Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་།
   
   
   
   
   
   
   
   
   
   
   
   


 
previousབདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་།next

བདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ གུ་རུ་དུས་གསུམ་མཁྱེན་པའི་སློབ་དཔོན་གྱིས༔ བདུད་རྩི་སྨན་གྱི་གསང་སྒྲུབ་མཛད་པ་ཡི༔ ཕྱག་ལེན་ཡིག་ཆུང་ཟིན་བྲིས་གདམས་པ་འདི༔ ཕྱི་མའི་དོན་དུ་ཁོ་མོས་བཀོད་དེ་སྦས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་སྣང་སྲིད་འཁོར་འདས་མ་ལུས་པ༔ དག་པ་ཡེ་གྲོལ་སྐུ་དང་ཡེ་ཤེས་ལས༔ ངོ་བོ་རང་བཞིན་ཐུགས་རྗེ་བདུད་རྩིར་འཁྱིལ༔ གཙང་རྨེར་འཛིན་པའི་འཁྲུལ་འཁོར་དབྱིངས་སུ་ཡལ༔ དེ་ལྟ་ལས་འདས་སྤང་བླང་རེ་དོགས་ཀྱི༔ གཟུང་འཛིན་འཁྲུལ་པའི་ཆོས་ལ་ཟད་མེད་སྤྱོད༔ དེ་ཡི་ཕྱིར་ན་བདུད་རྩི་མཆོག་འདི་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ཡི་རྩ་བརྒྱད་ཙན་དན་སྦྲུལ་སྙིང་དང་༔ ནང་གི་རྩ་བརྒྱད་མཆོག་ཆེན་མི་ཡི་བམ༔ གསང་བའི་རྩ་བརྒྱད་བྱང་སེམས་དཀར་དམར་ཏེ༔ བརྒྱད་ཚན་གསུམ་པའི་པཉྩ་ཨ་མྲྀ་ཏར༔ འབངས་དང་སྐྱོབ་ཀྱི་རྣམས་གྲངས་བརྒྱ་ཉེར་ལྔ༔ རེ་རེ་བཞིན་དུ་སྦྱར་བས་ལོ་མ་སྟོང་༔ སྟོང་ཚན་གསུམ་གྱི་ཡལ་འདབ་ལྡིང་ཁང་འཕྱོ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱ་མཚོ་ནི༔ གཞུང་བཞིན་ལག་ལེན་བསྙེན་སྒྲུབ་ལས་སྦྱོར་དུས༔ སྟག་གཟིག་དོམ་དང་འཕར་སྤྱང་འུག་པ་ཁྲ༔ ཕུག་ཤུད་མཛོ་དྲེའུ་བོང་བུའི་ཤ་ཁྲག་སྤང་༔ ར་དུག་སྤྱང་དུག་བོང་དུག་ཐར་ནུ་དང་༔ རེ་ལྕགས་པ་དང་སྲན་མའི་མེ་ཏོག་སྤང་༔ གསེར་གྱི་མདོག་ཅན་ཨ་རུ་རིགས་ལྔ་ནི༔ གཙོ་བོར་སྤུང་ཞིང་བཞི་ཆའི་བ་རུ་ར༔ བ་རུ་ར་ཡི་བཞི་ཆ་སྐྱུ་རུ་བསྣན༔ ཙན་དན་དཀར་དམར་ཤ་ཕོ་རུ་རྟ་དང་༔ བཟང་དྲུག་བ་ལེ་ཀ་སོགས་ཆེར་སྤུང་ཞིང་༔ ཀཎྜ་ཀ་རི་ཤིང་མངར་རམ་བུ་ལྕུམ༔ གོ་ཡུ་དཔའ་བོ་སེར་པོ་རྣམ་པ་དྲུག༔ རེ་རེ་བཞིན་དུ་ཨ་རུའི་ལྔ་ཆ་གཏོང་༔ བདུད་རྩི་དབང་ལག་སྐྱུ་རུའི་ཕྱེད་གྱི་ཆ༔ གླ་རྩི་དྲི་ཐོན་ཙམ་ལས་མང་མི་བྱ༔ སྨན་དཔུང་མང་བར་འདོད་ན་ད་ལི་དང་༔ ག་དུར་གཉིས་པོ་ཨ་རུའི་ཚོད་ཙམ་སྦྱར༔ ཤིན་ཏུ་མང་བར་འདོད་ན་འབྲས་ཕྱེ་འམ༔ དཀར་མོའི་ནས་ཕྱེ་དར་ཚགས་ལེགས་རྒྱབ་ནས༔ བ་རུ་ར་ཡི་ཆ་ཙམ་སྦྱར་བར་བྱ༔ འདི་ནི་སྨན་རིགས་བསྲེས་ན་མ་གཏོགས་སྤང་༔ ཁ་དོག་དཀར་པོའི་སྨན་རིགས་ཐམས་ཅད་ནི༔ སྒ་སེར་གུར་གུམ་ཆུ་ཡིས་ཁ་དོག་བསྒྱུར༔ མདོག་ནག་དྲི་ཁ་རོ་སྐྱུར་སྨན་གྱི་རིགས༔ སྔོ་སྨན་ཤིང་སྨན་རྡོ་སྨན་ཁ་རུ་ཚྭ༔ ཤིང་ཀུན་ཤིང་ཚ་ལ་སོགས་སྐྱ་འདྲེ་ཙམ༔ གཞན་ཡང་དྲི་རོ་ཁ་དོག་དེར་མཐུན་དང་༔ རིགས་པའི་མདའ་བསྣུན་ཤེས་རབ་ཟབ་མོས་དཔྱད༔ ཤ་ཁྲག་རིགས་ཀྱང་ཕོན་ཚོད་སྐབས་ལྟར་བསགས༔ ས་མ་ཡཱ༔ རྒྱ༔ དེ་ནས་དཀྱིལ་འཁོར་བཅའ་གཞི་སྒྲུབ་ཆེན་ལྟར༔ ཁྱད་པར་དཀྱིལ་འཁོར་ལྡིང་ཁྲིའི་དབུས་དྲང་པོར༔ ཤིང་གསུམ་ཨོམ་བཅིངས་མདུང་ཤིང་གྱེན་དུ་བསླངས༔ རྔ་དཀར་ཀུ་ཤའི་ཆུན་པོས་རྩེ་བཞི་བརྒྱན༔ དེའི་དབུས་ཀྱི་མདུང་གི་རྩེ་མོ་ན༔ བདུད་རྩི་འཁྱིལ་བ་ཚངས་པ་བརྒྱ་བྱིན་དང་༔ ཁམས་གསུམ་རྣམ་རྒྱལ་བཞི་ཡི་ཙ་ཀ་ལི༔ དེ་འོག་བང་རིམ་ལྷ་བརྒྱད་ཙ་ཀ་ལི༔ དེ་འོག་བདུད་རྩིའི་ལྷ་མོ་བཅུ་དྲུག་དང་༔ དེ་འོག་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ༔ དེ་འོག་ཀླུ་ཆེན་བརྒྱད་ཀྱི་ཙ་ཀ་ལི༔ ཀུན་ཀྱང་དར་གྱི་ཤམ་བུས་བརྒྱན་པ་ལ༔ བར་མཚམས་ཀུན་ཏུ་རྨ་བྱའི་སྒྲོས་བརྒྱན་ཞིང་༔ བང་རིམ་ཀུན་གྱི་ཕྱོགས་བཞིར་མེ་ལོང་གདགས༔ གཟུངས་ཐག་བཏགས་ཏེ་སྨན་གྱི་ཕོ་བྲང་སྦྲེལ༔ ས་མ་ཡཱ༔ རྒྱ༔ དེ་ནས་ཧེ་རུ་ཀཿཡི་བུམ་པ་བཅུ༔ ཁྲོལ་བུའི་སྨན་གྱིས་བརྒྱན་ཞིང་ཕྱོགས་ཕྱོགས་འགོད༔ དེ་ལ་དང་པོ་ལྡིང་ཁྲིའི་དབུས་སུ་ནི༔ ཡེ་ཤེས་ལྔ་ལྡན་རྡོ་རྗེའི་ཀ་པཱ་ལ༔ དུམ་བུ་ལྔ་པ་ཚངས་བུག་གཉིས་ལྡན་བཤམས༔ དེ་ཡི་སྐྱོབ་ཏུ་རུས་སྦལ་ཁོག་པ་སྟེ༔ མི་འགྱུར་གཡུང་དྲུང་རྡོ་རྗེའི་ཙག་ལིས་བརྒྱན༔ སྐུ་གསུམ་ལྷུན་གྲུབ་རྡོ་རྗེའི་ཀ་པཱ་ལ༔ དུམ་བུ་གསུམ་པ་ཚངས་བུག་དབུས་ལྡན་ཤར༔ དེ་ཡི་སྐྱོབ་ཏུ་སེང་ཐོད་ཤར་ལྷོ་སྟེ༔ མི་ཤིགས་རྫོགས་ལྡན་རྡོ་རྗེའི་ཙག་ལིས་བརྒྱན༔ ཡིད་བཞིན་གཏེར་འཆང་རྡོ་རྗེའི་ཀ་པཱ་ལ༔ ཤིང་ལོ་ཤིན་ཏུ་རྒྱས་པའི་དུམ་གཉིས་ལྷོ༔ དེ་ཡི་སྐྱོབ་ཏུ་གླང་ཆེན་ཐོད་པ་སྟེ༔ སྲིད་པ་ཡོངས་སྒྲོལ་རྡོ་རྗེའི་ཙཀ་ལིས་བརྒྱན༔ ཁམས་གསུམ་དབང་བསྡུད་རྡོ་རྗེ་ཀ་པཱ་ལ༔ དུམ་བུ་གཅིག་པའི་བྷནྡྷ་དཀྱིལ་འཁོར་ནུབ༔ དེ་ཡི་སྐྱོབ་ཏུ་ཆ་ཚན་ཀུ་བ་སྟེ༔ ལྷ་ཆེན་བརྟུལ་པོའི་ཐོད་པ་ཞེས་ཀྱང་བྱ༔ དུས་གསུམ་བསྟན་སྤྲུགས་རྡོ་རྗེའི་ཙཀ་ལིས་བརྒྱན༔ ཆོ་འཕྲུལ་རྟགས་འབྱུང་རྡོ་རྗེའི་ཀ་པཱ་ལ༔ ལས་བཞི་བསྒྲུབ་ཕྱིར་དུམ་བུ་བཞི་ལྡན་བྱང་༔ དེ་ཡི་སྐྱོབ་ཏུ་ཕྱི་བའི་ཐོད་པ་སྟེ༔ མི་ཆེན་གླ་ལིའི་ཐོད་པ་ཞེས་ཀྱང་ཟེར༔ ལི་ཙ་ཀུ་རའི་ཐོད་པ་ཞེས་ཀྱང་ཟེར༔ མཚན་མ་སྤྲོས་བྲལ་རྡོ་རྗེའི་ཙཀ་ལིས་བརྒྱན༔ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལ༔ ཨ་ཡུ་དཔལ་ལྡན་རྡོ་རྗེའི་ཀ་པཱ་ལ༔ བདེ་བ་མི་ཤིགས་རྡོ་རྗེའི་ཀ་པཱ་ལ༔ དབང་བཞིའི་བུམ་པ་རྡོ་རྗེ་ཀ་པཱ་ལ༔ ཞེས་པ་འདི་བཞི་མཚན་ཉིད་ལྡན་པ་ཡི༔ དུང་ཅན་མ་དང་གླང་སྣ་པདྨ་ཅན༔ རི་དྭགས་མ་བཞིའི་ཐོད་པ་ཡིན་པས་ན༔ དཀྱིལ་འཁོར་སྒོ་བཞིར་ཚུལ་བཞིན་འགོད་པར་བྱ༔ ས་མ་ཡཱ༔ རྒྱ༔ དེ་ལྟར་བཀོད་རྫོགས་བརྒྱན་ལྡན་ཁྲོལ་བུ་བསྒྲུབ༔ དེ་ནས་འདུལ་སྦྱངས་བཏང་སྟེ་དར་ཚགས་བརྒྱབ༔ ཨ་ཐམ་སྐྱེ་བདུན་ཕབས་རྒྱུན་ཚད་ལྡན་སྦྲན༔ དྲིལ་བུར་གཞལ་སྟེ་ཤིང་གི་གཞོང་པར་བླུགས༔ ཆུ་གཙང་འོ་མས་སྦྲན་ཞིང་ནམ་ཟླ་ལྟར༔ སྐབས་དང་མཐུན་པའི་གར་སླ་རན་པར་བྱ༔ ཆང་གིས་ཕབས་རྩི་ཕོན་དང་དུས་བསྟུན་བཏབ༔ ལྕགས་ཀྱི་སླ་ངའི་ནང་དུ་ནས་བླུགས་ཅིང་༔ སྨན་དང་དྲི་བཟང་ཕྱེ་མ་ཅི་རིགས་གདབ༔ དེ་ལ་ཆུ་ཡིས་སྦྲན་ཏེ་བརླན་པར་བྱ༔ བྷནྡྷའི་རིགས་གྱུར་ཡོངས་རྫོགས་འཛོམ་ན་རབ༔ ཡང་ན་ཕོ་ཐོད་འཁོར་ལོ་མོ་ཐོད་པདྨ་འདྲི༔ སྨན་རྣམས་དར་ཁུག་བཏབ་ནས་ཐོད་པར་བསྡམས༔ རིགས་ལྔའི་ཕྱག་མཚན་བྲིས་པའི་དར་གྱིས་བཏུམས༔ དེ་ནས་དར་ཚོན་སྣ་ལྔས་ལེགས་པར་བཅིངས༔ དེ་ནས་དར་དམར་ཧཱུྃ་མང་བྲིས་པས་དྲིལ༔ དེའི་གཡས་གཡོན་རྡོ་རྗེ་དྲིལ་བུ་བཏགས༔ དེ་ལ་གཟུངས་ཐག་ཕྱོགས་བཞི་རིགས་ལྔས་བརྒྱན༔ སླ་ང་ལྡིང་ཁྲིའི་དབུས་འགོད་ཐོད་པ་དཀྱིལ༔ སླ་ངའི་འོག་ཏུ་མར་མེ་དུས་མཐུན་ལྟར༔ གསུམ་གཉིས་གཅིག་སོགས་དབྱར་དགུན་སྟོན་ལྟར་འགོད༔ དྲོད་ནི་སླངས་ངས་ལག་པ་དྲོས་ཙམ་བྱ༔ དེ་ཡི་ཕྱི་རོལ་ཡོལ་བ་སུམ་རིམ་གཡོལ༔ མེ་འོད་རླུང་གིས་མི་འཕྲོག་ཐབས་ལ་འབད༔ གཞུང་བཞིན་བསྒྲུབ་ཅིང་སྐབས་སྐབས་སྨན་སྒྲོམ་ཉུལ༔ ཆང་གི་སྦྲང་མ་ལྟ་བུར་ཁོལ་བ་ཚད༔ ལེ་ལོ་སྤངས་ཏེ་བརྩོན་འགྲུས་ལྡན་པས་བསྒྲུབ༔ མཐར་ཕྱིན་དབང་བླངས་སྨན་སྒྲོམ་ཞལ་ཕྱེ་བས༔ མདོག་ནི་སེར་པོ་དམར་མདངས་ཆགས་པ་ལ༔ རོ་ནི་ཨ་རུ་ཆང་གི་རྟར་སྐྱོན་འདྲ༔ དེ་ལྟར་མིན་པར་སྐམ་པའི་སྐྱོན་འདུག་ན༔ སླར་ཡང་སྦོལ་ཏེ་བདུད་རྩིས་སྔར་བཞིན་སྦྲན༔ རླུང་སེང་མེད་པར་བྱས་ཏེ་བསྡམས་ནས་བཞག༔ ཁ་དོག་སྐྱ་བོ་སེར་པོ་ལ་སོགས་པ༔ གུར་གུམ་ཆུ་ཡིས་སྦྲན་པ་མན་ངག་ཡིན༔ སྣུམ་བག་མེད་ན་ལག་པར་འབྲུ་མར་བྱུག༔ སྦོལ་ཞིང་རན་ཙམ་ཕུར་བས་མཆོག་ཏུ་འགྱུར༔ རིལ་བུར་བསྒྲུབ་ན་གཞུང་བཞིན་ལས་ལ་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བདུད་རྩི་དམར་ཁྲིད་གདམས་པ་འདི༔ ཨོ་རྒྱན་རྗེ་ཡི་ལུང་བཞིན་ཁོ་མོས་བྲིས༔ ཕྱི་མར་གསང་སྔགས་བསྟན་པའི་སྲོག་ཏུ་ཤོག༔ གཅེས་པར་ཆོངས་ཤིག་སྣོད་མེད་རྣམས་ལ་གོབ༔ ཚུལ་བཞིན་སྒྲུབས་ཤིག་བསྟན་འགྲོའི་དོན་ལ་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲུལ་བའི་སྐུ་མཆོག་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ། །


previousབདུད་རྩི་སྨན་སྒྲུབ་ཀྱི་ཡིག་ཆུང་།next