྟོང་གི་སྐུ་རུ་ལམ་མེ༔ ཀ་དག་གི་ཉམས་སུ་སང་ངེ༔ ཟུག་འཇུག་གི་སྔགས་དབྱངས་དིར་རེ་བ་སོགས་འབྱུང་བར་འགྱུར་རོ༔ ལྟས་ངན་པ་རྣམས་ནི་དེ་རྣམས་ལས་བཟློག་པའོ༔ ལྟས་བཟང་པོ་རྣམས་གང་བྱུང་ཡང་རེ་བ་མེད་པའི་ངང་ནས་ཏིང་ངེ་འཛིན་གྱི་དབང་བཞི་ལེན༔ ངན་པའི་ལྟས་ཤར་ཡང་དོགས་པ་དང་བྲལ་བའི་ངང་ནས་ཉུལ་ལེ་བསྐྲད་ཅིང་གིང་པ་རྒྱུག༔ ཧཱུྃ་དབྱངས་ལྡིར༔ སྲུང་མ་བསྐུལ་བར་བྱའོ༔ ལར་བཟང་ངན་ཐམས་ཅད་སེམས་ཀྱི་འཛིན་པ་ལས་བྱུང་བས་སྤང་བླང་རེ་དོགས་དགག་སྒྲུབ་དང་བྲལ་བ་ཞིག་དགོས་སོ༔ བཞི་པ་དེ་ལྟ་བུའི་རྫས་མཆོག་ཁྱད་པར་ཅན་དེ་བཅང་ཐབས་དང་༔ ལས་སྦྱོར་ཕྲིན་ལས་ཀྱི་རིམ་པའོ༔ བཅང་བ་ལ་གཉིས་ཏེ་རང་དང་གཞན་ནོ༔ དང་པོ་རང་གིས་རྩ་གསུམ་དབྱེར་མེད་ཀྱི་ངོ་བོར་བསམ་ཤིང་༔ སྐུ་གསུམ་འདུ་འབྲལ་མེད་པའི་ཕོ་བྲང་༔ ལྕགས་སྣ་གསུམ་གྱི་གའུར་ཡེ་ཤེས་ལྔ་མཚོན་དར་སྣས་དྲིལ་ཏེ་ལུས་ལ་བཅངས་ན༔ རྩ་གསུམ་གྱི་ལྷ་ཚོགས་མ་བསྒྲུབས་ཀྱང་སྤྲིན་བཞིན་འདུ་ནས༔ སྐལ་ལྡན་དེ་ལ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྟེར་ཏེ༔ སྲུང་མ་རྣམས་ཀྱིས་ཕྲིན་ལས་བསྒྲུབ་བོ༔ དེའི་ལུས་ལ་རེག་པའི་རླུང་ཕོག་པ་དང་༔ དེའི་གྲིབ་མ་ལ་འགོང་པའི་འགྲོ་བ་དུད་འགྲོ་ཡན་ཆད་གྲོལ་བར་འགྱུར་རོ༔ གཞན་གྱི་ཡང་བཅང་ཐབས་དང་ཡོན་ཏན་ནི་དེ་དང་མཉམ་པར་འགྱུར་རོ༔ ལས་སྦྱོར་ཕྲིན་ལས་ཀྱི་རིམ་པ་ནི༔ བླ་མེད་གསང་བའི་རྫས་མཆོག་འདི་མཆོད་གཏོར་སྨན་རཀ་རྟེན་གཏོར་སྒྲུབ་གཏོར་ལ་སོགས་ལ་སྦྲན་ན་ལས་བཞི་གང་བརྩམས་པ་འགྲུབ་བོ༔ མེ་མཆོད་དུ་ཕུལ་ན་ལྷ་ཚོགས་ཐམས་ཅད་ཐུགས་དམ་སྐོངས་ཤིང་རྣལ་འབྱོར་པས་དངོས་གྲུབ་འཐོབ་པ་དང་༔ དགྲ་བགེགས་ལོག་འདྲེན་བར་ཆད་འབྱུང་པོ་ཐམས་ཅད་རང་སར་གྲོལ་བར་བྱེད་དོ༔ བྲིས་སྐུ་དང་ལྡེར་བཟོའི་ནང་རྟེན་དུ་བཙས་ན་དུས་གསུམ་གྱི་བདེ་གཤེགས་ཀུན་གྱི་མཆོད་སྡོང་དུ་འགྱུར་རོ༔ དཀོར་མཛོད་དུ་སྦས་ན་ལོངས་སྤྱོད་དང་ལྡན་པར་འགྱུར་རོ༔ ནད་གདོན་གྱིས་གཙེར་བས་ཟོས་ན་བར་ཆད་ལས་གྲོལ་བར་བྱེད་དོ༔ ཕྱུགས་ཀྱི་ལུས་ལ་བཏགས་ན་གོད་ཀ་འཆད་པར་འགྱུར་རོ༔ ཁ་ཟས་ལ་བཏབ་སྟེ་ཟོས་ན་བདུད་རྩིར་འགྱུར་ཞིང་ཚེའི་དངོས་གྲུབ་འཐོབ་བོ༔ ཞིང་དཀྱིལ་དུ་སྦས་ན་བཙའ་སད་སེར་གསུམ་མི་འབྱུང་ངོ༔ མདོར་ན་འདི་ལྟར་གྱི་རྫས་མཆོག་འདི་འཆང་བ་དང་༔ མྱོང་བ་དང་༔ རེག་པ་ཐམས་ཅད་ནི་གྲོལ་བར་བྱེད་དོ༔ རབ་ཏུ་གྲོལ་བར་བྱེད་དོ༔ ཤིན་ཏུ་གྲོལ་བར་བྱེད་དོ༔ ཡོངས་སུ་གྲོལ་བར་བྱེད་དོ༔ དེ་དག་རྣམས་ཀྱིས་བདག་གཞན་གྱི་ཕྲིན་ལས་བསྟན་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ འདི་ལྟར་གསང་བའི་མན་ངག་བླ་མེད་གནད༔ ཕྱི་མའི་དོན་དུ་པད་འབྱུང་བདག་གིས་བྲིས༔ མ་འོངས་དུས་ཀྱི་ཡང་མཐའ་ཤར་བའི་ཚེ༔ དམ་ཆོས་དར་ལ་བླང་དོར་ཡ་བྲལ་ཞིང་༔ གསང་སྔགས་དར་ལ་འགྲོ་བ་མ་སྨིན་དུས༔ འཛམ་གླིང་སྐྱེ་འགྲོ་ངན་སོང་སྙོགས་པའི་ཚེ༔ བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་གྱིས༔ སྐལ་ལྡན་མང་པོ་ཐར་པའི་ལམ་ལ་འདྲེན༔ དེ་དུས་ང་སྤྲུལ་བུ་དང་འདི་འཕྲད་ནས༔ མ་འབད་བཞིན་དུ་འགྲོ་རྣམས་ཡོངས་གྲོལ་ཤོག༔ རྡོ་རྗེ་འབར་བས་བཀའ་འདིའི་བྱ་ར་གྱིས༔ ལྷ་བཙན་ཆེན་པོས་གཏེར་འདིའི་སྲུང་མ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཁམས་པ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ། །

བདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ གུ་རུ་དུས་གསུམ་མཁྱེན་པའི་སློབ་དཔོན་གྱིས༔ བདུད་རྩི་སྨན་གྱི་གསང་སྒྲུབ་མཛད་པ་ཡི༔ ཕྱག་ལེན་ཡིག་ཆུང་ཟིན་བྲིས་གདམས་པ་འདི༔ ཕྱི་མའི་དོན་དུ་ཁོ་མོས་བཀོད་དེ་སྦས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་སྣང་སྲིད་འཁོར་འདས་མ་ལུས་པ༔ དག་པ་ཡེ་གྲོལ་སྐུ་དང་ཡེ་ཤེས་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་བདུད་རྩིར་འཁྱིལ༔ གཙང་རྨེར་འཛིན་པའི་འཁྲུལ་འཁོར་དབྱིངས་སུ་ཡལ༔ དེ་ལྟ་ལས་འདས་སྤང་བླང་རེ་དོགས་ཀྱི༔ གཟུང་འཛིན་འཁྲུལ་པའི་ཆོས་ལ་ཟད་མེད་སྤྱོད༔ དེ་ཡི་ཕྱིར་ན་བདུད་རྩི་མཆོག་འདི་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ཡི་རྩ་བརྒྱད་ཙན་དན་སྦྲུལ་སྙིང་དང་༔ ནང་གི་རྩ་བརྒྱད་མཆོག་ཆེན་མི་ཡི་བམ༔ གསང་བའི་རྩ་བརྒྱད་བྱང་སེམས་དཀར་དམར་ཏེ༔ བརྒྱད་ཚན་གསུམ་པའི་པཉྩ་ཨ་མྲྀ་ཏར༔ འབངས་དང་སྐྱོབ་ཀྱི་རྣམས་གྲངས་བརྒྱ་ཉེར་ལྔ༔ རེ་རེ་བཞིན་དུ་སྦྱར་བས་ལོ་མ་སྟོང་༔ སྟོང་ཚན་གསུམ་གྱི་ཡལ་འདབ་ལྡིང་ཁང་འཕྱོ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱ་མཚོ་ནི༔ གཞུང་བཞིན་ལག་ལེན་བསྙེན་སྒྲུབ་ལས་སྦྱོར་དུས༔ སྟག་གཟིག་དོམ་དང་འཕར་སྤྱང་འུག་པ་ཁྲ༔ ཕུག་ཤུད་མཛོ་དྲེའུ་བོང་བུའི་ཤ་ཁྲག་སྤང་༔ ར་དུག་སྤྱང་དུག་བོང་དུག་ཐར་ནུ་དང་༔ རེ་ལྕགས་པ་དང་སྲན་མའི་མེ་ཏོག་སྤང་༔ གསེར་གྱི་མདོག་ཅན་ཨ་རུ་རིགས་ལྔ་ནི༔ གཙོ་བོར་སྤུང་ཞིང་བཞི་ཆའི་བ་རུ་ར༔ བ་རུ་ར་ཡི་བཞི་ཆ་སྐྱུ་རུ་བསྣན༔ ཙན་དན་དཀར་དམར་ཤ་ཕོ་རུ་རྟ་དང་༔ བཟང་དྲུག་བ་ལེ་ཀ་སོགས་ཆེར་སྤུང་ཞིང་༔ ཀཎྜ་ཀ་རི་ཤིང་མངར་རམ་བུ་ལྕུམ༔ གོ་ཡུ་དཔའ་བོ་སེར་པོ་རྣམ་པ་དྲུག༔ རེ་རེ་བཞིན་དུ་ཨ་རུའི་ལྔ་ཆ་གཏོང་༔ བདུད་རྩི་དབང་ལག་སྐྱུ་རུའི་ཕྱེད་གྱི་ཆ༔ གླ་རྩི་དྲི་ཐོན་ཙམ་ལས་མང་མི་བྱ༔ སྨན་དཔུང་མང་བར་འདོད་ན་ད་ལི་དང་༔ ག་དུར་གཉིས་པོ་ཨ་རུའི་ཚོད་ཙམ་སྦྱར༔ ཤིན་ཏུ་མང་བར་འདོད་ན་འབྲས་ཕྱེ་འམ༔ དཀར་མོའི་ནས་ཕྱེ་དར་ཚགས་ལེགས་རྒྱབ་ནས༔ བ་རུ་ར་ཡི་ཆ་ཙམ་སྦྱར་བར་བྱ༔ འདི་ནི་སྨན་རིགས་བསྲེས་ན་མ་གཏོགས་སྤང་༔ ཁ་དོག་དཀར་པོའི་སྨན་རིགས་ཐམས་ཅད་ནི༔ སྒ་སེར་གུར་གུམ་ཆུ་ཡིས་ཁ་དོག་བསྒྱུར༔ མདོག་ནག་དྲི་ཁ་རོ་སྐྱུར་སྨན་གྱི་རིགས༔ སྔོ་སྨན་ཤིང་སྨན་རྡོ་སྨན་ཁ་རུ་ཚྭ༔ ཤིང་ཀུན་ཤིང་ཚ་ལ་སོགས་སྐྱ་འདྲེ་ཙམ༔ གཞན་ཡང་དྲི་རོ་ཁ་དོག་དེར་མཐུན་དང་༔ རིགས་པའི་མདའ་བསྣུན་ཤེས་རབ་ཟབ་མོས་དཔྱད༔ ཤ་ཁྲག་རིགས་ཀྱང་ཕོན་ཚོད་སྐབས་ལྟར་བསགས༔ ས་མ་ཡཱ༔ རྒྱ༔ དེ་ནས་དཀྱིལ་འཁོར་བཅའ་གཞི་སྒྲུབ་ཆེན་ལྟར༔ ཁྱད་པར་དཀྱིལ་འཁོར་ལྡིང་ཁྲིའི་དབུས་དྲང་པོར༔ ཤིང་གསུམ་ཨོམ་བཅིངས་མདུང་ཤིང་གྱེན་དུ་བསླངས༔ རྔ་དཀར་ཀུ་ཤའི་ཆུན་པོས་རྩེ་བཞི་བརྒྱན༔ དེའི་དབུས་ཀྱི་མདུང་གི་རྩེ་མོ་ན༔ བདུད་རྩི་འཁྱིལ་བ་ཚངས་པ་བརྒྱ་བྱིན་དང་༔ ཁམས་གསུམ་རྣམ་རྒྱལ་བཞི་ཡི་ཙ་ཀ་ལི༔ དེ་འོག་བང་རིམ་ལྷ་བརྒྱད་ཙ་ཀ་ལི༔ དེ་འོག་བདུད་རྩིའི་ལྷ་མོ་བཅུ་དྲུག་དང་༔ དེ་འོག་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ༔ དེ་འོག་ཀླུ་ཆེན་བརྒྱད་ཀྱི་ཙ་ཀ་ལི༔ ཀུན་ཀྱང་དར་གྱི་ཤམ་བུས་བརྒྱན་པ་ལ༔ བར་མཚམས་ཀུན་ཏུ་རྨ་བྱའི་སྒྲོས་བརྒྱན་ཞིང་༔ བང་རིམ་ཀུན་གྱི་ཕྱོགས་བཞིར་མེ་ལོང་གདགས༔ གཟུངས་ཐག་བཏགས་ཏེ་སྨན་གྱི་ཕོ་བྲང་སྦྲེལ༔ ས་མ་ཡཱ༔ རྒྱ༔ དེ་ནས་ཧེ་རུ་ཀཿཡི་བུམ་པ་བཅུ༔ ཁྲོལ་བུའི་སྨན་གྱིས་བརྒྱན་ཞིང་ཕྱོགས་ཕྱོགས་འགོད༔ དེ་ལ་དང་པོ་ལྡིང་ཁྲིའི་དབུས་སུ་ནི༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་ཀ་པཱ་ལ༔ དུམ་བུ་ལྔ་པ་ཚངས་བུག་གཉིས་ལྡན་བཤམས༔ དེ་ཡི་སྐྱོབ་ཏུ་རུས་སྦལ་ཁོག་པ་སྟེ༔ མི་འགྱུར་གཡུང་དྲུང་རྡོ་རྗེའི་ཙག་ལིས་བརྒྱན༔ སྐུ་གསུམ་ལྷུན་གྲུབ་རྡོ་རྗེའི་ཀ་པཱ་ལ༔ དུམ་བུ་གསུམ་པ་ཚངས་བུག་དབུས་ལྡན་ཤར༔ དེ་ཡི་སྐྱོབ་ཏུ་སེང་ཐོད་ཤར་ལྷོ་སྟེ༔ མི་ཤིགས་རྫོགས་ལྡན་རྡོ་རྗེའི་ཙག་ལིས་བརྒྱན༔ ཡིད་བཞིན་གཏེར་འཆང་རྡོ་རྗེའི་ཀ་པཱ་ལ༔ ཤིང་ལོ་ཤིན་ཏུ་རྒྱས་པའི་དུམ་གཉིས་ལྷོ༔ དེ་ཡི་སྐྱོབ་ཏུ་གླང་ཆེན་ཐོད་པ་སྟེ༔ སྲིད་པ་ཡོངས་སྒྲོལ་རྡོ་རྗེའི་ཙཀ་ལིས་བརྒྱན༔ ཁམས་གསུམ་དབང་བསྡུད་རྡོ་རྗེ་ཀ་པཱ་ལ༔ དུམ་བུ་གཅིག་པའི་བྷནྡྷ་དཀྱིལ་འཁོར་ནུབ༔ དེ་ཡི་སྐྱོབ་ཏུ་ཆ་ཚན་ཀུ་བ་སྟེ༔ ལྷ་ཆེན་བརྟུལ་པོའི་ཐོད་པ་ཞེས་ཀྱང་བྱ༔ དུས་གསུམ་བསྟན་སྤྲུགས་རྡོ་རྗེའི་ཙཀ་ལིས་བརྒྱན༔ ཆོ་འཕྲུལ་རྟགས་འབྱུང་རྡོ་རྗེའི་ཀ་པཱ་ལ༔ ལས་བཞི་བསྒྲུབ་ཕྱིར་དུམ་བུ་བཞི་ལྡན་བྱང་༔ དེ་ཡི་སྐྱོབ་ཏུ་ཕྱི་བའི་ཐོད་པ་སྟེ༔ མི་ཆེན་གླ་ལིའི་ཐོད་པ་ཞེས་ཀྱང་ཟེར༔ ལི་ཙ་ཀུ་རའི་ཐོད་པ་ཞེས་ཀྱང་ཟེར༔ མཚན་མ་སྤྲོས་བྲལ་རྡོ་རྗེའི་ཙཀ་ལིས་བརྒྱན༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལ༔ ཨ་ཡུ་དཔལ་ལྡན་རྡོ་རྗེའི་ཀ་པཱ་ལ༔ བདེ་བ་མི་ཤིགས་རྡོ་རྗེའི་ཀ་པཱ་ལ༔ དབང་བཞིའི་བུམ་པ་རྡོ་རྗེ་ཀ་པཱ་ལ༔ ཞེས་པ་འདི་བཞི་མཚན་ཉིད་ལྡན་པ་ཡི༔ དུང་ཅན་མ་དང་གླང་སྣ་པདྨ་ཅན༔ རི་དྭགས་མ་བཞིའི་ཐོད་པ་ཡིན་པས་ན༔ དཀྱིལ་འཁོར་སྒོ་བཞིར་ཚུལ་བཞིན་འགོད་པར་བྱ༔ ས་མ་ཡཱ༔ རྒྱ༔ དེ་ལྟར་བཀོད་རྫོགས་བརྒྱན་ལྡན་ཁྲོལ་བུ་བསྒྲུབ༔ དེ་ནས་འདུལ་སྦྱངས་བཏང་སྟེ་དར་ཚགས་བརྒྱབ༔ ཨ་ཐམ་སྐྱེ་བདུན་ཕབས་རྒྱུན་ཚད་ལྡན་སྦྲན༔ དྲིལ་བུར་གཞལ་སྟེ་ཤིང་གི་གཞོང་པར་བླུགས༔ ཆུ་གཙང་འོ་མས་སྦྲན་ཞིང་ནམ་ཟླ་ལྟར༔ སྐབས་དང་མཐུན་པའི་གར་སླ་རན་པར་བྱ༔ ཆང་གིས་ཕབས་རྩི་ཕོན་དང་དུས་བསྟུན་བཏབ༔ ལྕགས་ཀྱི་སླ་ངའི་ནང་དུ་ནས་བླུགས་ཅིང་༔ སྨན་དང་དྲི་བཟང་ཕྱེ་མ་ཅི་རིགས་གདབ༔ དེ་ལ་ཆུ་ཡིས་སྦྲན་ཏེ་བརླན་པར་བྱ༔ བྷནྡྷའི་རིགས་གྱུར་ཡོངས་རྫོགས་འཛོམ་ན་རབ༔ ཡང་ན་ཕོ་ཐོད་འཁོར་ལོ་མོ་ཐོད་པདྨ་འདྲི༔ སྨན་རྣམས་དར་ཁུག་བཏབ་ནས་ཐོད་པར་བསྡམས༔ རིགས་ལྔའི་ཕྱག་མཚན་བྲིས་པའི་དར་གྱིས་བཏུམས༔ དེ་ནས་དར་ཚོན་སྣ་ལྔས་ལེགས་པར་བཅིངས༔ དེ་ནས་དར་དམར་ཧཱུྃ་མང་བྲིས་པས་དྲིལ༔ དེའི་གཡས་གཡོན་རྡོ་རྗེ་དྲིལ་བུ་བཏགས༔ དེ་ལ་གཟུངས་ཐག་ཕྱོགས་བཞི་རིགས་ལྔས་བརྒྱན༔ སླ་ང་ལྡིང་ཁྲིའི་དབུས་འགོད་ཐོད་པ་དཀྱིལ༔ སླ་ངའི་འོག་ཏུ་མར་མེ་དུས་མཐུན་ལྟར༔ གསུམ་གཉིས་གཅིག་སོགས་དབྱར་དགུན་སྟོན་ལྟར་འགོད༔ དྲོད་ནི་སླངས་ངས་ལག་པ་དྲོས་ཙམ་བྱ༔ དེ་ཡི་ཕྱི་རོལ་ཡོལ་བ་སུམ་རིམ་གཡོལ༔ མེ་འོད་རླུང་གིས་མི་འཕྲོག་ཐབས་ལ་འབད༔ གཞུང་བཞིན་བསྒྲུབ་ཅིང་སྐབས་སྐབས་སྨན་སྒྲོམ་ཉུལ༔ ཆང་གི་སྦྲང་མ་ལྟ་བུར་ཁོལ་བ་ཚད༔ ལེ་ལོ་སྤངས་ཏེ་བརྩོན་འགྲུས་ལྡན་པས་བསྒྲུབ༔ མཐར་ཕྱིན་དབང་བླངས་སྨན་སྒྲོམ་ཞལ་ཕྱེ་བས༔ མདོག་ནི་སེར་པོ་དམར་མདངས་ཆགས་པ་ལ༔ རོ་ནི་ཨ་རུ་ཆང་གི་རྟར་སྐྱོན་འདྲ༔ དེ་ལྟར་མིན་པར་སྐམ་པའི་སྐྱོན་འདུག་ན༔ སླར་ཡང་སྦོལ་ཏེ་བདུད་རྩིས་སྔར་བཞིན་སྦྲན༔ རླུང་སེང་མེད་པར་བྱས་ཏེ་བསྡམས་ནས་བཞག༔ ཁ་དོག་སྐྱ་བོ་སེར་པོ་ལ་སོགས་པ༔ གུར་གུམ་ཆུ་ཡིས་སྦྲན་པ་མན་ངག་ཡིན༔ སྣུམ་བག་མེད་ན་ལག་པར་འབྲུ་མར་བྱུག༔ སྦོལ་ཞིང་རན་ཙམ་ཕུར་བས་མཆོག་ཏུ་འགྱུར༔ རིལ་བུར་བསྒྲུབ་ན་གཞུང་བཞིན་ལས་ལ་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བདུད་རྩི་དམར་ཁྲིད་གདམས་པ་འདི༔ ཨོ་རྒྱན་རྗེ་ཡི་ལུང་བཞིན་ཁོ་མོས་བྲིས༔ ཕྱི་མར་གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ གཅེས་པར་ཆོངས་ཤིག་སྣོད་མེད་རྣམས་ལ་གོབ༔ ཚུལ་བཞིན་སྒྲུབས་ཤིག་བསྟན་འགྲོའི་དོན་ལ་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲུལ་བའི་སྐུ་མཆོག་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ། །

བཾ་སྒྲུབ་མི་རོའི་ལས་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བཾ་སྒྲུབ་མི་རོའི་ལས་སྦྱོར་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ཆོས་ལ་སྤྱོད་པའི་སྐལ་ལྡན་ལ༔ སྡང་བྱེད་དགྲ་ཡིས་བར་གཅོད་ན༔ ཧེ་རུ་ཀཿཡིས་རོ་སྒྲུབ་ཀྱིས༔ རཱུ་ཊ་འཇོམས་པའི་མན་ངག་ཞིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་འགྲོ་བཅའ་གཞི་ནི༔ དུར་ཁྲོད་གནས་ནས་རོ་བླངས་ཏེ༔ དགྲ་བོའི་མིང་རུས་གྲོ་གར་འབྲི༔ གན་རྐྱལ་རོ་ཡི་སྙིང་གར་གླན༔ ས་མ་ཡཱ༔ རྒྱ༔ དངོས་གཞིའི་རིམ་པ་འདི་ལྟ་སྟེ༔ དཀྱིལ་འཁོར་ཞལ་ཕྱེ་ལས་གཞུང་བསྲང་༔ དགྲ་བགེགས་གང་ཡིན་དགུག་ཅིང་བསྟིམ༔ ཧེ་རུ་ཀཿཡི་ལྷ་ཚོགས་རྣམས༔ དྲག་ཏུ་བསྐྱེད་ལ་ལས་ལ་བསྐུལ༔ ཐུན་གྱིས་བྲབ་ཅིང་མཚོན་གྱིས་བསྒྲལ༔ བྲང་གཤགས་ཙིཏྟ་དངོས་སུ་ཕྱུངས༔ དགྲ་བོའི་སྲོག་སྙིང་བླངས་པར་བསྒོམས༔ དགྲ་བོའི་ཚེ་སྲོག་དོན་སྙིང་རྣམས༔ ལྷ་ཚོགས་མ་ལུས་ཐམས་ཅད་ཀྱིས༔ ཆོམ་ཆོམ་རྐན་སྒྲ་ཐམ་ཐམ་དུ༔ ལྷག་མ་མེད་པར་བཞེས་པར་བསམས༔ ཤ་ཁྲག་དོན་སྙིང་གཏོར་མར་འབུལ༔ དྲག་པོའི་ལས་སྦྱོར་སྔགས་སྟོང་བཟླས༔ ཟོར་འཕེན་དམོད་བཅོལ་གཡབ་མོ་བྱ༔ ས་མ་ཡཱ༔ རྒྱ༔ རྗེས་ཀྱི་ལས་སྦྱོར་འདི་ལྟ་སྟེ༔ བམ་གྱི་ཐོད་པར་དགྲ་ལིང་བཅུག༔ གནམ་ས་གྲུ་གསུམ་འདྲེ་ཅན་ས༔ ཡང་ན་ལྷ་ཁང་མཆོད་རྟེན་འོག༔ གྲུ་གསུམ་དོང་བྲུས་མནན་པ་རྒྱབ༔ བདེན་བརྡར་མ་ཉེས་ཤགས་འདེབས་དམོད༔ དགུག་གཞུག་བྱས་ཏེ་རྟ་བྲོ་འཁྲབ༔ བམ་གྱི་རུས་པ་རྩིབ་མ་ལ༔ དགྲ་བོའི་མིང་རུས་ལིངྒ་བྲིས༔ ཟག་རྫས་བྱུག་ཅིང་འགུགས་བསྟིམ་གཟིར༔ དྲག་པོའི་སྦྱིན་སྲེག་ལས་ལ་སྦྱར༔ མང་ཉུང་ཕ་རོལ་ནུས་པར་བལྟ༔ ཤ་ཁྲག་ལྷག་མ་དགུ་མཚམས་སུ༔ གཏོར་མར་འབུལ་ཞིང་བཟློག་བསད་བསྒྲལ༔ དམིགས་བྱའི་ཡུལ་དུ་ཟོར་ཁ་སྟོན༔ ས་མ་ཡཱ༔ རྒྱ༔ ཡང་ཟབ་སྙིང་ཐིག་བསད་ལས་འདི༔ གཅེས་སོ་ཕངས་པས་དམ་དུ་བཅངས༔ རྒྱ་གར་བསྟན་བསྲུང་མན་ངག་སྙིང་༔ ད་ལྟ་བོད་དུ་སྤེལ་བར་ཕངས༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་འདི་རྙེད་ནས༔ བསྟན་དགྲ་ཁ་དག་གཏོང་བར་ཤོག༔ སྲུང་མས་ཆོས་འདིར་མེལ་ཚེ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐམ་གྷུ་ཧྱ༔ ས་མ་ཡཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །

མེ་ཡི་འཕྲིན་ལས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ མེ་ཡི་འཕྲིན་ལས་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཡང་ཟབ་ཆོས་ཀྱི་ཁ་སྐོང་ཕྱི་མའི་དོན་ཕྱིར་དུ༔ འཕྲིན་ལས་མེ་ཡི་ཆོ་ག་གསལ་བ་ཞིག༔ ཡི་གེར་འདེབས་ནས་རིན་ཆེན་གཏེར་དུ་སྦ༔ སྐལ་ལྡན་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྟ་གོན་རིམ་པ་འདི་བཞིན་ཏེ༔ དཀྱིལ་འཁོར་ཕྱོགས་བཞིར་ལས་བཞིའི་མེ་ཐབ་བརྩིག༔ ཤར་དུ་ཞི་བ་ཟླུམ་པོ་རྒྱར་ཁྲུ་གང་༔ ཁ་དོག་དཀར་པོ་དཔངས་སུ་མཐོ་གང་བ༔ རྐང་གཉིས་རིམ་གསུམ་ཁ་རྒྱན་རྡོ་རྗེ་དཀར༔ བུད་ཤིང་དཀར་པོ་ཟླུམ་པོར་བརྩེགས་པ་ལ༔ དྲི་བཟང་སྨན་སྤོས་དག་གིས་བྱུག་པར་བྱ༔ སྲེག་རྫས་དཀར་གསུམ་མངར་གསུམ་ཏིལ་དཀར་དང་༔ དངུལ་དུང་ཤེལ་སོགས་ཞི་བའི་རིན་ཆེན་དབུལ༔ གཏོར་མ་ཁ་དོག་དཀར་པོ་རྒྱན་གྱིས་སྤྲས༔ དཀར་པོའི་ཤིང་ལ་འཇིགས་བརྒྱད་ཞི་བ་དང་༔ ཤནྟིཾ་ཀུ་རུའི་སྔགས་ཀྱི་འདོད་གསོལ་འབྲི༔ ལྷོ་རུ་རྒྱས་པ་སེར་པོ་གྲུ་བཞི་པ༔ རྒྱར་ནི་ཁྲུ་གང་དཔངས་སུ་མཐོ་གང་ཚད༔ རྟ་རྐན་རིམ་བཞི་ཁ་རན་རཏྣས་བསྐོར༔ གྲུ་བཞི་ཁ་དོག་སེར་པོའི་ཤིང་དག་ལ༔ གུར་གུམ་ལ་སོགས་དྲི་བཟང་དག་གིས་བྱུག༔ སྲེག་རྫས་འབྲུ་སྣ་རིན་ཆེན་སྣ་ཚོགས་དང་༔ གཏོར་མ་སེར་པོ་རྒྱན་དང་ལྡན་པ་བཤམས༔ སེར་པོའི་ཤིང་ལ་འབྱོར་དྲུག་རྒྱས་པ་དང་༔ པུཥྟིཾ་ཀུ་རུའི་སྔགས་ཀྱི་འདོད་གསོལ་འབྲི༔ ནུབ་ཏུ་དབང་ནི་དམར་པོ་ཁྲུ་གང་པ༔ ཟླ་གམ་དཔངས་སུ་མཐོ་གང་ཚད་ལྡན་བྱ༔ རྟ་རྐན་རིམ་གསུམ་ཁ་རན་པདྨས་བསྐོར༔ དམར་པོའི་བུད་ཤིང་ཟླ་གམ་དག་ཏུ་བརྩིག༔ རྒྱ་ཚོས་ལ་སོགས་དྲི་བཟང་སྨན་གྱིས་བྱུག༔ སྲེག་རྫས་དམར་པོ་རིན་ཆེན་སྣ་ཚོགས་དང་༔ དམར་པོའི་ཤིང་ལ་དམིགས་བྱ་དབང་བསྡུས་དང་༔ པ་ཤཾ་ཀུ་རུའི་སྔགས་ཀྱི་འདོད་གསོལ་འབྲི༔ བྱང་དུ་དྲག་པོ་ནག་པོ་གྲུ་གསུམ་པ༔ རྒྱར་ནི་ཁྲུ་གང་དཔངས་སུ་མཐོ་གང་སྟེ༔ རྐན་གཉིས་རིམ་གསུམ་ཁ་རན་མཚོན་ཆས་བསྐོར༔ དྲག་པོའི་ཤིང་ནི་གྲུ་གསུམ་དུག་ཁྲག་བྱུག༔ གྲུ་གསུམ་བརྩེག་ཅིང་སྲེག་རྫས་རུ་པ་དང་༔ གཏོར་མ་ནག་པོ་ཤ་ཁྲག་བརྒྱན་པ་བཤམས༔ དུག་ཤོག་དགྲ་བགེགས་ལིངྒ་ཅི་མང་འབྲི༔ ལས་བཞི་ཀུན་གྱི་ཐབ་དབུས་ཚོམ་བུ་ནི༔ ལྷ་གྲངས་སམ་ནི་ལྔ་བརྒྱ་གང་རུང་འགོད༔ གཞན་ཡང་མཆོད་པ་རྣམ་ལྔ་འབྲུ་མར་སྨན༔ རྩི་མར་ཡམ་ཤིང་སྲེག་རྫས་ཅི་མང་བསགས༔ ཐབ་ཀ་མི་དམིགས་གཞལ་ཡས་ཁང་གི་དབུས༔ མེ་ལྷ་ཕྲིན་ལས་བཞི་ཡི་ཕྱོགས་མཐུན་ལྟར༔ དཀར་སེར་དམར་ལྗང་རྣམ་པ་བཞི་བསྒོམས་ནས༔ མེ་ལོང་ཡེ་ཤེས་མཉམ་ཉིད་སོར་རྟོགས་མེ༔ བྱ་གྲུབ་ལ་སོགས་ལས་བཞིའི་ཡེ་ཤེས་ཀྱི༔ མེ་འབར་གཟི་བརྗིད་འོད་དུ་འཚེར་བར་བསྒོམས༔ མེ་ལྷའི་ཐུགས་ཀར་རྩ་གསུམ་ལྷ་ཚོག་རྣམས༔ ཞི་རྒྱས་དབང་དྲག་བཞི་ཡི་ཚུལ་མཐུན་བསྐྱེད༔ ལས་བཞིའི་རྫས་རྣམས་བསགས་ཤིང་བྱིན་གྱིས་རླབས༔ ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱངས་ནས་ཀྱང་༔ ཡི་གེ་གསུམ་གྱིས་སྤེལ་ཞིང་འདོད་ཡོན་བསྒྱུར༔ མེ་ལྷ་བསྐྱེད་ཅིང་སྤྱན་འདྲེན་འདི་སྐད་དོ༔ ཧཱུྃ༔ དད་པས་སྤྱན་འདྲེན་དྲང་སྲོང་ཆེ༔ དམ་ཚིག་དབང་གིས་ད་ཚུར་སྤྱོན༔ དམར་སེར་ཞལ་གཅིག་ཕྱག་གཉིས་པ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ ཕྱག་ན་མེ་ཡི་འཁོར་ལོ་བསྣམས༔ སྤྱི་བོར་ཨཱོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གི་ཁོང་གསེང་དུ༔ ཐུགས་སྲོག་རཾ་ལས་འོད་འཕྲོས་པས༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ མི་མཐུན་ཕྱོགས་རྣམས་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་དབང་བསྡུས་ཤིང་༔ དགྲ་བགེགས་འབྱུང་པོ་ཚར་གཅོད་ཕྱིར༔ དྲང་སྲོང་ཆེན་པོ་གཤེགས་སུ་གསོལ༔ ཨཱོཾ་ཨགྣེ་ཡེ་ཛཿཧཱུཾ་བཾ་ཧོ༔ བཛྲ་ས་མ་ཡཱ་ཛ༔ ཛ༔ ཧཱུྃ༔ དྲང་སྲོང་ཆེན་པོ་ཕྲིན་ལས་བདག༔ འདོད་པའི་དངོས་གྲུབ་སྩོལ་བའི་ལྷ༔ དེང་གི་གནས་མཆོག་དམ་པ་འདིར༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨཱོཾ་ཨགྣེ་ཡེ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ མེ་ཡི་ལྷ་སྟེ་དྲང་སྲོང་ཆེ༔ ལས་བཞིའི་འཕྲིན་ལས་སྩོལ་བའི་ལྷ༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣེ་ཡེ་བཛྲ་ས་མ་ཡ་ཨ་ཏིཔུ་ཧོ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ མེ་ལྷ་རྩ་གསུམ་ལྷ་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་ཨགྣེ་ཡེ་སརྦ་པུ་ཙ་ཧོ༔ རིགས་བཟང་ཁྱེའུ་ཕོ་མོ་ཡིས༔ མེ་སྦར་ཤར་ནས་རིམ་བཞིན་དུ༔ སྲེག་རྫས་དབུལ་ཞིང་འདི་སྐད་དོ༔ ཧཱུྃ༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ༔ དངོས་གྲུབ་མྱུར་དུ་སྩོལ་བའི་ཕྱིར༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཱུ་ཙ་ཁཱ་ཧི༔ རིམ་བཞིན་སྲེག་རྫས་འབུལ༔ མར་ཁུ་འབུལ་ཞིང་༔ ཧཱུྃ༔ འབྲུ་མར་རྩི་མར་བཅུད་ལྡན་སྲེག་པའི་རྫས༔ དམ་རྫས་བདུད་རྩིའི་མཆོད་པ་བླ་མེད་འདི༔ མེ་ལྷ་རྩ་གསུམ་རྒྱལ་བའི་ཚོགས་ལ་འབུལ༔ བདག་གི་འདོད་དོན་འཕྲིན་ལས་གྲུབ་པར་མཛོད༔ རྩ་སྔགས་དང་ལས་སྔགས་སོ་སོས་རིམ་པར་དབུལ་ཞིང་༔ ལས་བཞི་གང་གཙོ་ཆེ་བ་སོར་འདོན༔ བདུན་ནམ་ཉེར་གཅིག་བརྒྱ་རྩ་སོགས་ཀྱི་སྔགས་ཀྱིས་རྒྱས་བསྡུས་ཅི་རིགས་སུ་འབུལ་ལོ༔ ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་རྩ་བ་གསུམ་གྱི་ཞལ་དུ་བཞེས་པར་བསམ་མོ༔ བསྟོད་པ་ནི༔ རྩ་གསུམ་གྱི་བསྟོད་པ་རང་གཞུང་ལྟར་བྱ་ཞིང་༔ མེ་ལྷ་ལ་བསྟོད་པ་ནི༔ ཧཱུྃ༔ གཟི་བརྗིད་ལྡན་པ་མེ་ཡི་ལྷ༔ ཚངས་པ་འཇིག་རྟེན་དབང་པོའི་སྲས༔ ཕྲིན་ལས་མ་ལུས་ཀུན་གྱི་བདག༔ འབར་བ་ཁྱོད་ལ་བདག་གིས་བསྟོད༔ ཅེས་སྲེག་རྫས་རྣམས་དབུལ་ཞིང་བཤགས་པ་བྱ༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ ཞི་རྒྱས་དབང་དྲག་ཐལ་བ་བཞི༔ ཆུ་དང་བང་མཛོད་རྫིང་བུ་དང་༔ རླུང་ལ་འཕྱར་བ་བཞི་རུ་སྦྱར༔ བརྩམས་པས་ཕྲིན་ལས་རྣོ་མྱུར་ལྡན༔ མེ་ཡི་ལས་ནི་ཕྲིན་ལས་མཆོག༔ དེ་ཕྱིར་ཕྱི་རབས་ཉམས་སུ་ལོང་༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལམ། །

འཕྲིན་ལས་རླུང་གི་འཁོར་ལོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཕྲིན་ལས་རླུང་གི་འཁོར་ལོ་བཞུགས༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ འཁོར་འདས་སྣང་སྲིད་སྣོད་བཅུད་ཀུན་གྱི་གཞི༔ དགེ་དང་མི་དགེའི་ལས་རྣམས་ཀུན་གྱི་བརྟེན༔ ས་ལམ་དྲོད་རྟགས་ཡོན་ཏན་འབྱུང་བའི་གནས༔ རྟེན་འབྲེལ་སྔགས་ཀྱིས་བསྒྱུར་ན་ལས་ཀུན་འགྲུབ༔ རྩལ་ལྡན་ཤུགས་འཆང་མྱུར་མགྱོགས་སྟོབས་དང་ལྡན༔ རླུང་ལ་ལས་བཅོལ་རླུང་གིས་དོན་ཀུན་འགྲུབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར་བར་བྱེད༔ དེ་ཡི་ཕྱིར་ན་རླུང་གི་ཕྲིན་ལས་ཞིག༔ ཨོ་རྒྱན་ཡུལ་གྱི་སྔགས་འཆང་པདྨས་བཀོད༔ སྐལ་ལྡན་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྟོབས་རྩལ་མྱུར་མགྱོགས་རླུང་གི་འཁོར་ལོ་ལ༔ ཕྲིན་ལས་བཅོལ་ཞིང་འདོད་དོན་སྒྲུབ་པའི་ཐབས་འདི་ལ༔ སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་གྱིས་སྟོན་ཏེ༔ རྒྱུ་གནས་དུས་གང་ཟག་བཞིའོ༔ དང་པོ་རྒྱུ་ནི་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་བྱང་ཆུབ་སེམས་དཔའི་ལྤགས་པའམ༔ གྲོ་གའམ་རས་སམ༔ ཐ་ན་ཤོག་ཤོག་དག་ལ་དྲི་བཟང་དང་རིན་ཆེན་བརྡར་བའི་སྣག་ཚས་འབྲི་བར་བྱ༔ གཉིས་པ་གནས་ནི་རང་གི་སྒྲུབ་ཁང་གི་ཐོག་གམ༔ ལས་བཞི་གང་འདོད་ཀྱི་ཕྱོགས་སམ༔ ཡིད་དང་མཐུན་པའི་གནས་སུ་བྱའོ༔ གསུམ་པ་དུས་ནི་ཞི་རྒྱས་སྔ་དྲོ་དང་དབང་ཕྱི་དྲོ་དྲག་པོ་སྲོད་དང་ནམ་གུང་སྟེ༔ སོ་སོའི་འགྲུབ་སྦྱོར་དང་མཐུན་པའི་གཟའ་སྐར་བཟང་པོ་ལ་བསྒྲུབ་པར་བྱའོ༔ བཞི་པ་གང་ཟག་གི་བརྩོན་འགྲུས་ཀྱི་གོ་དང་ལྡན་པ་སྟེ༔ མདོར་ན་བརྩམས་པའི་ཕྲིན་ལས་མཐར་མ་ཕྱིན་གྱི་བར་དུ་ལས་གཞན་གང་གིས་ཀྱང་བར་མ་ཆོད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་ལ་འཁོར་ལོ་འབྲི་བ་རབ་ཏུ་གནས་པ་བསྐོར་ཐབས་བསྟན་པའོ༔ དང་པོ་འཁོར་ལོ་འདྲི་བ་ནི༔ ཤོག་ཤོག་གི་རྒྱ་ཆེ་ཆུང་སྔགས་ཚན་ལས་བཞིའི་འདོད་གསོལ་མང་ཉུང་གི་ཚད་དང་ལྡན་པར་རིགས་པའི་མདས་བསྣུན་ཞིང་འཁོར་ལོ་མུ་ཁྱུད་དགུ་རུ་བསྐོར་ཏེ༔ ལྟེ་བ་ལ་ལས་བཞི་གང་འདོད་ཀྱི་ཕྱག་མཚན་དང་ས་བོན་བྲི༔ ཞི་བའི་ལས་བསྒྲུབ་པར་འདོད་ན་དབུས་སུ་རྡོ་རྗེ་རྩེ་ལྔ་ཞིག་བྲིས་པའི་ལྟེ་བར་ཧཱུྃ་མུཾ་བྲི༔ ཤར་གྱི་རྩིབས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨཱོཾ་ལཾ་བྲི༔ ལྷོ་རྩིབས་རཏྣ་ཟུར་བརྒྱད་པའི་ལྟེ་བ་སྭཱ་མཾ་བྲི༔ ནུབ་རྩིབས་པདྨ་འདབ་བརྒྱད་པའི་ལྟེ་བར་ཨཱཾ་པྱཾ་བྲི༔ བྱང་རྩིབས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱ་ཏཾ་བྲི༔ ཧཱུྃ་བཛྲ་ངྷྲིག༔ མུཾ་ད་དུ་ཤྭ་རི༔ སྔགས་འཆང་བ་རྣལ་འབྱོར་པ་ཆེ་གེ་མོ་ལ་ཅི་བསམ་པའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པའི་དངོས་གྲུབ་སྩོལ་ཅིག༔ རྒྱས་པ་དང་དབང་དང་དྲག་པོ་སོགས་ཀྱང་དེ་བཞིན་དུ་འཕྲུལ་ཤེས་པར་བྱ་ཞིང་༔ འདོད་གསོལ་ཚིག་དང་བཅས་པས་དབུས་ཀྱི་རྡོ་རྗེ་ལ་བསྐོར་བར་བྱའོ༔ ཨཱོཾ་ཛཱི་ན་ཛྷིག༔ ལཾ་ཏེ་ཤྭ་ར་ཏི༔ སྭཱ་རཏྣ་དྷྲིག༔ མཾ་མོ་ཧ་ར་ཏི༔ འདོད་གསོལ༔ ཨཾ་ཨ་རོ་ལིག༔ པྱཾ་ར་ག་ར་ཏི༔ འདོད་གསོལ༔ ཧ་པྲཛྙཱ་དྷྲིག༔ ཏཾ་བཛྲ་ར་ཏི༔ འདོད་གསོལ༔ འཁོར་ལོ་རྩིབས་ཀྱིས་བཅད་པའི་རྩིབས་མཆན་བཞི་ལ༔ ལས་དང་ཉོན་མོངས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པའམ༔ དགྲ་བགེགས་ནད་གདོན་བར་གཅོད་མི་མཐུན་པའི་ཚོགས་ཐམས་ཆད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་པ་ལ་སོགས་མདོར་ན་གནོད་པའི་རྐྱེན་ལས་བཞི་སོ་སོའི་གེགས་སུ་གྱུར་པ་གང་ཡིན་པ་ཞི་བར་གྱུར་ཅིག་ཞེས་པའི་འདོད་གསོལ་དང་བཅས་པ་བྲིའོ༔ དེའི་ཕྱི་རིམ་པདྨ་འདབ་བརྒྱད་ལ་དབྱངས་ཡིག་འདི་ལྟར་འགོད་དོ༔ ཨ་ཨཱ༔ ཨི་ཨཱི་༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ འབྲི་བར་བྱའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་སོ་གཉིས་བཅད་དེ༔ གསལ་བྱེད་སྔགས་དང་རྟེན་འབྲེལ་འགོད་པ་ནི༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉཿཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ༔ ཀྵ༔ ཀ་ཀཱན་ཏ་ཡ༔ ཀན་ཏ་ཡ༔ ཁཱ་ཧི་ཁཱ་ཧི༔ ག་གརྫ་ཡ་གརྫ་ཡཱ༔ གྷ་གྷ་ཏ་ཡ༔ གྷ་ཏ་ཡཱ༔ ཙ་ཙ་ལ་ཡཱ་ཙ་ལ་ཡཱ༔ ཚ་ཚཱན་ངྷ་ཡ་ཚན་ངྷ་ཡཱ༔ ཛ་ཛམ་བྷ་ཡཱ༔ ཛམ་བྷ་ཡཱ༔ ཛྷ་ཛྷ་ཏ་ཡཱ་ཛྷ་ཏ་ཡཱ༔ ཊ་ཊ་ལ་ཡཱ་ཊ་ལ་ཡཱ༔ ཋ་ཋཱ་ཀ་ཡཱ་ཋཱ་ཀ་ཡཱ༔ ད་ཌ་ར་ཡཱ་ཌ་ར་ཡཱ༔ ན་ན་ཤ་ཡཱ་ན་ཤ་ཡཱ༔ པ་པཱ་ཏ་ཡཱ་པ་ཏ་ཡཱ༔ ཕ་ཕ་ཏ་ཡཱ་ཕ་ཏ་ཡཱ༔ བ་བྷ་ཏ་ཡཱ་བྷ་ཏ་ཡཱ༔ མ་མ་ར་ཡཱ་མ་ར་ཡཱ༔ ཡ་ཡོ་ངྷ་ཡ་ཡོ་ངྷ་ཡཱ༔ ར་རོ་ངྷ་ཡ་རོ་ངྷ་ཡཱ༔ ལ་ལཾ་བྷ་ཡ་ལཾ་བྷ་ཡཱ༔ ཝ་བྷ་ཧ་ཡ་བྷ་ཧ་ཡཱ༔ ཤ་ཥོ་ཤ་ཡ་ཥོ་ཤ་ཡཱ༔ ཤ་ཤ་ན་ཡཱ་ཤ་ན་ཡཱ༔ ས་སཱ་ངྷ་ཡ་ས་ངྷ་ཡཱ༔ ཧ་ཧ་ན་ཡ་ཧ་ན་ཡཱ༔ ཀྵ་ཀྵོ་བྷ་ཡ་ཀྵོ་བྷ་ཡཱ༔ ཨ་མུ་ཀ་ཤ་ཡ་ཏྲི་ཏེ༔ མི་མཐུན་ཕྱོགས་རྣམས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དབང་ལོངས་སྤྱོད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཕཊ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་ངྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎ༔ སྔགས་འཆང་བ་བདག་ལ་མི་མཐུན་གནོད་པར་བྱེད་པ་ཐམས་ཅད་སྲུངས་ཤིག༔ འདོད་པའི་མཐུན་རྐྱེན་ཐམས་ཅད་མྱུར་དུ་སྒྲུབས་ཤིག༔ གང་དགོས་འདོད་གསོལ་ཚང་བར་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་འདི་ལྟར་འགོད༔ ཨཱོཾ་ཨཱཿ་ཧཱུྃ་བྷོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ངྷརྟུ་ཨཱཿཨཱོཾ་ཨཱཿ་ཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ ཨཱོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་ངྷེ་ཝ་ངྷཱཀྐི་ནི་བཛྲ་ས་མ་ཡཱ་ཛཿསིངྔྷི་ཕ་ལ་ཧཱུྃ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྫ་ཧཱུྃ་ཕཊ༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིག་ནན་བཾ་ཧཱུཾ་ཕཊ༔ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟན་ཧཱུྃ་ཕཊ༔ ཨཱོཾ་བཛྲ་སརྦ་དུཥྟན་ཧཱུྃ་ཕཊ༔ སྔགས་འཆང་བ་བདག་ཆེ་གེ་ལ་མི་མཐུན་པའི་གནོད་པ་ཐམས་ཅད་བསྲུང་དུ་གསོལ༔ མཐུན་རྐྱེན་མཆོག་ཐུན་གྱི་ཡོན་ཏན་འདི་ཞེས་བྱ་བའི་དངོས་གྲུབ་སྩོལ་ཅིག༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་འདི་ལྟར་འགོད༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ་སརྦ་སིདྡྷི་ནྲི་ཛཿཧཱུྃ་བྷྲཱུྃ་པ་ཤཾ་མ་མ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྠ༔ ཌི་ཌྷོ་མེ་བྷ་ཝ༔ སུ་ཏྭ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིངྔྷི་མེ་པྲ་ཡཙྪ༔ སརྦ་ཀརྨ༔ སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ སྔགས་འཆང་བ་བདག་ཆེ་གེ་མོས་ཚེ་རབས་ཀྱི་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དམ་ཚིག་ཉམས་ཆག་རྟོག་སྒྲིབ་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཅེས་པའམ༔ སྒྲིབ་པ་སྦྱོང་བའི་སྔགས་ཕན་ཡོན་གང་ཆེ་འགོད་དོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་དམ་ཅན་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ༔ མདོར་ན་རང་གི་ཆོས་སྐྱོང་གང་བརྟེན་པའི་བསྙེན་སྒྲུབ་ལས་གསུམ་འདོད་གསོལ་དང་བཅས་པ་འགོད་དོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་འདི་ལྟར་འགོད་དོ༔ ཨཱོཾ་མ་ཧཱ་ངྷེ་ཝ་ས་མ་ཡཱ་ཏི་ཛཿཛཿལཾ་པྲ་མ་ན་རཀྴ༔ ཀ་ལ་ཀ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ མ་ཧཱ་ངྷེ་ཝ་ར་ཙ་ནི་ཛ༔ དགྲ་བགེགས་ནྲི་ཏྲི་ཧུར་ཐུམ་རྦད་རྦད་ཡ་ཡཱ་བྷྱོ་བྷྱོ༔ ཤག་སེན་ཤག་སེན་ཛཿཛཿཧཱུྃ་ཧཱུྃ༔ ཙ་དུར་མུ་ལ༔ རཀྴ་མུ་ལ༔ མ་ཧཱ་ངྷེ་ཝ་དགྲ་བགེགས་ནྲི་ཏྲི་མཱ་ར་ཡ་སོད་སོད་ཐུཾ་ཐུཾ་རིལ་རིལ་སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་ཕྱུང་ས་མ་ཡ་རྦད་རྦད་བྷྱོ་ཛ༔ ཨཻ་ཡ་མ་ཡ་མེ་དཀྵེ་ར་ཙ༔ ས་དོ་རུ་ཎ་ཡི་ཎི་ར་ཡ་ཙ་ནི༔ ཡ་མ་ར་ཙ་དགྲ་བགེགས་ནྲི་ཏྲི་སྙིང་རྩ་ཁྲག་ལ་རྦད་རྦད༔ སྲོག་རྩ་དབུགས་ལ་རྦུད་རྦུད༔ ཡ་མ་ར་ཙ་ཏེ་ར་ཙ་བཾ་བཾ་རིལ་རིལ་རྦད་རྦད༔ ཡ་མ་ར་ཙ་ཧྲི་ཏི་ཝི་ཏི་དོན་སྙིང་ཚལ་པར་ཁོས་ཁོས༔ ཡ་མ་དུ་བཾ་རིལ་སོད་སོད༔ བྷྱོ་བྷྱོ་ཛ༔ ཛ༔ མ་མོ་མ་མོ་མ་མ་སྙིང་ཁ་རཀྨོ་མ་མ་ཏྲག་ཏྲག༔ སྙིང་ཁྲག་ལ་ཧུར་ཐུམ་ཛ༔ ཛ༔ སྙིང་རྩ་ལ་དུན་ཡ་དུན་ཡ༔ ཏྲག་རཀྴ་མ་མ་སྲོག་རྩ་ལ་ཛཿཛཿདགྲ་བགེགས་ནྲི་ཏྲི་མཱ་ར་ཡ་སྲོག་སྙིང་ལ་རྦད་རྦད༔ པ་ན་མ་ཎི་སྙིང་ཁྲག་ཙིཏྟ་ལ་ཐུན་ཐུན༔ ཏྲག་རཀྨོ་རཀྴ་ཐུན་བདུད་མྱོག་མྱོག་རྦད་རྦད་ཛཿཛཿམ་ཐུན་སྙིང་ཁྲག་ཐུན་ཤ་ཏ་ཏི་རཀྨོ་ཡ་ཡ་བྷྱོ་བྷྱོ༔ ནག་མོ་ནག་མོ་ཁ་ཐུན་དེ་དེ་ཆོད་ཆོད༔ དགྲ་བགེགས་ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ༔ ནག་པོ་བདུད་མོ་ཁྱོད་དགྲ་བགེགས་ནྲི་ཏྲི་ཟླུམ་ཁྱིག་བཾ་བཾ་རོང་རོང་ལ་ལ་འདུས་འདུས༔ ཟེད་སྤྲུག་ཏྲི་སྤྲུལ་བདུད་ཆེས་ཆོད་ཡཱ༔ བདུད་མོས་རོལ་རོལ༔ བདུད་མོས་གཏོར་གཏོར༔ བཾ་ཁྱིག་ཐུཾ་ཐུཾ་ཛཿཛཿསོད་སོད་རྦད་བྷྱོ༔ ཛཿཛཿཔ་ཤཾ་སི་ཀི་རུ་རུ་མ་ཏི་ཛཿལ་ཏི༔ རཱ་ཧུ་ལ་ཙ་པ་ཏི་ཨ་ཏྲ་ཏ་ཏྲ་པ་ཤ་ར་ཤ་ཏ་ཤ་ཏ༔ ནྲི་ཏྲི་དགྲ་བགེགས་མཱ་ར་ཡཱ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཏྲི་ལ་ཏྲི་ལ་ཤ་ག་དུ་ཏྲི་ཤ་ཤ་ཟ་ཟ་ཡཀྴ་ཐུན་བྷྱོ༔ བྲུཾ་ན་དྲིལ་ཤི་ན་བཾ་བཾ་པ་ཏི༔ ཡཀྴ་ཞུང་ཞུང་ཏྲི་ཏྲི་ཁ་ན་དུ་ཧྲིལ༔ རུ་ཏྲི་ཤུ་ཏྲི་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱོཾ་བྷ་ཧུ་ལ་ངྷ་རི་ནི་ཛཿཛཿམ་ག་ལ་བ་གེ་ཤྲཱི་ཛ༔ ར་ཏྲ་མ་རུ་ཏྲ་རུ་རུ་ཛཿཛཿདགྲ་བགེགས་ནྲི་ཏྲི་སྙིང་རྩ་སྲོག་རྩ་ལ་ཤར་ཤར་དུ་དུ་ཛཿཛཿབླ་སྲོག་རྣམ་པར་ཤེས་པ་ལ་བྲེང་བྲེང་ཡ་ཡ་དུན་ན་དུན་ན་མཱ་ར་ཡ་ཛཿཛཿཏྲག་རཀྴ་སྲིན་པོ་ས་མུནྟི་ཛཿཛཿརཀྴ་རུ་ཏྲ་ཧུར་ཐུམ་བྷྱོ་ཛ༔ རུ་ཏྲ་གཉེན་པོ་ཁྱོད་ཆོ་ཆོ༔ དགྲ་བགེགས་ནྲི་ཏྲི་ཤིག་ཤིག་གཏོར་གཏོར་སོད་སོད་ཧབ་ཧབ་ཐུན་ཡ་ཐུན་ཡ་བྷྱོ་བྷྱོ༔ ཨཱོཾ་ནག་པོ་ཏི་པ་ར་ཙ་ཡཱ༔ ནཱ་ག་ར་ཛ་དགྲ་བགེགས་ནྲི་ཏྲི་ཧབ་ལུག་ལ་ཕེ་ཤ་ཡ༔ ནཱ་ག་ཕོས་ཕོས་ཤིག་ཤིག་ཧུ་ཡ་ཧུ་ཡ་ཏི་ཡ་ཏི་ཡ༔ ཏི་པ་ཙ་ཏི་པ་ཙ༔ ཨ་ཤ་ནག་པོ་ཏི་པ་ཙ་ཡ་ནཱ་ག་ར་ཙ་དགྲ་བགེགས་ནྲི་ཏྲི་མཱ་ར་ཡ་རྦད་རྦད༔ ཤག་ཏི་རྦད་རྦད༔ སྲོག་ཏི་རྦད་རྦད༔ སྙིང་ཏི་སྙིང་ཁྲག་བླ་སྲོག་རྣམ་པར་ཤེས་པ་ལ་རིལ་རིལ་བཾ་བཾ་ཤཾ་ཤཾ་རྦད་རྦད༔ ཨཱོཾ་ནག་པོ་ཕེ་ནཱ་ག་རཀྴ་ཨུ་ཏ་ནཱ་ག་ར་ཙ་རྦད་རྦད༔ ཐི་ལི་ནན༔ ཕོ་ལི་ནན༔ ཅེས་པ་རྣམས་དང་༔ རང་གི་ཆོས་སྐྱོང་གང་ཡིན་གྱི་འབོད་རྦད་དམོད་བྱང་དང་བཅས་པ་ཡང་འབྲིའོ༔ དེའི་ཕྱི་རིམ་ལ༔ ཨཱོཾ་ཧཱུྃ་ཀ་ར་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ནཱི་ལ་དནྜ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨཱརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཧྱ་གྷྲི་ཝ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཊ་ཀི་རཱ་ཛ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨ་མྲྀ་ཏ་ཀུནྡྷ་ལི་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཏྲེ་ལོཀྱ་བྷི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཅེས་པ་རྣམས་དང་༔ རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་ཕུར་པ་ཁ་ཊྭཱཾ་གྲི་གུག་མདའ་མདུང་ལ་སོགས་ཏེ་མཚོན་ཆ་སྣ་ཚོགས་ཀྱི་གུར་ཁང་འབྲིའོ༔ འཁོར་ལོའི་ཞལ་ཁེབས་ལས་བཞི་དང་མཐུན་པའི་དར་ལ་རཏྣ་ཟུར་བརྒྱད་པའི་ནང་དུ་བླ་མ་བརྒྱུད་པའི་མཚན་སྔགས་དང་༔ རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་སྔགས་བཀླག་ཐབས་འཁོར་ཐབས་སུ་བསྐོར་ཏེ་གུར་ཕུབ་པ་ལྟར་དུ་བྱ༔ ཡི་གེ་རྣམས་གཟབས་ལ་ལྷག་ཆད་དང་བྲིས་སུབ་སོགས་སྤངས་ཏེ་ཚུལ་དང་ལྡན་པར་འབྲིའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་རབ་ཏུ་གནས་པ་ནི༔ སྟེགས་བུའམ་ཁྲིའུ་བཟང་པོའི་ཁར་རྩ་བ་གསུམ་ལས་བཞི་གང་བསྒྲུབ་ཀྱི་ལྷ་གཞུང་གི་སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་པ་སོགས་རྒྱས་པར་གཤམས༔ རིན་པོ་ཆེའི་སྣོད་དུ་འབྲུ་བཟང་པོས་བཀང་བ་དཀྱིལ་འཁོར་རམ་ཚོམ་བུའི་དབུས་སུ་མཉྫིའི་ཁར་བཞག་ཅིང་༔ འཁོར་ལོ་དེའི་སྟེང་དུ་བཞག༔ གུ་གུལ་བདུག༔ ཡུངས་ཀར་སོགས་ཐུན་གྱིས་བྲབ༔ དྲག་སྔགས་བརྗོད༔ དཀར་ཕྱོགས་སྐྱོང་བ་རྣམས་ལ་གཙང་གཏོར་དབུལ༔ ནག་ཕྱོགས་པ་རྣམས་ལ་གླུད་གཏོར་སྦྱིན་ཞིང་སྔགས་ཀྱིས་སྦྱངས༔ ལས་གཞུང་བསྲང་༔ བསྙེན་ཁ་གསོ༔ དེ་ནས་རང་ཡི་དམ་དུ་གསལ་བའི་ཕྱག་ན་རིན་པོ་ཆེའི་བུམ་པ་དྲི་བཟང་གི་བཅུད་ཀྱིས་བཀང་བ་ཐོགས་ཏེ༔ འཁོར་ལོ་ལ་ཁྲུས་གསོལ་བས་ཉེས་སྐྱོན་ཐམས་ཅད་དག་པར་བསམ་ལ༔ ཨཱོཾ་སྭཱ་བྷཱ་ཝ་བྷི་ཤུདྡྷེ་སརྦ་ངྷརྨཱ་སྭ་བྷཱ་ཝ་བྷི་ཤུདྡྷེ་ཤུདྡྷེ་སརྦ་ཧ་ན་ཧ་ན་ཡ་སྭཱ་ཧཱ༔ ཅེས་བརྗོད་ཅིང་མེ་ལོང་ངོས་ལ་ཁྲུས་གསོལ༔ རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ས་བོན་ལས་འོད་ཟེར་འཕྲོས་པས་འཁོར་ལོ་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཡི་གེ་བྷྲཱུྃ་ཁ་དོག་ལྔ་ལྡན་ཞིག་ཏུ་བསམ༔ དེ་ལས་འོད་ཟེར་འཕྲོས་བདེ་གཤེགས་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཁམས་གསུམ་གྱི་སེམས་ཅན་གྱི་སྒྲིབ་པ་སྦྱངས༔ སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ༔ འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་འུབ་ཀྱིས་འདུས་ནས་འཁོར་ལོ་ལ་ཐིམ་པས༔ ལས་བཞི་གང་ཡིན་གྱི་ཚུལ་དང་མཐུན་པའི་ལྷ་སྔགས་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་དུ་བཀྲ་ལམ་ལམ་བསྒོམ་ཞིང་༔ ཛཿཧཱུྃ་བཾ་ཧོས་བསྟིམས་ལ་མཆོད་པས་མཆོད་ཅིང་༔ མཎྜལ་དབུལ་དང་ཚོགས་འཁོར་ཀྱང་བྱ༔ འཁོར་ལོའི་ཡི་གེ་ཚར་གསུམ་བཀླགས་ཏེ་ཆོས་ཀྱི་འཁོར་ལོའི་སྒྲ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་ལས་བཞི་གང་ཡིན་གྱི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་གྲུབ་པར་བསམ་ལ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་དང་ཤིས་བརྗོད་སྣ་ཚོགས་ཀྱི་མེ་ཏོག་འཐོར༔ ཇི་ལྟར་འདོད་པའི་དོན་ཐམས་ཅན་མྱུར་དུ་སྒྲུབས་ཤིག་པའི་འདོད་གསོལ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བསྐོར་ཐབས་བསྟན་པ་ནི༔ ཞི་བ་ལ་བྱང་ཆུབ་ཤིང་༔ རྒྱས་པ་ལ་སེང་ལྡེང་༔ དབང་ལ་མཛོ་མོ་ཤིང་༔ དྲག་པོ་ལ་ཚེར་མ་ཅན་གྱི་ཤིང་སྟེ༔ ལས་བཞི་གང་ཡིན་གྱི་གཞུང་དང་མཐུན་པའི་ཤིང་རིང་ཐུང་མཐོ་གང་པ་ལ་དྲང་དུ་བསྲང་ཞིང་༔ རྒྱ་མདུད་མགོ་དང་རྐེད་པར་བྱ༔ ཟུར་བཞི་རྒོད་སྒྲོ་སྐྱོན༔ ལོགས་བཞི་ལ་དེ་བཞིན་དུ་དང་པོ་ལ༔ རླུང་ལྷ་སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མེ་སྤུར་རླུང་གཡབ་ཅན་སྙིང་གར་ཡཾ་གྱིས་མཚན་པ་བྲི༔ གཉིས་པ་ལ་སའི་ལྷ་མོ་བསྟན་མ་ཞལ་གཅིག་ཕྱག་གཉིས་ན་རིན་པོ་ཆེ་ཐོགས་པ་སྙིང་གར་ལཾ་གྱིས་མཚན་པ་བྲི༔ གསུམ་པ་ལ་ཆུ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་སྦྲུལ་མགོ་ཅན་བུམ་པ་ཐོགས་པ་སྙིང་ག་ན་པཾ་གྱིས་མཚན་པ་བྲི༔ བཞི་པ་ལ་འབྱུང་བ་རིམ་བརྩེགས་ཀྱི་རི་མོ་བྲིའོ༔ རྒྱ་མདུད་འགོ་མ་ལ་ཛ༔ ཧཱུྃ་བཾ་ཧོ་བྲི༔ ལོགས་ཟུར་བརྒྱད་ལ་ཨཱོཾ་ཨཱཿཧཱུྃ་བྷྲཱུྃ་གསེར་གྱིས་ཚར་བརྒྱད་བྲི༔ རྒྱ་མདུད་གོང་མ་ལ་སརྦ་ཨ་ཤིནྟ་སིངྔྷི་ཧཱུྃ་བྱ་བ་བྲི༔ རྒྱ་མདུད་སྤྱི་བོར་རིན་པོ་ཆེའི་ཐུར་མ་སོར་བཅུ་གསུམ་པ་ཞིག་བཙུགས་ཏེ༔ ཙཀྲའི་ལྟེ་བ་ལ་ལྟེམས་ཏེ་དར་གུར་སྲོག་ཤིང་བྱ༔ ཡར་རྩེ་ཐོག་ལ་བརྟེན༔ མར་རྩེ་འོག་བཞི་ལ་བརྟེན་ཏེ་འཕྲུལ་པར་བྱའོ༔ གཞལ་ཡས་ཀྱི་ཁང་པ་དེ་ཡང་ཁྲུ་གང་པ་ལ་གྲུ་བཞིར་ལྡན་པ༔ སྒོ་ཁྱུད་རྟ་བབས་དྲ་བ་དྲ་ཕྱེད་ཀྱི་རི་མོས་བརྒྱན་པ༔ སྒོ་བཞི་རླུང་ཕྱོགས་དང་བསྟུན་པ་ལ༔ ཕྱི་གཞལ་ཡས་ཁང་གི་དཀྱིལ་ཚད་དུ་བྱ་ཞིང་ནང་གཞོགས་གཡས་སུ་འཁྱོག་པར་བྱའོ༔ བསྐོར་ཐབས་ནི་སྔགས་མགོ་ཕྱིར་བསྟན་གཡས་སུ་འཁོར་བ་ནི༔ བྱང་ཆུབ་བསྒྲུབ་པ་དབང་དུ་བསྡུད་པ་རྒྱས་པའི་ལས་ལ་ཤིས་སོ༔ བསད་བཟློག་ཞི་བ་ཕྱིར་བསྐོར་བ་སྟེ་དེ་ལས་བཟློག་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་རྒྱས་བསྡུས་བསྟན་པ༔ ལས་བཞི་སོ་སོར་སྦྱར་བ༔ སྒྲུབ་པ་དང་འབྲེལ་བ༔ ཡོངས་རྫོགས་སུ་དྲིལ་བ༔ ཕན་ཡོན་དང་དམ་ཚིག་བསྟན་པའོ༔ དང་པོ་རྒྱས་བསྡུས་བསྟན་པ་ནི༔ རྒྱས་པར་ཉམས་སུ་ལེན་པར་འདོད་ན༔ མུ་ཁྱུད་ཉེར་གཅིག་ཉེར་གསུམ་ཉེར་ལྔ་སོགས་སུ་བསྐོར་ཞིང་༔ གསང་སྔགས་རིགས་སྔགས་གཟུངས་སྔགས་ཕན་ཡོན་ཅན་ཅི་མང་དུ་འགོད་དེ་བསྐོར་བར་བྱའོ༔ བསྡུས་པར་བསྟན་པ་ནི་མུ་ཁྱུད་ལྔའམ་གསུམ་སོགས་སུ་བསྐོར་ཏེ༔ རིགས་ལྔ་དང་དབྱངས་གསལ་རྟེན་འབྲེལ་གྱི་སྔགས་ལ་བརྟེན་ནས་བསྐོར་བའོ༔ གཉིས་པ་ལས་བཞི་སོ་སོར་སྦྱར་བ་ནི༔ ལས་བཞི་གང་བསྒྲུབ་པར་འདོད་པའི་ལྷ་རིགས་བཞིའི་སྙིང་པོ་ཕྱག་མཚན་ས་བོན་དང་བཅས་པ་ལ་འདོད་གསོལ་ཤམ་བུ་དང་བཅས་ལྟེ་བ་བསྒྱུར་ཞིང་༔ ཞི་བའི་ལས་ལ་རྡོ་རྗེ་སེམས་དཔའི་ས་བོན་ཕྱག་མཚན་གཟུངས་རྣམས་ལྟེ་བར་འགོད་ཅིང་༔ འཇིགས་པ་བརྒྱད་སོགས་ཞི་བར་འདོད་པའི་དམོད་བྱང་སྦྲེལ་ཏེ་སྔགས་ཀུན་གྱི་ཤམ་བུར་གདགས་ཏེ་འབྲི་བ་དང་༔ རབ་གནས་དང་བསྐོར་བའི་དུས་སོགས་ལ་བཟླས་པའམ་དེ་བཞིན་དུ་འབུང་ཞིང་༔ རང་ཉིད་ཡི་དམ་གྱི་ལྷ་དང་༔ མདུན་བསྐྱེད་གཙོ་བོ་རྡོ་རྗེ་སེམས་དཔའ་རིགས་ལྔའི་ལྷ་ཚོགས་དང་བཅས་པ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་དཀར་པོའི་ཚོགས་སམ༔ ལྔ་ལྡན་དུ་གྲངས་མེད་པ་འཕྲོས་བདག་ཅག་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཐམས་ཅད་རབ་ཏུ་སྦྱངས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཁྱེན་བརྩེ་ནུས་མཐུ་དཔག་ཏུ་མེད་པ་བསྡུས་ཏེ༔ རང་དང་མདུན་གྱི་འཁོར་ལོ་རྣམས་ལ་ཡིག་འབྲུ་དང་ཕྱག་མཚན་གྱི་རྣམ་པར་ཐིམ་པས༔ མཆོག་ཐུན་གྱི་ཡོན་ཏན་ཐམས་ཅད་ཐོབ་པར་བསམས་ལ༔ ཡེ་ཤེས་དབབ་བསྟིམ་དང་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་བསྟོད་ནན་དུ་བྱའོ༔ རྒྱས་པ་ལ་རིན་འབྱུང་ས་བོན་ཕྱག་མཚན་སྙིང་པོ་འབྱོར་བ་དྲུག་རྒྱས་པར་གྱུར་ཅིག་པའི་འདོད་གསོལ་ཤམ་བུ་དང་བཅས་པ་སྔགས་ཀུན་ལ་སྦྱར་ཏེ་འབྲི་བ་དང་འདོན་པར་བྱའོ༔ བདག་མདུན་གྱི་འོད་ཟེར་ཀྱང་སེར་པོའམ་ལྔ་ལྡན་གྱི་སྤྲོ་བསྡུ་གོང་ལྟར་ལ༔ ཚེ་བསོད་དཔལ་འབྱོར་ལ་སོགས་འབྱོར་པ་དྲུག་གི་ཚོགས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཏིང་ངེ་འཛིན་གྱི་ངང་ནས༔ ཡེ་ཤེས་པ་དགུག་བསྟིམ་མཆོད་བསྟོད་ནན་དུ་བྱའོ༔ དབང་ལ་སྣང་མཐའི་ས་བོན་ཕྱག་མཚན་སྙིང་པོ་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་པའི་འདོད་གསོལ་ཤམ་བུ་དང་བཅས་པ་སྔགས་ཀུན་ལ་སྦྱར་ཏེ་འབྲི་བ་དང་འདོན་པར་བྱའོ༔ བདག་མདུན་དང་འོད་ཟེར་ཀྱང་དམར་པོའམ་ལྔ་ལྡན་གྱི་སྤྲོ་བསྡུ་སྔར་ལྟར་ལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་རང་དབང་མེད་པར་འོད་ཀྱིས་བསྡུས་ནས་བཀའ་ལྟར་ཉན་ཞིང་བྲན་ལྟར་ཁོལ་བར་དམིགས་པའི་ངང་ནས༔ ཡེ་ཤེས་པ་དབབ་པ་དང་མཆོད་བསྟོད་ནན་ཆགས་སུ་བྱའོ༔ དྲག་པོ་ལ་དོན་གྲུབ་ཀྱི་ས་བོན་ཕྱག་མཚན་སྙིང་པོ་དགྲ་བགེགས་ལོག་འདྲེན་དམ་སྲི་གང་གནོད་པའི་ཚོགས་རྡུལ་དུ་རློགས་ཤིག་པའི་དམོད་བྱང་སྦྲེལ་ཏེ་སྔགས་ཀུན་གྱི་ཤམ་བུར་གདགས་ལ་འབྲི་བ་དང་བཟླ་བར་བྱའོ༔ བདག་མདུན་གྱི་འོད་ཟེར་ཀྱང་དམར་ནག་གི་ཚོགས་དཔག་ཏུ་མེད་པས་དབང་དུ་བསྡུ་བ་དང་རྡུལ་དུ་བརླགས་པའི་ཏིང་ངེ་འཛིན་གྱི་ངང་ནས༔ ཡེ་ཤེས་དབབ་ཅིང་མཆོད་བསྟོད་དྲག་ཏུ་བྱའོ༔ གསུམ་པ་སྒྲུབ་པ་དང་འབྲེལ་བ་ནི༔ རང་གི་བསྙེན་སྒྲུབ་ལ་ཞུགས་པའི་ལྷ་དེའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྙིང་པོ་ས་བོན་ཕྱག་མཚན་འདོད་གསོལ་དམོད་བྱང་དང་བཅས་པ་གཙོ་བོར་འདོན་ཞིང་༔ འཁོར་ལོ་འབྲི་བ་དང་བཟླས་པ་བྱ་སྟེ༔ འོད་ཟེར་སྤྲོ་བསྡུ་རང་གཞུང་གི་ངང་ནས་ཡེ་ཤེས་དབབ་བསྟིམ་མཆོད་བསྟོད་ནན་དུ་བྱ༔ ཏིང་ངེ་འཛིན་བདག་མདུན་ཡི་དམ་གྱི་ལྷ་དེ་དང་སྐུ་གསུང་ཐུགས་དབྱེར་མེད་པའི་ངང་ནས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཞིང་ཁམས་དང་ཕོ་བྲང་དུ་ལམ་ལམ༔ སྒྲ་གྲགས་ཐམས་ཅད་བསྙེན་སྒྲུབ་ལས་སྦྱོར་གྱི་འཛབ་ཏུ་དིར་དིར༔ དུས་གསུམ་གྱི་དྲན་རྟོག་ཐམས་ཅད་བརྗོད་མེད་བློ་འདས་སུ་ལྷང་ལྷང་གི་རང་བཞིན་དུ་བསྒོམ་ཞིང་༔ མ་བཅོས་ཡེ་སྟོང་ཆེན་པོའི་ངང་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་རིམ་པ་ལ་ཚུལ་བཞིན་དུ་འཇོག་གོ༔ བཞི་པ་ཡོངས་རྫོགས་སུ་དྲིལ་བ་ནི༔ བདག་ཉིད་དཔལ་ཆེན་པོ་བདེ་མཆོག་འཁོར་ལོ་རིག་འཛིན་གྱི་དབང་ཕྱུག་ཧེ་རུ་ཀཿདཔལ་ཆེན་པོར་གསལ་བའི་ངང་ནས༔ འོད་ཟེར་གྱི་སྤྲོ་བསྡུ་སྔར་ལྟར་བྱ་ཞིང་མདུན་གྱི་འཁོར་ལོ་ལ་ས་བོན་ཧཱུྃ་གི་སྤྲོ་བསྡུ་བསྒྱུར་བས༔ ལས་བཞི་རབ་འབྱམས་ཀྱི་མངའ་བདག་ཧེ་རུ་ཀཿདཔལ་ཆེན་པོ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་ངང་ནས༔ ཡེ་ཤེས་པ་དབབ་བསྟིམ་མཆོད་བསྟོད་བྱ༔ ས་བོན་ཕྱག་མཚན་སྙིང་པོ་དང་བཅས་པ་འཕྲིན་ལས་བཞི་གང་འདོད་གཙོ་བོར་འདོན་ཞིང་ལས་བཞི་ཐམས་ཅད་ཀྱི་འདོད་གསོལ་དམོད་བྱང་དང་བཅས་པ་འབྲི་བ་དང་བཟླ་བར་བྱའོ༔ ལྔ་པ་ཕན་ཡོན་དང་དམ་ཚིག་བསྟན་པ་ནི༔ འདི་ལྟར་གྱི་སྟོབས་རྩལ་མྱུར་མགྱོགས་རླུང་ལ་བརྟེན་པའི་ཕྲིན་ལས་འདི་བརྩམས་པ་ཙམ་གྱིས་ལས་བཞི་རབ་འབྱམས་འཕྲིན་ལས་སྣ་ཚོགས་དང་བཅས་པ་ཐོགས་མེད་དུ་འགྲུབ་སྟེ༔ དེ་ཅིའི་ཕྱིར་ན༔ འཁོར་འདས་ཐམས་ཅད་ཀྱི་བརྟེན་གཞི་འབྱུང་གནས་བྱེད་ལས་ཐམས་ཅད་རླུང་ཁོ་ནས་བྱེད་ཅིང་༔ རླུང་གི་འདུ་བྱེད་གཅིག་པུ་གཙོ་ཆེ་བས༔ དེ་ལ་རྟེན་འབྲེལ་གྱི་སྔགས་མཐུ་དང་༔ ལྟ་སྒོམ་ཏིང་འཛིན་གྱི་དྲོད་ཀྱིས་གླན་པས་མཆོག་ཐུན་གྱི་ཡོན་ཏན་ཐམས་ཅད་འཐོབ་པར་གདོན་མི་ཟའོ༔ དེ་ཅིའི་ཕྱིར་ཞེ་ན༔ བཙན་དུག་འགྲོ་བ་སུའི་ལྟོར་སོང་ཡང་འཆི་བ་ཁོ་ན་ལས་མ་འདས་ཀྱང་༔ སྔགས་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས་འཆི་མེད་ཀྱི་བདུད་རྩིར་འགྱུར་ཞིང་དངོས་གྲུབ་ཆེས་ཆེར་སྟེར་བར་བྱེད་པ་ལྟར༔ འབྱུང་བ་བཞིའི་ཁམས་ན་ནུས་རྩལ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ནི༔ རླུང་ཁོ་ན་ལ་རག་ལས་པས༔ དེ་ལ་ཕྱི་ནང་གི་རྟེན་འབྲེལ་གྱི་ནུས་མཐུས་བསྒྱུར་ཕྱིན་ཆད་ལས་རབ་འབྱམས་ཐམས་ཅད་འབད་མེད་ཡིད་བཞིན་གྱི་ནོར་བུ་ལྟར་འཐོབ་པར་གདོན་མི་ཟ་ཞིང་༔ གང་བརྩམས་པ་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་དོ༔ ཡང་དག་པར་འགྲུབ་པར་བྱེད་དོ༔ དགྲ་དང་བགེགས་ཀྱི་ཚོགས་ནི་ཡང་དག་པར་བརླག་པར་འགྱུར་རོ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་རྒྱས་པར་བྱེད་དོ༔ ལྷ་འདྲེ་མི་གསུམ་དཔལ་འབྱོར་སྙན་གྲགས་དང་བཅས་པ་ནི་ཡང་དག་པར་དབང་དུ་འདུའོ༔ ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ནི་རབ་ཏུ་ཞི་བར་བྱེད་དོ༔ སྔོན་ལས་ཀྱི་རྣམ་སྨིན་བག་ཆགས་མི་མཐུན་པའི་ཚོགས་ཀྱང་བྱང་བར་འགྱུར་ན༔ འཕྲལ་རྐྱེན་ལ་སྨོས་ཅི་འཚལ་ཏེ་མི་དགེ་བ་ཐམས་ཅད་རབ་ཏུ་འདག་གོ༔ ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱེད་དོ༔ འདི་ལྟར་གྱི་འཁོར་ལོའི་འཕྲིན་ལས་ཀྱི་ཆོ་ག་འདི་ལ་ཞུགས་པའི་གང་ཟག་གིས་ལེ་ལོ་དང་གཡེང་བ་སྤངས་ཏེ་ཡིད་གཉིས་ཐེ་ཚོམ་མེད་པར་བྱ་བ་ནི་དམ་ཚིག་ཡིན་ནོ༔ ལོ་རེ་བཞིན་དུ་ལས་བཞི་གང་ཡིན་ཀྱང་བསྙེན་སྒྲུབ་ཁ་གསོ་བ་དང་རབ་གནས་སྐྱོར་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པད་འབྱུང་གིས༔ ཕྲིན་ལས་རླུང་གི་འཁོར་ལོ་འདི༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཉི་མ་གྲགས་པས་ཤོག་སེར་ལས་ཕབ་པའོ། །མངྒ་ལམ། །

ལས་ཚོགས་ཉེར་གཉིས་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལས་ཚོགས་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ རྒྱ་གར་ཡུལ་གྱི་སྔགས་འཆང་ཨོ་རྒྱན་པདྨ་བྱ་བ་ངས༔ སངས་རྒྱས་བསྟན་དང་འགྲོ་བའི་དོན༔ ལས་བཞིའི་ཕྲིན་ལས་རབ་འབྱམས་ལ༔ དོན་གཉིས་བསྒྲུབ་པའི་ལས་སྦྱོར་ནི༔ མང་དུ་བརྩམས་ཏེ་གཏེར་དུ་སྦས༔ ཁྱད་པར་ལས་ཚོགས་ཉེར་གཉིས་འདི༔ བདེ་མཆོག་ཆོས་ཀྱི་ཁ་བསྐང་ཕྱིར༔ ཏེ་སེ་གངས་ཀྱི་རི་ལ་སྦས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ བྱད་དང་རྦོད་གཏོང་བཟློག་འདོད་ན༔ ཐལ་ཆེན་དང་ནི་ཡུངས་ཀར་ལ༔ བཟློག་བྱེད་དྲག་སྔགས་འདི་བཟླས་གདབ༔ ཨཱོཾ་བཛྲ་པྲ་མོ་ཧ༔ ཨ་མོ་ཥ་ཥ་ནག་པོ་བཾ་ཐུན་ཟློག་བྷྱོ་ཛཿཛཿཧཱུྃ་བྷྱོ་ཟློག་ཟོར་ཡ་ཟློག༔ ཨཱོཾ་བཛྲ་པྲ་མོ་ཧཱ་ས་མ་ཡ་ཧ་ཧེ་མ་མ་བྷྱོ་བྷྱོ༔ རཀྴ་རཀྴ་ས་མ་ཡ་ཁ་ཏཾ་ཏཾ༔ མ་ཐུན་ཟློག་བྷྱོ༔ མ་ཐུན་ཟློག་བྷྱོ༔ ཨཱོཾ་བཛྲ་ཁ་ལི་ནག་མོ་ཏྲག་ཤཾ་ཙིཏྟ་རྦད་རྦད་བྷྱོ་བྷྱོ༔ ཨཱོཾ་མ་མ་ཤཾ་ཀ་ཏི་ཏྲག་རག་མོ་རག་མོ་མན་ཏྲ་ཏི༔ ཁྲུཾ་ཁྲུཾ་ཤིག་ཤིག་ཛཿཛཿབྷྱོ་བྷྱོ་ཟློག་ཟློག༔ བཟློག་པའི་ཡང་སྙིང་སྤུ་གྲི་འདི༔ ཉི་མ་དམར་ཐག་ཟེར་བའི་དུས༔ བརྒྱ་སྟོང་ཉེར་ལྔ་རབ་འབྲིང་གསུམ༔ གང་གྲུབ་བཟླས་ནས་རྫས་ལ་གདབ༔ སེང་གདོང་ལྷ་མོའི་ཏིང་འཛིན་གསལ༔ བྱད་ཀ་སྡང་བའི་ཕྱོགས་སུ་གཏོར༔ གོང་བསྙེན་ཁྲི་ཚོ་རྫས་ལ་གདབ༔ དེ་ནས་ནམ་དགོས་ལས་ལ་སྦྱར༔ ཁྲི་ཚོ་བཟླས་ཤིང་ལས་སྦྱོར་ན༔ ལོ་གཅིག་བྱད་ཀ་ཀུན་ལས་རྒྱལ༔ སྟོང་ཚོ་བཟླས་ཤིང་ལས་སྦྱར་ན༔ ཟླ་གཅིག་བྱད་ཀ་ཀུན་ལས་རྒྱལ༔ བརྒྱའམ་ཉེར་ལྔ་བཟླས་ནས་ཀྱང་༔ ལས་སྦྱོར་དུས་བསྙེན་མ་ཆག་ན༔ སྡེ་བརྒྱད་ཕ་རོལ་རྦོད་གཏོང་ཟློག༔ སྟོབས་ཆེན་ཕྱག་ན་རྡོ་རྗེ་ཡིས༔ མནན་པ་བཅུག་ཀྱང་འཇིགས་པ་བྲལ༔ གཞན་གྱི་རྦོད་གཏོང་སྨོན་ཅིང་དགོས༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ལྷོག་པ་འབྲས་ཀྱི་རིགས་དང་སྐྲངས༔ ཤུ་བ་བལ་ལྷོག་ཐོར་ནག་དང་༔ ཀླུ་ཡི་ནད་སོགས་བཟློག་འདོད་ན༔ གཅེས་པ་དྲག་པོའི་སྔགས་རྒོད་བཟླ༔ ཨཱོཾ་ཀ་རུ་ནན༔ དེ་རུ་ནན༔ འབྲུ་ཐོག་ནན་སོད༔ གནམ་ལྕགས་རྡོ་རྗེ་ཁ་ལ་བྲཾ༔ གནམ་ལྕགས་རྡོ་རྗེ་དུ་ན་བྲཾ༔ ཨཱོཾ་གནམ་ལྕགས་རྡོ་རྗེ་ཐིབ༔ བེ་ཁྱིམ་སྭཱ་ཧཱ༔ བདག་ཉིད་མེ་དཔུང་འབར་བར་བསྒོམ༔ ནད་དེ་སྤྲ་བ་ལྟ་བུ་ལ༔ སྔགས་དེ་མེ་ཡི་འཚུབ་མར་བསྒོམ༔ མཛེ་རིགས་བཅོ་བརྒྱད་སྡང་ན་ཡང་༔ གོང་བསྙེན་ཁྲི་རུ་སོང་བའ་ིཚེ༔ བརྒྱ་སྟོང་ཁྲི་འབུམ་ནད་ཚབས་སྦྱར༔ ཕན་འགྱུར་འདི་ལ་ཐེ་ཚོམ་མེད༔ ཆུ་སེར་ལྷོག་པ་འབྲས་ཀྱི་རིགས༔ ཤ་ཀྲ་ཕོལ་མིག་མེ་དབལ་དང་༔ ཤུ་བ་རྒྱ་ཐོར་ལ་སོགས་ལ༔ ཐེངས་ཆོག་སྤྱི་འཇོམས་དྲག་སྔགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ གཞན་ཕན་འགྲོ་ལ་ཕན་དོན་དུ༔ སེར་བ་བཟློག་པའི་མན་ངག་བཤད༔ རང་ཉིད་ཡི་དམ་ལྷ་རུ་བསྒོམས༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས༔ ཡི་གེ་སྔོ་སྐྱ་ཡཾ་གཅིག་བསམས་དེ་ལས་རླུང་གཡོས་མེ་དཔུང་འབར༔ ནམ་མཁའ་ས་གཞི་བར་སྣང་ཀུན༔ བསྐལ་པའི་མེ་དཔུང་ཆེན་པོ་ནི༔ འུར་འུར་ཚག་ཚག་འབར་འབར་བསམས༔ བདེན་སྟོབས་བརྗོད་ཅིང་སྔགས་འདི་བཟླ༔ ཨཱོཾ་ན་མོ་ཏདྱ་ཐཱ༔ པ་ཀི་པ་ཀི་ཙིཏྟ་ཤུ་མོ་ལ་ཤ་ཤ་ཤུ་ཤུ་བ་ཀི་ཙི་བི་ཏི་ཧུ་ཡུ་ཧུ་ཡུ༔ རུ་རུ་ཕཊ་ཕཊ་སྭཱ་ཧཱ༔ ཏདྱ་ཐཱ༔ ཀ་བྱི་ཤག་༔ ཀེ་ཏ་ཤ་ཤ་ཤུ་ཤུ༔ ཤུ་མོ་ལ་ཧུ་ལུ་ཧུ་ལུ་ཏི་ཕཊ་སྭཱ་ཧཱ༔ ཞེས་བརྗོད་སྡིགས་མཛུབ་སྔགས་ཕུ་བྱ༔ ལས་སྦྱོར་དྲག་སྔགས་འདི་ལྟར་བརྗོད༔ ཕཊ་སེར་བ་སེར་བྱེད་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཧཱུྃ་ལྷའི་སེར་བ་བྷྱོ་ཟློག༔ ཀླུའི་སེར་བ་བྷྱོ་ཟློག༔ གཟའི་སེར་བ་བྷྱོ་ཟློག༔ བཙན་གྱི་སེར་བ་བྷྱོ་ཟློག༔ རྒྱལ་པོའི་སེར་བ་བྷྱོ་ཟློག༔ མ་མོའི་སེར་བ་བྷྱོ་ཟློག༔ ཐེའུ་རང་གི་སེར་བ་བྷྱོ་ཟློག༔ གཤིན་རྗེའི་སེར་བ་བྷྱོ་ཟློག༔ ཡུལ་ལྷའི་སེར་བ་བྷྱོ་ཟློག༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སེར་བ་སྣ་འདྲེན་དང་བཅས་པ་ཐམས་ཅད་བྷྱོ་ཟློག༔ སེར་བ་སེར་བྱེད་དང་བཅས་པ་ཐམས་ཅད་ཀྱི་ཙིཏྟ་ལ་གྷརྫ་གྷརྫ་མཱ་ར་ཡ་རཾ་རཾ་བྷྱོ་བྷྱོ་ཟློག་ཟློག་ཧཱུྃ་ཕཊ༔ འདི་ནི་སྡེ་བརྒྱད་སེར་བའི་གཤེད༔ མ་འོངས་འགྲོ་བའི་དོན་དུ་བསྟན༔ ཆོས་ལྡན་སེམས་དཔས་གཞན་དོན་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ཆོས་ལྡན་འགྲོ་བའི་རྐྱེན་སེལ་དུ༔ མི་རྒོད་ཇག་པ་འཆིང་ཐབས་བསྟན༔ གནའ་བ་མོ་ཡི་རྭ་ནང་དུ༔ མོ་ཡི་ཀླད་པ་ལྕེ་དང་སྙིང་༔ ལག་སོག་རྣམས་ཀྱི་ཕྱེ་མ་སྦྱར༔ དུར་ཁྲོད་རས་ཀྱི་མཐོངས་ཤིག་ལ༔ མི་རྒོད་ཧྲིང་ཅེས་བྱ་བ་འདྲི༔ རྭ་ཅོའི་ཁ་ནི་བཅད་པར་བྱ༔ སྔགས་འདི་བདུན་འབུམ་བཟླས་ལ་གདབ༔ ན་མོ་རུ་ཊ་ཡ༔ མོ་རི་ཤི་ཏི་ཧཱ་ཕྲི་གྷང་ག་དུ༔ ཤན་ཕྲི་མོན་ཕྲི་མོན༔ ལོ་ཏི་ནག་པོ་བྷྱོ༔ མི་རྒོད་ཇག་པའི་ལུས་ངག་ཡིད་གསུམ་ཧྲཱིང་ཧྲཱིང་༔ དེ་ནི་རྫས་ལ་སྔགས་ཏེ་འཆང་༔ རང་ལ་མ་རྒོད་འཇིགས་པའི་ཚེ༔ རྫས་དེ་གཏོར་བས་ཇག་པ་རེངས༔ འཆིང་བར་འགྱུར་ལ་གདོན་མི་ཟ༔ མ་འོངས་འགྲོ་ལ་ཕན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ཡུལ་དང་ཕྱོགས་སུ་བགྲོད་པའི་ཚེ༔ དགྲ་ཡི་འཇིགས་པ་བཟློག་ཐབས་བཤད༔ བདག་ཉིད་ལམ་དུ་འཇུག་པའི་ཚེ༔ ཡུངས་ཀར་དང་ནི་ཐལ་ཆེན་ལ༔ སྔགས་འདི་བརྒྱ་དང་རྩ་བརྒྱད་བཟླས༔ གང་དུ་འགྲོ་བའི་ཕྱོགས་སུ་གཏོར༔ ཀུ་ལ་ན་ངྷེ་ཡི༔ བ་ལེན་ངྷེ་ཡི༔ ཛོ་གི་ངྷེ་ཡི༔ ཙ་ཧུ་ན་ངྷེ་ཡི༔ ཧཱུྃ་ཀ་རི་རྩོར་ཏ་ཐག་མུ་ཏྲེ་ཙ་ར་ན་རེ༔ ཀ་པ་ལེ༔ ཚར་པ་ལེ༔ བྷ་མེ་ཚར་ལེ༔ ལམ་དུ་ཞུགས་ནས་འགྲོ་བའི་ཚེ༔ གོས་ཀྱི་ཐུ་བའི་ཐ་མ་རུ༔ ཐལ་ཆེན་ཡུངས་ཀར་བླུགས་པ་ལ༔ སྲད་བུས་ཐུམ་བུར་བཅིང་བར་བྱ༔ ལན་གྲངས་ཉི་ཤུ་རྩ་གཅིག་བཟླས༔ བདེ་བར་ཁྱིམ་དུ་ཕྱིན་པའི་དུས༔ ཐུམ་བུ་བཀྲོལ་ལ་རྫས་ཚགས་བྱ༔ འདིས་ནི་དགྲ་དང་འཕྲད་མི་སྲིད༔ བྱད་དང་མི་ཁ་ཆོམ་རྐུན་ཟློག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ཆོས་ལྡན་སྐྱེས་བུའི་གོ་ཆ་རུ༔ ༈མཚོན་གྱི་འཇིགས་པ་བཟློག་ཐབས་བསྟན༔ ཨཱོཾ་བྷ་ཧུ་ལ་ཧེ་དུན༔ ཐུཾ་རིལ་རྦད༔ རྦ་ཧུ་ལ་སྦལ་གྱི་ནག་པོ་སོད་སོད༔ ལྕགས་ཀྱི་སྦལ་ཁྱུང་སོད༔ ལྕགས་ཀྱི་ཐོ་ལུམ་འབར་བ་སོད༔ ལྕགས་ཀྱི་ངུར་མོ་ཁྲུམ་ཁྲུམ་སོད༔ གྲངས་ནི་བདུན་འབུམ་ཉི་ཁྲི་བཟླས༔ རྣལ་འབྱོར་རང་གི་ལུས་ལ་བཏབ༔ ཕ་རོལ་མཚོན་གྱིས་ཕུག་མི་འགྱུར༔ ཕ་རོལ་གཞན་གྱི་མཚོན་ལ་བཏབ༔ མཚོན་དེས་གཞན་ལ་འཛུག་མི་འགྱུར༔ ཡུངས་ཀར་སྔགས་ནས་དམག་དཀྱིལ་གཏོར༔ བྱིས་པའི་རྩེད་འཇོའི་མཚོན་དང་མཚུངས༔ སྲིད་པ་གསུམ་གྱི་མཚོན་ཆ་ཡང་༔ སྤུ་གྲིའི་ཁ་ཡི་ནུས་པ་བཅོམ༔ རྣལ་འབྱོར་ལུས་ཀྱི་གོ་ཆར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ཉམས་གྲིབ་བཟློག་ཐབས་འདི་ལྟར་བྱ༔ རང་ཉིད་ཡི་དམ་ལྷ་རུ་བསྒོམས༔ ཐུགས་ཀར་ཉི་དཀྱིལ་ས་བོན་ཧཱུྃ༔ ཧཱུྃ་ལས་འོད་ཟེར་རྣམ་པ་ལྔ༔ ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་ཡིས༔ བདེ་གཤེགས་ཀུན་གྱི་ཐུགས་རྒྱུད་བསྐུལ༔ སེམས་ཅན་ཀུན་གྱི་སྒྲིབ་བ་སྦྱངས༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ རང་གི་ལུས་ངག་ཉམས་ཆག་བསྐངས༔ མི་གཙང་སྡིག་སྒྲིབ་ཉེས་ལྟུང་རྣམས༔ མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར༔ སས་བཀབ་ནམ་མཁའ་སྟོང་པར་བསམས༔ སྙིང་པོ་འདི་ལ་ཉེར་གཅིག་བགྲང་༔ ཨཱོཾ་ཨེ་ཧོ་ཤུངྔྷེ་ཤུངྔྷེ་༔ ཡཾ་ཧོ་ཤུངྔྷེ་ཤུངྔྷེ་༔ བཾ་ཧོ་ཤུངྔྷེ་ཤུངྔྷེ་༔ ལཾ་ཧོ་ཤུངྔྷེ་ཤུངྔྷེ་༔ རཾ་ཧོ་ཤུངྔྷེ་ཤུངྔྷེ་༔ ཨེ་ཡཾ་རཾ་བཾ་ལཾ་ཤུངྔྷེ་ཤུངྔྷེ་༔ ཨ་ཨ་ཨ་སྭཱ་ཧཱ༔ ཅེས་བརྗོད་སྐྱེ་མེད་ངང་དུ་བཞག༔ འདི་ལ་ཡི་དམ་བྱས་གྱུར་ན༔ མི་གཙང་གྲིབ་ཀྱིས་གོས་མི་སྲིད༔ སྔགས་དམིགས་ཏིང་འཛིན་མི་ལྡན་པའི༔ ཐ་མལ་འགྲོ་བ་ཡིན་ན་ཡང་༔ སྔགས་འདི་ཉེར་གཅིག་ཆུ་ལ་བཏབ༔ འཐུངས་པས་ཉམས་གྲིབ་མི་གཙང་འདག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་བྱེད་དམ་གྲིབ་དག་བྱའི་ཕྱིར༔ ཡང་གཅེས་ཁྲུས་ལུང་འདི་ལྟར་བྱ༔ གཙང་མའི་ཆུ་ཡིས་བུམ་པ་དགང་༔ བུམ་སྨན་དྲི་བཟང་སྨན་རྣམས་བཏབ༔ རང་ཉིད་ཡི་དམ་ལྷ་རུ་བསྒོམས༔ དག་བྱེད་རིགས་སྔགས་འདི་ལྟར་བཟླ༔ ཨཱོཾ་ཨ་ཤི་པ་ལ༔ བཛྲ་པཱ་ཎི་ཧཱུྃ༔ བཛྲ་པྲ་ཛྭ་ལ༔ པྲ་ཏི་པ་ཏི༔ ཨཱོཾ་ཧཱུྃ་མནྚ༔ པྲ་ས་ཡ་ར་ན་ཤྭ་ངྷ་ཡ༔ སརྦ་བཛྲ་བཛྲ༔ གྲོ་ག་པྲ་མ་ནི༔ ཤོ་ངྷ་ཡ༔ ཤོ་ངྷ་ཡ༔ ཤྭ་ངྷ་ཡ༔ སརྦ་རོ་ཤ་བྷི་ཤུདྡྷེ༔ ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་རྩ་བཟླས་ནས་ཁྲུས་བྱའོ༔ ཡང་ན་ཉེར་གསུམ་བཟླས་ནས་ཀྱང་༔ ཉིན་མཚན་དུས་གསུམ་ཁྲུས་བྱས་ན༔ དམ་ཚིག་ཉམས་དང་གྲིབ་མས་ཕོག༔ ཡམས་ནད་མགོ་རིམས་བར་ཆད་ཚོགས༔ བ་མོར་ཉི་མ་ཕོག་པ་ལྟར༔ བསལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ བསྲུང་བཟློག་རིམ་པ་འདི་ལྟར་བྱ༔ རང་ཉིད་ཡི་དམ་ལྷ་ལ་བསྒོམས༔ འོག་ཏུ་གྲུ་གསུམ་མཐིང་ནག་འབྲི༔ དུག་ཁྲག་སོལ་བས་ནག་པོར་བསྒྱུར༔ དགྲ་བགེགས་དམིགས་པའི་ལིངྒ་གཞུག༔ རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ ཨཱོཾ་བ་ར་ཙཀ་ཏྲ་ཧྲི་ཏི༔ ཨ་པ་ན་ཡ་ཆེ་གེ་མོའི་རྦོད་ཟོར་སརྦ་ཟློག་ཟློག༔ ཨཱོཾ་མཱ་ར་ཡཱ༔ ནྲི་མཱ་ར་ཡ༔ སྙིང་ཏི་སྟ་ཏི་སྟ་ཡ་མ་ཁྲག་ཚལ་པ་དམ༔ བཾ་རི་ལི་ལི༔ རིལ་དམ་དུམ་བུ་ནག་པོ་ཏི་པ་ཙ་ནན༔ སྙིང་ལ་ཐོད་པ་སྤྲེང་ཤ་ནན༔ ཨཱོཾ་ཀཱི་ལི་ཀཱི་ལ་ཡ་ཛ༔ དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཛ༔ གཟུགས་ཀྱི་སྙིང་གར་ཕུར་པ་གདབ༔ ཁྲི་ཚོ་བཟླས་ན་ལོ་ཡི་བྱད་ཀ་ཐུབ༔ བརྒྱ་ཚོ་བཟླས་ན་ཞག་གི་བྱད་ཀ་ཐུབ༔ སྟོང་ཚོ་བཟླས་ན་ཟླ་བའི་བྱད་ཀ་ཐུབ༔ བྱུང་ན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣམ་འབྱོར་པས༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཀླུ་གདོན་འབྱུང་པོ་འདི་ལྟར་འདུལ༔ མི་རྟ་ཁྱི་ཕག་བཙོད་དང་ནི༔ གླང་ནག་བྱ་ཁྲག་རྣམ་པ་བདུན༔ བཙན་དུག་བོང་ང་ར་དུག་པ༔ མཚན་ངན་ཐོད་པའི་ནང་དུ་སྦྱར༔ སེང་ལྡེང་ཕུར་པར་ཧཱུྃ་བྲིས་ཏེ༔ ཁྲོ་བོ་བསྐྱེད་ནས་བྱིན་གྱིས་རླབས༔ ཁྲག་གི་ནང་དུ་གཟུག་པར་བྱ༔ ན་མོ་བྷུངྔྷ་ཡཱ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཱ༔ ཙནྡྷ་མི་ཏི་ལི༔ ཙནྡྷ་ཙནྡྷ༔ ཙནྡྷེ་ཙནྡྷེ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཁྲི་ཚོ་གཅིག་གི་བསྙེན་ཚད་བསྐྱལ༔ གྲུབ་རྟགས་རྫས་ལ་མེ་དུད་འབྱུང་༔ གླང་རྭ་སྡིག་གཟུགས་ནང་དུ་བླུགས༔ སེང་ལྡེང་ཕུར་པས་ཁ་བཅད་དེ༔ ལུས་ལ་བཅང་ཞིང་ལས་ལ་སྦྱར༔ གདོན་དང་བགེགས་དང་འབྱུང་པོ་དང་༔ ཀླུ་ཡི་ནད་སོགས་ཐེབས་པའམ༔ མགོ་ནད་ཡོད་པར་འགྲོ་བ་སོགས༔ མི་ཕོད་ཐོགས་བརྫིས་སྨྱོ་བོག་འདུལ༔ དྲག་པོའི་ལས་ཀ་གང་བྱེད་ཀྱང་༔ རང་ཉིད་ཡི་དམ་གང་ཡིན་བསྐྱེད༔ ཐུན་ལ་བྱུག་ནས་འབྲབ་པའམ༔ དུད་པས་བདུག་དང་ལུས་ལ་བྱུག༔ དམིགས་པ་ཁྲོ་ཆུང་མཚོན་ཆ་ཅན༔ གནམ་ལྕགས་སྡིག་པ་གྲངས་མེད་འཕྲོ༔ གདོན་བགེགས་འབྱུང་པོ་བརླག་པར་བསམས༔ བརྩམས་པས་བགེགས་རྣམས་འབྲོས་པར་འགྱུར༔ དྲི་ཚོར་ཀླུ་རྣམས་བརྒྱལ་བར་འགྱུར༔ སྒྲ་ཐོས་འདྲེ་རྣམས་འཆི་བར་འགྱུར༔ ལས་འཕྲོ་ཅན་གྱི་སྐལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ སྡེ་བརྒྱད་ཟིལ་གྱིས་གནོན་པར་དང་༔ མཁའ་འགྲོ་ལས་ལ་འཇུག་པ་དང་༔ མཛེ་ནད་གདུག་པ་བསྒྲལ་འདོད་ན༔ ཨཱེ་ཀ་ཡ་མ༔ ཧྲི་ཀ་ཡ་མ༔ ངྷི་ཀ་ཡ་མ༔ སརྦ་ཙིཏྟ་གཟེར་ཐུམ༔ བྷིག་ནན༔ ཏྲིག་ནན༔ རྦད་ཡཱ༔ བདག་ལ་རཀྵ༔ དགྲ་བགེགས་གནོད་བྱེད་སྲོག་ལ་ཧཱུྃ་ཕཊ་ཟློག་ཡཱ༔ ཟབ་མོ་གསང་བའི་གདམས་ངག་འདི༔ ཉིན་དང་མཚན་མོ་ཐུན་གསུམ་དུ༔ སྟོང་ཕྲག་རེ་རེ་མ་ཆག་ན༔ ལྟ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔ མ་དང་མཁའ་འགྲོ་ལས་ལ་འཁོལ༔ ནག་པོ་ཀླུ་རྣམས་ཀུན་གྱི་གཤེད༔ གདོན་བགེགས་འབྱུང་པོ་བརྒྱལ་ཞིང་འབོག༔ ཉི་མ་ཟླ་བའི་འོད་ཀྱང་འཕྲོག༔ དཔག་བསམ་ཤིང་ཡང་གཅོག་པར་བྱེད༔ རྡོ་རྗེའི་བྲག་ལ་བཏབ་ཀྱང་འགས༔ རྣལ་འབྱོར་ལམ་དུ་འཇུག་པའི་ཚེ༔ བརྒྱ་རྩ་རེ་རེ་མ་ཆག་ན༔ དགྲ་འདྲེ་བྱུར་གསུམ་ཁ་འཆིང་ངོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ དམ་སྲི་འདུལ་ན་འདི་ལྟར་བྱ༔ གྲོ་ག་ཤིང་ཤུན་ཤོག་བུ་ལ༔ དམ་སྲིའི་མིང་རུས་ལིངྒ་ནི༔ མི་གཟུགས་སག་ཐེབ་ཞཱ་མགོ་ཅན༔ གཡས་ལ་བྱ་མགོ་གཡོན་ལ་ཁྱི་མགོས་མཚན༔ སྙིང་གར་ཏྲི་ལ་ཛ༔ དགུས་བསྐོར༔ མིང་མཇུག་ཁུག་ཅིག་ནན་ཅིག་བྱ་བ་འབྲི༔ རྐང་ལག་ལྕགས་སྒྲོག་དམ་པོས་བསྡམས༔ མཐའ་ལ་དྲག་སྔགས་དམོད་བཅོལ་འབྲི༔ རང་ཉིད་ཡི་དམ་ལྷ་རུ་བསྒོམས༔ དགུག་གཞུག་དྲག་པོ་ལན་དགུར་བྱ༔ ཐུན་གྱིས་རྡེག་ཅིང་སྔགས་འདི་བཟླ༔ ཨཱོཾ་བཛྲ་མ་ནི་ཡ་ཏྲི་ཛ༔ མ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཞུང་ཏྲི་ཡ༔ མ་ཞུང་ཏྲི་ཡ༔ ཛ༔ ཛ༔ ཕཊ་ཕཊ༔ ཏྲག་རཀྵ་ཐུཾ༔ ར་ཙའི་ཙིཏྟ་ཟུང་ཟུང་༔ ཁ་རག་ཟ་ཏྲི་དབང་༔ པདྨ་ངྷཀྐི་ཛ༔ ཁྲག་སྨྲ་ན་ཁྲག་སྨྲ་ན་རྦད༔ ཁུག་ན་དུམ་བུར་རྦུད་རྦུད༔ ཤ་ཡ་ཁྲིབ་ཧཱུྃ༔ ཧབ་ཤཾ་ཏྲི་ཙིཏྟ་ཚལ་པ་ལ་ཚལ་པ་རྦད་རྦད༔ རྒྱལ་འགོང་དམ་སྲི་གནོད་བྱེད་འབྱུང་པོའི་ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ མོ་ཁ་ཡ་ནན༔ ན་ཤ་ཡ་ནན༔ སྟོང་དུ་བཟླས་ནས་ལིངྒ་དྲིལ༔ ཡུགས་ས་མོ་ཡི་སྐྲ་ཤད་དང་༔ ཁྱི་དཀར་སྤུ་དང་ར་སྤུས་དྲིལ༔ གཡག་རྭ་རོག་པོའི་ནང་དུ་བཅུག༔ མི་ཁའི་རྫས་དང་དུག་ཁྲག་ཐུན༔ ཡུངས་ཀར་གུ་གུལ་ནག་པོ་བླུགས༔ རེ་ཧྲུལ་ནག་པོས་ཁ་བཅད་བསྟུམས༔ རྒྱ་གྲམ་ལམ་གྱི་འོག་ཏུ་མནན༔ སྟེང་དུ་ལྟ་བྲོ་འཁོར་གསུམ་བརྡུང་༔ རྒྱལ་བསེན་དམ་སྲི་རྒབ་འདྲེའི་ཚོགས༔ རྣལ་འབྱོར་དེ་ལ་འཁུ་མི་ནུས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས་༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ རཱུ་ཊའི་ཁང་ཁྱིམ་བཤིག་འདོད་ན༔ ཆུ་མིག་སྔོན་པོ་བསྐམས་པའི་ཤུལ༔ འཕུང་ཤུལ་ས་རྣམས་བླངས་ནས་ཀྱང་༔ ཕག་ནག་ཐོད་པའི་ནང་དུ་བླུགས༔ ཡུངས་ཀར་སྔགས་པའང་བླུགས་པར་བྱ༔ དུ་རུ་ལོག་ཤིག་ནན༔ མ་མ་ལོག་ཤིག་ནན༔ ཚེ་དུ་ལོགས་ཤིག་ནན༔ པྲ་ལོག་ཤིག་ནན༔ ཧ་ཧ་རོ་པྲ་ལོ་ཀྵ་སྭཱ་ཧཱ༔ རོལ་དུ་པ་ལོག་ཤིག༔ རོལ་དུ་ལམ་དྲོངས༔ ལོག་ཤིག༔ མཁར་ཤིག༔ བདུད་མཁར་ནག་པོ་ཕོབ༔ རྩི་ར་དེ་རཾ་བ་ནི་པྲ་མ་ནི༔ ཟུར་ལ་རྦད༔ བདག་ཉིད་ཡི་དམ་གང་ཡིན་བསྐྱེད༔ སྤྱི་བོར་དྲང་སྲོང་དགྲ་སྟྭ་ཅན༔ ཁ་ནས་ངན་སྔགས་སྒྲ་སྒྲོགས་པ༔ ལག་གི་དགྲ་སྟས་མཁར་ལ་བརྒྱབ༔ རྨང་ནས་སྒྱེལ་ཏེ་བརླག་པར་བསམས༔ ཐོད་པ་ཁང་པའི་རྨང་དུ་སྦ༔ བདུན་ཕྲག་བདུན་ནས་མཁར་དེ་འགྱེལ༔ དམིགས་པའི་དགྲ་བོ་བརླག་པར་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ དམ་ཉམས་ཆམ་ལ་དབབ་པའི་ཕྱིར༔ ཆུ་མིག་བཅད་ན་འདི་ལྟར་བྱ༔ ཐལ་ཆེན་ཡུངས་ཀར་སྐྱེ་ཚེ་ལ༔ སྔགས་འདི་སུམ་འབུམ་བཟླ་བར་བྱ༔ ན་མོ་བུད་ཏ་ཐ་ཡཱ༔ བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་མི་ལི་མི་ལི་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཏིག་སྣ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ད་ཧ་ཡ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་ཀྲོ་ཏ་ཡ་ཧཱུྃ་ཕཊ༔ ཧེ་ཧེ་དུམ་བུ་ཧུ་ཡ་ནཱ་ག་དུ༔ ཁྲག་དང་དུག་དང་གུ་གུལ་དང་༔ གོང་གི་རྫས་གསུམ་དག་ལ་བཟླས༔ རང་ཉིད་ཡི་དམ་ལྷ་རུ་བསྐྱེད༔ ཆུ་མིག་ནང་དུ་དྲག་ཏུ་བརྡེག༔ བསྟན་པ་འཇིག་པའི་དགྲ་བོའི་གཤེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལེགས་ཉེས་མངོན་ཤེས་འཆར་འདོད་ན༔ གནས་གཙང་ཡིད་དང་མཐུན་པའི་སར༔ གདན་དཀར་སྟེང་དུ་གཡུང་དྲུང་རིས༔ བྲིས་པའི་སྟེང་དུ་མདའ་མོ་རྒོད༔ སྒྲོ་ལ་མེ་བཤུར་མ་སོང་བར༔ དར་དཀར་མེ་ལོང་བཏགས་ཏེ་བཞག༔ ལུག་གི་ཤ་ལག་ཆང་ཕུད་གཙང་༔ འབྲང་རྒྱན་བཙན་བཤོས་འབྲས་ལུག་དང་༔ དཀར་གསུམ་མངར་གསུམ་མཆོད་པ་བཤམས༔ རང་ཉིད་ཁྲུས་བྱས་གདན་དཀར་སྟེང་༔ སྔགས་འདི་བདུན་གསུམ་ཉེར་གཅིག་བཟླ༔ ཨཱོཾ་མུག་ཤྲི་ཀུད་ཤྲི༔ པྲ་མ་ན་ཏན་ཏེ༔ གང་གོང་ཏ་མ༔ ཤ་མ་ལ་ད་ར༔ རཱ་ཙ་ཕྱེས་ཕྱེས༔ ཅེས་བཟླས་ཐུན་སྐབས་གཏོར་མ་བསྔོ༔ གྲུབ་རྟགས་ཁྱེའུ་སྨན་མོ་སོགས༔ མངོན་སུམ་འོང་ཞིང་ལེགས་ཉེས་སྨྲ༔ མེ་ལོང་མདའ་དར་བླ་རྡོར་བཅང་༔ ནམ་དགོས་དུས་སུ་སྔགས་བཟླ་ཞིང་༔ མཆོད་བསྟོད་བཤོས་བུ་བཏང་བ་ཡིས༔ བཟང་ངན་རང་གི་རྣ་བར་སྨྲ༔ བྱ་ཤ་མི་ཟ་དམ་ཚིག་ཡིན༔ འདིས་ནི་སྔ་ཕྱི་བར་གསུམ་གྱི༔ བཟང་ངན་ཐམས་ཅད་གསལ་ལེར་མཐོང་༔ རང་ལ་ལེགས་ཉེས་ཅི་ཡོང་ཤེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཕ་རོལ་མཐོང་བྱེད་པྲ་དབབ་ན༔ ཡིད་འོང་གཙང་མའི་གནས་དག་ཏུ༔ ཕྱིང་པ་དཀར་པོའི་གདན་ཁ་རུ༔ ནས་དཀར་གཡུང་དྲུང་འབྲི་བར་བྱ༔ རྒོད་སྒྲོ་ཅན་གྱི་མདའ་མོ་ལ༔ དར་མཐིང་བཏགས་ལ་དབུས་སུ་གཟུག༔ སྨན་ལེབ་གསང་ཕྱི་ལྷ་བཤོས་དང་༔ འབྲང་རྒྱན་བཙན་བཤོས་འབྲས་ལུག་དང་༔ མར་ལ་གཡག་གཟུགས་བཟོས་པ་བཤམས༔ ལུག་གི་སྟོད་ཤ་ཆང་ཕུད་འགོད༔ སྤོས་དཀར་བསྲེག་ཅིང་སྔགས་འདི་བཟླ༔ ཨཱོཾ་མུག་ཤྲི༔ ཀུད་ཤྲི༔ པྲི་ན་དན་ཏེ༔ གང་གོ་ཏ་ཡ༔ གང་འགོ་མ༔ ཧ་ར་ཧ་ར་ཕྱེས༔ པི་ཏི་ཀ་རུ་ན༔ ཤོ་མ་ལ་ད་ར༔ རཱ་ཙ་ཕྱེ་ཕྱེ༔ ཨཱོཾ་དི་རི་དི་རི༔ དུ་རུ་དུ་རུ་ཤག་ཤག༔ ཚལ་པ་ཚལ་པ༔ པྲ་མོ་ཤག་པྲ་མོ་ཤག༔ ཙི་རི་ཤ་སྒོ༔ ནིར་ཏི་ཐོལ་ཐོལ༔ ཡང་ཤོག་ཏི་ཕོབ་ཕོབ༔ སྨྲོས་སྨྲོས་ཡ་ཡཱ༔ ཆུ་བུར་མིག་གི་སྒོ་ཕྱེས༔ ལྷའི་མིག་སྟོན་ཞིག་ཡ་ཡཱ༔ ཅེས་པའི་སྔགས་འདི་ཞག་བདུན་བཟླས༔ བཟང་ངན་རྣ་བར་སྨྲ་བ་དང་༔ ལྷ་འདྲེ་མིག་གི་མཐོང་བ་ཡོང་༔ ས་མ་ཡཱ༔ དེ་ནས་གཞན་ལ་པྲ་འབེབས་ན༔ རྫས་རྣམས་བསྒྲུབ་པའི་དུས་ལྟར་འགོད༔ པྲ་བརྟེན་ཁྱེའུ་བུ་མོ་སོགས༔ གཙང་མ་སྣམ་དཀར་གདན་ལ་བཞག༔ སྤོས་དཀར་བསྲེག་ཅིང་སྔགས་བཟླས་ནས༔ ནས་དཀར་གཏོར་བས་ཁྱེའུ་འདར༔ མིག་སྔར་ལྷ་འདྲེ་ཐམས་ཅད་མཐོང་༔ ལེགས་ཉེས་ཐམས་ཅད་སྨྲ་བར་བྱེད༔ འཇོག་ཚེ་གོང་གི་རྫས་རྣམས་མཆོད༔ སྔགས་འཕྲོ་བཅད་པས་མཐོང་མི་འགྱུར༔ ཆོས་ལ་སྤྱོད་པའི་དོན་དུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་དུས་སུ་གཞན་དོན་དུ༔ ཆར་པ་འབེབས་ན་འདི་ལྟར་བྱ༔ དཀར་གསུམ་མངར་གསུམ་གཞི་བླངས་ལ༔ ཀླུ་སྨན་སྤྱི་འགྲོས་བཞིན་དུ་བསགས༔ སྐྱོབས་ལ་བག་ཕྱེ་གཙང་མ་སྦྱར༔ རིལ་བུ་སྲན་མ་སྦོས་པ་ཙམ༔ བརྒྱ་དང་རྩ་བརྒྱད་དག་ཏུ་སྒྲིལ༔ དཀར་ཕྱོགས་ཀླུ་གནས་ཆུ་མིག་ནང་༔ གསེར་རམ་ཟངས་ཀྱི་སྣོད་དུ་བླུག༔ མཎྜལ་བ་ཡི་རྣམ་ལྔས་འབྱུག༔ འདབ་བརྒྱད་པདྨར་ཀླུ་བརྒྱད་གཟུགས༔ བག་ཟན་བཙོས་པའི་ཟན་ལ་བཟོ༔ ཕུ་བརྒྱད་རྡུལ་ཚོན་བྲིས་བའི་སྟེང་༔ དགོད་ཅིང་དབུས་སུ་རིལ་བུ་བཤམས༔ རང་ཉིད་ཡི་དམ་ལྷ་རུ་གསལ༔ བདེན་སྟོབས་བརྗོད་ཅིང་ཀླུ་རྣམས་དགུག༔ གཟུགས་ལ་གཉིས་མེད་ཡང་ཡང་བསྟིམ༔ རྣལ་འབྱོར་ལྷོའམ་ནུབ་ཏུ་བལྟ༔ ཤར་དུ་ཀླུ་ལ་གཏོར་མ་གཏོང་༔ ལྷོ་རུ་ཀླུ་ཡི་སྤང་སྐོང་འདོན༔ ནུབ་ཏུ་ཡུལ་ལྷར་བསང་བརྔན་མཆོད༔ བྱང་དུ་སཱཙྪ་གདབ་པར་བྱ༔ དབུས་སུ་སྔགས་འདི་རིལ་བུ་རེར༔ བརྒྱ་རྩ་རེ་རེ་བཟླས་ནས་ཀྱང་༔ ཆུ་མིག་རྫིང་བུའི་ནང་དུ་བཞག༔ རིལ་བུ་རྫོགས་ཤིང་སྔགས་གྲངས་ཚང་༔ ཆར་འབེབས་མྱུ་གུས་འགྲོ་བ་འཚོ༔ ཀླུ་ཡི་ཐེབས་བཟློག་གཞན་མཚུངས་བསྟུན༔ སྔགས་ནི་འདི་ལྟར་བཟླ་བར་བྱ༔ ཨཱོཾ་ནཱ་ག་ཀ་ལ་ཀ་ལ་ཧཱུྃ་ཕཊ༔ ནཱ་ག་ལེ་ལེ༔ དུམ་བ་ལེ་ལེ༔ ནཱ་ག་ར་ཙ་ཧཱུཾ་ཕཊ༔ ཆར་ཕོབ་༔ དྲག་ཏུ་ཕོབ༔ མྱུར་དུ་ཕོབ༔ ནཱ་ག་ནི་སྭཱ་ཧཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གལ་སྲིད་ཞི་བས་མ་ཕེབས་ན༔ དྲག་པོའི་ལས་འདི་བྱ་བའོ༔ མཚན་ངན་ཐོད་པའི་ནང་དུ་ནི༔ ཡུངས་ཀར་ཀེ་ཚེ་ཤངས་ཚེ་དང་༔ རྡོ་དཀར་རྡོ་ནག་དུག་ཁྲག་དང་༔ ཐུན་རྫས་རིལ་བུའི་མལ་དུ་བཞག༔ དེ་སྟེང་དཔལ་གྱི་གཏོར་མ་བཤམས༔ ཡི་དམ་གང་ཡིན་ལས་གཞུང་བསྲང་༔ བསྙེན་པ་བརྒྱ་སྟོང་ཁ་གསོ་ཞིང་༔ ཀླུ་རྣམས་ཀླུ་གཟུགས་དག་ལ་བསྟིམ༔ བདེན་སྟོབས་བརྗོད་ཅིང་ཕྱག་རྒྱས་བསྡམས༔ དབང་དུ་བསྡུ་བའི་སྔགས་འདི་འདོན༔ ཨཱོཾ་བྷི་ལི་བྷི་ལི༔ བྷ་ཤ་བྷ་ཤ༔ བ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ༔ ཕཊ་ཕཊ་ཕཊ༔ སྭཱ་ཧཱ༔ ཐུམ་ཐུམ༔ ཆེམ་ཆེམ་༔ བཛྲ་ཁ་བྱེད་ཆད༔ ཅེས་བཟླ༔ སྤོག་ཆོག་དབང་སྡུད་སྔགས་ཡིན་ཞིང་༔ འབྲུག་སྐད་འབྱིན་བྱེད་སྔགས་འདིའོ༔ ཨཱོཾ་ཀྲ་ཏི་ཞིམ་གྱི་ཚེ༔ པ་ར་ན་ལོ་ཅི་ཤ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ སྤྲིན་རྣམས་སྡུད་བྱེད་སྔགས་འདིའོ༔ ན་མོ་བྷ་ག་བྷ་ཏི་རཏྣ་ཡཱ༔ ཏདྱ་ཐཱ༔ ཨ་ན་ལེ་༔ བྷི་ཤ་དྷེ༔ བེ་རེ་བེ་རེ་དཾ་དཾ་ཐིབ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་སབ་སབ༔ ཧཱུྃ་ཧཱུྃ་སིབ་སིབ༔ རླུང་གནོན་སྔགས་ནི་འདི་ཡིན་ཏེ༔ ཧི་ཧི་ཧི་ལ་ནན༔ ཆུར་ཡ་ཆར་ཡ་ནན༔ བྷ་ཡུ་སྟམ་བྷ་ཡ་ནན༔ དེ་ལྟར་ཐབས་དང་རྟེན་འབྲེལ་གྱི༔ སྔགས་རྣམས་བཟླས་ཀྱང་མ་ཕེབས་ན༔ རང་ཉིད་ཡི་དམ་ལྷ་རུ་བསྒོམས༔ ལག་སོར་ལྔ་པོ་ཁྱུང་ལྔར་བསམས༔ ཀླུ་གཟུགས་རྣམས་ལ་ཐུན་གྱིས་བྲབ༔ ནང་ནུབ་དགུང་དང་ཐུན་གསུམ་དུ༔ ཡི་དམ་གང་ཡིན་ལས་གཞུང་བསྲང་༔ ལས་སྦྱོར་དྲག་སྔགས་རང་བཞིན་འཇུག༔ ཧཱུྃ་ནཱ་ག་ཀ་ལ་ཐུན་བྷྱོ༔ ནཱ་ག་ར་ཙ་ཐུན་བྷྱོ༔ ནཱ་ག་ར་ཙ་སརྦ་ནི་ཐུན་བྷྱོ༔ ནཱ་ག་ར་ཙ་ཧ་ཧེ་ཡ་ཧཱུྃ་ཕཊ༔ ཐུན་བྷྱོ༔ བཛྲ་ཀཱི་ལི་ཀཱི་ལཱ་ཡ་ནཱ་ག་ནི་ཐུན་བྷྱོ༔ ནཱ་ག་ར་ཙ་ཁྲོཾ་གྷ་རུ་ཎ་ཐུན་བྷྱོ༔ ཕོབ་ཡ་༔ ཕོབ་ཡ༔ ཆར་ཕོབ་མྱུར་དུ་ཕོབ༔ དྲག་ཏུ་ཕོབ༔ ཅེས་བཟླས་ཀླུ་ཡུལ་གཏིང་དགུ་ན༔ བྱེ་ཚན་ཆར་དང་མཁའ་ལྡིང་འཇིགས༔ དྲག་སྔགས་ཐུན་གྱི་ཆར་བབས་པས༔ ཀླུ་རྣམས་མ་བཟོད་དངངས་སྐྲགས་ཡེད༔ ཆར་ཆེན་མྱུར་དུ་ཕབ་པར་བསམས༔ འདི་ལྟར་ལས་སྦྱོར་བརྩམས་གྱུར་ན༔ བསྐལ་པའི་མེ་ཆེན་འབར་ནའང་༔ ཆར་གྱི་རྒྱུན་ནི་མ་བབས་ན༔ པདྨ་བདག་གིས་མ་ཤེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ དམ་ཉམས་དགྲ་བོ་སྒྲོལ་འདོད་ན༔ གྲོ་གའམ་ནི་ཤིང་ཤུན་ལ༔ དགྲ་བོའི་ལིང་ག་འབྲི་བར་བྱ༔ སྙིང་གར་ནྲི་ལ་ཛ༔ གྲཾ་བསྐོར༔ མིང་གྲངས་དགྲ་བོ་དུ་ཡོད་རྣམས༔ སྙིང་གར་ཁུག་ཅིག་བྱ་བ་འབྲི༔ དེ་ཡི་ཐ་མར་སྔགས་འདིས་བསྐོར༔ དམ་ཉམས་དགྲ་བོ་མིང་འདི་ཞེས་བགྱི་བའི་བླ་ཚེ་རྣམ་ཤེས་སྲོག་དང་བཅས་པ་ཐམས་ཅད་ཁུག་ཅིག་ནན༔ བྷྲཱུྃ་བྷྲཱུྃ་ལཾ་ལཾ་སྟམ་བྷ་ཡ་ནན༔ ཀཱ་ཡ་ཝཱཀྐ་ཙིཏྟ་ནན༔ ཆེ་གེ་མོ་མཱ་ར་ཡ་རྦད་ནན༔ ཨ་མུ་ཀ་སརྦ་ཙིཏྟ་གཟེར་ཐུམ་ནན༔ ཅེས་འདྲི་ལིངྒའི་ཐ་མ་ལ༔ རང་ཉིད་ཡི་དམ་གང་བྱེད་ཀྱི༔ དྲག་སྔགས་དམོད་བཅོལ་སྣ་ཚོགས་འབྲི༔ དགྲ་བོའི་ཟག་རྫས་ལིངྒར་བྱུག༔ རོ་སོལ་བྱུགས་པའི་ཧོམ་ཁུང་ནང་༔ ལིངྒ་བཞག་ཅིང་ཐུན་རྣམས་འགོད༔ ཡི་དམ་གང་ཡིན་ལས་གཞུང་བསྲང་༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བདེན་སྟོབས་བརྗོད་ཅིང་དགུག་གཞུག་བྱ༔ ཡི་དམ་སྔགས་ཤམ་འདི་གདགས་བཟླ༔ ཀྲིང་ཝང་ཧཱུྃ་ཧྲཱི༔ ད་ནི་ད་ནི༔ དུ་ནི་དུ་ནི༔ ཆེ་གེ་མོ་ཁུག་རིལ་མཱ་ར་ཡ་རྦད་ནན༔ ཁྲི་ཚོ་གཅིག་ཏུ་བཟླས་ནས་ཀྱང་༔ ལྷ་དབྱེ་ཐུན་དང་སྔགས་ཀྱིས་བྲབ༔ ཁྱི་སྤུ་ར་བལ་སྐུད་པས་བསྡམས༔ མཆེ་བ་ཅན་གྱི་ཐོད་པའི་ནང་༔ མི་ཁའི་རྫས་དང་བཅས་ཏེ་བླུག༔ ཟིན་འཕུང་ཉི་ནག་གང་འཛོམ་ལ༔ སྔགས་པ་བདུད་ཆས་ཞུགས་ཏེ་ཁྱེར༔ ཆུ་མིག་ཁ་ནི་བྱང་དུ་བལྟ༔ གདོལ་པ་ནག་པོའི་ཕོ་བྲང་གི༔ ཆུ་འབབ་ཐུར་དུ་ཁྲུ་གང་གཞལ༔ སྔགས་དམིགས་ཏིང་འཛིན་ལྡན་པ་ཡི༔ གྲུ་གསུམ་རྣམ་པའི་ཚུལ་དུ་བརྐོ༔ ཡུལ་དེར་གནས་པའི་ལྷ་ཀླུ་ལ༔ གསེར་སྐྱེམས་མཆོད་ཅིང་བདེན་པ་བརྡར༔ མ་ཉེས་དཔང་གཞུག་དམོད་པ་བཅོལ༔ ཀླུ་བདུད་ནག་པོའི་ཁ་ནང་དུ༔ དགྲ་བོ་འཁོར་བཅས་ཚུད་པར་བསམས༔ དགུག་གཞུག་ཐོད་པ་དོང་དུ་སྦ༔ རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ ལྟ་བྲོ་བརྡུང་ཞིང་ཏིང་འཛིན་གསལ༔ དགྲ་བོ་མི་ནོར་འཁོར་དང་བཅས༔ ཀླུ་ཡི་འཕུང་ཐབས་སྣ་དགུ་ཡིས༔ བརླག་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་དུས་ཀྱི་ཡང་མཐའ་ལ༔ ཉམས་པ་ཆམ་ལ་དབབ་པའི་ཕྱིར༔ ངག་མནན་འདོད་ན་འདི་ལྟར་བྱ༔ རབ་ནི་མི་ཡི་པགས་པའམ༔ ཐ་ན་གྲོ་ག་དུག་ཤོག་ལ༔ ལྕེ་ཡིས་བྲང་ཁྱབ་ལིངྒ་འབྲི༔ ལྕེ་དེའི་དཀྱིལ་དུ་ཝཱཀྐ་ནན་བྱ་བ་འབྲི༔ ཐ་མར་སྔགས་འདིས་བསྐོར་བར་བྱ༔ ཆེ་གེ་མོའི་ལུས་ངག་ཡིད་གསུམ་ཁྱབ་བྱེད་ཀྱི་རྩ་དང་རླུང་རོ་ཚོལ་གྱི་འཁོར་ལོ་སྨྲ་བྱེད་ལྕེའི་དབང་པོ་སརྦ་ཧུར་ཐུམ་ཛ༔ མཱ་ར་ཡ་ནན༔ སྟམ་བྷ་ཡ་ནན༔ ཨ་ནན༔ ཨུ་ནན༔ ཨོ་ནན༔ ཨེ་ནན༔ ཨ་ཨཏྒ་ཝཱཀ་ནན༔ ཧཱུྃ་ཧཱུྃ་ལཾ་ལཾ་མཱ་ར་ཡ་ནནཿཅེས་འབྲི་དེ་ཡི་སྤྱི་བོར་ནན༔ འདོམས་ལ་ཕཊ༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ བྱ་བ་འབྲི༔ ཡན་ལག་ལྕགས་སྒྲོག་གིས་བསྡམས༔ ལིངྒའི་ཐ་མར་དམོད་བཅོལ་འབྲི༔ ཟག་རྫས་མཆིལ་སྣབས་ལིངྒར་བྱུག༔ རང་ཉིད་ཡི་དམ་ལྷ་རུ་གསལ༔ ལིངྒ་འབྲུབ་ཁུང་ནང་དུ་གཞུག༔ བདེན་སྟོབས་བརྗོད་ཅིང་དགུག་གཞུག་བྱ༔ སྔགས་འདི་འབུམ་དུ་བཟླ་བར་བྱ༔ ཨཱོཾ་ཧཾ་ཤིང་ཨ་མུ་ཀ་ཨ་ཏི་པ་ར་ན་ནན༔ ཡུངས་ཀར་ཐུན་རྣམས་སྔགས་ལ་བྲབ༔ དམིགས་་པའི་དགྲ་བོ་གང་ཡིན་ཏེ༔ སྔགས་ཐུན་ཁྲོ་ཆུ་ཁོལ་མ་ཡིས༔ ལྕེ་དང་དབང་པོ་བསྲེགས་ནས་ཀྱང་༔ མེ་ལྕེ་ཁ་ཡི་སྦྲང་བུ་ལྟར༔ རྡུལ་ཕྲན་བཞིན་དུ་བརླགས་པར་བསམས༔ མ་ཡེངས་རྩེ་གཅིག་སྔགས་ཐུན་གཟིར༔ སྔགས་གྲངས་རྫོགས་ནས་ལིངྒ་དེ༔ ཚོན་སྐུད་ཀྱིས་བསྡམས་གླང་རུར་བཅུག༔ ཆུ་མིག་ལྐུགས་པའི་ནང་དུ་མནན༔ གནོད་པར་བྱེད་པའི་དགྲ་བོ་དེ༔ ལྐུག་ཅིང་རེངས་བར་གདོན་མི་ཟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ངག་མནན་འགྲོལ་བར་བྱ་འདོད་ན༔ མ་གི་ཏ་ཡི་ཆུ་ནང་དུ༔ བཟང་པོ་དྲུག་གི་སྨན་སྣ་དང་༔ བྱ་རོག་འུག་པའི་སྒྲོ་ཡི་གཞོབ༔ རིན་ཆེན་བརྡར་བའི་ཕྱེ་མ་བཏབ༔ བུམ་ནང་བླུགས་ལ་སྔགས་འདི་བཟླ༔ ཨཱོཾ་ཀ་ཡ་ཝཱཀྐ་ཙིཏྟ་བཛྲ་ཧ་ཤིནྟ་ཤག་བྱེར༔ ཡར་ཡར་བྱེར༔ མོ་ཁ་ཡ་བྱེར༔ འཛམྦྷ་ཡ་བྱེར༔ ཟློག་བྷྱོ༔ སྔགས་འདི་ལན་གྲངས་ཉེར་གཅིག་བཟླས༔ བུམ་ནང་ཆུ་ལ་བཏབ་ནས་ཀྱང་༔ དུས་གསུམ་བུམ་པའི་ཆུ་འཐུངས་ན༔ གཏད་དང་ངག་མནན་བྱས་པ་དང་༔ བྱད་དུ་བཅུག་པའི་གནོད་པ་ཡིས༔ འཇིགས་པར་མི་ནུས་རྡོ་་རྗེའི་མཁར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་བསྙེན་སྒྲུབ་ཐེམས་པ་ཡིས༔ མ་འོངས་དུས་ཀྱིས་ཡང་མཐའ་ལ༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ལས་ཚོགས་རིམ་པ་ཉེར་གཉིས་པ༔ ཨོ་རྒྱན་པདྨ་བདག་གིས་བཀོད༔ འགྲོ་བའི་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ཟབ་པའི་མཐར་ཐུག་ལས་ཚོགས་འདི༔ མཐའ་དབུས་གཏེར་ཁ་འགའ་ལ་སྦས༔ ཟབ་པའི་ནང་ནས་ཡང་ཟབ་པ༔ སྙིང་པོའི་བཅུད་ཕྱུངས་འདི་ཡིན་པས༔ ཆོས་ལྡན་རྣམས་ཀྱི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལམ། །

བདུད་རྩིའི་ལས་ཚོགས་གསོ་དཔྱད།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་རྩིའི་ལས་ཚོགས་གསོ་དཔྱད་བཞུགས་སོ༔ དཔལ་ཆེན་ཧེ་རུ་ཀཿལ་འདུད༔ སྔོན་བྱོན་རྒྱལ་བས་ལུང་བསྟན་ཞིང་༔ རང་དོན་གྲུབ་ནས་གཞན་དོན་དུ༔ ལས་བཞི་རབ་འབྱམས་འཕྲིན་ལས་ཀྱིས༔ འགྲོ་བ་འདྲེན་པའི་པདྨ་ངས༔ བསྐལ་པ་ཡང་མཐའི་སྙིགས་མ་ལ༔ ཕན་ཕྱིར་ཟབ་པའི་གདམས་པ་བཤད༔ ཉམས་སུ་ལོངས་ཤིག་ཕྱི་རབས་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཚན་ཉིད་ལྡན་པའི་བླ་མ་དང་༔ གྲུབ་པ་ཐོབ་པའི་རྣལ་འབྱོར་པ༔ ཚུལ་ཁྲིམས་རྣམ་དག་དགེ་སྦྱོར་གསུམ༔ ས་ཕྱོགས་གང་དུ་འདུག་ཀྱང་བཙལ༔ བདུད་རྩི་དྲི་ཆེན་དངོས་གྲུབ་ཞུ༔ རང་གི་འབག་བཙོག་ཁ་ཟས་སྤང་༔ བསིལ་དྲོད་སྙོམས་པའི་དུས་དག་དང་༔ ཁྱད་པར་འབྲས་བུ་སྨིན་པའི་དུས༔ རང་གི་དྲི་ཆེན་རྩ་བ་སྤང་༔ རྩེ་མོ་དོར་ཞིང་རྐེད་པ་བསྒྲུབ༔ མང་ཉུང་རང་གི་འདོད་ལྟར་བསགས༔ སྐྱེ་བ་བདུན་པའི་ཤ་ཆེན་ནམ༔ བྱིས་པ་ལོ་བརྒྱད་བཅུ་དྲུག་སོགས༔ ནད་ཡུན་དྲག་པོས་མ་མནར་ཞིང་༔ སྨྱོ་དང་དུག་གིས་མ་ཤི་བའི༔ ཤ་ཆེན་དག་ནི་བསགས་པར་བྱ༔ མཚན་ལྡན་བླ་མའི་བྱང་སེམས་དང་༔ བཅུ་དྲུག་གཞོན་ནུའི་ཀུནྡ་དང་༔ བུད་མེད་རིགས་ལྡན་མགོ་གཙང་གཞོན༔ དམ་ཚིག་གཙང་མའི་རཀྟ་སྟེ༔ བྱང་སེམས་དཀར་དམར་གཉིས་ཀྱང་བསགས༔ བླ་མ་ཡབ་ཡུམ་རང་ཉིད་དང་༔ བྱིས་པ་ལོ་བརྒྱད་དག་གི་ཡང་༔ དྲི་ཆུ་རྣམས་ཀྱང་གསོགས་པར་བྱ༔ དེ་ནས་ཚད་དུ་སྦྱར་བ་ནི༔ དཔེར་ན་བདུད་རྩི་འཇམ་ཆུ་ཙམ༔ ཤ་ཆེན་འཇམ་ཐལ་ཙམ་དུ་བཏབ༔ རཀྟ་དེ་ཡི་སྡོར་ཚད་ལ༔ བྱང་སེམས་ཀླད་པ་ཚྭ་ཚོད་ཙམ༔ དྲི་ཆུ་མང་ཉུང་ཅི་འབྱོར་ཆོག༔ མར་ཁུ་དེ་དང་མཉམ་པར་སྦྱར༔ དེ་དག་མ་ལུས་རྩི་བཞིན་བཏགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུད་རྩིའི་རྒྱལ་པོ་དེ་ཉིད་ལ༔ སྨན་མར་འདོད་ན་འདི་ལྟར་བྱ༔ ཚྭ་དང་བྲག་ཞུན་ཐུན་རེ་ལ༔ ཅོང་ཞི་བཏུལ་མ་ཕུལ་གང་སྦྱར༔ མར་རྙིང་ཞུན་མ་ཁལ་གཅིག་སྟེ༔ འབྲས་བུ་གསུམ་དང་ནད་མཐུན་གྱི༔ སྨན་སྣ་རིག་པས་དཔྱད་དེ་སྦྱར༔ གཙོ་བོ་བདུད་རྩི་བྲེ་གང་གཞི༔ དེ་ལ་རིལ་བུའམ་ཞུན་དུ་བྱས༔ འདི་ལྟར་ཞག་བདུན་ཟླ་བ་དང་༔ ལོ་ལ་སོགས་པར་བརྟེན་གྱུར་ན༔ གཅོང་ཆེན་བཞི་ཡི་ནད་རྣམས་བྱང་༔ ཡོན་ཏན་དཔག་ཏུ་མེད་པ་འཐོབ༔ སྤྱི་འཇོམས་མན་ངག་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ འབྲས་བུ་གསུམ་དང་ཙན་དན་དཀར༔ ཡུངས་ཀར་སྐྱེར་པའི་བར་ཤུན་སྦྱར༔ མིག་གི་ནད་དང་སྦྱར་དུག་ཞི༔ ས་མ་ཡཱ༔ རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ ཚ་བ་གསུམ་དང་དོམ་མཁྲིས་སྦྱར༔ གག་པ་ཨོག་འགག་སེལ་བར་འགྱུར༔ ས་མ་ཡཱ༔ རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ བྱང་སེམས་དཀར་དམར་ཚིལ་ཆེན་དང་༔ བཟང་དྲུག་གླ་རྩི་སྦྱར་བ་ཡིས༔ མཛེ་ནད་སོས་པར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ འབྲས་བུ་གསུམ་དང་ཏིག་ཏ་དང་༔ བཟང་དྲུག་བ་ཤ་བ་ལེ་ཀ༔ ཙན་དན་དཀར་དམར་གླ་རྩི་སྦྲང་༔ གཅོང་ཞི་སྐྱེར་གྱི་ཁཎྜ་སྦྱར༔ མཁྲིས་པའི་ནད་རྣམས་སེལ་བར་བྱེད༔ ས་མ་ཡཱ༔ རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ བུ་རམ་མར་རྙིང་ཛ་ཏི་དང་༔ ཚིལ་ཆེན་མངར་གསུམ་འབྲས་བུ་གསུམ༔ སྦྱར་བས་སྙིང་རླུང་མགོ་འཐོམ་སེལ༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ རྟ་དཀར་ཁྲག་དང་མར་ཁུ་སྦྱར༔ སྟོད་ནད་ཤ་འཛེར་སེལ་བར་བྱེད༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ གུ་གུལ་ཤུ་དག་ནག་པོ་གཉིས༔ སེའི་འབྲུ་སྦྱར་བས་ཕོ་ལྷོག་ཞི༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ མུ་ཟི་གུ་གུལ་སྦྱར་བ་ཡིས༔ ཕོལ་མིག་རུས་ནད་ཞི་བར་བྱེད༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ ཚ་བ་གསུམ་དང་ཚྭ་སྣ་སྦྱར༔ གྲང་ནད་མ་ལུས་སེལ་བར་བྱེད༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ མུ་ཟི་སེར་པོ་ཅོང་ཞི་དང་༔ སྒོག་སྐྱ་སྦྱར་བཏང་བད་མཁྲིས་སེལ༔ ས་མ་ཡ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ ཤུ་དག་དཀར་པོ་སྦྱར་བཏང་ན༔ གློ་བའི་ནད་རིགས་སེལ་བར་བྱེད༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ བྲག་ཞུན་སྦྱར་ཟོས་མཆིན་ནད་སེལ༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ བཟང་དྲུག་ཀ་ར་སྦྱར་བ་ཡིས༔ ཁྲག་ནད་སེལ་བར་བྱེད་པའོ༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ ཉེ་ཤིང་ཁལ་གཅིག་སྦྱར་ནས་ཀྱང་༔ ཟླ་དྲུག་བསྟེན་ན་རྐང་མགྱོགས་འགྲུབ༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ ར་མོ་ཤག་སྦྱར་རྒྱུན་བསྟེན་ན༔ མཁའ་ལ་བྱ་བཞིན་འཕུར་བར་ནུས་༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ བྱ་ཕོ་ཚ་ལུ་མཆིལ་པའི་ཤ༔ སྦལ་པ་སྨུག་པོའི་སྨན་སྦྱར་ན༔ བུད་མེད་བརྒྱ་ལ་བུ་འབྱིན་ནུས༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ བུར་རྙིང་མར་ཁུ་བྲེ་རེ་རེ༔ ཛ་ཏི་བོང་ང་ལུག་རིལ་ཙམ༔ ཚ་བ་གསུམ་སྦྱར་དུས་གསུམ་དུ༔ ཁ་ཟས་ཞུ་བའི་མཚམས་བསྟེན་ན༔ གློ་སྙིང་སྟོད་ཀྱི་ནད་རིགས་སེལ༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ འབྲུམ་ཤི་མི་ཡི་ཐོད་པ་དང་༔ ཡུངས་ཀར་སྒོག་སྐྱ་མི་རུས་སྙིང་༔ རྟ་ཡི་སྦངས་ཁུས་རིལ་བུ་སྒྲིལ༔ ཞག་བཞིར་བསྟེན་པས་འབྲུམ་ནད་སེལ༔ ས་མ་ཡཱ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩིའི་རྒྱལ་པོ་ལ༔ ལྕགས་ཕྱེ་ཨ་བར་ཙན་དན་གཉིས༔ སྐྱེར་གྱི་ཁཎྜ་རྣམས་སྦྱར་བས༔ མིག་གི་ནད་རྣམས་སེལ་བར་བྱེད༔ ས་མ་ཡཱ༔ ཨྠིྀ་རྒྱ༔ བདུད་རྩིའི་རྒྱལ་པོ་མཆོག་དེ་ནི༔ གོང་དུ་སྨོས་བཞིན་བསྒྲུབས་ནས་ཀྱང་༔ གཞན་གྱི་ཁ་ཚར་མེད་པ་རུ༔ བདུན་གཅིག་ཟླ་བ་ལོ་ལ་སོགས༔ བསྟེན་པས་དངོས་གྲུབ་མཐའ་ཡས་ཏེ༔ མཆོག་གི་འབྲས་བུ་མཁའ་སྤྱོད་འགྲུབ༔ ཐུན་མོང་གྲུབ་ཆེན་སྨོས་ཅི་དགོས༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སྨོན་ལམ་བཏབ༔ རྡོ་རྗེ་འབར་བས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་བདེ་ཆེན་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།

ཆོས་བདག་སྐལ་ལྡན་ལུང་བསྟན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཆོས་བདག་སྐལ་ལྡན་ལུང་བསྟན་བཞུགས་སོ༔ རྩ་གསུམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ༔ རྣམ་པ་ཀུན་ཏུ་གུས་པས་སྐྱབས་སུ་མཆི༔ དེ་ཡང་བསམ་ཡས་མཆིམས་ཕུའི་བྲག་དམར་དགེ་གོང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ བདག་ཅག་རྗེ་འབངས་རྒྱལ་བློན་རྣམས་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་འཁོན་ཀླུའི་དབང་པོ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་བ་གྲངས་མང་བར་བསྐོར༔ དེའི་ཚེ་ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ པ་གོར་བཻ་རོ་ཙ་ན་ལ་སོགས་ཏེ༔ རྒྱལ་བློན་རྗེ་འབངས་འཁོར་དང་བཅས་པའི་རིག་འཛིན་ཕོ་མོ་དཔག་ཏུ་མེད་པ་འཚོགས་ནས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ རྒྱལ་པོས་མགུལ་གཡུ་འོད་ལྡན་འབར་བ་ཕུལ༔ ཀླུ་ཡི་དབང་པོས་གསེར་ཕྱེ་ཁལ་གཅིག་ཕུལ༔ མཚོ་རྒྱལ་བདག་གིས་དངུལ་གྱི་མེ་ལོང་དང་༔ ཨཱ་ཙར་ཡེ་ཤེས་ཆུ་ཤེལ་བུམ་པ་དང་༔ བཻ་རོ་ཙ་ནས་གསེར་གྱི་ཟ་མ་ཏོག༔ གཞན་ཡང་རྗེ་འབངས་ཀུན་གྱིས་རིན་ཆེན་རིགས༔ ཁྱད་པར་འཕགས་པའི་ཟོང་སྣ་རེ་རེ་ཕུལ༔ མགྲིན་གཅིག་སློབ་དཔོན་རྗེ་ལ་འདི་སྐད་ཞུས༔ ཀྱེ་མ་དུས་གསུམ་སངས་རྒྱས་འགྲོ་མགོན་རྗེ༔ བདེ་གཤེགས་ཀུན་འདུས་ཟབ་རྒྱས་མན་ངག་འདྲིལ༔ བླ་མ་ཡི་དམ་ཟུང་འཇུག་སྒྲུབ་པའི་ཆོས༔ ཚིག་ཉུང་དོན་ཆེ་གོ་སླ་ཉུང་བསྡུས་ཤིག༔ བདག་ཅག་རྣམས་ལ་ཐུགས་རྗེས་འཛིན་པར་ཞུ༔ དེ་སྐད་ཞུས་པ་དང་༔ ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་གི་ཞལ་ནས༔ ཀྱེ་ལས་དང་སྐལ་པར་ལྡན་པའི་རིག་འཛིན་ཕོ་མོ་ཁྱེད་རྣམས་ཀྱིས་ཞུས་པ་ཤིན་ཏུ་ལེགས་ཏེ༔ རབ་འཇིགས་ཆེན་པོ་དུར་ཁྲོད་བསིལ་བ་ཚལ་དུ་སྒྲུབ་པ་བཀའ་བརྒྱད་བཀའ་བབས་སྤྱི་དང་བྱེ་བྲག་ཏུ་བྱུང་ཞིང་༔ ཁྱད་པར་ཡོངས་རྫོགས་ཀྱི་བཀའ་བབས་ནི་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ཁོ་ན་ཡིན་ཞིང་༔ དེ་ཐམས་ཅད་འདུས་པ་འོ་མའི་མཚོ་ལྟ་བུ་ལས༔ རིགས་འདུས་བླ་མ་མཆོག་གི་རྩ་རྒྱུད་ལ་བརྟེན་ནས༔ བདག་ཉིད་པདྨ་འབྱུང་གནས་ཡུམ་གར་གྱི་དབང་མོ་མན་ངྷ་རཱ་ཝ་དང་གཉིས་སུ་མེད་པའི་སྒྲུབ་པ་རང་གི་སྒྲུབ་ཐབས་རང་གིས་བརྩམས་པ་འདི༔ བདེ་གཤེགས་ཀུན་འདུས་བྱིན་རླབས་བླ་མའི་སྒྲུབ་པ༔ ཡི་དམ་ཆེན་པོ་སྒྲུབ་པ་བཀའ་བརྒྱད་དང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ༔ ཚིག་ཉུང་ལ་དོན་འདུས་པ་བླ་མའི་སྐུ་རུ་བསྒོམ་ཞིང་ཡི་དམ་གྱི་སྒྲུབ་ཐབས་རྫོགས་པ༔ བདེ་མཆོག་དབང་གི་འཁོར་ལོ་རིག་འཛིན་གྱི་སྒྱུ་འཕྲུལ་ཆེན་པོ་འདི་རྒྱ་གར་འཕགས་པའི་ཡུལ་དུ་སྣོད་ལྡན་འགའ་ལ་ཐོར་ཙམ་བཤད་ཅིང་བོད་ཡུལ་འདིར་སྔོན་གྱི་སྨོན་ལམ་གྱི་མཐུས་འོང་བ་སེམས་ཀྱིས་ཤེས་ཏེ༔ མཁའ་འགྲོའི་ཡི་གེར་བཏབ་ནས་ཁྱེར་འོངས་པ་ཡིན་པས་ཁྱེད་རྣམས་ཀྱིས་ཉམས་སུ་ལོངས་ཤིག༔ ཕྱི་རབས་ཀྱི་དོན་དུ་གཏེར་དུ་ཡང་སྦའོ༔ ཞེས་གསུངས་ཤིང་བདག་ཅག་རྣམས་ལ་བདེ་མཆོག་བླ་མའི་ཆོས་སྐོར་ཡོངས་རྫོགས་སུ་གནང་༔ དེའི་ཚེ་བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་པདྨ་འབྱུང་གནས་ལ་འདི་སྐད་ཞུས་སོ༔ ཀྱེ་སློབ་དཔོན་ཆེན་པོ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བདེ་གཤེགས་འདུས་པ་འོ་མའི་རྒྱ་མཚོ་ལྟ་བུའི་ནང་ནས་སྙིང་པོ་མར་དུ་དྲིལ་བ་བདེ་མཆོག་འཁོར་ལོའི་ཆོས་སྐོར་རྣམས་གནང་བ་སྐུ་དྲིན་མཆོག་ཏུ་ཆེ་ལགས༔ ད་ཟབ་གསང་བླ་མེད་ཀྱི་ཆོས་སྐོར་འདི་རྣམས༔ གཏེར་དུ་སྦ་ན་གནས་གང་དུ་སྦ༔ འདོན་པའི་སྐྱེས་བུ་ཇི་ལྟ་བུ་འབྱུང་༔ འདོན་པའི་དུས་ནམ་ཡིན༔ འགྲོ་དོན་ཡུལ་ཕྱོགས་གང་དུ་དར༔ ཆོས་བདག་གི་སྐལ་ལྡན་གང་འདྲ་འབྱུང་༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཉོན་ཅིག་མཚོ་རྒྱལ༔ བདེ་གཤེགས་ཀུན་འདུས་བྱིན་རླབས་བླ་མའི་སྒྲུབ་སྐོར་འདི༔ གནས་ནི་ཆོས་འཁོར་འདིའི་ནུབ་ཕྱོགས་ཏེ་སེ་གངས་ཀྱི་རྒྱལ་པོ༔ མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་ཕོ་བྲང་༔ བདེ་མཆོག་འཁོར་ལོ་དབང་གི་གཞལ་ཡས་སུ་གཏེར་དུ་སྦའོ༔ འདོན་པའི་གཏེར་སྟོན་ནི་ད་ལྟའི་རིག་འཛིན་གྱི་ཚོམ་བུ་ལ་བཀའ་བབས་མེ་ཏོག་ཕོག་པའི་ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་མཐའ་གསང་མཚན་ཉི་མ་གྲགས་པ་རྩལ་ཞེས་བྱ་བས་འདོན་པར་འགྱུར་རོ༔ དུས་ནི་མ་འོངས་རྩོད་ལྡན་གྱི་ཡང་མཐའ་བཞི་བཅུ་ཁ་རལ་ཏེ་སུམ་ཅུར་ཉེ་བའི་དུས་སུ་འདོན་ནོ༔ འགྲོ་དོན་ནི་སྟོད་སྨད་བར་གསུམ་ཀུན་དང་ཁྱད་པར་སྟོད་ཀྱི་ཕྱོགས་སུ་དར་ཆེ་བར་འོང་༔ ཆོས་བདག་གི་སྐྱེས་བུ་ནི༔ ད་ལྟའི་རིག་འཛིན་ཕོ་མོ་ཁྱེད་རྣམས་ཀྱི་སྐྱེ་བ་དང་༔ ཁྱད་པར་མཆོག་ཏུ་གྱུར་པ་གུ་རུ་པདྨ་འབྱུང་གནས་བདག་གི་ཡང་བླ་མ༔ མཁས་གྲུབ་ཆེན་པོ་མི་བརྒྱད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཆོས་ཀྱི་བདག་པོར་ཡོང་གསུང་པ་དང་༔ བདག་འདྲ་བུད་མེད་ཡེ་ཤེས་འཚོ་རྒྱལ་དང་༔ ལོ་ཙཱ་བ་ཀླུའི་དབང་པོས་རིན་པོ་ཆེའི་མཎྜལ་ཕུལ༔ ཕྱག་དང་སྐོར་བ་མང་དུ་བྱས༔ མགྲིན་གཅིག་སྙན་པའི་དབྱངས་ཀྱིས་འདི་སྐད་ཞུས་སོ༔ འོ་ན་ཆོས་བདག་གི་སློབ་མ་མཁས་གྲུབ་ཆེན་པོ་མི་བརྒྱད་དང་༔ བདག་ཅག་རྗེ་འབངས་རྣམས་ཀྱི་ཆོས་ཀྱི་བདག་པོ་བྱེད་གསུངས་པ་དེ་རྣམས་ཡུལ་དང་ཕྱོགས་གང་འདྲ་ནས་འབྱུང་༔ དུས་གསུམ་མཁྱེན་པའི་སློབ་དཔོན་ཁྱེད་ཀྱིས་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་ཆོས་འདིར་དབང་བའི་བུ་སློབ་ནི༔ སྨོན་ལམ་དབང་གིས་སྟོད་སྨད་བར་གསུམ་ནས༔ རིམ་བཞིན་འོང་སྟེ་མཚོ་ལ་ངང་འདུ་འདྲ༔ གཏེར་གནས་ཆེན་པོའི་ལྷོ་ནུབ་ནས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི༔ རྣལ་འབྱོར་རང་རིག་རས་པ་ཞེས༔ དཔྲལ་བར་ཨ་ཡིས་མཚན་པ་འོང་༔ ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར༔ རི་བོ་བཀྲ་བཟང་གནས་འདབས་སུ༔ ཐུགས་མཆོག་མིང་༔ ཅན་སྐྱེས་བུ་ལ༔ སྨེ་བས་ག་ཤར་བརྒྱན་པ་འོང་༔ སློབ་དཔོན་ཆེན་པོ་པྲ་ཧསྟི༔ མང་ཡུལ་བྱམས་པ་སྤྲིན་ནས་འོང་༔ ཤཱཀྱ་འམ་བདུད་འདུལ་མིང་ཅན་ཞིག༔ ལྟེ་བར་ཕུར་པའི་རི་མོས་མཚན༔ སློབ་དཔོན་ནཱ་ག་རྫུ་ན་ནི༔ ཤཱཀྱའི་མིང་ཅན་རྣལ་འབྱོར་པ༔ གུ་གེ་པུ་རངས་ཡུལ་ནས་འོང་༔ མགྲིན་པར་ཆོས་འབྱུང་རི་མོས་མཚན༔ ཡོན་ཏན་རིག་འཛིན་བི་མ་ལ༔ ཤར་ཕྱོགས་ཁམས་ཀྱི་ཡུལ་ནས་འོང་༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ བརླ་གཡས་ཤ་སྨེ་སྤྱན་འདྲས་མཚན༔ སློབ་དཔོན་ཤཱནྟིང་གྷརྦྷ་ནི༔ ལྷོ་བྲག་མཁར་ཆུའི་བྱང་ནས་འོང་༔ ངག་གམ་དབང་གི་མིང་ཅན་ལ༔ དཔྲལ་བར་གྲུ་གསུམ་རི་མོས་མཚན༔ རིག་འཛིན་ངྷ་ན་སཾ་སྐྲྀ་ཏ༔ གནས་ཆེན་ཙ་རིའི་བྱང་ནས་འོང་༔ རྡོ་རྗེའི་རིག་འཛིན་མིང་ཅན་ལ༔ བརླ་གཡས་སྟག་གི་རི་མོས་མཚན༔ སློབ་དཔོན་རོམ་བྷུ་གྷུ་ཧྱ་ནི༔ པདྨ་བཀོད་ཀྱི་ཤར་འདབས་འབྱུང་༔ རཏྣའི་མིང་ཅན་གསང་སྨེ་ཅན༔ འབྲེལ་ཚད་དོན་ལྡན་སྐྱེས་བུ་འབྱུང་༔ གཞན་ཡང་རྗེ་འབངས་ཁྱེད་རྣམས་ནི༔ སྟོད་སྨད་ཡུལ་གྲུ་མང་ཞིག་ཏུ༔ དག་པའི་ལུས་ལེན་ཆོས་འདི་སྤེལ༔ བསྟན་པ་སེམས་ཅན་དོན་ཆེན་བྱེད༔ ཁྱད་པར་ཆོས་རྒྱལ་སྤྲུལ་ངག་པ་ཡིས༔ བོད་ཡུལ་ལྷ་མིའི་གཙུག་རྒྱན་བྱེད༔ མཚོ་རྒྱལ་དབང་སྤྲུལ་པ་བང་སོར་འབྱུང་༔ བཻ་རོའི་བསྟན་པ་སྤྲུལ་པ་དབུས་ནས་འོང་༔ ནམ་སྙིང་༼རྡོ་རྗེའི༽་སྤྲུལ་པ་གཙང་ནས་འབྱུང་༔ གཡུ་སྒྲའི་སྤྲུལ་༼སྙིང་པོ༽་པ་བྱང་ནས་འོང་༔ རྩེ་མང་༼སྐྱབས༽་སྤྲུལ་པ་ཁམས་ནས་འབྱུང་༔ བདུད་འཇོམས་༼ཕྲིན་ལས༽་སྐྱེ་བ་དབུས་ནས་འོང་༔ ངག་དབང་བསྟན་པ་རྡོ་རྗེ་དང་༔ སྙིང་པོ་སྐྱབས་དང་འཕྲིན་ལས་ཀྱི༔ མིང་ཟུར་ལྡན་པའི་སྐྱེས་མཆོག་བདུན༔ གཞན་ཡང་བདག་གཞན་དོན་བྱེད་པའི༔ ལས་ཅན་སྐྱེས་བུ་འགའ་རེ་འབྱུང་༔ རྗེ་འབངས་ཕལ་གྱི་སྤྲུལ་པ་ཚོས༔ ཆོས་འདིའི་འགྲོ་དོན་ངང་གིས་བྱེད༔ དེ་སྐད་གུ་རུ་རིན་པོ་ཆེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ འོ་ན་རྩ་བ་དང་ཡན་ལག་གི་ཆོས་བདག་དེ་རྣམས་མ་ཡིན་པའི་ཆོས་འདིར་འབྲེལ་པ་ཐོགས་པ་དང་ལམ་སྣ་ཟིན་པ་དུ་ཙམ་འབྱུང་༔ བདག་ལ་གསུང་དུ་གསོལ་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ཟབ་མོའི་དམ་ཆོས་འདི་ཉིད་ལ༔ འབྲེལ་པ་ཐོགས་པ་དུང་ཕྱུར་འབྱུང་༔ ལམ་སྣ་ཟིན་པ་འབུམ་ཚོ་གཅིག༔ ཕྱིར་མི་ལྡོག་པ་ཁྲི་ཚོ་གཅིག༔ ཟབ་ཆོས་འདི་ཡིས་གྲོལ་བར་འགྱུར༔ ཞེས་གསུངས་པ་དང་བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ མ་འོངས་ཀྱི་དུས་སྐལ་ལྡན་སྐྱེས་བུ་ཉི་མ་གྲགས་པ་རྩལ་གྱིས་གཏེར་ལ་སྤྱོད་ཚེ་བདག་གཞན་གྱི་འགྲོ་དོན་གང་འདྲ་ཡོང་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་ང་སྤྲུལ་སྐལ་ལྡན་དེས༔ ཟབ་མོའི་ཆོས་ལ་སྤྱོད་པའི་ཚེ༔ ཆོས་བདག་སྐལ་ལྡན་བྱང་སེམས་དང་༔ ཚོགས་བསགས་འགྲོ་བ་ཕོ་མོ་འགའ༔ སྐྱེས་བུ་དེ་དང་འཕྲད་པའི་ཚེ༔ ཨོ་རྒྱན་ང་དང་གཉིས་མེད་མཐོང་༔ མོས་གུས་འབར་ཞིང་གསོལ་བ་འདེབས༔ འགྲོ་བའི་དོན་མང་འབྱུང་བར་འགྱུར༔ མ་རུངས་བདུད་སྤྲུལ་ཕོ་མོ་དང་༔ བན་སྔགས་སྐྱེ་བོ་རྒྱལ་བློན་འབངས༔ ཁྱད་པར་འགོང་སྤྲུལ་དགེ་བཤེས་གསུམ༔ བུད་མེད་བདུད་མོ་བཞི་རྣམས་ཀྱིས༔ ཀྱལ་སྐུར་སྣ་ཚོགས་འདེབས་པ་ཡིས༔ སྐྱེ་འགྲོ་མང་པོ་ངན་འགྲོར་འཁྲིད༔ མ་འོངས་བདུད་འགོང་ཁ་དར་བས༔ མོས་གུས་འདེམ་རྐྱང་བྲལ་བ་ཡིས༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ ཡུན་དུ་འདྲིས་དང་འགྲོགས་པའི་མི༔ སྣང་བ་ཐེབས་གསུམ་ལོག་པ་འོང་༔ དེ་དུས་ངན་ལེན་མ་འཆང་བར༔ བཟོད་པའི་གོ་ཆ་སེམས་ལ་གོན༔ པདྨ་ང་ལ་གསོལ་བ་ཐོབ༔ འགྲོ་དོན་འབྱུང་བའི་རྟེན་འབྲེལ་ནི༔ གསང་རྒྱ་སྡོམས་ལ་གསང་བར་སྤེལ༔ རང་གི་གསང་བཞིན་ཉམས་སུ་ལོང་༔ ཆོས་འདི་དར་ལ་ཡུན་དུ་གནས༔ འགྲོ་དོན་ཕ་ལས་བུ་བརྒྱུད་བཟང་༔ གསུངས་པ་དང་མཚོ་རྒྱལ་བདག་གིས་སློབ་དཔོན་ལ་ཞུས་པ༔ གུ་རུ་རིན་པོ་ཆེ་སྐལ་ལྡན་བུ་དེ་ལ་བསྟན་འཛིན་གྱི་ཐུགས་སྲས་འབྱུང་ངམ་མི་འབྱུང་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་སྐལ་ལྡན་སྐྱེས་བུ་ལ༔ མཚན་ལྡན་ཐུགས་ཀྱི་གཟུངས་མ་དང་༔ ཕྱི་ནང་རྐྱེན་གྱིས་མ་ཁུར་བར༔ རྟེན་འབྲེལ་ཟབ་མོའི་གནད་འགྲིག་ན༔ ཕྱག་རྡོར་སྤྲུལ་པའི་ཐུགས་སྲས་འབྱུང་༔ མི་རབས་བདུན་ལ་རིག་པ་འཛིན༔ རྒྱུན་མི་ཆད་པས་འགྲོ་བ་འདྲེན༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་ཏེ་སེ་གངས་ཀྱི་ཕོ་བྲང་དུ་སྲུང་མ་ལ་བཅོལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེའི་གངས་ནས་གདན་དྲངས་པའོ། །མངྒ་ལཾ།

གོ་ཆ་རྒྱན་གྱི་ལྷ་དབང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ གོ་ཆ་རྒྱན་གྱི་ལྷ་དབང་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བླ་མ་ཡི་དམ་ཟུང་དུ་འཇུག༔ མཆོག་ཐུན་དངོས་གྲུབ་མྱུར་དུ་འཐོབ༔ དེ་ཕྱིར་དཔལ་བརྒྱད་རྒྱན་གྱི་ལྷའི༔ བྱིན་རླབས་དབང་གི་རིམ་པ་ཞིག༔ ཟུར་དུ་གསལ་བར་པདྨས་བཀོད༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་སྒྲུབ་ཆེན་མོའི་གཙོ་བོ་ཡབ་ཡུམ་གྱི་དབང་བསྐུར་བའི་མཇུག་ཏུ༔ སློབ་མ་རྣམས་ཐོད་པ་རྩལ་ཡབ་ཡུམ་དུ་བསྐྱེད་ཅིང་༔ དཔལ་ཆེན་པོ་བརྒྱད་ཀྱི་གོ་ཆ་རྒྱན་གྱི་ལྷ་དབང་འདི་བསྐུར་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུད་རྩིའི་གའུ་ལག་ཏུ་གཏད༔ ཆེ་མཆོག་ཡབ་ཡུམ་གྱི་སྐུ་སྤྱི་བོར་བཞག་ཅིང་༔ ཧཱུྃ་ཧྲཱི༔ ཆོས་སྐུ་མཉམ་ཉིད་ངང་ལས་མ་གཡོས་ཀྱང་༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཁྲོ་མོ་གནམ་ཞལ་མ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་ཆེ་མཆོག་རིགས་བདག་དབང་ཐོབ་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧེ་རུ་ཀཿམ་ཧཱ་ཀྲོ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཁོར་ལོ་བེ་ཅོན་ལག་ཏུ་གཏད༔ དཔྲལ་བར་གཤིན་རྗེའི་སྐུ་བཞག་ཅིང་༔ ཧཱུྃ་ཧྲཱི༔ ང་རྒྱལ་རི་ལྟར་སྤུངས་པའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ གཉིས་མེད་ཡུམ་ཆེན་པེ་ཏ་ཙ་ལི་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྔེའུ་ཆུང་ལག་ཏུ་གཏད༔ པདྨ་དབང་གི་སྐུ་མགྲིན་པར་བཞག་ཅིང་༔ ཧཱུྃ་ཧྲཱི༔ འདོད་ཆགས་ཆུ་ལྟར་ཁོལ་བའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་པདྨ་གཟི་ལྡན་ཡུམ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ལག་ཏུ་གཏད༔ ཡང་དག་གི་སྐུ་སྙིང་གར་བཞག་ལ༔ ཧཱུྃ་ཧྲཱི༔ ཞེ་སྡང་མེ་ལྟར་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རི་མ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྕགས་ཕུར་ལག་ཏུ་གཏད་ལ༔ ལྟེ་བར་རྡོ་རྗེ་གཞོན་ནུའི་སྐུ་བཞག་ལ༔ ཧཱུྃ་ཧྲཱི༔ ཕྲག་དོག་རླུང་ལྟར་འཚུབ་པའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྒྱལ༔ གཉིས་མེད་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བྷིག་ནན་བཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྷན་ངྷ་ལག་ཏུ་གཏད༔ གསང་བར་མངོན་རྫོགས་ཀྱི་སྐུ་བཞག་ལ༔ ཧཱུྃ་ཧྲཱི༔ ཞིང་ཆེན་གསར་རྙིང་བརྩིགས་པའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཉིད་བཞི་མུ་ཁ་ལེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་གྷུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་སྟྭཾ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཨཱ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐོད་པ་ལྕང་ལོ་ཅན་ལག་ཏུ་གཏད༔ དྲེགས་པ་ཀུན་འདུལ་གྱི་སྐུ་བརླ་གཡས་པའི་སྟེང་དུ་བཞག་ཅིང་༔ ཧཱུྃ་ཧྲཱི༔ དུག་ལྔ་མེ་ལྟར་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་རྗེ༔ གཉིས་མེད་ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཙིཏྟ་ལག་ཏུ་གཏད༔ བརླ་གཡོན་པར་དྲག་སྔགས་ཀྱི་སྐུ་བཞག་ཅིང་༔ ཧཱུྃ་ཧྲཱི༔ གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཡབ༔ གཉིས་མེད་ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡབ་ཡུམ་གཉིས་སུ་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་སརྦ་དུཥྟན་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་གནས་བརྒྱད་དུ་བསྐུར་ཞིང་བསྐྱེད་རིམ་ཡང་དེ་ལྟར་དུ་བསྒོམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་ཨོ་རྒྱན་གྱིས༔ བདེ་བྱེད་བརྩེགས་པའི་མཆོད་རྟེན་ནས༔ བཀའ་བརྒྱད་སྤྱི་དང་བྱེ་བྲག་གི༔ བཀའ་བབས་ཐོབ་ཅིང་དངོས་གྲུབ་བརྙེས༔ དཔལ་ཆེན་རིག་འཛིན་བདེ་མཆོག་གི༔ ཡི་དམ་གོ་ཆ་རྒྱན་གྱི་ལྷ༔ སྒྲུབ་པ་བཀའ་བརྒྱད་ཡིན་པའི་ཕྱིར༔ མངའ་བདག་རྗེ་འབངས་རྒྱུན་འཁྱེར་དུ༔ བླ་མ་ཡི་དམ་གཉིས་མེད་ཆོས༔ རིག་འཛིན་འདུས་པའི་རྒྱུད་ལྟར་བརྩམས༔ མ་འོངས་དོན་དུ་ཡི་གེར་བྲིས༔ ཏེ་སེ་གངས་ལ་སྦས་ཏེ་རྒྱ༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ ལྷ་བཙན་ཆེན་པོས་གཏེར་འདི་འཚོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁོ་བོ་འགྲོ་འདུལ་གླིང་པས་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཏེ། སླར་ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་བོད་ཀྱི་ཡི་གེར་ཕབ་པའོ། །མངྒ་ལཾ། །

