གཏེར་སྲུང་ལྷ་བཙན་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་བ་བདེ་མཆོག་འཁོར་ལོ་ལས༔ གཏེར་སྲུང་ལྷ་བཙན་སྒྲུབ་ཐབས་ཡོད༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ གཏེར་སྲུང་མཆོད་སྒྲུབ་རིམ་པ་འབྲི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་དམ་ལྡན་སྐྱེས་བུ་ཡིས༔ བསྟན་དང་འགྲོ་བའི་དོན་གྱི་ཕྱིར༔ གཏེར་སྲུང་ཆེན་པོ་བསྒྲུབ་འདོད་ན༔ བཙན་དང་སྨན་མོ་གནས་སར་ཕྱིན༔ གཙང་མའི་གདན་ཁར་ཚོམ་བུ་བཀོད༔ ཤ་བའི་རྭ་ལ་བྱང་བུ་བཟོས༔ སྐྱེས་བུ་ལྷ་བཙན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཕྱག་གཡས་མདུང་དར་གཡོན་པར་བུ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ དབུ་ལ་ལ་ཐོད་དཀར་པོས་བརྒྱན༔ མདའ་གཞུ་འཁོར་གསུམ་མཛེས་པར་སྐོར༔ ཞལ་ནི་འཛུམ་པའི་མདངས་དང་ལྡན༔ གཡུ་ཡི་སྨིན་མ་འོད་དུ་འབར༔ རྟ་དམར་གློག་འདྲ་ཆིབས་སུ་བཅིབས༔ སེང་ལྡེང་སྒ་ལ་གཡུ་མཐུར་དང་༔ གསེར་སྲབ་གསེར་ཡོབ་ཝང་མས་མཛེས༔ གོང་ཐག་གློ་རྨེད་རིན་ཆེན་སྤྲས༔ འོད་ཀྱི་འཇའ་ཚོན་ཀློང་དུ་བྲིས༔ སྐྱེས་བུ་ལྷ་བཙན་དངོས་སུ་བསྐྱེད༔ སྣ་ཚོགས་དར་དང་ལྷན་ཅིག་ཏུ༔ མདའ་མོ་རྒོད་སྒྲོ་མ་ལ་བཏགས༔ སྟག་རལ་གཟིག་རས་མེ་ལོང་བརྒྱན༔ དེ་ཡང་མདའ་ཡི་མགུལ་དུ་བཏགས༔ ཤེལ་དང་མུ་ཏིག་རིན་ཆེན་ལྔ༔ དེ་ཡང་མདའ་ཡི་མགུལ་དུ་བཏགས༔ འབྲང་རྒྱན་སྨན་ལེབ་སྐུ་མཁར་དང་༔ ཏིང་ལོ་ཆང་ཕུད་ར་ཤ་ར་ཁྲག་དང་༔ མེ་ཏོག་སྣ་ཚོགས་མཆོད་པའི་རྫས་སུ་བཤམས༔ ཁྱད་པར་བཙན་བཤོས་ཁྲུ་གང་ལ༔ ཤ་ཁྲག་བརྒྱན་པ་དབུས་སུ་འགོད༔ ཁྲུས་བྱས་བདེ་བའི་གདན་ལ་འདུག༔ དྲི་ཞིམ་སྤོས་དང་མཁན་དུད་བཏང་༔ སྲོག་སྔགས་འདི་ཡིས་འབོད་དེ་བསྒྲུབ༔ ཨོཾ་བྱིའུ་ཙ་ན་ལྷ་བཙན་འབར་བ་ས་མ་ཡ་ཁྲག་ཏ་ཀུ་རུ་ཧཱུྃ་ཛཿ ཞག་བདུན་བཟླས་པས་འགྲུབ་པར་འགྱུར༔ སྔ་དྲོའི་ཆ་ལ་བཤོས་བུ་རེ༔ གཏོང་ཞིང་རྐང་གླིང་ཐོད་རྔ་འཁྲོལ༔ ཇོ་བོ་ཆེན་པོ་ལྷ་བཙན་རྡོ་རྗེ་འབར་བའི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད༔ ནམ་གྱི་སྲོད་ལ་བབས་པའི་ཚེ༔ མདའ་དར་གཡབ་ཅིང་འདི་སྐད་བསྐུལ༔ ཀྱཻ་ལྷ་བཙན་ཆེན་པོ་རྡོ་རྗེ་འབར༔ ཁྱོད་ཀྱི་ཕོ་བྲང་ཡ་མཚན་ཅན༔ གྷྲི་ཧ་དྷེ་ཝའི་ཞིང་སྐྱོང་མགོན༔ གངས་དཀར་ཏེ་སེའི་བྲག་ལ་གནས༔ མ་ཧཱ་དྷེ་ཝའི་ཐུགས་ཀྱི་སྤྲུལ༔ ཨུ་མ་དྷེ་ཝའི་གསུང་གི་སྤྲུལ༔ ཡུལ་གླིང་རེ་ན་ཕོ་བྲང་རེ༔ གངས་རིའི་བཙན་ཡུལ་ཡ་ཀི་ན༔ ཡ་ཀིའི་སྒོ་མོ་བྲག་དམར་ན༔ བཙན་བྲག་གནམ་དུ་ཟངས་སེ་ཟང༔ གཡུ་མཚོ་མཐིང་འོད་ཀྱི་ལི་ལི༔ རྩེ་ན་ན་བུན་གྱི་བུན་འཐུལ༔ སྟེང་ན་བྱ་ཚོགས་ལང་མ་ལིང་༔ ལོགས་ན་ཤ་རྐྱང་རྩེ་བྲོ་འཁྲབ༔ གནའ་བས་འདུར་འགྲོས་བཤུད་གླུ་ལེན༔ ཞོལ་ན་འབྲོང་ཆེན་དར་མ་འགྱིང་༔ མདུན་གྱི་སྤང་ཐང་ཡངས་པ་ན༔ མེ་ཏོག་སྣ་ཚོགས་འོད་དུ་འབར༔ དུང་གི་ཁུ་འཕང་ཐ་ར་ར༔ བཙན་བྱ་གསུང་སྙན་ལྷངས་སེ་ལྷང་༔ འཇའ་ཚོན་འོད་དུ་སྤུངས་སེ་སྤུང་༔ རིན་ཆེན་སྐུ་མཁར་ཏ་ལ་ལ༔ སྣ་ཚོགས་བ་དན་ལྷབས་སེ་ལྷབ༔ དུང་གི་སྒོ་མོ་ཝངས་སེ་ཝང་༔ གསེར་གྱི་སྐས་ཀ་ལྡེམས་སེ་ལྡེམ༔ གཡུ་ཡི་གཏན་བུ་ཤ་ར་ར༔ མཆོང་གི་ཁ་བད་ལྷངས་སེ་ལྷང་༔ ཟངས་ཀྱི་པུ་ཤུད་ཁྱུགས་སེ་ཁྱུག༔ སྨྱུག་རྒོད་མང་པོ་སི་ལི་ལི༔ མཚོན་ཆ་སྣ་ཚོགས་ཁྲོ་ལོ་ལོ༔ བམ་གྱི་རྒྱལ་མཚན་ཡེ་རེ་རེ༔ ཡ་མཚན་ཅན་གྱི་གནས་མཆོག་དེར༔ ཇོ་བོ་ལྷ་ཡི་བཙན་རྒོད་བཞུགས༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ ཞལ་མདོག་དཀར་དམར་མཛེས་པ་ལ༔ གཡུ་ཡི་སྨིན་མ་དུང་གི་ཚེམས༔ འཛུམ་པའི་མདངས་གད་ཡ་ལ་ལ༔ དབུ་ལ་ལ་ཐོད་དཀར་པོ་གསོལ༔ ཐང་དཀར་རྒོད་སྒྲོ་ལྡེམས་སེ་ལྡེམ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ ཕྱག་ན་མདུང་དར་པར་བུ་བསྣམས༔ ལུས་ལ་མདའ་གཞུ་འཁོར་གསུམ་བརྒྱན༔ སྐ་རག་རིན་ཆེན་གསེར་ལ་བྱས༔ ཅང་ཤེས་མཛེས་པའི་རྟ་ཕོ་ལ༔ རིན་ཆེན་སྒ་སྲབ་མཐུར་གྱིས་བརྒྱན༔ འུར་འུར་ཆེམ་ཆེམ་གནས་འདིར་སྤྱོན༔ མ་ལུས་འཁོར་བཅས་རྟེན་ལ་སྤྱོན༔ སྙིང་གཏད་གྲོགས་པོ་དུང་དུང་འབོད༔ དམ་ཚིག་དགོངས་ལ་རྟེན་ལ་སྤྱོན༔ ལྷང་ལྷང་གཏམ་སྙན་སྨྲ་ཞིང་སྤྱོན༔ འཛུམ་འཛུམ་བཞིན་མདངས་སྟོན་ཞིང་སྤྱོན༔ གྲོགས་པོ་ཡིན་ནོ་ཆད་མ་གཏོང་༔ མནའ་ཐོ་བཅད་དོ་མནའ་མ་བཟའ༔ རིག་འཛིན་པདྨའི་བཀའ་མ་གཅོག༔ དམ་ལྡན་རྣལ་འབྱོར་སུན་མ་ཕྱུངས༔ བཅོལ་བའི་འཕྲིན་ལས་རྗེས་དགོངས་འཚལ༔ སྣང་སྲིད་ཐམས་ཅད་གསལ་ལེར་སྟོན༔ ཅེས་བསྐུལ༔ རྔ་བརྡུང་བཤུད་པ་རོལ་མོ་འཁྲོོལ༔ དེ་ཚེ་སྐྱེས་བུ་གྲུབ་པའི་རྟགས༔ རྟ་པ་དར་དམར་ཐོགས་པ་འོང་༔ མི་འཇིགས་གདེངས་བསྐྱེད་མནའ་ཐོ་གདབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་སྐྱོང་འདི་ཡི་དམ་ཚིག་ཏུ༔ རྟ་དང་བོང་བུའི་ཤ་མི་བཟའ༔ ཡུགས་ས་མོ་ཡི་གྲིབ་ལ་འཛེམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ནམ་དགོས་དུས་ཀྱི་ཚེ༔ རྟེན་བཤམས་རོལ་མ་ོདབྱངས་ཀྱིས་བསྐུལ༔ གཏོར་མ་འབུལ་ཞིང་འཕྲིན་ལས་གཞོལ༔ འཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་ཆོས་སྐྱོང་ལྷ་བཙན་འདི༔ སྙིང་ཉེ་སྒྲུབ་ཉེ་དངོས་གྲུབ་ཉེ༔ དམ་གཙང་པ་ཡི་སེམས་དཔའ་ཆེ༔ འཕྲལ་ཕུགས་བདེ་ལེགས་པྲ་རྟགས་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གལ་སྲིད་སྒྲུབ་པའི་རྟགས་མེད་ན༔ ཨོཾ་བྱིའུ་ཤུ་ལ་ཁྲག་རྩ་ན༔ ས་མ་ཡ་ཙིཏྟ་ཧྲིང་ཧྲིང་པ་ཤང་མ་མ་སྲོག་འདུ་འདུ༔ སྔགས་འདི་ཞག་བདུན་བརྩོན་པས་བསྒྲུབས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མ་འོངས་རྩོད་ལྡན་ཡང་མཐའ་ལ༔ བཞི་བཅུ་ཁ་རལ་སུམ་ཅུར་ཉེ༔ བོད་ཁམས་ཧོར་དང་སོག་པོས་འཛིན༔ གྲུབ་མཐའ་རྩོད་ཅིང་མཐའ་དམག་འདྲེན༔ བསྐལ་པ་རྩོད་ལྡན་ཡང་མཐའ་ལ༔ ང་སྤྲུལ་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་འགྲོ་འདུལ་གླིང་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའོ། །མངྒ་ལཾ།། །།