Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་ཆེན་པོའི་བསྐུལ་བ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེས་བུ་ཆེན་པོའི་བསྐུལ་བ་བསྡུས་པ།next

སྐྱེས་བུ་ཆེན་པོའི་བསྐུལ་བ་བསྡུས་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྐྱེས་བུ་ཆེན་པོའི་བསྐུལ་བ་བསྡུས་པ་བཞུགས༔ དཔལ་ཆེན་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དམ་ཅན་སྐྱེས་བུ་ཆེན་པོ་ཡི༔ རླུང་འཁོར་འབྲི་བའི་ཟུར་གསལ་དུ༔ འཕྲིན་ལས་བཅོལ་བའི་རིམ་པ་ནི༔ འཁོར་ལོ་རླུང་ལ་བསྐོར་ནས་ཀྱང་༔ དམིགས་པ་གནད་བསྣུན་རོལ་མོ་འཁྲོལ༔ གཙོ་འཁོར་རྣམས་ལ་བཤོས་གཏོར་བཤམས༔ སྨན་རཀ་སྦྲེང་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ནི༔ ལྕགས་རི་ནག་པོའི་ནང་ཤེད་ན༔ ལྕགས་མཁར་གནམ་དུ་ཟེངས་སེ་ཟེང་༔ འཇའ་ཚོན་སྣ་ལྔ་ལམས་སེ་ལམ༔ སྟེང་ན་དུག་སྤྲིན་ཐིབས་སེ་ཐིབ༔ ཁྲག་གི་རྒྱ་མཚོ་མེ་རེ་རེ༔ རླུང་ནག་འཚུབ་མ་ཚུབས་སེ་ཚུབ༔ གནམ་ལྕགས་ཐོག་མདའ་ཤ་ར་ར༔ རྒྱོབ་སོད་སྒྲ་སྐད་དི་རི་རི༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ རྒྱལ་བ་རྣམས་ཀྱི་བསྟན་བསྲུང་བ༔ སྐུ་མདོག་ནག་པོ་མུན་པའི་མདོག༔ ཞལ་གཅིག་ཕྱག་ནི་གཉིས་པ་སྟེ༔ གཡས་པས་རྡོ་རྗེ་མདུང་དར་བསྣམས༔ གཡོན་པས་ཐོ་བ་བདུད་ཞགས་ཐོགས༔ ཞལ་ནས་བཤུ་འདེབས་ལྷངས་སེ་ལྷང་༔ ཤངས་ནས་རླུང་ནག་ཚུབས་སེ་ཚུབས༔ ལྗགས་ནས་གློག་དམར་ཁྱུགས་སེ་ཁྱུག༔ སྤྱན་ནས་མེ་འབར་ལྷབས་སེ་ལྷབ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ༔ དབུ་ལ་ལྕགས་རྨོག་དང་རུས་བརྒྱན༔ མདའ་གཞུ་འཁོར་གསུམ་སྐེད་ལ་བསྐོར༔ དམ་ཉམས་དགྲ་ལ་རྒྱུག་པའི་ཚེ༔ བདུད་རྟ་ཆིབས་ནས་སྟོང་ཁམས་ཉུལ༔ ལས་ཀྱི་ཕོ་ཉ་མཛད་པའི་ཚེ༔ ཆིབས་སུ་སེངྒེ་དཀར་མོ་བཅིབས༔ གཙུག་ལག་སྐྱོང་ཞིང་དཀོར་བསྲུང་ཚེ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ སྣ་ཚོགས་བསྒྱུར་བའི་རྫུ་འཕྲུལ་ཅན༔ མཐུན་པའི་དམ་རྫས་འདི་ཞེས་ལ༔ གང་ལ་དམིགས་པ་ཁྱེད་ཀྱིས་ཤེས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཧཱུྃ༔ དགྱེས་སྡེ་ཡུམ་ཆེན་བསྟན་མ་སྨན༔ ཁ་རག་ཁྱུང་བཙུན་དམར་ནག་ཁྲོ༔ དགྲ་སྙིང་ཟ་ཞིང་སྟག་ལ་ཆིབས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད༔ ཧཱུྃ༔ ཤར་ནས་ཚངས་པ་སྲོག་གི་བདག༔ དཀར་སེར་དགྲ་སྙིང་ཞལ་དུ་གསོལ༔ ཆིབས་སུ་རྔམ་བྱེད་འབྲུག་ལ་བཅིབས༔ ལྷོ་ནས་ཡ་མ་རཱ་ཛ་ནི༔ སེར་ནག་ལག་ན་ཁྲམ་ཤིང་ཐོགས༔ ཆིབས་སུ་མ་ཧེ་རུ་རིང་ཆིབས༔ ནུབ་ནས་ཀླུ་བདུད་ནག་པོ་ནི༔ སྔོ་ནག་བདུད་ཀྱི་ཞགས་པ་ཐོགས༔ ཆིབས་སུ་གདུག་པ་སྦྲུལ་ལ་ཆིབས༔ བྱང་ན་བདུད་པོ་རལ་དགུ་ནི༔ ནག་པོ་བཀྲག་མེད་བདུད་ཞགས་ཐོགས༔ ཆིབས་སུ་རླུང་ནག་འཚུབ་དམར་ཆིབས༔ ཤར་ལྷོར་ཡམ་ཤུད་དམར་པོ་ནི༔ བསེ་མདུང་བ་དན་དམར་པོ་ཐོགས༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ ལྷོ་ནུབ་དྲང་སྲོང་རཱ་ཧུ་ལ༔ ལྗང་གུ་རཱ་ཡི་མདའ་གཞུ་ཐོགས༔ ཆིབས་སུ་ཆུ་སྲིན་བརྔམ་པ་ཆིབས༔ ནུབ་བྱང་སྲིན་པོ་རེ་ཏི་ནི༔ སྨུག་ནག་རྒྱུ་མའི་ཞགས་པ་ཅན༔ ཆིབས་སུ་གློག་དམར་འཁྱུག་པ་ཆིབས༔ བྱང་ཤར་མ་མོ་ཁྲག་འཛག་མ༔ ནག་མོ་འཇིགས་བྱེད་དྲེལ་རྟ་ཆིབས༔ ཀུན་ཀྱང་དམག་ཆས་གོ་མཚོན་ཅན༔ ཞུབ་ཅན་སྟོང་སྒྲ་སི་ལི་ལི༔ མཚོན་གྱི་ཆར་པ་དགྲ་ལ་འབེབས༔ སྤྲུལ་པའི་བྱ་ཚོགས་ཀླད་ལ་ལྡིང་༔ རང་འདྲའི་སྤྲུལ་པ་འབུམ་འབུམ་འགྱེད༔ ཕོ་ཉ་ཟ་གསོད་གློག་ལས་མྱུར༔ སྟག་གཟིག་དོམ་དྲེད་འཕར་སྤྱང་འབུམ༔ དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང་༔ མི་སྲུན་རབ་ཁྲོས་དྲག་རྩལ་ཅན༔ ལས་བྱེད་ཤ་ཟ་སྡེ་བརྒྱད་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམིགས་པའི་དགྲ་བོ་ལས་ངན་འདི༔ ལྷ་སྲིན་སྡེ་བརྒྱད་དཔའ་ཟས་གྱིས༔ མེ་རླུང་མཚོན་གྱི་ཆར་པ་ཕོབ༔ ནད་དང་དུག་གི་རྐྱལ་པ་གཏོར༔ དོན་སྙིང་ཇུར་མིད་གྱིས་ལ་ཤོག༔ ཀླད་ཁྲག་ཁོང་སྙིང་འཇིབ་ལ་ཤོག༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ ཏིལ་འབྲུ་ཙམ་ཡང་མེད་པར་གྱིས༔ ལྷག་མ་རྗེས་ཤུལ་མེད་པར་ཐོངས༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་འབུལ༔ མ་ཉེས་ཤགས་འདེབས་དམོད་བཅོལ་བྱ༔ རླུང་འཁོར་གྱི་རྩིབས་ལ་སྡེ་བརྒྱད་ཀྱི་གཟུང་གཅེར་བུ་ལ་སྐུ་མདོག་བསྐུལ་བ་འདི་ལྟར་འདེབས་ཞིང་ཞོན་པ་མེད་པ་འབྲིའོ༔ ས་མ་ཡཱ༔ ལར་རང་ཉེས་མི་ལ་ཐད་ན་ལ་ཡོག་འབྱུང་༔ དམ་རྫས་མ་ཚང་ན་ཚེ་ལ་གནོད༔ ལས་སྦྱོར་སྔ་ན་ཚུར་བཟློག་གོ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་སོགས་གསང་སྔགས་ཀྱི་དམ་ཚིག་དང་ལྡན་ན་གྲིབ་ལྟར་འགྲོག༔ ཡུགས་གྲིབ་ཕོག་ན་འཕྲལ་ལ་འབྲལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿགཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་བདེ་ཆེན་ཕུག་ནས་ཤིང་མོ་ཡོས་ལོར་སྤྱན་དྲངས་པ་ས་ཕོ་རྟ་ལོ་ལ་ཤོག་སེར་ལས་ཕབ་པའོ། །སརྦ་མངྒ་ལཾ།


previousསྐྱེས་བུ་ཆེན་པོའི་བསྐུལ་བ་བསྡུས་པ།next