Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཀྱིིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ།next

དཀྱིིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དཀྱིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ་ཡོད༔ གྷུ་རུ་བླ་མའི་སྐུ་ལ་འདུད༔ བདག་འདྲ་བུད་མེད་མཚོ་རྒྱལ་གྱིས༔ རིག་འཛིན་སྒྲུབ་པའི་ཆ་རྐྱེན་དུ༔ དཀྱིལ་འཁོར་རྣམ་དག་རིམ་པ་ཞིག༔ མ་འོངས་དོན་དུ་ཟིན་བྲིས་འདེབས༔ ཚུལ་བཞིན་སྤྱོད་ཅིག་སྐལ་ལྡན་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་༔ དེ་ནས་རྡོ་རྗེ་རྒྱལ་པོས་གསེར་ཐུར་ཐོགས་ཏེ༔ ལྷ་དང་དཀྱིལ་འཁོར་ངོ་སྤྲོད་འདི་ལྟར་གདབ༔ ཀྱེ་ལས་དང་སྐལ་བར་ལྡན་པའི་རྡོ་རྗེའི་སློབ་མ་ཁྱེད་རྣམས་མ་ཡེངས་པར་ཕོ་བྲང་ཆེན་པོ་འདི་ལ་ལྟོས་ལ་འདུན་པ་རྩེ་གཅིག་གིས་ཉོན་ཅིག༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་རོལ་པ་ལས་རང་ཤར་པའི་ཕོ་བྲང་ཆེན་པོ་འདིའི་རྟེན་གཞི་ནི༔ ཨེ་ལས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ཀ་མཐའ་དབུས་བྲལ་བ༔ སུས་ཀྱང་མ་བྱས་ཡེ་གྲུབ་ཆེན་པོར་ཆམ་བརྡལ་བའི་སྟེང་དུ༔ ཡཾ་ལས་རླུང་གི་རྒྱ་གྲམ་སྲ་ཞིང་མཁྲེགས་པའི་ངོ་བོ་སྟོང་པ༔ དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་རྦ་རླབས་ཡོངས་སུ་འཕྱོ་བ་གཟུང་འཛིན་དང་བྲལ་བ༔ དེའི་སྟེང་དུ་སུཾ་ལས་ཞིང་ཆེན་གྱི་ས་གཞི་རི་རབ་ཀྱི་བཀོད་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ་བདག་མེད་པ༔ དེའི་སྟེང་དུ་རཾ་ལས་ཡེ་ཤེས་ཀྱི་བདེ་དྲོད་འབར་བའི་མེ་དཔུང་གྲུ་གསུམ་པ་སྣང་ལ་རང་བཞིན་མ་གྲུབ་པ་སྟེ༔ འབྱུང་བའི་ཁམས་རྣམས་ཡེ་སྟོང་སྤྲོས་བྲལ་མུ་མཐའ་མེད་པའི་ཞིང་ཁམས་ཀྱི་དབུས་སུ༔ ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཟུང་འཛིན་དང་བྲལ་བའི་གཞལ་ཡས་ཁང་ཆེན་པོ་འདིའི་ལྟེ་བ་ཟླ་གམ་དཀར་དམར་ཞལ་སྦྱོར་བ་འདི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་སྟོང་ཆོས་ཉིད་ཀྱི་འཁོར་ལོར་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའི་བརྡ་ཡིན༔ མུ་ཁྱུད་ཟླུམ་པོས་བསྐོར་བ་འདི་དོན་དམ་པའི་ངོ་བོ་ལ་སྤྲོས་པས་དབེན་པའི་བརྡ་ཡིན༔ དེའི་ཕྱི་རིམ་ལ་པདྨ་འདབ་མ་བརྒྱད་དུ་འབྱུང་བ་འདི༔ རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་འཛིན་པ་ཡེ་ནས་དག་པའི་བརྡ་ཡིན༔ དེའི་ཕྱི་རིམ་ལ་པདྨ་འདབ་མ་བརྒྱད་ལ་སྣ་ཚོགས་ཀྱི་མདངས་དང་ལྡན་པ་འདི༔ ཡུལ་བརྒྱད་ཀྱི་གཟུང་ཡུལ་རྣམ་པར་དག་པའི་བརྡ་ཡིན༔ དེའི་ཕྱི་རིམ་གྱི་བར་ཁྱམས་ཆེན་པོའི་གླིང་བཞི་དཀར་སེར་དམར་ལྗང་དུ་ཤར་བ་འདི༔ ཕྲིན་ལས་རབ་འབྱམས་ལས་བཞིས་འགྲོ་དོན་མཐར་ཕྱིན་དུ་བསྒྲུབ་པའི་བརྡ་ཡིན༔ གྲུ་བཞི་དང་ལྡན་པ་འདི་སྐུ་བཞི་དང་ལྡན་པའི་བརྡ་ཡིན༔ སྒོ་བཞི་དང་ལྡན་པ་འདི་ཚད་མེད་པ་བཞི་མཚོན་པའི་བརྡ་ཡིན༔ རྩིག་པ་ལྔར་བྱུང་བ་འདི་ཡེ་ཤེས་ལྔ་མཚོན་པའི་བརྡ་ཡིན༔ དེ་ཡང་གཞལ་ཡས་ཁང་ཆེན་པོ་འདིའི་ནང་དུ་ཀླུ་ཆེན་པོ་བརྒྱད་ཀྱི་ཀ་གདན་བྱས་པ་འདི༔ བསྙེན་གནས་ཡན་ལག་བརྒྱད་མཚོན་པའི་བརྡ་ཡིན༔ ལྷ་ཆེན་པོ་བརྒྱད་ཀྱིས་ཀ་བ་བྱས་པ་འདི༔ འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་བརྡ་ཡིན༔ གཟའ་ཆེན་པོ་བརྒྱད་ཀྱིས་ཀ་གཞུ་བྱས་པ་འདི༔ རྣམ་པར་ཐར་པ་བརྒྱད་མཚོན་པའི་བརྡ་ཡིན༔ རྒྱལ་པོ་བཞི་གདུང་བཞིར་བྲེས་པ་འདི་མི་འཇིགས་པ་བཞིའི་བརྡ་ཡིན༔ གནོད་སྦྱིན་དང་རྒྱུ་སྐར་གྱི་དྲལ་ཕྱམ་དུ་བྱས་པ་འདི༔ སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད་མཚོན་པའི་བརྡ་ཡིན༔ རིན་པོ་ཆེ་སྣ་ཚོགས་དང་ཞིང་ཆེན་གྱིས་ཐོག་བཀབ་པ་འདི༔ ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བརྡ་ཡིན༔ དེ་ཡང་གཞལ་ཡས་ཁང་གི་སྟེང་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་རྣམ་པར་བྱུང་བ་འདི༔ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མཚོན་པའི་བརྡ་ཡིན༔ བང་རིམ་དང་པོ་ལ་དྲན་པ་ཉེ་བར་བཞག་པ་བཞི་མཚོན་པའི་བརྡ་ཡིན༔ བང་རིམ་གཉིས་པ་ལ་ཡང་དག་པར་སྤོང་བ་བཞི་མཚོན་པའི་བརྡ་ཡིན༔ གསུམ་པ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པའི་བརྡ་ཡིན༔ བཞི་པ་ལ་དབང་པོ་ལྔ་མཚོན་པའི་བརྡ་ཡིན༔ བུམ་གདན་ལ་སྟོབས་ལྔ་མཚོན་པའི་བརྡ་ཡིན༔ བུམ་པ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་པའི་བརྡ་ཡིན༔ བྲེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་མཚོན་པའི་བརྡ་ཡིན༔ སྲོག་ཤིང་ལ་སྐུ་གསུ་ཐུགས་ཡོངས་སུ་རྫོགས་པར་མཚོན་པའི་བརྡ་ཡིན༔ ཆོས་འཁོར་བཅུ་གསུམ་ནི་དགོངས་པ་ཉེ་བར་བཞག་པ་བཞི་དང་ཐེག་པ་དགུ་མཚོན་པའི་བརྡ་ཡིན༔ ཆར་ཁེབས་ནི་ཐུགས་རྗེ་ཆེན་པོས་ཉོན་མོངས་པའི་ཚ་གདུང་ལས་ཀུན་ཏུ་ཡང་དག་པར་སྐྱོབ་པའི་བརྡ་ཡིན༔ བང་རིམ་རྣམས་ལ་དར་སྣ་ཚོགས་ཀྱི་ཅོད་པན་འཕུར་བ་ནི༔ མཆོད་པའི་ལྷ་མོ་རྣམས་ཀྱིས་འདོད་ཡོན་གྱི་མཆོད་པ་རྒྱུན་མི་འཆད་པར་འབུལ་བའི་བརྡ་ཡིན༔ དྲིལ་བུའི་ཕྲེང་བ་ནི་ཟབ་གསང་བླ་མེད་ཀྱི་ཆོས་སྒྲ་སྒྲོགས་པའི་བརྡ་ཡིན༔ ཉི་ཟླའི་འཁོར་ལོ་ནི་ཀུན་ནས་མ་རིག་པའི་ལས་ཉོན་བག་ཆགས་དང་བཅས་པ་སེལ་བའི་བརྡ་ཡིན༔ རིན་པོ་ཆེའི་ཏོག་ནི་བསྟན་པའི་རྒྱལ་མཚན་ནམ་ཡང་ནུབ་པ་མེད་པའི་བརྡ་ཡིན༔ དེ་ཡང་འདོད་ཡོན་གྱི་སྣམ་བུ་དམར་པོ་པདྨ་རཱ་ག་ལས་གྲུབ་པ་ནི༔ འདོད་ཆགས་མ་སྤངས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ རིན་པོ་ཆེའི་ཕ་གུ་གསེར་ལས་གྲུབ་པ་ནི༔ ང་རྒྱལ་མ་སྤངས་གནས་སུ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ ནོར་བུ་རིན་པོ་ཆེ་བཻཌཱུརྱའི་དྲྭ་བ་ལ་སྣ་ཚོགས་ཀྱི་རི་མོ་གསལ་བ་ནི༔ ཞེ་སྡང་མ་སྤངས་གནས་སུ་དག་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ ད་རུ་ཀཱ་ཨིཎྜ་ནཱི་ལ་དམར་ལྗང་དུ་ཡོད་པ་ནི༔ ཕྲག་དོག་མ་སྤངས་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ མཆོད་རྟེན་དཀར་པོ་བརྒྱ་རྩ་བརྒྱད་རྡོ་ཀ་མ་ཤི་ལ་ལས་གྲུབ་པ་ནི༔ གཏི་མུག་མ་སྤངས་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་དབང་བའི་བརྡ་ཡིན༔ གཞལ་ཡས་ཀྱི་ཁང་པ་འདི་གྲུ་བཞི་བྱུང་བ་ནི༔ ཆེ་བའི་ཡོན་ཏན་རྒྱས་པའི་བརྡ་ཡིན༔ ལོགས་བཞིར་བྱུང་བ་ནི༔ ཐུགས་རྗེ་ཆེན་པོ་ལ་མཉམ་པ་མེད་པའི་བརྡ་ཡིན༔ ཕྱོགས་བཞིར་རྟ་བབས་བཞིས་བརྒྱན་པ་ནི༔ རྣམ་པར་ཐར་པ་བཞི་དང་ལྡན་པའི་བརྡ་ཡིན༔ ཀ་བ་བཞི་དང་ལྡན་པ་ནི༔ ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་བརྡ་ཡིན༔ ཀ་གདན་བཞི་ནི་དྲན་པ་ཉེ་བར་བཞག་པ་བཞིིའི་བརྡ་ཡིན༔ ཀ་ཞུ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་བརྡ་ཡིན༔ གདུང་བཞི་བསྣོལ་མར་བཏང་བ་ནི༔ བདེན་པ་བཞི་དང་བསམ་གཏན་བཞིའི་བརྡ་ཡིན༔ རྟ་བབས་བང་རིམ་བཞིར་བྱུང་བ་ནི༔ གསུམ་ནི་ཁམས་གསུམ་མཚོན་པའི་བརྡ་ཡིན༔ བཞི་པ་ནི་འཕགས་ལམ་མཚོན་པའི་བརྡ་ཡིན༔ རྟ་བབས་ཀྱི་སྟེང་ན་ཆོས་འཁོར་བཅུ་གསུམ་ནི༔ ས་བཅུ་གསུམ་ཕྱིར་མི་ལྡོག་པ་བླ་མའི་ས་ཆེན་པོ་བཟུང་ནས་སེམས་ཅན་ཀྱི་འགྲོ་དོན་མཛད་པའི་བརྡ་ཡིན༔ སྟེང་ན་གདུགས་དང་ཏོག་གིས་བརྒྱན་པ་ནི༔ ཐུགས་རྗེ་ཆེན་པོས་འཁོར་བའི་ཚ་གདུང་དང་ཉོན་མོངས་པའི་འཇིགས་པ་ལས་སྐྱོབ་ཅིང་བསྟན་པའི་རྒྱལ་མཚན་ཆེན་པོ་ནམ་ཡང་ནུབ་པ་མེད་པའི་བརྡ་ཡིན༔ གཡས་གཡོན་ན་རི་དྭགས་ཕོ་མོ་གཉིས་ཀྱིས་ཆོས་ཉན་པ་ནི༔ འདུ་འཛི་ལས་དབེན་ཞིང་བདེན་པ་བཞི་མཚོན་པའི་བརྡ་ཡིན༔ རྟ་བབས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འཕན་འཕྱར་བ་ནི༔ འདོད་ཡོན་སྤྲིན་ལྟར་གཏིབས་པའི་བརྡ་ཡིན༔ རྟ་བབས་ནང་དུ་དྲིལ་བུ་གཡེར་ཁ་རེ་རེ་ཡོད་པ་ནི༔ སྟོང་ཉིད་ཀྱི་ཆོས་སྒྲ་སྒྲོགས་པའི་བརྡ་ཡིན༔ ཉི་ཟླའི་དཀྱིལ་འཁོར་ནི་ཐབས་ཤེས་དབྱེར་མེད་ཟུང་འཇུག་གི་བརྡ་ཡིན༔ རྡོ་རྗེའི་རྭ་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་མཐར་ཕྱིན་རྣམ་པར་དག་པའི་བརྡ་ཡིན༔ བཀྲ་ཤིས་པའི་རྟགས་བརྒྱད་དང་རིན་པོ་ཆེའི་རྒྱལ་མཚན་བརྒྱད་རྣམས་ནི༔ འཁོར་བའི་གཡུལ་ལས་རྒྱལ་ཞིང་བདུད་ཀྱི་བར་ཆད་ལས་རྣམ་པར་རྒྱལ་བའི་བརྡའོ༔ གཞལ་ཡས་ཁང་གི་རྒྱུ་རིན་པོ་ཆེ་ལྔ་ལས་གྲུབ་པ་ནི༔ དགོས་འདོད་ཐམས་ཅད་ཆར་ལྟར་དུ་འབེབས་པའི་བརྡའོ༔ དེའི་ཕྱི་རིམ་པདྨ་སྣ་ཚོགས་ཀྱིས་བསྐོར་བ་ནི༔ རང་བྱུང་གི་རིག་པ་ལ་སྐྱོན་གྱིས་མ་གོས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པའི་བརྡའོ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ནི༔ འཁོར་བ་མ་སྤངས་གནས་སུ་དག་པའི་བརྡའོ༔ རྡོ་རྗེའི་ར་བ་ནི་དོན་དམ་གྱི་ངོ་བོ་ལ་འཇིགས་མེད་ཀྱི་གདེངས་དང་ལྡན་པའི་བརྡའོ༔ ཡེ་ཤེས་ལྔ་ལྡན་གྱི་མེ་རི་ནི༔ གཟུང་འཛིན་གྱི་བག་ཆགས་ཐམས་ཅད་བསྲེག་པའི་བརྡའོ༔ དེ་ལྟ་བུའི་གཞལ་ཡས་ཁང་ཆེན་པོ་རྒྱ་ཡོངས་སུ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བའི་བཀོད་པས་ལྟ་ན་སྡུག་པའི་ཕོ་བྲང་ཆེན་པོའི་དབུས་སུ་འཁོར་འདས་ཐམས་ཅད་ཀྱི་དཔལ་དང་ལྡན་པའི་བརྡར༔ ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི༔ འདོད་ཡོན་མ་སྤངས་རྒྱན་དུ་རོལ་བའི་བརྡར༔ དར་ཟབ་སྣ་ཚོགས་ཀྱི་གདན༔ སྐྱོན་གྱི་མ་གོས་པའི་བརྡར༔ པདྨ་འབར་བའི་འབོལ༔ སྒྲིབ་གཉིས་དག་པའི་བརྡར་ཉི་ཟླའི་དཀྱིལ་འཁོར༔ བདག་འཛིན་ཀྱི་རཱུ་ཏྲ་འདུལ་བའི་བརྡར་སྲིན་པོའི་བཾཿམཁྱེན་དང་བརྩེ་བ་བླ་ན་མེད་པའི་བརྡར༔ འོད་ཟེར་སྣ་ཚོགས་འཕྲོ་བ་སྟེ༔ བཀོད་པ་ལྷུན་གྲུབ་ཀྱི་ཁྲི་ཆེན་པོ་དེའི་སྟེང་དུ༔ ཕྱོགས་དུས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་འདུས་པའ་ིབདག་ཉིད་ཆེ་བའི་ཆེ་མཆོག་རིག་འཛིན་ཐོད་པ་རྩལ་ཆེན་པོ༔ ཆོས་སྐུ་འགྱུར་མེད་ཉག་གཅིག་གི་བརྡར་ཞལ་གཅིག༔ སྙིང་རྗེ་ཞི་བས་འགྲོ་བ་སྒྲོལ་བའི་བརྡར་སྐུ་མདོག་དཀར་པོ༔ སྐུ་གསུམ་གྱི་སངས་རྒྱས་རང་ལ་རྫོགས་པའི་བརྡར་སྤྱན་གསུམ༔ ཐབས་ཤེས་གཉིས་སུ་མེད་པའི་བརྡར་ཕྱག་གཉིས༔ སྣང་སྟོང་ཟུང་དུ་འཇུག་པའི་བརྡར་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ འཁོར་འདས་གཉིས་མེད་དུ་རྟོགས་པའི་བརྡར་ཞབས་གཉིས་འགྱིང་བག་དང་ལྡན་པ༔ ཆོས་ཉིད་ཀ་དག་གི་ངོ་བོ་མ་བཅོས་པའི་བརྡར་ཞི་བའི་ཉམས་དང་ལྡན་པ༔ ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་རྣམས་དང་གཉིས་སུ་མེད་པའི་བརྡར༔ རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ༔ སྤྲུལ་པའི་སྐུའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་བརྡར༔ རལ་པའི་གཙུག་ཏོར་ལ་ནོར་བུ་དབང་གི་རྒྱལ་པོས་བརྒྱན་པ༔ ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་བརྡར་རུས་པའི་རྒྱན་དྲུག་བཅིངས་པ༔ བདུད་ཀྱི་གཡུལ་ལས་རྒྱལ་བའི་བརྡར་དཔའ་བོ་སྟག་གི་ཤམ་ཐབས་དཀྲིས་པ༔ མ་རིག་པའི་བདག་འཛིན་དང་བྲལ་ནས་ཁམས་གསུམ་གྱི་སེམས་ཅན་སྐུ་གསུམ་གྱི་ཞིང་ལ་སྦྱོར་བའི་བརྡར་ཚར་གསུམ་ཐོད་ཕྲེང་གིས་བརྒྱན་པ༔ དྲེགས་པའི་དགྲ་བགེགས་འདུལ་བའི་བརྡར་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་བརྡར་དར་སྣ་ཚོགས་ཀྱི་ཅོད་བན་འཕུར་བ༔ ཐུགས་རྗེ་སེམས་ཅན་དོན་ལ་རྗེས་སུ་ཆགས་པའི་བརྡར༔ ཡུམ་མེ་ཏོག་མན་ངྷ་རཱ་ཝ་དམར་མོ་དང་གཉིས་མེད་དུ་སྦྱོར་བ༔ སྦྱོར་སྒྲོལ་རྨད་དུ་བྱུང་བའི་སྤྱོད་པས་འཁོར་བ་དོང་ནས་སྤྲུགས་བའི་བརྡར༔ གཉིས་མེད་དུ་འཁྲིལ་བ༔ དགའ་བ་བཞིའི་ཡེ་ཤེས་མཐར་ཕྱིན་པའི་བརྡར༔ བདེ་བའི་ཉམས་དང་ལྡན་པ༔ ས་ལམ་གྱི་ཡོན་ཏན་ཐམས་ཅད་བདེ་སྟོང་གི་ངོ་བོར་རྫོགས་པའི་བརྡར༔ ཡུམ་མན་ངྷ་རཱ་ཝ་སྣ་ཚོགས་ཀྱི་རྒྱན་དང་གཟིག་ཤམ་འཕྱོ་བ༔ དུག་ལྔ་དང་དུག་གསུམ་མ་སྤངས་རང་སར་གྲོལ་བའི་བརྡར༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐྱེ་ཤི་རྩད་ནས་གཅོད་པའི་བརྡར་ཕྱག་གཡས་གྲི་གུག་བསྣམས་པ༔ ཆགས་པ་མེད་པའི་བརྡར་ཐོད་ཁྲག་གཙོ་བོ་ལ་སྟོབས་པ༔ ཡི་དམ་གྱི་ལྷ་དང་གཉིས་སུ་མེད་པའི་བརྡར༔ དཔལ་བརྒྱད་རྒྱན་དུ་རྫོགས་པའོ༔ དེ་ལྟར་བདེ་གཤེགས་ཀུན་འདུས་བདེ་མཆོག་དབང་གི་རྒྱལ་པོ་ཡབ་ཡུམ་གྱི་འཁོར་དུ༔ སྐུ་ལྔ་དང་སྐུ་གསུམ་གྱི་རྩལ་སྣ་ཚོགས་ཀྱི་རོལ་པ་ལས་རང་ཤར་བའི་ཡེ་ཤེས་ཀྱི་ལྷ་ཚོགས་ཡབ་ཡུམ་མ་འགགས་པའི་རོལ་པའི་སྣང་རྩལ་དུ་ཤར་བ་དཔག་ཏུ་མེད་པའི་དཀྱིལ་འཁོར་ཚོམ་བུའི་སྣང་ཚུལ་དུ་སྟོན་པ་ནི༔ རིག་འཛིན་གྱི་ལྷ་ཚོགས་དཔའ་བོ་དཔའ་མོ་བཀའ་སྡོད་སྒོ་བ་སྒོ་མ་དང་བཅས་པ་འདི་རྣམས་ཡིན་པས༔ ཀྱཻ་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས༔ གཟུང་འཛིན་གྱི་ཞེན་པ་ཕྲོལ་ལ༔ ཕྱི་ལྟར་རྡུལ་ཚོན་རྫས་ཀྱི་དཀྱིལ་འཁོར༔ ནང་ལྟར་རང་ལུས་རྒྱལ་བའི་ཕོ་བྲང་༔ གསང་བ་ལྟར་རང་བྱུང་ཡུམ་གྱི་མཁའ་ཀློང་༔ ཡང་གསང་ངོ་བོ་ཉིད་སྐུ་གདོད་མའི་ཞིང་ཁམས༔ བླ་མེད་རང་སེམས་ཀ་དག་དབྱིངས་རིག་གི་དཀྱིིལ་འཁོར་དུ་རང་ཤར་བའི་ངོ་བོ་ལ་ལྟོས་ལ༔ གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་ཕྲལ་ཏེ༔ བདེ་གཤེགས་ཀུན་འདུས་རིག་འཛིན་བླ་མའི་ཕོ་བྲང་དང་ངོ་བོ་ཉིད་སྐུ་ཐ་དད་མེད་པར་ལྟོས་ཤིག༔ ཅེས་བརྗོད་སློབ་བུས་མཎྜལ་ཕུལ་ལ་མེ་ཏོག་དོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་བ་བླ་མེད་འཁོར་ལོ་བདེ་མཆོག་གི༔ ད་ལའི་རྣམ་དག་གསང་བའི་སྦས་བཤད་འདི༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕྱི་རབས་དོན་དུ་ཤོག་སེར་ལོགས་ལ་བཏབ༔ ལྔ་བརྒྱའི་ཐ་མ་རྩོད་ལྡན་ཡང་མཐའ་ལ༔ སྨོན་ལམ་དག་པའི་བདེན་སྟོབས་ནུས་པ་ཡིས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཉི་མ་གྲགས་པས་ཏེ་སེའི་གངས་ནས་བཏོན་ཞིང་སྲིང་མོ་རྫོང་དུ་ཤོག་སེར་ལས་ཕབ་པའོ༔ ངོ་གསར་མང་པོའི་རྐྱེན་དང་བཅས། །ཉི་མ་གསུམ་ལ་འབྲི་དགོས་ཐུག། ཧ་ཧ། མངྒ་ལཾ། །


previousདཀྱིིལ་འཁོར་གྱི་རྣམ་དག་མཚོ་རྒྱལ་གྱིས་མཛད་པ།next