Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་ཆེན་པོ་དགྲ་ལ་རྦད་པའི་མན་ངག་གི་ཡིག་ཆུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱེས་བུ་ཆེན་པོ་དགྲ་ལ་རྦད་པའི་མན་ངག་གི་ཡིག་ཆུང་།next

སྐྱེས་བུ་ཆེན་པོ་དགྲ་ལ་རྦད་པའི་མན་ངག་གི་ཡིག་ཆུང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྐྱེས་བུ་ཆེན་པོ་དགྲ་ལ་རྦད་པའི་མན་ངག་གི་ཡིག་ཆུང་བཞུགས་སོ༔ དཔལ་ཆེན་པོ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སྐྱེས་བུ་ཆེན་པོ་དགྲ་ལ་རྦད་པའི་མན་ངག་གི་ཡིག་ཆུང་ནི༔ སྟེགས་བུའི་ས་བདུད་དང་བཙན་སོགས་གནས་པའི་ས་ནས་བླང་ཞིང་༔ སྟེགས་བུ་གྲུ་བཞི་པའི་ལྟེ་བར་འབྲུབ་ཁུང་གྲུ་གསུམ་པར་གྱེན་དུ་བརྩེག༔ དུག་ཁྲག་དང་རོ་སོལ་གྱིས་ནག་པོར་བྱུག༔ ཁ་ཁྱེར་ལ་སྐྱེར་པའི་རྩང་ཉེར་གཅིག་ལ་ཏྲི་རེ་བྲིས་ཏེ་དགེ་བསྙེན་ཉེར་གཅིག་གི་ངོ་བོར་བསྒོམ་ཞིང་གཟུག༔ འབྲུབ་ཁུང་དེའི་ཐ་མར་སྒྲུབ་གཞུང་ནས་པདྨ་འདབ་བརྒྱད་བྲིས་ཞེས་པའི་ཚབ་ཏུ་མཚོན་གྱི་འཁོར་ལོ་རྩིབས་བརྒྱད་པ་འབྲི་ཞིང་སྡེ་བརྒྱད་ཀྱི་བཤོས་བུ་ཙཀ་ལིས་བརྒྱན་པ་གཟུགཿ བཤོས་བུ་དེ་དག་རྣམས་ལ་ཡང་ཤ་ཁྲག་སྙིང་དང་ལིངྒ་སོགས་ཀྱིས་བརྒྱན༔ འབྲུབ་ཁུང་དེའི་སྟེང་དུ་མདའ་འམ་རལ་གྲི་སོགས་གང་འབྱོར་ལ་ལྡེང་ཁྲི་རྐང་པ་གསུམ་པ་བཟོས་པའི་སྟེང་དུ་སྐྱེས་བུ་ཆེན་པོའི་བཤོས་བུ་གཞུང་ལྟར་བཤམས༔ དགྲ་བགེགས་དུ་ཡོད་ཀྱི་ལིངྒ་བྲིས་ལ་ཙ་ར་རོག་པོའི་སྙིང་ནང་དུ་བཅུག༔ དེ་ཡང་སྤྱང་ཀི་དར་མའི་ཐོད་པའི་ཁ་ནང་དུ་གཞུག་ཅིང་༔ སྤྱང་ཀིའི་སོ་དང་མཆེ་བ་རྣམས་ལ་ར་ཁྲག་གིས་བྱུག༔ སྤྱང་ཐོད་འདི་མ་ཉམས་པ་ཅིག་གལ་ཆེའོ༔ ལིངྒ་བྲིས་ནས་ལྷ་དབྱེ་ཞིང་དགུག་གཞུག་དྲག་ཏུ་བྱ་བ་དང་༔ མཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བསྡམ་པ་སོགས་ནི་ཡང་དག་པའི་གནད་དོ༔ དགྲ་བོའི་ཟག་རྫས་ལིངྒ་དང་འབྲུབ་ཁུང་གི་ནང་དུ་ཁྱབ་པར་འབྱུག་གོ༔ དེ་ནས་སྤྱང་ཐོད་འབྲུབ་ཁུང་ནང་དུ་གཞུག༔ རབས་ཆད་ཀྱི་ཐོད་པའམ་སྤྲེའུའི་ཐོད་པའི་ནང་དུ་ཡུངས་དཀར་ནག༔ ཀེ་ཚེ་ཤང་ཚེ་ལྕགས་ཕྱེ་ཟངས་ཕྱེ༔ སོ་དོག་ཐང་ཕྲོམ་འབྲུ་གུ་རྣམས་ལ་དུག་ཁྲག་གིས་ངར་བླུད་པ་ཐོད་པར་བླུགས་ཏེ་འབྲུབ་ཁུང་གི་ཟུར་གཅིག་ཏུ་བཞག༔ འབྲུབ་ཁུང་དེའི་ཟུར་ཅིག་ཏུ་གསལ་ཤིང་ལ་དགྲ་བོའི་མིང་རུས་སྡེ་མཚན་དང་བཅས་པ་དུག་ཁྲག་གིས་བྲིས་པ་ཞིག་ཀྱང་གཟུག་གོ༔ འདི་བསྒྲུབ་དུས་བདག་བསྐྱེད་ནི་དཔལ་ཆེན་པོ་རིག་འཛིན་ཐོད་པ་རྩལ་ལམ་རྡོ་རྗེ་གཏུམ་པོ་སོགས་གང་རིགས་པ་ཅིག་ཏུ་བསྒོམ་ཞིང་༔ རང་གང་ཡི་དམ་དུ་ཡིན་པ་དེའི་ལས་གཞུང་བསྲང་བར་བྱའོ༔ བཛྲ་ས་དུ་ཙ་ཧྲིང་ཛ༔ ཏྲི་པ་ཙ་ཤུ་ལ་ནྲི་ཛ༔ པྲ་ན་ས་དུ་ཚེ་ལ་འདུ་པ་ཏི༔ ཚ་མུན༔ རག་མུན༔ ཐུམ་ཐུམ་ས་དུ་རག་རྦད་རྦད༔ སྤྲོ་ཀ་ད་རི་ས་དུ་ནག་པོ་ཤོག༔ ཆཻ་མོ་མཱ་ར་ཡ་སོད་སོད༔ འབོད་རྦད་བསད་གསུམ་ཆིག་དྲིལ་མེའི་སྤུ་གྲི་འདི་སྔ་དྲོའི་ཆ་ལ་བཟླ་ཞིང་ཕྱི་དྲོ་བསྒྲུབ་གཞུང་ལྟར་བཟླ་བར་བྱའོ༔ ཁུགས་རྟགས་བྱུང་ནས་བསད་པ་ལས་འགྲིག་གཞན་དང་མཐུན་པར་སྦྱར་ཞིང་༔ སྟེགས་བུའི་ནུབ་ཕྱོགས་སུ་དུག་ཤིང་ལ་གྲུ་གསུམ་པའི་ཧོམ་བྱས་ལ༔ སྲེག་རྫས་ཙ་རའི་དབང་པོ་ལྔ༔ སྤྱང་ཐོད་ཁའི་ལིངྒ་ཙིཏྟ་དང་བཅས་པ༔ གསལ་ཤིང་གི་བྱང་བུ་རྣམས་དབུལ་ཞིང་བསྲེག་པར་བྱའོ༔ དེའི་ཐལ་བ་ལྷ་འདྲེ་གནས་སར་ཡང་གཏོར༔ ཆ་གཅིག་ནི་ལིངྒ་དང་མཉམ་དུ་ཡང་མནན་པར་བྱའོ༔ མནན་པ་རྒྱག་སའི་ས་ནི་མཆོད་རྟེན་བྱིན་བརླབས་ཅན་གྱི་འོག༔ ལྷ་ཁང་རྙིང་པའི་ཐེམ་འོག༔ བརྒྱ་ལམ་ཆེན་པོའི་བཞི་འགྲམ༔ སྒྲུབ་ཁང་གཉན་པོའི་ཐེམ་འོག༔ གནམ་ས་གྲུ་གསུམ་པའི་མདོཿ མདོར་ན་ནོན་གང་ཆེ་བར་བཟང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གལ་སྲིད་ལས་འགྱངས་ཤིང་བསྒྲུབས་པའི་རྟགས་མེད་པའི་འཁུ་བ་དང་བཟློག་པའི་རྟགས་སོགས་བྱུང་ན༔ སྐྱེས་བུའི་གཟུགས་ཤོག་བུ་འམ་རོ་རས་ཤིང་ཤུན་སོགས་ལ་མངོན་རྟོགས་ལྟར་འབྲི༔ དགྲ་བོའི་མིང་གི་སར་སྐྱེས་བུའི་མིང་རྒྱབ༔ ནྲི་ཡིག་གི་ཚབ་དུ་ཏྲི་རྒྱབ༔ རྦད་སྔགས་ཀྱིས་མཐའ་ལ་བསྐོར༔ དྲིལ་ལ་ཙིཏྟའི་ནང་དུ་བཅུག་སྟེ༔ སྤྱང་ཐོད་དུ་བསྡོམས་ནས་ཞག་གསུམ་སྲོག་སྔགས་མགོ་ཞབས་བཟློག་ལ་བསད་པའི་སྦྱོར་བ་བརྩམ༔ དེ་ལྟར་བྱས་པས་རྟགས་རྣམས་ཚད་ལ་ཕེབས་པར་འགྱུར་རོ༔ དེ་ནས་སྐྱེས་བུའི་གཟུགས་ཕྱུངས་ལ༔ སྨན་དང་དྲི་བཟང་གི་ཆུས་བཀྲུས་ཤིང་བཤགས་བསྐང་བྱ༔ ལིངྒ་སྙིང་སོགས་གོང་སྨོས་ལྟར་ལས་ལ་སྦྱོར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མནན་པས་རྒྱག་པའི་ལིངྒ་ཡང་བསད་ལིང་འབྲི་དུས་ནས་མཉམ་དུ་བྲིས་ནས༔ འབྲུབ་ཁུང་དུ་ཐུན་དང་གདབ་ལས་སོགས་བསད་ལིང་དང་འདྲ་བར་མཉམ་དུ་ལས་ལ་སྦྱར་ནས༔ སྤྱང་ཐོད་དེའི་ནང་དུ་ར་རོག་པོའི་སྙིང་ནང་དུ་བཅུག་སྟེ་མནན་པར་བྱའོ༔ ས་མ་ཡཱ༔ རྒྱ༔ ཨེ་མ་སྤྲུལ་པའི་ལས་སྦྱོར་འདི༔ གང་ལ་བརྩམས་ཀྱང་ཐོགས་མེད་སྒྲོལ༔ དམ་ཅན་གསང་བའི་དུག་མདའ་འདི༔ བསིལ་བ་ཚལ་ནས་བདག་གིས་ཕྱུངས༔ མན་ངག་གསང་བའི་ཡིག་ཆུང་འདི༔ སྙིང་གྲོགས་མཚོ་རྒྱལ་ཁྱོད་ལ་གདམས༔ གཏེར་དུ་སྦོས་ཤིག་མ་འོངས་དུས༔ བསྟན་པ་བསྲུང་བའི་མཚོན་ཆར་འགྱུར༔ ཤིན་ཏུ་གསང་བ་དམ་ཚིག་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousསྐྱེས་བུ་ཆེན་པོ་དགྲ་ལ་རྦད་པའི་མན་ངག་གི་ཡིག་ཆུང་།next