Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་ཆེན་པོའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེས་བུ་ཆེན་པོའི་བསྐང་བ།next

སྐྱེས་བུ་ཆེན་པོའི་བསྐང་བ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྐྱེས་བུ་ཆེན་པོའི་བསྐང་བ་བཞུགས༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ དམ་ཅན་སྐྱེས་བུ་ཆེན་པོ་ཡི༔ ཐུགས་དམ་བསྐང་བའི་རིམ་པ་ནི༔ དབེན་ཞིང་དྭངས་ལ་འཇིགས་རུང་གནས༔ མ་མོ་མཁའ་འགྲོ་འདུ་བའི་གླིང་༔ དུར་ཁྲོད་དམ་ནི་ཤིང་གཅིག་དྲུང་༔ རྣལ་འབྱོར་བསམ་གཏན་རྐྱེན་བཟློག་གམ༔ དགྲ་ལ་རྦད་དམ་འཕྲིན་ལས་བཅོལ༔ འཁུ་བཟློག་ཆེའམ་རྦོད་གཏོང་རྒྱས༔ ཆགས་ཆེ་ཉམ་ང་མཚན་མ་ངན༔ རྨི་ལྟས་ལོག་སོགས་གང་བྱུང་ཡང་༔ བསྐང་བའི་འཕྲིན་ལས་འདི་ལྟར་བརྩམ༔ དཀྱིལ་འཁོར་མདའ་གང་གྲུ་བཞིའི་སྟེང་༔ ཆང་དང་ར་ཁྲག་ཆག་ཆག་གདབ༔ ལྕགས་སམ་ཟངས་སོགས་སྣོད་ཆེན་དུ༔ ནས་ནག་ཕྱེ་ལ་རི་རབ་ནི༔ བང་རིམ་གསུམ་པ་བཟོས་པའི་སྟེང་༔ སྐྱེས་བུའི་ལྕགས་མཁར་ཐོག་དགུ་པ༔ མདའ་ཡབ་སྤུ་ཤུས་བརྒྱན་པའི་སྟེང་༔ དཔལ་བཤོས་ར་མགོས་མཚན་པ་བཞག༔ རྩེ་ལ་སྐུ་གཟུགས་ཙག་ལི་བཏགས༔ དར་ནག་མཐོན་མཐིང་གུར་ཡང་ཕུབ༔ ལྕགས་མཁར་ཕྱོགས་བཞི་དགུ་རིམ་ལ༔ མི་རོ་བམ་གྱི་རྒྱལ་མཚན་ནི༔ སུམ་ཅུ་རྩ་དྲུག་ལེགས་པར་བཙུགས༔ སྐུ་མཁར་ཕྱོགས་བཞི་མཚམས་བརྒྱད་དུ༔ སྡེ་བརྒྱད་བཤོས་བུ་ཟུར་གསུམ་བརྒྱད༔ ལིང་ག་བརྒྱད་ཀྱིས་བརྒྱན་པ་བཤམས༔ མཆེད་ཟླ་བསྟན་མ་དགེ་བསྙེན་དང་༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ལ༔ བྷ་ལིང་གཏོར་མ་མཐེབ་སྐྱུ་དང་༔ ཤ་དུམ་ཅི་མང་བཏབ་པར་བྱ༔ སྐུ་མཁར་དེ་ཡི་རྩེ་མོ་ན༔ བདུད་བྱ་མཁའ་ལྡིང་ནག་པོ་དགུ༔ སྐུ་མཁར་དེ་ཡི་ལོགས་དག་ཏུ༔ རྟ་ནག་དགུ་དང་ར་རོག་དགུ༔ གཡག་ནག་དགུ་སོགས་གཟུགས་འགྲོས་གཟུགས༔ སྐུ་མཁར་དེ་ཡི་རྨང་ཞོལ་ན༔ སྟག་གཟིག་དོམ་དྲེད་འཕར་སྤྱང་ཁྱི༔ དགུ་དགུའི་གཟུགས་འགྲོས་འགོད་པར་བྱ༔ གཟུགས་འགྲོས་དེ་དག་ཐམས་ཅད་ལ༔ རང་རང་གཟུགས་ཀྱི་ཤ་སྤུ་ཚིལ༔ གང་འཛོམ་གདབ་ཅིང་གཞན་ཡང་ནི༔ ར་ཡི་དབང་པོ་རྣམ་ལྔ་དང་༔ ཤ་སྣ་སྙིང་སྣ་ཁྲག་སྣས་བརྒྱན༔ དར་ཚོན་སྤྱན་གཟིགས་འདོད་ཡོན་ལྔ༔ འཕྱར་དར་གཡབ་དར་རྟེན་རྫས་དང་༔ སྤྱན་གཟིགས་ཀ་ཆ་དཀོར་ཆ་དཀྲམ༔ གྷ་ན་ཚོགས་ཀྱི་ཡོ་བྱད་དང་༔ ཕྱི་ནང་མཆོད་པ་ཅི་འབྱོར་བཤམས༔ ལས་གཞུང་བསྲང་ཞིང་མཆོད་བསྟོད་བསྙེན༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་བསྐྱེད༔ ལྟ་བའི་གཟེངས་བསྟོད་དགོངས་པ་སྤར༔ ར་གསུར་གཏོང་ཞིང་རྔ་གླིང་འཁྲོལ༔ སྐྱེས་བུ་འཁོར་བཅས་བྱོན་པར་བསམས༔ དར་ནག་གཡབ་ཅིང་སྔགས་འདིས་འབོད༔ ཛཿཧཱུྃ་བཾ་ཧོ་རྡོ་རྗེ་འབར་བ་རྩལ་ཧས་བྱ་ཧུས་བྱ༔ ཀླེ་ཀད་ཀྱེ་ཚུར་སྤྱོད་ཚུར་སྤྱོད༔ བཛྲ་ཨདྒུ་ཤ་ཡ་ཛཿཛཿ ར་ཐོད་དུ་སྨན་ཕུད་དང་ར་ཡི་དབང་པོ་རྣམ་ལྔའི་ཕྱེ་མ་བླུགས་པ་མཆོད་ཅིང་འདི་སྐད་དོ༔ ཀྱེ་དགོངས་ཤིག་དམ་ཅན་འཁོར་དང་བཅས༔ སྲུང་མ་དམ་ལ་མི་དགོངས་ཅི་ལ་དགོངས༔ རྒྱ་མཚོའི་ཆུ་ལ་མི་འཐུང་ཅི་ལ་འཐུང་༔ རྒྱལ་བའི་བཀའ་ལ་མི་ཉན་ཅི་ལ་ཉན༔ བདེན་པའི་ཚིག་ལ་མི་གསན་ཅི་ལ་གསན༔ མཆོད་པའི་རྫས་ལ་མི་དགྱེས་ཅི་ལ་དགྱེས༔ དམ་ཅན་འཁོར་བཅས་མཆོད་ཅིང་བསྐང་བའི་རྫས༔ བྱ་ནག་རྟ་ནག་གཡག་ནག་ར་སྐྱེས་དང་༔ སྟག་གཟིག་དོམ་དྲེད་འཕར་སྤྱང་ཁྱི་ནག་ཚོགས༔ སྨན་གཏོར་རཀྟ་སྐུ་མཁར་དར་ནག་གུར༔ བམ་གྱི་རྒྱལ་མཚན་ཤ་སྣ་སྙིང་སྣ་སྟོང་༔ ར་ཡི་དབང་པོ་རྣམ་ལྔ་ཕྲེང་བར་སྦྲེལ༔ གྷ་ནའི་ལོངས་སྤྱོད་སྤྱན་གཟིགས་དཀོར་ཆ་དང་༔ དར་ནག་གོ་མཚོན་ལ་སོགས་མཆོད་པའི་རྫས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དགེ་བསྙེན་ཆེན་པོའི་དམ་ཚིག་ལ་དམིགས་ཤིང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས་ལ་འབུལ༔ སྔོན་ཚེ་བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་ཆེན་པོའི་དམ་ཚིག་རྗེས་དགོངས་ལ༔ ཐུགས་དམ་མ་གཡེལ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་བདག་ནི་རིགས་འཛིན་སྒྲུབ་པ་པོ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང་༔ ཁྱོད་ནི་སྲུང་མ་མཐུ་རྩལ་ཅན༔ སྔོན་ཚེ་ཞལ་བཞེས་བསྟན་སྲུང་ཆེ༔ དམ་ཚིག་རྗེས་བསྐུལ་གནས་འདིར་གཤེགས༔ ཆད་པའི་གཞུང་ལ་མཉམ་བསྲུང་འཚལ༔ བདག་ཀྱང་དམ་ལས་མི་འདའོ༔ ཁྱོད་ཀྱང་དམ་ལས་མ་འདའ་ཞིག༔ འོ་སྐོལ་གཉིས་ཀྱི་དམ་ཚིག་ནི༔ ཅི་ལ་བབས་ཀྱང་མི་འདའོ༔ དམ་ལྡན་རྣལ་འབྱོར་བདག་ཅག་གིས༔ དོ་ནུབ་ཁྱེད་ཀྱི་ཐུགས་དམ་བསྐང་༔ དོ་ནུབ་ཉམས་ཆག་ཞིག་རལ་གསོ༔ དོ་ནུབ་མཛའ་བའི་གཞུང་ཞིག་བསྲང་༔ དོ་ནུབ་མཉེས་པའི་ཟས་ཤིག་འདྲེན༔ དོ་ནུབ་སྔ་མའི་གཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ༔ དོ་ནུབ་འདོད་པའི་གསོལ་བ་འདེབས༔ དོ་ནུབ་བཅོལ་བའི་འཕྲིན་ལས་དགོངས༔ བསྒྲུབ་བོ་སྲུང་མ་གོང་མ་གཡེལ༔ བསྐུལ་ལོ་དགེ་བསྙེན་ཕྲག་མ་དོག༔ རྦད་དོ་འབར་བ་མཐུ་མ་ཆུང་༔ ལས་ལ་བསྐུལ་ལོ་བང་མ་བུལ༔ ཀྱེ་སྐྱེས་བུ་ཆེན་པོ་དགོངས་སུ་གསོལ༔ དགེ་བསྙེན་ཆེན་པོ་དགོངས་སུ་གསོལ༔ གཏེར་བདག་ཆེན་པོ་དགོངས་སུ་གསོལ༔ ཨ་ཇོ་ཆེན་པོ་དགོངས་སུ་གསོལ༔ དམག་དཔོན་ཆེན་པོ་དགོངས་སུ་གསོལ༔ ཇག་དཔོན་ཆེན་པོ་དགོངས་སུ་གསོལ༔ ཚོང་དཔོན་ཆེན་པོ་དགོངས་སུ་གསོལ༔ དགྲ་ལྷ་ཆེན་པོ་དགོངས་སུ་གསོལ༔ གཡའ་སྤང་སྐྱེས་ཅིག་དགོངས་སུ་གསོལ༔ རྡོ་རྗེ་འབར་བ་དགོངས་སུ་གསོལ༔ མགར་བ་ནག་པོ་དགོངས་སུ་གསོལ༔ སྤྲུལ་པ་ཆེན་པོ་དགོངས་སུ་གསོལ༔ རིག་འཛིན་སྲོག་ཤིང་དགོངས་སུ་གསོལ༔ སྡེ་བརྒྱད་དབང་ཕྱུག་དགོངས་སུ་གསོལ༔ འཛམ་གླིང་སྐྱེས་མཆོག་དགོངས་སུ་གསོལ༔ ཐེའུ་རང་སྟོང་སྡེ་དགོངས་སུ་གསོལ༔ དགྱེས་སྡེ་བསྟན་མ་དགོངས་སུ་གསོལ༔ སྤྲུལ་པའི་མཆེད་ཟླ་དགོངས་སུ་གསོལ༔ ལྷ་དམག་འབུམ་སྡེ་དགོངས་སུ་གསོལ༔ ཀླུ་དམག་འབུམ་སྡེ་དགོངས་སུ་གསོལ༔ བཙན་དམག་འབུམ་སྡེ་དགོངས་སུ་གསོལ༔ བདུད་དམག་འབུམ་སྡེ་དགོངས་སུ་གསོལ༔ གཤིན་རྗེ་འབུམ་ཡང་དགོངས་སུ་གསོལ༔ མ་མོ་འབུམ་ཡང་དགོངས་སུ་གསོལ༔ གཟའ་རྒོད་འབུམ་ཡང་དགོངས་སུ་གསོལ༔ སྤྲུལ་པ་ཡང་སྤྲུལ་དགོངས་སུ་གསོལ༔ ཕོ་ཉ་ལས་བྱེད་དགོངས་སུ་གསོལ༔ དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཀྱེ་དོ་ནུབ་དམ་ཅན་འཁོར་བཅས་ཀྱི༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང་༔ རྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ འཕྱར་དར་ནག་པོས་ཐུགས་དམ་བསྐང་༔ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར༔ ཉི་ཟླ་པདྨས་ཐུགས་དམ་བསྐང་༔ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ དམར་ཆེན་གཏོར་མས་ཐུགས་དམ་བསྐང་༔ བཏུང་བའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་ཁྲག་སྣས་ཐུགས་དམ་བསྐང་༔ དམ་ཚིག་གཉན་པོ་བསྲེ་བའི་ཕྱིརཿ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཤ་སྣ་སྙིང་སྣས་ཐུགས་དམ་བསྐང་༔ འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ མི་ལྤགས་གཡང་གཞིས་ཐུགས་དམ་བཀང་༔ རྒྱན་ཀྱི་དམ་རྫས་ཡིན་པའི་ཕྱིར༔ མི་མགོའི་ཕྲེང་བས་ཐུགས་དམ་བསྐང་ཿ དྲག་པོའི་དམ་རྫས་ཡིན་པའི་ཕྱིར༔ ཐུན་ཟོར་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཕྱི་ཡི་རྟེན་རྫས་ཡིན་པའི་ཕྱིར༔ ར་སྐྱེས་བརྗིད་ལྡན་ཐུགས་དམ་བསྐང་༔ ནང་གི་རྟེན་རྫས་ཡིན་པའི་ཕྱིར༔ བྱ་རོག་རྒྱལ་མཚན་ཐུགས་དམ་བསྐང་༔ གསང་བའི་རྟེན་རྫས་ཡིན་པའི་ཕྱིར༔ མདའ་སྨྱུག་དར་ཟབ་ཐུགས་དམ་བསྐང་༔ ཁྱད་པར་དམ་རྫས་ཡིན་པའི་ཕྱིར༔ དབང་པོ་རྣམ་ལྔས་ཐུགས་དམ་བསྐང་༔ ཤངས་ཀྱི་མཆོད་པ་ཡིན་པའི་ཕྱིར༔ ར་གསུར་དུད་པས་ཐུགས་དམ་བསྐང་༔ དུག་ལྔའི་རྟོག་པ་གཞོམ་པའི་ཕྱིར༔ ཛ་གད་ཆང་གིས་ཐུགས་དམ་བསྐང་༔ སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ ལོངས་སྤྱོད་དངོས་གྲུབ་སྩོལ་བའི་ཕྱིར༔ འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་༔ སྤྱན་གྱི་མཆོད་རྫས་ཡིན་པའི་ཕྱིར༔ སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང་༔ སྙན་གྱི་མཆོད་པ་ཡིན་པའི་ཕྱིར༔ རོལ་མོ་སྒྲ་ཡིས་ཐུགས་དམ་བསྐང་༔ རྟག་ཏུ་མི་འབྲལ་འགྲོག་པའི་ཕྱིར༔ རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་༔ རྒྱུན་དུ་མི་འབྲལ་འགྲོག་པའི་ཕྱིར༔ རྒྱུན་ཀྱི་གཏོར་མས་ཐུགས་དམ་བསྐང་༔ ཉམས་པའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ འཁོར་དང་སྤྲུལ་པས་ཐུགས་དམ་བསྐང་༔ ཐུགས་ཀྱི་དགྱེས་སྡེ་ཡིན་པའི་ཕྱིར༔ བསྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར༔ ལྷ་དམག་འབུམ་གྱི་ཐུགས་དམ་བསྐང་༔ དགྲ་བགེགས་གནས་ནས་འགུགས་པའི་ཕྱིར༔ བདུད་དམག་འབུམ་གྱི་ཐུགས་དམ་བསྐང་༔ དམག་དཔུང་དགྲ་ལ་འགྱེད་པའི་ཕྱིར༔ སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་༔ ཉམས་པའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ བཙན་དམག་འབུམ་སྡེའི་ཐུགས་དམ་བསྐང་༔ དམ་ཉམས་ཆམ་ལ་འབེབས་པའི་ཕྱིར༔ གཤིན་རྗེ་འབུམ་གྱི་ཐུགས་དམ་བསྐང་༔ དགྲ་བགེགས་སྙིང་ཁྲག་གཞོམ་པའི་ཕྱིར༔ གནོད་སྦྱིན་འབུམ་གྱི་ཐུགས་དམ་བསྐང་༔ དགྲ་ལ་སྨྱོ་འབོག་གཏོང་བའི་ཕྱིར༔ རྒྱལ་པོ་འབུམ་སྡེའི་ཐུགས་དམ་བསྐང་༔ གཡས་ཀྱི་རུ་སྣ་འདྲེན་པའི་ཕྱིར༔ མཆེད་ཟླའི་ཚོགས་ཀྱི་ཐུགས་དམ་བསྐང་༔ གཡོན་གྱི་རུ་སྣ་འདྲེན་པའི་ཕྱིར༔ མ་མོ་འབུམ་སྡེའི་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ལྟ་བ་ཡངས་པས་ཐུགས་དམ་བསྐང་༔ སྤྱོད་པ་ཞིབ་མོས་ཐུགས་དམ་བསྐང་༔ མཁའ་ལྟར་ཁྱབ་པས་ཐུགས་དམ་བསྐང་༔ མུན་ལྟར་གཏིབས་པས་ཐུགས་དམ་བསྐང་༔ སྔགས་དང་ཕྱག་རྒྱས་ཐུགས་དམ་བསྐང་༔ བཀའ་དང་བདེན་པས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་དེ་བསྐངས་ལ༔ གཡར་དམ་གཉན་པོ་ཁྱོད་ཀྱིས་སྩོལ༔ ཀྱེ་དོ་ནུབ་ཁྱེད་ལ་འཁོན་སྦྱོང་ངོ་༔ ཉེས་ལྟུང་སྒྲིབ་པ་ཅི་མཆིས་བཤགས༔ ཕྱིན་ཆད་མི་བགྱིད་སྡོམ་པར་བགྱིད༔ སྲུང་མ་ཆེན་པོ་དམ་ཚིག་ཅན༔ རྒྱང་ངེ་ཡ་ལེ་མ་མཛད་པར༔ རྩེ་གདུང་དུང་སེམས་ཅི་ཆེར་མཛོད༔ བདག་གིས་ཚོར་བ་མ་ཉམས་ཀྱང་༔ ཁྱེད་ཀྱི་ཐུགས་དང་འགལ་སྲིད་པས༔ མཐོལ་བཤགས་བསྐང་ངོ་དག་གྱུར་ཅིག༔ རྩ་བ་ཡན་ལག་དམ་ཚིག་ཉམས༔ ལྟ་སྤྱོད་ཏིང་འཛིན་ལོག་དང་འཁྲུལ༔ སྐུ་གསུང་ཐུགས་དང་ཅི་འགལ་བ༔ དོ་ནུབ་བསྐང་ཞིང་བཤགས་པར་བགྱིད༔ སྲུང་མ་ཁྱོད་ཀྱང་དམ་ལ་དགོངས༔ གྲོགས་ལ་གཞུང་མེད་མི་སྲིད་ཀྱི༔ འཛའ་བོ་གདུང་མེད་ཅང་སྲིད་དམ༔ ཟས་ལ་ངོ་མེད་མི་སྲིད་ཀྱི༔ མནའ་ཟན་ཁྲེལ་མེད་ཅང་སྲིད་དམ༔ རྣལ་འབྱོར་དམ་མེད་མི་སྲིད་ཀྱི༔ ཆོས་སྐྱོང་མཐུ་མེད་ཅང་སྲིད་དམ༔ ཟས་ཀྱི་ངོ་ཞིག་ཁྱོད་ཀྱིས་གྱིས༔ ཆད་པའི་གཞུང་ནི་བདག་གིས་བསྲང་༔ སྨྲས་པའི་ཚིག་འདི་ཁྱོད་ཀྱིས་གསོན༔ བསྐུལ་བའི་གཉེར་འདི་བདག་ལ་ཡོད༔ བཅོལ་བའི་ལས་འདི་མྱུར་དུ་སྒྲུབས༔ སྨྲས་སོ་ཆད་དོ་དམ་ཚིག་ཅན༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ སངས་རྒྱས་བསྟན་པ་བཤིགས་པ་དང་༔ བླ་མའི་སྐུ་ལ་བསྡོ་བ་དང་༔ རྣལ་འབྱོར་བདག་ལ་དགྲ་བྱུང་ན༔ ཚང་ཟླར་འདུག་ཀྱང་སྒྲོལ་ལ་ཤོག༔ གཏད་དོ་གཉེར་རོ་མཐུ་རྩལ་ཅན༔ སྲུང་མ་ཁྱོད་དང་རྣལ་འབྱོར་བདག༔ བསྐལ་པ་ཞིག་ཀྱང་མི་འབྲལ་ལོཿ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཆགས་ཆེ་ཉམས་ང་མཚན་མ་ངན༔ རྐྱེན་ངན་བར་ཆད་ཐམས་ཅད་ཟློག༔ བྱད་ཀ་ཕུར་ཁ་ཡམས་ཁ་ཡང་༔ གཏད་ཁ་ཁྲམ་ཁ་ཐམས་ཅད་ཟློག༔ རྦོད་གཏོང་རྦད་འདྲེ་བྱུར་ཁ་གྱོད༔ མི་ཁ་གླིང་བཞི་དགྲ་འདྲེ་ཟློག༔ ལྟས་ངན་ཡེ་འབྲོག་རྨི་ལྟས་ངན༔ སྡེ་བརྒྱད་ཟ་ཁ་ཟུག་པ་ཟློག༔ ཚེ་སྲོག་ཉམས་དང་བླ་ཁྱེར་འཁྱམས༔ ཡེ་ཤེས་འཇིག་རྟེན་བསུན་མ་ཟློག༔ ཆོས་སྐྱོང་ཆེན་པོ་མཐུ་རྩལ་ཅན༔ རྣལ་འབྱོར་མི་ནོར་འཁོར་བཅས་ལ༔ སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ༔ བསྲུང་དང་སྐྱོབ་པར་མཛད་དུ་གསོལ༔ ཆོས་འཁོར་སྐྱོངས་ལ་གཙུག་ལག་སྲུངས༔ ཀ་ཅ་བསྲུང་ལ་དཀོར་ཆ་སྲུངསཿ རྟ་ཕྱུགས་སྐྱོང་ལ་བེའུ་ལུག་འཚོས༔ བྱ་ར་གྱིས་ལ་མེལ་རྩེ་མཛོད༔ བྱིང་བ་སློངས་ལ་བརྗེད་པ་བསྐུལ༔ དགྲ་ལ་བྱ་ཐོང་བདུད་བཤོལ་ཐོབ༔ བསམ་པ་ཡིད་བཞིན་བསྒྲུབ་པ་དང་༔ བཀྲ་ཤིས་དཔལ་འབར་བདེ་ལེགས་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྐང་ཞིང་འཕྲིན་ལས་བཅོལ༔ བསམས་པའི་དོན་ཀུན་ཐམས་ཅད་འགྲུབ༔ བསྐང་མདོས་བཅང་གཤེགས་ཅི་བདེར་བྱ༔ ཉ་སྟོང་དུས་ཆེན་ཐམས་ཅད་དང་༔ ནམ་དགོས་དུས་སུ་བསྐང་གསོལ་འབུང་༔ དམ་ཚིག་རྟེན་རྫས་མཆོད་པའི་རྫས༔ སྒྲུབ་རྫས་ལ་སོགས་ཚུལ་མཐུན་བསགས༔ འདི་ནི་སྲུང་མའི་མཐར་ཐུག་ཕྱིར༔ བདེ་མཆོག་བཀའ་ཡི་བསྲུང་མར་བཅོལ༔ ཚུལ་བཞིན་བསྟེན་ཅིག་མ་འོངས་བུ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཁམས་པ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཁམས་སྲིང་མོ་རྫོང་དུ་ཤོག་སེར་ལས་ཕབ་པའོ། །མངྒལཾ།། །།


previousསྐྱེས་བུ་ཆེན་པོའི་བསྐང་བ།next