དོན་དབང་ཡིད་བཞིན་ནོར་བུ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དོན་དབང་ཡིད་བཞིན་ནོར་བུ་བཞུགས་སོ༔ དཔལ་ཧེ་རུ་ཀ༔ ལ་ཕྱག་འཚལ་ལོ༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ མཎྜལ་དྲི་ཡིས་ཆག་ཆག་གདབ༔ ཚངས་པའི་ཐིག་ལ་དཀྱིལ་འཁོར་འབྲི༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ སྟ་གོན་ལེགས་བྱས་བུམ་པ་བཞག༔ བདུད་རྩི་མན་ཤེལ་དྲི་མེད་དང་༔ དྲིལ་བུ་རྡོ་རྫེ་རྩེ་ལྔ་པ༔ གཏོར་མ་རྒྱན་ལྡན་རྣམ་ལྔ་བཤམས༔ སློབ་དཔོན་དབང་གི་སྟ་གོན་དང་༔ བསྙེན་སྒྲུབ་ཁ་གསོ་ཏིང་འཛིན་བསྐྱེད༔ བདག་འཇུག་བླང་ཞིང་གཞན་དོན་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དམ་ལྡན་སློབ་བུ་ནི༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཨེ་མ་མགོན་པོ་ཐུགས་རྗེའི་བདག༔ དཀྱིལ་འཁོར་ལྷ་ཚོགས་འདུས་པའི་དཔལ༔ རིག་འཛིན་ཆེན་པོ་བདག་ལ་དགོངས༔ སྐུ་གསུང་ཐུགས་ཀྱི་སྨིན་གྲོལ་སྩོལ༔ གསུམ༔ དེ་ནས་སློབ་དཔོན་གྱིས༔ ཁྱེད་ཅག་མི་ལུས་དོན་དང་ལྡན༔ གསང་སྔགས་ཆོས་ཀྱི་སྨིན་གྲོལ་འདི༔ དམ་ལ་གནས་ན་དངོས་གྲུབ་འཐོབ༔ དམ་མེད་ཉམས་ན་དམྱལ་བར་བསྲེག༔ དེ་བས་དམ་ཚིག་ཡང་དག་སྲུངས༔ ས་མ་ཡཱཿཨི་དན་ཏེ་ཧཱུྃ༔ ཞེས་དམ་ཆུ་བླུད༔ གནས་གསུམ་དྲི་ཡིས་ཐིག་ལེ་བྱ༔ ཡེ་ཤེས་པ་དབབ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ བུམ་པས་དབང་བསྐུར་འདི་སྐད་དོ༔ ཧཱུྃ་ཧྲཱིཿབུམ་པ་ཆོས་དབྱིངས་བཅུད་ནི་ལྷ་ཡི་སྐུ༔ རིག་འཛིན་འདུས་པའི་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ བྷནྡྷ་ཐོགས་ལ༔ ཧཱུྃ་ཧྲཱིཿབྷན་དྷ་ཆོས་དབྱིངས་བཅུད་ནི་བདུད་རྩིའི་མཚོ༔ རིག་འཛིན་ལྷ་ཚོགས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགག་མེད་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཝཱཀྐ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱི༔ རྡོ་རྗེ་ཐོགས་ལ༔ ཧཱུྃ་ཧྲཱི༔ རྡོ་རྗེ་ཆོས་དབྱིངས་ས་བོན་ལྷ་ཡི་ཐུགས༔ རིག་འཛིན་ལྷ་ཚོགས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་མེད་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དྲིལ་བུ་ཐོགས་ལ༔ ཧཱུྃ་ཧྲཱི༔ དྲིལ་བུ་ཆོས་དབྱིངས་གསུང་དབྱངས་ཡོན་ཏན་ལྷ༔ རིག་འཛིན་ལྷ་ཡི་ཡོན་ཏན་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལེགས་ཚོགས་མཐར་ཕྱིན་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་རཏྣ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ མན་ཤེལ་ཐོགས་ལ༔ ཧཱུྃ་ཧྲཱི༔ མན་ཤེལ་ཆོས་དབྱིངས་འོད་ལྔ་ཕྲིན་ལས་ཏེ༔ རིག་འཛིན་ལྷ་ཚོགས་ཕྲིན་ལས་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐོགས་མེད་རབ་འབྱམས་ཕྲིན་ལས་དབང་ཐོབ་ཤོག༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཨཱ༔ གནས་ལྔར་བསྐུར་རོ་གཏོར་མ་མགོར་བཞག་བཀའ་གཏད་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རིག་འཛིན་ཡོངས་འདུས་ཀྱི༔ བྱིན་རླབས་དོན་དབང་ཡིད་བཞིན་ནོར༔ ཟབ་བཅུད་ཕྱུངས་ནས་པདྨས་བྲིས༔ ལན་གཅིག་འབྲེལ་ཐོགས་འགྲོ་བ་རྣམས༔ མཁའ་སྤྱོད་གནས་སུ་ཨེ་མ་ཧོཿཏེ་སེའི་གངས་ལ་གཏེར་དུ་སྦས༔ སྲུང་མ་རྣམས་ཀྱིས་བྱ་ར་གྱིས༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཉི་མ་གྲགས་པས་ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་ས་ཕོ་རྟ་ལོ་ཧོར་ཟླ་བཅུ་པར་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལམ། །

རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར་བཞུགས་སོ༔ དཔལ་ཆེན་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ བླ་མེད་བྱང་ཆུབ་མྱུར་ཐོབ་དོན༔ གཟུགས་སྐུ་དམ་ཚིག་སེམས་དཔའ་ལ༔ ཡེ་ཤེས་སེམས་དཔའ་བསྟིམ་པའི་ཐབས༔ རིག་འཛིན་པདྨ་བདག་གིས་བཀོད༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་རབ་ཏུ་གནས་པའི་ཆོ་ག་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་གྱིས་སྟོན་ཏེ༔ དང་པོ་སྔོན་དུ་འགྲོ་བ་ལ་འགྲོ་དོན་དུ་སེམས་བསྐྱེད་པ༔ སྐྱབས་གནས་ལ་གསོལ་བ་གདབ་པ༔ བསྲུང་འཁོར་གྱིས་གོ་བསྒོ་བ༔ རྒྱུ་སྔགས་དམིགས་ཀྱིས་སྦྱང་ཞིང་ས་བོན་དུ་བྱིན་གྱིས་བརླབ་པ༔ ཆ་ཚད་ཀྱི་ཉམས་ཆག་བསྐང་ཞིང་གཟུངས་འབུལ་བ༔ དུས་དང་གཟའ་སྐར་ཕྱི་ནང་གི་རྟེན་འབྲེལ་བརྟག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གཞན་དོན་དུ་སེམས་བསྐྱེད་པ་ནི༔ སྐུ་གསུང་ཐུགས་ཀྱི་རྟེན་གང་བཞེངས་ཀྱང་རྟེན་གྱི་སྦྱིན་བདག་དང་༔ སྐུ་གསུང་ཐུགས་ཀྱི་རིག་གང་ཡིན་པ་དེའི་རིགས་གནས་ཀྱི་མཁན་པོ་གཉིས་ཆར་གྱིས་བསྟན་པ་དང་སེམས་ཅན་གྱི་བདེ་ལེགས་འབྱུང་བའི་ཆེད་དུ༔ འདི་ལྟར་ལུས་ངག་གི་དཀའ་བ་སྤྱད་དེ་ཚུལ་བཞིན་བསྒྲུབ་ཅིང་ལེ་ལོ་དང་གཡེང་བ་རྣམས་བོར་ཏེ་ཡང་དག་པར་བསྒྲུབ་པར་བྱའོ༔ བདག་གཞན་སེམས་ཅན་ཐམས་ཅད་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག་སྙམ་པའི་བསམ་པ་རྣམ་པར་དག་པས་བྱང་ཆུབ་ཏུ་སེམས་བསྐྱེད༔ གཉིས་པ་ཡི་དམ་གྱི་ལྷ་གང་བཞེངས་པ་དེ་ཉིད་ལ་སྐྱབས་གནས་རྣམས་ཀྱིས་བསྐོར་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་པར་དམིགས་ནས༔ བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་གསུང་ཐུགས་ཀྱི་རྟེན་གང་བཞེངས་འདོད་པ་འདི་མཐར་མ་ཕྱིན་གྱི་བར་དུ་བདག་ཅག་རྣམས་ལ་བྱིན་གྱིས་རློབས་ཤིག༔ དབང་མཆོག་སྐུར་ཅིག༔ དངོས་གྲུབ་སྩོལ་ཅིག༔ བར་གཅོད་ཐམས་ཅད་ཟློག༔ རེ་ལྟོས་ཁྱོད་རང་ལ་བཅའ་འོ་སྙམ་པའི་ངང་ནས་སྐྱབས་སུ་འགྲོ༔ གསོལ་བ་དྲག་ཏུ་འདེབས༔ གསུམ་པ་བསྲུང་འཁོར་གྱི་གོ་བགོ་བ་ནི༔ ལྷ་གང་བཞེངས་པ་དེའི་ཏིང་ངེ་འཛིན་ནམ་རང་ཉིད་ཀྱི་ཡི་དམ་གང་ཡིན་པ་དེའི་ང་རྒྱལ་གྱི་ངང་ནས༔ གདོན་བགེགས་འབྱུང་པོ་ལོག་པར་འདྲེན་པ་རྣམས་ལ་བཀའ་བསྒོ་ཞིང་ཆོས་བཤད༔ གཉུག་མར་གནས་པའི་དཀར་ཕྱོགས་སྐྱོང་བ་རྣམས་ལ་གསེར་སྐྱེམས་མཆོད་ཅིང་འཕྲིན་ལས་བཅོལ༔ མི་བརྩི་བ་རྣམས་མཚམས་གཅོད་ཅིང་བསྲུང་འཁོར་དྲག་ཏུ་བསྒོམ༔ བཞི་པ་རྒྱུ་སྔགས་དམིགས་ཀྱིས་སྦྱང་ཞིང་ས་བོན་དུ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ་དང་སྭ་བྷཱ་ཝ་སོགས་ཀྱི་སྔགས་བརྗོད་ཅིང་༔ ཏིང་ངེ་འཛིན་གྱིས་སྲེག་སྦྱངས་བཀྲུས་པས༔ སྟོང་པའི་རང་རྩལ་ལས་ས་བོན་གང་ཡིན་པ་དེར་ལམ་གྱིས་གྱུར་བར་བསྒོམ་ཞིང་༔ ས་བོན་གང་ཡིན་ལ་བརྒྱ་རྩ་བཟླ་ཞིང་ཏིཥྛ་བཛྲ་བརྗོད་དོ༔ ལྔ་པ་ཚད་ཀྱི་ཉམས་ཆག་བསྐང་བ་ནི༔ རིས་སུ་བྲིས་པ༔ འབུར་དུ་དོད་པ་གང་ཡིན་ཀྱང་རུང་བ་དང་༔ ཤ་དང་༔ པགས་པ་དང་༔ གོས་འཁྱུད་དང་༔ ཁྲི་དང་༔ ཞིང་ཁམས་ལ་སོགས་ཀྱི་ཆ་ཚད་དུ་གང་མི་ལྡན་པར་གྱུར་པ་རྣམས་ནི༔ ཚེ་འདིར་ཡང་མི་དགེ་བའི་ལྟས་མང་དུ་འབྱུང་ཞིང་༔ ཕྱི་མ་རྣམ་སྨིན་གྱི་ལས་དབང་གིས་ཡང་དག་པར་མནར་བར་བྱེད་པས༔ རིག་གནས་ཀྱི་མཁན་པོས་ཀྱང་གཡོ་རྒྱུ་དང་༔ དེས་ཆོག་དང་༔ མགུ་སླ་དང་༔ འཁོན་རྐྱེན་སོགས་ཀྱི་དབང་དུ་མ་སོང་བར་ཡང་དག་པར་རིག་པའི་གཞུ་ལ་ཤེས་རབ་ཀྱི་མདས་བསྣུན་ཏེ་ཕུལ་དུ་ཕྱིན་པར་གང་བསྒྲུབ་པའི་བསོད་ནམས་ཀྱི་ཆ་ནི་བརྗོད་དུ་མེད་དེ༔ ཚེ་འདིར་ཡང་སྙན་གྲགས་དང་གཟི་བརྗིད་དཔལ་འབྱོར་གྱིས་རབ་ཏུ་ཕྱུག་ཅིང་༔ ཐུན་མོང་གི་ཡོན་ཏན་དཔག་ཏུ་མེད་པ་འཐོབ་བོ༔ ཕྱི་མ་ལྷག་པའི་ལྷ་གང་བཞེངས་པ་དེའི་ཞིང་དུ་གྲོལ་ཞིང་༔ ལས་ཀྱི་དབང་གིས་འཁོར་བར་འཁྱམས་ཀྱང་ཆོས་ལྡན་གྱི་མི་ལུས་རིགས་རུས་ཕུན་སུམ་ཚོགས་པ་ཁོ་ནར་སྐྱེ་ཞིང་ལྷག་པའི་ལྷ་དེ་ཡི་དམ་དུ་འོང་ཞིང་དངོས་གྲུབ་འཐོབ་པར་འགྱུར་རོ༔ རྟེན་གྱི་སྦྱིན་བདག་དེས་ཀྱང་ཚུལ་དང་མི་མཐུན་པར་སྒོ་གསུམ་ལོག་པར་སྤྱོད་ན༔ བཀྲ་ཤིས་པའི་ཡོན་ཏན་བསོད་ནམས་ཀྱི་ཆ་དང་བཅས་པ་ཐམས་ཅད་ནུབ་ནས་འདི་ཕྱི་བར་གསུམ་དུ་དགེ་ལེགས་གྱི་འབྲས་བུ་སད་ཀྱིས་ཁྱེར་བ་ཞེས་བྱ་བ་ཡིན་པས༔ རིག་གནས་ཀྱི་མཁན་པོ་ཡི་དམ་གྱི་ལྷ་དང་བཅས་པ་ལ་དད་ཅིང་གུས་པ༔ ངོས་ལྐོག་དང་ཁ་གསག་སྟོང་ཞུས་ལ་སོགས་པ་སྟེ༔ མདོར་ན་སེར་སྣ་འཇུར་གེགས་ཀྱི་འཁྲི་བས་མ་བཅིངས་པར་ཚུལ་བཞིན་དུ་མཆོད་པ་དང་༔ རིམ་གྲོ་བསྐུར་སྟི་ཕུན་སུམ་ཚོགས་པས་སྤྱི་བོར་བཀུར་ཞིང་རབ་ཏུ་བརྟེན་པར་བྱའོ༔ ཡང་དག་པར་བཀུར་བར་བྱའོ༔ དེ་ལྟར་གྱི་བསོད་ནམས་ནི་མཐའ་ཡས་པ་འཐོབ་ཅིང་འདོད་པའི་དོན་གང་ཡིན་པ་ཐམས་ཅད་བདེ་ལེགས་སུ་འགྲུབ་ཅིང་༔ མཐར་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ངང་ནས་རིགས་བདག་གི་གོ་འཕང་འགྲུབ་པར་འགྱུར་ཞིང་༔ བདག་གཞན་གྱི་དོན་མཐར་ཕྱིན་པར་འགྲུབ་བོ༔ མདོར་ན་སྦྱིན་བདག་གིས་བཟོ་བོ་ཡོན་དང་བཀུར་སྟིས་མཆོད་པ་ནི༔ དུས་གསུམ་གྱི་བདེ་གཤེགས་རྣམས་ཡང་དག་པར་མཆོད་པ་དང་མཉམ་མོ༔ རིག་གནས་པས་ཀྱང་ཆ་ཚད་དང་ལྡན་པར་རྟེན་གང་བཞེངས་པ་དེའི་བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཐུན་མོང་དུ་འདུ་བྱེད་ཅིང་༔ རབ་ཏུ་གནས་པའི་ཆོ་ག་སོགས་ཀྱང་མ་གྲུབ་པར་གྱུར་ཀྱང་འགལ་བ་མེད་དོ༔ ཆ་ཚད་དང་གང་མི་ལྡན་པའི་རྟེན་གྱི་རིགས་ལ་རབ་ཏུ་གནས་པ་ཡང་མི་བྱ་ཞིང་༔ གལ་སྲིད་རབ་ཏུ་གནས་ཀྱང་ཡེ་ཤེས་པ་ཆགས་པར་ཡང་མི་སྲིད་ལ༔ ལྷ་བསད་པའི་ཉེས་པ་འབྱུང་བས་སྤང་བར་བྱའོ༔ སྐུ་གསུང་ཐུགས་ཀྱི་རྟེན་ཆ་ཚད་དང་མི་ལྡན་པའི་རིགས་གང་ཡིན་པ་དེ་ཡུལ་ཕྱོགས་དང་གྲོང་ཁྱེར་དགོན་བརྡལ་གང་དུ་གནས་ཀྱང་བཀྲ་མི་ཤིས་ཤིང་༔ དགེ་ལེགས་དང་ཡོན་ཏན་གྱི་ཆ་འགྲིབ་པས་ཡང་དག་པར་སྤང་བར་བྱའོ༔ དེ་ལྟར་མཆོད་གནས་དང་སྦྱིན་བདག་གང་གིས་ཀྱང་ཉེས་སྐྱོན་མ་བསྡམས་པས་རྟེན་ཆ་ཚད་དང་མི་ལྡན་པའི་རིགས་ལ་དབང་མེད་དུ་རབ་ཏུ་གནས་དགོས་བྱུང་ན༔ ཆ་ཚད་ཀྱི་ཉམས་ཆག་འདི་ལྟར་བསྐང་བར་བྱ་སྟེ༔ མཁས་གྲུབ་ཁྱད་པར་ཅན་གྱིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ཁྱད་པར་དུ་འཕགས་པ་ཞིག་ལ་གཟུངས་ཁྲུས་གསོལ་ཞིང་༔ དྲི་བཟང་གི་གཟུངས་ཁྲུས་གསོལ་བའི་ཆུ་དེས་རྟེན་གསར་བ་གང་ཡིན་པ་དེ་ལ་ཁྲུས་བྱས་ན་ཆ་ཚད་ཀྱི་ཉམས་ཆག་སྐོང་བར་འགྱུར་རོ༔ ཡང་ནང་གི་གཟུངས་མེད་པའམ་ཉམས་པའམ་ལྷག་ཆད་དུ་གྱུར་པ་གསོ་བའི་ཐབས་ནི༔ ཨཱོཾ་ཨཱཿཧཱུྃ་གསུམ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་གསེར་གྱིས་མཐིང་ཤོག་གམ་མཚལ་ལམ་རྒྱ་སྣག་གིས་རྒྱ་ཤོག་ལ་བྲིས་གཟུངས་སུ་ཕུལ་ན་ལྷག་ཆད་ཁ་འགང་ངོ༔ ཡང་ཏིང་ངེ་འཛིན་མེད་པའི་རིགས་སམ་ཀློང་དུ་མ་གྱུར་ཞིང་རྩལ་ཤུགས་ཆུང་བས་རབ་གནས་བྱས་ཀྱང་ཡེ་ཤེས་པ་མི་ཆགས་པས༔ རྟེན་དེ་ལ་དམིགས་ནས༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ༔ ཅེས་བརྗོད་ཅིང་ཆོས་ཉིད་སྤྲོས་བྲལ་གྱི་ངང་ནས་དམ་ཚིག་ཡེ་ཤེས་གཉིས་མེད་དུ་ལམ་མེར་བསྐྱེད་ཅིང་ཤིས་བརྗོད་དང་མེ་ཏོག་གཏོར་བས་ལྷག་ཆད་བསྐང་ངོ༔ དྲུག་པ་གཟུངས་དབུལ་བ་ནི༔ ན་མ་དུ་སརྦ་བྷུངྔྷེ་བྷྱ་སྭཱ་ཧཱ༔ ཨཱོཾ་ན་མཿས་མནྟ་བྷུདྡྷ་ནཾ་ཧཱུྃ་ཧཱུྃ༔ གཙུག་ཏོར་བྱིན་གྱིས་བརླབ་པའི་གཟུངས་སོ༔ བཛྲ་བཛྲ་ཧོ་ཧཱུྃ་ཕཊ་སྭཱ་ཧཱ༔ དབུ་སྐྲ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་ཏེ་ཡད་ངྷེ་སརྦ་ཏ་ཐཱ་ག་ཏ་ཧྲཱིཿད་ཡཱ་གྷ་རྦེ་ཛྭ་ལ་དྷརྨཱ་དྷརྟུ་གྷརྦེ་སཾ་ཧ་ར་ཧཱུྃ༔ ཨཱ་ཡུ་སང་ཤོ་ངྷ་ཡཱ༔ པཱ་པཾ་སརྦ་ཏ་ཐཱ་ག་ཏ་ཧྲིཿད་ཡཱ༔ ས་མནྟ་ཏ་ཐཱ་ག་ཏྱ་ཥྞི་ཤ་བྷི་མ་ལ་བྷི་ཤུངྔྷེ་སྭཱ་ཧཱ༔ དབུ་ཀླད་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་རུ་རཱུ་ཏིཥྛ་སིངྔྷི་ལོ་ཙ་ནི༔ སརྦ་ཨརྡ་ས་ངྷ་ནེ་སྭཱ་ཧཱ༔ སྤྱན་གཉིས་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ མཛོད་སྤུ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧ་རི་ཧ་རི་སྭཱ་ཧཱ༔ སྨིན་མ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་ཧ་ཧོ་ཧ་སྭཱ་ཧཱ༔ སྙན་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ངྷེ་བྱ་ག་ནེ་ཡེ་སྭཱ་ཧཱ༔ ཤངས་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་ཧཱུྃ་སྭཱ་ཧཱ༔ མཆུ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་ཏ་ཡ་སྭཱ་ཧཱ༔ ལྗགས་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧ་ར་ཧ་ར་སྭཱ་ཧཱ༔ འཇིང་པ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་རི་ཏེ་སྭཱ་ཧཱ༔ མགྲིན་པ་བྱིན་གྱིས་བརླབ་པའི་གཟུངས་སོ༔ བཛྲ་བཛྲ་ཧོ་རཾ་སྭཱ་ཧཱ༔ མཆན་ཁུང་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ནི་ཧོ་ར་ཧོ་ར་སྭཱ་ཧཱ༔ ཕྱག་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་ཧོ་རོང་བྷ་སྭཱ་ཧཱ༔ སྙིང་ག་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་པ་ཡ་སྭཱ་ཧཱ༔ རྐང་པ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་བཾ་ཧོ་བྷི་ནི་སྭཱ་ཧཱ༔ རྩིབས་མ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་ཨ་བྷཾ་སྭཱ་ཧཱ༔ ལྟེ་བ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་བཾ་བཾ་སྭཱ་ཧཱ༔ གསང་བ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཨཱོཾ་བཛྲ་ཧོ་ཤུ་ཤུ་སྭཱ་ཧཱ༔ རྐེད་པ་བྱིན་གྱིས་བརླབ་པའི་གཟུངས་སོ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཛཿབཾ༔ ཅེས་པད་འདབ་ལ་འགོད་ཞབས་གཉིས་མཐིལ་དུ་གཞུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨཱོཾ་ཨཱཿ་ཧཱུྃ་བྷོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿ༔ དབུ་གཙུག་དང་སྐྲ་ལ་གཞུག༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དུང་ཁང་ལ་གཞུག༔ ཨོཾ་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧཱུྃ་ཧུ་ལུ་ཧུ་ལུ་ཧ་ཡ་གྷྲཱི་ཝ་ཧཱུྃ་ཕཊ༔ ལོངས་སྤྱོད་འཁོར་ལོ་ལ་གཞུག༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨཱོཾ་ཨཱཿ་ཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སི་ངྔྷི་ཧཱུྃ་༔ ཨཱོཾ་ཨཱཿ་ཧཱུྃ་བཛྲ་གུ་རུ་ངྷེ་ཝ་ངྷཀྐི་ནི་བཛྲ་ས་མ་ཡ་ཛ༔ སིངྔྷི་ཕ་ལ་ཧཱུྃ༔ ཧྲི་མ་ཧ་ར་ིནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཆོས་ཀྱི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོར་གཞུག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བྷིག་ནན་བཾ་ཧཱུྃ་ཕཊ༔ ཕྱག་གཉིས་ལ་གཞུག༔ ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བདེ་སྐྱོང་འཁོར་ལོ་ལ་གཞུག༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟནཧཱུྃ་ཕཊ༔ ཞབས་གཡས་ཀྱི་ནང་དུ་གཞུག༔ ཨཱོཾ་བཛྲ་སརྦ་དུཥྟ་ན་ཧཱུྃ་ཕཊ༔ ཞབས་གཡོན་གྱི་ནང་དུ་གཞུག༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲི་ཧེ་རུ་ཀཿཧཱུྃ་ཕཊ༔ བླ་མ་མཁའ་འགྲོ་རིག་འཛིན་སོགས་ཀྱི་སྤྱི་བོར་རིགས་བདག་ཏུ་གཞུག་ཅིང་༔ ཡི་དམ་གྱི་སྐུ་ཡིན་ན་ཐུགས་ཀར་གཞུག་སྟེ༔ རིག་འཛིན་གྱི་སྙིང་པོ་རིགས་བདག་ཏུ་འཕྲུལ་ཤེས་པར་བྱའོ༔ ལར་ཀྲི་ཡོག་སོགས་ཕྱི་རྒྱུད་ཀྱི་ལྷ་རྣམས་ལ་གཟུངས་གོང་མ་རྣམས་དང་མདོ་གཟུངས་རྣམས་དབུལ༔ བླ་མེད་ཀྱི་ལྷ་ལ་གཟུངས་གོང་མ་མེད་ཀྱང་འགལ་བ་མེད་ཅིང་༔ ཡི་དམ་གྱི་སྙིང་པོ་དེ་རྣམས་གནས་སོ་སོར་འགོད་ཅིང་༔ ཁྱད་པར་ལྷ་གང་ཡིན་པ་དེའི་བསྙེན་སྒྲུབ་ལས་སྦྱོར་རྣམས་ཐུགས་ཀ་དང་ལྟེ་བ་ལ་འབུལ་བ་ནི་ཁྱད་པར་གྱི་གནད་དོ༔ ཡི་དམ་དང་ཁྲོ་བོ་སོགས་ཁྱུང་གི་དབུ་རྒྱན་ཅན་རྣམས་ལ༔ ཨཱོཾ་ཁྲོཾ་གྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་ཁྱུང་གི་གཟུངས་ལ་གཞུག་པར་བྱའོ༔ ཆོས་སྐྱོང་དང་ནོར་ལྷ་སོགས་ལ་ནི་རང་རང་གི་སྲོག་སྔགས་བླ་རྡོ་འབོད་རྦད་བསད་པ་ལ་སོགས་ཁོ་ན་གཙོ་ཆེ་ཞིང་སྐྱེ་རྒྱུད་དང་མཐུན་པར་ཡེ་ཤེས་ཀྱི་སྤྲུལ་རྒྱུད་གོང་གནོན་རིགས་བདག་ཏུ་འབུལ་བ་དང་༔ བླ་རྡོ་འབོད་རྦད་བསད་གསུམ་ཐུགས་ཀ་དང་༔ ལྟེ་བ་གསང་གནས་ཞབས་འོག་ཡན་ཆད་དུ་འབུལ་བ་གནད་དོ༔ གཟུངས་འབུལ་བའི་སྔོན་དུ་རྟེན་གང་ཡིན་པ་དེ་གུ་གུལ་གྱིས་བདུག༔ དྲག་སྔགས་ཀྱི་ཐུན་གྱིས་བྲབ༔ བསྲུང་བའི་འཁོར་ལོ་ཆེས་ཆེར་གསལ༔ ཛཱ་ཏི་གུར་གུམ་ག་བུར་ཨ་ཀ་རུ་སོགས་དྲི་བཟང་སྦྱངས་བའི་ཆུས་སྐུའི་ནང་དུ་ཁྱབ་པར་བྱུག༔ གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་གསུམ་གསེར་གྱིས་བྲིས་པ་འགོད༔ རྟེན་འབྲེལ་སྙིང་པོ་དང་ཡིག་བརྒྱ་ཐུགས་ཀར་གཞུག༔ འདི་ནི་སྐུ་རྟེན་དང་ཐུགས་རྟེན་སྤྱི་འགྲོས་ཡིན་ཞིང་༔ ཡང་གསང་སྔགས་ནང་གི་ལྷ་ཞི་བའི་རིགས་རྣམས་རིགས་ལྔ་སོ་སོའི་སྐུ་རིགས་དང་མཐུན་པར་སྐུ་གང་ཡིན་པ་དེའི་སྙིང་པོ་ཐུགས་ཀ༔ གཞན་བཞི་གནས་བཀོད་ཤེས་རབ་ཀྱིས་དཔྱོད་ཤེས་པར་བྱའོ༔ མ་རྒྱུད་ཀྱི་ལྷ་ལའང་མཁའ་འགྲོ་སྡེ་ལྔ་དང་རིགས་བཞིའི་ཕག་མོ་སོགས་གོང་དང་འདྲའོ༔ ཁྱད་པར་ཐུགས་རྟེན་ལ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཧྲཱི༔ ད་ཡ་མ་ཎི་ཤ་རི་ཏི་པ་ཡེ་སྭཱ་ཧཱ༔ དྷརྨ་དྷརྟུ་གྷརྦྷེ་ཧྲཱི༔ ངྷ་ཡ་སྭཱ་ཧཱ༔ ཨཱོཾ་ཙིཏྟ་སཾ་བྷ་ཝ་དྷརྨཱ་བྷི་ཤུདྡྷེ་སྭཱ་ཧཱ༔ ཅེས་གཟུངས་སུ་གཞུག་གོ༔ གསུང་རྟེན་ཡིན་ན་རྒྱབ་ཡིག་ཏུ་དབྱངས་གསལ་ལྔ་བཅུ་དང་༔ ཨཱོཾ་ཨཱཿ་ཧཱུྃ་གསུམ་རྟེན་འབྲེལ་སྙིང་པོ་འགོད་པར་བྱའོ༔ ལར་སྐུ་གདུང་གི་རིགས་དབུ་ལ་འབུལ༔ ཤེལ་དང་རིང་བསྲེལ་ཐུགས་ཀར་དབུལ༔ རིན་ཆེན་ལྔ་དང་སྨན་ལྔ་སྙིང་པོ་ལྔ་སྤོས་ལྔ་རྣམས་སྐུའི་སྟོད་ཆ་ལ་དབུལ་ཞིང་༔ དར་སྣ་ལྔས་ནི་ནང་གི་རྟེན་རྣམས་དྲིལ༔ འབྲུ་ལྔ་དང་ནོར་ལྷ་ཆོས་སྐྱོང་གི་གཟུངས་གདན་ལ་དབུལ་བ་ནི་གསང་སྔགས་ནང་རྒྱུད་ཀྱི་སྐུ་ལ་ཤེས་སོ༔ རས་བྲིས་ཀྱི་སྐུ་རྣམས་རས་འདུལ་གྱི་དུས་ནས་སྔོན་འགྲོ་གོང་དང་མཚུངས་ཤིང་༔ གཟུངས་སུ་དབུལ་བར་འོས་པའི་བྱིན་རླབས་སྐྱེ་བདུན་བྱང་སེམས་ཨ་ཐམ་མ་འཕེལ་གདུང་སོགས་ཆུ་ལ་སྦྱངས་ཏེ་ཀ་རག་གིས་སྐྱོབས་བྱས་ནས་རས་གཞི་ལ་ནོན་པར་མནན་ཞིང་༔ རྒྱབ་ཏུ་རྣམ་རྒྱལ་མཆོད་རྟེན་གནས་ཡིག་གསུམ་དབྱངས་གསལ་བྱེད་རྟེན་འབྲེལ་སྙིང་པོ༔ ལྷ་གང་ཡིན་གྱི་ཤིས་བརྗོད་དང་བསྟོད་པ་རྣམས་འབྲི༔ ཡང་སྔར་གྱི་རྟེན་རྙིང་པ་ལ་རབ་གནས་སྐྱོར་བ་དང་༔ རྡོ་སྐུ་གྱང་རིས་སོགས་གཟུངས་གཞན་དབུལ་མི་ཐུབ་པའི་རིགས་ལ༔ གཟུངས་སྔགས་རྣམས་ཚར་གསུམ་དུ་བགྲང་ཞིང་གནས་གང་ཡིན་པ་དེ་ལ་དྲི་བཟང་གི་ཆུ་ཐིགས་པ་རེ་འཐོར་ཞིང་༔ གཟུངས་སྔགས་རྣམས་བཀྲ་ལམ་མེར་ཡོད་པར་བསྒོམ་པར་བྱའོ༔ བདུན་པ་དུས་དང་གཟའ་སྐར་ཕྱི་ནང་གི་རྟེན་འབྲེལ་བརྟག་པ་ནི༔ དུས་ཁྱད་པར་ཅན་ཡར་ངོ་དང་དུས་ཆེན་རྣམས་སུ་གཟའ་སྐར་རྒྱལ་ཕུར་རམ་འགྲུབ་སྦྱོར་སོས་དར་བ་ཞིག་བརྩི་བར་བྱའོ༔ ཕྱི་ནང་གི་རྟེན་འབྲེལ་བརྟག་པ་ནི༔ ཡོན་བདག་གི་ཞུ་འབུལ་བྱུང་ཐོག་ནས་བློ་མི་བདེ་ཞིང་སྙིང་མི་དགའ་བ་དང་༔ ཡོན་བདག་དང་རྟེན་གསུམ་མཐོང་བ་ཙམ་གྱིས་ཤེས་རྒྱུད་འཁྲུག་པ་སོགས་བྱུང་ན་སྤང་བར་བྱའོ༔ ཡང་རྨི་ལམ་དུ་ལྟས་ངན་པའི་རིགས་བྱུང་ན་ཡང་སྤང་བར་བྱའོ༔ ཡང་ཉམས་དངས་ཤེས་པ་གསལ་རྨི་ལམ་སོགས་ལྟས་བཟང་ན་ཅི་ནས་ཀྱང་ཕྱིན་ཏེ༔ རྟེན་དེའི་དྲུང་དུ་སླེབས་པ་དང་༔ ཆ་གསུམ་དང་བགེགས་ལ་བགེགས་གཏོར་བཟང་བར་བཤམས་ཏེ༔ བདེན་སྟོབས་བརྗོད་ཅིང་དྲག་ཏུ་བགེགས་བསྐྲད༔ དུད་པས་བདུག༔ ཐུན་གྱིས་བྲབ༔ བགེགས་གཏོར་འབབ་ཆུ་ཆེན་པོའི་གཞུང་དུ་བསྐྱལ༔ རྟེན་ལ་བསྒྲིབ་ཤིང་གདགས༔ ཡེ་ཤེས་ལྷ་ཚོགས་སྐད་ཅིག་དྲན་རྫོགས་ཀྱིས་རྟེན་དེ་ལ་བསྟིམ༔ དེ་དག་རྣམས་ནི་ཁྱད་པར་གྱི་གནད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་རབ་ཏུ་གནས་པའ་ིཆོ་ག་ལ་དོན་བཅུ་བདུན་གྱིས་སྟོན་ཏེ༔ གསོལ་བ་གདབ་པ༔ སྦྱིན་སྲེག་བྱ་བ༔ གྲིབ་དབྱུང་བ༔ ཁྲུས་གསོལ་བ༔ བྱུག་པ༔ ཕྱི་བ༔ བསྙེན་སྒྲུབ་དབང་གི་སྟ་གོན༔ དབང་དོན་གསོལ་འདེབས༔ དབང་སྐུར་བ༔ སྙན་དར་དབུལ་བ༔ ཉེས་སྐྱོན་བསལ་ཞིང་སྒོས་རྫས་དབུལ་བ༔ རྒྱན་འདོགས་པ༔ ན་བཟའ་དབུལ་བ༔ རོལ་མོ་འབུལ་བ༔ མཎྜལ་གྱིས་མཆོད་པ༔ རང་གཞུང་དང་མཐུན་པར་བསྟོད་པས་བསྟོད་པ༔ རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར་བའོ༔ དང་པོ་གསོལ་བ་གདབ་པ་ནི༔ ཡོན་བདག་གིས་བཀྲ་ཤིས་པའི་རྫས་སྐྱེམས་དང་བཅས་པ་ཐོགས་ལ༔ གུས་པའི་ཡིད་ཀྱིས་ཐལ་མོ་སྦྱར་ཏེ་འདི་སྐད་ཞུའོ༔ ཀྱེ་མ༔ འགྲོ་མགོན་བླ་མ་དབང་གི་སྐུ༔ ཐུགས་རྗེ་ཡེ་ཤེས་ཀུན་ཁྱབ་ཀློང་ཡངས་ནས༔ ཚོགས་གཉིས་རྫོགས་ཕྱིར་རྟེན་འདི་བྱིན་རླབས་ཏེ༔ དམ་ཚིག་ཡེ་ཤེས་གཉིས་མེད་དངོས་གྲུབ་སྩོལ༔ ལན་གསུམ་ཞུ༔ ལན་སྦྱིན་པ་ནི༔ ཧོ༔ ཁྱོད་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་ཀྱི་རྟེན༔ རྒྱུ་བཟང་བཀོད་ལེགས་ཡིད་འོང་ལྟ་ན་སྡུག༔ དམ་ཚིག་སྐུ་ལ་ཡེ་ཤེས་ལྷ་དབབ་སྟེ༔ མཆོག་ཐུན་དངོས་གྲུབ་འབྱུང་བར་བདག་གིས་བསྒྲུབ༔ སྐལ་ལྡན་བུ་ཁྱོད་དགའ་བ་མཆོག་ཏུ་སྒོམས༔ ཅེས་གནང་བ་སྦྱིན༔ གཉིས་པ་སྦྱིན་སྲེག་ནི༔ རང་བཞུང་ལྟར་འཚུབ་ཆེ་ཆུང་དང་བསྟུན་པའི་ཞི་བའམ་དྲག་པོའི་སྦྱིན་སྲེག་འདེབས་པར་བྱའོ༔ གསུམ་པ་གྲིབ་དབྱུང་བ་ནི༔ སླ་ངར་མེ་བཏང་ལ་སྐུ་ལ་ལན་གསུམ་བསྐོར་ཏེ་མདུན་ཕྱོགས་སུ་བཞག༔ འབྲས་ཟན་ཆང་གང་པས་སྐུའི་དྲི་མ་ཕྱི་སྐོར་དུ་ཕྱིས་ལ་མེ་ལ་འདོར༔ ཆུ་དང་ཞོ་ཟན་གསུམ་གྱིས་ཀྱང་བཀྲུས་པ་དང་ཕྱིས་ཏེ་སླ་ངར་འདོར༔ ཨཱོཾ་ཨེ་ཧོ་ཤུངྔྷེ་ཤུངྔྷེ༔ ཡཾ་ཧོ་ཤུངྔྷེ་ཤུངྔྷེ༔ རཾ་ཧོ་ཤུངྔྷེ་ཤུངྔྷེ༔ བཾ་ཧོ་ཤུངྔྷེ་ཤུངྔྷེ༔ ལཾ་ཧོ་ཤུངྔྷེ་ཤུངྔྷེ༔ ཨ་ཨ་སརྦ་ཧ་ན་ཡ་སྭཱ་ཧཱ༔ ཅེས་གྲིབ་རྫས་རེ་ལ་ལན་དགུ་རེ་བརྗོད་ཅིང་མཇུག་ཏུ་ཐུན་གྱིས་སླ་ངའི་མེ་རྫས་དང་བཅས་པ་ལ་བྲབ༔ སྐུ་ལ་ལན་གསུམ་ཕྱིར་བསྐོར་ཞིང་༔ བྲབ་རྫས་རྣམས་གྲིབ་རྫས་སུ་བསམས་ཏེ་ཆུ་ལ་འདོར་བར་བྱའོ༔ བཞི་པ་ཁྲུས་ནི༔ ཉེ་ཤིང་སུག་པ་བུལ་ཏོག་འབྲུ་ཕྱེ་རིན་པོ་ཆེ་དང་་སྤོས་ཆུ་སྨན་ཆུ་ལ་སོགས་ཆུ་བདུན་གྱིས་རིམ་པར་བཀྲུ་ཞིང་༔ ཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ དུག་གསུམ་བག་ཆགས་འཁྲུལ་རྟོག་མི་མངའ་ཡང་༔ སེམས་ཅན་ལས་ཀྱི་སྒྲིབ་གཉིས་སྦྱང་སླད་དུ༔ རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ དུག་གསུམ་བག་ཆགས་འཁྲུལ་རྟོག་མི་མངའ་ཡང་༔ སེམས་ཅན་ལས་ཀྱི་སྒྲིབ་གཉིས་སྦྱང་སླད་དུ༔ རྒྱལ་བའི་གསུང་ལ་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་ངག་གི་སྒྲིབ་པ་དག་གྱུར་ཅིག༔ ཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ དུག་གསུམ་བག་ཆགས་འཁྲུལ་རྟོག་མི་མངའ་ཡང་༔ སེམས་ཅན་ལས་ཀྱི་སྒྲིབ་གཉིས་སྦྱང་སླད་དུ༔ རྒྱལ་བའི་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་ཡིད་ཀྱི་སྒྲིབ་གཉིས་དག་གྱུར་ཅིག༔ ཧཱུྃ༔ རང་བྱུང་རྫས་མཆོག་ཆུ་བདུན་ཁྲུས་ཆབ་འདི༔ གླུ་གར་རོལ་མོ་ཕྱག་རྒྱས་ཡོངས་བརྒྱན་ཏེ༔ རིམ་གཉིས་ཏིང་འཛིན་ངང་ནས་ཁྲུས་གསོལ་བས༔ དག་དང་མ་དག་འབགས་བཙོག་མིང་མེད་ཀྱང་༔ འགྲོ་ཀུན་བག་ཆགས་སྒྲིབ་པ་ཀུན་དག་ནས༔ ཕ་རོལ་ཕྱིན་དྲུག་ཡེ་ཤེས་ཡོངས་རྫོགས་ཏེ༔ རྣམ་དག་སྐུ་གསུམ་ཞིང་དུ་སྤྱོད་པར་ཤོག༔ ཨཱོཾ་ན་མ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བྷི་ཤུདྡྷེ་ན་ཡ་སྭཱ་ཧཱ༔ བ་ཡི་རྣམ་ལྔས་མེ་ལོང་ངོས་ལ་བཀྲུ་ཞིང་༔ ཧཱུྃ༔ རང་བྱུང་ཆུ་འདི་གདོད་ནས་རྣམ་པར་དག༔ དྲི་བསུང་ངད་ལྡན་ཁྲུས་ཆབ་འདི་གསོལ་བས༔ སྦྱང་བྱ་སྦྱོང་བྱེད་ངོ་བོར་ཡོངས་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་རུ་ལྷུན་གྲུབ་སྟེ༔ དག་པ་རབ་འབྱམས་ཞིང་དུ་སྤྱོད་པར་ཤོག༔ ཀ་ཡ་བྷི་ཤྭི་ཝརྣེ་ཡེ་སྭཱ་ཧཱ༔ ལྔ་པ་བྱུག་པ་ནི༔ ཏིལ་མར་མེ་ལོང་ལ་བྱུག་སྟེ༔ ཧཱུྃ༔ འབྲུ་མར་རྩི་མར་བྱུག་པའི་རྫས་མཆོག་སྟེ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ ཉོན་མོངས་སྲེད་འཛིན་སྒྲིབ་པ་ཡོངས་དག་ཀྱང་༔ འགྲོ་ཀུན་སྲེད་འཛིན་སྒྲིབ་པ་དག་བྱའི་ཕྱིར༔ རྒྱལ་བའི་སྐུ་ལ་བྱུག་པ་འདི་ཕུལ་བས༔ འགྲོ་དྲུག་སྲེད་འཛིན་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་བཛྲ་བྷུངྔྷ་སརྦ་ཀཱ་ཡ་གྷནྡྷེ་ཨཱཿཧཱུྃ༔ ལྷ་ཡི་སྐུ་ལ་བྱུག་པར་དམིགས༔ དྲུག་པ་ཕྱི་བ་ནི༔ ཀ་ཤི་ཀའི་རས་སམ་དྲི་མེད་ཀྱི་དར་དཀར་ཐོགས་ལཧཱུྃ༔ རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ༔ ཉེས་སྐྱོན་མཚན་མའི་དྲི་མ་མི་མངའ་ཡང་༔ འགྲོ་དྲུག་ཉོན་མོངས་དྲི་མ་དག་བྱའི་ཕྱིར༔ རྒྱལ་བའི་སྐུ་ལ་རྡུལ་ཕྱིས་འདི་ཕུལ་བས༔ འགྲོ་དྲུག་ལས་ཀྱི་སྒྲིབ་པ་ཀུན་དག་ཤོག༔ ཨཱོཾ་ཨ་ར་ཛེ་ཨ་ཝ་ཧ་རི་ནི་ཧཱུྃ་ཕཊ༔ སྭཱ་ཧཱ༔ བདུན་པ་བསྙེན་སྒྲུབ་དབང་གི་སྟ་གོན་ནི༔ རབ་སྐུ་གསུང་ཐུགས་ཀྱི་རྟེན་གང་ཡིན་པ་དེ་དང་མཐུན་པའི་དཀྱིལ་འཁོར་རང་རང་གི་གཞུང་ལྟར་ཞལ་ཕྱེ་ཞིང་བསྙེན་བསྒྲུབ་ལ་འཇུག༔ འབྲིང་རྩ་བ་གསུམ་ཡོངས་དྲིལ་གྱི་དཀྱིལ་འཁོར་ཞིག་ཞལ་དབྱེ༔ ཐ་མ་རང་རང་གི་ཡི་དམ་གང་ཡིན་པ་དཀྱིལ་འཁོར་རང་གཞུང་དང་མཐུན་པར་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བར་བསྙེན་སྒྲུབ་ཀྱི་ཆོ་ག་ལ་འཇུག་ཅིང་༔ སྐུ་གསུང་ཐུགས་ཀྱི་རྟེན་དེ་ཡང་དམ་ཚིག་སེམས་དཔའི་སྐུར་རབ་ཏུ་གསལ་ལ༔ ཡེ་ཤེས་སེམས་དཔའ་དྲག་ཏུ་བསྟིམ་ཞིང་༔ མདོར་ན་དུས་གསུམ་བདེ་གཤེགས་རྣམས་ལ་ང་བདག་དང་ཕྱོགས་འཛིན་གྱི་དྲི་མས་ཡེ་ནས་དབེན་ཞིང་༔ ངོ་བོ་ཉིད་སྐུ་ཡེ་ནས་དབྱེར་མེད་རོ་གཅིག་པའི་ཕྱིར་ཕྱོགས་དང་རིས་སུ་འཛིན་པའི་ལྟ་སྒོམ་གྱི་དུག་གིས་མ་གོས་པར༔ རང་དང་རྟེན་གསུམ་དབང་རྫས་རྣམས་ཐ་དད་ཀྱི་རྣམ་དབྱེ་མེད་པར༔ སྣང་སྟོང་གི་སྐུ་སྐྱེ་མེད་དུ་ལམ་མེ༔ གྲགས་སྟོང་གི་གསུང་འགག་མེད་དུ་ལྷང་ངེ༔ སྤྲོས་བྲལ་གྱི་ཐུགས་གནས་མེད་དུ་རྗེན་ནེར་གསལ་ཞིང་༔ བསྙེན་སྒྲུབ་ཁྲི་འབུམ་སོགས་སྐབས་དང་སྦྱར༔ བརྒྱད་པ་དབང་དོན་གསོལ་འདེབས་ནི༔ རྟེན་བདག་གིས་མེ་ཏོག་དང་བཅས་ཏེ་ཞུ་བ་འདི་སྐད་དོ༔ ཨེ་མ་མགོན་པོ་དུས་གསུམ་བླ་མ་རྗེ༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དམ་པ་དང་༔ བདག་ཅག་འདིར་ཚོགས་སྐལ་ལྡན་མ་ལུས་ལ༔ ཡེ་ཤེས་རབ་འབྱམས་མཆོག་གི་དབང་བསྐུར་སྩོལ༔ ཅེས་ལན་གསུམ་ཞུའོ༔ དགུ་པ་དབང་བསྐུར་བ་ནི༔ གདུགས་དང་རྒྱལ་མཚན་དུང་པི་ཝཾ་ཆ་ལང་རྔ་བོ་ཆེ་ལ་སོགས་པ་ལྷ་རྫས་ཀྱི་རོལ་མོ་སྣ་ཚོགས་ཀྱིས་མཚམས་སྦྱོར་ཞིང་༔ བསྐྱེད་རིམ་གྱི་ངང་ནས་ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་བུམ་པ་སྐུ་དང་གཉིས་སུ་མེད༔ དམ་ཚིག་ཡེ་ཤེས་གཉིས་མེད་རྒྱས་གདབ་ཕྱིར༔ རྒྱལ་བའི་སྐུ་ལ་དབང་མཆོག་འདི་འབུལ་བས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཨཱོཾ་ཀཱ་ཡ་ཛྙཱ་ན་སརྦ་ཏིཥྛ་སིངྔྷི་ཨཱ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་གི་དམིགས་པ་རྩེ་གཅིག་ཏུ་གནད་བསྣུན་ལ༔ ཧཱུྃ༔ གྲགས་སྟོང་བརྗོད་མེད་ཡང་དག་རྡོ་རྗེའི་གསུང་༔ བསྙེན་བསྒྲུབ་ལས་སྦྱོར་ཨཱ་ལི་ཀཱ་ལིའི་ཕྲེང་༔ རྒྱལ་བའི་གསུང་ལ་དབང་མཆོག་འདི་ཕུལ་བས༔ ཚངས་དབྱངས་དྲུག་ཅུ་གསུང་གི་ནུས་ལྡན་ཤོག༔ ཨཱོཾ་ཝཱཀྐ་ཛྙཱ་ན་སརྦ་ཏིཥྛ་སིངྔྷི་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོས་མེད་ཀྱི་ཏིང་འཛིན་བློ་བྲལ་དུ་བཞག་ལ༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཀ་དག་རྒྱལ་བའི་ཐུགས༔ སྣང་སྲིད་འཁོར་འདས་བློ་བྲལ་རྫོགས་པ་ཆེ༔ དུ་མ་རོ་གཅིག་བརྗོད་མེད་སྐྱེ་འགག་བྲལ༔ ཆོས་དབྱིངས་ཡེ་ཤེས་རང་རྩལ་དབང་བསྐུར་བས༔ དུས་གསུམ་འཕོ་འགྱུར་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་ཙིཏྟ་ཛྙཱ་ན་སརྦ་ཏིཥྛ་སིངྔྷི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ལྔ་ཐོགས་ཏེ༔ ཧཱུྃ༔ བདེ་བར་གཤེགས་པ་རིགས་བདག་བཅོམ་ལྡན་འདས༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་རང་བཞིན་འདི༔ དུས་གསུམ་བདེ་གཤེགས་དབུ་ལ་འདི་ཕུལ་བས༔ སྐུ་ལྔ་ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི༔ ཨཱཿཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་ཐོགས་ཏེ༔ ཧཱུྃ༔ ལོངས་སྤྱོད་རབ་རྫོགས་དཔའ་བོ་གཡུལ་ལས་རྒྱལ༔ གཟི་བརྗིད་སྙན་གྲགས་མི་ནུབ་དཔལ་དུ་འབར༔ ལྔ་ལྡན་དར་གྱི་ཅོད་པན་འདི་ཕུལ་བས༔ འཁོར་འདས་སྤང་རྟོགས་ཡེ་ཤེས་མཐར་ཕྱིན་ཤོག༔ ཨཱོཾ་རཏྣ་ཛྙཱ་ན་སརྦ་ཏིཥྛ་སིངྔྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་གཉིས་སུ་མེད་པར་རྒྱས་གདབ་བོ༔ བཅུ་པ་སྙན་དར་དབུལ་བ་ནི༔ རྟེན་ལ་ན་བཟའ་སྣ་ལྔའམ་གང་འབྱོར་ཞིག་ཐོགས་ཏེ༔ ཧཱུྃ༔ སྣ་ཚོགས་ལྷབ་ལྷུབ་ཀ་ཤིའི་རས་དང་དར༔ པཉྩ་ལི་ཀ་ལྷ་རྫས་བཟང་པོའི་གོས༔ དུས་གསུམ་རྒྱལ་བའི་སྐུ་ལ་འདི་འབུལ་བས༔ འགྲོ་ཀུན་ཡེ་ཤེས་མཆོག་གི་སྐུ་གྲུབ་ཤོག༔ ཨཱོཾ་མ་ཧཱ་ཝསྟྲ་ན་ཡེ་སྭཱ་ཧཱ༔ བཅུ་གཅིག་པ་ཉེས་སྐྱོན་བསལ་ཕྱིར་སྒོས་རྫས་དབུལ་བ་ནི༔ སྤྱན་འབྱེད་ཀྱི་གསེར་ཐུར་ལ་ཨུཏྤལ་ཀ་ར་སྦྱར་བ་ཐོགས་ཏེ༔ ཧཱུྃ༔ ཡེ་ཤེས་སྤྱན་ལ་དབྱེ་བསལ་མིང་མེད་ཀྱང་༔ འགྲོ་ཀུན་ཡེ་ཤེས་སྤྱན་དང་ལྡན་བྱའི་ཕྱིར༔ གསེར་གྱི་ཐུར་མས་རྒྱལ་བའི་སྤྱན་དབྱེ་བས༔ དྲི་མེད་ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨཱོཾ་ཙཀྵུ་བྷི་ཤྭ་ངྷ་ན་ཡེ་སྭཱ་ཧཱ༔ དངུལ་གྱི་རྣ་བྲུས་ཐོགས་ཏེ༔ ཧཱུྃ༔ འགག་མེད་སྙན་ལ་དབྱེ་བསལ་མིང་མེད་ཀྱང་༔ འགྲོ་ཀུན་ཆོས་ཀྱི་སྒྲ་དབྱངས་ཐོབ་བྱའི་ཕྱིར༔ དངུལ་གྱི་རྣ་བྲུས་རྒྱལ་བའི་སྙན་བསལ་བས༔ འགྲོ་ཀུན་རྒྱལ་བའི་གསུང་དབྱངས་དོན་རྟོགས་ཤོག༔ ཨཱོཾ་དི་བ་བྱ་ཀཱ་ཡ་ནི་ད་ཀ་ལོ་ཀི་ཨ་པད་ཏ་ཧྲཱ་ིཧཱུྃ་སྭཱ་ཧཱ༔ གསེར་གྱི་སྨང་ཚེར་ཐོགས་ཏེ༔ ཧཱུྃ༔ རྒྱལ་བའི་སྐུ་ལ་ངན་རྟོག་སྤུ་མེད་ཀྱང་༔ འགྲོ་ཀུན་མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཕྱིར༔ གསེར་གྱི་སྨང་ཚེར་བརྡ་ཡིས་ཤངས་བསལ་བས༔ འགྲོ་ཀུན་མཚན་དཔེའི་དྲི་བསུང་ལྡན་པར་ཤོག༔ ཨཱོཾ་བྷ་དིབ་བྱ་ཀ་ན་ཡེ་སརྦ་ལམ་བོ་ད་ར་ཧྲཱིང་ཧྲཱིང་ཧཱུྃ་སྭཱ་ཧཱ༔ གསེར་གྱི་ཞལ་བུའི་ནང་དུ་མངར་གསུམ་ལྡན་པ་ཐོགས་ལ༔ ཧཱུྃ༔ རྒྱལ་བའི་ཞལ་ལ་རོ་མྱོང་འཛིན་བྲལ་ཡང་༔ འགྲོ་ཀུན་རོ་ཡི་སྲེད་འཛིན་དག་བྱའི་ཕྱིར༔ རྒྱལ་བའི་ཞལ་ལ་རོ་ལྡན་བཅུད་ཕུལ་བས༔ འགྲོ་ཀུན་དུ་མ་རོ་གཅིག་དོན་རྟོགས་ཤོག༔ ཨཱོཾ་དིབ་བྱ་མུ་ཁ་ཡེ་གྷནྦྷ་སྭཱ་ཧཱ༔ དངུལ་གྱི་ཚེམས་ཤིང་ཐོགས་ཏེ༔ ཧཱུྃ༔ རྒྱལ་བའི་ཚེམས་ལ་ཉེས་སྐྱོན་ཀུན་བྲལ་ཡང་༔ འགྲོ་ཀུན་སྐྱེ་ཤི་རྩད་ནས་གཅོད་པའི་ཕྱིར༔ དངུལ་གྱི་ཐུར་མས་རྒྱལ་བའི་ཚེམས་བསལ་བས༔ འགྲོ་ཀུན་གསུང་གི་དངོས་གྲུབ་འཐོབ་པར་ཤོག༔ ཨཱོཾ་སརྦ་ལོ་ཀི་ཤྭ་ར་ས་ངྷ་ར་ནི་ཧྲཱི༔ སྭཱ་ཧཱ༔ ལྷ་ལོངས་སྐུའི་རིགས་ལ་དུང་གི་སྐྲ་ཤད་ཕུལ་ནས༔ ཧཱུྃ༔ དབུ་སྐྲ་མཐོན་མཐིང་ཉེས་སྐྱོན་ཀུན་བྲལ་ཡང་༔ འགྲོ་ཀུན་ཐབས་ཤེས་ཡེ་ཤེས་རྟོགས་བྱའི་ཕྱིར༔ དུང་གི་སོ་མང་བརྡ་ཡིས་སྐྲ་ཤད་པས༔ ཐབས་ཤེས་ཡོངས་རྫོགས་ལོངས་སྤྱོད་སྐུ་གྲུབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཧ་རི་ནི་ཧཱུྃ་སྭཱ་ཧཱ༔ ལྷ་སྤྲུལ་སྐུའི་རིགས་ལ་སྐྲ་གཞར་གསེར་ལས་གྲུབ་པ་ཕུལ་ཏེ༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་དབུ་སྐྲ་བླ་མེད་ཀྱང་༔ འགྲོ་ཀུན་བག་ཆགས་སྒྲིབ་པ་དག་བྱའི་ཕྱིར༔ གསེར་གྱི་སྤུ་གྲི་སྐྲ་གཞར་འདི་ཕུལ་བས༔ འགྲོ་རྣམས་མཚན་བཟང་གཙུག་ཏོར་ལྡན་པར་ཤོག༔ ཨཱོཾ་ཀརྨ་ཏིག་སྣ་ཧཱུྃ་སྭཱ་ཧཱ༔ བཅུ་གཉིས་པ་རྒྱན་འདོགས་པ་ནི༔ ལོངས་སྐུའི་རིགས་ལ༔ ཧཱུྃ༔ རིན་ཆེན་སྣ་ཚོགས་དབུ་རྒྱན་སྙན་ལོང་དང་༔ མགུལ་ཆུན་དཔུང་རྒྱན་ཕྱག་ཞབས་གདུ་བུ་སོགས༔ ཨུཏྤལ་ཕྲེང་དང་རྒྱན་དྲུག་ལ་སོགས་རྣམས༔ བདེ་གཤེགས་རྒྱལ་བའི་སྐུ་ལ་འདི་ཕུལ་བས༔ ལམ་ལྔ་ས་བཅུ་ཕར་ཕྱིན་དྲུག་རྫོགས་ནས༔ འགྲོ་ཀུན་རྡོ་རྗེ་འཆང་དབང་མངོན་གྱུར་ཤོག༔ ཨཱོཾ་བཛྲ་རཏྣ་ཀཱ་མ་ལེ་ཀ་ར་ན་ཧཱུྃ་སྭཱ་ཧཱ༔ བཅུ་གསུམ་པ་ན་བཟའ་དབུལ་བ་ནི༔ སྟོད་གཡོག་སྨད་དཀྲིས་དར་དཔྱངས་གསུམ་ཐོགས་ལ༔ ཧཱུྃ༔ རྒྱལ་བའི་སྐུ་ལ་ཚ་བསིལ་མི་མངའ་ཡང་༔ སྟོད་གཡོག་སྨད་དཀྲིས་དར་དཔྱངས་ལྷ་ཡི་གོས༔ སྣ་ཚོགས་སྲབ་འཇམ་ཡང་བ་འདི་འབུལ་བས༔ འགྲོ་རྣམས་འདོད་ཡོན་ཞེན་པ་རང་དག་ནས༔ བྱང་ཆུབ་ཐར་པའི་ལམ་ལ་གནས་པར་ཤོག༔ ཨཱོཾ་བཛྲ་ཝསྟྲ་པུཥྩ་ཨཱ་ཧཱུྃ་སྭཱ་ཧཱ༔ ཡི་དམ་གྱི་རིགས་ལ་དུར་ཁྲོད་ཆས་བརྒྱད་དང་༔ དཔལ་ཆས་བཅུ་སོགས་བུམ་དབང་གི་སྐབས་ལྟར་ལ༔ དེང་འདིར་རྒྱན་མཆོག་དམ་པ་འདི་འབུལ་ལོ༔ ཞེས་མཚམས་སྦྱར་ཏེ་དབུལ་བར་བྱའོ༔ སྤྲུལ་སྐུའི་རིགས་ལ་ཆོས་གོས་རྣམ་གསུམ་ཐོགས་ཏེ༔ ཧཱུྃ༔ ངུར་སྨྲིག་རྟགས་མཆོག་ཚུལ་ཁྲིམས་འཆང་བའི་གོས༔ བླ་གོས་རྣམ་གསུམ་འཁོར་བའི་འཇིགས་བྲལ་རྫས༔ བདེ་གཤེགས་རྒྱལ་བའི་སྐུ་ལ་འདི་ཕུལ་བས༔ བདག་སོགས་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་ཐོབ་ཤོག༔ ཅེས་གོས་སྔགས་དང་བཅས་དབུལ་བར་བྱའོ༔ བཅུ་བཞི་པ་རོལ་མོས་མཆོད་པ་ནི༔ ལྷ་རྫས་ཀྱི་རོལ་མོ་ཚོགས་ཚད་ཐོགས་ཏེ༔ ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པའི་སྐུ་མཆོག་ལ༔ སྐྱོ་དུབ་མཚན་མའི་འཛིན་པ་ཡོངས་བྲལ་ཡང་༔ འགྲོ་ཀུན་སྐྱོ་དུབ་འཇིགས་པ་དབྲལ་བའི་ཕྱིར༔ རྔ་དུང་སིལ་སྙན་པི་ཝང་གླིང་བུ་དང་༔ ཏིང་ཏིང་ཤག་དང་ཅང་ཏེའུ་དྲིལ་བུའི་སྒྲ༔ ཡོལ་བ་བླ་བྲེ་འཕན་གདུགས་རྒྱལ་མཚན་སོགས༔ ཕྱེ་མ་ཕུར་མ་རི་རབ་མཉམ་པས་མཆོད༔ འགྲོ་ཀུན་བདེ་ལེགས་ཡོན་ཏན་ཀུན་ཐོབ་ཤོག༔ ཨཱོཾ་བཛྲ་ཤཔྟ་པཱུཥྩ་ས་མ་ཡེ་སྭཱ་ཧཱ༔ བཅོ་ལྔ་པ་མཎྜལ་གྱི་མཆོད་པ་ནི༔ ཧཱུྃ༔ རྒྱལ་བའི་སྐུ་ལ་སྲེད་འཛིན་མི་མངའ་ཡང་༔ སྟོང་གསུམ་རབ་འབྱམས་ལྷ་མིའི་ལོངས་སྤྱོད་རྫས༔ ཐོགས་མེད་བློ་ཡིས་བླངས་ཏེ་ཡོངས་བསྡུས་ནས༔ བདེ་གཤེགས་རྒྱལ་བ་རྣམས་ལ་དབུལ་བར་བགྱི༔ འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨཱོཾ་རཏྣ་མཎྜལ་པཱུཥྩ་ཨཱཿཧཱུྃ༔ བཅུ་དྲུག་པར་རང་གཞུང་དང་མཐུན་པར་ལྷ་སོ་སོའི་བསྟོད་པས་བསྟོད༔ བཅུ་བདུན་པ་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར་བ་ནི༔ འབྲུ་དཀར་མོ་བདུན་ལྔ་གསུམ་སོགས་ཀྱི་བྲེ་ཚད་ལ༔ སྔགས་པ་དམ་ལྡན་ནམ་དགེ་སྦྱོང་ཁྲིམས་ལྡན་གྱིས་རྟེན་འབྲེལ་སྙིང་པོ་ཁྲི་འབུམ་སྐབས་དང་མཐུན་པར་གདབ༔ དེ་ནས་སྐབས་འདིར་འདུས་པ་རྒྱ་མཚོ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་རྟེན་ལ་མེ་ཏོག་འཐོར༔ དེ་ཡང་རང་བཞིན་ཆོས་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་༔ ཏིང་ངེ་འཛིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་༔ སྣང་བརྙན་གཟུགས་སུ་གྲུབ་པ་རྟེན་གྱི་སྐུར་གསལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དབྱེར་མེད་རོ་གཅིག་གི་ཀློང་དུ་འཁོར་བའི་སེམས་ཅན་མ་སྟོངས་་ཀྱི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པར་བསམས་ལ༔ ཆོས་འཁོར་གསུམ་གྱི་སྙིང་པོ་འབྲུ་གསུམ་ཅི་མང་བཟླ་ཞིང་ཤིས་བརྗོད་སྣ་ཚོགས་ཀྱི་ངང་ནས་མེ་ཏོག་འཐོར་ཞིང་རོལ་མོ་འཁྲོལ་བ་དང་༔ བཀྲ་ཤིས་པའི་གླུ་གར་སྣ་ཚོགས་བརྩེའོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི་བདུན་ཏེ༔ གཉེར་གཏད་པ༔ དབང་བསྐུར་བ༔ དངོས་གྲུབ་ཞུ་བ༔ མཆོད་པར་བཅོལ་བ༔ ཡོན་དང་གྲལ་སྟོན་བྱ་བ༔ རྗེས་བསྐྱང་བ༔ ཕན་ཡོན་བསྟན་པའོ༔ དང་པོ་གཉེར་གཏད་པ་ནི༔ བཀའ་སྲུང་གི་གཏོར་མ་བརྗིད་དང་ལྡན་པ་བཤམས་ལ༔ འབོད་སྔགས་ཀྱིས་ཁུག་པར་བཀུག༔ མཉེས་པར་མཆོད་ཅིང་བསྟོད་དེ་ལས་ཀྱི་གཉེར་གཏད་པ་ནི༔ ན་མོ་སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེ་གསང་སྔགས་རིགས་སྔགས་གཟུངས་སྔགས༔ སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་སོགས་ཀྱི་བདེན་པའི་མཐུ་དང་༔ ཐུགས་རྗེ་བྱིན་རླབས་ནུས་པའི་རྩལ་ཤུགས་ལ་བརྟེན་ནས༔ རྟེན་མཆོག་དམ་པ་འདི་ལ་བཀའ་ཡི་སྲུང་མ་ཆེན་པོ་ཁྱེད་རྣམས་ཀྱིས་བྲན་གྱིས་ཤིག༔ ཕོ་ཉ་གྱིས་ཤིག༔ མངག་གཞུག་མཛོད་ཅིག༔ རྟེན་མཆོག་འདི་བཞུགས་པའི་ཡུལ་ཕྱོགས་རྒྱལ་ཁམས་དང་བཅས་པ་ཐམས་ཅད་ལ༔ བཀྲ་ཤིས་པ་དང་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བར་མཛོད་ཅིག༔ ནད་མུག་མཚོན་འཁྲུག་མཐའི་དམག་དཔུང་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཟློག་ཅིག༔ ཅེས་བརྗོད་གཏོར་མ་འབུལ་ཞིང་ཕུད་ཀྱིས་མཆོད༔ གཉིས་པ་དབང་བསྐུར་བ་ནི༔ བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་རྣམས་ཀྱིས་རྟེན་ལ་མཆོད་འབུལ་ཡོན་བདག་རྣམས་ལ་དབང་བསྐུར་དུ་བྱ་སྟེ༔ ཧཱུྃ༔ རིན་ཆེན་གདུགས་མཆོག་རཏྣའི་ཡུ་བ་ཅན༔ འཁོར་བའི་ཚ་གདུང་འཇིགས་པ་སྐྱོབས་མཛད་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་མཆོག༔ མཆོག་ཐུན་དངོས་གྲུབ་དགོས་འདོད་སྩོལ་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་གསེར་གྱི་ཉ་མོ་འོད་བྱེད་འཁྱུག༔ སྒྲིབ་པ་ཀུན་བསལ་ཤེས་རབ་སྤྱན་ལྡན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ལཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་ཡིད་འོང་མདངས་ལྡན་དྲི་བསུང་འཆང་༔ གསུང་དབྱངས་ཆོས་ཀྱིས་འགྲོ་བ་སྒྲོལ་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་རབ་དཀར་གཡས་འཁྱིལ་བཀྲ་ཤིས་དུང་༔ ཆོས་ཀྱི་སྒྲ་སྒྲོགས་ཆོས་ཀྱི་དོན་རྟོགས་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཤཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་གྱི་བེའུ་དཔལ་གྱི་ཐུགས་ཀྱི་མཆོག༔ ཐམས་ཅད་མཁྱེན་ལྡན་ཐོས་བསམ་མཐར་ཕྱིན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་དཔལ་བེའུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་མཚན་བདུད་ཀྱི་གཡུལ་ལས་རྒྱལ༔ བསྟན་པ་མི་ནུབ་རྒྱས་པར་བྱེད་པའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོར་ལོ་རིན་ཆེན་དབང་བཅུའི་དཔལ་དང་ལྡན༔ ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་འདིས་ཀྱང་དེང་འདིར་བདེ་ལེགས་སྩོལ༔ ཨཱོཾ་མངྒ་ལ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྩིབས་སྟོང་འོད་དུ་འབར༔ ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གནོན་དཔལ༔ ཆོས་ཀྱི་རྒྱལ་སྲིད་ཡང་དག་བརྟེན་བྱེད་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་སྩོལ༔ ཨཱོཾ་ཙཀྲ་རཏྣ་ཨཱ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་བཻཌཱུར་སྔོན་པོའི་མདོག༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་བདག༔ བསམ་པའི་དོན་ཀུན་ཡང་དག་སྒྲུབ་བྱེད་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་ལྷ་མོ་སྒྱུ་འཕྲུལ་མ༔ ཁ་དོག་དབྱིབས་ལེགས་ལྟ་ན་སྡུག་པའི་དཔལ༔ ཐབས་ཤེས་ཚེ་བསོད་དཔལ་འབྱོར་འཆང་བའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ས་ཏྲི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་ཤེས་བྱའི་དབང་པོ་ཅན༔ དོན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ༔ ཐམས་ཅད་མཁྱེན་ལྡན་ཤེས་བྱ་རྫོགས་པའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་པུཪྵ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་བཞིན་མཛེས་ལྟ་ན་སྡུག༔ ཕ་རོལ་འཇོམས་པའི་དཔུང་མཆོག་བླ་ན་མེད༔ སྟོབས་ལྡན་རྩལ་ཤུགས་ཡོངས་རྫོགས་མཐར་ཕྱིན་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃཿརྟ་མཆོག་རིན་ཆེན་གཡུ་མདོག་མཐིང་འོད་འབར༔ རྫུ་འཕྲུལ་ཤུགས་འཆང་བསོད་ནམས་དཔལ་དང་ལྡན༔ རྫུ་འཕྲུལ་རྐང་མགྱོགས་བརྟུལ་ཞུགས་འཆང་བའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃཿདམག་དཔོན་རིན་ཆེན་རཏྣའི་གོ་ཆ་ཅན༔ སྟོབས་རྩལ་ནུས་ལྡན་ཕ་རོལ་རྒོལ་བ་པོ༔ བདུད་བཞིའི་དཔུང་རྣམས་མ་ལུས་འཇོམས་པའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཥཏྑ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དབང་བསྐུར་རོ༔ གསུམ་པ་དངོས་གྲུབ་ཞུ་བ་ནི༔ དཀར་གསུམ་མངར་གསུམ་ཕྱེ་དང་སྦྲུས་པའི་ཟན་ལ་འབྲང་རྒྱས་བཟོས་པ༔ དངོས་གྲུབ་ཀྱི་རྫས་སྣ་ཚོགས་ཐོགས་ཏེ༔ ཧཱུྃཿརྫས་མཆོག་དམ་པ་དངོས་གྲུབ་རྒྱ་མཚོའི་གཏེར༔ རིན་ཆེན་སྣ་ཚོགས་འབྲུ་ནོར་དགོས་འདོད་ཆར༔ མཆོག་ཐུན་དངོས་གྲུབ་མི་ཟད་དཔལ་གྱི་དབང་༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་སརྦ་སིངྔྷི་ཕ་ལ་ཧཱུྃཿཅེས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ་བར་བྱའོ༔ བཞི་པ་མཆོད་པར་བཅོལ་བ་ནི༔ བླ་མས་སྦྱིན་བདག་རྣམས་ལ་འདི་སྐད་བརྗོད་པར་བྱའོ༔ ཧོ་འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས་༔ སྐུ་གསུང་ཐུགས་རྟེན་ཡིད་བཞིན་ནོར་བུ་འདི༔ མཐོང་ཐོས་དྲན་རེག་འགྲོ་བ་བླ་མེད་འཐོབ༔ མཆོད་དང་བསྐུར་སྟི་རིམ་གྲོ་སུས་བྱེད་པ༔ རིགས་བདག་ལྷ་ཡི་གོ་འཕང་མྱུར་དུ་འཐོབ༔ དད་མོས་རབ་བསྐྱེད་བརྩོན་འགྲུས་གོ་ཆ་གྱོན༔ མཆོད་པ་རིམ་གྲོ་བསྐུར་སྟི་ཕུ་དུད་དང་༔ འཕན་གདུགས་བླ་བྲེ་ཡོལ་བ་རྒྱན་བཟང་སོགས༔ རྣམ་པ་རྒྱུན་དུ་དཀོན་མཆོག་སྤྱི་བོས་མཆོད༔ ཅེས་བརྗོད་ཕྱག་དང་བསྐོར་བ་སྙན་དར་དབུལ༔ ལྔ་པ་ཡོན་དང་གྲལ་སྟོན་བྱ་བ་ནི༔ རིན་ཆེན་འབྲུ་ནོར་ལོངས་སྤྱོད་དར་ཟབ་གོས༔ སྦ་བསྲི་མེད་པར་སྐུ་ཡོན་འདི་འབུལ་བས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་རྫོགས་ནས༔ བླ་མེད་བྱང་ཆུབ་མངོན་དུ་བྱེད་པར་ཤོག༔ ཅེས་བརྗོད་ཡོན་གྱིས་མཉེས་པར་བྱ་ཞིང་༔ དགེ་སྦྱོང་དང་སྔགས་པའི་གྲལ་སྟོན་སོགས་ཅི༔ འབྱོར་དུ་བསྒྲུབ་བོ༔ རབ་གནས་ཀྱི་ཆོ་ག་འདི་ཚུལ་བཞིན་དུ་སྤྱད་པར་གྱུར་ན༔ གནས་སྐབས་སུ་རྟེན་དེ་གང་དུ་བཞུགས་པའི་ཡུལ་ཕྱོགས་དང་རྒྱལ་ཁམས་ཐམས་ཅད་ལ་བཀྲ་ཤིས་ཤིང་༔ མི་མཐུན་པའི་ཚོགས་ཐམས་ཅད་རབ་ཏུ་ཞི་སྟེ༔ མཐུན་རྐྱེན་ཕུན་སུམ་ཚོགས་པར་འགྱུར་རོ༔ མཐའ་ཡི་དམག་དཔུང་སོགས་ཡུན་རིང་དུ་ཕྱིར་བསྲིང་ངོ་༔ འཇིགས་པ་ཆེན་པོ་བཅུ་དྲུག་གི་གནོད་པ་ཐམས་ཅད་ཀྱང་རང་བཞིན་དུ་ཞིའོ༔ བསོད་ནམ་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་རབ་ཏུ་རྒྱས་སོ༔ རྟེན་མཆོག་དམ་པ་དེ་ནི་བདེ་བར་གཤེགས་པ་རྣམས་དང་གཉིས་སུ་མེད་དོ༔ གཉིས་སུ་བྱར་མེད་དོ༔ དེ་ལྟ་བས་ན་རབ་ཏུ་གནས་པའི་ཆོ་ག་འདི་ལ་ཚུལ་བཞིན་དུ་སྤྱོད་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་བདེ་མཆོག་འཁོར་ལོ་ཡི༔ མན་ངག་ཆོས་ཀྱི་ཆ་རྐྱེན་ཚང་བའི་ཕྱིར༔ རབ་ཏུ་གནས་པའི་ཆོ་ག་འདི་བྲིས་ནས༔ རིན་ཆེན་གཏེར་དུ་སྦས་སོ་ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། མངྒ་ལཾ། །

ལོ་ཙཱ་བ་འཁོན་ཀླུ་ཡི་དབང་པོའི་ཞུས་ལན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལོ་ཙཱ་བ་འཁོན་ཀླུ་ཡི་དབང་པོའི་ཞུས་ལན་བཞུགས་སོ༔ གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ བདག་ལོ་ཙཱ་བ་འཁོན་ཀླུའི་དབང་པོས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ༔ རིན་པོ་ཆེའི་མཎྜལ་ཕུལ༔ ཕྱག་དང་སྐོར་བ་བྱས༔ མཆིམས་ཕུ་བྲེ་གུ་དགེའུའི་སྒྲུབ་ཕུག་ཏུ་འདི་སྐད་ཞུས་སོ༔ གུ་རུ་རིན་པོ་ཆེ་ལགས༔ བདག་ཅག་ཁམས་གསུམ་གྱི་སེམས་ཅན་འདི་རྣམས་གང་ནས་བྱུང་བ་ཡིན་ལགས་ཞུས་པས༔ བུ་ལོ་ཙཱ་བ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་མ་རིག་པ་ལས་བྱུང་བ་ཡིན་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ འོ་ན་ཁམས་གསུམ་གྱི་སེམས་ཅན་འདི་རྣམས་བྱུང་བའི་གཞི་མ་རིག་པ་དེ་ཅི་འདྲ་ཞིག་ཡོད་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་སེམས་ཅན་ཐམས་ཅད་འབྱུང་བའི་གཞི་མ་རིག་པ་ཞེས་བྱ་བ་དེ་སྣ་ཚོགས་ཤིག་གདའ་ཡང་རྩ་བ་རང་གིས་རང་མ་རིག་པ་འདི་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ རང་གིས་རང་མ་རིག་པ་དེ་གང་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་གིས་རང་མ་རིག་པ་ནི༔ རང་བྱུང་གི་རིག་པ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་འདི་རང་ངོ་མ་ཤེས་པར་ལས་ཉོན་གྱི་འཁྲུལ་བ་ཁོ་ནར་སྤྱོད་པ་འདི་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ རང་བྱུང་གི་རིག་པ་ཟེར་བ་དེ་རང་གི་སེམས་འདི་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རང་བྱུང་ཞེས་པ་ནི་རང་གི་སེམས་ཡིན་གྱི༔ རིག་པ་ཞེས་བྱ་བ་ནི་དེའི་ངོ་བོ་མཐོང་བ་ལ་ཟེར་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ སེམས་ཀྱི་ངོ་བོ་ལ་རང་བྱུང་ཟེར་ན་དེ་ཅི་འདྲ་ཞིག་ཡོད་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རང་སེམས་སྐྱེ་བ་མེད་པ༔ འགག་པ་མེད་པ༔ གནས་པ་མེད་པ་ཡིན་པས་རང་བྱུང་ཟེར་བ་ཡིན་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ རང་སེམས་འདི་སྐྱེ་འགག་གནས་གསུམ་དང་བྲལ་བ་ཞིག་ཡིན་ན༔ ཐོག་མ་མེད་པ་ནས་བྱུང་ཞིང་ནི་གནས༔ ཐ་མ་མེད་པར་སྤྱོད་པ་འདི་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་མ་རིག་པའི་འཁྲུལ་སྣང་ཁོ་ན་ལས་བྱུང་ཞིང་རང་རིག་ག་ི་ངོ་བོ་ནི་སྐྱེ་འགག་ཐམས་ཅད་དང་བྲལ་ཏེ༔ ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་སྐྱེ་འགག་གནས་གསུམ་དུ་དལ་མེད་དུ་སྤྱོད་ཀྱང་༔ ངོ་བོ་ཉིད་ལ་སྤྱད་བྱ་སྤྱོད་བྱེད་གྱི་གཤིས་དང་བྲལ་བས་ཕན་གནོད་གང་ཡང་བྱེད་མ་མྱོང་ཞིང་༔ དཔེ་དངུལ་ཆུ་ཐལ་དོང་དུ་ལྷུང་ཡང་དངུལ་ཆུའི་ངོ་བོ་ལ་བག་རྡུལ་གྱི་སྒྲིབ་གཡོག་་གིས་མ་གོས་པ་ལྟར་རོ་གསུངས༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དེ་ལྟར་གྱི་དོན་དེ་མཐོང་བ་ལ་རིག་པ་ཟེར་བ་ལགས་སམ་ཞུས་པས་སློབ་དཔོན་གྱི་ཞལ་ནས༔ དེ་ལྟ་བུའི་དོན་དེ་རིག་པ་ལ་གང་མ་རིག་པའི་རིག་པ་ཆེན་པོ་བླ་ན་མེད་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་གསུང་༔ སློབ་དཔོན་ལ་ལོ་ཙཱ་བས་ཞུས་པ༔ འོ་ན་དེ་རིག་པ་ལ་དོན་ཅི་ཡོད་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་རིག་པས་དོན་ཆེ་བ་གཞན་དུ་མེད་དེ༔ འཁོར་འདས་ཐམས་ཅད་ཀྱི་མངའ་བདག་སྲིད་ཞི་ཀུན་གྱི་འབྱུང་གནས་དེ་མཐོང་ཕྱིན་ཆད༔ ཤིང་ཆེན་གྱི་སྡོང་པོ་བྲེགས་པར་གྱུར་ན་ཡལ་ག་དང་ལོ་འདབ་ཇི་ལྟར་མང་ཡང་ཞོར་ལ་འགྲོ་བ་ལྟར་༔ འཁོར་བ་བྲེ་བཟློག༔ སྲིད་པ་ཕྱིར་བསྙིལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཞེས་བྱ་བ་དེ་ཐོབ་པ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ དོན་དེ་མཐོང་བ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་དེས་འཐོབ་པར་འགྱུར་ཏེ༔ དཔེ་ནི་སྐྱེས་བུ་གསེར་གླིང་དུ་ཕྱིན་ན༔ ས་རྡོ་གཞན་རྣམས་དགོས་མེད་དུ་བོར་ནས་གསེར་ལ་ལོངས་སྤྱོད་པ་་ལྟར༔ འདི་ལྟར་མཐོང་བའི་སྐལ་ལྡན་གྱིས་འཁོར་འདས་ཀྱི་ཆོས་རྣམས་བྱིས་པའ་ིརྩེད་མོ་ལྟར་མཐོང་ནས༔ སྣང་སེམས་ཀྱི་འཁྲུལ་པར་རིག་སྟེ་གནས་ལུགས་ཆོས་ཉིད་ཀྱི་དོན་འདི་ལ་སྤྱོད་པར་འགྱུར་རོ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་ལ་ཡེ་ནས་ཡོད་པའི་དོན་འདི་མི་མཐོང་བའི་འགྲོ་བ་ཡོད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མཇལ་མཁན་ནི་ཉིན་མོའི་སྐར་མ་ལས་ཀྱང་དཀོན་སྟེ༔ ཞལ་ཚུལ་བཞིན་མཇལ་ཞིང་དོན་རིག་པ་རྣམས་ནི༔ སྐུ་གསུམ་གྱི་སངས་རྒྱས་འདི་རྣམས་ཡིན་གསུངས༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་སྐུ་གསུམ་གྱི་སངས་རྒྱས་འདི་རྣམས་དོན་འདི་ཁོ་ན་མཐོང་ནས་སངས་རྒྱས་གྲུབ་བམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཀྱི་སྐུའི་སངས་རྒྱས་རྣམས་ཀྱིས་ནི་ཡེ་སྟོང་བློ་འདས་ཀྱི་དགོངས་པ་བྱ་རྩོལ་ལས་འདས་པ་འདི་ཀ་དག་སྤྲོས་བྲལ་དུ་རང་ཤར་བས༔ ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་བོ༔ ལོངས་སྤྱོད་རྫོགས་པའ་ིསྐུ་རྣམས་ཀྱིས་ནི་བརྡ་ཙམ་གྱིས་མཚོན་ནས་བྱང་ཆུབ་པ་དང་༔ སྤྲུལ་བའི་སྐུ་རྣམས་ཀྱིས་ནི་འཁོར་བ་འདི་འདུས་བྱས་ཀྱི་ཕུང་པོ་རྟག་པ་མེད་པ༔ སྡུག་བསྔལ་གྱི་གྲོང་དུ་གོ་ཞིང་ཡང་དག་པའི་དོན་འདི་ལ་མོས་ནས་ཚོགས་གཉིས་བསགས་ཤིང་སྒྲིབ་པ་གཉིས་སྦྱང་བའི་མཐར༔ འབྲས་བུ་ནི་ཆོས་ཀྱི་སྐུ་འདི་མངོན་སུམ་དུ་གྱུར་ནས་སངས་རྒྱས་པ་སྟེ༔ བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པ་ལྟ་བུའོ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་སྐུ་གསུམ་གྱི་སངས་རྒྱས་དེ་རྣམས་ཀྱིས་ཟབ་མོའི་དོན་འདི་མངོན་དུ་གྱུར་ཚུལ་མི་འདྲ་བའི་རྒྱུ་གང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ སྐུ་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཟབ་དོན་འདི་མངོན་དུ་གྱུར་ཚུལ་མི་འདྲ་བའི་དོན་ནི༔ ཆོས་སྐུ་ནི་མ་བཅོས་པའི་ངོ་བོ་ཅིག་ཆར་གྱི་ཚུལ་དུ་དགོངས་པས་བྱང་ཆུབ༔ ལོངས་སྐུ་ནི་ཐོད་རྒལ་གྱི་ཚུལ་དུ་འཁྲུལ་གྲོལ་གཉིས་མེད་དོན་བརྡ་དང་བརྡ་ལ་བརྟེན་ནས་བྱང་ཆུབ༔ སྤྲུལ་སྐུ་ཚོགས་བསགས་སྒྲིབ་སྦྱང་གི་མཐར་བྱང་ཆུབ་པ་རིམ་གྱིས་པའི་ཚུལ་དང་གསུམ་སྟེ༔ འདི་གསུམ་ནི་དྲང་དོན་ལྟར་ན་སྒྲིབ་པས་ཡེ་ནས་མ་གོས་པ་དང་༔ བག་ཙམ་གོས་པ་དང་༔ ཤིན་དུ་བསྒྲིབས་པར་གྱུར་པ་གསུམ་གྱི་གྲོལ་ཚུལ་ཡིན་ཞིང་༔ ངེས་དོན་ལྟར་ན་རང་རིག་ངོ་བོ་ཉིད་ཀྱི་འཆར་སྒོ་མ་འགག་པའི་མདངས་སུ་ཡོད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་རིག་དང་དུས་གསུམ་གྱི་སངས་རྒྱས་དབྱེར་མེད་པ་ཞིག་ཨེ་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རང་རིག་གི་ངོ་བོ་ཆོས་སྐུ༔ རང་བཞིན་ལོངས་སྐུ༔ ཐུགས་རྗེ་མ་འགག་པ་འདི་སྤྲུལ་སྐུ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་སེམས་སྐུ་གསུམ་གྱི་སངས་རྒྱས་ལ་བཞུགས་ཚེ༔ ལྷའི་བསྙེན་བསྒྲུབ་དང་བསྐྱེད་རིམ་ཟེར་བ་འདི་ཅི་ལ་དགོས་པ་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ཡང་དག་པར་བསྐྱེད་རིམ་དང་བསྙེན་སྒྲུབ་འདི་དགོས་པ་མེད་དེ༔ ལྷ་ཉིད་རང་དང་རང་ཉིད་ལྷར་ཡོད་ཀྱང་༔ འདི་ལྟར་གྱི་དགོངས་པའི་དོན་འདི་རྟོགས་པའི་གང་ཟག་རེ་རེ་ལས་མི་འབྱུང་བས༔ འདི་རྟོགས་པར་བྱ་བའི་ཆེད་དུ་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད༔ ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད༔ གཉིས་མེད་གཙོ་བོར་སྟོན་པ་བླ་མེད་ཀྱི་རྒྱུད༔ ཡང་ན་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག༔ རྫོགས་རིམ་གཙོ་བོར་སྟོན་པ་ཨ་ནུ་ཡོ་ག༔ ཟུང་འཇུག་གཙོ་བོར་སྟོན་པ་ཨ་ཏི་ཡོ་ག༔ མཐའ་བྲལ་གཙོ་བོར་སྟོན་པ་ཨ་ཏི་བླ་ན་མེད་པ༔ ཡང་ན་རྒྱུ་དང་འབྲས་བུ་དང་བླང་དོར་རྣམས་སོ་སོར་སྟོན་པ་འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ་རྣམས་ཏེ༔ ལོ་ཙཱ་བ་ཆོས་འདི་རྣམས་ནི་སེམས་ཉིད་གཅིག་པུ་རྟོགས་པ་དང་གྲོལ་བའི་ཆེད་དུ་གསུངས་པ་ལས་གཞན་དུ་བསྟན་པ་ནི་མེད་དོ༔ ཆོས་འགའ་ཞིག་ནི་རྒྱུ་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགའ་ཞིག་ནི་རྐྱེན་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགའ་ཞིག་ནི་ཐབས་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགག་ཞིག་ནི་རྟེན་འབྲེལ་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས༔ ཆོས་འགའ་ཞིག་ནི་བརྡ་ལ་བརྟེན་ནས་སེམས་རྟོགས་པའི་ཆེད་དུ་གསུངས་ཏེ༔ རང་སེམས་ཞེས་བྱ་བ་དུས་གསུམ་གྱི་བྱེད་པ་པོ་འདི་རྟོགས་ཤིང་གྲོལ་བའི་ཆེད་ཁོ་ནར་ཆོས་རྣམས་ཀྱང་བྱུང་ཞིང་༔ དོན་ལ་ཐེག་པ་གཅིག་གིས་སེམས་ཅན་ཐམས་ཅད་གྲོལ་ན་ཐེག་པ་དེ་མ་གཏོགས་སྟོན་དགོས་པ་མེད་ཀྱང་༔ སེམས་ཅན་གྱི་ལས་མ་མཐུན་པས་རྒྱུ་མ་མཐུན་༔ རྒྱུ་མ་མཐུན་པས་འབྲས་བུ་སྣ་ཚོགས་སུ་གྱུར་ཚེ་ཐེག་པ་སྣ་ཚོགས་སུ་བསྟན་པ་འདི་ནི་གང་ལ་གང་འདུལ་ཞེས་བྱའོ༔ ལོ་ཙཱ་བ་རང་སེམས་འདི་ཚུལ་བཞིན་མཐོང་གྲོལ་གྱི་དོན་དང་ལྡན་ན༔ ལྷ་སྒོམ་བསྙེན་སྒྲུབ་རྣམས་ལྟ་ཞོག་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་དགོས་པ་མེད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དམ་པའི་ཆོས་སྣ་ཚོགས་པ་དེ་རྣམས་མཐར་སངས་རྒྱས་ཀྱི་འབྲས་བུ་འཐོབ་པ་ལ་མྱུར་མི་མྱུར་ཡོད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དམ་པའི་ཆོས་དེ་རྣམས་གྲངས་སུ་བརྩིས་ན་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད་ཐེག་པ་དགུར་འདུས་པ་ཡིན་ཞིང་༔ ཐེག་པ་འོག་མ་གསུམ་གྱིས་བསྐལ་པ་གྲངས་མེད་དགུའི་མཐར་སངས་རྒྱས་འཐོབ་པར་གསུངས་པ་དང་༔ བར་མ་གསུམ་གྱིས་སྐྱེ་བ་བརྒྱ་དང་ཉི་ཤུ་དང་བཅུ་བདུན་སོགས་ནས་འཚང་རྒྱ་བར་འདོད་ཅིང་༔ གོང་མ་གསུམ་གྱིས་ཚེ་འདི་དང་བར་དོ་དང་སྐྱེ་བ་གཅིག་གིས་སངས་རྒྱས་འཐོབ་པ་སྟེ་ཁྱད་པར་ཆེ་གསུངས༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་སེམས་ཅན་ཐམས་ཅད་ཀྱིས་གོང་མའི་ཐེག་པ་དེ་མི་སྤྱོད་པ་ཅི་ཡིན་ཞུས་པས༔ སློབ་དཔོམ་གྱི་ཞལ་ནས༔ གོང་མའི་ཐེག་པ་འདི་མྱུར་ལམ་བླ་ན་མེད་པ་ཞེས་བྱ་བ་ཡིན་ཏེ༔ སེམས་ཅན་ཐམས་ཅད་ཆོས་འདི་དང་མི་འཕྲད༔ ཕྲད་ཀྱང་མི་གོ༔ གོ་ཡང་ཉམས་སུ་མི་ལོན༔ ཆོས་འདིའི་སྣོད་དུ་གྱུར་པ་ནི༔ སེམས་ཅན་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཞིག་གི་བསྐལ་པ་ཡིན་ཏེ༔ ཨུ་དུམ་ཝཱ་རའི་མེ་ཏོག་ལས་ཀྱང་དཀོན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རང་བྱུང་བླ་ན་མེད་པའི་གནས་ལུགས་འདི་རྟོགས་པ་ཙམ་གྱི་བསྒོམ་དགོས་སམ་མི་དགོས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་ཉིད་རང་བྱུང་གི་དགོངས་པ་འདི་རྟོགས་པ་ཙམ་ལས་བསྒོམ་དགོས་མི་དགོས་གང་ཟག་ལ་རག་ལས་ཏེ༔ གང་ཟག་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ནི་རྟོགས་པ་ཙམ་གྱིས་གྲོལ་བ་ལས་གཞན་དུ་སྒོམ་པ་མེད་དོ༔ འབྲིང་རྣམས་ནི་ལོ་དང་ཟླ་བར་བསྒོམས་པས་གྲོལ་ལོ༔ ཐ་མ་རྣམས་ནི་ཤི་བ་དང་ཆོས་མཇུག་མཉམ་པར་བསྒོམ་དགོས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་བསྒོམ་དགོས་མི་དགོས་ཀྱི་རྟགས་ཚད་གང་འདྲ་འོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བསྒོམ་དགོས་མི་དགོས་ཀྱི་རྟགས་ཚད་ནི༔ རྟགས་ལུས་ངག་ཡིད་གསུམ་ལ་འབྱུང་ཞིང་ཚད་རྨི་ལམ་གྱིས་འཛིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ བདག་ཅག་ཁམས་གསུམ་གྱི་སེམས་ཅན་འདི་རྣམས་ཀྱི་ནང་ནས་ལུས་ལོན་པ་ལ་གང་ཁྱད་པར་དུ་འཕགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ནང་ནས་མི་ལུས་ཁྱད་པར་འཕགས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ མི་ལུས་ཁྱད་པར་འཕགས་པའི་རྒྱུ་ཅི་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་མི་ལུས་ལ་ཆོས་བསྒྲུབ་པའི་རྟེན་ཡོད་པས་ཁྱད་པར་འཕགས་པ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འགྲོ་བ་གཞན་རྣམས་ཆོས་ཀྱི་རྟེན་དུ་མ་གྱུར་ཏམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་འགྲོ་བ་གཞན་རྣམས་རང་རང་གི་ལས་ཀྱིས་མནར་ནས་མི་ཁོམ་པའི་གནས་ཁོ་ན་ལས་ཆོས་བསྒྲུབ་པའི་རྟེན་དུ་གྱུར་པ་མེད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མི་ལུས་ཐོབ་ཚད་འདི་ཐམས་ཅད་ཆོས་ཀྱི་སྣོད་དུ་གྱུར་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མི་ལུས་ཐོབ་ནས་ཆོས་ཀྱི་སྣོད་དུ་ཨེ་གྱུར་རང་ལ་རག་ལས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ རང་ཁོ་ན་ལ་རག་ལས་ན་ཆོས་ཞེས་བྱ་བ་འདི་ནི་རང་གི་མགོ་འདོན་ཐབས་ཁོ་ནར་འདུག་ཚེ་མི་ཐམས་ཅད་ཀྱིས་ཆོས་བྱེད་འོས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མི་ལུས་ཐོབ་པ་འདི་ནོར་བུ་རིན་པོ་ཆེ་རྙེད་པ་ལས་ཀྱང་འཚེངས་ཆེ་སྟེ༔ འདི་ཚུལ་བཞིན་ཞིག་བསམས་ན་ཆོས་བྱེད་འོས་སུ་གདའ་ཡང་བྱེད་མཁན་དཀོན་པར་འདུག་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མི་ལུས་ཐོབ་ཚད་ཀྱིས་ཆོས་མི་བྱེད་པ་འདིའི་རྒྱུ་མཚན་ཅི་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མི་ལུས་ཐོབ་ཚད་ཀྱི་ཆོས་མི་བྱེད་པའི་རྒྱུ་མཚན་ལས་ངན་གྱིས་རྒྱུ་བྱས༔ རྐྱེན་ངན་གྱིས་སྣ་ཁྲིད༔ མི་སེམས་ལ་བདུད་ཞུགས་ཏེ་གསེར་དང་སྦྲང་མ་བརྗེས་པ་ལྟར༔ ཚེ་འདི་ཕྱི་བརྗེས་ནས་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྤྱོད་འདོད་པ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིའི་བྱ་བ་སྒྲུབ་རྩོལ་ལ་མཁས་པ༔ གྲུང་པོ་དཔའ་བོ་ཤེས་ཆེན་ཟེར་བ་འདི་རྣམས་ཡང་དག་པ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚེ་འདི་བསྒྲུབ་པའི་མཁས་པ་ཞེས་བྱ་བ་དེ༔ རང་མགོ་རང་གིས་བསྣུབ་པའི་མཁས་པ༔ ཙན་དན་གྱི་སྡོང་པོ་སོལ་བར་བསྒྱུར་ཐུབ་པ་འདྲ་བའི་མཁས་པ་ཞིག་ཡིན་གསུང་༔ ཚེ་འདི་བསྒྲུབ་པའི་གྲུང་པོ་ཟེར་བ་དེ་སྨྱོན་པས་རང་སྲོག་གཅོད་ཤེས་པའི་གྲུང་པོ་ལྟ་བུ་ཞིག་ཡིན༔ ཚེ་འདི་བསྒྲུབ་པའི་ཤེས་བྱ་ཅན་བྱ་བ་དེ༔ གསེར་དང་སྦང་མ་བརྗེ་བའི་ཚོང་ཤེས་པའི་ཤེས་ཅན་ལྟ་བུ་ཞིག་ཡིན༔ ཚེ་འདི་བསྒྲུབ་པའི་དཔའ་བོ་ཟེར་བ་དེ་མར་མེའི་འོད་ལ་ཕྱེ་མ་ལེབ་མཆོང་ཐུབ་པ་ལྟ་བུའི་དཔའ་བོ་ཞིག་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདི་བསྒྲུབ་པའི་བྱ་བ་ཐབས་ཅད་ལ་རང་དོན་ཅི་ཡང་མེད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚེ་འདི་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་རང་དོན་ཡོད་པ་ལྟ་ཞོག༔ རང་དོན་ཐམས་ཅད་ཚེ་འདིའི་བྱ་བ་བསྒྲུབས་པས་ཕུང་བ་ཡིན་མོད༔ དལ་འབྱོར་གྱི་མི་ལུས་ཐོབ་ནས་ཚེ་འདིའི་བྱ་བ་མ་བསྒྲུབས་པ་ཡིན་ན་སངས་རྒྱས་འཐོབ་པ་ལ་དཀའ་ཚེགས་ཅི་ཡོད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིའི་བྱ་བ་མི་བསྒྲུབས་པས་མི་ཚེ་འདི་མི་ཆོད་པ་འདྲ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཧ་ཧ་ལོ་ཙཱ་བ་ཁྱོད་དེ་སྐད་མ་ཟེར་ཞིག༔ དེ་ཅིའི་ཕྱིར་ཞེ་ན༔ བདག་ཅག་རྣམས་ཀྱི་སྟོན་པ་སངས་རྒྱས་ཤྭཀྱ་ཐུབ་པས་ཚེ་འདིའིའ་བྱ་བ་རྒྱ་ཆེ་ལ་གྲངས་མང་བ་ཤཱཀྱའི་རྒྱལ་སྲས་མངའ་འབངས་བཙུན་མོའི་ཚོགས་དང་བཅས་པ་དེ་རྣམས་བོར་ཏེ༔ བྱང་ཆུབ་བསྒྲུབས་པས་བདག་ཅག་ལ་སོགས་པའི་རིགས་དྲུག་གི་སེམས་ཅན་ཕྱོགས་དང་རིས་མེད་པ་རྣམས་ཀྱི་སྐྱབས་མགོན་དུ་གྱུར་པ་མ་ཡིན་ནམ༔ སྟོན་པ་བཅོལ་ལྡན་འདས་དེས་ཚེ་འདི་མ་བསྒྲུབས་པས་མི་ཚེ་མ་ཆོད་པ་དང་༔ བདག་ཅག་ཚེ་འདི་སྒྲུབ་པ་པོ་རྣམས་ཀྱིས་ཚེ་འདི་ཕྱོགས་ཀྱི་བྱ་བ་བསྒྲུབས་པས་མི་ཚེ་སྐྱིད་པ་ཅི་འདྲ་བསྐྱལ༔ ད་ལྟ་ཡང་བདག་ཉིད་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་༔ ཟ་ཧོར་གྱི་མཁན་པོ་བྷོ་ངྷི་སཏྭ༔ ཁ་ཆེའིི་མཁན་པོ་བྷི་མ་ལ་མི་ཏྲ་ལ་སོགས་པ་དེ་རྣམས་ཀྱིས་ཚེ་འདི་བློས་བཏང་བས་ཐབས་ཆག་པ་ཅི་བྱུང་འདུག༔ གཞན་རྒྱ་གར་གྱི་འགྲོ་བ་ཕལ་མོ་ཆེ་རྣམས་ཀྱིས་ཚེ་འདི་བསྒྲུབས་པས་སྐྱིད་གང་འདྲ་བརྒྱབ་འདུག༔ ད་ལྟ་ཁྱེད་རང་བོད་ཀྱི་སད་མི་རྣམས་རབ་ཏུ་བྱུང་ནས་ཚེ་འདི་བསྐྱུར་བ་རྣམས་ཀྱིས་སྡུག་བསྔལ་ཅི་ཁུར་ཞིང་༔ ཁྱེད་བོད་ཀྱི་འགྲོ་བ་མང་པོ་འདི་རྣམས་ལ་བདེ་དགའ་ཅི་འདུག་སོམས་དང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིའི་བྱ་བ་བསྐྱུར་ན་ཐབས་ཆག་མདོག་ཁ་བ་མང་ཞིང་༔ བསྐྱུར་ན་ཆོག་པ་ལ་བློས་མི་ལོང་བ་ཞིག་འོང་གི་འདུག་བ་འདི་ཅི་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་མི་ལུས་ལོན་ཀྱང་བསོད་ནམས་ཀྱི་བསགས་རྒྱབ་མེད་པ་དང་༔ བློ་ཐག་མ་ཆོད་པས་བདུད་ཀྱིས་ཁྱེར་བ་དང་༔ མི་ལུས་ལོན་པའི་སྙིང་རུལ་པོ་ཞེས་བྱ་བ་མདོ་མེད་ཀྱི་སེམས་ཅན་ངན་སོང་གི་སྡུག་བསྔལ་ལ་སྤྱོད་འདོད་པའི་རྟགས་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མི་ལུས་ལོན་ནས་ཆོས་མེད་པ་འདི་རྣམས་དོན་མེད་ཁོ་ན་ཡིན་ནམ་མིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་མི་ལུས་ཐོབ་ནས་ཆོས་རབ་དང་ལྡན་ན་དོན་རབ༔ འབྲིང་དང་ལྡན་ན་དོན་འབྲིང་༔ ཆོས་ཐ་མ་ཞིག་དང་ལྡན་ན་དོན་ཐ་མ༔ ཆོས་ཡེ་ནས་མེད་པའི་མི་ལུས་ནི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས་ཀྱང་༔ མདོ་དོན་རྡུལ་ཙམ་མེད་པའི་སྟེང་དུ་རང་མགོ་རང་གིས་གཡོགས་ནས་མི་ཚེ་སྐད་ཅིག་ཡུད་ཙམ་ཞིག་ལས་མེད་པ་ལ་རྟག་པར་བཟུང་ཞིང་༔ གཡོ་སྒྱུ་དང་མནའ་སྡིག་ཅི་མང་དུ་བསྒྲུབས་ནས༔ རིན་ཆེན་གྱི་གླིང་དུ་ཕྱིན་པའི་འགྲོ་བ་སྟོང་ལོག་བྱས་པ་ལྟར༔ དམ་པའི་ཆོས་མ་ཎི་བྱེ་བ་ཙམ་ཡང་འཆང་རྒྱུ་མེད་པར་སྡིག་སྒྲིབ་ལས་དང་ཉོན་མོངས་པའི་ཁུར་པོ་མི་ཁྱག་པར་འཁུར་ནས༔ གཤིན་རྗེའི་གྲོགས་དང་འགྲོག་སྟེ་ངན་སོང་གི་གླིང་གསུམ་སྙོག་དགོས་པའི་མི་ལུས་དོན་ཡོད་པའི་གོང་ན་མི་ལུས་དེ་འདྲ་བ་ཡ་རེ་ང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིར་དབང་འབྱོར་ཕུན་སུམ་ཚོགས་པའི་རྒྱལ་པོ་དང་བཙུན་མོ་དང་བློན་པོ་འདི་རྣམས་སྐྱིད་པོ་མ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚེ་འདིར་བཙན་ཕྱུག་དར་གསུམ་འཛོམས་པའི་རྒྱལ་པོ་དང་བཙུན་མོ་བློན་པོ་རྣམས་ཆོས་དང་མི་ལྡན་ཕྱིན་ཆད་ངན་སོང་གསུམ་གྱི་འགྲོ་བ་ལས་སྡུག་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དེའི་རྒྱུ་མཚན་ཅི་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཆོས་དང་ལྡན་པའི་རྒྱལ་པོ་དང་བཙུན་མོ་བློན་པོ་རྣམས་ནི༔ ཚེ་འདི་ལ་རྟག་པར་ནི་འཛིན༔ ཁེངས་སེམས་ནི་ཆེ༔ ཕྲག་དོག་ནི་རྒོད༔ སྙིང་རྗེ་ནི་མེད༔ ནོར་ཡོད་པས་ནི་མི་ཆོག་མང་དགོས༔ མང་བས་ནི་མི་ཆོག་རུལ་དགོས༔ མངའ་ཞབས་ཡོད་པས་ནི་མི་ཆོག་རྩོད་དགོས༔ བརྩད་པས་ནི་མི་ཆོག་ཕ་རོལ་ཆོམས་དགོས༔ གཡོག་བྱས་པས་ནི་མི་ཆོག་འཇིགས་དགོས༔ འཇིགས་པས་ནི་མི་ཆོག་གསོད་དགོས༔ ལུས་བདེ་བས་ནི་མི་ཆོག་ཇུས་དགོས༔ ཇུས་ཡོད་པས་ནི་མི་ཆོག་དར་དགོས༔ གཏམ་ཐེངས་པས་ནི་མི་ཆོག་དོན་གྲུབ་དགོས༔ དོན་གྲུབ་པས་ནི་མི་ཆོག་གྲགས་པ་ཆེ་དགོས༔ སྟོབས་ཡོད་པས་ནི་མི་ཆོག་ཆེ་དགོས༔ ཆེ་བས་ཀྱང་མི་ཆོག་རྩལ་འགྲན་དགོས༔ སྡིག་པ་རང་ལ་ཡོད་པས་ནི་མི་ཆོག་གཞན་ལ་སློབ་དགོས༔ བསླབས་པས་ཀྱང་མི་ཆོག་མཉམ་དུ་བསྒྲུབ་དགོས༔ ཟས་ཁམ་གང་དང་སྐོམ་ཧུབ་གང་འཐུངས་ཀྱང་ཁྲལ་དུ་རྒྱུག་པའི་དཀོར་ཟས་དང་དཀོར་ཆུ་མ་གཏོགས་ནི་མེད༔ གཏམ་དང་བྱ་བ་ཅི་བྱས་ཚད་ང་རྒྱལ་དང་དྲེགས་པ་རུ་ང་ཕྲག་དོག་གི་བྱ་བ་མ་གཏོགས་རྡུལ་ཙམ་ཡང་བྱེད་ཐབས་ནི་མེད༔ རྒྱལ་པོ་དང་དབང་ཡོད་དུ་སྐྱེས་ནས་འཁྲུལ་སྣང་གི་ལས་འདི་ལ་རྒྱ་ཅི་ཆེར་བློ་རྒྱ་ཆེ་བས་མི་དགེ་བཅུ་ལ་བག་མེད་དུ་སྤྱོད་དགོས༔ རང་འདྲ་བ་མང་པོ་ཕ་རོལ་ནས་འབྱུང་བས་དོན་ཡལ་བར་དོགས་ཏེ་མཚམས་མེད་པ་ལྔ་ལ་དམར་གཡོས་སུ་སྒྲུབ་དགོས༔ ལོ་ཙཱ་བ་རྒྱལ་པོར་སྐྱེས་པ་རྣམས་སྐྱིད་པ་ལྟ་ཞོག་ངན་སོང་གསུམ་དུ་འགྲོ་འདོད་པའི་སྔོན་དུ་སྡིག་སྤྱོད་ཀྱི་རྒྱལ་པོར་སྐྱེ་བ་ཡིན་ཏེ༔ དེ་ནི་ཁོ་རང་གཅིག་པུ་མ་ཡིན་པར་འབྲེལ་ཚད་ངན་སོང་དུ་འཁྲིད་དེ༔ སྡིག་པའི་གྲོགས་པོ་ཟེར་བ་དེ་སྡིག་སྤྱོད་ཀྱི་རྒྱལ་པོ་ཡིན༔ ལུས་ངན་དེ་འདྲ་བ་བླངས་པ་ལས༔ ངན་སོང་གསུམ་དུ་སྐྱེས་ན་ངན་སོང་གི་སྡུག་བསྔལ་མྱོང་བས་སྔོན་གྱི་ལས་སྒྲིབ་སྦྱངས་ཏེ་མྱུར་དུ་མཐོ་རིས་ལ་ཉེ་བ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚེ་འདིར་སྔོན་བསགས་ཀྱི་འབྲས་བུའི་ལོངས་སྤྱོད་དང་ལྡན་པ་འདི་རྣམས་སྐྱིད་པོ་ཡིན་མདོག་ཁ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་ཚེ་སྔ་མའི་སྦྱིན་འབྲས་ཀྱིས་ད་ལྟ་ལོངས་སྤྱོད་དང་ལྡན་པའི་ཕྱུག་པོ་རྣམས་ཀྱིས་ཡར་མཆོད་མར་སྦྱིན་དུ་བྱས་ཤིང་༔ ཚེ་ཕྱི་མའི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་སྦ་ཤེས་ན༔ གནས་སྐབས་ཀྱི་མགྲོན་པོ་ངལ་གསོ་ཙམ་དུ་ཅུང་སྐྱིད་དེ༔ སྔ་མའི་སྦྱངས་འབྲས་ཀྱིས་ཚེ་འདིར་ལོངས་སྤྱོད་ཡོད་ཀྱང་སེར་སྣས་བཅིངས་ཏེ་ཆོས་ལྟར་སྤྱོད་མ་ནུས་ན་སྦྲང་མའི་སྦྲང་རྩི་དང་འདྲ་སྟེ་དགོས་ཆེད་ཆུང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ བུད་མེད་གཞོན་ནུ་གཟུགས་དང་ཁ་དོག་མཛེས་པ་འདི་ཚོ་འགྲོ་བ་སུ་ལས་ཀྱང་སྣང་བ་མཐོ་འདུག་པས་ཁོང་རྣམས་གནས་སྐབས་འགྲོ་བ་གཞན་ལས་སྐྱིད་པ་ཞིག་ཡོད་པ་ཡིན་ལགས་སམས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུད་མེད་ཀྱི་ལུས་བླངས་ཕྱིན་ཆད་བདེ་བ་གཞན་ལས་ཆེ་བ་ལྟ་ཞོག་རིགས་དྲུག་གི་སྡུག་བསྔལ་ཚང་ཡོད་དེ༔ འདོད་ཆགས་མེ་ལྟར་འབར་བས་འདོད་པའི་ཁྱོ་བོ་དང་མི་འཕྲད་པས་ཡི་དྭགས་ཀྱི་སྡུག་བསྔལ་ཚང་༔ ཁྱོ་བོ་ཞིག་དང་འཕྲད་ཀྱང་ལན་ཆགས་ཀྱི་བུ་ཕྲུག་ལུས་ལ་ཆགས་པའི་སྡུག་བསྔལ་མང་པོས་མནར་ན་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཚང་༔ བུད་མེད་ཀྱི་བུར་སྐྱེས་ནས་རང་སྐྱེས་ཀྱི་ཕ་ཁྱིམ་དེ་བོར་ནས༔ མི་ཁྱིམ་ཆ་མེད་པ་ཞིག་ཏུ་འགྲོ་དགོས་པ་བར་དོའི་སྡུག་བསྔལ་ཚང་༔ མི་ཁྱིམ་དེར་འདུག་ཚེ་རྒན་རྒོན་རྣམས་ཀྱིས་མནར་སྡང་ཕབ་པ་ལ་མི་བཟོད་པར༔ འཛིང་རྩོད་ཀྱི་འཁོར་ལོ་བསྐོར་བས་ལྷ་མ་ཡིན་གྱི་སྡུག་བསྔལ་ཚང་༔ ལན་ཆགས་ཀྱི་ཕྲུ་གུ་བཙས་པའི་ཚེ་གཤིན་ཡུལ་ལ་མིག་གིས་ལན་གསུམ་བལྟ་དགོས་པས༔ ལྷ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཚང་༔ ཁ་ཉེན་སྙོམས་ཆུང་བས་དྲག་ན་དྲག་ཆེས་ཡོད་ཟེར༔ མ་དྲག་ན་སྐྱོན་ཚང་ཡོད་ཟེར་ཏེ༔ བྱ་བ་ཇི་ལྟར་ཞིག་བྱས་ཀྱང་བྱེད་ཐབས་དཀའ་ཞིང་གཞན་དབང་ཁོ་ནར་སྤྱོད་དགོས་པས་དུད་འགྲོའི་སྡུག་བསྔལ་ཚང་ཿསྡུག་བསྔལ་དེ་རྣམས་ཀྱི་ནང་ནས་ཚེ་གར་ཟད་མ་ཚོར་བཞིན་དུ་རྒན་དུ་སོང་བ་དང་༔ དྲིན་གྱིས་བསྐྱངས་པའི་བུ་རྒྱུད་དེས་ཀྱང་འདི་ངའི་མ་ཡིན་དྲིན་ཆེ་བསམ་པ་ནི་མི་སེམས་ཏེ༔ རང་གི་ཆུང་མ་དེ་དང་ཁ་སེམས་བསྟུན་ནས་ཟས་ཀྱི་ཁམ་ལྷག་སྐོམ་གྱི་སྐྱོགས་ཞབས་གོས་ཀྱི་དུག་ཧྲུལ༔ ཉལ་ས་སྒོ་ཐེམ་དཀར་ནག་ཏུ་བྱེད་དགོས་པས་མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཚང་༔ དེས་ན་བུད་མེད་ཀྱི་ལུས་བླངས་ཕྱིན་ཆད་སྡུགབསྔལ་མ་གཏོགས་བདེ་བ་སྐད་ཅིག་ཙམ་ཡང་མེད༔ སྡུག་བསྔལ་ཆེ་བ་རྩུག་གི་ལས་ཀྱི་རྣམ་སྨིན་འབྲིད་མཁས་པས༔ རང་མཐོང་ཆེ་ཞིང་སྡུག་བསྔལ་སྡུག་བསྔལ་དུ་མི་སེམས་པ་ཉམས་མཚར་བ་ཡིན་༔ བུད་མེད་ཀྱི་ལུས་བླངས་ཕྱིན་ཆད་གསང་སྔགས་ཟབ་མོའི་ཆོས་དང་མཇལ་ནས་རྣལ་འབྱོར་པ་མཚན་དང་ལྡན་པའི་བདེ་བ་སྤེལ་བའི་གྲོགས་སུ་གྱུར་ན་གནས་སྐབས་དང་མཐར་ཐུག་གི་བདེ་བས་ཕྱུག་ཅིང་བུད་མེད་ཀྱི་ཁྱུ་མཆོག་གི་ལུས་དེ་ཡིན་ཏེ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པས་ནི་ལུས་དེ་མི་འཐོབ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་བུད་མེད་མཆོག་གི་ལུས་དེ་འདྲར་འཇིག་རྟེན་གྱི་ཁམས་སུ་མང་ཉུང་ཅི་འདྲ་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུད་མེད་མཆོག་གི་ལུས་དེ་འདྲ་བ་འཇིག་རྟེན་གྱི་ཁམས་སུ་ཐོར་ཙམ་ཡོང་སྟེ་རིགས་ནི་བཞི་ཡོད༔ གནས་ལས་སྐྱེས་པ་ཞེས་བྱ་གནས་བཟང་པོའི་ནང་དུ་འོང་༔ ཞིང་ལས་སྐྱེས་པ་ཞེས་་བྱ་བ་གནས་ཡུལ་གྱི་མཁའ་འགྲོ་ཚོགས་འཁོར་བྱེད་པ་ལ་ཞིང་ཟེར་བས་ཞིང་དེའི་ཆ་ལ་འོང་ཞིང་༔ སྔགས་ལས་སྐྱེས་པ་ཞེས་བྱ་བ་ནི་སྔགས་འཆང་བའི་བརྒྱུད་ལ་ཡོང་བ་དང་༔ ལས་ལས་སྐྱེས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་གང་དུའང་ཡོང་ངོ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འཇིག་རྟེན་གྱི་བུད་མེད་འདི་རྣམས་དང་མི་འདྲ་བའི་ཡ་མཚན་པའི་རྟགས་སོགས་ཡོང་ངམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཇིག་རྟེན་གྱི་བུད་མེད་འདི་ཚོ་ལས་ཁྱད་པར་དུ་འཕགས་པའི་རྟགས་མང་དུ་ཡོང་ཡང་༔ མདོར་བསྡུ་བ་ལ་བླ་མེད་་ཀྱི་ཆོས་ལ་མོས་ཤིང་སྒྲུབ་པ་སྲོག་དང་བསྡོ་ནུས་པ་ཞིག་ཡོང་གསུང་༔ དེ་འཇིག་རྟེན་གྱི་བུད་མེད་དུ་གྱུར་ན་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དབྱིངས་ཀྱི་མཁའ་འགྲོའི་སྤྲུལ་པ་ཡིན་ན་འགྲོ་དོན་མེད་ཚེ་སྤྲུལ་པ་དབྱིངས་སུ་སྡུད༔ ཚོགས་བསགས་ཀྱི་བུད་མེད་ཡིན་ན་ནོར་བུ་འདམ་ཁྲོད་དུ་ལྷུང་བ་དང་འདྲ་སྟེ་དོན་གོ་ཆུང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རྣལ་འབྱོར་པ་མཚན་དང་ལྡན་པ་བྱ་བ་དེ་གང་འདྲ་ཞིག་ཡོང་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་རྣལ་འབྱོར་པ་མཚན་དང་ལྡན་པ་དེ་ནི༔ ལྟ་བ་ཀ་དག་སྤྲོས་བྲལ་དུ་རྟོགས་པ༔ སྒོམ་པ་རི་རྒྱལ་ལྷུན་པོ་ལས་བརྟན་པ༔ སྤྱོད་པ་བག་ཕྱེ་ལས་ཞིབ་པ༔ ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་ཐམས་ཅད་ངོ་བོ་ཉིད་ཀྱི་སྟེང་ནས་ཆོད་པ༔ འབྲེལ་ཚད་ཀྱི་འགྲོ་བ་དོན་དང་ལྡན་པ༔ ཚོགས་ལྟར་སྤྱོད་ཅིང་རི་ལ་གནས་པ༔ ལྟ་སྒོམ་སྤྱོད་གསུམ་གྱི་ཀློང་དུ་ཚེ་དུས་འདའ་བ་ཞིག་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མཚན་དང་མི་ལྡན་པ་ཡང་འབྱུང་ངམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མཚན་དང་ལྡན་པ་ཉིན་མོའི་སྐར་མ་ཙམ་ཡིན༔ མཚན་དང་མི་ལྡན་པ་ཤིན་ཏུ་མང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མཚན་དང་མི་ལྡན་པ་དེ་ཅི་འདྲ་ཞིག་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྣལ་འབྱོར་པ་མཚན་དང་མི་ལྡན་པ་ཞེས་བྱ་བ་ནི༔ ཆོས་དང་རྒྱབ་འགལ་སོང་བ་ཞིག་ཡོང་བ་ཡིན་ཏེ༔ རྒྱུ་འབྲས་ཀྱི་བླངས་དོར་འཆོལ་ཉོག་ཏུ་སྤྱོད༔ མ་ཞིག་པར་ཞིག་བརྫུ༔ མ་རྟོགས་པར་རྟོགས་བརྫུ༔ མ་གྲོལ་པར་གྲོལ་བརྫུ༔ གྲུབ་པ་མ་ཐོབ་པར་ཐོབ་བརྫུ༔ ལ་སོགས་འདེབས་ཤིང་༔ འགྲོ་བ་མང་པོ་མགོ་བསྐོར་ཞིང་ཉམས་ལེན་བྱི་ལ་བརྩོན༔ འགྲོ་དོན་ནལ་ཕྲུག་ལ་བྱེད༔ ལྷ་ལ་ཐེའུ་བྲང་བསྒྲུབ༔ ལས་སྦྱོར་འགུགས་སྔགས་ལ་བྱེད༔ རྫུན་ལ་བློ་གཏོད༔ ཟོབ་ལ་ཕུག་བཅའ༔ ཐ་ན་གསོལ་འདེབས་སྣ་རེ་དང་ཆབ་གཏོར་ཙམ་རེ་ཡང་མགོ་མི་ཐོན་པར་གཤིན་པོའི་ཡར་འདྲེན་དང་གསོན་པོའི་སྐྱབས་གནས་སུ་བྱེད་མཁན་གྱི་རྟོགས་ལྡན་མང་པོ་ཡོངས་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དགེ་བའི་གཤེས་གཉེན་མཚན་དང་ལྡན་པ་དེ་ཅི་འདྲ་ཞིག་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དགེ་བའི་བཤེས་གཉེན་མཚན་དང་ལྡན་པ་ཞེས་བྱ་བ་ནི༔ ཕྱི་ནས་ཐོས་པས་ཕྱུག་ཅིང་ནང་ན་སྒོམ་པ་བརྟན་པ༔ བར་དུ་བླང་དོར་ཞིབ་པ༔ བསྡུ་བ་རྣམ་བཞིས་འགྲོ་བ་སྡུད་ཅིང་༔ བློ་ཚོད་ཀྱི་ཆོས་ཐེག་པ་སྣ་ཚོགས་སྟོན་པ་ལ་མཁས་པ༔ སུ་འགྲོགས་ཀྱི་མི་མཐུན་འཇུག་ཆོས་ལ་སྦྱོར་བ༔ མེ་ལོང་གི་བྱད་བཞིན་ཕ་རོལ་གྱི་བློ་ཁ་དང་བསྟུན་མཁས་པ༔ རང་འདོད་མེད་ཅིང་བསྟན་པ་དང་གཞན་དོན་གྱི་དོ་ཁུར་དང་དུ་ལེན་པ་ཞིག་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མཚན་དང་མི་ལྡན་པའི་དགེ་བཤེས་འབྱུང་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མཚན་དང་མི་ལྡན་པ་ནི་མང་དུ་འབྱུང་ཞིང་༔ ཁྱད་པར་ད་ནས་བཟུང་སྟེ་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་འདི་མར་མར་དུ་འབྲི༔ ཤཱཀྱའི་བསྟན་པ་འདི་ཡང་རིམ་ནས་རིམ་དུ་ནུབ་ཅིང་༔ བདུད་ལྷས་སྦྱིན་གྱིས་སྨོན་ལམ་ལོག་པར་བཏབ་པ་གྲུབ་པའི་འབྲས་བུ་སྨིན་ཏེ༔ བདུད་དང་ལོག་པར་འདྲེན་པ་མ་རུངས་པ་མང་པོ་དགེ་བཤེས་ཀྱི་ཚུལ་དུ་འོང་༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚུལ་འཆང་རྒྱུ་འབྲས་ཀྱི་ཆོས་འཆད༔ མཁན་པོ་དང་སློབ་དཔོན་དུ་བཏགས་པ་ལ༔ དོན་དམ་པར་མི་དགེ་བཅུ་ལ་སྤྱོད་ཅིང་དགེ་བ་བཅུའི་ལམ་འགོག༔ མཐོང་ཐོས་འབྲེལ་ཐོགས་ཀྱི་སེམས་ཅན་མང་བོ་ངན་སོང་གི་གླིང་དུ་ཁྱུ་དེད་བྱེད་པའི་གཟུགས་བརྙན་གྱི་དགེ་བཤེས་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ དམ་ལྡན་གྱི་སྔགས་པ་ཟེར་བ་དེ་གང་འདྲ་ཞིག་ཡོང་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་དམ་ལྡན་གྱི་སྔགས་པ་ཞེས་བྱ་བ་ནི༔ ཕྱི་ནང་གི་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ལས་སུ་རུང་བ༔ སྦྱོར་སྒྲོལ་གྱི་ནུས་པ་ལྡན་པ༔ གནས་བཟང་དང་དུར་ཁྲོད་ཉུལ་ཞིང་ལས་རབ་འབྱམས་ཀྱིས་བསྟན་འགྲོའི་དོན་བསྒྲུབ་པ༔ སྐལ་ལྡན་གྱི་སློབ་མ་ལ་ཡར་གྱི་ཟང་ཐལ་དུ་གཤེགས་པའི་ཆོས་ཟབ་མོ་སྟོན་པ་ལ་མཁས་པ༔ ཚེ་འདིའི་བྱ་བ་དགུ་སྤྲུགས་སུ་ཐེངས་པ༔ སྣང་བཞི་ཟད་སར་གཤེགས་པ་ཞིག་འོང་བ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དམ་ཚིག་མི་ལྡན་པའི་སྔགས་པ་འབྱུང་ལགས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དམ་ཚིག་དང་མི་ལྡན་པའི་སྔགས་པ་ཕལ་ཆེར་ལ་མང་ཞིང་༔ གསང་སྔགས་པར་ཁས་ལེན༔ བསྐྱེད་རྫོགས་དྲོད་རྟགས་ནི་མེད༔ ཡར་ལྷ་ཆོས་ཀྱི་གྲལ་དུ་ནི་མི་ཚུད༔ ཕྱིར་མི་ཆོས་ཀྱི་གྲལ་དུ་ནི་མི་ཚུད༔ ཟབ་པ་ལས་ཀྱང་ཆེས་ཟབ་པ་གསང་སྔགས་བླ་མེད་ཀྱི་ཆོས་སྒོར་ཞུགས་ལ༔ ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་ལྟ་ཞོག༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་བྱེ་བྲག་ཙམ་ཡང་མི་ཕྱེད་པའི་ཡོད་མ་ངག༔ ཡིན་བརྫུ་ཅན༔ ལས་སུ་ཉོན་མོངས་སྤྱོད་པ༔ འབྲས་བུ་སྡིག་བརྒྱུད་སྤེལ་བ༔ ལྷ་ལ་བཙན་འགོང་བརྟེན་པ༔ གྲོང་ནག་གི་འདྲེ་འདུལ་མཁན༔ སྔགས་མིན་སྔགས་པར་བརྫུ་བ་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་བན་བཙུན་ཚུལ་དང་ལྡན་པ་དེ་ཅི་འདྲ་ཞིག་འོང་བ་ཡིན་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བན་བཙུན་ཚུལ་དང་ལྡན་པ་ནི༔ རྩ་བ་འདུལ་ཁྲིམ་གཙང་བ༔ སྤྱོད་པ་དགེ་བ་བཅུ་ལ་སྤྱོད་པ༔ འབྲས་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་དུ་གྱུར་པ༔ མཁྱེན་ལྡན་གྱི་ཤེས་རབ་ཅན༔ བརྩེ་ལྡན་གྱི་སྙིང་རྗེ་ཅན༔ གཞན་དོན་གྱི་མཛད་པ་ཅན༔ ཆོས་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པ་༔ དོན་ཉམས་ལེན་དང་ལྡན་པ༔ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ༔ གྲུབ་མཐའ་ལ་སོགས་ཆགས་སྡང་རྨོངས་གསུམ་གྱི་དབང་དུ་མི་གཏོང་བ༔ དད་ཟས་ཀྱི་དཀོར་ལ་བག་ཡོད་དུ་སྤྱོད་པ༔ འབྲོག་དགོན་པ་ནས་འབྲོག་དགོན་པར་རྒྱུ་བ༔ ཐུབ་པ་ཆེན་པོའི་བསྟན་འཛིན༔ ཕྱིར་མི་ལྡོག་པའི་དགྲ་བཅོམ་པ་དེ་འདྲ་བ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚུལ་དེ་རྣམས་དང་མི་ལྡན་པ་ཡང་འབྱུང་ངམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཚུལ་དེ་རྣམས་དང་མི་ལྡན་པ་མང་དུ་འབྱུང་སྟེ༔ ལྟར་སྣང་དུ་དགེ་སྦྱོང་༔ དོན་དམ་དུ་བྱི་ཕོ༔ སྤྱོད་པ་ནི་ཚོང་པ༔ ཉེར་ལེན་ནི་ཆགས་སྡང་རྨོངས་གསུམ༔ སློབ་གཉེར་ནི་གྲུབ་མཐའི་ཕྲག་དོག༔ གསོག་འཇོག་ནི་དཀོར་ནག་གི་ལོངས་སྤྱོད༔ སྐྱོང་བྲན་ནི་ཉེ་དུ་དང་བུད་མེད༔ འཁུར་རྒྱུ་ནི་རྣམ་སྨིན་དང་ཕམ་ལྟུང་༔ འགྲོ་ས་ནི་ངན་སོང་གི་གླིང་གསུམ་བྱེད་དགོས་པའི་དགེ་སྦྱོང་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་མོ་བཙུན་འདི་ཆོས་པའི་གྲངས་སུ་མེད་པ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ མོ་བཙུན་འདི་བླ་མེད་ཀྱི་ཆོས་སྣོད་ཡིན༔ ཐེག་པ་འོག་མ་རྣམས་ཀྱི་གྲངས་སུ་མི་འགྲོ་བས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་བྱུང་བར་མ་གནང་ཞིང་༔ ཉེ་གནས་ཀྱི་རྐྱེན་ལ་བརྟེན་ནས་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས་བསྟན་པ་ལ་ཡང་ཆེས་ཆེར་གནོད་པ་བྱུང་ཞིང་༔ ཐེག་པ་འོག་མ་རྣམས་ཀྱི་སྣོད་དང་མ་ལྡན་ཡང་༔ ད་ལམ་བདག་ཅག་གི་སྟོན་པ་འདིའི་བསྟན་པ་ལ༔ སྟོན་པའི་འཁོར་རྣམ་བཞི་དགེ་ཚུལ་དང་དགེ་སློང་ཕ་མ་གཉིས་གཉིས་སུ་དབྱེ་བ་ཡིན་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་དགེ་ཚུལ་དང་དགེ་སློང་མ་སོགས་ཚུལ་དང་ལྡན་པ་ཅི་འདྲ་ཞིག་ཡོང་ལགས་ཞུས་པས་སློབ་དཔོན་གྱི་ཞལ་ནས༔ ཚུལ་དང་ལྡན་པ་ནི༔ གཞི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་ངོས་ལྐོག་མེད་པ༔ སྤྱོད་པ་ཆོས་དང་མཐུན་པ༔ ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ༔ ཉོན་མོངས་པའི་དབང་དུ་མི་གཏོང་བ༔ འབྲོག་དགོན་པ་ཅན༔ ཚེ་འདིའི་གཡེངས་བ་དང་བྲལ་ཞིང་ཕྱི་མ་དོན་དུ་གཉེར་བ༔ འཚོ་བ་གྱི་ན་ལ་བརྟེན་པ་༔ བླ་གོས་ཕྱག་དར་ཁྲོད་པ༔ རྩ་བ་དང་ཡག་ལག་གི་ཕམ་ལྟུང་རྣམས་བློ་ལ་གསལ་ཞིང་ཉེར་ལེན་དང་ལྡན་པ་ལ་སོགས་པ་སྟེ༔ མདོར་ན་ལུས་བུད་མེད༔ སེམས་བྱང་ཆུབ་སེམས༔ སྤྱོད་པ་ཕར་ཕྱིན་དང་དགེ་བཅུ་ཅན་ཞེས་བྱ་བ༔ སངས་རྒྱས་ཀྱི་ས་ལ་རབ་ཏུ་ཉེ་བ་མང་པོ་འབྱུང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཚུལ་དེ་རྣམས་དང་མི་ལྡན་པ་ཡང་འབྱུང་ངམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་བུ་ལོ་ཙཱ་བ་༔ ཚུལ་དེ་རྣམས་དང་མི་ལྡན་པ་མང་པོ་ཡོང་སྟེ༔ སྐྱེ་མིང་དེ་བོར༔ ཆོས་མིང་ཞིག་བཏགས༔ མགོ་སྤུ་ནི་བྲེགས༔ བཙུན་གཟུགས་ནི་འཆང་བ་ལ་སྟོན་པའི་ཞབས་འདྲེན༔ བསྟན་པའི་བླ་འཚོང་༔ ཉིན་མོ་སྐྱེས་པ་མིག་གིས་འདེད་པ༔ མཚན་མོ་སྐྱེས་པ་ཡིད་ཀྱིས་འདེད་པ༔ དུས་གསུམ་ཀུན་ཏུ་ཕོ་མཚན་དྲན་པ༔ ཆགས་པའི་རྦ་ཀློང་ཁོང་ནས་འཁྲུག་པ༔ ལོག་གཡེམ་དང་བྱི་ལ་ཤོར་ཐོབ་བྱེད་པ༔ བཙོག་གཏམ་ཐོས་ན་རྣ་བའི་བདུད་རྩིར་འཛིན་པ༔ སྐྱེས་པ་དང་ཕྲད་ན་སྙིང་གི་མུན་སེལ་དུ་ལྟ་བ༔ སྤྱོད་པར་ཉན་ན་ཁྱི་ཕོ་ཡིན་ཀྱང་དང་དུ་ལེན་པ༔ དངོས་སུ་བཙུན་མ༔ ལྐོག་ན་ཡ་མོ༔ དོན་ལ་སྨད་འཚོང་མ༔ དགོན་པའི་རྩིག་སེང་ནལ་ཕྲུག་གི་རོས་འགེངས་མཁན་༔ དབུགས་དང་བྲལ་མ་ཁད་ནས་མནར་མེད་སྙོགས་ཏེ་ཐེ་ཚོམ་མེད་པར་རྒྱུག་མཁན་མང་པོ་ཡོང་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འཁོར་བ་པའི་འགྲོ་བ་འདི་རྣམས་ལ་ཚུལ་དང་ལྡན་མི་ལྡན་ཡོད་དམ་ལགས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ འཁོར་བའི་འགྲོ་བ་ཕོ་མོ་འདི་རྣམས་ཚུལ་དང་ལྡན་མི་ལྡན་ཆེ་སྟེ༔ སངས་རྒྱས་ཀྱིས་སེམས་ཅན་ཐུགས་རྗེས་མི་གཏོང་བས་མ་དག་པའི་འགྲོ་བ་ཁོ་ནའི་གླིང་འཁོར་བའི་ཡུལ་འདིར༔ ཚུལ་དང་ལྡན་པ་སངས་རྒྱས་ཀྱི་སྤྲུལ་པ༔ ཚུལ་དང་མི་ལྡན་པ་མི་ལུས་སྲིན་པོ་གདོང་དམར༔ ཚུལ་དང་ལྡན་པ་ཡེ་ཤེས་ཀྱི་མཁའ་འགྲོ༔ ཚུལ་དང་མི་ལྡན་པ་སྡིག་པའི་བུད་མེད་རྣམས་ཡོད་དེ༔ མི་ལུས་ཐོབ་ནས་ཁྱིམ་ཐབས་སྤང་མ་ནུས་ནའང་དགེ་བ་ལ་ཅི་འགྲུབ་ཏུ་བརྩོན་པ༔ རྣམ་སྨིན་ལ་ཅི་ཐུབ་ཐུབ་ཏུ་འཛེམ་པ༔ བསགས་པ་ཆོས་ལ་བྱེད་པ༔ ཡར་མཆོད་དང་མར་སྦྱིན༔ ཁ་ཏོན་དང་བཟླས་བརྗོད༔ དད་པ་དང་དག་སྣང་༔ དགེ་བ་ལ་རབ་ཏུ་བརྩོན་པ་དང་༔ ཁྱིམ་ན་གནས་པ་ཙམ་ལས་ཆོས་བཞིན་སྤྱོད་དེ༔ མཐོ་རིས་ནས་མཐོ་རིས་ཀྱི་གོ་འཕངས་འགྲོ་བ་མང་པོ་ཡང་ཡོང་༔ ཡང་དགེ་སྡིག་མགོ་སྙོམས་སུ་སྤྱོད་ཅིང་ལུང་མ་བསྟན་དུ་གྱུར་པ་ཡང་འགའ་རེ་ཡོང་༔ ཚུལ་དང་མི་ལྡན་པ་ནི༔ ལུས་ནི་མི་གཟུགས༔ སེམས་ནི་འདྲེ་སྲིན༔ གསོད་གཅོད་ལ་བརྔམ་པ༔ སྡིག་པ་ལ་བརྩོན་པ༔ རྫོགས་པའི་སངས་རྒྱས་མཇལ་ཡང་དད་པ་མེད་པ༔ འཁོར་བའི་སྡུག་བསྔལ་མཐོང་ཡང་སྐྱོ་བ་མེད་པ༔ སྡིག་པ་ཆེས་ཆེར་བྱས་ཀྱང་འགྱོད་སེམས་མེད་པ༔ མི་ཆོས་ཀྱི་ཁྲེལ་དང་ངོ་ཚ་ཙམ་ཡང་མི་བྱེད་པ༔ རྐུ་ཇག་ཁྲམ་གསུམ་ལ་ལང་རྟེན་བྱེད་པ༔ གཡོ་རྒྱུ་ཟོལ་གསུམ་ལ་ཉལ་བརྟེན་བྱེད་པ༔ བྲེ་ཕུལ་སྲང་གསུམ་ལོག་པར་འཆང་བ༔ ཚེ་འདིའི་བྱ་བ་མ་གཏོགས་ཚེ་ཕྱི་མ་སྐད་ཅིག་ཙམ་ཡང་མི་དྲན་པའི་སྐྱེ་འགྲོ་ཕོ་མོ་མང་པོ་ཡོང་༔ ཡང་སྡིག་ལྡན་རབ་ཏུ་རྨོངས་པའི་འགྲོ་བ་གདུལ་བའི་ཕྱིར་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་སུ་འབྱུང་བས༔ སྐྱེས་པ་སྡིག་ལྡན་གྱི་དྲུང་དུ་སངས་རྒྱས་ཀྱི་སྤྲུལ་པ་བུད་མེད་ཆོས་ལྡན་ཡོང་༔ བུད་མེད་སྡིག་ལྡན་གྱི་དྲུང་དུ་སངས་རྒྱས་ཀྱི་སྤྲུལ་པ་ཆོས་ལྡན་དུ་ཡོང་བ་ལ་སོགས་པ་རྣམས་ཀྱང་ཡོད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཁམས་གསུམ་གྱི་སེམས་ཅན་འདི་ཐམས་ཅད་མི་རྟག་པ་ཁོ་ན་ལས་མ་འདས་སམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས་འགྲོ་བ་ཕྱི་སྣོད་ནང་བཅུད་ཐམས་ཅད་མི་རྟག་པ་ལས་རྟག་པ་རྡུལ་ཙམ་ཡང་མེད་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་འཆི་བ་མི་རྟག་པ་འདི་བསམ་ན༔ ཚེ་འདི་རྨི་ལམ་གྱི་སྣང་བ་ལྟར་ཡོད་པ་འདྲ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུ་ལོ་ཙཱ་བ་འཆི་བ་མི་རྟག་པ་འདི་ལ་འཁོར་འདས་གཉིས་ཚང་སྟེ༔ འཆི་བའི་སྡུག་བསྔལ་འདི་བརྗོད་ལས་འདས་པས་འཁོར་བའི་སྡུག་བསྔལ་ཀུན་གྱི་ཆེ་ཤོས་ཡིན་ཏེ༔ དེས་ན་འཁོར་བ་ཡང་འཆི་བ་ལ་ཚང་༔ འཆི་བ་འདི་བསམས་ཤིང་དཔྱད་ན་ཆོས་ཤིག་མི་ཡོང་བའི་ཐབས་མེད་པས་མྱ་ངན་ལས་འདས་པ་ཡང་འཆི་བ་འདི་ལ་ཚང་༔ ཀླུའི་དབང་པོ་མི་ཞེས་བྱ་བའི་འགྲོ་བ་འདི་ཉམས་མཚར་པོ་ཞིག་ཡོད་དེ༔ མཁས་སྣང་དང་༔ ཤེས་སྣང་དང་༔ གྲུང་སྣང་མང་པོ་ཡོད་པ་ལ་མདོ་དོན་གྱི་འདེམ་སོར་དེ་རྩ་བ་ནས་འཕྱུགས་སྟེ༔ ཚེ་འདི་ཞེས་བྱ་བ་རྨི་ལམ་ཐུན་གཅིག་གི་སྣང་བ་ཙམ་ལ༔ འཁོར་བ་མ་སྟོངས་བར་དུ་སྡོད་རྒྱུ་ཡོད་འཆར་བྱེད་ཅིང་རང་མགོ་རང་གིས་གཡོག་སྟེ་མི་ཚེ་འདི་མ་ཟད་ཀྱི་བར་དུ་ཤོམ་ར་དང་རྒྱ་འདེང་གིས་བྲེལ་དུ་བཅུག་ནས་ཆོས་ཤིག་བསམ་སྟེ་ཁོམ་པ་མེད་དོ༔ ལྕོགས་ས་མེད་དོ་ཟེར་ཏེ༔ ཚེ་འདི་ཕྱོགས་ཀྱི་བྱ་བ་དེ་ཡིན་ཡིན་པོ་དང་༔ རྟག་རྟག་པོར་སྐད་ཅིག་ཀྱང་ཡེངས་མ་ཤོར་བ་བྱེད་དེ་བསྒྲུབ༔ ཆོས་ཀྱི་བྱ་བ་ནི་ཆེ་ཕྲ་ཆུང་གསུམ་ཐམས་ཅད་དེས་ཆོག་དང་༔ ངང་རིང་དང་༔ ཕྱི་བཤོལ་དུ་སྐྱུར༔ ཡུལ་མི་ཁྱིམ་འཚེས་མཐོ་དམན་དྲག་ཞན་ཕ་མ་རྒན་རྒོན་ལ་སོགས་པ་ཤི་བ་མིག་གིས་མཐོང་༔ ལག་པས་བསྡུར་ཀྱང་ཁོ་ཤིའོ་མོ་ཤིའོ་ཟེར་བ་ཙམ་ལས༔ རང་འཆི་རྒྱུ་མེད་པ་སྙམ་དུ་བྱེད་ཅིང་༔ ཆགས་སྡང་རྨོངས་གསུམ་གྱི་ནང་དུ་དལ་མེད་དུ་སྤྱོད་ཅིང་ཡོད་པའི་སྐབས་ཤིག་ལ༔ འཆི་བདག་གི་བདུད་པོ་དེ་གར་འོངས་ཆ་མེད་པ་ཞིག་ནས་འོང་སྟེ༔ གཤིན་རྗེའི་ཞགས་པ་ནག་པོ་དེས་གཟུང་ནས་མཐོ་སྟེ་རྒྱལ་པོ་དང་དབང་ཅན་ཁ་དྲག༔ དམའ་སྟེ་ཕལ་པ་དང་སྤྲང་པོ་ཕྱུག་པོ་གང་ལྟར་ཞིག་ཡིན་ཀྱང་༔ མི་ཚེ་སྡིག་ལ་བསྐྱལ་བའི་སྡིག་སྒྲིབ་ཀྱི་ཕུང་པོ་དེ་ཐམས་ཅད་མི་ཁྱག་བཞིན་དུ་ཁུར༔ ཐབས་ཅིས་ཀྱང་མི་བཤོལ་ཏེ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ནི་འགྲོ༔ ཆ་ཡེ་ནས་མེད་ཀྱང་གཤིན་ཐང་སྐྱ་མོ་དེ་ལ་ནི་འཁྱམས༔ རྒྱུས་ཡེ་ནས་མེད་ཀྱང་བར་དོའི་འཕྲང་རིང་དེ་ལ་ནི་འགྲོ༔ ངོ་ཡེ་ནས་མི་ཤེས་ཀྱང་གཤིན་རྗེའི་གྲོགས་པོ་དེ་དང་ནི་འགྲོག༔ འགྲོ་ཡེ་ནས་མི་འདོད་ཀྱང་ངན་སོང་གསུམ་པོ་དེ་ནི་སྙོག༔ སྡོད་ཡེ་ནས་མི་འདོད་ཀྱང་དམྱལ་ཁམས་བཅོ་བརྒྱད་དུ་ནི་ཚུད༔ སྡུག་ཡེ་ནས་མི་འདོད་ཀྱང་ཚ་གྲང་གི་སྡུག་བསྔལ་དེ་རྣམས་མྱོང་དུས་འགྱོད་པ་དྲག་པོ་སྐྱེ་ཞིང་༔ ཚེ་འདི་ཕྱི་བརྗེས་པ་མ་ཉན་པར་ཤེས་འོང་སྟེ་ཤེས་དུས་དང་འགྱོད་དུས་འཕྱིས་པ་ཡིན༔ དོན་ཡོད་མེད་ཀྱི་བྱ་བ་ཚེ་འདི་ཕྱིའི་འདེམ་ཀའི་ལས་ཀྱི་མེ་ལོང་འཆི་བ་མི་རྟག་པ་ལ་མངོན་སུམ་དུ་བལྟས་པས་ཆོག་པ་ལ༔ བལྟ་རྒྱུ་ཡོད་དུས་དོན་ཆུང་ཚེ་འདིའི་བྱ་བ་དང་དུ་བླངས་ནས་དོན་ཆེན་ཕྱི་མ་རྒྱབ་ཏུ་བོར་བའི་མཁས་ཉམས་དང་གྲུང་ཉམས་བྱེད་པ་འདི་ཉམས་མཚརགསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་ཉེ་དུ་དང་བུད་མེད་ལ་་སོགས་པའི་ཕྱིར་དུ་སྡིག་པ་བྱས་པའི་རྣམ་སྨིན་རྣམས་ཀྱང་རང་གིས་འཁུར་དགོས་པ་ཨེ་ཡིན་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ལྟོ་གོས་ལ་བགོ་བཤར་བྱ་རུ་ཡོད་ཀྱང་སྡིག་སྒྲིབ་ལ་བགོ་བཤའ་བྱར་མེད་དེ༔ སྡིག་པ་བྱེད་པ་པོ་ལ་སྨིན་ཞིང་༔ དཔེར་ན་རང་གི་ལུས་གྲིབ་གཞན་གྱི་ལུས་ལ་འགྲོག་པའི་ཐབས་མེད་པར་རང་གི་རྗེས་སུ་འབྲང་བ་དང་འདྲ་གསུང་༔ ལོ་ཙཱ་བས་སློབ་དཔོན་ལ་ཞུས་པ༔ འོ་ན་རིགས་དྲུག་གི་སེམས་ཅན་ལ་བདེ་བ་མེད་གསུངས་པ་ད་ལྟའི་བདེ་དགའ་ལོངས་སྤྱོད་འདི་རྣམས་བདེ་བ་མ་ཡིན་ནམ་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ བུ་ཀླུའི་དབང་པོ་ད་ལྟའི་མི་ལུས་ཀྱི་བདེ་དགའ་ཕྲན་བུ་འདི་ལྟ་ཞོག༔ སུམ་ཅུ་རྩ་གསུམ་ལྷའི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་དང་རྩ་གསུམ་པ་ལ་སོགས་པའི་བདེ་དགའ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་རྣམས་ཀྱང་བདེ་བ་ཞེས་མི་འདོགས་ཏེ༔ ཅིའི་ཕྱིར་ཞེ་ན༔ བདེ་བ་ལ་བདེ་བར་རྟག་པར་མི་གནས་ཤིང་ཟག་བཅས་ཀྱི་བསོད་ནམས་ལས་བདེ་བ་དེ་གནས་སྐབས་སུ་ཐོབ་ཀྱང་༔ ཟག་བཅས་ཀྱི་བསོད་ནམས་དེ་ཟད་པའི་ཚེ་སྡུག་བསྔལ་ལ་སྤྱོད་དགོས་པའི་ཕྱིར་རོ་གསུང་༔ ཡང་ཞུས་པ༔ འོ་ན་དགེ་བ་སྤྱད་པའི་ཕན་ཡོན་དང་སྡིག་པ་སྤྱད་པའི་ཉེས་དམིགས་ཀྱི་ཁྱད་པར་གང་གིས་ཕྱེ་ཞུས་པས༔ དེའི་དོན་མ་ཤེས་ན་ཡར་གྱི་སངས་རྒྱས་དང་མར་གྱི་སེམས་ཅན་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་སྦྱིན་པ་བཏང་བ་དང་མ་བཏང་བའི་ཁྱད་པར་གང་གིས་ཕྱེ་ཞུས་པས༔ དེ་ཕྱུག་པོ་ལོངས་སྤྱོད་ཅན་དང་དབུལ་པོ་ནོར་མེད་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་ཚུལ་ཁྲིམས་བསྲུངས་པ་དང་མ་བསྲུངས་ཀྱི་ཁྱད་པར་གང་ལགས་ཞུས་པས༔ གཟུགས་བཟང་པོ་ངན་པ་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་བཟོད་པ་བསྒོམས་པ་དང་མ་བསྒོམས་པའི་ཁྱད་པར་གང་ལགས་སམ་ཞུས་པས༔ དེ་རྒྱལ་པོ་དང་མཛེ་ཕོ་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་ཤེས་རབ་ལ་སྤྱད་པ་དང་མ་སྤྱད་པའི་ཁྱད་པར་གང་ལགས་ཞུས་པས༔ དེ་མི་དང་དུད་འགྲོ་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་ཆོས་ལ་བརྩོན་འགྲུས་བརྩམས་པ་དང་མ་བརྩམས་ཀྱི་ཁྱད་པར་གང་ལགས་ཞུས་པས༔ དེ་དགེ་བའི་བཤེས་གཉེན་རྣམས་དང་ཕལ་པའི་མི་གཉིས་ལ་ལྟོས་གསུང་༔ ཚེ་སྔ་མ་བསམ་གཏན་བསྒོམས་པ་དང་མ་བསྒོམས་པའི་ཁྱད་པར་གང་ལགས་ཞུས་པས༔ དེ་དབང་པོ་རབ་ཏུ་གྱུར་པའི་སྐལ་ལྡན་དང་༔ ཅི་ཡང་མི་ཤེས་པའི་ལྐུགས་པ་གཉིས་ལ་ལྟོས་གསུང་༔ འོ་ན་མཐར་ཐུག་གི་བདེ་བ་དེ་གང་ལགས་ཞུས་པས༔ མཐར་ཐུག་ག་ིབདེ་བ་དེ་སངས་རྒྱས་མངོན་དུ་གྱུར་པ་ཡིན་གསུང་༔ འོ་ན་སྐྱབས་ཀྱི་དམ་པ་དེ་གང་ཡིན་ཞུས་པས༔ སྐྱབས་ཀྱི་དམ་པ་དེ་བླ་མ་ཡིན་གསུང་༔ འོ་ན་གྲོགས་ཀྱི་དམ་པ་དེ་གང་ཡིན་ཞུས་པས༔ གྲོགས་ཀྱི་དམ་པ་དེ་ཆོས་ལྡན་གྱི་མཆེད་གྲོགས་ཡིན་གསུང་༔ བྱིན་རླབས་འཇུག་པའི་རྩ་བ་གང་ཡིན་ཞུས་པས༔ བྱིན་རླབས་འཇུག་པའི་རྩ་བ་དད་པ་ཡིན་གསུང་༔ དངོས་གྲུབ་ཀྱི་རྩ་བ་གང་ཡིན་ཞུས་པས༔ དངོས་གྲུབ་ཀྱི་རྩ་བ་གསོལ་འདེབས་ཡིན་གསུང་༔ ད་དུང་འདི་ནས་མར་ལ་མང་རབས་ཤིག་འདུག་ཀྱང་བཞག་བཏང་ངོ་ཧ་ཧ། །དེ་ནས་ལོ་ཙཱ་བས་གུ་རུ་རིན་པོ་ཆེའི་ཞབས་སྤྱི་བོར་བླངས༔ ཕྱག་དང་སྐོར་བ་བྱས༔ ཚོགས་ཀྱི་འཁོར་ལོ་དང་རིན་པོ་ཆེ་མང་པོའི་མཎྜལ་ཕུལ༔ གུ་རུ་རིན་པོ་ཆེའི་ཞལ་ནས་འཁོན་ཀླུའི་དབང་པོ༔ དེ་རིང་གི་ཞུས་ལེན་དེ་རྣམས་ཁྱོད་ཀྱིས་ཡི་གེར་ཐོབ་ལ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་དུ་མ་ཚང་བ་ཁ་བསྐང་བའི་ཕྱིར་གཏེར་དུ་སྦོས་ཤིག༔ མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ༔ ཁྱོད་ཀྱི་སྐྱེ་བ་གར་དབང་འགྲོ་འདུལ་གླིང་པ་དང་འཕྲད་དུས༔ ད་ལྟའི་བག་ཆགས་འདི་རྣམས་རྗེས་སུ་་དྲན་ནས་བདག་ཉིད་པདྨ་འབྱུང་གནས་ལ་མོས་གུས་དབང་མེད་དུ་འབར་ཞིང་༔ ཁ་འཐོར་བའི་འགྲོ་བ་མང་པོའི་དོན་བྱེད་གསུངས་པ་རྣམས་བདག་ལོ་ཙཱ་བ་དང་༔ མི་བརྗེད་གཟུངས་ཐོབ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ༔ བླ་མ་བདེ་མཆོག་འཁོར་ལོའི་ཆོས་སྐོར་དང་བཅས་པ༔ ཏེ་སེ་གངས་ཀྱི་ནུབ་ཕྱོགས་བདེ་ཆེན་གསང་བ་ཕུག་ཏུ་གཏེར་དུ་སྦས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རྨི་ལམ་ཡུལ་གྱི་མི་གཟུགས། འཁྲུལ་སྣང་གི་ཟློག་གར་མཁན། བྱ་བྱེད་དང་བྲལ་བའི་རྣལ་འབྱོར་པ་ཉི་མ་གྲགས་པས་ཁམས་སྲིང་མོ་རྫོང་གི་ཆགས་རིའི་ཡང་དགོན་ཁམས་གསུམ་རྣམ་རྒྱལ་དུ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །

ལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་བཞུགས༔ རྩ་གསུམ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ དཔལ་ལྡན་བླ་མ་མཚུངས་མེད་ཧེ་རུ་ཀ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ མཚོ་རྒྱལ་བདག་ནི་གུས་པས་ཕྱག་འཚལ་ལོ༔ མི་བརྗེད་གཟུངས་ཐོབ་བུད་མེད་མཚོ་རྒྱལ་ངས༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱི༔ ཐུགས་ཀྱི་གཟུངས་མ་བཀའ་ཡི་བསྡུ་བ་བྱས༔ མ་འོངས་དོན་དུ་ཤོག་སེར་དཔག་མེད་བྲིས༔ ཁྱད་པར་ཡང་གསང་བླ་མ་བདེ་མཆོག་གི༔ བཀའ་ཆོས་ཞུས་པའི་གཏང་རག་ཚོགས་འཁོར་བསྐོར༔ དབེན་རྩ་དཔལ་གྱི་གཙུག་ལག་ཁྱམས་ཆེན་དུ༔ སློབ་དཔོན་ཆེན་པོ་སེང་གེའི་ཁྲི་ལ་བཞུགས༔ བདག་ཅག་རྗེ་འབངས་རིགས་འཛིན་གྲལ་ལ་འཁོད༔ ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་ལ༔ གསེར་སྐྱོགས་དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས༔ དེ་ཚེ་རིག་འཛིན་པདྨ་འབྱུང་གནས་ཀྱིི༔ ཞལ་ནི་འཛུམ་མདངས་མཛད་ནས་འདི་སྐད་གསུང་༔ ད་ལྟ་རང་ཅག་འདིར་ཚོགས་མ་ལུས་ཀུན༔ གསང་སྔགས་བླ་མེད་དཀྱིལ་འཁོར་གཅིག་ཏུ་ཚོགས༔ མ་འོངས་ལྔ་བརྒྱའི་དུས་ནའང་འདི་བཞིན་དུ༔ འགྲོ་བའི་མགོན་དུ་རང་རེ་འཚོག་པར་གདའ༔ དམ་ཚིག་ཚུལ་བཞིན་སྲུངས་ཤིག་སྐལ་ལྡན་རྣམས༔ ཆོས་རྣམས་མཐར་ཐུག་བླ་མའི་སྒྲུབ་པ་ཡིན༔ བླ་མ་མེད་ན་སངས་རྒྱས་འཐོབ་མི་འགྱུར༔ ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན་དང་༔ ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ་དང་༔ གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཡང་གསང་ངོ་བོ་རང་བཞིན་ཐུགས་རྗེ་སོགས༔ ས་ལམ་འབྲས་བུའི་དྲོད་རྟགས་ཡོན་ཏན་རྣམས༔ རྒྱ་ཆེ་གྲངས་མང་རྣམ་པ་སྣ་ཚོགས་ཀྱང་༔ ཀུན་གྱི་རྩ་བ་བླ་མ་ཁོ་ན་ཉིད༔ བླ་མ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད༔ བླ་མ་མཉེས་ན་སངས་རྒྱས་ཐམས་ཅད་མཉེས༔ བླ་མ་གྲུབ་ན་སངས་རྒྱས་ཐམས་ཅད་གྲུབ༔ དེས་ན་སངས་རྒྱས་ཀུན་འདུས་བླ་སྒྲུབ་ཆོས༔ རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་ཀྱང་༔ རང་གི་སྒྲུབ་པ་རང་གིས་བརྩམས་ཏེ་བཤད༔ བདག་ནི་སྐྱོན་དག་ཡོན་ཏན་མ་ལུས་རྫོགས༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་སོགས༔ དབྱེར་མེད་ང་དང་འདུ་འབྲལ་སྐད་ཅིག་མེད༔ ཕྱི་ལྟར་ཡོན་ཏན་སངས་རྒྱས་སྐུ་རྣམས་རྫོགས༔ ནང་ལྟར་བླ་མེད་གསང་བའི་མཛོད་འཆང་ཞིང་༔ གསང་བ་ཆོས་དབྱིངས་སྐུ་གསུམ་སངས་རྒྱས་ཀློང་༔ མ་ཆགས་སྐྱོན་བྲལ་པདྨ་འབྱུང་གནས་ཡིན༔ དེ་ཕྱིར་རིག་འཛིན་བདེ་མཆོག་བླ་མེད་ཆོས༔ ཁྱེད་རྣམས་ཉམས་ལེན་གསང་བ་གནད་དུ་དྲིལ༔ མ་འོངས་དུས་ན་ཆོས་འདི་འགྲོ་དོན་ཆེ༔ རིག་འཛིན་བཀའ་བབས་ལོ་ཙཱ་ཀླུ་དབང་ཁྱོད༔ རྩོད་ལྡན་ཐ་མ་བཞི་བཅུའི་མར་འགྲིབ་ལ༔ དམ་ཆོས་ཡང་གསང་བླ་སྒྲུབ་འདི་དང་འཕྲད༔ འགྲོ་དོན་འབྱུང་བའི་སྨོན་ལམ་ད་ལྟ་ཐོབ༔ གནས་བཟང་དུར་ཁྲོད་དཔལ་གྱི་མཆིམས་ཕུ་འདི༔ རྒྱ་གར་དུར་ཁྲོད་བསིལ་བ་ཚལ་དང་མཉམ༔ བདག་ཉིད་རིག་འཛིན་པདྨ་འབྱུང་གནས་ང་༔ དུས་གསུམ་སངས་རྒྱས་ཀུན་དང་དབྱེར་མི་ཕྱེད༔ མཆོག་གི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་འདི༔ རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་དྲ་བའི་གར༔ མངའ་བདག་ལ་སོགས་རིག་འཛིན་ཕོ་མོ་རྣམས༔ མཁའ་སྤྱོད་རིག་འཛིན་ཚོམ་བུར་ཐ་དད་མེད༔ བཟའ་བཏུང་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ ཀུན་བཟང་བླ་མེད་མཆོད་པའི་སྤྲིན་དང་མཉམ༔ ད་ལྟའི་དུས་བཟང་ཕུན་སུམ་ཚོགས་པ་འདིར༔ སྨོན་ལམ་ཅི་བཏབ་འགྲུབ་བོ་རྗེ་འབངས་རྣམས༔ ཁྱད་པར་རིག་འཛིན་བཀའ་བབས་ཀླུ་དབང་གི༔ སྨོན་ལམ་འདེབས་པའི་དུས་ལ་ད་ལྟ་བབས༔ ཅེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་གྲོགས་བྱས་ཏེ༔ ལོ་ཙཱ་ཀླུའི་དབང་པོས་རྣམ་དག་གི་སྨོན་ལམ་མང་པོ་བཏབ་བོ༔ དེའི་ཚེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ལོ་ཙཱ་བ་ཁྱོད་ཀྱི་སྨོན་ལམ་འདེབས་པའི་གྲོགས་ད་ལྟ་མཚོ་རྒྱལ་གྱི་བྱས་པའི་རྟེན་འབྲེལ་གྱིས༔ མ་འོངས་པ་ན་ཁྱོད་་ཀྱིས་གཏེར་ལ་སྤྱོད་པའི་ཚེ་མཚན་ལྡན་གྱི་གཟུངས་མ་རེ་གྲོགས་སུ་མ་བསྟེན་ན་ཟབ་མོའི་གཏེར་ཁ་རྣམས་འཐོན་པ་མེད༔ ད་ཁྱེད་འདིར་འདུས་པའི་རིག་འཛིན་གྱི་རྣལ་འབྱོར་མ་རྣམས་ཀྱིས་སེམས་བསྐྱེད་རྒྱ་མ་ཆུང་བར༔ ལོ་ཙཱ་བ་འདིས་མ་འོངས་པ་ན་གཏེར་ལ་སྤྱོད་པའི་དུས་སུ་ཤེས་རབ་ཀྱི་གཟུངས་མ་བྱེད་ནས་ཟབ་མོའི་གཏེར་ཆོས་ལ་ལོངས་སྤྱོད་པའི་སྨོན་ལམ་ཐོབ་ཅིག༔ ཅེས་གསུངས་པ་དང་༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན༔ རྒྱལ་པོའི་བཙུན་མོ་འབྲོམ་བཟའ༔ ཤེལ་དཀར་རྡོ་རྗེ་མཚོ༔ རྒྱལ་པོའི་སྲས་མོ་ནུས་འབྱིན་ས་ལེ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་རྣམས་ཀྱིས་མ་འོངས་པ་ན་ལོ་ཙཱ་བ་ཀླུའི་དབང་པོས་ཟབ་གཏེར་ལ་སྤྱོད་པའི་ཤེས་རབ་ཀྱི་གཟུངས་མ་ལ་བདག་ཅག་རྣམས་ཤོག་ཅིག༔ ཅེས་བརྗོད་པས༔ རྒྱལ་པོའི་བཙུན་མོ་དམར་རྒྱན་མས་སློབ་དཔོན་ཆེན་པོ་ལགས༔ བདག་གིས་ཀྱང་སྨོན་ལམ་འདེབས་ལགས་སམ་ཞུས་པས༔ སློབ་དཔོན་ཆེན་པོས་ཅི་ཡང་མ་གསུང་བ་དང་མོ་ཁྲོས་ཏེ་ཡིད་ཀྱི་སྨོན་ལམ་ནི༔ བདག་གིས་དེའི་དུས་སུ་ཕོ་ལུས་ཀྱིས་དམ་ལོག་མོ་ལུས་ཀྱིས་བསེན་མོ་རྣམས་སུ་སྤྲུལ་ནས་བར་དུ་གཅོད་པར་ཤོག་ཅིག་ཅེས་ཡིད་ཀྱིས་བརྗོད་པ་སློབ་དཔོན་ཆེན་པོས་མཁྱེན་ཏེ༔ དམར་རྒྱན་བཟའི་མགོ་ལ་ཕྱག་གཡས་པ་བཞག་ཅིང་༔ ལོ་ཙཱ་བ་འདིས་ཟབ་ཆོས་ཀྱི་གཏེར་ལ་སྤྱོད་པའི་ཚེ༔ ཁྱོད་ཀྱིས་བར་ཆད་བརྩམས་པས་མི་ཚུགས་པར་གྱུར་ཅིག༔ ཅེས་གསུངས་སོ༔ དེའི་ཚེ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་བདག་གིས་ལོ་ཙཱ་བ་ལ་སྨོན་ལམ་འདེབས་གྲོགས་བྱས་པ་དེ་མ་ལེགས་སམ་ཞུས་པས༔ གུ་རུ་རིན་པོའི་ཞལ་ནས༔ མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ་དངོས་གྲུབ་ཟབ་པར་བར་གཅོད་ཀྱི་བདུད་མང་བས་ལོ་ཙཱ་བ་རང་གཅིག་པུས་སྨོན་ལས་བཏབ་ན་བར་ཆད་ཉུང་ཙམ་དུ་མཆིས་གསུང་༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་འོ་ན་རྟེན་འབྲེལ་དེ་དག་གསོ་བའི་ཐབས་བདོག་གམ་མི་བདོག་ཞུས་པས༔ གུ་རུ་རིན་པོ་ཆེས༔ རྟེན་འབྲེལ་གྱི་གནད་སྐད་ཅིག་མ་དེའི་ཆོས་ཡིན་ཞིང་༔ སྐད་ཅིག་མ་དེར་གང་ཤར་བ་དེ་ལ་བཅོས་བསྒྱུར་དུ་བྱེད་པར་མེད་གསུང་༔ འོ་ན་བདག་གིས་ལུས་ངག་ཡིད་གསུམ་གྱི་སྤྲུལ་པ་དཔག་མེད་ཀྱིས་ལོ་ཙཱ་འདིའི་གཏེར་གྲོགས་མཚན་ལྡན་གྱི་གཟུངས་མ་བྱེད་ཅིང་བར་གཅོད་ཀྱི་ཚོགས་སེལ་བར་ཤོག་ཅིག༔ བདག་གིས་སྨོན་ལམ་བཏབ་པ་འགྲུབ་པར་གྱུར་ཅིག༔ ཅེས་སྨྲས་པར་གུ་རུ་རིན་པོ་ཆེའི་ཞལ་ནས༔ རང་འདོད་ཀྱི་སྨོན་ལམ་ནམ་དྲན་དུ་བཏབ་པ་འགྲུབ་པར་དཀའ་སྟེ༔ འོན་ཀྱང་བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད་ཐ་མལ་གྱི་བུད་མེད་མིན་པ་དང་༔ རང་འདོད་མེད་ཅིང་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པའི་སྨོན་ལམ་དེ་འགྲུབ་འོང་གསུངས་སོ༔ དེ་ནས་ཀླུའི་དབང་པོས་གུ་རུ་རིན་པོ་ཆེ་ལ་འདི་སྐད་ཞུས་སོ༔ གུ་རུ་རིན་པོ་ཆེ་བདག་འདི་ནས་མ་འོངས་བསྐལ་པ་རྩོད་ལྡན་གྱི་ཡང་མཐའ་ལ་མ་ཐུག་བར་དུ་ཟབ་མོའི་ཆོས་འདི་དང་མི་མཇལ་ལམ་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ལོ་ཙཱ་བ་ཁྱོད་འཕགས་པ་སེམས་ཉིད་ངལ་གསོའི་སྤྲུལ་པ་ཡིན་པས་སེམས་བསྐྱེད་ཀྱི་རྩིས་སྟོབས་ཆེ་བས༔ རྩོད་ལྡན་གྱི་ཡང་མཐའ་དམུ་རྒོད་ཀྱི་སེམས་ཅན་གདུལ་བར་དཀའ་བའི་དུས་སུ་ཟབ་ཆོས་འདི་དང་འཕྲད་ཅིང་འགྲོ་བ་མང་ཞིག་ཐར་ལམ་ལ་འགོད་གསུངས་སོ༔ ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་རྩོད་ལྡན་གྱི་ཡང་མཐར་ཟབ་ཆོས་འདི་དང་མ་མཇལ་གྱི་བར་དུ་ཤ་ཁྲག་དྲ་བའི་ལུས་ལེན་ནམ་མི་ལེན་ཞུས་པས༔ བུ་ལོ་ཙཱ་བ་ཁྱོད་ཟབ་ཆོས་འདི་དང་མ་འཕྲད་ཀྱི་བར་དུ་དག་མ་དག་སྣ་ཚོགས་ཀྱི་ལུས་ལེན༔ ཁྱོད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་འཁོར་བར་ཀུན་ཏུ་རྒྱུ་བའི་ལུས་ཡིན་པས་མཐོ་དམན་གང་དུ་སྐྱེས་ཀྱང་འགྲོ་དོན་མིན་པས་ནི་མེད་གསུངས་སོ༔ གུ་རུ་རིན་པོ་ཆེ་བདག་དུས་འདི་ནས་བཟུང་སྟེ་སྙིགས་མ་རྩོད་ལྡན་གྱི་ཡང་མཐའ་ལ་མ་ཐུག་གི་བར་དག་མ་དག་སྣ་ཚོགས་སུ་སྐྱེ་གསུངས་པའི་སྐྱེ་བ་སྔ་ཕྱི་རྣམས་དུས་གསུམ་མཁྱེན་པས་གསུང་དུ་གསོལ༔ བདག་ལ་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ ལོ་ཙཱ་བ་ཞིབ་པར་ཞུས་ཀྱང་སྐྱོ་བ་སྐྱེ་བའི་རྒྱུ་ཁོ་ནར་ཡོད་དེ༔ ཅིའི་ཕྱིར་ཞེ་ན༔ སྔོན་བསྐལ་་པ་མང་པོའི་གོང་རོལ་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྤྲུལ་པ་རུ་ཡོད་ཀྱང་༔ ཤ་ཁྲག་གི་ལུས་བླངས་རིགས་དྲུག་གི་གནས་འགྲིམས་པས་གཞན་དུ་བྱ་དཀའ་བའི་སྤྱོད་པ་རྣམས་སྤྱད་ཚེ༔ འགྲོ་བ་བརྒྱ་བདེ་བའི་ཕྱིར་དུ་མ་དག་པ་རེ་རེའི་སྲོག་བཅད་པ་ལྟ་བུའི་ལས་ཀྱི་འབྲས་བུ་མི་སྟོངས་པའི་ཚུལ་སྟོན་ཏེ༔ ཁྱོད་ཀྱིས་དག་མ་དག་གི་སྐྱེ་བ་ནི་སྣ་ཚོགས་ཤིག་ལེན་པར་གདའ་བས་ཡི་གེར་འབྲི་བ་དང་ངག་ནས་བརྗོད་པ་ཡང་མི་ལང་ཙམ་དུ་འདུག་གསུང་༔ ཡང་ཞུས་པ་༔ གུ་རུ་རིན་པོ་ཆེ༔ དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ༔ བདག་ཅག་ལས་ཀྱི་སྒྲིབ་པས་ནི་བསྒྲིབས༔ ཤ་ཁྲག་དྲ་བའི་ལུས་ངན་ནི་བླངས༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ནི་ཚུད༔ ལས་ངན་གྱིས་རྒྱུ་བྱས༔ རྐྱེན་ངན་གྱིས་སྣ་ཁྲིད་པའི་ལུས་ངན་བླངས་པ་ཐམས་ཅད་གསུང་བར་དཀའ་ནའང་ཐོག་མཐའ་བར་གསུམ་དུ་ཕྱེ་བའི་རིམ་པ་ཞིག་བདག་ལ་གསུང་དུ་གསོལ༔ དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུས་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས་བུ་ལོ་ཙཱ་བ༔ ཁྱོད་ནན་ཏན་ཆེ་བས་བདག་གི་ཐོག་མཐའ་བར་གསུམ་གྱི་རིམ་པ་ལས་མདོར་བསྡུ་སྟེ༔ ཅུང་ཟད་གཅིག་བཤད་ཀྱི་གུས་པས་ཉོན་ལ་མ་བརྗེད་པར་ཡི་གེར་ཐོབ་ཅིག༔ ཅེས་གསུངས་པ་དང་༔ ཁོ་མོ་མཚོ་རྒྱལ་གྱིས་ཡི་གེར་བཏབ་ཅིང་ལོ་ཙཱ་བས་གུ་རུ་རིན་པོ་ཆེ་ལ་མཉན་ནོ༔ དེ་ནས་གུ་རུ་རིན་པོ་ཆེའི་ཞལ་ནས༔ བུ་ལོ་ཙཱ་བ་འཁོན་ཀླུའི་དབང་པོ་ཁྱོད༔ སྔོན་སངས་རྒྱས་འཁོར་བ་འཇིགས་ཀྱི་བསྟན་པ་ལ༔ རཱ་ཛ་དྷརྨཱ་ཀེ་ཏུ་བྱ་བ་ཞིག་ཏུ་སྐྱེས་ནས་རྒྱལ་སྲིད་འབངས་མངའ་འཁོར་བཙུན་མོ་ལྔ་བརྒྱ་དང་བཅས་པ་རྣམས་སྦྱིན་པར་བཏང་༔ རྒྱལ་པོ་ཉིད་སངས་རྒྱས་འཁོར་བ་འཇིགས་ལས་ཆོས་མཉན་ནས་དགྲ་བཅོམ་པ་ཆེན་པོ་ཐོབ༔ དེ་ནས་ཚེ་འཕོས་པ་དང་སུམ་ཅུ་རྩ་གསུམ་ལྷའི་ཡུལ་དུ་ལྷའི་བུ་པུ་ཎ་ཤྲཱྀ་བྱ་བ་ཞིག་ཏུ་སྐྱེས༔ དེ་ནས་ཚེ་འཕོས་པ་དང་ཧོར་ཡུལ་ཨཥྟ་ནཱ་ཐ་ཞེས་བྱ་བ་ཞིག་ན༔ རྒྱལ་པོ་བྷི་ཧུ་ལ་ཀྲ་ཡ་བྱ་བ་ཞིག་ཏུ་སྐྱེས་ནས་ཕ་རོལ་མང་པོར་དམག་གི་དགྲ་ཟླ་མང་པོ་བཅོམས་སོ༔ དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་རྒྱ་གར་བྷ་གྷ་ལའི་ཁྱིམ་བདག་ཞིག་ཏུ་སྐྱེས༔ སངས་རྒྱས་འཁོར་དང་བཅས་པ་ལ་ཞབས་ཏོག་དང་བསྙེན་བཀུར་ཆེན་པོ་བྱས་སོ༔ དེ་ནས་ཚེ་འཕོས་པ་དང་ཡུལ་རྔ་ཐུབ་ཀྱི་རྒྱལ་པོ་རཏྣ་ཀཽ་ཊ་བྱ་བ་ཞིག་ཏུ་སྐྱེས་ནས༔ མཐའི་རྒྱ་མཚོ་ཆེན་པོ་ལས་ནོར་བུ་དང་གསེར་དང་དངུལ་དང་རིན་ཆེན་སྣ་ཚོགས་བླངས་ཏེ་སེམས་ཅན་མང་པོ་ལ་སྦྱིན་པ་རླབས་པོ་ཆེ་བཏང་ངོ༔ དེ་ནས་ཚེ་འཕོས་པ་དང་ཏ་ཟིག་གི་ཡུལ་དུ་རྒྱལ་པོ་བྷ་ལ་བྷ་ཏྲ་ངྷི་བྱ་བ་ཞིག་ཏུ་སྐྱེས་ནས་ནགས་ལ་གནས་པའི་དཀའ་ཐུབ་པ་ཞིག་རྒྱལ་པོས་རྩེ་འཇོའི་ཕྱིར་དུ་ཆད་པས་བཅིངས་པས༔ དཀའ་ཐུབ་པས་དམོད་པ་བོར་ཏེ༔ བདག་ནི་རྒྱུན་ཏུ་དཀའ་ཐུབ་ལ་གནས་པ་བྲམ་ཟེ་ཀ་ཡ་ཏི་རཏྣ་བྱ་བ་ཡིན་ཞིང་༔ སེམས་ཅན་ལ་འཚེ་བ་སྤངས་ཏེ་ནགས་སུ་གནས་ཀྱང་རྒྱལ་པོ་ཁྱོད་ཀྱིས་མ་ཉེས་པའི་ཆད་པས་བདག་མནར་བ་འདིའི་རྒྱུས༔ ཁྱོད་ཀྱི་སྐྱེ་བ་བདུན་ལ་དམ་པའི་ཆོས་ཀྱི་སྒྲ་མི་ཐོས་པར་གྱུར་ཅིག༔ ཅེས་དམོད་བོར་བས་བྲམ་ཟེས་དམོད་པ་གྲུབ་སྟེ༔ ཚེ་འཕོས་པ་དང་བྱ་ངང་པ་ཞིག་ཏུ་སྐྱེས་སོ༔ དེ་ནས་ཚེ་འཕོས་མ་ཐག་བྲམ་ཟེ་ཛྙཱ་ན་པ་ཏི་བྱ་བའི་ཕག་མོ་ཞིག་ཏུ་སྐྱེས༔ དེ་ནས་སྨད་འཚོང་མ་བྷོ་ན་མུ་ལའི་མ་ཧེ་ཞིག་ཏུ་སྐྱེས༔ དེ་ནས་བྲམ་ཟེ་ངྷ་ན་ཕ་ལའི་སྒོ་དྲུང་དུ་གནས་པའི་ཕག་པོ་ཞིག་ཏུ་སྐྱེས༔ དེ་ནས་རྒྱ་མཚོའི་ནང་དུ་ཉ་ཕྲན་ཞིག་ཏུ་སྐྱེས༔ དེ་ནས་རི་ལ་གནས་པའི་ར་རྒོད་གཅིག་ཏུ་སྐྱེས༔ དེ་ནས་ཡངས་བ་ཅན་གྱི་རྒྱལ་པོའི་གླང་ཆེན་བྷ་ཏྲ་བྱ་བ་ཞིག་དུ་སྐྱེས༔ དེ་ནས་བསིལ་བ་ཚལ་དུ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ་ཞིག་ཏུ་སྐྱེས༔ དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱལ་པོ་བྷི་ཏྲ་ཡ་བཛྲ་བྱ་བའི་བཙུན་མོ་གཞོན་ནུ་འོད་བྱེད་དུ་སྐྱེས་ནས་དགྲ་བཅོམ་པ་བློ་གྲོས་གྲགས་པ་ལས་ཆོས་ཉན་ཅིང་༔ བསྙེན་བཀུར་དང་ཞབས་འདེགས་དཔག་མེད་བྱས་སོ༔ དེ་ནས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ དགྲ་བཅོམ་པ་བློ་གྲོས་རྒྱ་མཚོར་སྐྱེས་ཏེ་སྟོན་པའི་ཆོས་འཁོར་རྣམས་ཉན༔ དེ་ནས་བདག་ཉིད་པདྨ་འབྱུང་གནས་ཨོ་རྒྱན་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱི་བུ་སྐལ་དུ་ཡོད་དུས༔ ལོ་ཙཱ་བ་ཁྱོད་གྲོགས་པོ་གསེར་འོད་གཞོན་ནུར་གྱུར་ནས་བདག་སྐྱོ་བསང་གི་རྩེ་རོགས་མང་པོ་བྱས་སོ༔ དེ་ནས་བྷ་གྷ་ལའི་རྒྱལ་པོ་ནོར་བུ་འོད་ལྡན་བདག་གིས་བསྒྲལ་ཏེ༔ ཡུལ་དེར་མུ་སྟེགས་ཀྱི་མིང་མེད་པར་བྱས་ནས་ནང་པའི་བསྟན་བ་ལ་སྒྱུར་ཚེ༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མ་ཞེས་བྱ་བ་ཞིག་ཏུ་སྐྱེས་ནས༔ རྫོགས་པ་ཆེན་པོ་སེམས་སྡེའི་ཆོས་འཁོར་མང་པོ་ཉན་ཅིང་བདག་གིས་གཟུངས་མའང་བྱས་སོ༔ འཕགས་ཡུལ་དུ་གསང་སྔགས་ཕྱི་པ་དང་ནང་པ་དང་ཡང་གསང་བླ་ན་མེད་པ་ལ་སོགས་པའི་ཆོས་རྣམས་རིམ་གྱིས་དར་ཞིང་༔ ལས་དང་སྐལ་བར་ལྡན་པ་མང་པོས་དངོས་གྲུབ་ཐོབ་པའ་ིཚེ༔ ལོ་ཙཱ་བ་ཁྱོད་རྣལ་འབྱོར་པ་སེང་གེ་དབང་ཕྱུག་ཏུ་གྱུར་ནས་འཕགས་པ་སྤྱན་རས་གཟིགས་ལས་དངོས་གྲུབ་ཐོབ་བོ༔ དེ་ནས་ཡུལ་རྒྱལ་པོའི་ཁབ་ཏུ་སྨད་ཚོང་མ་རིན་ཆེན་འོད་བྱེད་དུ་སྐྱེས་ནས་ལུས་འབྲེལ་ཐོགས་ཚད་ཀྱི་སྐྱེས་པ་རྣམས་ངན་སོང་གི་སྒོ་ཁེགས་ཤིང་༔ གསང་སྔགས་ཀྱི་ཆོས་དང་མཇལ་བའི་སྨོན་ལམ་མང་པོ་བཏབ་པས་དེ་བཞིན་དུ་གྲུབ་པ་བྱུང་ངོ་༔ དེ་ནས་ཚེ་འཕོས་པ་ལོ་ཙཱ་བ་ཁྱོད་ཀྱི་ལུས་འདི་ཡིན་ཞིང་༔ ད་སྟེ་འདི་ནས་རིམ་བཞིན་མ་འོངས་པའི་དུས་ལ་མ་ཐུག་བར་སྐྱེ་བ་ལ་ཟད་པ་མེད་གསུང་༔ དེ་ནས་ལོ་ཙཱ་བ་བདག་གིས་གསེར་དངུལ་ལ་སོགས་ཕང་མེད་ཀྱི་མཎྜལ་ཕུལ༔ ལག་མཐིལ་དང་དཔྲལ་བ་རྡོལ་རྡོལ་དུ་ཕྱག་བྱས༔ གསེར་སྐྱོགས་དང་དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས་ནས་མདུན་དུ་ཐལ་མོ་སྦྱར་ཏེ་འཁོད་བཞིན་དུ་འདི་སྐད་ཞུས་སོ༔ ཀྱེ་དུས་གསུམ་ཐམས་ཅད་གསལ་ལེར་མཁྱེན་པ་མ་ཧཱ་གུ་རུ་རིན་པོ་ཆེ༔ བདག་གི་སྐྱེ་བ་སྔ་མའི་རིམ་པ་རྣམས་གསུངས་པ་སྐུ་དྲིན་ཆེ་ལགས་ཤིང་བདག་ཡིད་ཤིན་ཏུ་སྐྱོ་བ་བྱུང་༔ ད་སྟེ་མ་འོངས་པའི་རིམ་པ་རྣམས་གུ་རུ་རིན་པོ་ཆེས་གསུང་དུ་གསོལ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ བདག་ཉིད་པདྨ་འབྱུང་གནས་ནི་མངལ་གྱི་སྒྲིབ་པ་དང་ཕ་མའི་རྐྱེན་ལ་མ་བརྟེན་ཞིང་༔ སྦྱང་བྱ་ཉོན་མོངས་པའི་ཚོགས་རྣམས་སྦྱོང་བྱེད་ཡེ་ཤེས་ཀྱི་ངོ་བོ་ཡེ་ནས་གསལ་བས་དུས་གསུམ་དང་༔ དུས་མེད་ལ་སོགས་གསལ་བར་ཤེས་སོ༔ ལོ་ཙཱ་བ་ཁྱོད་ཀྱི་སྐྱེ་འཕྲེང་སྔ་མ་རྣམས་ཀྱི་ནང་ནས་རགས་པ་འགའ་ཞིག་བརྗོད་པ་ནི་དེ་དག་རྣམས་ཡིན་ཞིང་༔ ད་སྟེ་མ་འོངས་ཀྱི་རིམ་པ་ཡང་མདོར་བསྡུ་བ་འགའ་འཆད་ཀྱིས་མ་ཡེངས་པར་ཉོན་ཅིག༔ ལོ་ཙཱ་བ་ཁྱོད་ཀྱི་སྐྱེ་བ་འདི་འཕོས་པའི་འོག་ཏུ་རྩ་གསུམ་ལྷའི་ཡུལ་དུ་ལྷའི་བུ་ཞིག་ཏུ་སྐྱེ༔ དེ་ཚེ་འཕོས་པ་དང་རྒྱ་གར་ཀ་མ་རུའི་གྲོང་ཁྱེར་དུ་བྲམ་ཟེའི་རྣལ་འབྱོར་པ་བྷོ་ངྷི་ཡཀྵི་བྱ་བར་སྐྱེས་ཏེ༔ རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྙེན་སྒྲུབ་བྱེད༔ དེ་ནས་རྒྱ་ནག་གི་རྒྱལ་པོ་མཉྫུ་སིངྔྷི་བྱ་བ་ཞིག་ཏུ་སྐྱེ༔ ང་ཡི་སྤྲུལ་པ་རྣལ་འབྱོར་པ་ཞིག་དང་འཕྲད་དེ༔ རྒྱུ་འབྲས་ཀྱི་ཆོས་འཆད་པས་གྲོལ་ཏེ་རྒྱལ་སྲིད་སྦྱིན་པ་ལ་གཏོང་ངོ༔ དེ་ནས་རྒྱལ་མོ་རོང་དུ་རྒྱལ་པོ་ལྷུན་གྲུབ་རྒྱལ་མཚན་ཞེས་བྱ་བ་ཞིག་ཏུ་སྐྱེ་སྟེ༔ བན་བོན་གྱི་བསྟན་པ་ཕྱོགས་མེད་དུ་སྐྱོང་༔ དེ་ནས་གཡོ་རུ་གྲའི་ནང་འདི་ན་སྔགས་སྒོམ་གྱི་རྣལ་འབྱོར་སློབ་དཔོན་བསྟན་བསྲུང་བྱ་བ་ཞིིག་ཏུ་སྐྱེ༔ དེ་ནས་གཙང་རུ་མཚམས་སུ་སྔགས་པ་གཉིས་ཀྱི་ལུས་ལེན༔ དེ་ནས་གཙང་གཡས་རུར་བོན་པོ་ཨ་ཡི་མིང་ཅན་དུ་སྐྱེ༔ དེ་ནས་ཆོས་འཁོར་ལྷ་ས་འདིར་སྨད་འཚོང་མ་དཔལ་གྱི་སྒྲོལ་མ་ཞེས་པ་ཞིག་ཏུ་སྐྱེ༔ དེ་ནས་ལྷོ་བྲག་གཏམ་ཤུལ་དུ་ཉང་གི་གདུང་ལ་ཀུན་དགའ་ལྷུན་གྲུབ་བྱ་བ་ཞིག་ཏུ་སྐྱེ༔ དེ་ཚེ་འཕོས་པ་དང་དཱགས་པོར་བུད་མེད་མཚན་ལྡན་ཞིག་ཏུ་གཏེར་སྟོན་ཀརྨ་གླིང་པའི་ཕྱག་རྒྱ་མ་བྱེད༔ དེ་ནས་གཙང་གི་ཕྱོགས་སུ་རི་ཁྲོད་པ་བཟང་པོ་གྲགས་པ་ཞེས་པ་ཞིག་ཏུ་སྐྱེ་སྟེ་ང་ཡིས་སྦས་པའི་གཏེར་ཁ་འགའ་རེ་འདོན༔ དེ་ནས་ཁམས་ཀ་ཐོག་གི་ཡུལ་དུ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་བན་སྒོམ་ཞིག་ཏུ་སྐྱེ༔ དེ་ནས་ཁམས་སུ་བུད་མེད་ཞིག་ཏུ་སྐྱེ༔ དེ་ནས་མདོ་ཁམས་སུ་བན་སྔགས་ཞིག་ཏུ་སྐྱེ་ཞིང་ཁྲོས་མ་ནག་མོའི་བསྒོམ་བཟླས་ལ་བརྩོན༔ བདག་ཉིད་པདྨ་འབྱུང་གནས་དངོས་ཉམས་རྨི་ལམ་དུ་ཡང་ཡང་མཇལ༔ དེ་ནས་བར་སྲིད་ཀྱི་ལུས་འགའ་རེ་བརྗེས་པ་དང་༔ གཏེར་སྟོན་ཉི་མ་གྲགས་པ་རྩལ་ཞེས་བྱ་བར་སྐྱེ་སྟེ་ཟབ་མོའི་གཏེར་ཁ་འགའ་རེ་འདོན༔ ང་ཉིད་པདྨ་འབྱུང་གནས་ཀྱིས་ཀྱང་དངོས་ཉམས་རྨི་ལམ་དུ་ཞལ་གདམས་འབོགས་པར་གདའ་ཞེས་གསུངས་པ་དང་༔ བདག་ལོ་ཙཱ་བ་ཤིན་ཏུ་ཉམས་སྐྱོ་ཞིང་མིག་མཆི་མས་གང་དབུགས་སྟོད་དུ་འཚངས་ཏེ་སྨྲེ་སྔགས་ཀྱིས་ཞུས་པ༔ ཀྱེ་མ་ཀྱི་ཧུད་གུ་རུ་སྤྲུལ་པའི་སྐུ༔ བདག་ཤ་ཁྲག་དྲྭ་བའི་ལུས་མང་དེ་འདྲ་བ་ཞིག་ལེན་ཞིང་སྡུག་བསྔལ་གྱི་བཙོན་དོང་དུ་ཆུད་དུས་སྐྱེ་ཤིའི་ཁ་ལོ་སྒྱུར་བ་དེའི་སྡུག་བསྔལ་སུ་ཡིས་ཁྱག༔ ཀྱེ་མ་ཀྱི་ཧུད་གུ་རུ་རིན་པོ་ཆེ༔ བདག་ལུས་འདིས་རིགས་དྲུག་གི་ཡུལ་དུ་སྐྱེ་བའི་སྒོ་ཆོད་ནས་སྐྱེ་བའི་ཐ་མར་གྱུར་ཅིག༔ གུ་རུ་རིན་པོ་ཆེ་བདག་ལུས་ངན་ཤ་ཁྲག་དྲྭ་བ་དེ་རྣམས་སུ་མི་ཆུད་ཅིང་༔ འཁོར་བའི་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས་ཤིག༔ ཅེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ བུ་དེ་ནི་དེ་ལྟ་མ་ཡིན་ཏེ༔ ཁྱོད་ཀྱིས་བསྐལ་པ་མང་པོའི་གོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་༔ སྨོན་ལམ་འགྲོ་་དོན་དུ་བཏབ་པ་ཡིན་ཏེ༔ རིགས་དྲུག་གང་ནས་གང་དུ་སྐྱེས་ཀྱང་གཞན་དོན་སྣ་རེ་ངེས་པར་འགྲུབ་པར་ཡོད་པས༔ སྔར་གྱི་སེམས་བསྐྱེད་ཉམས་སུ་མ་འཇུག་པར་གཞན་དོན་དུ་སྨོན་ལམ་རྒྱ་མ་ཆུང་ཞིག༔ སྐྱེ་བ་སྔ་ཕྱིའི་ལུས་དེ་རྣམས་ཐོར་ཙམ་ཡིན་གྱི༔ ལོ་ཙཱ་བ་ཁྱོད་ཁོ་ན་མ་ཡིན་ཞིང་༔ རིགས་དྲུག་གི་གནས་འདིར་སེམས་ཅན་རེ་རེས་ཀྱང་ལུས་བླངས་པའི་ཕུང་པོ་ཕྱོགས་མཐུན་དུ་བྱར་ཡོད་ན་དབུས་ཀྱི་རིའི་རྒྱལ་པོ་ལས་ཀྱང་ཆེས་ཆེར་མཐོ༔ རྣག་ཁྲག་མཐའི་རྒྱ་མཚོ་ལས་ཀྱང་རབ་ཏུ་མང་ངོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཐ་མལ་གྱི་འགྲོ་བ་དབང་མེད་དུ་རིགས་དྲུག་གི་གནས་སུ་འཁྱམས་པ་དང་མི་འདྲའོ༔ ཁྱོད་ཀྱི་ལུས་ནི་ཇི་ལྟར་ཞིག་བླངས་ཀྱང་དོན་དང་ལྡན་ནོ༔ སྔོན་བསྐལ་པ་མང་པོའི་གོང་རོལ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ས་ལམ་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཀྱང་༔ འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེར་རྒྱུན་མི་འཆད་པ་ཁྱོད་ཀྱིས་བཏབ་པ་ཡིན་པས་རྗེས་སུ་དྲན་པར་གྱིས་ཤིག༔ ལོ་ཙཱ་བ་ཁྱོད་དང་འཕགས་བ་སེམས་ཉིད་ངལ་གསོ་དབྱེར་མེད་དོ༔ ཞེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལེགས༔ ལོ་ཙཱ་བ་ཀླུ་ཡི་དབང་པོ་འདི་མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ༔ ཉི་མ་གྲགས་པ་རྩལ་ཞེས་བྱ་བའི་གཏེར་སྟོན་དུ་སྐྱེ་གསུང་བའི་ཡུལ་དང་༔ རིགས་དང་མི་ནོར་པའི་རྟགས་སྒོ་གསུམ་གྱི་མཛད་སྤྱོད་ཅི་འདྲ་འོང་༔ གུ་རུ་རིན་པོ་ཆེས་གསུང་དུ་གསོལ༔ བདག་གིས་མ་འོངས་པའི་དོན་དུ་ཡི་གེར་འདེབས་པ་ཡིན་ལགས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཁྱོད་ཀྱི་དེ་ལྟར་ཞུས་པ་ཤིན་ཏུ་ལེགས་ཏེ༔ མ་འོངས་སྙིགས་མ་རྩོད་ལྡན་གྱི་ཡང་མཐའ་ལ༔ ང་མིན་ང་འདྲས་བསྟན་པ་བཤིག༔ ཟོབ་ཀྱི་ཆོས་བརྒྱད་འཇིག་རྟེན་དུ་དར༔ སྐལ་ལྡན་གྱི་སྐྱེས་བུ་རེ་རེ་ཙམ་འབྱོན་པ་ལ་ཐན་དུ་བལྟ༔ བདུད་སྤྲུལ་མང་པོས་འགྲོ་བ་ངན་སོང་དུ་ཁྱུ་དེད་བྱེད་པའི་དུས་ངན་ཞིག་འོང་༔ དེའི་དུས་སུ་ནག་ཕྱོགས་ཀྱི་བདུད་རིགས་ཁ་དར་བས་སྐལ་ལྡན་གྱི་སྐྱེས་བུ་རྣམས་གང་དུ་འབྱོན་པའི་ས་དེར་བདུད་སྤྲུལ་ཡང་དེ་བཞིན་དུ་འོང་ཞིང་༔ མདོར་ན་ཐབས་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་དོན་ལ་བར་དུ་གཅོད་དོ༔ དེའི་ཐེ་ཚོམ་སེལ་བ་ལ་མི་ནོར་བའི་རྟགས་མཚན་སྒོ་གསུམ་གྱི་མཛད་སྤྱོད་རྣམས་གལ་ཆེ་བས༔ ཁྱོད་ཀྱིས་ཕྱི་རབས་ཀྱི་དོན་དུ་ཡི་གེར་ཐོབ་ཅིག༔ དེ་ཡང་མ་འོངས་ང་ཡི་སྤྲུལ་པ་ཁམས་པ་ཉི་མ་གྲགས་པ་ཞེས་བྱ་བའི་སྐྱེས་བུ་ཞིག་ཆོས་འཁོར་ལྷ་སའི་ཤར༔ དཔལ་གྱི་བསམ་ཡས་འདིའི་བྱང་ཤར་དུ་གནམ་ས་གྲུ་གསུམ་པ་ཆོས་འབྱུང་གི་དབྱིབས་སུ་ཡོད་པ༔ བྲག་རི་ཐལ་མོ་སྦྱར་འདྲའི་མདུན༔ མདོ་ཁམས་ཟལ་མོ་སྒང་གི་ཆ༔ མཆོད་རྟེན་དཀར་པོའི་ནུབ༔ བན་རུ་བྱ་བ་ཞིག་ཏུ་བན་སྒོམ་མམ་སྔགས་བརྒྱུད་ཅིག་གི་བུ་ལ་འོང་༔ ལྕགས་ཁམས་ཁྱིའམ་ཕག་ལོ་པ༔ ཤེས་རིག་དྭངས་ཤིང་དབང་པོ་གསལ༔ སྨྲ་ལྕེ་བདེ་ཞིང་བཞིན་རས་མཛེས༔ སྤྱོད་པ་ངེས་མེད་སྣ་ཚོགས་ལ༔ ཐག་ཆོད་མྱུར་བའི་ཧུར་རེ་བ༔ བྱ་གཤོག་ལྟ་བུར་ལུས་སྤྱོད་འཚུབ༔ མགྲིན་པ་ངག་གི་རྩ་སྒོ་ཡངས༔ ཚིག་རྩུབ་རྟ་རྐད་ཆོ་ལེར་སྨྲ༔ ཕ་རོལ་གཞན་དང་བློ་མི་བསྟུན༔ ཟང་ཟི་ནོར་ལ་ཞེན་པ་བྲལ༔ མི་འགྱུར་སྐུ་ཡི་རྟགས་མཚན་དུ༔ ཤ་སྨེ་སྨུག་ནག་ནམ་མཁའི་མདོག༔ བརླ་གཡོན་ཁྲོས་མ་རང་བྱོན་འོང་༔ མི་འགྱུར་གསུང་གི་རྟགས་མཚན་དུ༔ ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཞིག༔ གདོང་པ་གཡས་ཀྱི་ཆ་ལ་ཡོང་༔ མི་འགྱུར་ཐུགས་ཀྱི་རྟགས་མཚན་དུ༔ ལྟག་པར་ཆོས་འབྱུང་རི་མོས་མཚན༔ བྱ་བ་བྲལ་ཞིང་ཞེ་འདོད་ཟད༔ གསང་མཚན་ཉི་མ་གྲགས་པ་རྩལ༔ གར་དབང་འགྲོ་འདུལ་གླིང་པ་འབྱུང་༔ ཞེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་འོ་ན་ལས་ཅན་གྱི་སྐྱེས་བུ་དམ་པ་དེས་ཟབ་གཏེར་ལ་སྤྱོད་དུས་ཀྱི་དུས་རྟགས་གང་འདྲ་འོང་༔ འགྲོ་བའི་ཚེ་ཚད་གང་ཙམ་ཡིན༔ ས་རྟགས་སོགས་འབྱུང་ངམ་མི་འབྱུང་ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ང་སྤྲུལ་ལས་ཅན་སྐྱེས་བུ་དེས༔ ཟབ་ཆོས་གཏེར་ལ་སྤྱོད་པའི་ཚེ༔ གངས་རིའི་བསྐོར་བའི་རྒྱལ་ཁམས་འདིར༔ གློ་བུར་རྒྱལ་ས་འབངས་ཀྱིས་འཕྲོག༔ སོག་དམག་གཙང་དང་ཁམས་སུ་འཁྲུག༔ དེ་ནས་བོད་ཡུལ་དར་ཅིག་བདེ༔ མངའ་བདག་སྤྲུལ་པས་བོད་ཁམས་སྐྱོང་༔ རྒྱ་གར་རྒྱ་ནག་མོན་བོད་བལ༔ ཧོར་དང་སོག་པོ་ལ་སོགས་པ༔ ཆོས་འཁོར་ལྷ་སར་འདུ་འཚོག་སྤྱོད༔ རྒྱ་བོད་ཧོར་གསུམ་ཆས་གོས་འདྲེས༔ ལུས་ཆས་སྣ་ཚོགས་ཡ་མ་ཟུང་༔ སྐད་དང་ལོངས་སྤྱོད་མཐའ་དབུས་འགྱུར༔ བསམ་ཡས་འདི་ལ་ཞིག་གསོས་ཡོང་༔ འབྲོམ་བཟའི་ལྷ་ཁང་རི་མོ་བརྗེ༔ དེ་ཚེ་སྲིང་མོ་རྫོང་དུ་ནི༔ ང་ཡིས་སྦས་པའི་གཏེར་ཁ་རྣམས༔ ཁམས་པ་ཉི་མ་གྲགས་པས་སྤྱོད༔ འགྲོ་བའི་ཚེ་ཚད་བཞི་བཅུ་རལ༔ སུམ་ཅུར་ཉེ་བའི་དུས་ལ་ཉེ༔ ཞེས་གསུངས་པ་དང་༔ མཚོ་རྒྱལ་བདག་གིས་ཡང་ཞུས་པ་གྷུ་རུ་རིན་པོ་ཆེ་རིག་འཛིན་ཉི་མ་གྲགས་པས་ཟབ་ཆོས་ཀྱི་གཏེར་ལ་སྤྱོད་དུས་མཚན་ལྡན་གྱི་རིག་མ་ཅི་འདྲ་འབྱུང་ཞེས་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ ང་སྤྲུལ་ལས་ཅན་སྐྱེས་བུ་དེས༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ རྟེན་འབྲེལ་གསུམ་གྱི་འགྲིག་སྒོ་ལྟར༔ མཚན་ལྡན་རིག་མ་དེ་བཞིན་འབྱུང་༔ རབ་ནི་རང་ལོ་བཅོ་བརྒྱད་དུས༔ མཚན་ལྡན་བུད་མེད་གཅིག་དང་འཕྲད༔ རྩ་མདུད་གྲོལ་ཞིང་མངོན་ཤེས་འཆར༔ པད་འབྱུང་ང་ཡིས་ཁ་བྱང་གཏོད༔ ཟབ་མོའི་གཏེར་ཆེན་ཉེར་ལྔ་འདོན༔ གྲོགས་ལ་མཚན་ལྡན་ཉེར་ལྔ་འོང་༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ཡིན༔ གཏེར་ཆུང་བཞི་བཅུ་ཐམ་པ་འདོན༔ རྫས་གཏེར་བདུན་ལ་ལོངས་སྤྱོད་བྱེད༔ འབྲིང་ནི་རང་ལོ་ཉེར་ལྔའི་སྟེང་༔ རིན་ཆེན་རིགས་ཀྱི་བུད་མེད་འཕྲད༔ ཁ་བྱང་ཙ་རིའི་གནས་ནས་རྙེད༔ ཡང་བྱང་སྲིང་མོ་རྫོང་དུ་འབབ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ ཟབ་ཆོས་ལྔ་ཡི་གཏེར་ཁ་འདོན༔ ད་ལྟ་དཀྱིལ་འཁོར་གཉན་པོའི་མདུན༔ སྨོན་ལམ་བཏབ་པའི་བུད་མེད་ལྔ༔ དེ་དུས་སྐལ་ལྡན་གྲོགས་སུ་འོང་༔ ཕྲན་བུའི་གཏེར་ཕྲན་ངེས་མེད་སྤྱོད༔ ཐ་མ་བཞི་བཅུ་ཞེ་ལྔ་ལ༔ ཁ་བྱང་མ་ངེས་པ་ནས་རྙེད༔ གཏེར་ཕྲན་གསུམ་གྱི་ཆོས་དང་མཇལ༔ རྩ་བཟང་བུད་མེད་གྲོགས་སུ་འོང་༔ ཅེས་གསུངས་པ་དང་༔ བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ ལས་ཅན་གྱི་སྐྱེས་བུ་དམ་པ་དེ་ལ༔ རྟེན་འབྲེལ་གསུམ་དུ་ཡོད་གསུངས་པའི་རྒྱུ་མཚན་གང་ཡིན་ལགས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ལས་ཅན་སྐྱེས་བུ་དམ་པ་དེར༔ རྟེན་འབྲེལ་གསུམ་གྱི་རྒྱུ་མཚན་ནི༔ ཕྱི་དང་ནང་དང་གསང་བའོ༔ རྟེན་འབྲེལ་རབ་ཏུ་འགྲིགས་འདོད་ན༔ ང་སྤྲུལ་བདུད་འདུལ་གླིང་དང་འཕྲད༔ རྟེན་འབྲེལ་འབྲིང་དུ་འགྲིགས་འདོད་ན༔ རྫོགས་ཆེན་བསྒོམས་པའི་རྣལ་འབྱོར་མཇལ༔ རྟེན་འབྲེལ་ཐ་མ་འགྲིག་འདོད་ན༔ ང་མིན་གཞན་གྱི་གྲུབ་མཐར་འཕྲད༔ དེ་ནི་ཕྱི་ཡི་རྟེན་འབྲེལ་ལོ༔ དེ་ནས་ནང་གི་རྟེན་འབྲེལ་ནི༔ ད་ལྟའི་བདུད་མོ་དམར་རྒྱན་བཟས༔ སྨོན་ལམ་ལོག་པར་བཏབ་པ་ཡིས༔ ལོག་པའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས༔ དམ་ཚིག་ཉམས་པའི་ཕོ་སྐྱེས་དང་༔ བར་ཆད་བརྩམས་པའི་བདུད་མོ་ནི༔ འཁོར་གཡོག་སློབ་མར་བརྫུ་ནས་འོང་༔ སྣ་ཚོགས་ཐབས་ཀྱིས་བར་གཅོད་རྩོམ༔ སྐྱེས་བུའི་ཚེ་སྲོག་འཕྲོག་པ་དང་༔ དངོས་གྲུབ་གཏེར་དང་འགྲོ་དོན་ལ༔ བར་དུ་གཅོད་པ་སྣ་ཚོགས་བྱེད༔ ཁྱད་པར་གསང་བའི་རྟེན་འབྲེལ་ལ༔ གཏེར་གྲོགས་བུད་མེད་བདུད་ཀྱིས་འཁུར༔ ཡིན་པར་མི་བྱེད་མིན་པར་སྤྱོད༔ བདེན་པར་མི་ཉན་རྫུན་ལ་ཉན༔ རྟེན་འབྲེལ་ཡལ་ནས་གཏེར་མི་ཐོན༔ འགྲོ་དོན་ཆུང་ཞིང་ཕྲིན་ལས་རྒུད༔ སྐལ་ལྡན་སྐྱེས་བུ་དེ་ཉིད་ཀྱང་༔ འགྲོ་བ་བསོད་ནམས་མ་བསགས་པས༔ མཁའ་འགྲོས་གདན་འདྲེན་ཞུ་ཡང་སྲིད༔ བར་གཅོད་རྐྱེན་འཕྲང་དགུ་ལ་འགྲིམ༔ ཅེས་གསུངས་པ་དང་༔ བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ངན་པའི་རྟེན་འབྲེལ་དེ་རྣམས་བཟློག་པའི་ཐབས་དང་༔ ཚེ་འཕྲང་རྣམས་ཀྱི་བར་གཅོད་སེལ་བའི་གདམས་པ་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ངན་པའི་རྟེན་འབྲེལ་བཟློག་འདོད་ན༔ སྤྱོད་པ་གཟོབས་ལ་རིག་པ་སྒྲིམས༔ དབེན་པ་བསྟེན་ལ་གཅིག་པུར་སྡོད༔ མི་མེད་ལུང་པར་སྒྲུབ་ལ་བརྩོན༔ གཡོག་འཁོར་འདུ་འཛིའི་གཡེང་བ་བོར༔ སེར་སྣའི་ནོར་རྫས་མདུད་པ་ཁྲོལ༔ དབེན་གནས་གཅིག་ལ་མ་ཆགས་པར༔ གར་སོང་ཆ་མེད་ངེས་མེད་སྤྱོད༔ སྐུ་གསུང་ཐུགས་སོགས་རིག་མ་ལྔ༔ ཁྱད་པར་ཚེ་འཕྲང་བཟློག་པའི་གྲོགས༔ ལྷ་མོ་གོས་དཀར་སྤྲུལ་པ་ཞིག༔ རིགས་བཟང་བན་སྒོམ་བུ་མོ་ནི༔ ཆོས་ཀྱི་མིང་ཅན་སྙིང་སྨེ་ཅན༔ སྐྱིད་གྲོང་འཕགས་པའི་ནུབ་ནས་འོང་༔ ཕྱག་རྒྱར་བསྟེན་ན་ཚེ་འཕྲང་སེལ༔ ནམ་གྲུ་ནག་མོའི་བར་གཅོད་གཟོབས༔ ཅེས་གསུངས་པ་དང་༔ མཚོ་རྒྱལ་བདག་གིས་ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་ལེགས་ཚེ་འཕྲང་སེལ་བའི་རིག་མ་དེ་ལ་ནམ་གྲུ་ནག་མོའི་བར་གཅོད་གཟོབས་གསུངས་པ་དེ་གང་ཡིན་ལེགས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་པ་ན་སྐྱེས་བུ་ཉི་མ་གྲགས་པ་རྩལ་གྱི་ཐུགས་ཀྱི་གཟུངས་མ་གོས་དཀར་མོའི་སྤྲུལ་པ་ཤེལ་དཀར་བཟའི་སྐྱེ་བ་ཞིག་འོང་སྟེ༔ དེ་ཚེ་འཕྲང་བཟློག་པའི་གཟུངས་མ་ལ༔ བདུད་མོ་ནམ་གྲུ་ནག་མོའི་སྦྲུལ་པ་ཞིག་གིས་བར་དུ་གཅོད་ཀྱང་སྲིད་གསུངས་སོ༔ ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་བདུད་མོ་ནམ་གྲུ་ནག་མོའི་སྤྲུལ་པ་དེ་ཅི་འདྲ་ཞིག་འོང་༔ བར་ཆད་ཀྱིས་མི་ཚུགས་པའི་ཐབས་ཅི་མཆིས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ བདུད་མོ་ནམ་གྲུ་ནག་མོའི་སྤྲུལ་པ་ནི༔ མིང་དང་མིང་འདྲ་རུས་དང་རུས་འདྲ་འབྱུང་ཏེ༔ བདུད་ཀྱི་བསླུ་བྲིད་ཀྱིས་བསྒྲིབ་སྟེ་བརྟག་དཀའ་བ་རུ་འགྱུར་ནས་མི་ཕྱེད་དེ་ནོར་དོགས་པའི་ཉེན་ཡོད༔ རྐྱེན་དེ་བཟློག་པ་ལ་རྩ་བ་གསུམ་གྱི་ལྷ་དང་པདྨ་ང་ལ་གསོལ་བ་བཏབ་ན་དྲག་གསུངས་སོ༔ མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་འོ་ན་སྐལ་ལྡན་གྱི་སྐྱེས་བུ་དེས་ཟབ་གཏེར་ལ་སྤྱོད་དུས་ཀྱི་གཏེར་གྲོགས་ཀྱི་བུ་མོ་རྣམས་ལའང་བར་དུ་གཅོད་པ་འོང་ངམ་མིའོང་ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་སྐལ་ལྡན་བུ་དེ་ཡིས༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ རྟེན་འབྲེལ་ཐམས་ཅད་རིག་མས་བྱེད༔ རིག་མ་དངོས་གྲུབ་རྩ་བ་ཡིན༔ བར་ཆད་བདུད་ཀྱང་དེ་བཞིན་ཟབ༔ མིང་དང་མིང་འདྲ་ནོར་དོགས་ཆེ༔ རུས་དང་རུས་འདྲ་ནོར་དོགས་ཆེ༔ འཕུང་བྱེད་བདུད་སྤྲུལ་འདྲེ་མོ་ནི༔ དེ་མིན་དེ་འདྲའི་གཟུགས་སྟོན་ཏེ༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ བརྟག་དཀའ་དབྱེ་གསལ་དཀའ་བར་འོང་༔ རྩོད་ལྡན་དུས་ཀྱི་ཡང་མཐའ་ལ༔ བདུད་རིགས་འདྲེ་མོ་ཁ་དར་བས༔ ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་དང་༔ འདྲེ་སྲིན་བདུད་མོའི་སྤྲུལ་པ་གཉིས༔ འདྲ་འདྲ་འདྲ་ལ་ནོར་ར་རེ༔ དེ་བཞིན་ཟབ་མོའི་གཏེར་འདོན་ཚེ༔ རྒྱ་བོད་ལྷ་འདྲེ་ཐམས་ཅད་འཚོགས༔ ལེགས་པར་བྱས་ཀྱང་ཉེས་མང་ཞིང་༔ སྣ་ཚོགས་རྐྱེན་གྱིས་བར་ཆད་དེ༔ ཆོས་ཟབ་མང་པོའི་གཏེར་སྒོ་འགེགས༔ དེ་བཞིན་བསྟན་པ་སྤེལ་བའི་ཚེ༔ བྱང་སེམས་སྤྲུལ་པའི་ཆོས་བདག་དང་༔ མ་རུང་བདུད་སྤྲུལ་སློབ་མར་བརྫུ༔ འདྲ་འདྲ་འདྲ་ལ་ནོར་དོགས་ཆེ༔ པདྨ་ང་ལ་གསོལ་བ་ཐོབ༔ རིག་པར་ལྕགས་ཆུག་ཆང་མ་འཐུང་༔ ཁ་ཚིག་མ་མང་གཅིག་པུར་སྡོད༔ ལས་སུ་ཟབ་ཆོས་ཡི་གེར་ཐོབ༔ ནོར་ལ་སྣག་སྨྱུག་ཤོག་བུ་སྒྲུབས༔ མི་ངོ་མ་སྲུང་དམ་ཚིག་སྲུངས༔ མི་ཤེས་མེད་དང་མ་མཐོང་སྨྲོས༔ ལྟོ་གོས་ཕོངས་སེམས་ཞེར་མ་འཇོག༔ གསང་རྒྱ་སྡོམས་ལ་རང་ཉམས་ལོང་༔ དཀའ་ཐུབ་བཅུད་ལེན་སྲང་ལ་གཅུན༔ ཁྲེགས་ཆོད་བསྒོམ་ཞིང་ཐོད་རྒལ་སྐྱོངས༔ རྩ་རླུང་སྦྱོང་ཞིང་རིག་མ་བསྟེན༔ དུར་ཁྲོད་འགྲིམས་ལ་གཉན་ས་ཆོད༔ ཟབ་དགུ་གཉན་བཅུའི་གཏེར་ཆོས་རྣམས༔ སྦྲུལ་མཇུག་བཞིན་དུ་སྟོན་མཁས་གྱིས༔ ལུང་ཟིན་ཆོས་བདག་རྣམས་ཀྱིས་ཀྱང་༔ ཚུར་ལ་དུང་དུང་མི་འདུག་ན༔ སློབ་མ་བདུད་ཀྱིས་ཁུར་བའི་རྟགས༔ ཟབ་ཆོས་གཏད་ན་དགོས་པ་ཆུང་༔ ཆེ་དགུ་དྲག་བཅུ་གཉན་གསུམ་ལ༔ རང་འདོད་ངོ་དགའ་མ་བྱེད་ཅིག༔ བཅོས་མའི་ལུང་བསྟན་མ་བཀོད་ཅིག༔ ཕ་ཆོས་བུ་ཡིས་མ་བསླད་ཅིག༔ གསང་རྒྱ་མཐར་ཕྱིན་སྒྲུབ་ལ་བརྩོན༔ རྟེན་འབྲེལ་ཀུན་གྱི་ཆེ་བ་སྟེ༔ འགྲོ་དོན་ནམ་མཁའི་མཐའ་དང་མཉམ༔ ཤོག་སེར་ཕོབ་ལ་ཞལ་བཤུས་རྒྱོབ༔ ཚིག་ཆད་མེད་དོ་པདྨའི་བཀའ༔ འབྲུ་ཆད་འདུག་ན་གསོབས་ཤིག་བུ༔ ཁེངས་སེམས་ཅན་གྱི་འགྲོ་བ་ལ༔ ངོམ་པ་མ་སྔ་ཕྲག་དོག་འོང་༔ རྐུན་ནོར་ལྟ་བུར་སྤྱོད་མཁས་གྱིས༔ རང་གིས་རང་ཉིད་མ་སླུ་ཞིག༔ འཁོར་བའི་འདམ་ལ་མ་སྐྱུར་ཞིག༔ བསྟན་བླ་རིན་མེད་མ་འཚོང་བར༔ ཕ་ངག་ཉོན་ལ་ཕས་ཟེར་གྱིས༔ མ་འོངས་སྐལ་ལྡན་འགྲོ་འདུལ་གླིང་༔ པདྨ་འོད་ཀྱི་གནས་བཟང་དུ༔ སྐྱེ་བ་འཕོས་དུས་མཉམ་དུ་འཚོག༔ ང་རང་ཕ་སྤད་བདེ་ཉམས་སྐྱོང་༔ སླར་ཡང་འགྲོ་བའི་དོན་ཕྱིར་དུ༔ སྤྲུལ་པ་ཉི་མའི་ཟེར་ལྟར་སྤྲོ༔ སངས་རྒྱས་བསྟན་པ་ང་ཡིས་སྐྱོང་༔ འགྲོ་བའི་སྡུག་བསྔལ་ང་ཡིས་སེལ༔ པདྨ་ང་ནི་ནམ་མཁའི་ལུས༔ དད་ལྡན་འགྲོ་བ་ཕོ་མོ་རྣམས༔ ཚེས་བཅུ་བཟུང་ལ་གསོལ་བ་ཐོབ༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་ནི༔ ཁམས་ཞིག་ཉི་མ་གྲགས་པ་དང་༔ པད་འབྱུང་ང་ལ་ཐ་དད་མེད༔ གཉིས་སུ་མེད་ཅིང་དབྱེ་བ་མེད༔ བཟང་འབྲེལ་སངས་རྒྱས་འཐོབ་པས་འཚེངས༔ ངན་འབྲེལ་འཁོར་བ་མཐའ་ཅན་བྱེད༔ ཅེས་གསུངས་པ་དང་༔ མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ འོ་ན་མ་འོངས་སྐལ་ལྡན་ཉི་མ་གྲགས་པ་རྩལ་གྱིས་རྟེན་འབྲེལ་རབ་འབྲིང་ཐ་མའི་ན་རིམ་གྱི་རིག་མ་རྣམས་འོང་གསུངས་པའི་མཚན་ལྡན་དེ་རྣམས་ཕྱོགས་དང་ཡུལ་གང་ནས་འབྱུང་༔ རྟགས་དང་མཚན་མ་ཇི་ལྟ་བུ༔ ལུས་དང་གྲིབ་མ་ལྟར་བདུད་ཀྱི་བུད་མེད་རྣམས་འོང་གསུང་བའི་རྟགས་མཚན་ཇི་ལྟ་བུ༔ དུས་གསུམ་མཁྱེན་པས་མ་འོངས་ཀྱི་དོན་དུ་གསུང་དུ་གསོལ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ མཚན་ལྡན་གྱི་བུད་མེད་རྣམས་ཀྱི་རྟགས་དང་མཚན་མ་ནི༔ རྟེན་འབྲེལ་རབ་འབྲིང་ཐ་མའི་ཚུལ་གང་ཤར་བ་དེའི་ཁ་བྱང་རྣམས་སུ་གསལ༔ མཚན་ལྟས་ཁ་བྱང་དུ་མ་བསྟན་ན་དོན་མི་གསལ་ཏེ་གཏེར་གྱི་གྲོགས་སུ་འཁྲིད་དགོས་པའི་ཕྱིར་རོ༔ མཚན་ལྡན་གྱི་རིག་མ་དེ་རྣམས་དང་མཉམ་དུ༔ བདུད་སྤྲུལ་གྱི་བུད་མེད་ནི་ལུས་དང་གྲིབ་མའི་ཚུལ་དུ་འོང་ཞིང་༔ འདྲ་བ་གཉིས་གཉིས་ལྷན་དུ་འོང་བས་གཅིག་ནི་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པའི་བུད་མེད༔ གཅིག་ནི་བདུད་ཀྱི་སྤྲུལ་པ་ཡིན་ཏེ༔ དབྱེ་བསལ་གྱི་བརྟག་པ་ནི་ད་ལྟ་མཚན་ལྡན་གྱི་བུད་མེད་ལུང་བསྟན་པ་དང་༔ མ་འོངས་དུས་ཀྱི་བདུད་སྤྲུལ་གྱི་བུད་མེད་རྣམས་ལ་ཁྱད་པར་མེད་པར་འོང་བ་ལས་རྟགས་མཚན་སོ་སོར་ནི་མི་འབྱུང་ངོ༔ འབྲས་བུ་ནི་སོ་སོར་སྨོན་པའོ༔ ཅེས་གསུངས་པ་དང་༔ མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ༔ འོ་ན་ད་ལྟའི་ཟབ་ཆོས་བདེ་མཆོག་འཁོར་ལོ་འདི་རྟེན་འབྲེལ་རབ་འབྲིང་ཐ་མ་གང་འགྲིག་ན་འདོན༔ ཞེས་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ ད་ལྟའི་ཟབ་ཆོས་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་འདི༔ རྟེན་འབྲེལ་གསུམ་གྱི་འབྲིང་དུ་བབས་ན༔ སྐུའི་ཆོས་སྐལ་དུ་བླ་མ་བསྒྲུབ་པའི་ཆོས་འདི་ལ་སྤྱོད༔ པདྨ་དྲག་པོར་ཁྲོས་པའི་ཆོས་སྐོར་གྱིས་བར་ཆད་ཀྱི་རྐྱེན་སེལ༔ ཐུགས་ཀྱི་ཆོས་སྐལ་དུ་རྫོགས་ཆེན་རྩ་གསུམ་སྙིང་ཐིག་རྙེད༔ གསུང་གི་ཆོས་སྐལ་དུ་ཡི་དམ་རྟ་ཕག་ཡབ་ཡུམ་མཇལ༔ ཡོན་ཏན་གྱི་ཆོས་སྐལ་དུ་ཚེ་སྒྲུབ་འདོན༔ ཕྲིན་ལས་ཀྱི་ཆོས་སྐལ་དུ་མཁའ་འགྲོ་ནག་མོའི་སྒྲུབ་སྐོར་ཏེ༔ མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་འདིའི་གཏེར་ལ་སྤྱོད་དོ༔ ཞེས་གསུངས་པ་དང་༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ཅིང་ལོ་ཙཱ་བ་དང་རྗེ་འབངས་ཀུན་གྱིས་ཕྱག་དང་སྐོར་བ་བྱས༔ ཚོགས་ཀྱི་འཁོར་ལོ་བསྐོར༔ མ་འོངས་ཀྱི་བསྐལ་པ་ལ་ཟབ་ཆོས་ཀྱི་འགྲོ་དོན་འབྱུང་བའི་སྨོན་ལམ་བཏབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་དང་༔ ལོ་ཙཱ་འཁོན་ཆེན་ཀླུ་ཡི་དབང་པོ་ཡིས༔ དབེན་རྩ་དཔལ་གྱི་ཁྱམས་ཆེན་ཡངས་པ་ན༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ ཕྱི་རབས་རྩོད་ལྡན་ཡང་མཐའི་འབྱུང་ཚུལ་དང་༔ ལོ་ཙཱ་བ་ཡི་སྐྱེ་འཕྲེང་ཞུས་ནས་ཀྱང་༔ ཡི་གེར་བྲིས་ནས་རིན་ཆེན་གཏེར་དུ་སྦས༔ མ་འོངས་ལས་འཕྲོ་ཅན་དང་འདི་འཕྲད་དུས༔ སྔོན་གྱི་བག་ཆགས་སད་དེ་རྗེས་དྲན་ནས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ནས་ཀྱང་༔ བདག་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག༔ ཅེས་མཚོ་རྒྱལ་བདག་གིས་སྨྲས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཉི་མ་གྲགས་པས་གནས་མཆོག་དཔལ་གྱི་ཏེ་སེ་ནས་རྙེད་པའོ། །མངྒ་ལཾ། །

