གཏོར་མའི་ཡིག་ཆུང་ཟིན་བྲིས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ གཏོར་མའི་ཡིག་ཆུང་ཟིན་བྲིས་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བླ་མ་བདེ་མཆོག་འཁོར་ལོ་ཡི༔ མ་ཚང་ཆོས་ཀྱི་ཁ་སྐོང་དུ༔ བྷ་ལིང་དེ་ཉིད་ཟིན་བྲིས་ཤིག༔ ཡི་གེར་འདེབས་ནས་གཏེར་དུ་བཅོལ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ༔ དེ་ཡང་གསུམ་སྟེ༔ རྒྱུ་དང་བཅའ་ཐབས་ལས་སྦྱོར་རོ༔ དང་པོ་རྒྱུ་ལ་བཞི་སྟེ༔ ཞི་བའི་གཏོར་ཟན་འབྲས༔ རྒྱས་པའི་གཏོར་ཟན་གྲོ༔ དབང་གི་གཏོར་ཟན་སོ་བ༔ དྲག་པོའི་གཏོར་ཟན་སྲན་མའམ་འབྲུ་ནག་པོ༔ གཉིས་པ་བཅའ་ཐབས་ལ་བཞི་སྟེ༔ དང་པོ་ཞི་བའི་གཏོར་མ་དངུལ་གྱི་གཏོར་སྣོད་མཚན་དང་ལྡན་པར༔ དབྱིབས་ཟླུམ་པོ་རྐེད་པ་ཤིན་ཏུ་འདིར་བ༔ རྩ་བ་བརྟན་པ༔ རྩེ་སྙོམས་པ༔ འཁོར་མང་དང་འཁོར་མེད་སོགས་རང་རང་གི་སྒྲུབ་གཞུང་དང་མཐུན་པ་ལ༔ ཁ་དོག་ཤིན་ཏུ་དཀར་བའི་མར་དང་དངུལ་སོགས་ལ༔ ལྷ་སོ་སོའི་ས་བོན་དང་ཕྱག་མཚན་གྱི་མཐར་རམ༔ རྡོ་རྗེ་སོགས་ཀྱི་མཐར་འོད་ཟེར་དང་པ་ཊ་དྲུག་འབྲེལ་གྱི་འཁོར་རྒྱུག་ཡོད་པར་བྱ་ཞིང་༔ བར་བར་རྣམས་སུ་ཉི་མ་དང་ཟླ་བ་དང་༔ རྒྱུ་སྐར་དང་ནོར་བུ་སོགས་ཀྱི་ཕྲས་རྒྱས་པར་བརྒྱན༔ གཉིས་པ་རྒྱས་པའི་གཏོར་མ་ནི༔ གསེར་གྱི་གཏོར་སྣོད་ནང་དུ་གྲུ་བཞི་པའི་བང་རིམ་གསུམ་བརྩེགས་པའི་སྟེང་ལ་རྩ་བ་བརྟན་ཞིང་རྩེ་མོ་སྙོམས་པ༔ རྐེད་པ་གྲུ་བཞིའི་ཚུལ་དུ་འདིར་བ་ལ༔ ཡིད་བཞིན་ནོར་བུ་བཅུ་གཉིས་འབར་བའི་ཚུལ་ཅན༔ འཁོར་གྱི་བཀོད་པ་རང་གཞུང་སོ་སོར་བལྟ་ཞིང་༔ གསེར་རམ་སྤྲ་ཚིལ་ལ་ནོར་བུ་དབང་གི་རྒྱལ་པོའི་དབྱིབས་དཀྱིལ་དུ་བཟོ་ཞིང་༔ ལྷའི་ས་བོན་ནམ་ཕྱག་མཚན་འགོད༔ མཐར་དཔག་བསམ་ཤིང་གི་ལོ་མ་འབྲས་བུ་སྣ་ཚོགས་སུ་སྨིན་པའི་ཚུལ་ལ༔ བཀྲ་ཤིས་པའི་རྟགས་ཆེན་པོ་བརྒྱད་ཀྱིས་མཚམས་སུ་མཚན་པར་བྱའོ༔ གསུམ་པ་དབང་གི་གཏོར་མ་ནི༔ ཟངས་ཀྱི་གཏོར་སྣོད་ནང་དུ་ཟླ་གམ་སུམ་བརྩེགས་ཀྱི་བང་རིམ་གྱི་ཁར་རྩ་བ་བརྟན་ཞིང་སྐེད་པ་འདིར་བ་ལ་ཟླ་གམ་གྱི་ཚུལ་ཅན༔ མདུན་རྒྱབ་ཏུ་དབང་གི་བུམ་པའི་གཟུགས་གསལ་བ༔ རྩེ་མོ་ལ་ཟངས་སམ་མཚལ་གྱིས་བསྒྱུར་པའི་མར་ལ༔ པདྨ་གེ་སར་གྱི་སྡོང་པོའམ་ཨུ་དུམ་ཝ་རའི་མེ་ཏོག་གི་ཟེའུ་འབྲུ་ལ༔ ཕྱག་མཚན་ནམ་ས་བོན་གྱིས་མཚན་པ་ལས༔ མེ་ཏོག་ཁོར་ཡུག་གི་བར་བར་རྣམས་སུ་རྒྱལ་སྲིད་སྣ་བདུན་གྱིས་བརྒྱན་པ༔ མདུན་རྒྱབ་ཀྱི་བུམ་པ་ལ་མགུལ་ཆིངས་དང་ཁ་རྒྱན་ནོར་བུ་འབར་བས་མཚན་པའི་དབྱིབས་ཅན་ལ༔ འཁོར་ནི་རང་གཞུང་ལྟར་དཔྱད་ཅིང་སྨུག་རྩིས་གླན་པར་བྱའོ༔ བཞི་པ་དྲག་པོའི་གཏོར་སྣོད་བྷན་དྷའམ་ལྕགས་ཀྱི་སྣོད་དུ་རཱུ་ཏྲ་ཕོ་མོ་གན་རྐྱལ་དང་ཁ་སྦུབ་ཏུ་བསྣོལ་བའི་ཁར་གཏོར་མ་དབྱིབས་ཟུར་གསུམ་པ་ལ་རྩེ་ཐོན་ཞིང་རྩ་བ་བརྟན་པ༔ ཟུར་ཐམས་ཅད་སྤུ་གྲི་ལྟར་རྣོ་བ༔ ལྟོ་བའམ་རྩེ་མོ་གང་རུང་དུ་ལྷའི་སྐུ་མདོག་ལྟར་མར་ཚོན་གྱིས་བསྒྱུར་ཏེ༔ ཕྱག་མཚན་ལ་ས་བོན་གྱིས་མཚན་པ་བཟོ་ཞིང་༔ ཟུར་རྣམས་སུ་བསྐལ་པའི་མེ་ཆེན་པོ་རབ་ཏུ་མཆེད་པ་སྙམ་བྱེད་པའི་རྒྱན་གདགས༔ དེ་དག་གི་བར་མཚམས་སུ་ས་བོན་གྱི་མཐར་མཚོན་ཆ་སྣ་ཚོགས་ཀྱི་གཟུགས་བརྙན་དང་གནམ་ལྕགས་འབར་བའི་འཁོར་ལོ་ལ་སོགས་ཀྱིས་སྤྲས་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་ལས་སྦྱོར་ཕྱི་ནང་གི་རིམ་པ་ལ་བཞི་སྟེ༔ འགོད་ཐབས་དང་ཤེས་དུས་དང་སྐྱོན་ཡོན་ནོ༔ དང་པོ་འགོད་ཐབས་ལ་དྲུག་སྟེ༔ རྟེན་གཏོར་མཐོ་ན་ཉམས་རྟོགས་དང་དྲོད་རྟགས་གཡེལ་བས་རྣལ་འབྱོར་པའི་མལ་དང་གཏོར་མའི་ཁྲི་མཉམ་པར་འགོད༔ གཉིས་པ་བསྐང་གཏོར་མཐོ་ན་དངོས་གྲུབ་འགྱང་བས་ལྟེ་བའི་ཐད་དུ་འགོད༔ གསུམ་པ་དབང་གཏོར་དམའ་ན་བྱིན་རླབས་མི་ཕེབས་པས་སྨིན་མཚམས་ཀྱི་ཐད་དུ་འགོད༔ བཞི་པ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་མཐོ་ན་འཕྲིན་ལས་མི་བསྒྲུབ་ཅིང་གོང་ནོན་པར་དཀའ་བས་ལྟེ་བའམ་གསང་གནས་ཀྱི་མཚམས་སུ་འགོད༔ ལྔ་པར་དཀར་གྱི་གཏོར་མ་མཐོ་ན་ཕྱི་རྒྱུད་པས་སྡོང་གྲོགས་ཆུང་བས་རང་ལས་དམའ་ཙམ་དུ་འགོད༔ དྲུག་པ་བགེགས་ཀྱི་གཏོར་མ་མཐོ་ན་ཟིལ་གྱིས་མི་ནོན་པས་ཤིན་ཏུ་དམའ་བར་ཤེས་སོ༔ གཉིས་པ་ཤེས་དུས་བསྟན་པ་ལ་དགུ་སྟེ༔ དང་པོ་གཏོར་མ་གཏོར་མར་ཤེས་པའི་དུས་ནི༔ རྒྱུ་རྐྱེན་བསྒྲུབ་དུས་དང་བཞེངས་དུས་ཏེ༔ མཆོད་སྦྱིན་ལ་དམིགས་པ་ཙམ་གྱིས་ཆགས་འཛིན་དང་བྲལ་བ་ཞིག་དགོས་ཏེ༔ གཏོར་ཞེས་བྱ་བ་ཆགས་འཛིན་དང་བྲལ་བ་ལ་འཇུག་ཅིང་༔ མ་ཞེས་བྱ་བ་ལས་རབ་འབྱམས་ཐམས་ཅད་ཀྱི་གཞི་གཏོར་མ་ལ་མཚོན་ནས་བྱེད་དགོས་པས་སོ༔ གཉིས་པ་གཏོར་མ་ལྷར་ཤེས་པའི་དུས་ནི་བསྙེན་སྒྲུབ་དང་དབང་བསྐུར་བའི་ཚེའོ༔ གསུམ་པ་གཏོར་མ་བདུད་རྩིར་ཤེས་པའི་དུས་ནི་ལྷ་ལ་མཆོད་པའི་སྐབས་སོ༔ བཞི་པ་གཏོར་མ་འདོད་ཡོན་དུ་ཤེས་པའི་སྐབས་ནི་ཐུགས་དམ་བསྐང་བའི་དུས་སོ༔ ལྔ་པ་གཏོར་མ་དངོས་གྲུབ་ཏུ་ཤེས་པའི་དུས་ནི་དངོས་གྲུབ་ལེན་པའི་ཚེའོ༔ དྲུག་པ་གཏོར་མ་དགྲ་བགེགས་སུ་ཤེས་པའི་དུས་ནི་རྒྱུན་གཏོར་གཏོང་དུས་སོ༔ བདུན་པ་གཏོར་མ་མཚོན་ཆར་ཤེས་པའི་དུས་ནི་དགྲ་བོ་སྒྲོལ་བའི་ཚེའོ༔ བརྒྱད་པ་གཏོར་མ་དམག་དཔུང་དུ་ཤེས་པའི་དུས་ནི་རྦོད་གཏོང་བཟློག་པའི་དུས་སོ༔ དགུ་པ་གཏོར་མ་རང་བྱུང་དུ་ཤེས་པ་ནི་ཕྱི་ནང་གསང་བའོ༔ གསུམ་པ་ཉེས་པ་བསྟན་པ་ལ་གཉིས་ཏེ༔ རྒྱུ་ཉེས་པ་དང་རྐྱེན་ཉེས་པའོ༔ དང་པོ་རྒྱུ་ཉེས་པ་ནི་གསུམ་སྟེ༔ ལས་བཞི་གང་བརྩམས་པའི་གཏོར་འབྲུ་མ་བཟང་ཞིང་ངན་ན་དོན་གྱི་འབྲས་བུ་མི་འགྲུབ༔ གཏོར་ཟན་ལ་འབགས་ན་ཕྱི་མ་ཁྱིའི་ལུས་ལེན༔ ཆབ་མ་གཙང་ན་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དུ་སྐྱེ༔ གཉིས་པ་རྐྱེན་གྱི་ཉེས་པ་བསྟན་པ་ནི༔ ཚིགས་སུ་ཕྱེ་བ་དོན་ཉེར་བདུན་ཏེ༔ གཏོར་མའི་ཕྱེ་དང་གཏོར་མ་དངོས་ལ་འགོང་ན་ཕྱི་མ་ཁལ་འཁུར་དགོས་པའི་དུད་འགྲོར་སྐྱེ༔ མཆིལ་སྣབས་སོང་ན་མི་གཙང་བའི་འདམ་ཞེས་བྱ་བའི་དམྱལ་བར་སྐྱེ༔ ཕུད་གཞོགས་ན་ཡི་དྭགས་ནང་གི་སྒྲིབ་པ་ཅན་དུ་སྐྱེ༔ ལྷག་མ་ཕྲི་ན་ཕག་གི་ལུས་ལེན༔ བག་རྡུལ་གྱིས་བགོས་ན་མུན་ནག་གི་གླིང་དུ་སྐྱེ༔ རྒྱན་ཉུང་ན་དབུལ་པོར་སྐྱེ༔ འབྲུ་དང་རྡེའུ་སྲན་མ་སོགས་སོང་ན་སྐྲན་ཅན་དང་ལྦ་བ་ཅན་དུ་སྐྱེ༔ སྤུ་ཉག་སོང་ན་མིག་འཆུས་ཀྱི་ནད་སྡང་༔ ཟན་སླ་ན་བསོད་ནམས་ཉམས༔ གས་ན་གོད་ཡམས་སྡང་༔ རྩ་བ་མི་བརྟན་ན་ཡུལ་ལ་འཕོ་བསྐྱས་འབྱུང་༔ ཞལ་ཟས་ཀྱི་རྩེ་རྣོ་ན་ཚེ་ལ་གནོད༔ གཏོར་མ་གཞན་རྣམས་ཀྱི་རྩེ་མོ་ཟླུམ་ན་སྒྲུབ་པ་འགྱང་ཞིང་འཕྲིན་ལས་གུད༔ གཏོར་མ་ཡོ་ན་བཀྲ་མི་ཤིས༔ དགྱེ་ན་དངོས་གྲུབ་མི་འཐོབ༔ དགུ་ན་གཡང་ཉམས༔ བྱིན་གྱིས་མྱུར་དུ་མ་བརླབས་ན་བགེགས་ཀྱིས་བཟའ༔ རྒྱན་མེད་པར་བཀོད་ན་ལྷ་མི་འགྲུབ༔ དམར་འགྲོས་བྱས་ན་ནད་ངན་འཕྱུར༔ གཏོར་སྣོད་མ་གཙང་ན་ཤེས་བྱའི་སྒྲིབ་པ་གསོགས༔ ནོར་སྒྲུབ་གྱི་གཏོར་གཞོང་བཤལ་ན་ནོར་མི་འདུ༔ རྒྱུན་གཏོར་གྱི་གཏོར་གཞོང་མ་བཤལ་ན་མགྲོན་མི་ཚིམ༔ བགེགས་གཏོར་ཉེ་སར་གཤེགས་ན་འཁོར་ལ་གནོད༔ དྲག་པོའི་གཏོར་མ་ཟོར་དུ་མ་འཕངས་ན་རང་ལ་གནོད༔ སྒྲུབ་གཏོར་ལ་སྒུལ་སྐྱོད་བཏང་ན་དྲོད་རྟགས་མི་འབྱུང་༔ འཕྲིན་ལས་བཞིའི་གཏོར་མ་དམ་མེད་ཀྱིས་མཐོང་ན་དཔའ་བོ་མཁའ་འགྲོ་རིང་དུ་འབྲོས༔ གཏོར་མར་ཆབ་དང་སྨན་རག་མ་སྦྲེངས་ན་ཟས་ཀྱི་འདུ་བ་འཆད་པར་འགྱུར་རོ༔ བཞི་པ་ཡོན་ཏན་བསྟན་པ་ནི་དགུ་སྟེ༔ གཏོར་མའི་རྒྱུ་ཕུན་སུམ་ཚོགས་པར་བསམས་པས་འཁོར་ལོས་བསྒྱུར་པའི་རྒྱལ་པོར་སྐྱེ༔ འབག་བཙོག་སྡོམ་ན་ལྷའི་ལོངས་སྤྱོད་ལ་སྤྱོད༔ རྒྱན་གྱིས་ཕྱུག་པར་བརྒྱན་ན་བྱང་ཆུབ་མ་ཐོབ་བར་དུ་ལོངས་སྤྱོད་དང་ལྡན༔ རྩ་བ་བརྟན་ན་ཡུལ་མཁར་བརྟན༔ རྩེ་མོ་དོད་ན་ཕྱོགས་ལས་རྒྱལ༔ བཟོ་དོད་ན་གང་བརྩམས་པའི་ལས་འགྲུབ༔ གཏོར་མ་ལ་བརྩོན་ན་འཕྲིན་ལས་མ་བཅོལ་ཡང་སྲུང་མ་རྣམས་ཀྱིས་ལས་བྱེད༔ བར་ཆད་ཐམས་ཅད་ཞི༔ ལོངས་སྤྱོད་ཐམས་ཅད་རབ་ཏུ་རྒྱས༔ འཁོར་མང་བཀྲ་ཤིས་དོན་འགྲུབ༔ ནད་རིམས་དང་ལོ་ཉེས་སོགས་ཀྱི་འཇིགས་པ་ལས་སྐྱོབས༔ མདོར་ན་གཏོར་མའི་ཟིན་བྲིས་འདི་བཞིན་སྤང་བླངས་ལ་བརྩོན་ན༔ གཞུང་བཞིན་གྱི་གནོད་རྐྱེན་ཐམས་ཅད་ཞི་ནས་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ༔ དེ་ལྟ་བས་ན་མ་འོངས་པའི་སྐལ་ལྡན་རྣམས་ཀྱིས་གཏོར་མ་ལ་བརྩོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏོར་མའི་ཟིན་བྲིས་ཉེས་པ་ཀུན་སེལ་འདི༔ དགོས་པར་སེམས་ནས་ཕྱི་རབས་དོན་དུ་བྲིས༔ སྤེལ་བར་ཕངས་ནས་རིན་ཆེན་གཏེར་དུ་སྦས༔ ནམ་ཞིག་སྐལ་ལྡན་བུ་དང་འདི་འཕྲད་ནས༔ རབ་འབྱམས་ལས་ཀྱི་རྩ་བ་ཚུགས་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་གྱིས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།