Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་།
   


 
previousལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་།next

ལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་བཞུགས༔ རྩ་གསུམ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ དཔལ་ལྡན་བླ་མ་མཚུངས་མེད་ཧེ་རུ་ཀ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ལ༔ མཚོ་རྒྱལ་བདག་ནི་གུས་པས་ཕྱག་འཚལ་ལོ༔ མི་བརྗེད་གཟུངས་ཐོབ་བུད་མེད་མཚོ་རྒྱལ་ངས༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱི༔ ཐུགས་ཀྱི་གཟུངས་མ་བཀའ་ཡི་བསྡུ་བ་བྱས༔ མ་འོངས་དོན་དུ་ཤོག་སེར་དཔག་མེད་བྲིས༔ ཁྱད་པར་ཡང་གསང་བླ་མ་བདེ་མཆོག་གི༔ བཀའ་ཆོས་ཞུས་པའི་གཏང་རག་ཚོགས་འཁོར་བསྐོར༔ དབེན་རྩ་དཔལ་གྱི་གཙུག་ལག་ཁྱམས་ཆེན་དུ༔ སློབ་དཔོན་ཆེན་པོ་སེང་གེའི་ཁྲི་ལ་བཞུགས༔ བདག་ཅག་རྗེ་འབངས་རིགས་འཛིན་གྲལ་ལ་འཁོད༔ ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་ལ༔ གསེར་སྐྱོགས་དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས༔ དེ་ཚེ་རིག་འཛིན་པདྨ་འབྱུང་གནས་ཀྱིི༔ ཞལ་ནི་འཛུམ་མདངས་མཛད་ནས་འདི་སྐད་གསུང་༔ ད་ལྟ་རང་ཅག་འདིར་ཚོགས་མ་ལུས་ཀུན༔ གསང་སྔགས་བླ་མེད་དཀྱིལ་འཁོར་གཅིག་ཏུ་ཚོགས༔ མ་འོངས་ལྔ་བརྒྱའི་དུས་ནའང་འདི་བཞིན་དུ༔ འགྲོ་བའི་མགོན་དུ་རང་རེ་འཚོག་པར་གདའ༔ དམ་ཚིག་ཚུལ་བཞིན་སྲུངས་ཤིག་སྐལ་ལྡན་རྣམས༔ ཆོས་རྣམས་མཐར་ཐུག་བླ་མའི་སྒྲུབ་པ་ཡིན༔ བླ་མ་མེད་ན་སངས་རྒྱས་འཐོབ་མི་འགྱུར༔ ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན་དང་༔ ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ་དང་༔ གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཡང་གསང་ངོ་བོ་རང་བཞིན་ཐུགས་རྗེ་སོགས༔ ས་ལམ་འབྲས་བུའི་དྲོད་རྟགས་ཡོན་ཏན་རྣམས༔ རྒྱ་ཆེ་གྲངས་མང་རྣམ་པ་སྣ་ཚོགས་ཀྱང་༔ ཀུན་གྱི་རྩ་བ་བླ་མ་ཁོ་ན་ཉིད༔ བླ་མ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད༔ བླ་མ་མཉེས་ན་སངས་རྒྱས་ཐམས་ཅད་མཉེས༔ བླ་མ་གྲུབ་ན་སངས་རྒྱས་ཐམས་ཅད་གྲུབ༔ དེས་ན་སངས་རྒྱས་ཀུན་འདུས་བླ་སྒྲུབ་ཆོས༔ རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་ཀྱང་༔ རང་གི་སྒྲུབ་པ་རང་གིས་བརྩམས་ཏེ་བཤད༔ བདག་ནི་སྐྱོན་དག་ཡོན་ཏན་མ་ལུས་རྫོགས༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་སོགས༔ དབྱེར་མེད་ང་དང་འདུ་འབྲལ་སྐད་ཅིག་མེད༔ ཕྱི་ལྟར་ཡོན་ཏན་སངས་རྒྱས་སྐུ་རྣམས་རྫོགས༔ ནང་ལྟར་བླ་མེད་གསང་བའི་མཛོད་འཆང་ཞིང་༔ གསང་བ་ཆོས་དབྱིངས་སྐུ་གསུམ་སངས་རྒྱས་ཀློང་༔ མ་ཆགས་སྐྱོན་བྲལ་པདྨ་འབྱུང་གནས་ཡིན༔ དེ་ཕྱིར་རིག་འཛིན་བདེ་མཆོག་བླ་མེད་ཆོས༔ ཁྱེད་རྣམས་ཉམས་ལེན་གསང་བ་གནད་དུ་དྲིལ༔ མ་འོངས་དུས་ན་ཆོས་འདི་འགྲོ་དོན་ཆེ༔ རིག་འཛིན་བཀའ་བབས་ལོ་ཙཱ་ཀླུ་དབང་ཁྱོད༔ རྩོད་ལྡན་ཐ་མ་བཞི་བཅུའི་མར་འགྲིབ་ལ༔ དམ་ཆོས་ཡང་གསང་བླ་སྒྲུབ་འདི་དང་འཕྲད༔ འགྲོ་དོན་འབྱུང་བའི་སྨོན་ལམ་ད་ལྟ་ཐོབ༔ གནས་བཟང་དུར་ཁྲོད་དཔལ་གྱི་མཆིམས་ཕུ་འདི༔ རྒྱ་གར་དུར་ཁྲོད་བསིལ་བ་ཚལ་དང་མཉམ༔ བདག་ཉིད་རིག་འཛིན་པདྨ་འབྱུང་གནས་ང་༔ དུས་གསུམ་སངས་རྒྱས་ཀུན་དང་དབྱེར་མི་ཕྱེད༔ མཆོག་གི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་འདི༔ རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་དྲ་བའི་གར༔ མངའ་བདག་ལ་སོགས་རིག་འཛིན་ཕོ་མོ་རྣམས༔ མཁའ་སྤྱོད་རིག་འཛིན་ཚོམ་བུར་ཐ་དད་མེད༔ བཟའ་བཏུང་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ ཀུན་བཟང་བླ་མེད་མཆོད་པའི་སྤྲིན་དང་མཉམ༔ ད་ལྟའི་དུས་བཟང་ཕུན་སུམ་ཚོགས་པ་འདིར༔ སྨོན་ལམ་ཅི་བཏབ་འགྲུབ་བོ་རྗེ་འབངས་རྣམས༔ ཁྱད་པར་རིག་འཛིན་བཀའ་བབས་ཀླུ་དབང་གི༔ སྨོན་ལམ་འདེབས་པའི་དུས་ལ་ད་ལྟ་བབས༔ ཅེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་གྲོགས་བྱས་ཏེ༔ ལོ་ཙཱ་ཀླུའི་དབང་པོས་རྣམ་དག་གི་སྨོན་ལམ་མང་པོ་བཏབ་བོ༔ དེའི་ཚེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ ལོ་ཙཱ་བ་ཁྱོད་ཀྱི་སྨོན་ལམ་འདེབས་པའི་གྲོགས་ད་ལྟ་མཚོ་རྒྱལ་གྱི་བྱས་པའི་རྟེན་འབྲེལ་གྱིས༔ མ་འོངས་པ་ན་ཁྱོད་་ཀྱིས་གཏེར་ལ་སྤྱོད་པའི་ཚེ་མཚན་ལྡན་གྱི་གཟུངས་མ་རེ་གྲོགས་སུ་མ་བསྟེན་ན་ཟབ་མོའི་གཏེར་ཁ་རྣམས་འཐོན་པ་མེད༔ ད་ཁྱེད་འདིར་འདུས་པའི་རིག་འཛིན་གྱི་རྣལ་འབྱོར་མ་རྣམས་ཀྱིས་སེམས་བསྐྱེད་རྒྱ་མ་ཆུང་བར༔ ལོ་ཙཱ་བ་འདིས་མ་འོངས་པ་ན་གཏེར་ལ་སྤྱོད་པའི་དུས་སུ་ཤེས་རབ་ཀྱི་གཟུངས་མ་བྱེད་ནས་ཟབ་མོའི་གཏེར་ཆོས་ལ་ལོངས་སྤྱོད་པའི་སྨོན་ལམ་ཐོབ་ཅིག༔ ཅེས་གསུངས་པ་དང་༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན༔ རྒྱལ་པོའི་བཙུན་མོ་འབྲོམ་བཟའ༔ ཤེལ་དཀར་རྡོ་རྗེ་མཚོ༔ རྒྱལ་པོའི་སྲས་མོ་ནུས་འབྱིན་ས་ལེ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་རྣམས་ཀྱིས་མ་འོངས་པ་ན་ལོ་ཙཱ་བ་ཀླུའི་དབང་པོས་ཟབ་གཏེར་ལ་སྤྱོད་པའི་ཤེས་རབ་ཀྱི་གཟུངས་མ་ལ་བདག་ཅག་རྣམས་ཤོག་ཅིག༔ ཅེས་བརྗོད་པས༔ རྒྱལ་པོའི་བཙུན་མོ་དམར་རྒྱན་མས་སློབ་དཔོན་ཆེན་པོ་ལགས༔ བདག་གིས་ཀྱང་སྨོན་ལམ་འདེབས་ལགས་སམ་ཞུས་པས༔ སློབ་དཔོན་ཆེན་པོས་ཅི་ཡང་མ་གསུང་བ་དང་མོ་ཁྲོས་ཏེ་ཡིད་ཀྱི་སྨོན་ལམ་ནི༔ བདག་གིས་དེའི་དུས་སུ་ཕོ་ལུས་ཀྱིས་དམ་ལོག་མོ་ལུས་ཀྱིས་བསེན་མོ་རྣམས་སུ་སྤྲུལ་ནས་བར་དུ་གཅོད་པར་ཤོག་ཅིག་ཅེས་ཡིད་ཀྱིས་བརྗོད་པ་སློབ་དཔོན་ཆེན་པོས་མཁྱེན་ཏེ༔ དམར་རྒྱན་བཟའི་མགོ་ལ་ཕྱག་གཡས་པ་བཞག་ཅིང་༔ ལོ་ཙཱ་བ་འདིས་ཟབ་ཆོས་ཀྱི་གཏེར་ལ་སྤྱོད་པའི་ཚེ༔ ཁྱོད་ཀྱིས་བར་ཆད་བརྩམས་པས་མི་ཚུགས་པར་གྱུར་ཅིག༔ ཅེས་གསུངས་སོ༔ དེའི་ཚེ་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་བདག་གིས་ལོ་ཙཱ་བ་ལ་སྨོན་ལམ་འདེབས་གྲོགས་བྱས་པ་དེ་མ་ལེགས་སམ་ཞུས་པས༔ གུ་རུ་རིན་པོའི་ཞལ་ནས༔ མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ་དངོས་གྲུབ་ཟབ་པར་བར་གཅོད་ཀྱི་བདུད་མང་བས་ལོ་ཙཱ་བ་རང་གཅིག་པུས་སྨོན་ལས་བཏབ་ན་བར་ཆད་ཉུང་ཙམ་དུ་མཆིས་གསུང་༔ ཡང་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་འོ་ན་རྟེན་འབྲེལ་དེ་དག་གསོ་བའི་ཐབས་བདོག་གམ་མི་བདོག་ཞུས་པས༔ གུ་རུ་རིན་པོ་ཆེས༔ རྟེན་འབྲེལ་གྱི་གནད་སྐད་ཅིག་མ་དེའི་ཆོས་ཡིན་ཞིང་༔ སྐད་ཅིག་མ་དེར་གང་ཤར་བ་དེ་ལ་བཅོས་བསྒྱུར་དུ་བྱེད་པར་མེད་གསུང་༔ འོ་ན་བདག་གིས་ལུས་ངག་ཡིད་གསུམ་གྱི་སྤྲུལ་པ་དཔག་མེད་ཀྱིས་ལོ་ཙཱ་འདིའི་གཏེར་གྲོགས་མཚན་ལྡན་གྱི་གཟུངས་མ་བྱེད་ཅིང་བར་གཅོད་ཀྱི་ཚོགས་སེལ་བར་ཤོག་ཅིག༔ བདག་གིས་སྨོན་ལམ་བཏབ་པ་འགྲུབ་པར་གྱུར་ཅིག༔ ཅེས་སྨྲས་པར་གུ་རུ་རིན་པོ་ཆེའི་ཞལ་ནས༔ རང་འདོད་ཀྱི་སྨོན་ལམ་ནམ་དྲན་དུ་བཏབ་པ་འགྲུབ་པར་དཀའ་སྟེ༔ འོན་ཀྱང་བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད་ཐ་མལ་གྱི་བུད་མེད་མིན་པ་དང་༔ རང་འདོད་མེད་ཅིང་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པའི་སྨོན་ལམ་དེ་འགྲུབ་འོང་གསུངས་སོ༔ དེ་ནས་ཀླུའི་དབང་པོས་གུ་རུ་རིན་པོ་ཆེ་ལ་འདི་སྐད་ཞུས་སོ༔ གུ་རུ་རིན་པོ་ཆེ་བདག་འདི་ནས་མ་འོངས་བསྐལ་པ་རྩོད་ལྡན་གྱི་ཡང་མཐའ་ལ་མ་ཐུག་བར་དུ་ཟབ་མོའི་ཆོས་འདི་དང་མི་མཇལ་ལམ་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ལོ་ཙཱ་བ་ཁྱོད་འཕགས་པ་སེམས་ཉིད་ངལ་གསོའི་སྤྲུལ་པ་ཡིན་པས་སེམས་བསྐྱེད་ཀྱི་རྩིས་སྟོབས་ཆེ་བས༔ རྩོད་ལྡན་གྱི་ཡང་མཐའ་དམུ་རྒོད་ཀྱི་སེམས་ཅན་གདུལ་བར་དཀའ་བའི་དུས་སུ་ཟབ་ཆོས་འདི་དང་འཕྲད་ཅིང་འགྲོ་བ་མང་ཞིག་ཐར་ལམ་ལ་འགོད་གསུངས་སོ༔ ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་རྩོད་ལྡན་གྱི་ཡང་མཐར་ཟབ་ཆོས་འདི་དང་མ་མཇལ་གྱི་བར་དུ་ཤ་ཁྲག་དྲ་བའི་ལུས་ལེན་ནམ་མི་ལེན་ཞུས་པས༔ བུ་ལོ་ཙཱ་བ་ཁྱོད་ཟབ་ཆོས་འདི་དང་མ་འཕྲད་ཀྱི་བར་དུ་དག་མ་དག་སྣ་ཚོགས་ཀྱི་ལུས་ལེན༔ ཁྱོད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཀྱིས་འཁོར་བར་ཀུན་ཏུ་རྒྱུ་བའི་ལུས་ཡིན་པས་མཐོ་དམན་གང་དུ་སྐྱེས་ཀྱང་འགྲོ་དོན་མིན་པས་ནི་མེད་གསུངས་སོ༔ གུ་རུ་རིན་པོ་ཆེ་བདག་དུས་འདི་ནས་བཟུང་སྟེ་སྙིགས་མ་རྩོད་ལྡན་གྱི་ཡང་མཐའ་ལ་མ་ཐུག་གི་བར་དག་མ་དག་སྣ་ཚོགས་སུ་སྐྱེ་གསུངས་པའི་སྐྱེ་བ་སྔ་ཕྱི་རྣམས་དུས་གསུམ་མཁྱེན་པས་གསུང་དུ་གསོལ༔ བདག་ལ་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ ལོ་ཙཱ་བ་ཞིབ་པར་ཞུས་ཀྱང་སྐྱོ་བ་སྐྱེ་བའི་རྒྱུ་ཁོ་ནར་ཡོད་དེ༔ ཅིའི་ཕྱིར་ཞེ་ན༔ སྔོན་བསྐལ་་པ་མང་པོའི་གོང་རོལ་ནས་ཇོ་བོ་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་སྤྲུལ་པ་རུ་ཡོད་ཀྱང་༔ ཤ་ཁྲག་གི་ལུས་བླངས་རིགས་དྲུག་གི་གནས་འགྲིམས་པས་གཞན་དུ་བྱ་དཀའ་བའི་སྤྱོད་པ་རྣམས་སྤྱད་ཚེ༔ འགྲོ་བ་བརྒྱ་བདེ་བའི་ཕྱིར་དུ་མ་དག་པ་རེ་རེའི་སྲོག་བཅད་པ་ལྟ་བུའི་ལས་ཀྱི་འབྲས་བུ་མི་སྟོངས་པའི་ཚུལ་སྟོན་ཏེ༔ ཁྱོད་ཀྱིས་དག་མ་དག་གི་སྐྱེ་བ་ནི་སྣ་ཚོགས་ཤིག་ལེན་པར་གདའ་བས་ཡི་གེར་འབྲི་བ་དང་ངག་ནས་བརྗོད་པ་ཡང་མི་ལང་ཙམ་དུ་འདུག་གསུང་༔ ཡང་ཞུས་པ་༔ གུ་རུ་རིན་པོ་ཆེ༔ དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ༔ བདག་ཅག་ལས་ཀྱི་སྒྲིབ་པས་ནི་བསྒྲིབས༔ ཤ་ཁྲག་དྲ་བའི་ལུས་ངན་ནི་བླངས༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ནི་ཚུད༔ ལས་ངན་གྱིས་རྒྱུ་བྱས༔ རྐྱེན་ངན་གྱིས་སྣ་ཁྲིད་པའི་ལུས་ངན་བླངས་པ་ཐམས་ཅད་གསུང་བར་དཀའ་ནའང་ཐོག་མཐའ་བར་གསུམ་དུ་ཕྱེ་བའི་རིམ་པ་ཞིག་བདག་ལ་གསུང་དུ་གསོལ༔ དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུས་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས་བུ་ལོ་ཙཱ་བ༔ ཁྱོད་ནན་ཏན་ཆེ་བས་བདག་གི་ཐོག་མཐའ་བར་གསུམ་གྱི་རིམ་པ་ལས་མདོར་བསྡུ་སྟེ༔ ཅུང་ཟད་གཅིག་བཤད་ཀྱི་གུས་པས་ཉོན་ལ་མ་བརྗེད་པར་ཡི་གེར་ཐོབ་ཅིག༔ ཅེས་གསུངས་པ་དང་༔ ཁོ་མོ་མཚོ་རྒྱལ་གྱིས་ཡི་གེར་བཏབ་ཅིང་ལོ་ཙཱ་བས་གུ་རུ་རིན་པོ་ཆེ་ལ་མཉན་ནོ༔ དེ་ནས་གུ་རུ་རིན་པོ་ཆེའི་ཞལ་ནས༔ བུ་ལོ་ཙཱ་བ་འཁོན་ཀླུའི་དབང་པོ་ཁྱོད༔ སྔོན་སངས་རྒྱས་འཁོར་བ་འཇིགས་ཀྱི་བསྟན་པ་ལ༔ རཱ་ཛ་དྷརྨཱ་ཀེ་ཏུ་བྱ་བ་ཞིག་ཏུ་སྐྱེས་ནས་རྒྱལ་སྲིད་འབངས་མངའ་འཁོར་བཙུན་མོ་ལྔ་བརྒྱ་དང་བཅས་པ་རྣམས་སྦྱིན་པར་བཏང་༔ རྒྱལ་པོ་ཉིད་སངས་རྒྱས་འཁོར་བ་འཇིགས་ལས་ཆོས་མཉན་ནས་དགྲ་བཅོམ་པ་ཆེན་པོ་ཐོབ༔ དེ་ནས་ཚེ་འཕོས་པ་དང་སུམ་ཅུ་རྩ་གསུམ་ལྷའི་ཡུལ་དུ་ལྷའི་བུ་པུ་ཎ་ཤྲཱྀ་བྱ་བ་ཞིག་ཏུ་སྐྱེས༔ དེ་ནས་ཚེ་འཕོས་པ་དང་ཧོར་ཡུལ་ཨཥྟ་ནཱ་ཐ་ཞེས་བྱ་བ་ཞིག་ན༔ རྒྱལ་པོ་བྷི་ཧུ་ལ་ཀྲ་ཡ་བྱ་བ་ཞིག་ཏུ་སྐྱེས་ནས་ཕ་རོལ་མང་པོར་དམག་གི་དགྲ་ཟླ་མང་པོ་བཅོམས་སོ༔ དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་རྒྱ་གར་བྷ་གྷ་ལའི་ཁྱིམ་བདག་ཞིག་ཏུ་སྐྱེས༔ སངས་རྒྱས་འཁོར་དང་བཅས་པ་ལ་ཞབས་ཏོག་དང་བསྙེན་བཀུར་ཆེན་པོ་བྱས་སོ༔ དེ་ནས་ཚེ་འཕོས་པ་དང་ཡུལ་རྔ་ཐུབ་ཀྱི་རྒྱལ་པོ་རཏྣ་ཀཽ་ཊ་བྱ་བ་ཞིག་ཏུ་སྐྱེས་ནས༔ མཐའི་རྒྱ་མཚོ་ཆེན་པོ་ལས་ནོར་བུ་དང་གསེར་དང་དངུལ་དང་རིན་ཆེན་སྣ་ཚོགས་བླངས་ཏེ་སེམས་ཅན་མང་པོ་ལ་སྦྱིན་པ་རླབས་པོ་ཆེ་བཏང་ངོ༔ དེ་ནས་ཚེ་འཕོས་པ་དང་ཏ་ཟིག་གི་ཡུལ་དུ་རྒྱལ་པོ་བྷ་ལ་བྷ་ཏྲ་ངྷི་བྱ་བ་ཞིག་ཏུ་སྐྱེས་ནས་ནགས་ལ་གནས་པའི་དཀའ་ཐུབ་པ་ཞིག་རྒྱལ་པོས་རྩེ་འཇོའི་ཕྱིར་དུ་ཆད་པས་བཅིངས་པས༔ དཀའ་ཐུབ་པས་དམོད་པ་བོར་ཏེ༔ བདག་ནི་རྒྱུན་ཏུ་དཀའ་ཐུབ་ལ་གནས་པ་བྲམ་ཟེ་ཀ་ཡ་ཏི་རཏྣ་བྱ་བ་ཡིན་ཞིང་༔ སེམས་ཅན་ལ་འཚེ་བ་སྤངས་ཏེ་ནགས་སུ་གནས་ཀྱང་རྒྱལ་པོ་ཁྱོད་ཀྱིས་མ་ཉེས་པའི་ཆད་པས་བདག་མནར་བ་འདིའི་རྒྱུས༔ ཁྱོད་ཀྱི་སྐྱེ་བ་བདུན་ལ་དམ་པའི་ཆོས་ཀྱི་སྒྲ་མི་ཐོས་པར་གྱུར་ཅིག༔ ཅེས་དམོད་བོར་བས་བྲམ་ཟེས་དམོད་པ་གྲུབ་སྟེ༔ ཚེ་འཕོས་པ་དང་བྱ་ངང་པ་ཞིག་ཏུ་སྐྱེས་སོ༔ དེ་ནས་ཚེ་འཕོས་མ་ཐག་བྲམ་ཟེ་ཛྙཱ་ན་པ་ཏི་བྱ་བའི་ཕག་མོ་ཞིག་ཏུ་སྐྱེས༔ དེ་ནས་སྨད་འཚོང་མ་བྷོ་ན་མུ་ལའི་མ་ཧེ་ཞིག་ཏུ་སྐྱེས༔ དེ་ནས་བྲམ་ཟེ་ངྷ་ན་ཕ་ལའི་སྒོ་དྲུང་དུ་གནས་པའི་ཕག་པོ་ཞིག་ཏུ་སྐྱེས༔ དེ་ནས་རྒྱ་མཚོའི་ནང་དུ་ཉ་ཕྲན་ཞིག་ཏུ་སྐྱེས༔ དེ་ནས་རི་ལ་གནས་པའི་ར་རྒོད་གཅིག་ཏུ་སྐྱེས༔ དེ་ནས་ཡངས་བ་ཅན་གྱི་རྒྱལ་པོའི་གླང་ཆེན་བྷ་ཏྲ་བྱ་བ་ཞིག་དུ་སྐྱེས༔ དེ་ནས་བསིལ་བ་ཚལ་དུ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ་ཞིག་ཏུ་སྐྱེས༔ དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱལ་པོ་བྷི་ཏྲ་ཡ་བཛྲ་བྱ་བའི་བཙུན་མོ་གཞོན་ནུ་འོད་བྱེད་དུ་སྐྱེས་ནས་དགྲ་བཅོམ་པ་བློ་གྲོས་གྲགས་པ་ལས་ཆོས་ཉན་ཅིང་༔ བསྙེན་བཀུར་དང་ཞབས་འདེགས་དཔག་མེད་བྱས་སོ༔ དེ་ནས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ དགྲ་བཅོམ་པ་བློ་གྲོས་རྒྱ་མཚོར་སྐྱེས་ཏེ་སྟོན་པའི་ཆོས་འཁོར་རྣམས་ཉན༔ དེ་ནས་བདག་ཉིད་པདྨ་འབྱུང་གནས་ཨོ་རྒྱན་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱི་བུ་སྐལ་དུ་ཡོད་དུས༔ ལོ་ཙཱ་བ་ཁྱོད་གྲོགས་པོ་གསེར་འོད་གཞོན་ནུར་གྱུར་ནས་བདག་སྐྱོ་བསང་གི་རྩེ་རོགས་མང་པོ་བྱས་སོ༔ དེ་ནས་བྷ་གྷ་ལའི་རྒྱལ་པོ་ནོར་བུ་འོད་ལྡན་བདག་གིས་བསྒྲལ་ཏེ༔ ཡུལ་དེར་མུ་སྟེགས་ཀྱི་མིང་མེད་པར་བྱས་ནས་ནང་པའི་བསྟན་བ་ལ་སྒྱུར་ཚེ༔ བྲམ་ཟེའི་བུ་མོ་དཔལ་སྐྱེས་མ་ཞེས་བྱ་བ་ཞིག་ཏུ་སྐྱེས་ནས༔ རྫོགས་པ་ཆེན་པོ་སེམས་སྡེའི་ཆོས་འཁོར་མང་པོ་ཉན་ཅིང་བདག་གིས་གཟུངས་མའང་བྱས་སོ༔ འཕགས་ཡུལ་དུ་གསང་སྔགས་ཕྱི་པ་དང་ནང་པ་དང་ཡང་གསང་བླ་ན་མེད་པ་ལ་སོགས་པའི་ཆོས་རྣམས་རིམ་གྱིས་དར་ཞིང་༔ ལས་དང་སྐལ་བར་ལྡན་པ་མང་པོས་དངོས་གྲུབ་ཐོབ་པའ་ིཚེ༔ ལོ་ཙཱ་བ་ཁྱོད་རྣལ་འབྱོར་པ་སེང་གེ་དབང་ཕྱུག་ཏུ་གྱུར་ནས་འཕགས་པ་སྤྱན་རས་གཟིགས་ལས་དངོས་གྲུབ་ཐོབ་བོ༔ དེ་ནས་ཡུལ་རྒྱལ་པོའི་ཁབ་ཏུ་སྨད་ཚོང་མ་རིན་ཆེན་འོད་བྱེད་དུ་སྐྱེས་ནས་ལུས་འབྲེལ་ཐོགས་ཚད་ཀྱི་སྐྱེས་པ་རྣམས་ངན་སོང་གི་སྒོ་ཁེགས་ཤིང་༔ གསང་སྔགས་ཀྱི་ཆོས་དང་མཇལ་བའི་སྨོན་ལམ་མང་པོ་བཏབ་པས་དེ་བཞིན་དུ་གྲུབ་པ་བྱུང་ངོ་༔ དེ་ནས་ཚེ་འཕོས་པ་ལོ་ཙཱ་བ་ཁྱོད་ཀྱི་ལུས་འདི་ཡིན་ཞིང་༔ ད་སྟེ་འདི་ནས་རིམ་བཞིན་མ་འོངས་པའི་དུས་ལ་མ་ཐུག་བར་སྐྱེ་བ་ལ་ཟད་པ་མེད་གསུང་༔ དེ་ནས་ལོ་ཙཱ་བ་བདག་གིས་གསེར་དངུལ་ལ་སོགས་ཕང་མེད་ཀྱི་མཎྜལ་ཕུལ༔ ལག་མཐིལ་དང་དཔྲལ་བ་རྡོལ་རྡོལ་དུ་ཕྱག་བྱས༔ གསེར་སྐྱོགས་དང་དངུལ་སྐྱོགས་ཆང་གིས་གཏམས་ཏེ་ཞུས་ནས་མདུན་དུ་ཐལ་མོ་སྦྱར་ཏེ་འཁོད་བཞིན་དུ་འདི་སྐད་ཞུས་སོ༔ ཀྱེ་དུས་གསུམ་ཐམས་ཅད་གསལ་ལེར་མཁྱེན་པ་མ་ཧཱ་གུ་རུ་རིན་པོ་ཆེ༔ བདག་གི་སྐྱེ་བ་སྔ་མའི་རིམ་པ་རྣམས་གསུངས་པ་སྐུ་དྲིན་ཆེ་ལགས་ཤིང་བདག་ཡིད་ཤིན་ཏུ་སྐྱོ་བ་བྱུང་༔ ད་སྟེ་མ་འོངས་པའི་རིམ་པ་རྣམས་གུ་རུ་རིན་པོ་ཆེས་གསུང་དུ་གསོལ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ བདག་ཉིད་པདྨ་འབྱུང་གནས་ནི་མངལ་གྱི་སྒྲིབ་པ་དང་ཕ་མའི་རྐྱེན་ལ་མ་བརྟེན་ཞིང་༔ སྦྱང་བྱ་ཉོན་མོངས་པའི་ཚོགས་རྣམས་སྦྱོང་བྱེད་ཡེ་ཤེས་ཀྱི་ངོ་བོ་ཡེ་ནས་གསལ་བས་དུས་གསུམ་དང་༔ དུས་མེད་ལ་སོགས་གསལ་བར་ཤེས་སོ༔ ལོ་ཙཱ་བ་ཁྱོད་ཀྱི་སྐྱེ་འཕྲེང་སྔ་མ་རྣམས་ཀྱི་ནང་ནས་རགས་པ་འགའ་ཞིག་བརྗོད་པ་ནི་དེ་དག་རྣམས་ཡིན་ཞིང་༔ ད་སྟེ་མ་འོངས་ཀྱི་རིམ་པ་ཡང་མདོར་བསྡུ་བ་འགའ་འཆད་ཀྱིས་མ་ཡེངས་པར་ཉོན་ཅིག༔ ལོ་ཙཱ་བ་ཁྱོད་ཀྱི་སྐྱེ་བ་འདི་འཕོས་པའི་འོག་ཏུ་རྩ་གསུམ་ལྷའི་ཡུལ་དུ་ལྷའི་བུ་ཞིག་ཏུ་སྐྱེ༔ དེ་ཚེ་འཕོས་པ་དང་རྒྱ་གར་ཀ་མ་རུའི་གྲོང་ཁྱེར་དུ་བྲམ་ཟེའི་རྣལ་འབྱོར་པ་བྷོ་ངྷི་ཡཀྵི་བྱ་བར་སྐྱེས་ཏེ༔ རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྙེན་སྒྲུབ་བྱེད༔ དེ་ནས་རྒྱ་ནག་གི་རྒྱལ་པོ་མཉྫུ་སིངྔྷི་བྱ་བ་ཞིག་ཏུ་སྐྱེ༔ ང་ཡི་སྤྲུལ་པ་རྣལ་འབྱོར་པ་ཞིག་དང་འཕྲད་དེ༔ རྒྱུ་འབྲས་ཀྱི་ཆོས་འཆད་པས་གྲོལ་ཏེ་རྒྱལ་སྲིད་སྦྱིན་པ་ལ་གཏོང་ངོ༔ དེ་ནས་རྒྱལ་མོ་རོང་དུ་རྒྱལ་པོ་ལྷུན་གྲུབ་རྒྱལ་མཚན་ཞེས་བྱ་བ་ཞིག་ཏུ་སྐྱེ་སྟེ༔ བན་བོན་གྱི་བསྟན་པ་ཕྱོགས་མེད་དུ་སྐྱོང་༔ དེ་ནས་གཡོ་རུ་གྲའི་ནང་འདི་ན་སྔགས་སྒོམ་གྱི་རྣལ་འབྱོར་སློབ་དཔོན་བསྟན་བསྲུང་བྱ་བ་ཞིིག་ཏུ་སྐྱེ༔ དེ་ནས་གཙང་རུ་མཚམས་སུ་སྔགས་པ་གཉིས་ཀྱི་ལུས་ལེན༔ དེ་ནས་གཙང་གཡས་རུར་བོན་པོ་ཨ་ཡི་མིང་ཅན་དུ་སྐྱེ༔ དེ་ནས་ཆོས་འཁོར་ལྷ་ས་འདིར་སྨད་འཚོང་མ་དཔལ་གྱི་སྒྲོལ་མ་ཞེས་པ་ཞིག་ཏུ་སྐྱེ༔ དེ་ནས་ལྷོ་བྲག་གཏམ་ཤུལ་དུ་ཉང་གི་གདུང་ལ་ཀུན་དགའ་ལྷུན་གྲུབ་བྱ་བ་ཞིག་ཏུ་སྐྱེ༔ དེ་ཚེ་འཕོས་པ་དང་དཱགས་པོར་བུད་མེད་མཚན་ལྡན་ཞིག་ཏུ་གཏེར་སྟོན་ཀརྨ་གླིང་པའི་ཕྱག་རྒྱ་མ་བྱེད༔ དེ་ནས་གཙང་གི་ཕྱོགས་སུ་རི་ཁྲོད་པ་བཟང་པོ་གྲགས་པ་ཞེས་པ་ཞིག་ཏུ་སྐྱེ་སྟེ་ང་ཡིས་སྦས་པའི་གཏེར་ཁ་འགའ་རེ་འདོན༔ དེ་ནས་ཁམས་ཀ་ཐོག་གི་ཡུལ་དུ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་བན་སྒོམ་ཞིག་ཏུ་སྐྱེ༔ དེ་ནས་ཁམས་སུ་བུད་མེད་ཞིག་ཏུ་སྐྱེ༔ དེ་ནས་མདོ་ཁམས་སུ་བན་སྔགས་ཞིག་ཏུ་སྐྱེ་ཞིང་ཁྲོས་མ་ནག་མོའི་བསྒོམ་བཟླས་ལ་བརྩོན༔ བདག་ཉིད་པདྨ་འབྱུང་གནས་དངོས་ཉམས་རྨི་ལམ་དུ་ཡང་ཡང་མཇལ༔ དེ་ནས་བར་སྲིད་ཀྱི་ལུས་འགའ་རེ་བརྗེས་པ་དང་༔ གཏེར་སྟོན་ཉི་མ་གྲགས་པ་རྩལ་ཞེས་བྱ་བར་སྐྱེ་སྟེ་ཟབ་མོའི་གཏེར་ཁ་འགའ་རེ་འདོན༔ ང་ཉིད་པདྨ་འབྱུང་གནས་ཀྱིས་ཀྱང་དངོས་ཉམས་རྨི་ལམ་དུ་ཞལ་གདམས་འབོགས་པར་གདའ་ཞེས་གསུངས་པ་དང་༔ བདག་ལོ་ཙཱ་བ་ཤིན་ཏུ་ཉམས་སྐྱོ་ཞིང་མིག་མཆི་མས་གང་དབུགས་སྟོད་དུ་འཚངས་ཏེ་སྨྲེ་སྔགས་ཀྱིས་ཞུས་པ༔ ཀྱེ་མ་ཀྱི་ཧུད་གུ་རུ་སྤྲུལ་པའི་སྐུ༔ བདག་ཤ་ཁྲག་དྲྭ་བའི་ལུས་མང་དེ་འདྲ་བ་ཞིག་ལེན་ཞིང་སྡུག་བསྔལ་གྱི་བཙོན་དོང་དུ་ཆུད་དུས་སྐྱེ་ཤིའི་ཁ་ལོ་སྒྱུར་བ་དེའི་སྡུག་བསྔལ་སུ་ཡིས་ཁྱག༔ ཀྱེ་མ་ཀྱི་ཧུད་གུ་རུ་རིན་པོ་ཆེ༔ བདག་ལུས་འདིས་རིགས་དྲུག་གི་ཡུལ་དུ་སྐྱེ་བའི་སྒོ་ཆོད་ནས་སྐྱེ་བའི་ཐ་མར་གྱུར་ཅིག༔ གུ་རུ་རིན་པོ་ཆེ་བདག་ལུས་ངན་ཤ་ཁྲག་དྲྭ་བ་དེ་རྣམས་སུ་མི་ཆུད་ཅིང་༔ འཁོར་བའི་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས་ཤིག༔ ཅེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ བུ་དེ་ནི་དེ་ལྟ་མ་ཡིན་ཏེ༔ ཁྱོད་ཀྱིས་བསྐལ་པ་མང་པོའི་གོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་༔ སྨོན་ལམ་འགྲོ་་དོན་དུ་བཏབ་པ་ཡིན་ཏེ༔ རིགས་དྲུག་གང་ནས་གང་དུ་སྐྱེས་ཀྱང་གཞན་དོན་སྣ་རེ་ངེས་པར་འགྲུབ་པར་ཡོད་པས༔ སྔར་གྱི་སེམས་བསྐྱེད་ཉམས་སུ་མ་འཇུག་པར་གཞན་དོན་དུ་སྨོན་ལམ་རྒྱ་མ་ཆུང་ཞིག༔ སྐྱེ་བ་སྔ་ཕྱིའི་ལུས་དེ་རྣམས་ཐོར་ཙམ་ཡིན་གྱི༔ ལོ་ཙཱ་བ་ཁྱོད་ཁོ་ན་མ་ཡིན་ཞིང་༔ རིགས་དྲུག་གི་གནས་འདིར་སེམས་ཅན་རེ་རེས་ཀྱང་ལུས་བླངས་པའི་ཕུང་པོ་ཕྱོགས་མཐུན་དུ་བྱར་ཡོད་ན་དབུས་ཀྱི་རིའི་རྒྱལ་པོ་ལས་ཀྱང་ཆེས་ཆེར་མཐོ༔ རྣག་ཁྲག་མཐའི་རྒྱ་མཚོ་ལས་ཀྱང་རབ་ཏུ་མང་ངོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཐ་མལ་གྱི་འགྲོ་བ་དབང་མེད་དུ་རིགས་དྲུག་གི་གནས་སུ་འཁྱམས་པ་དང་མི་འདྲའོ༔ ཁྱོད་ཀྱི་ལུས་ནི་ཇི་ལྟར་ཞིག་བླངས་ཀྱང་དོན་དང་ལྡན་ནོ༔ སྔོན་བསྐལ་པ་མང་པོའི་གོང་རོལ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ས་ལམ་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཀྱང་༔ འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེར་རྒྱུན་མི་འཆད་པ་ཁྱོད་ཀྱིས་བཏབ་པ་ཡིན་པས་རྗེས་སུ་དྲན་པར་གྱིས་ཤིག༔ ལོ་ཙཱ་བ་ཁྱོད་དང་འཕགས་བ་སེམས་ཉིད་ངལ་གསོ་དབྱེར་མེད་དོ༔ ཞེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལེགས༔ ལོ་ཙཱ་བ་ཀླུ་ཡི་དབང་པོ་འདི་མ་འོངས་རྩོད་ལྡན་གྱི་ཡང་མཐའ་ལ༔ ཉི་མ་གྲགས་པ་རྩལ་ཞེས་བྱ་བའི་གཏེར་སྟོན་དུ་སྐྱེ་གསུང་བའི་ཡུལ་དང་༔ རིགས་དང་མི་ནོར་པའི་རྟགས་སྒོ་གསུམ་གྱི་མཛད་སྤྱོད་ཅི་འདྲ་འོང་༔ གུ་རུ་རིན་པོ་ཆེས་གསུང་དུ་གསོལ༔ བདག་གིས་མ་འོངས་པའི་དོན་དུ་ཡི་གེར་འདེབས་པ་ཡིན་ལགས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ཁྱོད་ཀྱི་དེ་ལྟར་ཞུས་པ་ཤིན་ཏུ་ལེགས་ཏེ༔ མ་འོངས་སྙིགས་མ་རྩོད་ལྡན་གྱི་ཡང་མཐའ་ལ༔ ང་མིན་ང་འདྲས་བསྟན་པ་བཤིག༔ ཟོབ་ཀྱི་ཆོས་བརྒྱད་འཇིག་རྟེན་དུ་དར༔ སྐལ་ལྡན་གྱི་སྐྱེས་བུ་རེ་རེ་ཙམ་འབྱོན་པ་ལ་ཐན་དུ་བལྟ༔ བདུད་སྤྲུལ་མང་པོས་འགྲོ་བ་ངན་སོང་དུ་ཁྱུ་དེད་བྱེད་པའི་དུས་ངན་ཞིག་འོང་༔ དེའི་དུས་སུ་ནག་ཕྱོགས་ཀྱི་བདུད་རིགས་ཁ་དར་བས་སྐལ་ལྡན་གྱི་སྐྱེས་བུ་རྣམས་གང་དུ་འབྱོན་པའི་ས་དེར་བདུད་སྤྲུལ་ཡང་དེ་བཞིན་དུ་འོང་ཞིང་༔ མདོར་ན་ཐབས་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲོ་དོན་ལ་བར་དུ་གཅོད་དོ༔ དེའི་ཐེ་ཚོམ་སེལ་བ་ལ་མི་ནོར་བའི་རྟགས་མཚན་སྒོ་གསུམ་གྱི་མཛད་སྤྱོད་རྣམས་གལ་ཆེ་བས༔ ཁྱོད་ཀྱིས་ཕྱི་རབས་ཀྱི་དོན་དུ་ཡི་གེར་ཐོབ་ཅིག༔ དེ་ཡང་མ་འོངས་ང་ཡི་སྤྲུལ་པ་ཁམས་པ་ཉི་མ་གྲགས་པ་ཞེས་བྱ་བའི་སྐྱེས་བུ་ཞིག་ཆོས་འཁོར་ལྷ་སའི་ཤར༔ དཔལ་གྱི་བསམ་ཡས་འདིའི་བྱང་ཤར་དུ་གནམ་ས་གྲུ་གསུམ་པ་ཆོས་འབྱུང་གི་དབྱིབས་སུ་ཡོད་པ༔ བྲག་རི་ཐལ་མོ་སྦྱར་འདྲའི་མདུན༔ མདོ་ཁམས་ཟལ་མོ་སྒང་གི་ཆ༔ མཆོད་རྟེན་དཀར་པོའི་ནུབ༔ བན་རུ་བྱ་བ་ཞིག་ཏུ་བན་སྒོམ་མམ་སྔགས་བརྒྱུད་ཅིག་གི་བུ་ལ་འོང་༔ ལྕགས་ཁམས་ཁྱིའམ་ཕག་ལོ་པ༔ ཤེས་རིག་དྭངས་ཤིང་དབང་པོ་གསལ༔ སྨྲ་ལྕེ་བདེ་ཞིང་བཞིན་རས་མཛེས༔ སྤྱོད་པ་ངེས་མེད་སྣ་ཚོགས་ལ༔ ཐག་ཆོད་མྱུར་བའི་ཧུར་རེ་བ༔ བྱ་གཤོག་ལྟ་བུར་ལུས་སྤྱོད་འཚུབ༔ མགྲིན་པ་ངག་གི་རྩ་སྒོ་ཡངས༔ ཚིག་རྩུབ་རྟ་རྐད་ཆོ་ལེར་སྨྲ༔ ཕ་རོལ་གཞན་དང་བློ་མི་བསྟུན༔ ཟང་ཟི་ནོར་ལ་ཞེན་པ་བྲལ༔ མི་འགྱུར་སྐུ་ཡི་རྟགས་མཚན་དུ༔ ཤ་སྨེ་སྨུག་ནག་ནམ་མཁའི་མདོག༔ བརླ་གཡོན་ཁྲོས་མ་རང་བྱོན་འོང་༔ མི་འགྱུར་གསུང་གི་རྟགས་མཚན་དུ༔ ཤ་སྨེ་མཁའ་འགྲོའི་སྤྱན་འདྲ་ཞིག༔ གདོང་པ་གཡས་ཀྱི་ཆ་ལ་ཡོང་༔ མི་འགྱུར་ཐུགས་ཀྱི་རྟགས་མཚན་དུ༔ ལྟག་པར་ཆོས་འབྱུང་རི་མོས་མཚན༔ བྱ་བ་བྲལ་ཞིང་ཞེ་འདོད་ཟད༔ གསང་མཚན་ཉི་མ་གྲགས་པ་རྩལ༔ གར་དབང་འགྲོ་འདུལ་གླིང་པ་འབྱུང་༔ ཞེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་འོ་ན་ལས་ཅན་གྱི་སྐྱེས་བུ་དམ་པ་དེས་ཟབ་གཏེར་ལ་སྤྱོད་དུས་ཀྱི་དུས་རྟགས་གང་འདྲ་འོང་༔ འགྲོ་བའི་ཚེ་ཚད་གང་ཙམ་ཡིན༔ ས་རྟགས་སོགས་འབྱུང་ངམ་མི་འབྱུང་ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ང་སྤྲུལ་ལས་ཅན་སྐྱེས་བུ་དེས༔ ཟབ་ཆོས་གཏེར་ལ་སྤྱོད་པའི་ཚེ༔ གངས་རིའི་བསྐོར་བའི་རྒྱལ་ཁམས་འདིར༔ གློ་བུར་རྒྱལ་ས་འབངས་ཀྱིས་འཕྲོག༔ སོག་དམག་གཙང་དང་ཁམས་སུ་འཁྲུག༔ དེ་ནས་བོད་ཡུལ་དར་ཅིག་བདེ༔ མངའ་བདག་སྤྲུལ་པས་བོད་ཁམས་སྐྱོང་༔ རྒྱ་གར་རྒྱ་ནག་མོན་བོད་བལ༔ ཧོར་དང་སོག་པོ་ལ་སོགས་པ༔ ཆོས་འཁོར་ལྷ་སར་འདུ་འཚོག་སྤྱོད༔ རྒྱ་བོད་ཧོར་གསུམ་ཆས་གོས་འདྲེས༔ ལུས་ཆས་སྣ་ཚོགས་ཡ་མ་ཟུང་༔ སྐད་དང་ལོངས་སྤྱོད་མཐའ་དབུས་འགྱུར༔ བསམ་ཡས་འདི་ལ་ཞིག་གསོས་ཡོང་༔ འབྲོམ་བཟའི་ལྷ་ཁང་རི་མོ་བརྗེ༔ དེ་ཚེ་སྲིང་མོ་རྫོང་དུ་ནི༔ ང་ཡིས་སྦས་པའི་གཏེར་ཁ་རྣམས༔ ཁམས་པ་ཉི་མ་གྲགས་པས་སྤྱོད༔ འགྲོ་བའི་ཚེ་ཚད་བཞི་བཅུ་རལ༔ སུམ་ཅུར་ཉེ་བའི་དུས་ལ་ཉེ༔ ཞེས་གསུངས་པ་དང་༔ མཚོ་རྒྱལ་བདག་གིས་ཡང་ཞུས་པ་གྷུ་རུ་རིན་པོ་ཆེ་རིག་འཛིན་ཉི་མ་གྲགས་པས་ཟབ་ཆོས་ཀྱི་གཏེར་ལ་སྤྱོད་དུས་མཚན་ལྡན་གྱི་རིག་མ་ཅི་འདྲ་འབྱུང་ཞེས་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ ང་སྤྲུལ་ལས་ཅན་སྐྱེས་བུ་དེས༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ རྟེན་འབྲེལ་གསུམ་གྱི་འགྲིག་སྒོ་ལྟར༔ མཚན་ལྡན་རིག་མ་དེ་བཞིན་འབྱུང་༔ རབ་ནི་རང་ལོ་བཅོ་བརྒྱད་དུས༔ མཚན་ལྡན་བུད་མེད་གཅིག་དང་འཕྲད༔ རྩ་མདུད་གྲོལ་ཞིང་མངོན་ཤེས་འཆར༔ པད་འབྱུང་ང་ཡིས་ཁ་བྱང་གཏོད༔ ཟབ་མོའི་གཏེར་ཆེན་ཉེར་ལྔ་འདོན༔ གྲོགས་ལ་མཚན་ལྡན་ཉེར་ལྔ་འོང་༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ཡིན༔ གཏེར་ཆུང་བཞི་བཅུ་ཐམ་པ་འདོན༔ རྫས་གཏེར་བདུན་ལ་ལོངས་སྤྱོད་བྱེད༔ འབྲིང་ནི་རང་ལོ་ཉེར་ལྔའི་སྟེང་༔ རིན་ཆེན་རིགས་ཀྱི་བུད་མེད་འཕྲད༔ ཁ་བྱང་ཙ་རིའི་གནས་ནས་རྙེད༔ ཡང་བྱང་སྲིང་མོ་རྫོང་དུ་འབབ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ ཟབ་ཆོས་ལྔ་ཡི་གཏེར་ཁ་འདོན༔ ད་ལྟ་དཀྱིལ་འཁོར་གཉན་པོའི་མདུན༔ སྨོན་ལམ་བཏབ་པའི་བུད་མེད་ལྔ༔ དེ་དུས་སྐལ་ལྡན་གྲོགས་སུ་འོང་༔ ཕྲན་བུའི་གཏེར་ཕྲན་ངེས་མེད་སྤྱོད༔ ཐ་མ་བཞི་བཅུ་ཞེ་ལྔ་ལ༔ ཁ་བྱང་མ་ངེས་པ་ནས་རྙེད༔ གཏེར་ཕྲན་གསུམ་གྱི་ཆོས་དང་མཇལ༔ རྩ་བཟང་བུད་མེད་གྲོགས་སུ་འོང་༔ ཅེས་གསུངས་པ་དང་༔ བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ ལས་ཅན་གྱི་སྐྱེས་བུ་དམ་པ་དེ་ལ༔ རྟེན་འབྲེལ་གསུམ་དུ་ཡོད་གསུངས་པའི་རྒྱུ་མཚན་གང་ཡིན་ལགས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ལས་ཅན་སྐྱེས་བུ་དམ་པ་དེར༔ རྟེན་འབྲེལ་གསུམ་གྱི་རྒྱུ་མཚན་ནི༔ ཕྱི་དང་ནང་དང་གསང་བའོ༔ རྟེན་འབྲེལ་རབ་ཏུ་འགྲིགས་འདོད་ན༔ ང་སྤྲུལ་བདུད་འདུལ་གླིང་དང་འཕྲད༔ རྟེན་འབྲེལ་འབྲིང་དུ་འགྲིགས་འདོད་ན༔ རྫོགས་ཆེན་བསྒོམས་པའི་རྣལ་འབྱོར་མཇལ༔ རྟེན་འབྲེལ་ཐ་མ་འགྲིག་འདོད་ན༔ ང་མིན་གཞན་གྱི་གྲུབ་མཐར་འཕྲད༔ དེ་ནི་ཕྱི་ཡི་རྟེན་འབྲེལ་ལོ༔ དེ་ནས་ནང་གི་རྟེན་འབྲེལ་ནི༔ ད་ལྟའི་བདུད་མོ་དམར་རྒྱན་བཟས༔ སྨོན་ལམ་ལོག་པར་བཏབ་པ་ཡིས༔ ལོག་པའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས༔ དམ་ཚིག་ཉམས་པའི་ཕོ་སྐྱེས་དང་༔ བར་ཆད་བརྩམས་པའི་བདུད་མོ་ནི༔ འཁོར་གཡོག་སློབ་མར་བརྫུ་ནས་འོང་༔ སྣ་ཚོགས་ཐབས་ཀྱིས་བར་གཅོད་རྩོམ༔ སྐྱེས་བུའི་ཚེ་སྲོག་འཕྲོག་པ་དང་༔ དངོས་གྲུབ་གཏེར་དང་འགྲོ་དོན་ལ༔ བར་དུ་གཅོད་པ་སྣ་ཚོགས་བྱེད༔ ཁྱད་པར་གསང་བའི་རྟེན་འབྲེལ་ལ༔ གཏེར་གྲོགས་བུད་མེད་བདུད་ཀྱིས་འཁུར༔ ཡིན་པར་མི་བྱེད་མིན་པར་སྤྱོད༔ བདེན་པར་མི་ཉན་རྫུན་ལ་ཉན༔ རྟེན་འབྲེལ་ཡལ་ནས་གཏེར་མི་ཐོན༔ འགྲོ་དོན་ཆུང་ཞིང་ཕྲིན་ལས་རྒུད༔ སྐལ་ལྡན་སྐྱེས་བུ་དེ་ཉིད་ཀྱང་༔ འགྲོ་བ་བསོད་ནམས་མ་བསགས་པས༔ མཁའ་འགྲོས་གདན་འདྲེན་ཞུ་ཡང་སྲིད༔ བར་གཅོད་རྐྱེན་འཕྲང་དགུ་ལ་འགྲིམ༔ ཅེས་གསུངས་པ་དང་༔ བདག་མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ངན་པའི་རྟེན་འབྲེལ་དེ་རྣམས་བཟློག་པའི་ཐབས་དང་༔ ཚེ་འཕྲང་རྣམས་ཀྱི་བར་གཅོད་སེལ་བའི་གདམས་པ་གསུང་དུ་གསོལ༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ ངན་པའི་རྟེན་འབྲེལ་བཟློག་འདོད་ན༔ སྤྱོད་པ་གཟོབས་ལ་རིག་པ་སྒྲིམས༔ དབེན་པ་བསྟེན་ལ་གཅིག་པུར་སྡོད༔ མི་མེད་ལུང་པར་སྒྲུབ་ལ་བརྩོན༔ གཡོག་འཁོར་འདུ་འཛིའི་གཡེང་བ་བོར༔ སེར་སྣའི་ནོར་རྫས་མདུད་པ་ཁྲོལ༔ དབེན་གནས་གཅིག་ལ་མ་ཆགས་པར༔ གར་སོང་ཆ་མེད་ངེས་མེད་སྤྱོད༔ སྐུ་གསུང་ཐུགས་སོགས་རིག་མ་ལྔ༔ ཁྱད་པར་ཚེ་འཕྲང་བཟློག་པའི་གྲོགས༔ ལྷ་མོ་གོས་དཀར་སྤྲུལ་པ་ཞིག༔ རིགས་བཟང་བན་སྒོམ་བུ་མོ་ནི༔ ཆོས་ཀྱི་མིང་ཅན་སྙིང་སྨེ་ཅན༔ སྐྱིད་གྲོང་འཕགས་པའི་ནུབ་ནས་འོང་༔ ཕྱག་རྒྱར་བསྟེན་ན་ཚེ་འཕྲང་སེལ༔ ནམ་གྲུ་ནག་མོའི་བར་གཅོད་གཟོབས༔ ཅེས་གསུངས་པ་དང་༔ མཚོ་རྒྱལ་བདག་གིས་ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་ལེགས་ཚེ་འཕྲང་སེལ་བའི་རིག་མ་དེ་ལ་ནམ་གྲུ་ནག་མོའི་བར་གཅོད་གཟོབས་གསུངས་པ་དེ་གང་ཡིན་ལེགས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་པ་ན་སྐྱེས་བུ་ཉི་མ་གྲགས་པ་རྩལ་གྱི་ཐུགས་ཀྱི་གཟུངས་མ་གོས་དཀར་མོའི་སྤྲུལ་པ་ཤེལ་དཀར་བཟའི་སྐྱེ་བ་ཞིག་འོང་སྟེ༔ དེ་ཚེ་འཕྲང་བཟློག་པའི་གཟུངས་མ་ལ༔ བདུད་མོ་ནམ་གྲུ་ནག་མོའི་སྦྲུལ་པ་ཞིག་གིས་བར་དུ་གཅོད་ཀྱང་སྲིད་གསུངས་སོ༔ ཡང་ཞུས་པ༔ གུ་རུ་རིན་པོ་ཆེ་བདུད་མོ་ནམ་གྲུ་ནག་མོའི་སྤྲུལ་པ་དེ་ཅི་འདྲ་ཞིག་འོང་༔ བར་ཆད་ཀྱིས་མི་ཚུགས་པའི་ཐབས་ཅི་མཆིས༔ ཞེས་ཞུས་པས་གུ་རུ་རིན་པོ་ཆེའི་ཞལ་ནས༔ བདུད་མོ་ནམ་གྲུ་ནག་མོའི་སྤྲུལ་པ་ནི༔ མིང་དང་མིང་འདྲ་རུས་དང་རུས་འདྲ་འབྱུང་ཏེ༔ བདུད་ཀྱི་བསླུ་བྲིད་ཀྱིས་བསྒྲིབ་སྟེ་བརྟག་དཀའ་བ་རུ་འགྱུར་ནས་མི་ཕྱེད་དེ་ནོར་དོགས་པའི་ཉེན་ཡོད༔ རྐྱེན་དེ་བཟློག་པ་ལ་རྩ་བ་གསུམ་གྱི་ལྷ་དང་པདྨ་ང་ལ་གསོལ་བ་བཏབ་ན་དྲག་གསུངས་སོ༔ མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་འོ་ན་སྐལ་ལྡན་གྱི་སྐྱེས་བུ་དེས་ཟབ་གཏེར་ལ་སྤྱོད་དུས་ཀྱི་གཏེར་གྲོགས་ཀྱི་བུ་མོ་རྣམས་ལའང་བར་དུ་གཅོད་པ་འོང་ངམ་མིའོང་ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ མ་འོངས་སྐལ་ལྡན་བུ་དེ་ཡིས༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ རྟེན་འབྲེལ་ཐམས་ཅད་རིག་མས་བྱེད༔ རིག་མ་དངོས་གྲུབ་རྩ་བ་ཡིན༔ བར་ཆད་བདུད་ཀྱང་དེ་བཞིན་ཟབ༔ མིང་དང་མིང་འདྲ་ནོར་དོགས་ཆེ༔ རུས་དང་རུས་འདྲ་ནོར་དོགས་ཆེ༔ འཕུང་བྱེད་བདུད་སྤྲུལ་འདྲེ་མོ་ནི༔ དེ་མིན་དེ་འདྲའི་གཟུགས་སྟོན་ཏེ༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ བརྟག་དཀའ་དབྱེ་གསལ་དཀའ་བར་འོང་༔ རྩོད་ལྡན་དུས་ཀྱི་ཡང་མཐའ་ལ༔ བདུད་རིགས་འདྲེ་མོ་ཁ་དར་བས༔ ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་དང་༔ འདྲེ་སྲིན་བདུད་མོའི་སྤྲུལ་པ་གཉིས༔ འདྲ་འདྲ་འདྲ་ལ་ནོར་ར་རེ༔ དེ་བཞིན་ཟབ་མོའི་གཏེར་འདོན་ཚེ༔ རྒྱ་བོད་ལྷ་འདྲེ་ཐམས་ཅད་འཚོགས༔ ལེགས་པར་བྱས་ཀྱང་ཉེས་མང་ཞིང་༔ སྣ་ཚོགས་རྐྱེན་གྱིས་བར་ཆད་དེ༔ ཆོས་ཟབ་མང་པོའི་གཏེར་སྒོ་འགེགས༔ དེ་བཞིན་བསྟན་པ་སྤེལ་བའི་ཚེ༔ བྱང་སེམས་སྤྲུལ་པའི་ཆོས་བདག་དང་༔ མ་རུང་བདུད་སྤྲུལ་སློབ་མར་བརྫུ༔ འདྲ་འདྲ་འདྲ་ལ་ནོར་དོགས་ཆེ༔ པདྨ་ང་ལ་གསོལ་བ་ཐོབ༔ རིག་པར་ལྕགས་ཆུག་ཆང་མ་འཐུང་༔ ཁ་ཚིག་མ་མང་གཅིག་པུར་སྡོད༔ ལས་སུ་ཟབ་ཆོས་ཡི་གེར་ཐོབ༔ ནོར་ལ་སྣག་སྨྱུག་ཤོག་བུ་སྒྲུབས༔ མི་ངོ་མ་སྲུང་དམ་ཚིག་སྲུངས༔ མི་ཤེས་མེད་དང་མ་མཐོང་སྨྲོས༔ ལྟོ་གོས་ཕོངས་སེམས་ཞེར་མ་འཇོག༔ གསང་རྒྱ་སྡོམས་ལ་རང་ཉམས་ལོང་༔ དཀའ་ཐུབ་བཅུད་ལེན་སྲང་ལ་གཅུན༔ ཁྲེགས་ཆོད་བསྒོམ་ཞིང་ཐོད་རྒལ་སྐྱོངས༔ རྩ་རླུང་སྦྱོང་ཞིང་རིག་མ་བསྟེན༔ དུར་ཁྲོད་འགྲིམས་ལ་གཉན་ས་ཆོད༔ ཟབ་དགུ་གཉན་བཅུའི་གཏེར་ཆོས་རྣམས༔ སྦྲུལ་མཇུག་བཞིན་དུ་སྟོན་མཁས་གྱིས༔ ལུང་ཟིན་ཆོས་བདག་རྣམས་ཀྱིས་ཀྱང་༔ ཚུར་ལ་དུང་དུང་མི་འདུག་ན༔ སློབ་མ་བདུད་ཀྱིས་ཁུར་བའི་རྟགས༔ ཟབ་ཆོས་གཏད་ན་དགོས་པ་ཆུང་༔ ཆེ་དགུ་དྲག་བཅུ་གཉན་གསུམ་ལ༔ རང་འདོད་ངོ་དགའ་མ་བྱེད་ཅིག༔ བཅོས་མའི་ལུང་བསྟན་མ་བཀོད་ཅིག༔ ཕ་ཆོས་བུ་ཡིས་མ་བསླད་ཅིག༔ གསང་རྒྱ་མཐར་ཕྱིན་སྒྲུབ་ལ་བརྩོན༔ རྟེན་འབྲེལ་ཀུན་གྱི་ཆེ་བ་སྟེ༔ འགྲོ་དོན་ནམ་མཁའི་མཐའ་དང་མཉམ༔ ཤོག་སེར་ཕོབ་ལ་ཞལ་བཤུས་རྒྱོབ༔ ཚིག་ཆད་མེད་དོ་པདྨའི་བཀའ༔ འབྲུ་ཆད་འདུག་ན་གསོབས་ཤིག་བུ༔ ཁེངས་སེམས་ཅན་གྱི་འགྲོ་བ་ལ༔ ངོམ་པ་མ་སྔ་ཕྲག་དོག་འོང་༔ རྐུན་ནོར་ལྟ་བུར་སྤྱོད་མཁས་གྱིས༔ རང་གིས་རང་ཉིད་མ་སླུ་ཞིག༔ འཁོར་བའི་འདམ་ལ་མ་སྐྱུར་ཞིག༔ བསྟན་བླ་རིན་མེད་མ་འཚོང་བར༔ ཕ་ངག་ཉོན་ལ་ཕས་ཟེར་གྱིས༔ མ་འོངས་སྐལ་ལྡན་འགྲོ་འདུལ་གླིང་༔ པདྨ་འོད་ཀྱི་གནས་བཟང་དུ༔ སྐྱེ་བ་འཕོས་དུས་མཉམ་དུ་འཚོག༔ ང་རང་ཕ་སྤད་བདེ་ཉམས་སྐྱོང་༔ སླར་ཡང་འགྲོ་བའི་དོན་ཕྱིར་དུ༔ སྤྲུལ་པ་ཉི་མའི་ཟེར་ལྟར་སྤྲོ༔ སངས་རྒྱས་བསྟན་པ་ང་ཡིས་སྐྱོང་༔ འགྲོ་བའི་སྡུག་བསྔལ་ང་ཡིས་སེལ༔ པདྨ་ང་ནི་ནམ་མཁའི་ལུས༔ དད་ལྡན་འགྲོ་བ་ཕོ་མོ་རྣམས༔ ཚེས་བཅུ་བཟུང་ལ་གསོལ་བ་ཐོབ༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་ནི༔ ཁམས་ཞིག་ཉི་མ་གྲགས་པ་དང་༔ པད་འབྱུང་ང་ལ་ཐ་དད་མེད༔ གཉིས་སུ་མེད་ཅིང་དབྱེ་བ་མེད༔ བཟང་འབྲེལ་སངས་རྒྱས་འཐོབ་པས་འཚེངས༔ ངན་འབྲེལ་འཁོར་བ་མཐའ་ཅན་བྱེད༔ ཅེས་གསུངས་པ་དང་༔ མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ་ལགས༔ འོ་ན་མ་འོངས་སྐལ་ལྡན་ཉི་མ་གྲགས་པ་རྩལ་གྱིས་རྟེན་འབྲེལ་རབ་འབྲིང་ཐ་མའི་ན་རིམ་གྱི་རིག་མ་རྣམས་འོང་གསུངས་པའི་མཚན་ལྡན་དེ་རྣམས་ཕྱོགས་དང་ཡུལ་གང་ནས་འབྱུང་༔ རྟགས་དང་མཚན་མ་ཇི་ལྟ་བུ༔ ལུས་དང་གྲིབ་མ་ལྟར་བདུད་ཀྱི་བུད་མེད་རྣམས་འོང་གསུང་བའི་རྟགས་མཚན་ཇི་ལྟ་བུ༔ དུས་གསུམ་མཁྱེན་པས་མ་འོངས་ཀྱི་དོན་དུ་གསུང་དུ་གསོལ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ མཚན་ལྡན་གྱི་བུད་མེད་རྣམས་ཀྱི་རྟགས་དང་མཚན་མ་ནི༔ རྟེན་འབྲེལ་རབ་འབྲིང་ཐ་མའི་ཚུལ་གང་ཤར་བ་དེའི་ཁ་བྱང་རྣམས་སུ་གསལ༔ མཚན་ལྟས་ཁ་བྱང་དུ་མ་བསྟན་ན་དོན་མི་གསལ་ཏེ་གཏེར་གྱི་གྲོགས་སུ་འཁྲིད་དགོས་པའི་ཕྱིར་རོ༔ མཚན་ལྡན་གྱི་རིག་མ་དེ་རྣམས་དང་མཉམ་དུ༔ བདུད་སྤྲུལ་གྱི་བུད་མེད་ནི་ལུས་དང་གྲིབ་མའི་ཚུལ་དུ་འོང་ཞིང་༔ འདྲ་བ་གཉིས་གཉིས་ལྷན་དུ་འོང་བས་གཅིག་ནི་ཡེ་ཤེས་ཀྱི་མཁའ་འགྲོའི་སྤྲུལ་པའི་བུད་མེད༔ གཅིག་ནི་བདུད་ཀྱི་སྤྲུལ་པ་ཡིན་ཏེ༔ དབྱེ་བསལ་གྱི་བརྟག་པ་ནི་ད་ལྟ་མཚན་ལྡན་གྱི་བུད་མེད་ལུང་བསྟན་པ་དང་༔ མ་འོངས་དུས་ཀྱི་བདུད་སྤྲུལ་གྱི་བུད་མེད་རྣམས་ལ་ཁྱད་པར་མེད་པར་འོང་བ་ལས་རྟགས་མཚན་སོ་སོར་ནི་མི་འབྱུང་ངོ༔ འབྲས་བུ་ནི་སོ་སོར་སྨོན་པའོ༔ ཅེས་གསུངས་པ་དང་༔ མཚོ་རྒྱལ་གྱིས་ཞུས་པ༔ གུ་རུ་རིན་པོ་ཆེ༔ འོ་ན་ད་ལྟའི་ཟབ་ཆོས་བདེ་མཆོག་འཁོར་ལོ་འདི་རྟེན་འབྲེལ་རབ་འབྲིང་ཐ་མ་གང་འགྲིག་ན་འདོན༔ ཞེས་ཞུས་པས༔ གྷུ་རུ་རིན་པོ་ཆེའི་ཞལ་ནས༔ ད་ལྟའི་ཟབ་ཆོས་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་འདི༔ རྟེན་འབྲེལ་གསུམ་གྱི་འབྲིང་དུ་བབས་ན༔ སྐུའི་ཆོས་སྐལ་དུ་བླ་མ་བསྒྲུབ་པའི་ཆོས་འདི་ལ་སྤྱོད༔ པདྨ་དྲག་པོར་ཁྲོས་པའི་ཆོས་སྐོར་གྱིས་བར་ཆད་ཀྱི་རྐྱེན་སེལ༔ ཐུགས་ཀྱི་ཆོས་སྐལ་དུ་རྫོགས་ཆེན་རྩ་གསུམ་སྙིང་ཐིག་རྙེད༔ གསུང་གི་ཆོས་སྐལ་དུ་ཡི་དམ་རྟ་ཕག་ཡབ་ཡུམ་མཇལ༔ ཡོན་ཏན་གྱི་ཆོས་སྐལ་དུ་ཚེ་སྒྲུབ་འདོན༔ ཕྲིན་ལས་ཀྱི་ཆོས་སྐལ་དུ་མཁའ་འགྲོ་ནག་མོའི་སྒྲུབ་སྐོར་ཏེ༔ མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་འདིའི་གཏེར་ལ་སྤྱོད་དོ༔ ཞེས་གསུངས་པ་དང་༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ཅིང་ལོ་ཙཱ་བ་དང་རྗེ་འབངས་ཀུན་གྱིས་ཕྱག་དང་སྐོར་བ་བྱས༔ ཚོགས་ཀྱི་འཁོར་ལོ་བསྐོར༔ མ་འོངས་ཀྱི་བསྐལ་པ་ལ་ཟབ་ཆོས་ཀྱི་འགྲོ་དོན་འབྱུང་བའི་སྨོན་ལམ་བཏབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་དང་༔ ལོ་ཙཱ་འཁོན་ཆེན་ཀླུ་ཡི་དབང་པོ་ཡིས༔ དབེན་རྩ་དཔལ་གྱི་ཁྱམས་ཆེན་ཡངས་པ་ན༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ ཕྱི་རབས་རྩོད་ལྡན་ཡང་མཐའི་འབྱུང་ཚུལ་དང་༔ ལོ་ཙཱ་བ་ཡི་སྐྱེ་འཕྲེང་ཞུས་ནས་ཀྱང་༔ ཡི་གེར་བྲིས་ནས་རིན་ཆེན་གཏེར་དུ་སྦས༔ མ་འོངས་ལས་འཕྲོ་ཅན་དང་འདི་འཕྲད་དུས༔ སྔོན་གྱི་བག་ཆགས་སད་དེ་རྗེས་དྲན་ནས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ནས་ཀྱང་༔ བདག་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག༔ ཅེས་མཚོ་རྒྱལ་བདག་གིས་སྨྲས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཉི་མ་གྲགས་པས་གནས་མཆོག་དཔལ་གྱི་ཏེ་སེ་ནས་རྙེད་པའོ། །མངྒ་ལཾ། །


previousལོ་ཙཱ་བ་ཀླུ་ཡི་དབང་པོའི་སྐྱེ་ཕྲེང་དང་ལུང་བསྟན་།next