Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
དམོད་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམོད་བྱང་།next

དམོད་བྱང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དམོད་བྱང་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿཕྱག་འཚལ་ལོ༔ ལྔ་བརྒྱའི་དུས་སུ་བྱད་མ་རྦོད་གཏོང་དང་༔ དུས་འཁྲུག་ནད་ཡམས་མི་མཐུན་བར་ཆད་མང་༔ དེ་དུས་དྲོད་རྟགས་ལྡན་པའི་རྣལ་འབྱོར་པས༔ བཟློག་པའི་གཟེར་ཁས་གནོད་བྱེད་དགྲ་བགེགས་གཟེར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཟློག་པའི་ཟོར་གྱིས་དགྲ་བགེགས་སྒྲོལ་བའི་ཚེ༔ བླ་མེད་སྔགས་འཆང་ཆས་དང་ལྡན་པ་དགུས༔ ཟོར་ཐོགས་གསེར་སྐྱེམས་མཆོད་ཅིང་རོལ་མོ་འཁྲོལ༔ གཡས་ནས་སྐྱེས་པ་གོ་མཚོན་ཐོགས་པ་དགུས༔ ཀི་བསོ་འདེབས་ཤིང་མཚོན་ཟོར་སྣ་ཚོགས་ཐོགས༔ གཡོན་ནས་བུད་མེད་གཡབ་མོ་ཐོགས་པ་དགུས༔ གདོང་ལ་ཁྲག་བྱུག་དམོད་བཅོལ་གཡབ་མོ་བྱ༔ གིང་པ་རྣམས་ཀྱིས་ལིང་གར་གྲི་སྐོར་བྱ༔ མཁྱེན་གཟུ་ཤགས་འདེབས་དམོད་བཅོལ་འདི་ལྟར་རོ༔ ཧོ་དགོངས་སུ་གསོལ་ལོ༔ ཧོ་དགོངས་སུ་གསོལ་ལོ༔ ཧོ་དགོངས་སུ་གསོལ་ལོ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུའི་ལྷ་ཚོགས་དགོངས་སུ་གསོལ་ལོ༔ རྣམ་དག་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ རྡོར་སེམས་ལོངས་སྐུའི་ལྷ་ཚོགས་དགོངས་སུ་གསོལ་ལོ༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ གྷུ་རུ་སྤྲུལ་སྐུའི་ལྷ་ཚོགས་དགོངས་སུ་གསོལ་ལོ༔ འཁོར་འདས་གདོད་ནས་དག་པའི་ཕོ་བྲང་ནས༔ དུས་གསུམ་བརྒྱུད་པ་དགུ་ལྡན་དགོངས་སུ་གསོལ་ལོ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ དྲིན་ཅན་རྩ་བའི་བླ་མ་དགོངས་སུ་གསོལ་ལོ༔ ཆོས་དབྱིངས་རིག་འཛིན་རོལ་པའི་ཕོ་བྲང་ནས༔ ཁྲག་འཐུང་འཁོར་ལོ་བདེ་མཆོག་དགོངས་སུ་གསོལ་ལོ༔ མཁའ་སྤྱོད་རྣམ་པར་དག་པའི་ཕོ་བྲང་ནས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་དགོངས་སུ་གསོལ་ལོ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དུས་གསུམ་རིག་འཛིན་རྒྱ་མཚོ་དགོངས་སུ་གསོལ་ལོ༔ མཆོག་དང་ཐུན་མོང་གཉིས་ཀྱི་ཕོ་བྲང་ནས༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་དགོངས་སུ་གསོལ་ལོ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ གནས་ཡུལ་དུར་ཁྲོད་སྐྱོང་རྣམས་དགོངས་སུ་གསོལ་ལོ༔ ལེགས་ཉེས་སྟངས་འཛིན་དཀྱིལ་འཁོར་ཆེན་པོ་ནས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དགོངས་སུ་གསོལ་ལོ༔ ཁྱེད་རྣམས་ལ་སྔར་བྱས་ལས་ཀྱི་གཏང་རག་གཏོང་ངོ་༔ ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ་ལོ༔ ད་ལྟ་ལས་ཀྱི་མཉེས་ཟས་འདྲེན་ནོ༔ དགྱེས་པར་མཛད་དུ་གསོལ་ལོ༔ བདག་ཅག་རིག་འཛིན་གྱི་རྣལ་འབྱོར་པ་རྣམས་ཀྱིས་དཀའ་བ་འཕྲག་ལ་འཁུར་ནས་ཁྱེད་བསྒྲུབ་བོ༔ ལྕི་བ་དང་དུ་བླངས་ནས་ཁྱེད་བསྒྲུབ་བོ༔ ལུས་སྲོག་འབེན་ལ་བཙུགས་ནས་ཁྱེད་བསྒྲུབ་བོ༔ བྲག་ཕུག་ཞྭ་ལྟར་གོན་ནས་ཁྱེད་བསྒྲུབ་བོ༔ ཤ་ཁྲག་གཟན་དུ་བོར་ནས་ཁྱེད་བསྒྲུབ་བོ༔ སུ་ལའང་མི་རེ་ཁྱེད་རྣམས་ལ་རེའོ༔ སུ་ལའང་མི་ལྟོས་ཁྱེད་རྣམས་ལ་བལྟོས་སོ༔ ཕྲག་པ་ལ་ཁྱེད་རྣམས་འཁུར་རོ༔ རྒྱལ་མཚན་ལ་ཁྱེད་རྣམས་འཛུག་གོ༔ ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག༔ ལེགས་ཉེས་ཀྱི་སྟངས་ཤིག་བཟུང་དང་༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས་ནི༔ དང་པོ་མ་ཉེས་སེམས་མ་ཉེས༔ བར་དུ་མ་ཉེས་ཁ་མ་ཉེས༔ ཐ་མར་མ་ཉེས་ལག་མ་ཉེས༔ དམ་ཉམས་ཀྱི་དགྲ་བོ་ཆེ་གེ་མོ་འདི་ཞེས་བྱ་བས་སངས་རྒྱས་ཀྱི་བསྟན་པ་བཤིགས་སོ༔ དཀོན་མཆོག་གི་དབུ་འཕང་དམད་དོ༔ སེམས་ཅན་ཡོངས་ལ་འཚེས་སོ༔ དཀར་པོ་དགེ་བ་བཅུ་ཡི་ལམ་ལ་བར་དུ་བཅད་དོ༔ ནག་པོ་མི་དགེ་བ་བཅུ་དང་དུ་བླངས་སོ༔ མཚམས་མེད་པ་ལྔ་ལ་ལོངས་སྤྱོད་དུ་བྱས་སོ༔ བདེན་པ་བརྒྱ་ལ་རྫུན་གྱིས་ལ་ཡོག་བརྒྱབ་བོ༔ ཆོས་བཞིན་སྤྱད་ཀྱང་སངས་རྒྱས་བདུད་དུ་ཕབ་བོ༔ རྩ་གསུམ་བསྒྲུབ་པའི་ལྷ་ལ་བདེན་མེད་ཟེར་རོ༔ རིག་འཛིན་རྣལ་འབྱོར་བདག་ལ་ལྷ་མེད་ཟེར་རོ༔ བཀའ་སྐྱོང་སྲུང་མ་རྒྱ་མཚོར་མཐུ་མེད་ཟེར་རོ༔ ལེགས་ཉེས་གཟིགས་ཤིག༔ དྲང་ཤན་ཕྱེས་ཤིག༔ རྩ་བརྒྱུད་ཀྱི་བླ་མ༔ ཡི་དམ་གྱི་ལྷ་ཚོགས༔ འབུམ་ཕྲག་གི་མཁའ་འགྲོ༔ ཆོས་སྐྱོང་གི་སྲུང་མ༔ ལྷ་ཆེན་མ་ཧཱ་དེ་ཝ༔ བཙུན་མོ་ཨུ་མ་དེ་ཝི༔ དཀར་པོ་ལྷ་ཡི་སྡེ་ཚོགས༔ ནག་པོ་བདུད་ཀྱི་སྡེ་ཚོགས༔ ཁྲོ་གཏུམ་གཟའ་ཡི་སྡེ་ཚོགས༔ གླེན་པ་ཀླུ་ཡི་སྡེ་ཚོགས༔ ནད་གཏོང་མ་མོའི་སྡེ་ཚོགས༔ འཆི་བདག་གཤིན་རྗེའི་སྡེ་ཚོགས༔ དམར་པོ་བཙན་གྱི་སྡེ་ཚོགས༔ ནོར་བདག་གནོད་སྦྱིན་གྱི་སྡེ་ཚོགས༔ ཕྱི་ཡི་ལྷ་མ་སྲིན་སྡེ་བརྒྱད༔ ནང་གི་ལྷ་མ་སྲིན་སྡེ་བརྒྱད༔ གསང་བའི་ལྷ་མ་སྲིན་སྡེ་བརྒྱད༔ སྦས་པའི་ལྷ་མ་སྲིན་སྡེ་བརྒྱད༔ ཡང་གཏེར་གྱི་ལྷ་མ་སྲིན་སྡེ་བརྒྱད༔ ལས་མྱུར་མགྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད༔ དྲག་པོ་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད༔ བསྟན་པ་སྲུང་བའི་ལྷ་མ་སྲིན་སྡེ་བརྒྱད་དང་བཅས་པ་རང་རང་གི་གནས་ནས་སྐུར་བཞེངས་ཤིག༔ གནམ་ས་ཙམ་གྱི་ཞལ་གདོངས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས་ཤིག༔ གློག་དམར་ལྟ་བུའི་ལྗགས་སྐྱོངས་ཤིག༔ སྐུ་ཡི་ཤུགས་སྐྱེད་ཅིག༔ ནུས་པའི་རྩལ་ཕྱུངས་ཤིག༔ ཐུགས་ཀྱི་ཏིང་ངེ་འཛིན་གྱིས་དམོད་ཅིག༔ དཀོན་མཆོག་གི་བསྟན་དགྲ༔ སློབ་དཔོན་གྱི་སྐུ་དགྲ༔ མཆེད་ལྕམ་གྱི་སྤྱི་དགྲ༔ རྣལ་འབྱོར་གྱི་སྒོས་དགྲ༔ སྔ་དགྲ་དར་བ༔ ཕྱི་དགྲ་སེམས་པ༔ ད་དགྲ་སྡང་བ༔ གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ དམ་ཉམས་པའི་དགྲ་བོ་འཁོར་དང་བཅས་པའི་གནམ་གྱི་འཇུ་ཐག་ཆོད་ཅིག༔ ས་ཡི་བརྟན་ཕུར་ཕུད་ཅིག༔ སྲོག་གི་ཐག་པ་ཆོད་ཅིག༔ ཚེ་ཡི་འདུ་བྱེད་སྟུངས་ཤིག༔ སེམས་ཀྱི་མར་མེ་སོད་ཅིག༔ ལས་རླུང་གིས་རྒྱབ་ནས་ཕུལ་ཞིག༔ མུན་ནག་གིས་མདུན་ནས་སུས་ཤིག༔ ཁ་རུ་ལག་ཆུག་ཅིག༔ ཁོང་ནས་སྙིང་ཕྱུངས་ཤིག༔ ལྟག་ནས་བདུད་དང་སྤྲོད་ཅིག༔ གདོང་ནས་འོད་ཕྲོག་ཤིག༔ ཡར་ཀྱི་སྲོག་སྒོ་ཕྱེས་ཤིག༔ མར་གྱི་བདུད་སྒོ་ཕྱེས་ཤིག༔ སྟོད་ནས་ཚ་བ་མེ་ལྟར་འབར་དུ་ཆུག་ཅིག༔ སྨད་ནས་གྲང་བ་ཆུ་ལྟར་འཁྲུག་ཏུ་ཆུག་ཅིག༔ རླུང་མཁྲིས་དང་བད་ཀན་འཐབ་ཏུ་ཆུག་ཅིག༔ འདུ་བ་རྣམ་བཞི་ཁོང་ནས་སློངས་ཤིག༔ སྨྱོ་འབོགས་དང་བརྒྱལ་ནད་ཐོངས་ཤིག༔ འབྲུམ་ནད་དང་གླད་གཟེར་ཐོངས་ཤིག༔ གག་ལྷོག་དང་འབྲས་ནད་ཐོངས་ཤིག༔ ཕོ་གླང་དང་གཟེར་ནད་ཐོངས་ཤིག༔ བལ་ནད་དང་ཀླང་ཐབས་ཐོངས་ཤིག༔ མཛེ་ཤུ་དང་ཕོལ་མིག་ཐོངས་ཤིག༔ དུག་གསུམ་གྱིས་ཨར་ལ་གཏོད་ཅིག༔ མདའ་གྲི་དང་མདུང་གྲིར་སོད་ཅིག༔ རྟ་གྲི་དང་ལྕེབ་གྲིར་སོད་ཅིག༔ འཐིབ་གྲི་དང་རྦབ་གྲིར་སོད་ཅིག༔ མྱ་ངན་གྱི་འོ་དོད་འབོད་དུ་ཆུག་ཅིག༔ ཡན་ལག་རྣམས་བྲང་ལ་བརྡུང་དུ་ཆུག་ཅིག༔ སྨྲེ་སྔགས་དང་ཆོ་ངེ་འདོན་དུ་ཆུག་ཅིག༔ མི་རུང་བའི་ངན་ལྟས་ཐམས་ཅད་འཛོམ་དུ་ཆུག་ཅིག༔ མིག་འབྲས་ཐང་ལ་ཕོས་ཤིག༔ སྙིང་ཁྲག་ཧུབ་ཀྱིས་ཐོབ་ཅིག༔ ཀླད་ཁྲག་ཞོ་ལྟར་དཀྲུགས་ཤིག༔ ཕོ་རྒྱུད་མི་རབས་རྩད་ནས་ཆོད་ཅིག༔ མོ་རྒྱུད་ཕྲུ་མ་མངལ་ནས་སྐོམས་ཤིག༔ ཀླུ་མོ་ཞིང་གི་སྐྱེ་རྒྱུན་ཆོད་ཅིག༔ ཡུལ་མཁར་ཐལ་བ་རླུང་ལ་སྐུར་ཞིག༔ སྒོ་ནོར་བུ་དང་ཆུང་མ་ཕྲོལ་ཞིག༔ འཁོར་ཤིགས་ཚང་སྤྲུགས༔ སྙིང་ལ་ཆོས་སྐྱོང་གི་དཔའ་ཟས་གྱིས་ཤིག༔ གློ་མཆིན་ལ་བདུད་ཀྱིས་ཇུར་མིད་གྱིས་ཤིག༔ མིག་ལ་གཟའ་ཡི་ཧོམ་ཟོར་གྱིས་ཤིག༔ སོ་ལ་ཐེའུ་རང་གི་ཤྭ་རྡེལ་གྱིས་ཤིག༔ རྒྱུ་མ་ལ་བཙན་གྱི་ཞགས་པ་གྱིས་ཤིག༔ མཁལ་མ་ལ་འདྲེ་མོས་སྲང་རྡོ་གྱིས་ཤིག༔ པགས་པ་ལ་སྲིན་པོས་གཡང་གཞི་གྱིས་ཤིག༔ རུས་པ་ལ་བདུད་ཀྱི་ཁྲམ་མཁར་གྱིས་ཤིག༔ རྐང་པ་ལ་གཤིན་རྗེའི་དབྱུག་པ་གྱིས་ཤིག༔ ཐོད་པ་ལ་བདུད་ཀྱི་ཁ་ཕོར་གྱིས་ཤིག༔ ལོང་ཀ་ལ་རྒྱལ་པོས་དབུགས་རྐྱལ་གྱིས་ཤིག༔ ལག་པ་ལ་སྡེ་བརྒྱད་ཀྱིས་གཡབ་མོ་གྱིས་ཤིག༔ སྐྲ་ལ་སྲོག་གཅོད་ཀྱིས་བྱད་ཐག་གྱིས་ཤིག༔ ཁྲག་ལ་ལས་གཤིན་གྱི་འཐུང་ཆུ་གྱིས་ཤིག༔ ཤ་ལ་ཟ་བྱེད་ཀྱིས་ཧབ་ཐོབ་རྒྱོབ་ཅིག༔ རུས་མགོ་ལ་ལྷ་སྲིན་གྱི་གཟར་བུ་གྱིས་ཤིག༔ ལོ་དང་ཟླ་བར་མ་འགྱངས༔ ཞག་དང་ཟ་མར་མ་བཞག༔ ནམ་མཁའ་ལ་ཚད་མ་འཛུག༔ ཕྱི་མ་ལ་དུས་མ་འདེབས༔ སྐྱེ་ཤི་ལ་ཁག་མ་བསྙེད༔ ལས་དབང་ལ་ཐ་སྙད་དུ་མ་འདོགས་པར༔ མྱུར་དུ་སྒྲོལ་ལ་ལྷག་མ་མེད་པར་བཞེས་ཤིག༔ ཅེས་བརྗོད་དྲག་སྔགས་ཐུན་དང་གཡབ་མོ་གདབ༔ ལྷ་སྲིན་སྡེ་བརྒྱད་འགྱུ་བཟློག་བསྟུན་ནས་ཀྱང་༔ ཟོར་སྣ་དགྲ་བགེགས་མི་མཐུན་ཕྱོགས་སུ་བཏད༔ མི་ནད་ཡམས་ནད་དུས་ཀྱི་འཁྲུག་རྩོད་དང་༔ བྱད་མ་དགྲ་བགེགས་མཐའ་ཡི་དམག་དཔུང་རྣམས༔ བཟློག་འགྱུར་འདི་ལ་ཐེ་ཚོམ་ཡོད་རེ་ཀན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་སྔགས་འཆང་པདྨ་ཐོད་ཕྲེང་ངས༔ དམོད་བྱེད་དགྲ་བགེགས་འཇོམས་པའི་གཟེར་ཁ་འདི༔ ཕྱི་མའི་དུས་ཀྱི་བསྟན་འགྲོའི་དོན་དུ་བྲིས༔ སྤེལ་བར་ཕངས་ནས་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱི་བུ་ལ་སྨོན་ལམ་བཏབ༔ སྲུང་མས་ཆོས་འདི་དུས་ལ་བབས་ཚེ་སྤྲོད༔ སྐལ་མེད་རྣམས་ལ་བྱ་ར་གྱིས་ཤིག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ། །མངྒ་ལཾ།། །།


previousདམོད་བྱང་།next