ལུང་བསྟན་གསལ་བའི་མེ་ལོང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལུང་བསྟན་གསལ་བའི་མེ་ལོང་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དེ་ཡང་བསམ་ཡས་མཆིམས་ཕུའི་ནགས་ཁྲོད་དུ༔ རིག་འཛིན་འདུས་པའི་ཆོས་འཁོར་བསྐོར་ནས་ཀྱང་༔ རྗེ་འབངས་རྣམས་ལ་སྒྲུབ་པའི་ཞལ་གདམས་ཕོག༔ སོ་སོའི་བསྐྱེད་རྫོགས་ཆོས་ཀྱི་དྲོད་རྟགས་ཐོབ༔ དེ་ཚེ་བདག་ཉིད་པདྨ་འབྱུང་གནས་ཀྱིས༔ རྗེ་འབངས་གྲུབ་ཐོབ་ཀུན་ལ་འདི་སྐད་སྨྲས༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་རིག་འཛིན་རྣམས༔ ས་ལམ་དྲོད་རྟགས་རྙེད་པའི་ཏིང་འཛིན་གྱིས༔ འཁོར་འདས་ཆོས་ལ་རང་དབང་བསྒྱུར་ན་ཡང་༔ དུས་གསུམ་སལ་ལེར་གསལ་བ་བདག་ཉིད་ཙམ༔ ད་ལྟ་ཁྱེད་རྣམས་སྒྲུབ་པའི་དྲོད་རྟགས་ཐོབ༔ མ་འོངས་ཁྱེད་རྣམས་འགྲོ་བའི་དོན་ལ་སྤྱོད༔ པད་འབྱུང་ང་ཡང་སྲིན་པོ་འདུལ་དུ་འགྲོ༔ བོད་ཀྱི་རྒྱལ་ཁམས་ཆགས་གནས་འཇིགས་སྟོངས་མང་༔ བརྒྱ་སྟོང་ལོ་སྐོར་དྲུག་ཅུའི་བར་བར་དུ༔ སད་སེར་མུ་གེ་དམག་འཁྲུག་ནད་ཡམས་མང་༔ དག་དང་མ་དག་འགྲོ་བ་སྣ་ཚོགས་འབྱུང་༔ བོད་ཀྱི་སྐྱེ་འགྲོ་བསོད་ནམས་མར་མར་འབྲི༔ མཐའ་འདུལ་གཙུག་ལག་རྣམས་ཀྱི་རབ་གནས་ཉམས༔ ཡང་འདུལ་མཆོད་རྟེན་ཕལ་ཆེན་ཞིག་རལ་མང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་དར་གུད་ཆེ༔ རྟག་པར་བརྟན་པ་ཆོས་སྐུ་སྐྱེ་བ་མེད༔ འདུས་བྱས་མི་རྟག་རྨི་ལམ་ཡུལ་གྱི་དཔེ༔ འཁོར་འདས་ཐམས་ཅད་ངོ་བོ་ཉིད་ལ་ཚང་༔ སྤང་བླང་དགག་སྒྲུབ་རེ་དོགས་མ་རིག་འཁྲུལ༔ ཐམས་ཅད་སྐྱེ་མེད་རང་བྱུང་ཀ་ནས་དག༔ བསྐྱེད་རྫོགས་ཆོས་ཀྱི་སྙིང་པོའི་བསྟན་པ་བཟུང་༔ ཐུགས་དམ་བརྡར་ཤ་ཆོད་ཅིག་རྗེ་འབངས་རྣམས༔ རང་རེ་རྣམས་ཀྱང་འདུས་བྱས་མི་རྟག་འབྲལ༔ སླར་ཡང་སྨོན་ལམ་སྟོབས་ཀྱིས་ལྷན་དུ་འཚོག༔ སྤྲུལ་སྒྱུར་སྣ་ཚོགས་འགྲོ་བའི་དོན་མང་བྱེད༔ ཅེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ༔ ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ པ་གོར་ཆེན་པོ་བཻ་རོ་ཙ་ན༔ འཁོན་ཆེན་ཀླུ་ཡི་དབང་པོ་ལ་སོགས་རྗེ་འབངས་ཀུན་གྱིས་ཕྱག་དང་སྐོར་བ་བྱས༔ རིན་པོ་ཆེའི་མཎྜལ་ཕུལ་ཏེ༔ མགྲིན་གཅིག་ཏུ་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ དུས་གསུམ་མཁྱེན་པའི་འགྲོ་མགོན་པདྨ་འབྱུང་༔ སྐུ་ཡི་སྤྲུལ་པས་སྤྲུལ་སྐུའི་བསྟན་པ་སྐྱོང་༔ གསུང་གི་སྤྲུལ་པས་ལོངས་སྐུའི་བསྟན་པ་སྐྱོང་༔ ཐུགས་ཀྱི་སྤྲུལ་པས་ཆོས་སྐུའི་བསྟན་པ་སྐྱོང་༔ གང་ལ་གང་འདུལ་རིགས་དྲུག་འགྲོ་བ་སྐྱོབ༔ བདག་ཅག་རྗེ་འབངས་སྨིན་གྲོལ་ལམ་ལ་བཀོད༔ སངས་རྒྱས་བསྟན་པའི་ཉི་མ་བོད་ན་ཤར༔ མདོ་སྔགས་ཆོས་ཀྱི་བསྟན་པ་བོད་ན་ཚུགས༔ ལྷ་འདྲེ་མི་གསུམ་རྣམ་དཀར་དགེ་ལ་སྤྱོད༔ རྒྱ་གར་ཡུལ་དུ་ཐུབ་པས་ཆོས་འཁོར་བསྐོར༔ བོད་ཡུལ་སངས་རྒྱས་བསྟན་པ་ཁྱེད་ཀྱིས་བཙུགས༔ བསྟན་པའི་རྩ་ལག་ཐུབ་པའི་རྒྱལ་ཚབ་ལ༔ པད་འབྱུང་རྒྱལ་བའི་རྒྱལ་མཆོག་ཁྱེད་མིན་སུ༔ བདག་ཅག་རིགས་འཛིན་རྗེ་འབངས་འདིར་འཚོགས་ལ༔ མ་འོངས་དུས་ཀྱི་ལུང་བསྟན་རིམ་པ་རྣམས༔ བསྟན་འགྲོའི་དོན་དུ་ཞིབ་པར་གསུང་དུ་གསོལ༔ ཅེས་ཞུས་འབྲས་ཆང་རྒུན་ཆང་བུར་ཆང་དྲངས༔ དུས་གསུམ་མཁྱེན་པའི་སློབ་དཔོན་པད་འབྱུང་གི༔ ཞལ་ནི་འཛུམ་མདངས་རྗེ་འབངས་ཡོངས་ལ་གཟིགས༔ ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་ཆོས་འཆད་མཛད༔ མཛོད་སྤུའི་དཀྱིལ་ནས་འོད་ཟེར་འདོམ་གང་སྤྲོས༔ འོད་ཟེར་རྩེ་ལས་སངས་རྒྱས་ཞིང་ཁམས་བསྟན༔ ཞིང་ཁམས་ནང་དུ་ཕྱོགས་བཅུའི་བདེ་གཤེགས་བཞུགས༔ སྤྲུལ་སྒྱུར་ལན་གསུམ་མཛད་ནས་ཐུགས་ཀར་བསྡུས༔ འདོམ་གང་མཁའ་ལ་འཕགས་ཤིང་འོད་ཀློང་བཞུགས༔ གསུང་དབྱངས་དྲུག་ཅུའི་མ་འགག་རང་རྩལ་དུ༔ བདག་ཅག་རྗེ་འབངས་རྣམས་ལ་འདི་སྐད་གསུངས༔ ཉོན་ཅིག་པུར་རྒྱལ་བོད་ཀྱི་རྗེ་འབངས་རྣམས༔ ཕྱི་སྣོད་ཡས་ཆགས་འབྱུང་བཞིའི་ཁམས་རྣམས་ཆགས༔ ནང་བཅུད་མས་ཆགས་རིགས་དྲུག་སེམས་ཅན་ཆགས༔ འཁོར་འདས་བདེ་སྡུག་སྣ་ཚོགས་གཟུགས་སུ་ཤར༔ དོན་ལ་རིག་དང་མ་རིག་ཁྱད་པར་ཡིན༔ རང་རིག་མངོན་གྱུར་ཀུན་བཟང་གཞན་དོན་སྤྱོད༔ མ་རིགས་ལས་སྤྱོད་སེམས་ཅན་འཁོར་བར་འཁྱམས༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་བླངས༔ འཁོར་བའི་གནས་འདིར་རྟག་བརྟན་གང་ཡང་མེད༔ ཐམས་ཅད་མི་རྟག་འགྱུར་བའི་ཆོས་ཅན་ཏེ༔ དང་པོ་འཛམ་གླིང་སེམས་ཅན་འདི་རྣམས་ཀྱང་༔ ཚེ་ལོ་གྲངས་མེད་བརྫུས་སྐྱེས་འོད་ཀྱི་ལུས༔ བསམ་གཏན་ཟས་ཟ་རྫུ་འཕྲུལ་ནམ་མཁར་འགྲོ༔ ས་ཞག་ཟོས་པས་ཤ་ཁྲག་ཕུང་པོར་གྱུར༔ སེམས་དང་སེམས་བྱུང་བདག་འཛིན་ཚོར་བ་རགས༔ ཉོན་མོངས་སྤྱོད་པས་ཚེ་བསོད་དཔལ་འབྱོར་བྲི༔ ཚེ་ཚད་གྲངས་བབས་འབྲུ་ལ་ལོངས་སྤྱོད་བྱས༔ རྐུ་རྫུན་དཔོན་དང་བྲེ་སྲང་ཕུལ་སོགས་སྲིད༔ དེ་ཚེ་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ ངོ་བོ་ཆོས་སྐུ་རང་བཞིན་ལོངས་སྐུར་སྤྲུལ༔ མ་འགག་སྤྲུལ་སྐུ་སངས་རྒྱས་འཁོར་བ་འཇིགས༔ ཚེ་ལོ་བཞི་ཁྲིའི་དུས་སུ་ཆོས་འཁོར་བསྐོར༔ འགྲོ་བའི་ཚེ་ལོ་སུམ་ཁྲི་པ་ཡི་དུས༔ སངས་རྒྱས་གསེར་ཐུབ་འཇིག་རྟེན་མགོན་དུ་བྱོན༔ ཉི་ཁྲིའི་དུས་སུ་འོད་སྲུང་ཆོས་འཁོར་བསྐོར༔ བར་གྱི་མུན་བསྐལ་མར་མེ་མཛད་ཀྱིས་བསལ༔ དེ་ནས་བསྐལ་པའི་ཐ་མ་རྩོད་ལྡན་དུས༔ སེམས་ཅན་མི་དགེའི་ལས་སྤྱོད་གདུལ་དཀའ་བས༔ སངས་རྒྱས་གཞན་གྱི་སྨོན་ལམ་ཆད་པའི་ཚེ༔ བདག་ཅག་སྟོན་པ་ཤཱཀྱ་ཐུབ་པ་ཡིས༔ ཐུགས་བསྐྱེད་མཛད་པའི་སྨོན་ལམ་དུས་བབས་པས༔ ཚེ་ལོ་བརྒྱ་པར་དགའ་ལྡན་ལྷ་ཡུལ་ནས༔ གླང་ཆེན་ཐལ་དཀར་མཆེ་བ་དྲུག་པར་སྤྲུལ༔ དབང་པོའི་ཅོད་པན་བྱམས་མགོན་སྤྱི་བོར་བཅིངས༔ ལུམ་བྷི་ནགས་ཀྱི་ཚལ་དུ་ཐུབ་པ་བལྟམས༔ ངོ་མཚར་མཛད་པ་བཅུ་གཉིས་ཆོས་འཁོར་གསུམ༔ ལྷ་མིའི་འགྲོ་བ་ཀུན་གྱི་དཔལ་དུ་གསུངས༔ བརྒྱད་དུ་རྩ་གཉིས་ལོ་ལ་འདས་ནས་ཀྱང་༔ གསང་སྔགས་བླ་མེད་འགྲོ་བ་འདྲེན་པའི་ཕྱིར༔ ངྷ་ན་ཀཽ་ཤར་རྫུས་སྐྱེས་པདྨ་འབྱུང་༔ ད་ལྟ་འཛམ་གླིང་སྟོང་གསུམ་འཇིག་རྟེན་དུ༔ གསང་སྔགས་བླ་མེད་ཆོས་ཀྱི་ཉི་མ་ཤར༔ ཉོན་མོངས་མ་སྤངས་བྱང་ཆུབ་མངོན་དུ་གྱུར༔ ཕྱི་སྣོད་ནང་བཅུད་ཡར་འཕེལ་མར་འགྲིབ་དང་༔ སྒྲོན་བསྐལ་མུན་བསྐལ་བར་ཁུག་ལ་སོགས་པ༔ ཐམས་ཅད་མི་རྟག་འགྱུར་བའི་རང་བཞིན་ཏེ༔ དར་ནུབ་ཆགས་འཇིག་འདུས་བྱས་ཆོས་ཉིད་ཡིན༔ སྐྱེས་པའི་ཐ་མར་འགྲོ་བ་ཐམས་ཅད་འཆི༔ འདུས་པའི་ཐ་མར་མི་རྟག་ཐམས་ཅད་འབྲལ༔ བསགས་པའི་ཐ་མ་འཛད་པ་ཀུན་ལ་འབྱུང་༔ བསླང་བའི་ཐ་མར་འགྱེལ་བར་གདོན་མི་ཟ༔ ད་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར༔ ཕྱི་སྣོད་ནང་བཅུད་བསོད་ནམས་མར་མར་འབྲི༔ ད་ལྟའི་བོད་ཡུལ་སངས་རྒྱས་བསྟན་པ་འདི༔ ཆོས་རྒྱལ་ཉིད་དང་མི་རབས་བཞི་ལ་དར༔ དེ་ནས་བདུད་སྤྲུལ་རྒྱལ་པོས་བསྟན་པ་བསྣུབ༔ བདུད་ཀྱི་རྒྱལ་པོ་ཕྱག་རྡོར་སྤྲུལ་པས་འདུལ༔ དཀོན་མཆོག་གསུམ་གྱི་བསྟན་པ་དབུས་ནས་ཉམས༔ འོན་ཀྱང་འདུལ་བའི་བསྟན་པ་ཁམས་ནས་དར༔ གསང་སྔགས་བསྟན་པ་སྟོད་ཀྱི་ཕྱོགས་སུ་འབྱུང་༔ ཨ་ཏི་ཤ་ཞེས་གང་ཟག་ཁྱད་འཕགས་འབྱོན༔ སངས་རྒྱས་བསྟན་པའི་ཐོས་བསམ་བརྡར་ཤ་གཅོད༔ འཕགས་པའི་སྤྲུལ་པ་འབྲོམ་གྱི་སྲི་ཞུས་བསྟེན༔ དེ་ནས་བདུད་སྤྲུལ་སྐྱ་སེར་མང་དུ་འོང་༔ འགོང་སྤྲུལ་རེ་ལ་བློ་གཏད་བཅའ་བར་བྱེད༔ རི་ལྕོག་རེ་ལ་སྔར་མེད་བཙན་རྫོང་བརྩིགས༔ བོད་འབངས་སྡེ་དགོན་ནང་དུ་འཐབ་པར་བྱེད༔ སྟོད་སྨད་ཧོར་གྱིས་བོད་ཡུལ་ཟ་བར་རྔམ༔ འཁོན་གྱི་གདུང་ལ་ས་སྐྱ་པ་ཞེས་འབྱུང་༔ ཧོར་གྱི་མཆོད་གནས་ས་འབྲིའི་འཁྲུག་རྩོད་བྱེད༔ མཐའ་ཡི་མི་བཞིའི་དམག་དཔུང་དབུས་སུ་འཕྱུར༔ དེ་ཚེ་པདྨ་བདག་ལ་གཉིས་ཡོད་ཟེར༔ ཟ་འདོད་ཆོས་བརྒྱད་མཁན་གྱི་ལོ་ཙཱ་མང་༔ རྒྱ་གར་སྐད་རིགས་སུམ་བརྒྱ་དྲུག་ཅུ་ལས༔ སྐད་རིགས་མི་གཅིག་འཕྲལ་སྐད་འཁྱོལ་ཙམ་ལ༔ ལོ་ཙཱར་བཏགས་ཏེ་རྒྱ་བལ་ས་མཚམས་ཉུལ༔ གསང་སྔགས་བླ་མེད་འཆད་པའི་སློབ་དཔོན་དཀོན༔ དེ་ཡི་སྟབས་ཀྱིས་བླ་མེད་མ་ཐོས་པས༔ ད་ལྟ་འགྱུར་བའི་གསང་སྔགས་ཟབ་ཆོས་རྣམས༔ རྒྱ་གར་ཡུལ་ན་མི་འདུག་སྤོངས་ཤིག་ཟེར༔ དམ་སྲིའི་སྤྲུལ་བ་ལོ་ཙཱར་བཏགས་པ་དགུས༔ ཨ་ཏི་བླ་མེད་རྫོགས་ཆེན་བསྟན་པ་བསྣུབ༔ སྙིང་པོའི་བསྟན་པ་ནུབ་པས་སྲུང་མ་གྱེས༔ དགེ་བསྙེན་འགུར་ལྷ་ཕལ་ཆེར་དམ་བཅའ་སྟོངས༔ དཀར་ཕྱོགས་སྲུང་མ་གུད་པས་ནག་ཕྱོགས་དར༔ མཐའ་ཡི་དམག་དཔུང་བོད་ཡུལ་ཁོལ་རྒྱུག་བྱེད༔ རེས་བདེ་རེས་འཇམ་རེས་རྩུབ་དར་གུད་ཆེ༔ རྟོག་གེ་མཁན་གྱི་སློབ་དཔོན་མང་དུ་འབྱུང་༔ གྲུབ་མཐའ་རྩོད་ཅིང་ང་ཆེ་ང་བཟང་ཟེར༔ རྒྱལ་བའི་བཀའ་དཀྲུག་བསྟན་བཅོས་མང་དུ་རྩོམ༔ བརྒྱུད་པ་ཉམས་པས་ཆོས་ཀྱི་ངད་པ་ཡལ༔ བཤད་སྒྲུབ་ཉམས་པས་ཕྲག་དོག་གྲུབ་མཐའ་རྩོད༔ དེ་དུས་བོད་ཡུལ་འགྲོ་བའི་དོན་ཕྱིར་དུ༔ ང་སྤྲུལ་སྐྱེས་བུས་ཟབ་ཆོས་གཏེར་ནས་འདོན༔ བརྒྱུད་ཐག་ཉེ་ཞིང་དངོས་གྲུབ་སྤྲིན་ཕུང་འཁྲིགས༔ དེ་དུས་རྒྱལ་འགོང་སྤྲུལ་པའི་སློབ་དཔོན་འགས༔ གཏེར་ཆོས་འདི་ལ་བརྒྱུད་པ་མེད་དོ་ཟེར༔ འགྲོ་བ་མང་པོ་ཐེ་ཚོམ་སྒྲོག་གིས་འཆིང་༔ རང་བཟོའི་གྲུབ་མཐའ་སོར་འདོན་ཀུན་ལ་སྤེལ༔ མ་རུངས་འགྲོ་བ་མང་པོ་དེར་རྗེས་འཇུག༔ བསྟན་པ་ཆེར་བརྒྱས་ཆོས་གཟུགས་དཔོན་ས་འཛིན༔ གྲུབ་མཐའ་མེད་པའི་སྐྱེ་བོ་སྣམ་དཀར་འདྲ༔ བོད་ཡུལ་ཆོས་པའི་ཕྲག་དོག་ཚོས་ཀྱིས་བསྒྱུར༔ ང་ཡི་མཆོད་གནས་འདི་མིན་མ་བསྒྲུབས་ཟེར༔ སྐྱེ་བོས་ཆོས་སྐད་བཙུན་པས་ཁྲིམས་སྐད་གཏོང་༔ དེ་དུས་རྒྱ་གར་ཆོས་ཀྱི་བསྟན་པ་ཉམས༔ རྒྱ་ནག་ཡུལ་དུ་འབངས་ཀྱིས་གྱེན་ལོག་བྱེད༔ ལི་ཡི་རྒྱལ་སྲིད་རིགས་ངན་བཤན་པས་འཛིན༔ ཁ་ཆེའི་ཡུལ་དུ་སྟོད་ཧོར་དམག་སྣ་འདྲེན༔ ཁམས་ཀྱི་ཡུལ་དུ་བླ་མས་མི་དཔོན་བྱེད༔ དབུས་གཙང་ཕྱོགས་སུ་དབོན་བརྒྱུད་སྡེ་པ་མང་༔ མཁས་རློམ་དགེ་བཤེས་མང་པོས་མདོ་སྔགས་འཆད༔ གསང་སྔགས་ཡིན་ཟེར་མདོ་སྡེའི་སྤྱད་པ་སྤྱོད༔ མདོ་སྡེ་ཡིན་ཟེར་གསང་སྔགས་བཤད་པ་རྒྱག༔ བླ་མེད་ཡིན་ཟེར་འཁྲུལ་སྣང་ཆོས་ཉིད་རློམ༔ འཁྲུལ་ཞིག་ཡིན་ཟེར་ཆོས་བརྒྱད་གོ་ཆ་གོན༔ གྲུབ་ཐོབ་ཡིན་ཟེར་དགེ་སྡིག་འཆོལ་ཉོག་སྤྱོད༔ མཁན་པོ་ཡིན་ཟེར་ལྐོག་ན་བུད་མེད་གསོ༔ བྱ་བྲལ་ཡིན་ཟེར་ཚེ་འདིའི་དོན་དུ་གཉེར༔ མཁས་གྲུབ་ཡིན་ཟེར་མདོ་སྔགས་འཆལ་བར་སྟོན༔ པཎ་ཆེན་ཡིན་ཟེར་བཀའ་བསྟན་མང་པོ་དཀྲུག༔ འདྲ་མིན་འདྲ་བཟོའི་ཆོས་ལུགས་མང་པོ་དར༔ དེ་ཚེ་རིག་འཛིན་མཁའ་སྤྱོད་ཕོ་བྲང་དུ༔ དུས་གསུམ་ས་གནས་བྱང་སེམས་བཀའ་བགྲོས་ཏེ༔ སྤྲུལ་པ་སྣ་ཚོགས་འགྲོ་དྲུག་ཡུལ་དུ་འགྱེད༔ བོད་ཡུལ་འདིར་ཡང་གང་ཟག་མང་པོ་འབྱོན༔ བདུད་སྤྲུལ་ཚོགས་རྣམས་སྨོན་ལམ་མཐུ་ཡིས་གདུལ༔ ཅེས་གསུངས་པས་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སྤྱིར་འཁོར་བའི་གནས་ལ་བདེ་བ་དཀའ་ཞིང་༔ ཁྱད་པར་བོད་མཐའ་འཁོབ་ཀྱི་སྐྱེ་འགྲོ་བསོད་ནམས་དམན་པས༔ འགྱུར་བའི་སྡུག་བསྔལ་དང་མཐའི་དམག་དཔུང་གིས་ཡང་ཡང་སྡིག་ཅིང་༔ བདུད་སྤྲུལ་མང་པོས་འགྲོ་བ་སྡུག་བསྔལ་སྤྱོད་དུ་འཇུག་གསུངས་པའི་རིམ་པ་དང་༔ དེ་དུས་ས་གནས་རིག་འཛིན་བྱང་ཆུབ་སེམས་དཔའི་སྤྲུལ་པ་མང་པོ་འགྲོ་དོན་ལ་འབྱོན་གསུངས་པའི་རིམ་པ་རྣམས༔ མ་འོངས་འགྲོ་བའི་དོན་དུ་ཞིབ་པར་གསུང་དུ་གསོལ༔ བདག་གིས་ཤོག་སེར་དུ་བཏབ་ནས་གཏེར་དུ་སྦ་པ་ཡིན་ལགས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས་སོ༔ ཉོན་ཅིག་འདུས་པའི་འཁོར་རྣམས་བདག་ལ་ཉོན༔ མ་འོངས་དུས་ཀྱི་བོད་ཡུལ་རྒྱལ་ཁམས་འདིར༔ རྒྱ་ནག་ཡུལ་ནས་འགོང་པོ་སྤུན་དགུ་དར༔ རྒྱ་འདྲེ་མ་རུངས་སྣ་ཚོགས་བོད་དུ་རྫོངས་༔ མི་དགེའི་ལྟས་ངན་འཕྲལ་འཕྲལ་དག་ཏུ་སྡང་༔ དགེ་བྱེད་ཆོས་ལྡན་སྐྱེས་བུ་སྐུ་ཚེ་ཐུང་༔ ད་ལྟ་ང་ཡིས་མནན་གཏད་ཨར་ལ་བཅིངས༔ སྡེ་བརྒྱད་མ་རུངས་སྦས་པ་ཕལ་ཆེར་འཆོར༔ སྐྱེ་འགྲོ་ཤི་ཚད་དབུགས་འགམ་བྲན་དུ་སྐྱེ༔ ཕོ་ཤི་གྲི་བོ་མོ་ཤི་གྲི་མོ་མང་༔ ཟ་འདྲེ་ཤི་གཤེད་རྒོད་པས་འགྲོ་བ་གཡོ༔ དམ་སྲི་རྒྱལ་འགོང་སྤྲུལ་པའི་མི་ཆེན་མང་༔ སྐྱ་སེར་མང་འཚོག་བློ་ངན་གྲོས་ངན་གཤོམ༔ གཅིག་གིས་གཅིག་བརླག་བཟང་གསུམ་མཐའ་ལ་སྤྱུག༔ བསམ་ཡས་གཙུག་ལག་ཉམས་པས་བ་གླང་འདོགས༔ ཕུག་རོན་ཚང་བཅའ་སྤྲང་པོས་གནས་མལ་བྱེད༔ གྲོས་ནི་ཕ་བུ་ཡིན་ཀྱང་ཡིད་ཆེས་མེད༔ ཁ་ནས་ཆོས་འཆད་སེམས་ལ་གཡོ་སྒྱུ་འཆང་༔ བདུད་ཀྱི་སྤྲུལ་པའི་མཁན་སློབ་མང་པོ་ཡོང་༔ བུ་ལ་ཁྲལ་རྒྱག་དམག་གིས་སྡེ་བཙུན་བསགས༔ བུ་མོར་ཁྲལ་རྒྱག་སྨད་འཚོང་བྱི་མོ་བསགས༔ དེ་དུས་ས་ཟུར་རྫོང་དཔོན་བཙུན་པས་བྱེད༔ སྡིག་བློན་འདུན་གྲོས་བཙུན་མས་བྱེད་པ་ཡོང་༔ དམག་གི་དཔོན་ལ་དགེ་བཤེས་རྒྱུག་པ་ཡོང་༔ གོ་མཚོན་ལྷ་ཁང་སྤྱན་གཟིགས་འཐོག་པ་ཡོང་༔ རི་ཀླུང་ཨར་ཇག་ཆོམ་པོས་འགང་བ་ཡོང་༔ གྲོང་སྟོད་གྲོང་སྨད་སྐྱེལ་མ་དགོས་པ་ཡོང་༔ སྐུ་གསུང་ཐུགས་རྟེན་རིན་ཐང་གཅོད་པ་ཡོང་༔ གཙུག་ལག་བཤིགས་ཏེ་རྫོང་ལ་འགེབས་པ་ཡོང་༔ དེ་དུས་མཁར་ཆུར་བདུད་སྤྲུལ་ལྷ་ཁང་བརྩིག༔ ར་ལུང་དབོན་བརྒྱུད་ལྷོ་མོན་ནགས་ལ་འབྲོས༔ གཙང་དུ་བདུད་སྤྲུལ་མི་མགོ་བྲན་གྱིས་བྱེད༔ དབུས་གཙང་ཁམས་གསུམ་བདེ་བ་ཅུང་ཟད་མེད༔ ལོ་ཉེས་དུས་འཁྲུག་མི་ནད་ཡམས་ནད་མང་༔ མངའ་རིས་སྟོད་དུ་ཧོར་དམག་ཡང་ཡང་འབོ༔ རུ་ཐོག་ཡུལ་ནས་མི་ཆེན་གཙང་དུ་འཁྱལ༔ ཀརྨའི་བསྟན་པ་ཉམས་པའི་སྔ་ལྟས་མང་༔ དེ་རྣམས་དུས་སུ་རིག་འཛིན་བྱང་སེམས་དང་༔ རྒྱ་བོད་མཁས་གྲུབ་པདྨ་བདག་ཉིད་སོགས༔ འགྲོ་བའི་དོན་དུ་སྤྲུལ་སྒྱུར་མང་འགྱེད་ཀྱང་༔ བདུད་ཀྱི་མཐུ་སྟོབས་གཟི་བརྗིད་རྒྱས་པ་དང་༔ མཚམས་མེད་དམར་གཡོས་དམ་གྲིབ་འཐིབ་པའི་འཐུས༔ ཆེར་མི་གསལ་ཀྱང་གང་ཟག་མང་དུ་འབྱོན༔ ད་ལྟ་སྦས་པའི་ཟབ་ཆོས་ཟབ་རྒྱ་འཁྲོལ༔ ང་སྤྲུལ་རྣམས་ཀྱིས་ལུང་བསྟན་གསལ་ཆ་བྱེད༔ མཐའ་དམག་བཟློག་ཐབས་དུས་ཀྱི་རིམ་གྲོ་བསྒོ༔ དེ་དུས་ང་སྤྲུལ་བུ་རྣམས་ཟོག་པོར་བརྩི༔ ཚུལ་ཆོས་མཁན་ལ་འདི་ཕྱིའི་སྐྱབས་གནས་བཅའ༔ ལུང་བསྟན་ཟབ་མོ་མི་བདེན་རྫུན་ཆོས་ཟེར༔ བླ་མས་རང་རང་དགོན་ཆུང་ཕྱི་བདར་ཆེ༔ མི་དཔོན་རང་རང་རྫོང་ཆུང་ཨར་ལས་མང་༔ མེས་དབོན་རྣམ་གསུམ་བཞེངས་པའི་གཙུག་ལག་རྣམས༔ ཁྱི་རོ་རུལ་བ་བཞིན་དུ་བདག་མེད་ལུས༔ བོད་ཡུལ་ས་བཅུད་རྟེན་འབྲེལ་ཐམས་ཅད་ཉམས༔ བཀྲ་མི་ཤིས་པའི་ངན་ལྟས་ཐམས་ཅད་ལངས༔ ཡབ་གཞེར་སྤྲུལ་པས་ཁམས་ནས་བསྟན་པ་བསྣུབ༔ སྦལ་ལྕེའི་སྤྲུལ་པས་ཀོང་པོར་འཕུང་དཀྲུག་བརྩོམ༔ སྡོམ་སྡིག་སྤྲུལ་པས་དབུས་ཀྱི་སྡེ་དགོན་བཤིག༔ བྱ་དམར་སྤྲུལ་པའི་དགེ་སྦྱོང་དམག་ལས་བྱེད༔ དབུས་དང་དྭགས་པོ་ཀོང་སྟོད་ཡུལ་གྲོང་འཇོམས༔ དམ་སེལ་དབང་གིས་འབྲེལ་ཚད་དམྱལ་བར་འཁྲིད༔ ར་ན་སྡིག་གདོང་སྤྲུལ་པ་ལྷོ་བྲག་ཡོང་༔ དུག་གི་རླངས་པ་དབུས་གཙང་ཀུན་ལ་འགྱེད༔ དགའ་རབ་དབང་ཕྱུག་སྤྲུལ་པ་དབུས་ནས་ཡོང་ནུས་སྟོབས་རྩལ་བསྐྱེད་བོད་ཁམས་སིལ་བུར་གཏོང་མཐའ་ཡི་དམག་དཔུང་ཁམས་དང་གཙང་དུ་འཁྲུགགློ་བུར་རྒྱལ་ས་འབངས་ཀྱིས་འཕྲོག་པར་བྱེད༔ མི་ལ་ཤི་བསད་གཉིས་ལས་མེད་པ་ཡོང་༔ བོད་ཁམས་འགྲོ་བ་སྡུག་བསྔལ་ཡ་ངའི་གནས༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ མ་འོངས་དུས་ཀྱི་འགྲོ་བ་སྙིང་རེ་རྗེ༔ མ་རུང་བདུད་ཚོགས་བདག་གིས་འདུལ་བར་ཤོག༔ ཅེས་གསུངས་པས་རྗེ་འབངས་ཐམས་ཅད་འཆི་མ་རང་དབང་མེད་པར་གཏོང་ངོ༔ ཆོས་རྒྱལ་ཆེན་པོ་བརྒྱལ་བོག་རེངས་པར་གྱུར་ཅིང་བརྒྱལ་སངས་པ་དང་སྨྲེ་སྔགས་ཀྱི་གདུང་བས་འདི་སྐད་ཞུས་སོ༔ ཀྱེ་དུས་གསུམ་ཐམས་ཅད་མཁྱེན་པའི་སློབ་དཔོན་ཆེན་པོ་ལགས༔ མ་འོངས་ལྔ་བརྒྱའི་ཡང་མཐའ་དེ་ལྟ་བུའི་ཚེ༔ སེམས་ཅན་སྡུག་བསྔལ་གྱིས་ནོན་ཞིང་བདེ་བ་ཅུང་ཟད་མེད་པའི་དུས་སུ་སངས་རྒྱས་ཀྱི་སྤྲུལ་པ་ཁྱེད་ཀྱི་ཐུགས་རྗེས་བོད་ཁམས་ཀྱི་འགྲོ་བ་མི་སྐྱོབས་ལེགས་སམ༔ མ་འོངས་བདུད་ཀྱི་བསྟན་པ་དེ་ལྟ་བུ་ཁྱེད་ཀྱི་ཟིལ་གྱིས་གནོན་ནས་འགྲོ་བའི་མགོན་མཛོད་ཅིག༔ ཅེས་ཞུས་པས༔ སློབ་དཔོན་རིན་པོ་ཆེའི་ཞལ་ནས༔ ཆོས་སྐྱོང་རྒྱལ་པོ་ཐུགས་ངལ་མ་མཛད་ཅིག༔ མ་འོངས་དུས་ཀྱི་ལྔ་བརྒྱའི་ཡང་མཐའ་ལ༔ མི་དགེ་བཅུ་ཡི་ལས་འབྲས་སྨིན་པ་ཡིས༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་སྡུག་བསྔལ་གནས༔ གཅིག་ལ་མ་ཡིན་ཀུན་ལ་ཐུན་མོང་ཡིན༔ འཁོར་བའི་གནས་ན་བདེ་བ་ཅུང་ཟད་མེད༔ བོད་ཀྱི་རྒྱལ་ཁམས་བསོད་ནམས་མར་མར་འབྲི༔ དབང་ཐང་ཉམས་པས་མཐའ་མི་དཔོན་དུ་འགྱུར༔ ཁྲལ་ཁུར་ལྕི་བའི་མགོ་དཔོན་དུ་རུ་ཀ༔ ཟ་ཐང་བྲི་བས་ས་ཡི་རྩི་བཅུད་ཉམས༔ ཟས་ཀྱི་ཐ་མ་དྲི་ཟ་དུ་རུ་ཀ༔ དཔལ་འབྱོར་ཉམས་པས་ཞྭ་གོས་ལོ་རེས་འགྱུར༔ མཐའ་མིའི་ལུས་གོས་ལྷ་ཉམས་དུ་རུ་ཀ༔ ཚེ་སྲོག་ཉམས་པས་དམག་དང་འཁྲུག་པ་དར༔ མཚོན་གྱི་ཐ་མ་མེ་སྒྱོགས་དུ་རུ་ཀ༔ ཐུབ་བསྟན་ཉམས་པས་བསྟན་པ་རྟགས་ཀྱིས་འཛིན༔ ཅེ་སྤྱང་རྒྱབ་སེར་དགེ་སྦྱོང་དུ་རུ་ཀ༔ དཀར་ཕྱོགས་གྱེས་པས་ནག་ཕྱོགས་ཟ་ཁ་དར༔ གདོན་གྱི་ཐ་མ་གཟའ་ཀླུ་དུ་རུ་ཀ༔ ཚེ་ཚད་ཉམས་པས་བཞི་བཅུ་ཁ་ཡང་རལ༔ ནད་ཡམས་དམར་ནད་ལྟག་དགྱེ་དུ་རུ་ཀ༔ ནོར་གཡང་ཉམས་པས་རྐང་འགྲོ་དགྲ་གདོན་ཟས༔ ཕྱུགས་ཀྱི་རྩད་གཅོད་གློ་ཧོན་དུ་རུ་ཀ༔ རྟ་གཡང་ཉམས་པས་རི་སྤྱང་སྔོན་པོས་སྡང་༔ བསྲེ་ནད་ཐོམས་རྩཱ་རྟ་ནད་དུ་རུ་ཀ༔ འབྲུ་གཡང་ཉམས་པས་ལུང་པ་ཕུ་མདའ་འགྱུར༔ བཙའ་སད་སེར་གསུམ་འབྲུ་བཅུད་དུ་རུ་ཀ༔ དགེ་བཅུ་ནུབ་པས་མཁན་པོས་དམག་དཔོན་བྱེད༔ དཀོན་མཆོག་བདུད་བབས་དགེ་བཤེས་དུ་རུ་ཀ༔ མི་དགེ་བཅུ་སྤྱོད་ཕྲག་དོག་རླུང་ལྟར་འཚུབ༔ མནར་མེད་ས་བོན་དམ་སེལ་དུ་རུ་ཀ༔ བཟང་ལེན་ངན་གཞལ་མནའ་ཆད་དཔང་གསུམ་མེད༔ མཚམས་མེད་དམར་གཡོས་སྤྱོད་པའི་དུ་རུ་ཀ༔ ངོ་ཚ་ཁྲེལ་ཤོར་སྐྱོབ་པའི་ལྷ་ལྔ་བྲལ༔ མིང་སྲིང་ནལ་བྱེད་ཉོན་མོངས་དུ་རུ་ཀ༔ རླུང་གི་ཁམས་ཉམས་དབུགས་ཀྱི་གདངས་འབྲི་བས༔ སྐད་བརྡ་མི་གཅིག་མཐའ་སྐད་དུ་རུ་ཀ༔ གསང་སྔགས་དར་ཀྱང་རྒྱུད་ལ་མ་སྨིན་པའི༔ མི་རྒོད་ཆོམས་པོ་རྟོགས་ལྡན་དུ་རུ་ཀ༔ རྩི་བཅུད་ཉམས་པས་སྨན་གྱི་རོ་ནུས་མེད༔ རྒྱ་འདྲེ་ཁོག་ཞུགས་གསོ་དཔྱད་དུ་རུ་ཀ༔ སངས་རྒྱས་བསྟན་པ་ཉམས་པས་འདྲེ་ལྔ་དར༔ ཟ་འདྲེའི་ལུང་བསྟན་གཤིན་ཆོས་དུ་རུ་ཀ༔ དུས་ཀྱི་ཐ་མ་བཞི་བཅུ་ཁ་རལ་དུས༔ དུ་རུ་ཀ་ཡི་དམག་ཚོགས་བོད་ན་འཐིབ༔ ངན་སོང་གླིང་གསུམ་ཆེས་ཆེར་དར་བར་འབྱུང་༔ ཀྱེ་མ་མ་རུངས་དུས་ཀྱི་ཡང་མཐའ་ལ༔ བོད་འབངས་འགྲོ་བ་ངན་སོང་ཁྱུ་དེད་འཁྱམ༔ སངས་རྒྱས་བསྟན་པ་མཐའ་ལ་ཐུག་པའི་ཚེ༔ མཁའ་འགྲོ་ཆོས་སྐྱོང་རི་རབ་ཟོམ་ལ་འབྲོས༔ དེ་དུས་བདག་ཉིད་པདྨ་འབྱུང་གནས་ཀྱིས༔ འདུལ་བའི་སྨོན་ལམ་བསྐལ་མང་གོང་ནས་བཏབ༔ སྨོན་ལམ་མཐུ་བཙན་བདག་གིས་འགྲོ་བ་འདྲེན༔ ང་སྤྲུལ་སྐྱེས་བུ་ཉི་མའི་ཟེར་ལྟར་འཁྲིགས༔ རྗེ་འབངས་ཁྱེད་རྣམས་ལུས་ནི་སྣ་ཚོགས་ལེན༔ དངོས་ཉམས་རྨི་ལམ་བདག་གིས་ལུང་བསྟན་བྱེད༔ བསྟན་དང་འགྲོ་བའི་བདེ་བ་སྤེལ་བ་འོང་༔ ཁྱད་པར་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་ཁྱོད༔ སྐྱེ་བ་མང་བརྒྱུད་ང་ཡི་ཟབ་གཏེར་འདོན༔ བདེ་བ་ཅན་ན་སངས་རྒྱས་པདྨའི་སྤྱན༔ འོན་ཀྱང་ལྔ་བརྒྱའི་དུས་སུ་བོད་ཡུལ་འདིར༔ མདོ་སྔགས་བསྟན་སྐྱོང་མཐའ་མ་བྲན་དུ་ཁོལ༔ རྒྱ་བོད་ཧོར་སོགས་མ་རུངས་ཟིལ་གྱིས་གནོན༔ དེ་ཚེ་བཻ་རོའི་སྤྲུལ་པ་རྣམ་གསུམ་འབྱུང་༔ སྐུ་གསུང་ཐུགས་ཀྱི་བསྟན་པའི་བཙས་ཆེན་འཛིན༔ མཚོ་རྒྱལ་སྤྲུལ་པས་གནས་འདིའི་བདག་པོ་བྱེད༔ ད་ལྟའི་ཀེའུ་ཚང་འདི་ལ་གསེར་ཏོག་འབྱུང་༔ ལྷ་སྲས་སྤྲུལ་པས་བསམ་ཡས་ཞིག་རལ་གསོ༔ དཔལ་གྱི་བསམ་ཡས་འདི་ལ་གསེར་འཕྲུ་འཛུགས༔ དམ་འཛིན་སྐྱེ་བའི་རྒྱལ་པོས་མངའ་རིས་སྐྱོང་༔ ཏེ་སེའི་བྱང་ཤར་བསམ་གཏན་སྒྲུབ་སྡེ་འཛུགས༔ འཇམ་དཔལ་བཤེས་གཉེན་སྤྲུལ་པའི་རྣལ་འབྱོར་པས༔ མངའ་རིས་རྒྱལ་བློན་འབངས་འཁོར་ཆོས་ལ་འཛུད༔ རྨ་ཐོག་སྐྱེ་བ་ལྷོ་མོན་མཚམས་ནས་འོང་༔ ཤ་འུག་ལྟག་སྒོའི་མ་ནིང་གཏེར་ལ་སྤྱོད༔ རྡོ་རྗེ་བདུད་འཇོམས་སྐྱེ་བ་ནུབ་ནས་འོང་༔ སྦས་ཡུལ་སྐྱིད་མོ་ལུང་གི་གནས་སྒོ་འབྱེད༔ ཀླུ་དབང་ཁྱོད་ཀྱི་སྐྱེ་བ་ཁམས་ནས་འོང་༔ སྲིང་མོ་རྫོང་གི་གནས་ལ་གསལ་ཆ་འདོན༔ གནུབས་བན་སྤྲུལ་པ་རྡོ་རྗེ་བྲག་ནས་འོང་༔ ནུས་མཐུ་ཐོགས་མེད་མཐའ་ཡི་རྒོལ་བ་འཇོམས༔ དཔལ་དབྱངས་སྐྱེ་བ་འཇང་གི་ཡུལ་ནས་འོང་༔ སྒྲུབ་པ་ལྷུར་ལེན་མཆོག་གི་ས་ལ་སྤྱོད༔ གཞན་ཡང་གནས་ཡུལ་སྡེ་དགོན་མང་པོ་ནས༔ བསྟན་པ་འཛིན་སྐྱོང་སྤེལ་བའི་གང་ཟག་མང་༔ བོད་ཡུལ་འགྲོ་བ་སྐབས་ཤིག་བདེ་ལ་སྤྱོད༔ ཡུལ་བདེ་འཕྲང་འཇམ་རྒྱ་བོད་འདུ་འཚོག་ཆེ༔ བསོད་ནམས་ལོངས་སྤྱོད་ཆེས་ཆེར་རྒྱས་པ་འོང་༔ ཅེས་གསུངས་པ་དང་༔ བདག་ཆོས་སྐྱོང་རྒྱལ་པོས་སློབ་དཔོན་ཆེན་པོ་ལ་ཕྱག་དང་སྐོར་བ་བྱས༔ ཞབས་སྤྱི་བོར་བླངས་ཤིང་འདི་སྐད་ཞུས་སོ༔ དུས་གསུམ་མཁྱེན་པའི་སློབ་དཔོན་ཆེན་པོ་ལེགས༔ བདག་དང་རིག་འཛིན་རྗེ་འབངས་འདི་རྣམས་ཀྱི་སྤྲུལ་པས༔ བོད་སྡུག་བསྔལ་གྱིས་ནོན་ནས་དུ་རུ་ཀ་བཅོ་བརྒྱད་ཀྱི་དམག་དཔུང་བོད་ན་འཐིབ་དུས་འགྲོ་དོན་ལ་འཚོགས་གསུངས་པའི་ཚེ༔ མ་རུངས་པའི་བདུད་སྤྲུལ་ཅི་འདྲ་འབྱུང་༔ བསྟན་པ་དེ་ཡུན་རིང་ཐུང་གང་འདྲ་གནས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ ཉོན་ཅིག་བོད་ཀྱི་རྒྱལ་པོ་གདུང་ཤུགས་ཅན༔ ལས་ཅན་མོས་གུས་ལྡན་པ་བྱང་ཆུབ་སེམས༔ མ་འོངས་བཞི་བཅུ་ཁ་རལ་ཡང་མཐའི་དུས༔ ལྷ་འདྲེ་མི་གསུམ་དུག་ཆུ་ལྟ་བུར་ཁོལ༔ མཐོ་གནོན་ཕྲག་དོག་གྲུབ་མཐའ་རླུང་ལྟར་འཚུབ༔ དེ་དུས་ཁྱོད་ཀྱི་སྤྲུལ་པས་བོད་ཡུལ་སྐྱོང་༔ དར་ཅིག་བསྟན་དང་འགྲོ་བ་བདེ་ལ་འགོད༔ འོན་ཀྱང་ཁྱོད་ཀྱི་འཁོར་དུ་བདུད་སྤྲུལ་རྒྱས༔ བློ་ངན་གྲོས་ངན་གཡོ་ཟོག་མང་པོ་འབྱུང་༔ བཟང་བརྫུ་ངན་སྤྱོད་རང་འདོད་དུག་ཏུ་གཡོ༔ ལྷོ་མོན་མཚམས་སུ་འཚུབ་མ་ཡང་ཡང་ལངས༔ བོད་ཡུལ་བསྟན་པ་ཉམས་དང་གཡོ་འཁྲུག་རྟགས༔ ཇོ་བོ་ཤཱཀྱ་མུ་ནེའི་གདན་ཁྲི་གཡོ༔ དཔལ་གྱི་བསམ་ཡས་མཆོག་རྟེན་ནག་པོ་འགས༔ ཨཱརྱ་པ་ལོའི་རྟ་མགྲིན་རྟ་སྐད་སྒྲོག༔ ཁྲ་འབྲུག་ཤར་ལྷོར་ཆོས་སྡེ་གསར་འཛུགས་འབྱུང་༔ འཇང་ཡུལ་མི་གསར་སྐད་གསར་འཁྲུག་རྩོད་མང་༔ ནས་འབུད༔ རྒྱ་ནག་ཡུལ་གྱི་མི་སྣ་ནོར་སྣ་ཡོང་༔ འཛམ་གླིང་ཐམས་ཅད་ཁོལ་བུ་ཁོལ་བུར་འཁྲུག༔ བན་བཙུན་རྣམས་ཀྱིས་དཀོར་ཟས་ཁྲལ་དུ་རྒྱུག༔ མཁན་པོ་རྣམས་ཀྱིས་ཡུལ་གྲོང་ཁྲིམས་ཀྱིས་མནར༔ ད་ལྟ་རབ་བྱུང་ད་ལྟ་བྱི་ལ་རྒྱུག༔ ད་ལྟ་བསྙེན་རྫོགས་ད་ལྟ་ཚོང་དུས་འགྲིམ༔ ད་ལྟ་ཆོས་སྨྲ་ད་ལྟ་གསོད་གཅོད་འཕྲོག༔ ད་ལྟ་དབང་ཞུ་ད་ལྟ་འབར་ཤ་འདིར༔ ད་ལྟ་དམ་ནོད་ད་ལྟ་དམ་སེལ་འཇུག༔ ད་ལྟ་ཆད་ཐོ་ད་ལྟ་མནའ་ཆད་སྟོངས༔ བཤད་གྲཱས་སྔགས་བསྒྲུབ་གཏོར་ཟོར་གར་ཐིག་བརྩེ༔ སྒྲུབ་གྲྭས་རིག་གནས་སྒྲིག་དང་རྣམ་གཞག་བརྩོན༔ སྔགས་བཙུན་ཆས་གོས་ཡ་མ་ཟུང་ལ་སྤྱོད༔ ཆོས་དང་ཆོས་མིན་རང་བཟོའི་གྲུབ་མཐའ་མང་༔ དགེ་བཤེས་མང་ཡང་སེམས་བསྐྱེད་སྙིང་རྗེ་བྲལ༔ དགེ་སྦྱོང་མང་ཡང་ཚུལ་ཁྲིམས་སྡོམ་པ་མེད༔ སྔགས་པ་མང་ཡང་བསྐྱེད་རྫོགས་དམ་ཚིག་མེད༔ རྒྱལ་ཁམས་བོད་ཀྱི་ཆོས་ལུགས་ཡ་མ་ཟུང་༔ དེ་ཚེ་ཉི་ཟླའི་གཟུགས་ལ་མཐོང་སྣང་མང་༔ སྔར་མེད་སེམས་ཅན་ལྷོ་བྱང་ཀུན་ཏུ་མང་༔ འགོང་པོ་རྒྱ་འདྲེས་དངོས་གཟུགས་རྒྱང་གླུ་ལེན༔ གཟུགས་མེད་མཁའ་ལ་སྒྲ་དང་རོལ་མོ་འཁྲོལ༔ མི་གདུག་སྐད་ངན་ཀུ་ཅོ་འོ་དོད་མང་༔ ས་གཡོ་ལྕེ་འབེབས་ཏུག་ཆོམ་མང་དུ་འབྱུང་༔ དབྱར་དགུན་གོ་ལོག་འབྱུང་འཁྲུག་ལྷག་ཆད་མང་༔ དེ་ཚེ་མཐའ་ཡི་དམག་དཔུང་བོད་དུ་གཡོ༔ ལྷ་སའི་བྱང་ཤར་མཚམས་ནས་འཕུང་འགོང་ཞིག༔ སྤྲུལ་པ་མང་པོ་སྒྱུར་ཞིང་བྱུར་སྣ་འདྲེན༔ བདུད་སྤྲུལ་ཞང་བློན་ཕལ་པ་མང་དུ་འབྱུང་༔ བན་སྔགས་སྐྱེ་བོ་ཧོར་སོགས་མི་སྣ་ལྔར༔ བདུད་སྤྲུལ་དགུ་ཡོང་བོད་ཡུལ་འཕུང་ཐབས་བརྩོན༔ བཟང་པོའི་སྤྱོད་པར་ཁས་ལེན་ཕྱིན་ལོག་སྤྱོད༔ ཐབས་དང་རྟེན་འབྲེལ་ཡ་མ་ཟུང་དུ་སྒྲིག༔ དེ་དུས་བོད་ཡུལ་འགྲོ་བ་སྡུག་ལ་ཉེ༔ མཐའ་དམག་བཟློག་ཐབས་དུས་ཀྱི་རིམ་གྲོར་འབུངས༔ ཅེས་གསུངས་པ་དང་བདག་རྒྱལ་པོས་སློབ་དཔོན་ཆེན་པོ་ལ་འདི་སྐད་ཞུས་སོ༔ སློབ་དཔོན་རིན་པོ་ཆེ་ལེགས༔ མ་འོངས་ཀྱི་དུས་དེ་ལྟ་བུའི་ཚེ༔ མི་དགེ་བའི་སྤྱོད་པ་མང་ཞིང་ལོག་པའི་རྟེན་འབྲེལ་སྒྲིག་ནས་བོད་ཡུལ་ཕོངས་ཐབས་ཀྱི་བསམ་སྦྱོར་བརྩམ་པ་དེ་བཟློག་ཐབས་ཡོད་དམ་མེད་ལགས༔ བཟློག་ཐབས་ཀྱི་རིམ་གྲོ་ཇི་ལྟ་བུ་དགོས་དུས་གསུམ་མཁྱེན་པས་གསུང་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོའི་ཞལ་ནས༔ ཉོན་ཅིག་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས༔ མ་འོངས་བོད་ཀྱི་རྒྱལ་ཁམས་བདེ་བའི་ཕྱིར༔ མཐའ་དམག་བཟློག་ཐབས་དུས་ཀྱི་རིམ་གྲོ་ནི༔ སྨོན་ལམ་དག་པའི་སྐྱེས་བུ་ཐར་ཐོར་འབྱུང་༔ དངོས་སམ་ཉམས་དང་མངོན་སུམ་བདག་ལུང་སྟོན༔ ཤར་ལྷོ་ནུབ་བྱང་གཏེར་ཁ་འགའ་རེ་བརྡོལ༔ མཐའ་དམག་བཟློག་ཐབས་བོད་ཡུལ་བདེ་ཐབས་ཀྱི༔ ལུང་བྱང་གསལ་ཆ་བཀོད་པ་གཏེར་ནས་འདོན༔ ལུང་བཞིན་གྲུབ་ན་བོད་ཡུལ་རྒྱལ་ཁམས་བདེ༔ ཁྱད་པར་ལྷ་སའི་ཆོས་འཁོར་ཀླུ་ཡི་གནས༔ ཀླུ་གཏེར་སྦ་ཞིང་ཀླུ་ཆོག་ཀླུ་ཁང་བརྩིག༔ ལྷ་སའི་ཞིག་རལ་གསོ་ཞིང་རབ་གནས་སྐྱོར༔ སྐུ་གདུང་ཆ་བརྒྱད་དུས་གསུམ་སངས་རྒྱས་ཀྱི༔ རྟེན་བཞེང་གདན་ཁྲིའི་འོག་ཏུ་དགྲ་མནན་བྲུབ༔ ཕྱོགས་བཞིར་ས་དགྲ་བཞི་ཡི་བཟློག་ཐབས་འབུངས༔ སྟོབས་པོ་ཆེ་ཡི་གཟུངས་དང་གཙུག་ཏོར་སྒྲོག༔ གསེར་དངུལ་ཟངས་ལྕགས་རིན་ཆེན་སྣ་ཚོགས་རིགས༔ ལྷ་སའི་ཕྱོགས་བཞི་དབུས་ལྔར་སྙིང་གཏེར་སྦ༔ བསམ་ཡས་ཀླུ་ཁང་བརྩེག་ཅིང་ཀླུ་མཆོད་འབུངས༔ དཀོར་མཛོད་གླིང་དུ་རྒྱལ་པོའི་སྲོག་མདོས་ཚུགས༔ བསྟན་པ་དར་ནུབ་ཞིག་རལ་བྱུང་ཚད་གསོ༔ དབུ་རྩེ་རིགས་གསུམ་ཆོས་ལོངས་སྤྲུལ་གསུམ་དང་༔ མཁན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་བཞེངས༔ ཕྱོགས་བཞིིའི་མགོན་ཁང་བཞི་ལ་དགྲ་མནན་གཟིར༔ ན་རཀ་སྐོང་བཤགས་འདེབས་ཤིང་བཤགས་རྒྱུད་འདོན༔ རབ་གནས་གསོ་ཞིང་བཟློག་མདོས་ཅི་མང་འཕེན༔ ཁྲ་འབྲུག་ཀླུ་ཁང་གསོ་དང་དཔང་སྐོང་འདོན༔ ཞིག་རལ་བསུབ་ཅིང་མཁན་པོ་ཆོས་རྒྱལ་དང་༔ མཚན་བརྒྱད་ལྷ་ཁང་ཐུབ་དབང་གནས་བཅུ་བཞེངས༔ ཡེར་པ་ལྷ་རི་སྙིང་པོར་སྒྲུབ་སྡེ་ཚུགས༔ དཔལ་གྱི་ཀེའུ་ཚང་ནང་འདིར་བཀའ་བརྒྱད་བཞེངས༔ ཤེལ་བྲག་རི་ལ་མཁན་སློབ་ཆོས་རྒྱལ་དང་༔ རིག་འཛིན་བརྒྱད་དང་བཀའ་བབས་མི་དགུ་སོགས༔ རྒྱུ་བཟང་རྒྱ་ཆེ་བཀོད་ལེགས་མཛེས་པར་བཞེངས༔ མདོར་ན་ལྷ་ས་བསམ་ཡས་ཁྲ་འབྲུག་གསུམ༔ ཤེལ་བྲག་མཆིམས་ཕུ་ཡེར་པ་ཟླ་བ་ཕུག༔ འདི་དྲུག་གངས་ཅན་བོད་ཀྱི་གནས་དགོན་དང་༔ ས་གནད་མ་ལུས་རྟེན་འབྲེལ་ཀུན་གྱི་གཙོ༔ བོད་ཡུལ་འགྲོ་བའི་བདེ་སྡུག་འདི་ལ་རག༔ འདི་དག་རྣམས་ལ་བཀུར་སྟི་ཞིག་གསོ་དང་༔ རབ་གནས་མངའ་གསོལ་མདོས་བཟློག་བསྐང་བ་སོགས༔ མདོ་སྔགས་བཤད་སྒྲུབ་སྡེ་འཛུགས་གསུང་རབ་སྒྲོག༔ གནས་དགོན་ཟུང་འབྲེལ་འདི་གསུམ་ཡན་ལག་ཏུ༔ མཐའ་འདུལ་ལྷ་ཁང་ཡང་འདུལ་མཆོད་རྟེན་རྣམས༔ གང་ལ་ཞིག་གསོ་བཀུར་སྟི་རིམ་གྲོས་མཆོད༔ ཡུལ་ཕྱོགས་དེ་ཡི་རྒྱལ་ཁམས་འགྲོ་བ་བདེ༔ སྐྱེ་འགྲོའི་བསོད་ནམས་དམན་དང་རྩོད་ལྡན་སྟོབས༔ མཐའ་ཡི་དམག་དཔུང་བོད་དུ་འཕྱུར་ན་ཡང་༔ སངས་རྒྱས་བསྟན་པའི་བྱིན་རླབས་མ་ཉམས་ཤིང་༔ བོད་ཀྱི་ས་བཅུད་རྟེན་འབྲེལ་མ་འཕྱུགས་ན༔ ལོངས་སྤྱོད་ཆེར་རྒྱས་མཐའ་མི་བྲན་དུ་འགྱུར༔ དེས་ན་བོད་ཁམས་བདེ་ཐབས་རིམ་གྲོ་ལ༔ ཕྱི་ནང་གསང་བ་གསུམ་དུ་ཤེས་པར་བྱ༔ ཕྱི་ཡི་རིམ་གྲོ་གཙུག་ལག་མཆོད་རྟེན་གསོ༔ ནང་གི་རིམ་གྲོ་བཤད་གྲཱ་སྒྲུབ་གྲྭ་འཛུགས༔ གསང་བའི་རིམ་གྲོར་བསྐང་བཟློག་ཚེས་བཅུར་འབུངས༔ ང་ཡིས་བཤད་པའི་ལུང་བསྟན་མི་བརྩི་ཞིང་༔ རང་བཟོའི་གྲུབ་མཐའ་སྤོམ་ཡོར་ཆེ་ཁེངས་འགྱིང་༔ ཡིན་ལོ་ཤེས་ལོ་ཐོས་ལོ་ང་རྒྱལ་མཐོ༔ རང་ཆེ་འདོད་ཀྱང་གཞན་གྱིས་ལ་ཡོག་བརྡར༔ རྟེན་འབྲེལ་ཉམས་པས་མཐའ་དམག་བོད་དུ་གཡོ༔ ང་ཡི་ལུང་བསྟན་ཡིད་ཆེས་བྱེད་དུས་འཕྱིས༔ འགྱོད་པ་ཕྱི་ལ་མ་བྱེད་སྔོན་བསམ་ཐོང་༔ རང་ལ་འདེམ་ག་ཡོད་དུས་སྤྱོད་མཁས་བྱ༔ འགྲོ་བའི་དོན་ལ་བརྩོན་འགྲུས་འབུང་གསུམ་ཐོན༔ རྣམ་སྨིན་ཐོག་ཏུ་རྡོལ་ཀྱང་འགྱོད་མེད་གྱིས༔ ཅེས་གསུངས་པ་དང་༔ བདག་རྒྱལ་བློན་རྗེ་འབངས་རྣམས་ཀྱིས་སློབ་དཔོན་ཆེན་པོ་ལ་མགྲིན་གཅིག་ཏུ་འདི་སྐད་ཞུས་སོ༔ ཨེ་མ་དུས་གསུམ་མཁྱེན་པའི་སློབ་དཔོན་རིན་པོ་ཆེ་ལེགས༔ མ་འོངས་བོད་ཀྱི་རྒྱལ་ཁམས་འདིར་གུ་རུ་རིན་པོ་ཆེ་ཁྱེད་ཀྱིས་གསུངས་པའི་ལུང་བན་དང་ཟབ་ཆོས་འདི་རྣམས་ལ་ཡང་མི་བརྩི་ཞིང་༔ རང་བཟོའི་གྲུབ་མཐའ་དང་ཕྲག་དོག་གཙོ་བོར་འདོན་ཞིང་༔ བོད་ཡུལ་རུ་བཞིའི་ས་གནད་དང་རྟེན་འབྲེལ་ཕྱི་ནང་གི་རིམ་པ་རྣམས་འཕྱུག་ནས་མཐའི་དམག་དཔུང་གིས་བོད་འབངས་འཇོམས་ན༔ ཆོས་བྱེད་ཀྱི་སྐྱེས་བུ་རྣམས་འབྲོས་པའི་སྦས་ཡུལ་དང་དབེན་གནས་ཡོད་དམ་མེད་ལེགས༔ གུ་རུ་རིན་པོ་ཆེས་མ་འོངས་པའི་དོན་ལ་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཉོན་ཅིག་བོད་ཀྱི་རྒྱལ་བློན་རྗེ་འབངས་རྣམས༔ མ་འོངས་དུས་ཀྱི་བོད་འབངས་འགྲོ་རྣམས་ཀྱི༔ བོད་ཡུལ་བདེ་ཐབས་ལུང་བསྟན་མི་བརྩི་ཞིང་༔ ཕྱི་ནང་རིམ་གྲོ་ས་གནད་མ་གསོས་ན༔ མཐའ་ཡི་དམག་དཔུང་སྟོད་སྨད་བར་གསུམ་ནས༔ ལྕགས་ཕོ་ཁྱི་ཡི་ལོ་ལ་བོད་དུ་གཡོ༔ དེ་དུས་བོད་ཡུལ་ཆོས་བྱེད་སྦས་ཡུལ་སྙོགས༔ སྦས་ཡུལ་ཕྱོགས་བཞི་མཚམས་བརྒྱད་དབུས་ལ་སོགས༔ ཡུལ་གྲུའི་རྒྱ་ཁྱོན་ཆེ་ཆུང་མང་དུ་ཡོད༔ སྦས་པའི་ལུང་ཆེན་བཞི་དང་ལུང་ཆུང་བཞི༔ ཡུལ་ཆེན་བཞི་དང་ཡུལ་ཆུང་རྣམ་པ་བརྒྱད༔ འདྲ་འདྲ་འདྲ་མིན་འདྲ་བ་མང་དུ་ཡོད༔ བདག་གིས་བོད་ཀྱི་འགྲོ་བ་བསམས་ཏེ་སྦས༔ སྡེ་བརྒྱད་ཕྱི་ནང་གསང་བ་སྲུང་མར་བསྐོས༔ སྐལ་ལྡན་སྐྱེས་བུ་རྣམས་ལ་ཁ་བྱང་བཞག༔ བསྒྲུབས་པས་མཆོག་ཐུན་དངོས་གྲུབ་ཚེ་འདིར་འཐོབ༔ མཐའ་དམག་དུ་རུ་ཀ་ཡི་དམག་དཔུང་རྣམས༔ ལོ་དང་ཟླ་བ་གཏན་དུ་ཐུབ་པ་མང་༔ འགྲོ་བའི་དུས་རྟགས་ཕྱི་ནང་གསང་བ་གསུམ༔ དུས་ཀྱི་ཐ་མ་བཞི་བཅུ་ཁ་རལ་ཚེ༔ ལྷོ་མོན་རི་རྩེར་དམག་འཁྲུག་འཐབ་ར་མང་༔ དབྱར་དགུན་གོ་ལོག་ཆར་ཆུ་སྒང་གཤོངས་ཆེ༔ འབྱུང་བ་འཁྲུག་པས་གཟའ་སྐར་ཐན་ལྟས་མང་༔ ནད་ཡམས་དམག་འཁྲུག་མུ་གེ་བཙའ་སད་ཆེ༔ མཁན་ཆེན་བརྒྱ་རྩས་བོད་ཀྱི་ཁྲིམས་ལས་བྱེད༔ ངོ་ལོག་མང་ཞིང་ལས་སྒོ་དར་གུད་མང་༔ བདེན་མེད་བདེན་བདར་བསྲུང་མ་མཐུ་ལ་རྦད༔ ནོར་ཟས་བསགས་པ་ཐམས་ཅད་ཁྲལ་དུ་འཇལ༔ བྱིས་པའི་རྩེད་ར་སྟོངས་ཤིང་འུ་ལག་རྒྱུག༔ བདུད་འགོང་སྤྲུལ་པའི་ཞང་བློན་སྐྱ་སེར་མང་༔ བློ་ངན་གྲོས་ངན་བོད་ཁམས་སྡུག་ལ་བཀོལ༔ དེ་ཚེ་ཚོང་འདུས་བཞི་ལ་ཐན་རྟགས་ཆེ༔ བྱང་གི་རི་དྭགས་ཐར་ཐོར་ལྷོ་ན་འཁྱམ༔ ལྷོ་ཡི་འདབ་ཆགས་རྟགས་ཅན་བྱང་ན་འོང་༔ སྡེར་ཆགས་སེམས་ཅན་སྔར་མེད་ཡུལ་གྲོང་འགྲིམ༔ ཆུ་གསར་མང་རྡོལ་ལུ་མ་ཕལ་ཆེར་རྒུད༔ ཕྱུགས་ལ་མི་སྐྱེ་མི་ལ་དུད་འགྲོ་སྐྱེ༔ གངས་ཆེན་ཉེར་ལྔའི་སྐུ་མདོག་གཟི་དང་མཚུངས༔ མཚོ་སྨན་མཆེད་ལྔས་གང་སྟོངས་ཡང་ཡང་བྱེད༔ གསེར་དངུལ་ལ་སོགས་ས་བཅུད་ཕལ་ཆེར་བརྡོལ༔ དེ་ཚེ་བོད་ཡུལ་གནས་དགོན་ལུང་པ་ལ༔ ཆགས་འཛིན་མ་བྱེད་སྦས་པའི་ཡུལ་ལ་བྲོས༔ ཁ་བྱང་ཡང་བྱང་གཏེར་ཁ་སོ་སོར་གསལ༔ གསལ་ཆ་བྱེད་པའི་སྐྱེས་བུ་ཐར་ཐོར་འབྱུང་༔ ཡིད་ཆེས་སྐྱེད་ཅིག་པདྨ་འབྱུང་གནས་བཀའ༔ སྡུག་བསྔལ་མང་ལྡན་བོད་ཀྱི་རྒྱལ་ཁམས་སུ༔ ཡོན་ཏན་ཀུན་ལྡན་སྦས་པའི་གནས་ཡུལ་ལ༔ འབྲོས་རེ་རན་ཡང་འབྲོས་མཁན་འགྲོ་བ་ཉུང་༔ ཟབ་ཆོས་གསང་བའི་ལུང་བསྟན་ཁ་བྱང་ལ༔ མི་བདེན་ཟོག་པོ་རང་བཟོའི་རྫུན་ཡིན་ཟེར༔ ཐེའུ་རང་གནམ་ཐེ་དཀར་པོ་ཅིར་ཡང་སྤྲུལ༔ བོད་ཀྱི་ཐང་ལ་ཕྱགས་རག་རྒྱུད་པ་བྱེད༔ འགོང་པོ་ཆེན་པོ་མ་རུངས་སྤུན་དགུ་ཡི༔ ཕྱོགས་རྣམས་ཀུན་ཏུ་རྒྱང་གླུ་ཙེ་རེ་རེ༔ དེ་དུས་བོད་ཡུལ་སྐྱེ་འགྲོ་ཤ་མཁར་བརྩིག༔ ཁྲག་གི་རྒྱ་མཚོ་ཆེས་ཆེར་རབ་ཏུ་འཁྱིལ༔ སྐྱོ་བ་སྐྱེ་ཞིང་འདུས་བྱས་རང་མཚངས་སྟོན༔ བོད་ཡུལ་འགྲོ་བ་ཡི་མུག་སྙིང་རྗེའི་གནས༔ ཡི་ཆད་གདུང་་བའི་སྨྲེ་སྔགས་བདག་ལ་འབོད༔ དུས་གསུམ་ཀུན་ཏུ་སྡུག་བསྔལ་སེལ་བར་བྱེད༔ གང་ལ་གང་འདུལ་སྤྲུལ་པ་སྣ་ཚོགས་འབྱུང་༔ ཇི་ལྟར་གྱུར་ཀྱང་ཐུགས་རྗེར་རྒྱུན་ཆད་མེད༔ མཐའ་དམག་དུས་འཁྲུག་གང་དང་གང་བྱུང་ཡང་༔ ང་ཡི་བྱིན་རླབས་བདུད་ཚོགས་ཁ་གནོན་དུ༔ དེར་མཐུན་གཟུགས་དང་སྤྲུལ་པ་སྣ་ཚོགས་སྟོན༔ སྔར་ཡོད་ཕྱིས་མི་འབྱུང་བའི་པད་འབྱུང་མིན༔ བདུད་འགོང་མ་རུངས་སྤྲུལ་པ་གང་དར་སར༔ ང་ཡི་མཐུ་སྟོབས་གཟི་བརྗིད་དེ་ན་བསྐྱེད༔ སྔོན་ལས་ཐོག་ཏུ་བརྡོལ་ཡང་སྡུག་བསྔལ་སེལ༔ ང་ཡི་ཐུགས་རྗེ་རྒྱུན་ཆད་འབྱུང་མི་སྲིད༔ ཅེས་གསུངས་པ་རྣམས་ཆོས་རྒྱལ་ཆེན་པོ་དང་བདག་མཚོ་རྒྱལ་སོགས་ཀྱིས་ཡི་གེར་བཏབ་ཏེ༔ བདེ་མཆོག་བླ་མའི་ཆོས་སྐོར་དུ་གཏེར་དུ་སྦས་སོ༔ གཏེར་བདག་བཀའི་ཕོ་ཉ་རྡོ་རྗེ་འབར་བ་ལ་བཅོལ་ལོ༔ སྲུང་མས་ཆོས་འདིའི་བྱ་ར་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཁ་ཐམ་གྷུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་བདེ་མཆོག་བླ་མའི་ཕོ་བྲང་ཏེ་སེ་གངས་ཀྱི་རི་ནས་གདན་དྲངས་ཤིང་ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་བཤུས་པའོ། །མངྒ་ལཾ།