སྒྲུབ་གནས་ཡུལ་དགོན་ས་ཡི་མདོ་ཆིངས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྒྲུབ་གནས་ཡུལ་དགོན་ས་ཡི་མདོ་ཆིངས་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ད་ལྟ་བོད་ཀྱི་རྒྱལ་ཁམས་ཡུལ་ཕྱོགས་འདིར༔ མདོ་སྔགས་ཆོས་དར་སངས་རྒྱས་བསྟན་པ་རྒྱས༔ ཡུལ་ཕྱོགས་བྱིན་གྱིས་བརླབས་ཡོད་པུར་རྒྱལ་བོད༔ འོན་ཀྱང་མ་འོངས་ལྔ་བརྒྱའི་ཡང་མཐའ་ལ༔ ས་གནད་གསོས་པའི་མཆོད་རྟེན་གཙུག་ལག་ཉམས༔ སེམས་ཅན་སྤྱི་མཐུན་མི་དགེའི་འབྲས་སྨིན་པས༔ དཀར་ཕྱོགས་ལྷ་འདྲེ་གྱེས་ནས་ནག་ཕྱོགས་དར༔ དེ་ཚེ་ལྷ་སྲིན་ཀོ་ལོང་ཕྲག་དོག་དམ༔ དེ་ཡི་ཕྱིར་ན་ས་ཡི་མདོ་ཆིངས་གནད༔ རབ་ཏུ་གཅེས་སོ་མ་འོངས་ཚུལ་བཞིན་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ས་བཙལ་སྐྱོན་སྤང་ཡོན་ཏན་ལྡན་པ་བཟུང་༔ ཕྱི་ནང་དགྲ་གཤེད་རྟེན་འབྲེལ་གནད་ཀྱིས་གཅོས༔ བྱེ་བྲག་སོ་སོའི་འཕྲིན་ལས་བཞི་དང་བསྟུན༔ གནས་སྐབས་མཐར་ཐུག་ཡོན་ཏན་བརྗོད་ལས་འདས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ས་ཚོལ་མཁན་པོ་ཐོས་བསམ་ཅན༔ མཐོང་བ་ལག་འཁྲིད་ཤེས་རབ་ཡང་དག་ལྡན༔ ཟ་འདོད་དེས་ཆོག་གཡོ་ཟོལ་ཕྱིན་ལོག་བྲལ༔ སྟོན་ཆེན་སྔགས་པས་ས་དཔྱད་གཏན་ལ་འབེབས༔ ཡོན་ཏན་ཀུན་འཐོབ་བདག་གཞན་ཐམས་ཅད་འཚེང་༔ དེ་ལྟར་མི་ལྡན་ཕྱིན་ཅི་ལོག་གྱུར་ན༔ བདག་གཞན་ཐམས་ཅད་འདི་ཕྱིར་སྡུག་བསྔལ་སྤྱོད༔ དེ་ཡི་ཕྱིར་ན་ཚད་ལྡན་མཁན་པོ་གཅེས༔ གཉིས་པ་ས་ཡི་སྐྱོན་རྣམས་སྤོང་བ་ནི༔ ཤར་རི་མཐོ་ན་ཚེ་སྲོག་དག་ལ་གཟན༔ ལྷོ་རི་རྒྱབ་གཏད་འདྲ་ན་དགྲ་སྣ་སྡང་༔ ནུབ་རི་ཧར་པོར་སོངས་ན་བཀྲ་མི་ཤིས༔ ཆེས་ཆེར་ཧར་པོར་སོང་ན་ནད་གདོན་མང་༔ བྱང་རི་བརྡལ་ན་ལོངས་སྤྱོད་དབུལ་ཞིང་རྨུག༔ ཡུད་ཙམ་བརྡལ་ཀྱང་ཕྱི་ཐག་ཐུང་བ་ཡིན༔ ཉི་ཟླའི་འགྲོས་ལམ་དོག་ན་བསོད་ནམས་ཆུང་༔ ཕྱོགས་བཞིའི་རི་ལུང་ཤར་ནུབ་གོ་ལོག་ན༔ འབངས་གྱི་གྱེན་ལོག་རྗེ་ལ་བཙན་འབེབས་ཡོང་༔ བྱང་ནུབ་ལམ་གྱི་སྣ་ཟུག་དགྲ་འདྲེ་སྡང་༔ རྒྱབ་རི་ཤར་ལ་གཏད་ན་སྙན་གྲགས་ཆུང་༔ མདུན་རི་ནུབ་ལ་གཏད་ན་ཚེ་ཐག་ཐུང་༔ རྒྱབ་རིས་མནན་པ་འདྲ་ན་དཔོན་འཁུར་ལྕི༔ རྒྱབ་རི་གྱེས་པ་འདྲ་ན་མགོན་སྐྱོབས་ཆུང་༔ སྟེང་ནས་ལྷུང་ཐབས་འདྲ་བའི་བྲག་དང་རི༔ མ་ཉེས་ཁ་ཡོགས་བྱུར་རྡོ་ཡིན་པས་ངན༔ མཆི་རིས་འདྲ་བ་ཤར་ན་མྱ་ངན་ཆེ༔ སྦར་སེན་བྲད་པ་འདྲ་ན་ཟོག་མི་གསོགས༔ པགས་པ་རྒྱངས་པ་འདྲ་བ་གོད་ཡམས་མང་༔ སྒོ་ཐད་རི་བྲག་ཕ་བོང་སྐེད་ཆད་དང་༔ སྒོ་ཁྱིས་གཟན་བསྒུག་གཅན་གཟན་ངུ་ཟུག་ཚུལ༔ སྐྱིད་སྡུག་སྒང་གཤོང་ཆེ་ཞིང་གོད་ཀ་སྡང་༔ སྐྱེས་པའི་ཚེ་སྲོག་ལ་གཟན་སྤང་བར་བྱ༔ ཡུག་སས་སྡུག་འདུག་བྱས་འདྲའི་རི་བྲག་རྣམས༔ གཟའ་མི་ཁ་འབྱེ་ཤི་ཆད་ཡོང་བས་སྤང་༔ ཕྱི་རུ་གས་པ་འདྲ་ན་ཟས་གཡང་ཉམས༔ གཡང་ལ་ལྷུང་བ་འདྲ་ན་ནོར་གཡང་ཉམས༔ ཆུ་སྲིན་འདྲ་ན་ཀླུ་ཡི་གནོད་པ་སྡང་༔ སྦལ་བ་འདྲ་ན་ས་བདག་གདུག་རྩུབ་གཡོ༔ མོ་མཚན་འདྲ་ན་བསེན་མོས་ཐིག་ལེ་འཕྲོག༔ བྲག་དང་གད་པ་སྦྲ་ཙམ་ས་དགྲ་ངན༔ དེའུ་གླང་གི་སྣ་འདྲ་སྒོར་ཟུག་ན༔ ཕ་རོལ་གཞན་གྱིས་ཉེར་འཚེ་ཤིན་ཏུ་མང་༔ བྲག་ཕུག་མ་མོ་དང་ནི་བསེན་མོ་གནས༔ ནགས་ཁྲོད་དག་ན་ཀླུ་དང་གནོད་སྦྱིན་གནས༔ དུར་ཁྲོད་དག་ལ་སྡེ་བརྒྱད་ཕལ་ཆེར་འཚུབ༔ ཤིང་གཅིག་པ་ལ་དབང་ཕྱུག་ཆེན་པོ་གནས༔ ས་ཕུག་གད་རོང་ཐེའུ་རང་དམ་སྲི་གནས༔ གནམ་ས་གྲུ་གསུམ་ཤིན་ཏུ་ནོན་པར་དཀའ༔ ལུང་པའི་མདོ་ཤོར་དར་རྒྱས་ཆུང་བར་ཡོང་༔ གངས་རི་བརྟན་ཆགས་མགུར་ལྷ་དགེ་བསྙེན་གནས༔ ས་བྲག་རི་རླུང་དམར་པོ་བཙན་གྱི་ཡུལ༔ དེ་རྣམས་ནགས་དང་འདྲེས་ན་ཀླུ་བཙན་གནས༔ བྲག་དཀར་སྤང་དང་འདྲེས་པར་དཀར་ཕྱོགས་གནས༔ དེ་ལ་ནགས་ཚལ་རྒྱས་ན་མ་སངས་གནས༔ བྲག་དཀར་རིགས་ལ་སྤ་མ་ཕུག་པ་མང་༔ ཀླུ་སྨན་གནས་པས་ཐབ་གཞོབ་སྤང་བར་བྱ༔ བྲག་དཀར་བྲག་དམར་བྲག་ནག་གསུམ་འདྲེས་ན༔ ལྷ་བཙན་བདུད་གསུམ་ཆེ་ཆུང་གང་རིགས་གནས༔ མདོག་ནག་བྲག་ཁྲེབ་སྤང་དང་ཤིང་སྤུན་ཅན༔ གཞི་བདག་དམུ་དང་བྲག་གི་སྨན་མོ་གནས༔ བྲག་ནག་རི་ནག་དག་ལ་བདུད་གནས་ཤིང་༔ ཤིང་དང་ནགས་ཚལ་ཅན་ལ་ཀླུ་བདུད་གནས༔ གཡའ་རི་སྨུག་པོ་གཡའ་ཡི་བཙན་གནས་ཤིང་༔ གཡའ་རི་ཤིན་ཏུ་འཇམ་ན་གཡའ་སྨན་གནས༔ རི་ལུང་རྩུབ་ཅིང་ལུང་གསུམ་འདུས་པའི་མདོ༔ སྡེ་བརྒྱད་ཕལ་ཆེར་འཚུབ་པས་ཤིན་ཏུ་གཉན༔ བྲག་ནག་རི་ནག་བདུད་ཀྱི་ཕོ་བྲང་ཡིན༔ དམར་ནག་རི་བྲག་ཁྲལ་ཁྲོལ་ཀླུ་སྲིན་གནས༔ ཆུ་བོ་རྣམས་ལ་ཀླུ་བཙན་དམུ་བཙན་གནས༔ རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་གདོལ་བ་སོགས༔ ཀླུ་རིགས་རྣམ་བཞི་ཕྱོགས་བཞིའི་འབབ་ཆུར་གནས༔ དགོན་གནས་ཕོ་བྲང་དག་ལ་རྒྱལ་པོ་དང་༔ གྲོང་བརྡལ་ཚོང་དུས་རྣམས་ལ་བསེན་མོ་གནས༔ གསུམ་པ་ཡོན་ཏན་ལྡན་པ་བརྟག་དང་བཟུང་༔ གནམ་ས་འཁོར་ལོ་རྩིབས་བརྒྱད་རྣམ་པ་ལ༔ རྒྱབ་རི་མཐོ་ཞིང་གཡས་རི་ཡོལ་བ་འདྲ༔ ཉི་ཟླའི་འགྲོས་ལམ་ཡངས་ཤིང་བྱང་རི་སྐྱོར༔ མདུན་རི་རིན་ཆེན་སྣ་ཚོགས་སྤུངས་པ་འདྲ༔ ཆུ་བོ་ནུབ་ཕྱོགས་དབང་གི་ཕྱོགས་ནས་འབབ༔ ས་མདོག་སྣུམ་ཞིང་རྩི་ཤིང་མེ་ཏོག་ཅན༔ དབྱར་བསིལ་དགུན་དྲོ་གོང་མས་ཞབས་ཀྱིས་བཅགས༔ འགྱུ་སྲང་མི་རྒོད་འཚེ་བ་མེད་པའི་ལུང་༔ བགྲོད་ལམ་ཉེ་རིང་འཚམས་ལ་རིག་པ་དང་༔ ཡོན་ཏན་ཀུན་ཚང་དངོས་གྲུབ་འབྱུང་བའི་ས༔ སྐྱིལ་ཀྲུང་བསྣོལ་འདྲའི་རི་ལ་བསམ་གཏན་སྐྱེ༔ བྱང་རི་མཐོ་ན་དགྲ་ཡི་འཚེ་བ་ཉུང་༔ རྒྱབ་རི་མཐོ་ན་བྱིན་ཆགས་ཉམས་རྟོགས་འཕེལ༔ ལྷོ་རི་སྐྱོར་ན་ལོངས་སྤྱོད་མཁོ་དགུར་ལྡན༔ གནམ་ས་པདྨ་འདྲ་ན་ཉམས་རྟོགས་འཆར༔ མདུན་རི་ཐལ་སྦྱར་འདྲ་ན་འཁོར་གཡོག་གུས༔ ཉེ་བ་བྱམས་ཤིང་དགྲ་སྣ་ཆུང་བ་ཡོང་༔ དེ་ལྟར་བརྟགས་ནས་ཡོན་ཏན་ལྡན་པ་བཟུང་༔ གནམ་ས་འཁོར་ལོ་རིས་དང་པདྨ་ཅན༔ ལྟེ་བར་བཏབ་ན་བཀྲ་ཤིས་ཡོན་ཏན་འཐོབ༔ བྱ་ཁྱུང་འདྲ་བའི་རི་ལ་གཤོག་པར་གདབ༔ དར་དཀར་ཡོལ་བ་འཐེན་འདྲའི་སྟོད་དུ་བཟང་༔ ཆོས་འབྱུང་འདྲ་བའི་མཚམས་སུ་གདབ་པར་བྱ༔ མཉམ་བཞག་འདྲ་ན་དཀྱིལ་དུ་བཟང་བ་ཡིན༔ གླང་ཆེན་འདྲ་ན་སྤྱི་སྟེང་དག་ན་བཟང་༔ འབྲི་ཡག་འདྲ་བའི་མཁལ་ཁུང་དག་ཏུ་བཟང་༔ ཕག་མོ་འདྲ་བའི་ལྟོ་བ་ཤིན་ཏུ་བཟང་༔ རྒྱལ་པོ་གདན་ལ་བཞུགས་འདྲའི་པང་ན་བཟང་༔ མོ་བཙུན་འདྲ་བའི་བྲང་ལ་བཏབ་ན་བཟང་༔ དུག་སྤྲུལ་འདྲ་བའི་མགོ་ལ་བཏབ་ན་བཟང་༔ སེང་གེ་འདྲ་བའི་རྒལ་བའི་སྟེང་དུ་མཆོག༔ ཆོས་བརྒྱུད་མེད་ན་ནོན་པར་ཤིན་ཏུ་དཀའ༔ གཅན་གཟན་འདྲ་བའི་རི་ལ་སྣ་འགོར་གདབ༔ མཐོ་བ་དག་གི་དམའ་ས་བཟུང་བར་བྱ༔ དམའ་བ་དག་གི་མཐོ་ས་ཤིས་པ་ཡིན༔ ལྔ་བ་ཕྱི་ཡི་དགྲ་གཤེད་བཅོས་པ་ནི༔ འབྱུང་བཞིའི་དགྲ་གཤེད་གང་དང་གང་ཤར་ཡང་༔ འབྱུང་བ་མ་བུ་དགྲ་གྲོགས་ཁམས་བསྟུན་ཏེ༔ འབྱུང་བཞིའི་ས་བོན་རི་མོ་བྲིས་པ་གཟུགས༔ ཕ་རོལ་ས་དགྲ་ཚུར་ལ་མ་སྡང་ཡང་༔ རང་གི་ས་གཡང་ཆུང་དང་མི་ནོན་དང་༔ མཐུ་བ་ཤོར་དང་དམུ་ཐག་ཆད་པ་སོགས༔ མི་མཐུན་གནོད་པའི་ཚོགས་རྣམས་གསོ་བའི་ཐབས༔ ས་གཡང་ཆུང་ན་རྫས་བརྒྱད་རི་མོས་གསོ༔ ནོན་པར་དཀའ་ན་མཆོད་རྟེན་དཀྱིལ་དུ་རྒྱག༔ མཐུ་བ་ཤོར་ན་སཱཙྪ་བཞག་པས་བཟློག༔ དམུ་ཐག་ཆད་ན་རྩེ་སྟོད་དམུ་ཐག་འཐེན༔ ཀླུ་ས་ཆེ་ན་བྱ་ཁྱུང་རི་མོ་འབྲི༔ རྒྱབ་རི་ལྷུང་ཐབས་འདྲ་ན་མཆོད་རྟེན་བརྩེག༔ མོ་ཡི་མཚན་མ་འདྲ་ན་ཕོ་རྟགས་གཟུགས༔ གཞན་ཡང་ས་དགྲ་ཆེ་ཆུང་སྣ་ཚོགས་ལ༔ འབྱུང་བའི་ཁམས་དང་དགྲ་གྲོགས་ཕྱོགས་མི་མཐུན༔ གཞན་གྱི་བཟློག་ཐབས་མེད་པའི་རིགས་རྣམས་ལ༔ རིན་ཆེན་འབར་བ་ཉི་ཟླ་ལ་སོགས་པའི༔ བཀྲ་ཤིས་ཡོན་ཏན་ལྡན་པའི་རི་མོ་བྱ༔ དྲུག་པ་ནང་གི་དགྲ་སྤང་རྟེན་འབྲེལ་བཅོས༔ ཤར་དུ་མཆོད་རྟེན་བརྩིགས་ན་ནུབ་ཕྱོགས་བརླག༔ ལྷོ་ནས་གད་སྣ་བཅད་ན་མི་གཡང་ཉམས༔ ནུབ་ནས་ཆུ་ལམ་བཅད་ན་གྲོགས་སྣ་ཆད༔ གཤིན་རྗེ་ཐབ་ཁ་གཏད་ན་དུར་སྲི་སྡང་༔ སྲིན་པོར་ཉལ་མལ་བྱས་ན་གཅོང་གིས་འཛིན༔ མགོ་ཞབས་ལྡོག་སྟེ་ཉལ་ན་ལྷ་ལྔ་ཉམས༔ བྱང་ཤར་དབང་ལྡན་ཉལ་མལ་རྟེན་འབྲེལ་བཟང་༔ ཤར་ལྷོ་མེ་ལྷ་ཐབས་ཀྱི་རྟེན་འབྲེལ་བཟང་༔ བྱང་ཕྱོགས་གནོད་སྦྱིན་དཀོར་མཛོད་རྟེན་འབྲེལ་བཟང་༔ ནུབ་ཕྱོགས་ཀླུ་ཡུལ་དུད་འགྲོའི་དཀོར་ཁང་བཟང་༔ བདུན་པ་ལས་བཞི་དང་མཐུན་རིམ་པ་རྣམས༔ འཕྲིན་ལས་སོ་སོའི་གཞུང་དང་མཐུན་པར་དཔྱད༔ བརྒྱད་པ་གནས་སྐབས་མཐར་ཐུག་བཀྲ་ཤིས་ཏེ༔ སྐྱོན་རྣམས་སྤངས་ཏེ་རྟེན་འབྲེལ་གནད་གཟབས་པས༔ ཉེས་པ་བཟློག་ཅིང་ཡོན་ཏན་གོང་དུ་འཕེལ༔ ཚེ་བསོད་ཉམས་རྟོགས་མཆོག་གི་དངོས་གྲུབ་འཐོབ༔ དེ་ཕྱིར་ཡོན་ཏན་ཀུན་འབྱུང་ས་དཔྱད་གཅེས༔ ཕྱི་རབས་རྣམས་ཀྱིས་ལེགས་པར་བརྟག་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པ་རྩལ་གྱིས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པ་ལགས་སོ། །མངྒ་ལཾ།། །།