Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
སྒྲུབ་ཆེན་གྱི་ཁོག་དབུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཆེན་གྱི་ཁོག་དབུབ།next

སྒྲུབ་ཆེན་གྱི་ཁོག་དབུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྒྲུབ་ཆེན་གྱི་ཁོག་དབུབ་ཆེན་མོ་ཡོད་དོ༔ དཔལ་ཆེན་པོ་རིག་འཛིན་ཧེ་རུ་ཀཿབདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ༔ རིག་འཛིན་སྔགས་འཆང་པདྨ་འབྱུང་གནས་ངས༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་སྒྱུར༔ མ་འོངས་དོན་ཕྱིར་སྒྲུབ་ཐབས་དཔག་མེད་བརྩམས༔ ཀུན་ཀྱང་ཡང་ཟབ་སྒྲུབ་ཐབས་མཐར་ཐུག་སྟེ༔ སྙིང་པོའི་ཡང་སྙིང་ཚིག་བསྡུས་འདི་ཁོ་ན༔ རྩོད་ལྡན་དུས་མཐར་ལས་ཅན་བུ་ལ་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་རིག་འཛིན་རོལ་པའི་སྒྲུབ་ཆེན་གྱི་ཁོག་འབུབ་ཏུ་བསྟན་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་སྟོན་ནོ༔ དང་པོ་སྔོན་དུ་འགྲོ་བ་ལ་དོན་བཅུ་གསུམ་སྟེ༔ སློབ་དཔོན་སློབ་མ་གདམས་པ་བརྟག་པ་དང་༔ དགའ་སྟོན་གསོལ་འདེབས་བསྙེན་པ་དང་༔ གནས་ཚོལ་ས་ཆོག་སྟ་གོན་དང་༔ ཕྱི་ནང་བཤགས་མཚམས་ཐིག་ཆོག་དཀྱིལ་འཁོར་འདྲི༔ ལྷག་ཆད་གསོ་ཞིང་་ད་ལ་མཆོད་པ་དང་༔ མ་ཏྲཾ་བསྒྲལ་དང་སྦྱིན་སྲེག་དང་༔ དཀྱིལ་འཁོར་རྫས་དང་རྒྱན་བཀོད་དང་༔ ལས་ཆོག་རིམ་པ་ཞལ་བཀོད་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལ་གསུམ་སྟེ༔ བླ་མ་སློབ་མ་གདམས་པ་བརྟག་པའོ༔ བླ་མའི་སྐྱོན་ནི༔ ཐོས་ཆུང་ང་རྒྱལ་ཆེ་ལ་བླུན་རྨོངས་ཚིག་ལ་སྲེད༔ ཁེངས་སེམས་ཤེས་རབ་ཆུང་དང་དོན་ལ་རྨོངས༔ བསྐྱེད་རྫོགས་གཡེལ་ཞིང་བདག་འཛིན་ཆེ་བ་དང་༔ ཐུགས་རྗེ་དག་སྣང་ཆུང་ཞིང་ལོག་ལྟ་ཆེཿམཁྱེན་པ་ཆུང་ཞིང་ཕྱོགས་འཛིན་ཆེ་བ་ཡི༔ བླ་མ་བསྟེན་ན་སློབ་མ་འཕུང་བར་འགྱུར༔ དེ་ནི་ཡང་དག་ཉིད་དུ་སྤང་བར་བྱ༔ བླ་མེད་ཐེག་ཆེན་ཚིག་དོན་ཕ་རོལ་ཕྱིན༔ ལྟ་སྒོམ་སྤྱོད་གསུམ་ཐོས་བསམ་དྲོད་དང་ལྡན༔ རང་དོན་ཉམས་ལེན་གཞན་དོན་ཐབས་མཁས་ལྡན༔ ཚེ་འདི་བློས་བཏང་ཕྱི་མའི་དོན་དུ་གཉེར༔ མཚན་ལྡན་བླ་མ་ཡིད་བཞིན་ནོར་བུ་ཆེ༔ འདི་ཕྱི་ཀུན་གྱི་བདེ་ལེགས་འབྱུང་བའི་གནས༔ ཡང་དག་ཉིད་དུ་མི་སྤང་ཐོད་དུ་འཆིང་༔ སློབ་མ་རྒྱུད་ངན་ལག་དམ་སྟོང་ཞུས་མཁས༔ བཀའ་བཞིན་མི་བསྒྲུབ་ཚེ་འདི་དོན་དུ་གཉེར༔ གདམས་པ་ཐོབ་ཆོག་དམ་མེད་དྲིན་ལ་རྩོད༔ ཡོན་ཏན་མི་མཐོང་སྐྱོན་རྟོག་ངན་སྨྲ་ལྡིར༔ སློབ་མ་མ་བརྟགས་བླ་མ་ཆོས་ཀྱི་དགྲ༔ བདུད་དུ་ཤེས་པས་བརྟག་མཁས་སྤང་པར་བྱ༔ ཤེས་རབ་ཆེ་ཞིང་མོས་གུས་དག་སྣང་ཆེ༔ ངེས་འབྱུང་བྱང་ཆུབ་སེམས་ཆེ་སྡུག་སྲན་བཟང་༔ ཚེ་འདི་བློས་གཏོང་སྒྲུབ་པ་སྲོག་དང་བསྡོ༔ ཅི་གསུང་བཀའ་ཉན་མོས་གུས་ལྟེམ་རྐྱང་མེད༔ བསྟན་པའི་རྩ་ལག་སྣོད་ལྡན་སློབ་མ་བསྟེན༔ མན་ངག་བཟང་ལ་བསྲེ་བསླད་མ་ཞུགས་པ༔ ཟབ་རྒྱས་འདྲིལ་ལ་གོ་སླ་འཁྱེར་བདེ་བ༔ དངོས་གྲུབ་ལོ་ཟླས་འཐོབ་པའི་ཟབ་ཆོས་བཙལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དགའ་སྟོན་སློབ་བུས་བླ་མ་ལ༔ ལོ་ཟླ་མང་པོའི་གོང་ནས་ཞུ་བ་འབུལ༔ ཞལ་བཞེས་བྱུང་ཚེ་སྣོད་ལྡན་སློབ་མའི་ཚོགས༔ ཚོགས་འཁོར་བསྐོར་ལ་བླ་མར་རྐྱང་ཕྱག་འཚལ༔ རྡོ་རྗེ་གསུམ་གྱི་གླུ་གར་ཉམས་བསྐྱང་ཞིང་༔ བཀའ་བཀླག་སཱཙྪ་གདབ་དང་ཆོས་སྟོན་དྲང་༔ ཡར་མཆོད་མར་སྦྱིན་ཕྱག་སྐོར་ཡིག་བརྒྱ་འདོན༔ བསོད་ནམས་ཚོགས་གསོག་དགེ་བའི་ལས་ལ་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཏོར་མ་བཤམས་ཞིང་གསོལ་བ་གདབ༔ ཐལ་མོ་སྦྱར་ཞིང་མགྲིན་གཅིག་འདི་སྐད་དོ༔ ཨེ་མ་སྟོང་ཉིད་མཆོག་གི་བླ་མ་ལ༔ སེམས་ཅན་འགྲོ་དོན་བསྐུལ་བརྡ་མི་འཚལ་ཡང་༔ ལྔ་བརྒྱ་རྩོད་ལྡན་དུས་མཐའི་འགྲོ་བ་རྣམས༔ རིགས་དྲུག་གནས་ལས་སྒྲོལ་བའི་འཕྲིན་ལས་སྩོལ༔ ཅེས་ལན་གསུམ་ཞུའོ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཀྱེ་མ་ལས་ལྡན་བུ་རྣམས་ལེགས་པར་ཉོན༔ རིགས་དྲུག་འཁོར་བའི་སྡུག་བསྔལ་མཐོང་ནས་སུ༔ བདེ་ཆེན་ཐར་པའི་ཞིང་ལ་བགྲོད་འདོད་ན༔ སྡོམ་གསུམ་བླ་མེད་ཆོས་ཀྱི་སྣོད་ལྡན་ནམ༔ ཞེས་དྲིས་པའི་ལན་དུ༔ ཨེ་མ༔ དུས་གསུམ་བླ་མ་འགྲོ་བའི་དེད་དཔོན་མཆོག༔ བསླབ་པ་གསུམ་ནི་ཐེག་པའི་གོ་རིམ་ལྟར༔ བདག་ཅག་རྣམས་ཀྱིས་རྩོལ་སྒྲུབ་ཚུལ་བཞིན་སྤྲོ༔ ཞེས་ཞུ༔ དེ་ནས་སློབ་མའི་གོ་རིམ་དང་བསྟུན་ལ༔ སྐྱབས་སེམས༔ དགེ་བསྙེན༔ དགེ་ཚུལ༔ དགེ་སློང་༔ གསང་སྔགས་ཀྱི་དམ་ཚིག་རྣམས་རིམ་བཞིན་འབོག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བསྙེན་སྒྲུབ་དབང་དང་གོ་རིམ་བསྟུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་སྒྲུབ་གནས་ཕུན་སུམ་ཚོགས་པ་སྟེ༔ ལུང་ནས་བཤད་དམ་གོང་མས་ཞབས་ཀྱིས་བཅགས༔ དབེན་ཞིང་དྭངས་ལ་ཉམས་དགའ་ཡིད་དང་མཐུན༔ མཐུན་རྐྱེན་འཛོམ་དང་གཡེང་བ་མི་རྒོད་མེད༔ རི་རྒྱུད་གངས་འབྲེལ་དབྱར་བསིལ་དགུན་དྲོ་བ༔ རྒྱབ་རི་བྱིན་ཆགས་བྱང་སྐྱོར་ཤར་གཞོལ་བ༔ ལྷོ་བརྡལ་ནུབ་སྐྱོར་ཆུ་བོ་གངས་ནས་འབབས༔ མཚན་ཉིད་ལྡན་པའི་གནས་དེར་ས་ཆོག་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྟག་བསླངས་བཟུང་དང་བྱིན་རླབས་རིམ་པ་བཞི༔ ས་བདག་ལྟོ་འཕྱེ་རང་གི་ཕོ་བྲང་བསྐོར༔ གང་ཤར་ཟླ་བའི་བདུན་ཟུར་མགོ་གཏད་ཅིང་༔ ཟླ་བར་གཞུང་བསྟན་གཞོག་གཡོན་ཕབ་ཏེ་ཉལ༔ དཔྱིད་གསུམ་ཟླ་བར་མགོ་ནུབ་ཁ་བྱང་སྟོན༔ དབྱར་གསུམ་མགོ་བོ་བྱང་ལ་ཁ་ཤར་སྟོན༔ སྟོན་གསུམ་ཟླ་བར་མགོ་ཤར་ཁ་ལྷོར་སྟོན༔ དགུན་གསུམ་མགོ་ལྷོ་ཁ་ནི་ནུབ་ཏུ་སྟོན༔ འཁོར་ཚུལ་དེ་ལས་ལྟོ་བའི་ས་བསླང་ངོ༔ བུམ་གཏེར་རྫས་ཁྱེར་རས་དཀར་ཁ་གང་སྟེང་༔ ཚོམ་བུ་ལྔ་བཀོད་གཏོར་མ་ཆ་གསུམ་བཤམས༔ རང་ཉིད་དབང་ཆེན་ཁྲོ་བོ་རྟ་མགྲིན་བསྒོམ༔ མདུན་དུ་ལྷ་མོ་བསྟན་མ་སྐུ་མདོག་སེར༔ ཕྱག་ན་བུམ་པ་སྐུ་ཕྱེད་ས་ལས་འཐོན༔ ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་སེམས་དཔའ་ནི༔ གོང་མཐུན་ལྟར་བསྐྱེད་སྤྱན་དྲངས་གཟུགས་ལ་བསྟིམས༔ ལན་གསུམ་ལག་པ་སར་བརྡབས་འདི་སྐད་དོ༔ ཧཱུྃ་ཧྲཱིཿསྤྲུལ་པའི་ལྷ་མོ་ས་བདག་འགྲོ་བའི་མ༔ ཚུར་སྤྱོན་ཚུར་སྤྱོན་ལྷ་མོ་རིན་ཆེན་མ༔ ཡིད་འོང་མཛེས་ལྡན་སྣ་ཚོགས་རྒྱན་གྱིས་སྤྲས༔ རིན་ཆེན་གཏེར་བུམ་འདོད་པའི་དངོས་གྲུབ་སྩོལ༔ མཆོད་པ་འདི་བཞེས་ཕོ་བྲང་ས་འདི་གནོང་༔ ཨེ་ཧཱ་ཡ་ཧཱི་པྲ་ཏི་བྷ་ཏི་བྷི་ནཱི་ཨ་ཀར་ཤ་ཡ་ཛཿསྤྱན་དྲངས་དམ་ཚིག་སྐུ་ལ་ཡང་ཡང་བསྟིམ༔ མཆོད་པ་ནི༔ ཇི་སྙེད་འཇིག་རྟེན་མ་ལུས་ན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཅི་མཆིས་པ༔ ལྷ་མོ་བསྟན་མ་ཁྱོད་ལ་འབུལ༔ པུཥྤེ་དྷཱུ་པེ་སོགས༴ སྦྱང་བ་ནི༔ རྒྱལ་པོར་མེ་བླངས་པ་མཐའ་བསྐོར་བའམ༔ བ་དམར་འོ་མར་ཀླུ་སྨན་བཏབ་པ་ཀུ་ཤས་འཐོར༔ རིན་ཆེན་བརྡར་ཏེ་རིན་ཆེན་ཕུང་པོར་བསམས༔ འདི་གསུམ་ཕྱི་ནང་གསང་བའི་ས་སྦྱང་ངོ་༔ སོལ་བ་གྱོ་མོ་རྡོ་སོགས་མེད་ན་བཟང་༔ མདོག་སྨུག་ས་རྒྱུ་བཟང་ཞིང་ཤུལ་གང་ལུད་ན་བཟང་༔ དེ་དག་བརྟག་སྦྱང་ད་ནི་བཟུང་བར་བྱ༔ ཆ་གསུམ་བཏང་ལ་འདི་སྐད་དོ༔ ཧཱུྃ༔ མི་མཇེད་འཇིག་རྟེན་ཁམས་ཀྱི་གཞི་བདག་དང་༔ ཡུལ་འདི་དབང་བའི་ལྷ་ཀླུ་གནོད་སྦྱིན་ཚོགས༔ ས་འདི་བདག་ཞུ་ཁྱེད་རྣམས་གཞན་དུ་གཟུར༔ ཕྲག་དོག་མ་མཛད་མཆོད་སྦྱིན་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་བསྒྲུབ་པ་དང་༔ ལས་ཀྱི་དངོས་གྲུབ་བདག་ལ་སྩལ་དུ་གསོལ༔ ཞེས་བསྒོའོ༔ དེ་ནས་ལྷ་མོ་ལ་མེ་ཏོག་འཐོར་ཞིང་༔ ཀྱེ༔ དུས་གསུམ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས༔ བྱང་ཆུབ་སེམས་བསྐྱེད་ས་འདི་བརྟེན་ནས་ཀྱང་༔ རྫོགས་སངས་རྒྱས་དང་ཆོས་ཀྱི་འཁོར་ལོ་བསྐོར༔ ས་ཡི་ལྷ་མོ་ཁྱོད་ནི་དཔང་པོར་གྱུར༔ ད་སྟེ་རྣལ་འབྱོར་བདག་གིས་བྱང་ཆུབ་ཕྱིར༔ ས་འདི་སྤྱོད་དམ་ལྷ་མོ་རིན་ཆེན་མ༔ ཞེས་བརྗོད་པས་ལྷ་མོ་དགའ་བའི་མདངས་ཕྱུངས་ནས༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་དམ་པ་སྟེ༔ ས་འདི་གནང་གི་འགྲོ་དོན་དཔག་མེད་སྤྱོད༔ ཅེས་གསུངས་ལྷ་མོ་འོད་ཞུ་ས་ལ་ཐིམ༔ རིན་ཆེན་སྣ་ཚོགས་ཕུང་པོར་གྱུར་བར་བསམས༔ ཆུ་བསླངས་ཏེ༔ ཀྱེ༔ བཀྲ་ཤིས་མཛེས་ལྡན་ཀླུ་སྨན་ལྷ་མོ་ཁྱོད༔ ར་བ་བཞི་ལ་དབྱིངས་ཀྱི་མཁའ་ལ་གནས༔ འབྲིང་པོ་བཞི་ལ་བར་སྣང་ཁམས་ན་འཕྱོ༔ ཐ་ཆུང་བཞི་ལ་རྒྱ་མཚོའི་གཏིང་དུ་བཞུགས༔ རྒྱལ་བའི་ཕོ་བྲང་འདེབས་པའི་ཆག་ཆག་ཆུ༔ རྣལ་འབྱོར་བདག་ལ་ད་ལྟ་ཉིད་དུ་སྩོལ༔ འབྲུ་སྣ་འཐོར་ཞིང་ཆུ་བླང་ངོ༔ དེ་ནས་གནས་ཁང་རྒྱ་ཁྱོན་དཀྱིལ་འཁོར་བརྩིག༔ མེ་ལོང་ངོས་ལྟར་མཛེས་ཤིང་འཇམ་པར་བྱ༔ བ་ཡི་རྣམ་ལྔ་དྲི་ཆུས་ཆག་ཆག་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་སྟ་གོན་རིམ་པ་ལ༔ དང་པོ་བུམ་པ་སྟ་གོན་ནི༔ མཚན་ལྡན་བུམ་པ་ཁྲིའུ་ཁར་བཞག་ལ༔ སྔགས་ཀྱིས་སྦྱངས་ཤིང་མི་དམིགས་སྟོང་པར་བསམས༔ སྟོང་བའི་ངང་ལས་རིན་ཆེན་གཞལ་ཡས་ཁང་༔ ཉི་ཟླ་པད་སྟེང་ཧྲཱིཿཡིག་འོད་དུ་ཞུ༔ རིག་འཛིན་འདུས་པའི་ལྷ་ཚོགས་མ་ལུས་གསལ༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཡིད་ཀྱིས་མཆོད་བསྟོད་ལྷ་ཚོགས་ཐུགས་ཀར་ནས༔ ཉི་མའི་དཀྱིལ་འཁོར་ས་བོན་སྔགས་འབྲུས་བསྐོར༔ འོད་འཕྲོས་དོན་གཉིས་བྱས་ནས་གཟུངས་ཐག་ལ༔ སྔགས་འབྲུ་རྟར་ཞོན་བུམ་ནང་ལྷ་ཚོགས་ཀྱི༔ ཐུགས་ཀར་ཐིམ་པས་བདུད་རྩིའི་རང་བཞིན་ཞུ༔ མ་ཡེངས་ཏིང་འཛིན་ངང་ནས་ཅི་འགྲུབ་བཟླས༔ དེ་ནས་ལྷ་སྟ་གོན་བྱ་བ་ནི༔ མཎྜལ་སྟེང་དུ་དྲི་བཟང་ཐིག་ལེ་ནི༔ དཀྱིལ་འཁོར་ལྷ་ཡི་གྲངས་དང་མཉམ་པར་བྱས༔ ལྷ་ཡི་ས་བོན་ངག་ནས་བརྗོད་བཞིན་དུ༔ མེ་ཏོག་ཚོམ་བུ་རང་རང་གནས་སུ་བཀོད༔ དམ་ཚིག་ལྷ་བསྐྱེད་ཡེ་ཤེས་སྤྱན་དྲངས་བསྟིམ༔ མཆོད་བསྟོད་བྱས་ཏེ་གསོལ་བ་འདི་ལྟར་གདབ༔ ཧོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ལྷ༔ མ་ལུས་བདག་ལ་དགོངས་སུ་གསོལ༔ རྩ་གསུམ་ལྷ་ཚོགས་མཆོད་དང་བསྟོད༔ སྐལ་ལྡན་རྗེས་འཇུག་སྨིན་པའི་ཕྱིར༔ རྣལ་འབྱོར་དབང་ཕྱུག་བདག་གིས་ནི༔ ནང་པར་རྒྱལ་བའི་དཀྱིལ་འཁོར་འབྲི༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་པའི་གསོལ་འདེབས་ལན་གསུམ་བྱ༔ དེ་ནས་ཞི་བའི་སྦྱིན་སྲེག་གདབ༔ སྲེག་རྫས་དབུལ་ཞིང་འདོད་གསོལ་བརྗོད༔ དེ་ནས་སློབ་མ་སྟ་གོན་བྱ༔ བླ་མ་དབང་གི་ཆས་བཅུས་བརྒྱན༔ རིན་ཆེན་མཛེས་པའི་ཁྲི་ལ་བཞུགས༔ སློབ་བུས་ཕྱག་འཚལ་ཐལ་མོ་སྦྱར༔ ངག་ནས་གསོལ་བ་འདི་ལྟར་གདབ༔ ཀྱེ༔ རིག་འཛིན་ཆེན་པོ་རྒྱལ་བའི་འཕྲིན་ལས་བདག༔ བདག་ཅག་འགྲོ་རྣམས་ཁྱེད་ཀྱི་རྗེས་སུ་འཇུག༔ ཐུན་མོང་ཕྱི་ནང་ཁྱད་པར་སྐྱབས་འགྲོ་དང་༔ སོ་ཐར་བྱང་སེམས་དམ་ཚིག་སྡོམ་པའི་ཚོགས༔ མགོན་པོ་ཁྱོད་ཀྱིས་བདག་ལ་སྩལ་དུ་གསོལ༔ ཞེས་ཞུ༔ དེ་ནས་བླ་མས༔ ཀྱེ་མ་སྐལ་བཟང་བུ་རྣམས་ཉོན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་༔ བླ་མེད་ཆོ་ག་འདི་མཁྱེན་ནས༔ སྲིད་གསུམ་རྣམ་གྲོལ་མངོན་སངས་རྒྱས༔ ད་སྟེ་སྐལ་ལྡན་ཁྱེད་རྣམས་ཀྱང་༔ སྨིན་གྲོལ་ཆོ་ག་འདིར་ཞུགས་ལ༔ མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད༔ གནང་བ་སྦྱིན་ནོ༔ དེ་ནས་མདུན་གྱི་ནམ་མཁའ་ལ༔ རྩ་གསུམ་ལྷ་ཚོགས་བཞུགས་པར་བསམས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་མཆོད༔ སློབ་བུས་ཐལ་སྦྱར་འདི་སྐད་བརྗོད༔ ཨེ་མ་ཧོ༔ ཕྱོགས་དུས་རྒྱལ་བ་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ༔ སངས་རྒྱས་ཀུན་འདུས་བླ་ན་མེད༔ རིག་འཛིན་རྡོ་རྗེ་སློབ་དཔོན་ལ༔ བླ་མེད་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ ཡི་དམ་ལྷ་ཚོགས་མ་ལུས་དང་༔ འབུམ་ཕྲག་དཔའ་བོ་དཔའ་མོ་བཅས༔ ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སོ་སོར་ཐར་པའི་སྡོམ་པ་བླང་བ་ནི༔ ཧཱུྃ༔ རིག་འཛིན་བླ་མའི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་གནས་ཤིང་བསྲུང་བར་བགྱིད༔ ཅེས་ལན་གསུམ༔ སྨོན་སེམས་ནི༔ ཨེ་མ༔ དུས་གསུམ་རིག་འཛིན་དགོངས༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་དང་མ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བ་རྣམས་བསྒྲལ་བར་བྱ༔ མ་གྲོལ་བ་རྣམས་གྲོལ་བར་བྱ༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ འཇུག་པ་ནི༔ ཧོ༔ སྔོན་གྱི་བདེ་གཤེགས་བཅོམ་ལྡན་འདས༔ སྡོམ་པ་གསུམ་ལ་གནས་པ་ལྟར༔ དེང་ནས་འཁོར་བ་མ་སྟོངས་བར༔ བླ་ན་མེད་པར་འཇུག་པའི་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱིད༔ ཕར་ཕྱིན་དྲུག་དང་སྡོམ་གསུམ་བཟུང་༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ༔ དེ་ནས་རིགས་ལྔའི་སྡོམ་བཟུང་ནི༔ ཨེ་མ་ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་བསྟེན༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུ་བྱང་ཆུབ་སེམས༔ ནམ་ཡང་མི་སྤང་བསྒྲུབ་པར་བགྱིད༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞིས་འགྲོ་བ་སྐྱོང་༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་བཤད་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ སྒོ་གསུམ་དཀྱིལ་འཁོར་གསུམ་ལ་སྤྱོད༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ ཅེས་བརྗོད་དོ༔ སློབ་དཔོན་གྱིས༔ ཀྱེ་ཧོ་སྐལ་ལྡན་འདིར་ཚོགས་ཀུན༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བསྲུང་མཛོད་དང་༔ མཆོག་གི་དངོས་གྲུབ་མྱུར་དུ་འཐོབ༔ ཅེས་བརྗོད༔ དེ་ནས་དམ་ལྡན་སློབ་བུ་ལ༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ ཡི་གེ་གསུམ་གྱི་བྱིན་གྱིས་བརླབ༔ ངག་ཏུ་བདུད་རྩི་བཞག་ནས་ཀྱང་༔ ཡི་དམ་ལྷ་ཡི་བསྐྱེད་རིམ་གཏད༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ རྡོ་རྗེ་མགོར་བཞག་མེ་ཏོག་འཐོར༔ ༈དེ་ནས་དངོས་གྲུབ་རྟེན་འབྲེལ་བརྟག༔ དྲི་བཟང་ཤིང་ལ་སོ་ཤིང་གཞོག༔ ལྕུམ་གཞོག་རྒྱ་མདུད་ཡོད་པར་བྱ༔ རྩེ་ལ་མེ་ཏོག་བཅིངས་ནས་ཀྱང་༔ སོས་བཟུང་མིག་བཙུམས་ཚོམ་བུར་འདོར༔ ངག་ནས་འདི་ལྟར་བརྗོད་པར་བྱ༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དངོས་གྲུབ་བཟང་པོ་བདག་ལ་སྟོན༔ ཨཱོཾ་བཛྲ་ཧ་སཱ་ཧ༔ ཞེས་དོར་ཕྱོགས་བཞིར་འཕྲིན་ལས་བཞི༔ མཚམས་བཞིར་ཕྲན་བུ་འགྲུབ་བོ་བརྗོད༔ རྩ་བ་རང་བསྟན་ལན་གསུམ་བསྐྱར༔ སླར་ཡང་ལྡོག་ན་རྐྱེན་བཟློག་འབུངས༔ སྐལ་མེད་ཡིན་པས་གྲལ་ནས་འཐོན༔ དེ་ནས་བླ་མས་འདི་སྐད་དོ༔ ཨེ་མ༔ སྐལ་ལྡན་བུ་རྣམས་མ་ཡེངས་ཉོན༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ ཨུ་དུམ་ཝཱ་ར་ལས་ཀྱང་དཀོན༔ འདི་རུ་ཚོགས་རྣམས་བསོད་ནམས་བསགས༔ མཐོང་བས་སྡིག་སྒྲིབ་ཐམས་ཅད་འདག༔ ཚུལ་བཞིན་བསྒྲུབས་ན་མཆོག་ཐུན་འགྲུབ༔ དགའ་བ་སྒོམས་ཤིག་སྐལ་ལྡན་རྣམས༔ ཞེས་བརྗོད་དོ༔ ༈དེ་ནས་བསྲུང་སྐུད་ལྔ་སྒྲིལ་ལ༔ རྩ་སྔགས་བཟླས་ལ་མདུད་པ་བྱས༔ ཕོ་གཡས་མོ་གཡོན་དཔུང་པར་གདགས༔ ཧོཿསྔགས་དང་ཏིང་འཛིན་བྱིན་བརླབས་པའི༔ རྡོ་རྗེའི་རང་བཞིན་བསྲུང་བའི་རྒྱ༔ སྐལ་ལྡན་རྣམས་ཀྱི་དཔུང་པར་གདགས༔ བར་གཅོད་འབྱུང་པོའི་ཚོགས་རྣམ་སྲུངས༔ བཛྲ་རཀྵ་ཧཱུྃཿལས་བུམ་ཆུས་སྦྲན་རྡོ་རྗེས་རྒྱས་གདབ༔ དེ་ནས་ཀུ་ཤ་ཡི་གེ་གསུམ་བཟླས་པ་བྱིན་ལ༔ ཧཱུྃ༔ རྡོ་རྗེའི་རྩྭ་འདི་བླ་ན་མེད༔ ཇི་སྙེད་སངས་རྒྱས་བཅོམ་ལྡན་འདས༔ རྩྭ་འདི་བརྟེན་པས་སངས་རྒྱས་ལྟར༔ དེང་དུས་རིགས་ཀྱི་བུ་ཁྱེད་རྣམས༔ རྩྭ་འདི་ཁྱེར་ལ་སྔས་གདན་གྱིས༔ སེང་གེ་བཞིན་ཉོལ་རྨི་ལམ་རྟོགས༔ ལེགས་ཉེས་གང་བྱུང་བདག་ལ་སྨྲོས༔ ནང་པར་བླ་མའི་དྲུང་དུ་གང་བྱུང་ཞུ༔ ངན་ན་རྐྱེན་བཟློག་རིམ་པར་འབུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟ་གོན་ལྷ་ཚོགས་རྣམས༔ མདུན་གྱི་མཁའ་ལ་བཞུགས་པར་བསམས༔ དྲུག་པ་ཕྱི་བཤགས་བྱ་བ་ནི༔ བཤགས་རྒྱུད་ལ་སོགས་ནར་མར་བཀླག༔ ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཕྱི་མཚམས་གཅོད་པ་ནི༔ ཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞི༔ ཕྲིན་ལས་བཞི་ཡི་བྱང་བུར་བཅས༔ བསྐྱེད་བསྟིམ་མངའ་གསོལ་གཏོར་མ་དབུལ༔ ཕྲིན་ལས་བཅོལ་བ་འདི་སྐད་དོ༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུང་༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ ཞི་བའི་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ དྲི་ཟ་ཕོ་མོའི་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་ཏིས་ཊཱ་ར་ཐ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ རྒྱས་པའི་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ ལྷོ་ཕྱོགས་གཤིན་རྗེའི་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་རུ་ཏ་ཀ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ དབང་གི་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ ནུབ་ཕྱོགས་ཀླུ་དབང་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་རུ་བག་ཀྵ་ན་ཡེ་སྭཱ་ཧཱ༔ ཧཱུྃ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ སྔོན་གྱི་བསྐལ་བའི་དང་པོ་ལ༔ ཕྱག་ན་རྡོ་རྗེ་དབང་གི་མཐུས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ སྔོན་གྱི་དམ་བཅའ་རྗེས་དགོངས་ལ༔ མཆོད་གཏོར་དཔལ་གྱི་གསེར་སྐྱེམས་བཞེས༔ མངོན་སྤྱོད་ཕྲིན་ལས་བསྒྲུབ་པ་དང་༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གི༔ མཆོག་གི་དངོས་གྲུབ་མ་ཐོབ་བར༔ བྱང་ཕྱོགས་གནོད་སྦྱིན་ཚོགས་རྣམས་མཚམས་ཆོད་ཅིག༔ ཨཱོཾ་བྷཻ་ཤ་ར་མ་ན་ཡེ་སྭཱ་ཧཱ༔ སྔགས་ཆས་ལྡན་པའི་མཆེད་ལྕམ་གྱིས༔ རོལ་མོ་དར་འཕྱར་དུང་འབུད་ཅིང་༔ རྡོ་རྗེའི་འགྲོས་ཀྱིས་ཤར་ནས་བསྐོར༔ མཆེད་ལྕམ་ཐོ་ལས་མི་འདའ་ཞིང་༔ ཕྱི་ནང་མཚམས་བཅད་བསྲུང་འཁོར་བསྒོམས༔ ལོངས་སྤྱོད་དངོས་གྲུབ་རྫས་མི་སྤང་༔ གིང་པས་ཐུན་གྱིས་བྲབ་ནས་བླངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དམ་སྲི་མནན་པ་ནི༔ ར་སོགས་རྒྱབ་ཏུ་གླིང་བཞི་འབྲི༔ ནང་དུ་དམ་སྲི་བྱ་མགོ་ཅན༔ རིད་ཅིང་ཧམ་པའི་སྙིང་ག་ན༔ དམ་སྲི་ཏྲི་ནན༔ ཐ་མར༔ ཡ་མ་དམ་སྲི་ག་པ་རི་མཱ་ར་ཡ་ཛཿནནཿཏྲིའུ་ཏྲིའུ་ཡ༔ ན་མ་ཤྭ་ཛཿཁུག་ནན༔ དམ་སྲི་ཕོ་མོ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་ནན༔ སྟམ་བྷ་ཡ་ནན༔ མོ་ཁ་ཡ་ནན༔ ན་ཤ་ཡ་ནན༔ བྱ་བ་བྲི༔ སྒྲུབ་ཁང་ཐེམ་འོག་གྲུ་གསུམ་ནང་༔ ལིངྒ་བཞག་ལ་ཕུར་བསྐོར་བྱ༔ རང་ཉིད་ཆེ་མཆོག་རྒྱལ་པོར་བསྒོམས༔ འགུགས་བསྟིམ་དམིགས་པ་གནད་དུ་བསྣུན༔ གྲུ་གསུམ་ཁ་བཀབ་འདི་སྐད་དོ༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ བླ་མ་ལ་བསྡོས་མཆེད་ལ་འཁུས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད༔ བཀའ་འདས་བསྒྲལ་བའི་ཞིང་བཅུ་ཁྱོད༔ ནམ་ཡང་བཏང་བར་མི་བྱ་ཞིང་༔ མཚོན་ཆ་འབར་བས་དུམ་བུར་གཏུབ༔ ཁྲོ་བོ་ཆེན་པོའི་ཞལ་དུ་སྟབས༔ རི་རབ་གླིང་བཞིའི་འོག་ཏུ་མནན༔ མཐའ་མེད་རྒྱ་མཚོའི་ནང་དུ་བསྐྱུར༔ བསྐལ་པའི་མེ་དཔུང་ཀློང་དུ་བསྲེགས༔ ཆུ་སྲིན་གྲེ་བའི་ཁ་རུ་བརྫངས༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ མཆེད་ལྕམ་ལུ་གུ་རྒྱུད་སྦྲེལ་ལ༔ ཧཱུྃ༔ བྲོ་གཅིག་དང་པོ་ཆོས་སྐུའི་རྒྱ༔ གཉིས་པ་འགག་མེད་ལོངས་སྐུའི་རྒྱ༔ གསུམ་པ་མཁྱེན་བརྩེ་སྤྲུལ་སྐུའི་རྒྱ༔ བཞི་པ་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་པ་སྐུ་ལྔའི་ཡེ་ཤེས་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་སངས་རྒྱས་རབས་བདུན་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་ནི་ཐེག་པ་རིམ་དགུའི་རྒྱ༔ བཅུ་ནི་ས་བཅུ་ནོན་པའི་རྒྱ༔ སེམས་དཔའི་བརྟུལ་ཞུགས་བྲོ་རུ་བརྡུངས༔ སྒབ་འདྲེ་འབྱུང་བོ་རྡུལ་དུ་བརླགས༔ ཏིང་འཛིན་ངང་ནས་བྲོ་རྡུངས་ཤིག༔ ཨཱོཾ་ལཾ་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ ཞེས་བརྗོད་དོ༔ གཞན་ཡང་རྟ་བྲོ་ཅི་མང་བརྡུང་༔ ས་མ་ཡཱ༔ རྒྱ༔ དེ་ནས་སྒོ་བྱང་བདུད་རྩི་འཁྱིལ་བ་བཏགས་ཏེ༔ ཧཱུྃ༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ བདུད་རྩི་གསང་བའི་བསྲུང་མ་མཛོད༔ དངོས་གྲུབ་འབྱུང་བའི་གནས་འདི་རུ༔ དམ་སྲི་ཐལ་བ་རྡུལ་དུ་རློགས༔ ཞེས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཕྲིན་ལས་བཅོལ༔ སྒོ་ཕྱིར་གཤིན་རྗེའི་གཤེད་ཀྱི་སྐུ་བཏགས་ཏེ༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ཕོ་ཉའི་བདག༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ གསང་བ་བསྒྲུབ་ལ་མི་དབང་བགེགསཿལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ རྣལ་འབྱོར་དངོས་གྲུབ་མ་ཐོབ་བར༔ ས་འདི་ཡན་ཆད་མ་གཏོང་ཞིག༔ ཞེས་པས་ཕྱི་ནང་གི་ཐོ་མཚམས་བྱང་བུ་ལ་ཡང་དེ་བཞིན་འབྲིའོ༔ ས་མ་ཡཱ༔ རྒྱ༔ བདུན་པ་དཀྱིལ་འཁོར་བྲི་བ་ནི༔ མཚན་ལྡན་བཅུ་དྲུག་ལོ་ལོན་རྒྱན་གྱིས་སྤྲས༔ ཐིག་སྐུད་ཞིང་དང་ཁྱི་དཀར་རྒྱུ་མའམ༔ རས་བལ་སྐུད་པ་དཀྱིལ་འཁོར་ཉིས་འགྱུར་ཚད༔ སྦོམ་ཕྲ་སྒོ་ཡི་ཉི་ཤུའི་ཆ་འཛིན་བསྒྲིལ༔ སློབ་དཔོན་ཁ་ཤར་མཚན་ལྡན་ནུབ་ཏུ་བལྟ༔ ཡེ་ཤེས་སྤྲོས་བྲལ་ཐིག་ནི་ནམ་མཁར་གདབ༔ ཧཱུྃ༔ རིག་འཛིན་འཁོར་ལོ་བདེ་མཆོག་རྩལ༔ གསང་བའི་ཡུམ་མཆོག་མནྡྷ་ར༔ བྷ་ག་ཡུམ་གྱི་ས་གཞི་ལ༔ བྱང་ཆུབ་སེམས་ཀྱི་ཐིག་སྤྲོས་པས༔ རྒྱལ་བའི་དཀྱིལ་འཁོར་མཁའ་ལ་ཤར༔ བྷྲཱུྃ་སཾ་སྐྲྀ་ཏ་ཛྙཱ་ན་མཎྜལ་བྷྲཱུྃ༔ ཞེས་བརྗོད་རྩ་གསུམ་ལྷ་ཚོགས་མཁའ་ལ་དམིགས༔ རྣམ་དག་བྱང་ཆུབ་སེམས་ཀྱི་མཆོད་བསྟོད་བྱ༔ ཐིག་སྐུད་སྙིང་གར་འཐེན་ཏེ༔ ཧཱུྃ༔ རིག་འཛིན་རྩ་གསུམ་ཕོ་བྲང་མཆོག༔ བླ་མེད་རྒྱལ་བའི་ཞིང་དུ་གསལ༔ བྷྲཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ༔ བར་ཐིག་གདབ༔ དེ་ནས་ཚངས་པའི་ཐིག་སྤྲོ་ཞིང་༔ ཧཱུྃ༔ མཚན་ལྡན་ཁྱོད་ཀྱི་བྷ་ག་ལ༔ དགའ་བཞི་རོལ་པའི་ཐིག་གདབ་པས༔ རིག་འཛིན་རོལ་པའི་ཕོ་བྲང་གསལ༔ སྣང་སྟོང་ཆོས་དབྱིངས་རོལ་པ་ཆེ༔ བྷྲཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་མཎྜལ་ཧཱུྃ༔ ཞེས་གདབ་བར་ཆད་མེད་ན་དངོས་གྲུབ་འཐོབ༔ ཐིག་ཆེན་དཀར་པོ་ཐིག་ཆུང་དམར་པོས་གདབ༔ བཅུ་དྲུག་ཐིག་ནས་དཀྱིལ་འཁོར་འབྲི་བའི་ཐབས༔ དབང་གི་སྐབས་སུ་ཡོད་པ་ཤེས་པར་བྱ༔ ས་མ་ཡཱ༔ རྒྱ༔ དེ་ནས་ཚོན་གྱི་ཆོ་ག་ནི༔ རབ་རིན་པོ་ཆེ་རྣམ་ལྔ༔ འབྲིང་དུར་ཁྲོད་ཀྱི་རྡོ་བ༔ ཐ་མ་ཡང་ཅོང་ཞིའམ་རྡོ་རྒྱུས་ལྟ་བུ་ཚོན་གྱིས་བསྒྱུར་ཏེ༔ ཞིབ་ལ་མདངས་དང་ལྡན་པ་ཉི་ཤུའམ་སྣ་ལྔ་ལ་སོགས་གང་འཛོམ་བསགས་ནས༔ སོ་སོའི་སྣོད་དུ་བླུགས༔ ཨཱོཾཿཧཱུྃ་ཏྲཱཾ་ཧྲཱིཿཨཱཾ༔ སོགས་ས་བོན་བཀོད༔ དམ་ཚིག་བསྐྱེད༔ ཡེ་ཤེས་པ་བསྟིམ༔ མཆོད་བསྟོད་བྱ༔ དེ་ནས་སློབ་དཔོན་གྱིས་ཚོན་ཐོགས་ཏེ་ཤར་ནས་བཀྱེ་ཞིང་༔ ཧཱུྃ༔ བདེ་བར་གཤེགས་པ་བཅོམ་ལྡན་འདས༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ༔ བསྟན་དང་འགྲོ་བའི་དོན་གྱི་ཕྱིར༔ འགག་མེད་ཀློང་ནས་རྡུལ་ཚོན་སྤྲོ༔ ཞེས་བརྗོད༔ དེ་ནས་ལས་ཀྱི་སློབ་དཔོན་གྱིས༔ སྦོམ་ཕྲ་ཀྱག་ཀྱོག་མེད་པ་ལ༔ མདའ་སྨྱུག་ཚད་དུ་བླུགས་པར་བྱ༔ རྟེན་འབྲེལ་ཆེ་བས་གཟབས་ཏེ་བྲི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་ལྷག་ཆད་ཁ་བསྐང་ཞིང་༔ ཡི་གེ་བརྒྱ་པ་དབྱངས་གསལ་བརྗོད༔ རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ རྡོ་རྗེའི་གླུ་བྲོ་སྣ་ཚོགས་བྱ༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་འོག་མིན་སྤྲོས་བྲལ་གནས་ཀྱི་མཆོག༔ སྟོན་པ་ཀུན་ཏུ་བཟང་པོ་གཙོ་དང་འཁོར༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་གཙོ་དང་འཁོར༔ ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་གཙོ་དང་འཁོར༔ རིག་འཛིན་ཆོས་སྐྱོང་དཔའ་བོ་དཔའ་མོར་བཅས༔ མ་ལུས་ཐམས་ཅད་མཁའ་ལ་གཤེགས་ནས་ཀྱང་༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ རོལ་མོ་འཁྲོལ་གོང་གི་ལྷ་ཚོགས་ནམ་མཁར་བཞུགས་པ་རྣམས་དཀྱིལ་འཁོར་ལ་ཐིམ་པར་བསྒོམ༔ མཆོད་བསྟོད་བསྡུས་པ་གཅིག་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་མ་ཏྲཾ་བསྒྲལ་བ་ནི༔ ཁམས་ས་ལ་མ་ཏྲཾ་གྱི་གཟུགས་བྱས་དཀྱིལ་འཁོར་གྱི་དབུས་སམ་ལྷོ་ནུབ་ཏུ་བཞག་ལ༔ མགོ་བོ་ལྷོ་ནུབ་ཏུ་བསྟན་པ༔ རྐང་པ་བྱང་ཤར་ལ་བསྟན་པར་བྱའོ༔ ཧེ་རུ་ཀཿཡི་ཏིང་འཛིན་གྱིས༔ རྔ་བརྡུང་ཕུར་སྐོར་དྲག་ཏུ་བྱ༔ ཀྱེ་མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ནས་དུག་གསུམ་ལས་ལས་སྐྱེས༔ བྱང་ཆུབ་བསྒྲུབ་ལ་བར་དུ་བཅད༔ དཔལ་ཆེན་ཚོགས་ཀྱིས་ཁྱོད་བསྒྲལ་ནས༔ གཞལ་ཡས་ཁང་དུ་བྱིན་གྱིས་བརླབས༔ ད་ལྟ་རྣལ་འབྱོར་བྱང་ཆུབ་བསྒྲུབ༔ མ་ཏྲཾ་ཁྱོད་བསྒྲལ་ཕོ་བྲང་འདེབས༔ རིག་འཛིན་འདུས་པའི་གཞལ་ཡས་གྱུར༔ མ་ཏྲཾ་རཱུ་ཏྲ་ཨེ་ཙཀྲ་མཎྜལ་ཨཱོཾཿཧཱུྃ་བྷྲཱུྃ༔ མ་ཏྲཾ་མལ་གྱི་ཐེམ་འོག་མནན༔ རྣལ་འབྱོར་རཱུ་ཏྲའི་སྲོག་རྩར་ཞུགས༔ གཞལ་ཡས་ཁང་དུ་གྱུར་པར་བསམས༔ རྡོ་རྗེའི་འགྲོས་ཀྱིས་ད་ལ་བསྐོར༔ ས་མ་ཡཱ༔ རྒྱ༔ དེ་ནས་ནང་མཚམས་བཅད་དེ༔ ཕུར་པ་དར་གྱི་ཅོད་པན་ཅན་བཅུ་ལ་ཁྲོ་བོ་བཅུ༔ བསྐྱེད་བསྟིམ་དབང་བསྐུར་ཞིང་༔ ཧཱུྃ༔ སྟེང་འོག་ཕྱོགས་དང་ཕྱོགས་མཚམས་ནས༔ དཔལ་ཆེན་སྤྲུལ་པའི་ཁྲོ་བོ་བཅུ༔ ཀུན་ཀྱང་ཁྲོ་གཏུམ་རྔམ་པའི་གཟུགས༔ སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ༔ སྐུ་སྨད་གནམ་ལྕགས་ཕུར་པ་འདྲིལ༔ བསྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ འབྱུང་བོའི་ཚོགས་ལ་ཀི་ལཱ་ཡ༔ བཛྲ་ཀཱི་ལི་ཀི་ལཱ་ཡ་ཧཱུྃ་ཕཊ༔ ཨཱོཾ་ཧཱུྃ་ཀ་ར་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ནི་ལ་དནྜ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཡ་མཱནྟ་ཀ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨཱརྱ་ཨ་ཙ་ལ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཧྱ་གྷྲཱི་ཝ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཊ་ཀི་རཱ་ཛ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་ཀྲཻ་ལོ་ཀྵ་བི་ཛ་ཡ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་བ་ལ་བཛྲ་མ་ཧཱ་ཀྲོོ་ཏ་ཧཱུྃ་ཕཊ༔ ཅེས་ཕུར་པ་རྣམས་གདབ༔ ཕྲིན་ལས་བཅོལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་སྦྱིན་སྲེག་ནི༔ ལས་བཞི་ཀ་གྲུབ་ན་རབ༔ དེ་མིན་དབང་ངམ་དྲག་པོ་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་དཀྱིལ་འཁོར་གཉན་པོའི་རྒྱན་འཀོད་དེ༔ རྫས་ཐོགས་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ སྣ་ཚོགས་བཀོད་པའི་རྒྱན་དང་མཆོད་པའི་སྤྲིན༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ བླ་མེད་གསང་བའི་གནས་འདིར་བཀོད་པར་བྱ༔ ཧཱུྃ༔ བཀྲ་ཤིས་བུམ་པ་རྣམ་དག་གཞལ་ཡས་ཁང་༔ རིག་འཛིན་སྐུ་འབག་བདེ་མཆོག་གཉིས་སུ་མེད༔ མེ་ལོང་བདུད་རྩི་དྲི་མེད་གསང་བའི་རྫས༔ དམ་རྫས་བྷ་ལིང་ཐུགས་དམ་བསྐང་བའི་རྫས༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ རྡོ་རྗེ་དྲིལ་བུ་ཐབས་ཤེས་དབྱེར་མེད་རྟེན༔ རྔ་རྡུང་ཌཱ་རུ་རྒྱལ་བ་མཆོད་པའི་རྫས༔ མདའ་བཞི་གྲི་བཞི་མེ་ལོང་ཕུར་པ་བཞི༔ བར་ཆད་སྒྲོལ་དང་དངོས་གྲུབ་བརྟག་པའི་རྟེན༔ ཚོན་སྐུད་སྟག་ཤམ་དར་ཚོན་རྟགས་ཀྱི་རྒྱ༔ ཡོལ་བ་བླ་བྲེ་རྒྱན་དྲུག་པྲོག་ཞུ་པཎ༔ རྒྱལ་བ་རྣམས་ཀྱི་ཡོན་ཏན་ཕྲིན་ལས་རྫོགས༔ མཚན་ལྡན་རིག་མ་ཡིད་འོང་བདེ་བའི་ལམ༔ གིང་ཆེན་ལས་པས་ཡིད་བཞིན་རེ་བ་སྐོང་༔ ཕོ་བྲང་གཞལ་ཡས་ཆེན་པོ་ལྷུན་གྱིས་གྲུབ༔ ཅེས་བརྗོད་དོ༔ ཕྱི་མཆོད་ཤར་ལ་ནང་མཆོད་ལྷོ༔ གསང་མཆོད་ནུབ་ལ་ཆོས་སྐྱོང་བྱང་༔ རྫས་དང་རྒྱན་རྣམས་བཀོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་ལས་པ་བཀོད་ཅིང་རིག་མ་འགོད༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་རྒྱལ་བའི་ངོ་བོ་ཉིད༔ རྡོ་རྗེ་རྒྱལ་ཐེབས་ལས་ཀྱི་རྒྱལ་ཐེབས་དང་༔ རྡོ་རྗེ་མཚམས་པ་རྡོ་རྗེ་གཟུངས་མ་དང་༔ གར་པ་གིང་པ་ལས་ཀྱི་སྒྲོལ་གིང་དང་༔ ཚོགས་གཉེར་གཡོས་པ་ཕྱག་ཚང་དུས་འཛིན་སོགས༔ མ་ལུས་ཐམས་ཅད་གནས་འདིར་ལྷུན་གྱིས་གྲུབ༔ ཅེས་བརྗོད་སྐྱོགས་ཆང་དྲང་ཞིང་གླུ་བྲོ་བྱ༔ དེ་ནས་མཚན་ལྡན་གཟུངས་མ་བདུན་ལྔ་གསུམ༔ ཐ་ན་ཡང་ནི་གཅིག་ལ་རྒྱན་ཁྲུས་བྱ༔ རྡོ་རྗེ་རྒྱལ་པོར་དབུལ་ཏེ་འདི་སྐད་དོ༔ ཨེ་མ༔ དུས་གསུམ་སངས་རྒྱས་གཤེགས་པའི་ཡུམ༔ རྡོ་རྗེ་བཙུན་མོ་བཅུ་དྲུག་བདེ་བའི་གར༔ དྲི་བཟང་བྷ་ག་རུབ་ཅིང་ནུ་མ་འབུར༔ བདེ་བའི་འབྱུང་གནས་བདེ་ཆེན་རྒྱལ་པོར་འབུལ༔ མ་ཧཱ་མུ་དྲ་གུ་ཡ་པཱུ་ཙ་ཧོ༔ རྡོ་རྗེ་རྒྱལ་པོའི་ཕྱག་གིས་བླང་ངོ་༔ བཅུ་གསུམ་པ་ཞལ་བཀོད་གདབ་པ་ནི༔ དེ་ནས་རྡོ་རྗེ་རྒྱལ་པོ་ཡིས༔ འདུས་པའ་ིའཁོར་ལ་ཞལ་བཀོད་གདབ༔ ཀྱེ་ཧོ༔ སྐལ་ལྡན་མཆེད་ལྕམ་རྣལ་འབྱོར་རྣམས༔ དལ་འབྱོར་ཐོབ་པ་ད་ལན་དོན་དང་ལྡན༔ ཡང་གསང་བླ་མེད་སྒྲུབ་ཆེན་འདི་ལྟ་བུ༔ སྔོན་ཆད་འཇིག་རྟེན་ཁམས་སུ་མ་གྲགས་ཏེ༔ ད་ལན་བདག་ཅག་སྔོན་སྦྱང་ལས་འཕྲོ་སད༔ སྨོན་ལམ་དག་པས་དཀྱིལ་འཁོར་གཅིག་ཏུ་འཚོགས༔ ཚེ་གཅིག་སངས་རྒྱས་འབྲས་བུ་དེ་རིང་འཐོབ༔ སངས་རྒྱས་ཞིང་ལ་ཁྱུ་དེད་འགྲོགས་ཏེ་འགྲོ༔ སྐལ་པ་བཟང་བས་སྤྲོ་བ་རབ་ཏུ་བསྐྱེད༔ དངོས་གྲུབ་ཆེ་ལ་བར་ཆད་བདུད་ཟབ་ཅིང་༔ ལུས་ངག་ཡིད་གསུམ་སྤྱོད་པས་དམ་ལོག་ན༔ མནར་མེད་གནས་སུ་བསྐལ་པ་འབུམ་དུ་བསྲེག༔ དེས་ན་འདིར་ཚོགས་རྣལ་འབྱོར་ཕོ་མོ་རྣམས༔ བྲེ་མོའི་གཏམ་དང་མྱོས་བྱེད་ཆང་དང་གཉིད༔ འཐབ་རྩོད་ཀུ་ཅོ་ལེ་ལོ་ཉེ་རིང་དང་༔ ཕྲ་མ་བརྙས་བཅོས་ལོག་ལྟ་སླ་ཆོས་དང་༔ ང་རྒྱལ་འཐབ་རྩོད་ཕྲག་དོག་རྩོད་དང་འཛིང་༔ ལུས་ངག་ཡིད་ཀྱི་ཉེས་པ་ཀུན་སྡོམས་ཤིག༔ དད་དང་བརྩོན་འགྲུས་དག་སྣང་མོས་གུས་དང་༔ བླ་མ་རྒྱལ་ཐེབས་མཆེད་ལྕམ་རིག་མ་སོགས༔ དཀྱིལ་འཁོར་ལྷ་དང་ཐ་དད་མེད་པར་སྒོམས༔ ལོག་རྟོག་ངན་སེམས་སྐད་ཅིག་བྱ་མི་རུང་༔ འདི་འདྲའི་དབང་བསྒྲུབ་འཛམ་གླིང་བཙལ་ཀྱང་དཀོན༔ རང་ཅག་འདིར་ཚོགས་བསོད་ནམས་ཤིན་ཏུ་ཆེ༔ སློབ་དཔོན་ཚིག་ལ་རྩེ་གཅིག་གུས་པས་ཉོན༔ བཀའ་ལས་འདས་ན་དངོས་གྲུབ་བརླག་པར་འགྱུར༔ དེ་ནི་ཉིན་མཚན་དུས་བཞི་དག་ཏུ་བསྐུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་གཉིས་པ་དངོས་གཞི་ལ་བརྒྱད་དེ༔ ལས་བྱང་གཞུང་བསྲང་བ༔ དབང་བསྙེན་བསྒྲུབ་པ༔ ཉུལ་ལེ་བསྐྲད་པ༔ དམ་བཅའ་བ༔ བཤགས་པ་འབུལ་བ༔ བསྒྲུབ་པའི་ལྟས་བརྟགས༔ དབང་བསྐུར་བ༔ དངོས་གྲུབ་བླང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ལས་བྱང་གཞུང་བསྲང་བ་ནི༔ ཕྲིན་ལས་ནར་མར་གཏོང་ཞིང་དུས་བཞི་ལ་སོགས་ཚོགས་མཆོད་ཀྱི་དུས་སུ་ཡང་༔ ལྷག་མཆོད་ཡན་རེ་བཏང་ངོ་༔ ཞི་ཁྲོ་བཀའ་བརྒྱད་སོགས་ཀྱི་ཡང་གཞུང་བསྲང་བར་བྱའོ༔ གཉིས་པ་དབང་བསྙེན་བསྒྲུབ་པ་ནི༔ བསྙེན་སྒྲུབ་ལས་སྦྱོར་གསུམ་ལ་རྒྱུན་མི་འཆད་པའི་ཐུན་བཟུང་ངོ༔ སྐབས་སུ་དྲག་པོའི་ཧཱུྃ་དབྱངས་ལྡིར༔ འཛབ་བྲོ་བརྡུང་ཞིང་སྟངས་སྟབས་སྒྱུར༔ ལེ་ལོ་སྙོམས་ལས་སྤང་སྟེ་བསྒྲུབ༔ མཆོག་གི་དངོས་གྲུབ་ཨེ་མ་ཧོ༔ གསུམ་པ་སྒྲུབ་ལ་བར་གཅོད་བགེགས༔ ཉུལ་ལེ་བཅུ་གཉིས་གིང་པས་བསྐྲད༔ བཀའ་བརྒྱད་གཞུང་ནས་བླང་བར་བྱའོ༔ བཞི་པ་དམ་བཅའ་སྟེ་ལུ་གུ་རྒྱུད་སྦྲེལ་ལ་འདི་སྐད་དོ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས༔ གར་གྱི་དབང་ཕྱུག་རིག་འཛིན་ཐོད་པ་རྩལ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་མཆོག༔ དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་གྱུར་ཅིག༔ བླ་མེད་ཡང་གསང་མཆོག་གི་ལམ་ཞུགས་ཏེ༔ མཆོག་ཐུན་དངོས་གྲུབ་སྲོག་ཕྱིར་མི་གཏོང་བསྒྲུབ༔ རིག་འཛིན་རྡོ་རྗེ་རྒྱལ་པོས་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་ལྡན་ཡང་མཐའ་འདིར༔ རྣམ་དག་མཛད་པའི་ཕྲིན་ལས་བདག་གིས་སྐྱོང་༔ དམ་ཚིག་གཟུང་གིས་འབྲེལ་བའི་འཕྲེང་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ མཆོག་ཐུན་དངོས་གྲུབ་བདག་གིས་མ་ཐོབ་པར༔ ལུས་དང་སྲོག་ལ་མི་ལྟ་བསྒྲུབ་པར་བྱ༔ བདག་གི་བསམ་པ་གེགས་མེད་འགྲུབ་པར་ཤོག༔ ཅེས་བརྗོད་དོ༔ ལྔ་པ་བཤགས་པ་འབུལ་བ་ནི༔ ཧཱུྃ༔ རིག་འཛིན་རོལ་པའི་ཕོ་བྲང་ཆེན་པོ་འདིར༔ བདག་ཅག་བསྙེན་དང་སྒྲུབ་པར་དམ་བཅས་ཀྱང་༔ མ་རིག་དབང་གིས་ཉེས་ལྟུང་སྒྲིབ་པའི་ཚོགས༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་༔ དྲི་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དྲུག་པ་སྒྲུབ་པའི་ལྟས་བརྟག་རིམཔ་ནི༔ ཏིང་འཛིན་གསལ་དང་བག་དྲོ་ཤེས་པ་དྭངས༔ བླ་མ་མཆོད་ལ་བཅོས་མིན་དག་སྣང་དང་༔ བུམ་ཆུ་གཏོར་མ་ཁོལ་དང་མེ་འབར་འཕུར༔ འོད་ཟེར་འཕྲོ་དང་འཁྲབ་དང་དྲི་བཟང་འཐུལ༔ རྨི་ལམ་ཉི་ཟླ་ཤར་དང་ཆུ་བོ་བརྒལ༔ བུད་མེད་བཟང་མོས་ཟས་གོས་འདྲེན་དང་སྟེར༔ དར་འཕྱར་དུང་འབུད་རོལ་མོ་རྒྱན་གོས་སྤྲས༔ ཁྲུས་བྱས་བྲག་བཤིག་ཤིང་བཅད་ལིང་བཏབ་སོགས༔ འབྱུང་དང་སྒྲུབ་པའི་གཞུང་གི་རྟགས་རྣམས་སོ༔ ས་མ་ཡཱ༔ རྒྱ༔ བདུན་པ་དབང་ནི་སྒྲུབ་ཆེན་དང་བསྟུན་ན་འདི་ནས་སྦྱིན༔ དབང་རྐྱང་སྟ་གོན་ཚར་ནས་བསྐུར་ཀྱང་ཆོག༔ ས་མ་ཡཱ༔ རྒྱ༔ སྤྱི་དོན་བརྒྱད་པ་མཆོག་གི་དངོས་གྲུབ་བླང་བ་ནི༔ ར་ས་ཡ་ནའི་རྫས་མཆོག་ཁྱད་པར་ཅན༔ རྡོ་རྗེ་རྒྱལ་པོའི་ཕྱག་ཏུ་ཐོགས་ནས་ཀྱང་༔ རིག་མས་བྷནྡྷ་ཆང་གིས་བཀང་སྟེ་བཟུང་༔ བླ་མའི་མདུན་དུ་རྒྱན་སྤྲས་གདན་ལ་འཁོད༔ མཆེད་ལྕམ་རྣམས་ཀྱིས་ཕྱག་འཚལ་གསོལ་བ་འདེབས༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རིག་འཛིན་དབང་གི་ལྷ༔ བདག་ཅག་རྣམས་ལ་ཐུགས་རྗེས་བརྩེར་དགོངས་དང་༔ ད་ལྟ་སྐྱ་རེངས་དང་པོའི་ནམ་མཁའ་ལངས༔ རྡོ་རྗེ་སྲིན་པོའི་ནམ་མཁའ་ལངས་དུས་འདིར༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་དུས་ལ་བབས༔ བསྙེན་སྒྲུབ་ལས་སྦྱོར་དུས་རྟགས་གྲངས་སུ་ཐེམས༔ དཀའ་བ་སྤྱད་དེ་ཁྱེད་བསྒྲུབས་ཁྱེད་བསྙེན་པས༔ སྔོན་གྱི་དམ་བཅའ་ཐུགས་བསྐྱེད་སྨོན་ལམ་དགོངས༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཞེས་གསོལ་བ་གདབ༔ དེ་ནས་རྡོ་རྗེ་རྒྱལ་པོས་དངོས་གྲུབ་ཀྱི་རྫས་དེ་གནས་གསུམ་དུ་གཏུག་ཅིང་དབང་བསྐུར་ལ༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་དུ་འབར༔ བདུད་རྩི་བྱང་ཆུབ་སེམས་ཀྱི་བཅུད་དུ་འཕྲོས༔ ཡབ་ཡུམ་གསང་བའི་མཁའ་ལས་ཚངས་བུག་བབས༔ དབུ་མའི་ལམ་བརྒྱུད་དགའ་བཞིའི་ཡེ་ཤེས་བསྐྱེད༔ དབང་བཞི་མཐར་ཕྱིན་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དབང་བསྐུར་རོ༔ རིགས་མས་བྷནྡྷའི་བདུད་རྩི་བླུད༔ དེས་ནི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱི་དོན་ཐ་མ་རྗེས་རིམ་བཅུ་གཅིག་སྟེ༔ གཏེར་སྦ་གཏོར་མ་བཏང་དང་ཚེ་འགུགས་ཤིང་༔ དལ་བསྡུ་ལྷར་ལྡང་ཡོན་དབུལ་བསྔོ་སྨོན་བྱ༔ བཀྲ་ཤིས་ལུས་བསྲུང་མཚམས་འགྲོལ་གནས་བསྲུང་ཞིང་༔ ས་བཅད་འདི་ཡིས་ལག་ལེན་མཐར་ཕྱིན་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྫ་བུམ་ནང་དུ་སྨན་འབྲུ་དར་སྣ་སྨན༔ བུམ་རྫས་དང་བཅས་ཁ་རྒྱན་མགུལ་ཆིངས་སྤྲས༔ སྟེགས་བུའི་དབུས་སུ་སྦ་སྟེ་མེ་ཏོག་འཐོར༔ སྨོན་ལམ་གདབ་ཅིང་ཤིས་བརྗོད་འདི་སྐད་དོ༔ ཧཱུྃ༔ འབྱུང་བཞིའི་དབུས་ན་ལྷ་མོ་བསྟན་མ་བཞུགས༔ རིན་ཆེན་བུམ་པ་སྨན་འབྲུ་གཏོར་མས་བཀང་༔ འདོད་ཡོན་ལྔ་ལྡན་གཏེར་ཆེན་བུམ་པ་འདི༔ ལྷ་མོར་བཅོལ་ལོ་རིན་ཆེན་ས་ལ་སྦ༔ བདག་ཅག་རིག་འཛིན་མཆེད་ལྕམ་འཁོར་བཅས་རྣམས༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ མཆོག་ཐུན་དངོས་གྲུབ་སྒྲུབ་པའི་བཙས་སུ་སྦ༔ འཇིག་རྟེན་ཞིང་ཁམས་གླིང་དང་ཡུལ་ཕྱོགས་འདིར༔ ནད་མུག་མཚོན་གསུམ་འཁྲུག་རྩོད་ཞི་བ་དང་༔ ཚེ་དཔལ་མངའ་ཐང་ལོངས་སྤྱོད་རྒྱས་པར་ཤོག༔ བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས༔ ཐུགས་རྗེའི་རང་བཞིན་བྱིན་རླབས་བཀྲ་ཤིས་ཤོག༔ ཅེས་བརྗོད་རོལ་མོ་འཁྲོལ་ལ་ད་ལ་བསྐོར༔ གནས་སྐབས་མཐར་ཐུག་ཡོན་ཏན་བརྗོད་ལས་འདས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་གཏོར་མ་བཏང་བ་ནི༔ ཆ་གཅིག་གཏེར་སྦ་ཆ་གཅིག་སྦྱིན་སྲེག་བྱ༔ ཆ་གཅིག་ཟོར་འཕེན་ཆ་གཅིག་དངོས་གྲུབ་རོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཚེ་འགུགས་རིམ་པ་ནི༔ བྲེ་གང་ནས་ཀྱི་སྟེང་དུ་ཚེ་བུམ་དང་༔ ཚེ་ཆང་ཚེ་ཟན་མདའ་དར་ལ་སོགས་བཀོོད༔ བུམ་པ་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་༔ དབུས་ན་ཚེ་དཔག་མེད་མགོན་ཡབ་ཡུམ་བསྒོམས༔ ཐུགས་སྲོག་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འཁོར་འདས་ཀུན་གྱི་ཚེ་བསོད་དཔལ་འབྱོར་དབང་༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་འུབ་ཀྱིས་བསྡུས༔ རང་དང་ཚེ་རྫས་རྣམས་ལ་ཐིམ་པར་བསྒོམ༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བཟླ༔ ཨཱོཾབཛྲ་ཨཱ་ཡུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ བརྒྱ་སྟོང་བཟླས་ལ་མདའ་དར་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ བཅོམ་ལྡན་མགོན་པོ་རྒྱལ་བ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་སྐུ༔ ཕྱག་གཉིས་མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ བདེ་སྟོང་གཉིས་མེད་གསང་བའི་ཡུམ་དང་འཁྲིལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་སྒོ་མའི་ཚོགས༔ ཕྱག་ན་བཀྲ་ཤིས་ཚེ་བུམ་མདའ་དར་བསྣམས༔ ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནས༔ འབྱུང་བཞིའི་བཅུད་དང་འཁོར་འདས་དཔལ༔ ཐུགས་རྗེས་བསྡུས་ནས་ནྲི་ལ་བསྟིམ༔ བླ་ཚེ་ཆད་ཉམས་ཤུལ་དུ་ཚུད༔ བཀྲག་དང་གཟི་མདངས་འོད་དུ་འབར༔ མི་འགྱུར་གཡུང་དྲུང་རྡོ་རྗེ་འདྲ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་མདའ་དར་རྒྱས་གདབ་ཚེ་བུམ་དབང་ཡང་བསྐུར༔ ཚེ་རྫས་རོལ་ལ་འཆི་མེད་བདུད་རྩིར་བསམས༔ མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་དཀྱིལ་འཁོར་བསྡུ་ཆོག་ནི༔ ཧཱུྃ༔ ལྷ་ཚོགས་ཕོ་བྲང་འོད་ཞུ་གཙོ་བོར་ཐིམ༔ གཙོ་བོ་ཡབ་ཡུམ་སྔགས་འབྲུ་ས་བོན་ཧྲཱི༔ ཧ་ཁོག་མགོ་བོ་ནཱ་ད་དམིགས་མེད་གྱུར༔ ཆོས་དབྱིངས་ཀློང་དུ་སྤྲོས་བྲལ་མ་བཅོས་ཨཱཾ༔ ཞེས་བརྗོད་རྡོ་རྗེས་དཀྱིལ་འཁོར་མཐའ་ནས་བསྡུ༔ ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་བཟླ༔ ཡེ་ཤེས་པ་གཤེགས་དཀྱིལ་འཁོར་བསྡུ༔ ས་མ་ཡཱ༔ ལྔ་པ་རྒྱུན་སྤྱོད་ལྷ་ཡི་རྣལ་འབྱོར་ནི༔ ཧཱུྃ༔ འཁོར་འདས་ཐམས་ཅད་ཆོས་དབྱིངས་ལྷ་ཡི་ཞིང་༔ སྣང་གྲག་གཟུགས་སྣང་ལྷ་དང་ལྷ་མོའི་སྐུ༔ རང་སེམས་བརྗོད་མེད་རྒྱལ་བའི་ཐུགས་ཀྱི་དབྱིངས༔ རྣམ་བཞིའི་ལས་ཀྱིས་བདག་གཞན་དོན་གཉིས་སྒྲུབས༔ ཞེས་བརྗོད་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ལྷར་གསལ་རྒྱུན་གྱི་སྤྱོད་པ་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་ཡོན་གྱིས་སློབ་དཔོན་མཆེད་ལྕམ་མཆོད༔ མཆེད་ལྕམ་དངུལ་གཟན་རྡོ་རྗེ་ལས་པས་བསྡུས༔ དཀྱིལ་འཁོར་དབུས་སུ་གདན་བཤམས་བླ་མ་བཞུགས༔ གསེར་དངུལ་གཡུ་སོགས་མཎྜལ་སྐྱེམས་ཐོགས་ཏེ༔ སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད་པར་བྱ༔ ཨེ་མ་རྒྱལ་བའི་རྣམ་འཕྲུལ་འགྲོ་བའི་མགོན༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་ཅག་སྨིན་གྲོལ་མཛད་ལ་སྐུ་དྲིན་ཆེ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ ནམ་ཡང་འབྲལ་བ་མེད་པའི་དངོས་གྲུབ་སྩོལ༔ ལུས་ངག་ཡིད་གསུམ་ལོངས་སྤྱོད་མཁོ་དགུའི་ཚོགས༔ དངོས་འབྱོར་ཡིད་སྤྲུལ་བླ་མ་རྗེ་ལ་འབུལ༔ ཞེས་བརྗོད་ན་བཟའ་གསོལ་ལ་སྐུ་དྲིན་འཁུར༔ ཕྱག་ཞབས་སྤྱི་བོར་བླང་ཞིང་གསོལ་བ་གདབ༔ རྣམ་པ་རྒྱུན་དུ་སྐུ་དྲིན་དྲན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་སྨོན་ལམ་གདབ་པ་ནི༔ མཚན་ལྡན་རིག་མ་ཁྲུས་རྒྱན་བྷན་ཆང་ཐོགས༔ མཆེད་ལྕམ་མར་མེ་སྤོས་ཀྱི་རེང་བུ་བཟུང་༔ དཀྱིལ་འཁོར་བསྐོར་ཞིང་དབྱངས་སྙན་འདི་སྐདབརྗོད༔ ཧཱུྃ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བདག་ཅག་རིག་འཛིན་རྣལ་འབྱོར་མཆེད་ལྕམ་གྱི༔ བསྙེན་སྒྲུབ་ཟབ་མོའི་ལྟ་སྒོམ་སྤྱད་པའི་མཐུས༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་༔ གསང་ཡུམ་རིག་མ་རྒྱལ་ཐེབས་ཐུགས་ཀྱི་སྲས༔ དབང་ཆོས་ཟབ་མོས་འབྲེལ་བའི་མཆེད་ལྕམ་རྣམས༔ ཚེ་རབས་འདི་ནས་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ བཅུ་གསུམ་འཁོར་ལོ་ཚོགས་ཆེན་བླ་མེད་ས༔ མཁའ་སྤྱོད་རིག་འཛིན་གནས་དེར་ཚོགས་པར་ཤོག༔ ལས་ཀྱི་དབང་གིས་འཁོར་བར་སྐྱེ་སྲིད་ན༔ མཐའ་འཁོབ་ཀླ་ཀློའི་ཡུལ་དང་མི་ཁོམ་གནས༔ དབང་པོ་མ་ཚང་གྱུར་དང་རིགས་དྲུག་གི༔ གནས་ངན་ལེན་གྱི་སྐྱེ་སྒོ་ཀུན་ཁེགས་ནས༔ སྣང་གསལ་མར་མེ་འདི་ཡིས་རྒྱུད་གསལ་ཞིང་༔ དལ་འབྱོར་བཅོ་བརྒྱད་ལྡན་པའི་ལུས་ཐོབ་སྟེ༔ དགེ་བའི་བཤེས་གཉེན་མང་པོའི་ཞལ་མཐོང་ཞིང་༔ རྗེས་སུ་བཟུང་ནས་ཐར་པ་འཐོབ་པར་ཤོག༔ ཅེས་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་བཀྲ་ཤིས་མེ་ཏོག་ཀུན་གྱིས་འཐོར༔ ཨེ་མ་ཧོ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོར་ཆོས་སྐུའི་འཁོར་གྱིས་བསྐོར༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་སྤྲོས་དང་བྲལ༔ སྣ་ཚོགས་རང་གྲོལ་ཆོས་སྐུའི་བཀྲ་ཤིས་ཤོག༔ རྣམ་དག་གསང་བ་མཆོག་གི་ཕོ་བྲང་ནས༔ རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་སྐུས་བསྐོར༔ མཚན་དཔེ་ཡོངས་རྫོགས་མ་འདྲེས་ཆོས་རྣམས་སྟོན༔ སྣང་སྟོང་འགག་མེད་ལོངས་སྐུའི་བཀྲ་ཤིས་ཤོག༔ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས༔ ཨོ་རྒྱན་པདྨར་སྤྲུལ་སྐུའི་འཁོར་གྱིས་བསྐོར༔ འགྲོ་དྲུག་ཀུན་ལ་བྱིན་རླབས་རྨད་པོ་ཆེ༔ ཐུགས་རྗེས་འགྲོ་འདུལ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་དག་པ་རིག་འཛིན་ཕོ་བྲང་ནས༔ འཁོར་ལོ་བདེ་མཆོག་རིག་འཛིན་འབུམ་གྱིས་བསྐོར༔ འགག་མེད་རོལ་པ་དཀྱིལ་འཁོར་ལྷ་རུ་ཤར༔ དངོས་གྲུབ་རྒྱ་མཚོ་ཡི་དམ་བཀྲ་ཤིས་ཤོག༔ སྟོང་གསུམ་རབ་འབྱམས་གནས་ཡུལ་དུས་ཁྲོད་ནས༔ ཡེ་ཤེས་མཁའ་འགྲོའི་གཙོ་མོ་མནྡ་ར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་འཁོར་དང་བཅས༔ སྣ་ཚོགས་རྟེན་འབྲེལ་མཐར་ཕྱིན་བཀྲ་ཤིས་ཤོག༔ རྡོ་རྗེ་རྒྱལ་པོ་གསང་ཡུམ་མཆེད་དང་ལྕམ༔ ཡི་དམ་ཆོས་སྐྱོང་བཀའ་སྲུང་གཏེར་གྱི་བདག༔ ལས་བཞི་རབ་འབྱམས་མཆོག་ཐུན་ཀུན་གྱི་དཔལ༔ ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགུ་པ་རང་ཉིད་ལྷ་རུ་གསལ༔ སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་དམ་ཚིག་བཟུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་ཟླུམ་གཏོར་རྒྱན་ལྡན་ཕུད་དང་བཅས༔ རྒྱལ་པོ་བཞི་དང་སྒོ་སྲུང་རྣམས་ལ་འབུལ༔ ཀྱེ་སྔོན་ནས་ཐུགས་བསྐྱེད་བསྟན་དང་འགྲོ་བའི་མགོན༔ ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་༔ སྔར་བྱས་ལས་ཀྱི་གཏང་རག་མཆོད་གཏོར་བཞེས༔ རྣམ་དག་རང་བཞིན་ཀློང་དུ་བཛྲ་མུ༔ རྩ་སྔགས་བརྗོད་ཅིང་གཏོར་མ་རིམ་གྱིས་དབུལ༔ རྒྱལ་པོ་ཆེན་པོ་བཞི་ལ་འགྲེའོ༔ ཧཱུྃ༔ རྣོ་མཐོང་གསང་བ་ཡེ་ཤེས་ལས་ཀྱི་ལྷ༔ བདུད་རྩིའི་སྲུང་མ་དཔལ་གྱི་ཕོ་ཉ་བ༔ ལེགས་ཉེས་སྟངས་འཛིན་གཤིན་རྗེའི་གཤེད་ཆེན་པོ༔ ཁྲོ་བོ་བདུད་རྩི་འཁྱིལ། གཏང་རག་གསེར་སྐྱེམས་དཔལ་གྱི་མཆོད་པ་བཞེས༔ ཆོས་དབྱིངས་ཀློང་དུ་གཤེགས་བཞུད་མེད་པར་སྐྱོད༔ གཏོར་མ་ཕུལ་ལ་སྒོ་བྱང་ཕྱི་ནང་བསྡུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཅིག་དཔལ་གཏོར་བཤམས་ཏེ་ལས་གཞུང་བསྲང་༔ ཚོགས་འཁོར་གླུ་བྲོ་གར་སོགས་བདེ་ཉམས་སྐྱོང་༔ སྒྲུབ་པའི་གནས་བསྲུང་རྡུལ་ཚོན་མཚོ་ལ་བསྐྱལ༔ རྔ་དུང་རོལ་མོ་གདུགས་དང་རྒྱལ་མཚན་འཕྱར༔ གར་གིང་འཁྲབ་ཅིང་གླུ་བྲོའི་རྩེད་འཇོ་སྒྱུར༔ གནས་སྐབས་མཐར་ཐུག་ཡོན་ཏན་བརྗོད་མེད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གཉིས་བསྔོ་སྨོན་མཐའ་རྒྱས་བརྗོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་དུས་གསུམ་མཁྱེན་པའི་པདྨ་ངས༔ བདེ་མཆོག་ཡབ་ཡུམ་སྒྲུབ་པའི་ཁོག་དབུབ་བྲིས༔ མ་འོངས་དོན་དུ་ཏེ་སེའི་གངས་ལ་སྦས༔ དམ་རྒྱས་བཏབ་ཅིང་རྡོ་རྗེ་ལེགས་པར་གཏད༔ སྦས་རྒྱས་བཏབ་ཅིང་ལྷ་བཙན་ཆེན་པོར་བཅོལ༔ གཏད་རྒྱས་བཏབ་ཅིང་ཉི་མ་གྲགས་པར་བཞག༔ གསང་རྒྱས་བཏབ་ཅིང་ཆོས་བདག་ལུང་ནས་བསྟན༔ ཟབ་རྒྱས་བཏབ་ཅིང་ལས་བཞི་ཚང་བར་བཀོད༔ གཉན་རྒྱས་བཏབ་ཅིང་སྐལ་མེད་རིང་བར་བྱས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་ཕུག་ནས་རྙེད་པའོ། །སརྦ་མངྒ་ལཾ།། །།


previousསྒྲུབ་ཆེན་གྱི་ཁོག་དབུབ།next