Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
དངོས་གྲུབ་འབྱུང་གནས་ཐོད་པའི་བརྟག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདངོས་གྲུབ་འབྱུང་གནས་ཐོད་པའི་བརྟག་པ།next

དངོས་གྲུབ་འབྱུང་གནས་ཐོད་པའི་བརྟག་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ དངོས་གྲུབ་འབྱུང་གནས་ཐོད་པའི་བརྟག་པ་བཞུགས་སོ༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདུད་རྩི་འབྱུང་བའི་རྒྱུད་དག་ལས༔ བདུད་རྩི་བསྒྲུབ་པའི་སྣོད་ཀྱི་མཆོག༔ བྷནྡྷའི་མཚན་རྟགས་རིམ་པ་ཞིག༔ བདག་འདྲ་པདྨས་ཡི་གེར་འདེབས༔ མ་འོངས་རྣམས་ཀྱིས་ལེགས་པར་དཔྱོད༔ དེ་ཡང་བདུད་རྩི་འབྱུང་བའི་སྣོད་མཆོག་ཀཱ་པཱ་ལ་ཡི་རྣམ་གྲངས་ནི༔ མཚན་ལྡན་དུམ་བུ་གཅིག་པ་ཞེས་བྱ་བ༔ སྐྱེ་བ་བདུན་ལ་ཆོས་ལྡན་གྱི་མི་ལུས་ཁོ་ནར་སྐྱེས་ཤིང་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་ཐོད་པ་ལ་ཞེས་བྱ་སྟེ༔ དབྱིབས་ནི་སྒོང་ང་གཤགས་པའི་ཚལ་པ་ལྟ་བུར་ཡོད་པ༔ མདོག་ནི་དུང་ལྟར་དཀར་བ༔ ཕྱི་ནང་ཐམས་ཅད་ཡོངས་སུ་འཇམ་ལ་དངས་པ༔ གས་པ་དང་སྲུབས་མེད་པ༔ ཚངས་པའི་བུ་ག་ལ་ཡོ་འཁྱོག་བྲལ་ཞིང་ཟང་ཐ་ལེར་གསལ་བ༔ རང་སའི་སྲོག་གི་ཀ་བ་ཤིན་ཏུ་བཟང་བ་ཞིག་ཡོང་སྟེ༔ དེ་ནི་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ཆེས་ཆེར་ལྷག་པ༔ མཆོག་གི་དངོས་གྲུབ་སྩོལ་བ་ཅན་ཞེས་བྱ་བ་སྟེ༔ འཇིག་རྟེན་མི་ཡུལ་དུ་ཐར་ཐོར་ཙམ་ལས་མི་འབྱུང་ཞིང་རྙེད་པར་བཀའ་བ་ཡིད་བཞིན་ཀྱི་ནོར་བུ་ལྟ་བུའོ༔ དེ་ལྟར་གྱི་ཐོད་པ་དེ་སུས་མཐོང་བའི་མིས་སྨོན་ལམ་གང་བཏབ་འགྲུབ༔ བཅངས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ཞིང་ས་ལམ་གྱི་དངོས་གྲུབ་འཐོབ༔ ཚེ་འདིར་མཆོག་ལ་སྦྱོར་བ་ལས་ཐུན་མོང་ཙམ་དུ་ནི་མ་ཡིན་ནོ༔ དེ་ལས་འབྲིང་བའི་དུམ་བུ་གཅིག་པ་ནི༔ སྔ་མ་སྐྱེ་བ་གསུམ་ལ་མི་ལུས་ཆོས་ལྡན་དུ་སྐྱེས་པའི་ཐོད་པ་ལ་འབྱུང་སྟེ༔ དབྱིབས་ནི་ནོར་བུ་སུམ་སྒྲོམ་གྱིས་ཚུལ་ཅན༔ མདོག་ནི་དཀར་སེར་ལ་སྣུམ་ཆགས་པ༔ རྒྱ་སྲུབས་རྣམས་ཕྱི་ན་གསལ་ཀྱང་ནང་ན་མི་མངོན་པ༔ ཚངས་བུག་གསུམ་གང་རིགས་དང་ལྡན་པ༔ སྐྱོན་གང་ཡང་མེད་པ་ཞིག་ཡོང་བས༔ བཅངས་ན་ཚེ་རིང་ཁམས་རྒྱས་སྟོབས་འཕེལ༔ ཕ་རོལ་དབང་དུ་འདུ༔ གང་གིས་བཅངས་པའི་མི་རིགས་རྒྱུད་དང་བཅས་པ་ཁ་དྲགས་ལ་འཕེན་ཞིང་དར་བ་འབྱུང་ངོ་༔ དེ་ལས་ཆུང་བའི་དུམ་བུ་གཅིག་པ་ནི༔ སྔ་མ་སྐྱེ་བ་གཅིག་ལ་ཆོས་བཞིན་སྤྱད་པའི་མི་ལ་འབྱུང་སྟེ༔ དབྱིབས་ནི་ཡོ་འཁྱོག་སོགས་མེད་པ་ལ་བཅང་རུང་བའི་དབྱིབས་ཅན༔ མདོག་ཀྱང་དཀར་པོ་ལ་སྨུག་པོའི་ཐིག་ལེས་བརྒྱན་པའམ༔ སྨུག་པོ་ལ་དཀར་པོའི་ཐིག་ལེས་བརྒྱན་པའམ༔ སེར་པོ་ལ་མདོག་སྨུག་པོ་དང་དཀར་པོའི་ཐིག་ལེས་བརྒྱན་པ༔ རྒྱ་སྲུབས་རྣམས་ཕྱི་ནང་དུ་གསལ་ཀྱང་སེན་རེ་ཕྱི་ནང་ལ་མ་འདས་པ༔ ཚངས་བུག་གསུམ་གང་རིགས་དང་ལྡན་པ་ཞིག་ཡོང་བས༔ བརྟེན་ན་དངོས་གྲུབ་ཕྲན་ཚེགས་ལ་དབང་༔ དུད་འགྲོ་འཕེལ༔ རྒྱུད་ལ་བུ་མོ་མང་དུ་ཡོང་༔ བུད་མེད་རྣམས་ཀྱིས་བྱམས་ཤིང་དབང་དུ་འདུ༔ དེ་ལྟ་མ་ཡིན་ཐོད་པ་ནི༔ དུམ་བུ་གཉིས་པ་ཟས་ལ་དབང་༔ ཐབས་ཤེས་སྨན་གྱི་སྒྲོམ་ལ་བཟང་༔ བཅངས་པས་དགའ་བདེའི་གྲོགས་ལ་སྤྱོད༔ ཕ་རོལ་གཞན་གྱི་ལོངས་སྤྱོད་འདུ༔ དུམ་བུ་གསུམ་པ་ནོར་ལ་དབང་༔ རྟ་དང་གླང་ཆེན་བེའུ་ལུག་འཕེལ༔ གསེར་དངུལ་ཟངས་ལྕགས་མཁོ་དགུ་འཛོམ༔ དར་ཟབ་གོས་དང་དཔལ་འབྱོར་ལྡན༔ དུམ་བུ་བཞི་པ་སྔགས་ལ་དབང་༔ བཟླས་པ་འཕེལ་ཞིང་ཚེ་མཐར་སྐྱེལ༔ ལས་བཞིའི་འཕྲིན་ལས་གང་བརྩམས་འགྲུབ༔ བསྒྲུབ་ཞུགས་ནང་མཆོད་སྣོད་དུ་ཤིས༔ དུམ་བུ་ལྔ་པ་སློང་མོར་དབང་༔ ཕ་རོལ་གཞན་གྱིས་སྟེར་མཁན་མང་༔ བཟའ་བཏུང་ཕྲན་ཚེགས་མཐུན་རྐྱེན་སྦྱོར༔ དྲུག་པ་བདུན་པ་བརྒྱད་པ་རྣམས༔ མི་བསྟེན་དངོས་གྲུབ་འཕྲོག་པས་སྤང་༔ ཚེ་དང་འཁོར་དང་ལོངས་སྤྱོད་ལ༔ རབ་ཏུ་གཟན་ཅིང་ནད་ཀྱིས་མནར༔ དུམ་བུ་བཅུ་དང་དགུ་པ་དང་༔ དེ་ཡན་བརྒལ་བ་ཐམས་ཅད་ནི༔ འཕུང་བྱེད་བཅངས་ན་གཏན་བརླག་འགྱུར༔ ཤིན་ཏུ་མི་རུང་རིང་དུ་སྤང་༔ གདོང་སྲུབས་ཅན་བཅངས་གྲི་རུ་འཆི༔ རྒྱ་སྲུབས་གཉིས་རིས་སྡུག་བསྔལ་མང་༔ སྲིན་དོང་མང་ན་གོད་ཀ་སྡང་༔ རོ་དོང་མང་ན་ཤི་ཆད་ཡོང་༔ ཤིང་ལོ་གུད་ན་དབུལ་ཞིང་ཕོངས༔ གཡས་ཡོ་གཡོན་ཡོ་བསོད་ནམས་ཆུང་༔ གྲུ་གསུམ་ཚུལ་ཅན་ཚེ་ལ་གཟན༔ ཁ་དོག་སྔོ་ན་རླུང་ནད་སྡང་༔ སྐྱ་ལ་ཧམ་ཆགས་དབུལ་ཞིང་བཀྲེས༔ ཐལ་མདོག་ཅན་ནི་ཤིན་ཏུ་བཀྲེས༔ བྱ་རྗེས་ཅན་ནི་མི་ཁ་སྡང་༔ རྩ་རིས་སྣེ་ལ་འཕྲད་ཐུར་དུ༔ དོང་གི་རྣམ་པའི་བུག་པ་ཅན༔ བཅངས་ན་འཐབ་འཛིང་སྡུག་བསྔལ་མང་༔ མྱུར་དུ་འཆི་བས་ཡང་དག་སྤང་༔ གཞན་ཡང་བུག་པ་ཚིག་ཚོག་མང་༔ ཀླུ་ནད་སྡང་ཞིང་གདོན་གྱིས་གཟིར༔ ཚངས་པའི་བུ་ག་མེད་དམ་མང་༔ བཅངས་ན་མི་མཐུན་བཀྲ་མི་ཤིས༔ ལྟག་པའི་རུས་ཚན་གཞན་ལས་འཐུག༔ ལྟག་འབུར་རྣོ་ཞིང་ངར་བ་ན༔ མི་ཁ་ཅལ་སྒྲོག་དགྲ་ཡིས་སྡང་༔ དུད་པའམ་ནི་སྨུག་པོའི་མདོག༔ བསྟེན་ན་དཔལ་རྣམས་རིང་དུ་འགྱུར༔ དུམ་བུའི་རྣམ་གྲངས་ཅི་བཟང་ཡང་༔ སྐྱོན་ལྡན་སྤྲང་ཞིང་རིང་དུ་འབོར༔ ཡོན་ཏན་བརྟག་ཅིང་ངོས་བཟུང་བ༔ རྡོ་རྗེའི་དབྱིབས་ཅན་རྒྱུད་འཕེལ་ཞིང་༔ ནོར་བུའི་དབྱིབས་ཅན་དངོས་གྲུབ་སྟེར༔ པདྨའི་དབྱིབས་ནི་བཀྲ་ཤིས་རྒྱས༔ གླང་ཆེན་འདྲ་ན་གཡུལ་ལས་རྒྱལ༔ ཁ་དོག་དཀར་སེར་སྨུག་པོའི་རིགས༔ དམར་ཉམས་ཅན་སོགས་ལས་བཞིར་དབང་༔ ཤིང་ལོ་རྒྱས་ཤིང་འབྲས་བུ་སྨིན༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔ འདོད་འཇོའི་བ་བཟང་འདོད་ཡོན་འཕེལ༔ རུས་པ་མཁྲེགས་དང་རུས་ཚན་འཐུག༔ ལྕིད་ཆེ་ཕྱི་ནང་ཀུན་ཏུ་འཇམ༔ རང་དང་ནོར་སའི་ས་མལ་དུ༔ སྲན་མ་མར་ལ་བཙུགས་འདྲའི་རྗེས༔ ཤིན་ཏུ་མང་ཞིང་ཤུལ་འཇམ་པ༔ དཔལ་འཕེལ་བཀྲ་ཤིས་ཕུན་སུམ་ཚོགས༔ དཔྲལ་བ་རང་གི་ས་ཡིན་ཞིང་༔ སོག་པོའི་སྣ་ནི་ཕོ་ཡི་ས༔ རིང་དང་རྣོ་དང་མཐོ་བ་མཆོག༔ གཡས་གཡོན་རྩེ་སྟོད་མཐེ་བོང་རེ༔ བུ་ཆེ་ཉེ་བ་སློབ་མའི་ས༔ དེ་ནས་མཐེབ་གང་གཡས་གཡོན་དུ༔ བུ་འབྲིང་སློབ་མའི་ས་ཡིན་ཞིང་༔ དེ་ནས་མཐེབ་གང་གཡས་གཡོན་དུ༔ ཕ་སྤུན་ཡོན་བདག་ས་ལ་གཏོགས༔ དེ་ནས་མཐེབ་གསུམ་གཡས་གཡོན་གཞལ༔ ནོར་ས་ཡིན་པས་ལེགས་པར་དཔྱད༔ དེ་ནས་ལྟག་ངོས་མཐེབ་གསུམ་པོ༔ མི་འམ་དགྲ་ས་ངེས་པར་ཡིན༔ ཆ་ཚད་འདི་ཡིས་གཞལ་ནས་ཀྱང་༔ ཕྱི་ནང་སྐྱོན་ཡོན་བརྟག་པ་གནད༔ གླང་ཆེན་མཆེ་བས་ཕྱི་སྐྱོན་འཇོམས༔ སྲོག་གི་ཀ་བས་ནང་སྐྱོན་འཇོམས༔ རྟེན་འབྲེལ་བརྟག་པའི་རིམ་པ་ནི༔ རང་དང་ཐོད་པ་འཕྲད་པའི་དུས༔ རང་ས་རང་ལ་བསྟན་པ་དང་༔ ཆུའམ་ཀླད་པ་ས་ཡིས་གང་༔ ཡོ་འཁྱོག་མེད་པར་དྲང་པོར་གནས༔ མཐོང་བས་རང་ཉིད་དགའ་བ་འཕེལ༔ ལོ་ཟླའི་ཁམས་ནི་ས་ཤིང་ལ༔ ཉི་ཁྱིམ་རྟའམ་འབྲུག་གམ་སྟག༔ ཆུ་ཚོད་སྔ་གྲོ་དགོང་མོ་དབང་༔ ཕྱོགས་ནི་ཤར་དང་བྱང་ཤར་ནས༔ རང་ཉིད་རྒྱུ་དུས་ཐོད་པ་དེ༔ ནུབ་དང་ལྷོ་ནས་རང་ལ་བལྟ༔ རྟེན་འབྲེལ་བཟང་ཞིང་ཚུལ་ལྡན་བཟུང་༔ རྟེན་འབྲེལ་དེ་དག་གང་ལོག་ཀྱང་༔ ཡོན་ཏན་ལྡན་ཡང་སྤང་བའམ༔ ཕ་རོལ་གཞན་ལ་འཕོ་བར་འགྱུར༔ མཚན་ཉིད་ལྡན་པའི་ཐོད་པ་རྣམས༔ བཅངས་པའི་རིམ་པ་འདི་ལྟ་སྟེ༔ མཚན་ལྡན་དུམ་བུ་གཅིག་པའི་ནང་༔ བླ་མ་ཡབ་ཡུམ་བྱང་སེམས་དང་༔ ཅུ་གང་དང་ནི་སིནྡྷུ་ར༔ མཚལ་ལམ་ལི་ཁྲི་སྦྱར་ནས་ཀྱང་༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ པདྨ་འབྱུང་གནས་བདག་ཉིད་དམ༔ རང་གི་བླ་མའི་སྐུ་གཟུགས་འབྲི༔ བརྒྱུད་པའི་བླ་མའི་མཚན་སྔགས་འདེབས༔ ཡེ་ཤེས་བསྐྱེད་བསྟིམ་ལས་གཞུང་བསྲང་༔ མཆོད་བསྟོད་བླ་མ་དངོས་སུ་བསམས༔ འདོད་པའི་དོན་ལ་གསོལ་བ་གདབ༔ རིན་ཆེན་མན་ཤེལ་ཆུ་ཤེལ་དང་༔ མུ་ཏིག་མུ་མེན་མ་ན་ཧོ༔ དུང་སོགས་རིན་ཆེན་སྣ་ལྔ་བླུགས༔ དྲི་བཟང་སྤོས་ཀྱིས་བྱུག་ཅིང་བདུག༔ སྐྱེ་བདུན་སྨན་སྒྲུབ་གང་འཛོམ་བསགས༔ དཀར་དམར་དར་སོགས་སྣ་ལྔས་བསྟུམས༔ རིན་པོ་ཆེ་ཡི་ག་འུར་གཞུག༔ མི་འབྲལ་སྤྱི་བོར་རྒྱུན་དུ་བསྟེན༔ ཉམས་རྟོགས་མ་ལུས་མཐར་ཕྱིན་ནས༔ མཆོག་གི་དངོས་གྲུབ་ཨེ་མ་ཧོ༔ དུམ་གཅིག་འབྲིང་གི་ནང་དུ་ནི༔ རིན་ཆེན་མཚལ་ལམ་ལི་ཁྲི་ཡིས༔ ཚེ་དཔག་མེད་དམ་རྟ་མགྲིན་འབྲི༔ སྙིང་པོ་ལས་སྦྱོར་འདོད་གསོལ་འདེབས༔ རིན་ཆེན་མཆོང་དང་བྱི་རུ་གཟི༔ གཡུ་དང་ལུང་ཐང་པ་རྣམས་གཞུག༔ ཚེའམ་དབང་གི་ལས་གཞུང་བསྲང་༔ ཡེ་ཤེས་དབབ་བསྟིམ་མཆོད་བསྟོད་བསྙེན༔ འདོད་པའི་དོན་ལ་གསོལ་བ་གདབ༔ དར་སྣ་ལྔས་དྲིལ་ཟངས་གར་གཞུག༔ འབྲལ་མེད་མཆན་གཡོན་དག་ཏུ་བཅང་༔ ཚེ་རིང་དཔལ་རྒྱས་ཕ་རོལ་འདུ༔ གཞན་ཡང་རྟེན་འབྲེལ་དཔག་ཏུ་མེད༔ དུམ་བུ་གཅིག་པ་ཆུང་བའི་རིགས༔ གཙང་མའི་རཀྟས་ཕག་མོ་འབྲི༔ བསྙེན་སྒྲུབ་ལས་སྦྱོར་སྔགས་ཀྱིས་བསྐོར༔ དམ་ཚིག་བསྐྱེད་ཅིང་ཡེ་ཤེས་བསྟིམ༔ ལས་གཞུང་བསྲང་ཞིང་མཆོད་བསྟོད་བསྙེན༔ འདོད་པའི་དོན་ལ་གསོལ་བ་གདབ༔ བཅུད་ལེན་རིལ་བུ་དག་གིས་དགང་༔ དར་དམར་དག་གིས་དྲིལ་ཏེ་བཅང་༔ མ་མོ་མཁའ་འགྲོ་ཤུགས་འགྲོ་འཁོར༔ རྩ་རླུང་དགའ་བདེའི་ཡོན་ཏན་འཕེལ༔ འཇིག་རྟེན་མི་མོས་གུས་ཤིང་འདུན༔ དུམ་བུ་གཉིས་དང་གསུམ་པ་དང་༔ བཞི་པ་ལྔ་པ་རང་གཞུང་གི༔ ཡོན་ཏན་ལྡན་བཞིན་ལས་ལ་སྦྱར༔ ལས་ཀྱི་དངོས་གྲུབ་གཞུང་མཐུན་འགྲུབ༔ ལར་ནི་བཅང་རུང་ཐོད་པ་གང་༔ སྟོང་པ་ཁ་སྦུབ་ལ་མི་འཇོག༔ རིན་ཆེན་དར་ཟབ་འབྲུ་སྨན་སྤོས༔ གང་དང་གང་གིས་བཀང་བ་ཡི༔ དེ་དང་དེ་ཡི་དངོས་གྲུབ་འབྱུང་༔ དེ་ཕྱིར་མཁས་པས་བརྟག་ཅིང་བརྟེན༔ ཨེ་མ་སྙིང་པོའི་མན་ངག་འདི༔ མ་འོངས་དོན་དུ་པདྨས་བྲིས༔ གཏེར་དུ་སྦས་ཏེ་རྒྱ་ཡིས་བཏབ༔ དངོས་གྲུབ་འཐོབ་པའི་མན་ངག་གོ༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་གྲགས་པས་ཤིང་མོ་ཡོས་ལོ་ལ་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་། ས་ཕོ་རྟ་ལོ་ལ་ཤོག་སེར་ལས་ཕབ་པའོ། །ཟབ་ཟབ་མང་ཡང་ཟབ་འདོག་ཕྲན་བུ་ཞིག་ཡོད་འདོག་རང་ཁ། མཁས་མཁས་མང་ཡང་པདྨ་ཐོད་ཕྲེང་འདི་མཁས་འདོག་རང་ཁ། ཅེས་སྤྲང་པོས་སྨྲས་སོ། །མངྒ་ལཾ།། །།


previousདངོས་གྲུབ་འབྱུང་གནས་ཐོད་པའི་བརྟག་པ།next