Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་བདེ་མཆོག་འཁོར་ལོའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་བདེ་མཆོག་འཁོར་ལོའི་གསོལ་འདེབས།next

བླ་མ་བདེ་མཆོག་འཁོར་ལོའི་གསོལ་འདེབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོའི་གསོལ་འདེབས་བཞུགས། ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རྣམ་དག་གསང་བ་མཆོག་གི་གཞལ་ཡས་ནས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྣང་སེམས་འཛིན་པ་གྲོལ་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །སྤྲུལ་སྐུ་པདྨ་ཐོད་ཕྲེང་ལ་གསོལ་བ་འདེབས། །བསྐྱེད་རྫོགས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །མཁའ་སྤྱོད་རྣམ་པར་དག་པའི་ཕོ་བྲང་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །སྦྱངས་སྒྲོད་མཐར་ཕྱིན་རིམ་གཉིས་ཕོ་བྲང་ནས། །ལོ་ཆེན་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །མཁྱེན་གཉིས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སྨོན་ལམ་མཐར་ཕྱིན་ཟབ་གཏེར་ཕོ་བྲང་ནས། །རིག་འཛིན་ཉི་མ་གྲགས་པ་ལ་གསོལ་བ་འདེབས། །སྐུ་བཞིའི་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །སྣང་སྲིད་གདོད་ནས་དག་པའི་གཞལ་ཡས་ནས། །གུ་རུ་བསོད་ནམས་བསྟན་འཛིན་ལ་གསོལ་བ་འདེབས། །གནས་ལུགས་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །སྨིན་གྲོལ་རིམ་པ་གཉིས་ཀྱི་ཕོ་བྲང་ནས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །སྐུ་བཞིའི་འབྲས་བུ་སྨིན་པར་བྱིན་གྱིས་རློབས། །སྣང་སྲིད་རྣམ་དག་རྒྱལ་བའི་ཕོ་བྲང་ནས། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་འབྱོང་པར་བྱིན་གྱིས་རློབས། །གཏེར་གནས་གངས་དཀར་ཏེ་སེའི་གཞལ་ཡས་ནས། །དམ་ཆོས་རྫོགས་པ་ཆེན་པོ་ལ་གསོལ་བ་འདེབས། །ཡང་ཟབ་སྙིང་པོ་ལོན་པར་བྱིན་གྱིས་རློབས། །བདེ་ཆེན་འདུ་འབྲལ་མེད་པའི་གཞལ་ཡས་ནས། །བླ་མ་བདེ་མཆོག་ཡབ་ཡུམ་ལ་གསོལ་བ་འདེབས། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་གཉིས་ཀྱི་ཕོ་བྲང་ནས། །ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་གསོལ་བ་འདེབས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །རིག་འཛིན་འདུས་པ་ཚོམ་བུའི་གཞལ་ཡས་ནས། །རིག་འཛིན་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །འཇའ་ལུས་འོད་སྐུར་གྲུབ་པར་བྱིན་གྱིས་རློབས། །བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། །བཀའ་སྲུང་ཆོས་སྐྱོང་གཏེར་བདག་ལ་གསོལ་བ་འདེབས། །འཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས། །ཅེས་གསོལ་འདེབས་ཀྱི་རིམ་པ་འདི་སྤྲང་བན་རིག་འཛིན་རྣམ་རྒྱལ་གྱིས་ཕུག་ནག་བདེ་བ་ཆེན་པོར་ས་མོ་ལུག་ལོ་ཧོར་ཟླ་བདུན་པའི་ཚེས་བཅུ་དགུ་ལ་སྦྱར་བའོ། མངྒ་ལཾ། །


previousབླ་མ་བདེ་མཆོག་འཁོར་ལོའི་གསོལ་འདེབས།next