Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་རྗེ་འབངས་ཉེར་ལྔའི་བྱིན་རླབས་དབང་གི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་རྗེ་འབངས་ཉེར་ལྔའི་བྱིན་རླབས་དབང་གི་རིམ་པ།next

རིག་འཛིན་རྗེ་འབངས་ཉེར་ལྔའི་བྱིན་རླབས་དབང་གི་རིམ་པ།

རིག་འཛིན་རྗེ་འབངས་ཉེར་ལྔའི་བྱིན་རླབས་དབང་གི་རིམ་པ་ཡོད། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རིག་འཛིན་རྗེ་འབངས་ཉེར་ལྔའི་དབང་བསྐུར་བར་འདོད་པས། ལྷ་དབང་རྫོགས་ཤིང་སྒོ་བ་ཡབ་ཡུམ་གྱི་དབང་གི་གོང་དུ། མངའ་བདག་ནམ་སྙིང་སངས་རྒྱས་ཡེ་ཤེས་གསུམ་གྱི་སྐུ་ཐོགས་ཏེཧཱུྃ་ཧྲཱི༔ མངའ་བདག་རྒྱལ་པོས་ཏིང་འཛིན་མི་གཡོ་གྲུབ། །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་བཅིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས། །ལྟ་བའི་གདེང་ལྡན་གསུམ་གྱི་དབང་བསྐུར་རོ། །རྒྱལ་བ་མཆོག་དབྱངས་མཚོ་རྒྱལ་དཔལ་གྱི་ཡེ་ཤེས་གསུམ་གྱི་སྐུ་ཐོགས་ལ། ཧཱུྃ་ཧྲཱི༔ རྒྱལ་བ་མཆོག་དབྱངས་རྟ་སྐད་ཕྱོགས་བཅུར་སྒྲོགས། །ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་བསླངས། །དཔལ་གྱི་ཡེ་ཤེས་མ་མོ་མཁའ་འགྲོ་ཁོལ། །སྒོམ་པ་ཀློང་གྱུར་གསུམ་གྱི་དབང་བསྐུར་རོ། །དཔལ་གྱི་སེང་གེ་བཻ་རོ་ཙ་ན་ཛྙཱ་ན་ཀུ་མཱ་ར་གསུམ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱི༔ དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་ཁོལ། །བཻ་རོ་ཙ་ན་སྒྲ་ཚད་ཀུན་ལ་མཁས། །ཛྙཱ་ན་ཀུ་མས་བྲག་ལས་བདུད་རྩི་འབྱིན། །སྤྱོད་པ་མཐའ་བྲལ་གསུམ་གྱི་དབང་བསྐུར་རོ། །རྡོ་རྗེ་བདུད་འཇོམས་ཡེ་ཤེས་དབྱངས་སོག་པོ་ལྷ་དཔལ་གསུམ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ རྡོ་རྗེ་བདུད་འཇོམ་མཁའ་ལ་བྱ་ལྟར་ལྡིང་། །ཡེ་ཤེས་དབྱངས་ནི་ནམ་མཁར་ཐོགས་པ་མེད། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །ཆོས་སྐུ་མངོན་གྱུར་གསུམ་གྱི་དབང་བསྐུར་རོ། །སྣ་ནམ་ཡེ་ཤེས་ཨ་ཙར་དཔལ་དབྱངས་ལྡན་མ་རྩེ་མང་གསུམ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱི༔ སྣ་ནམ་ཡེ་ཤེས་ནམ་མཁར་བྱ་ལྟར་འཕུར། །ཨཱ་ཙར་དཔལ་དབྱངས་ཏིང་འཛིན་ཟས་སུ་ཟ། །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །ལོངས་སྐུ་རྟོག་བྲལ་གསུམ་གྱི་དབང་བསྐུར་རོ། །སྐ་བ་དཔལ་བརྩེགས་འོ་བྲན་དབང་ཕྱུག་གཡུ་སྒྲ་སྙིང་པོ་གསུམ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱི༔ སྐ་བ་དཔལ་བརྩེགས་སྣང་སྲིད་ཐམས་ཅད་མཁྱེན། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། །གཡུ་སྒྲ་སྙིང་པོ་སྒྲ་ཚད་ཀུན་ལ་མཁས། །སྤྲུལ་སྐུའི་བསྟན་སྐྱོང་གསུམ་གྱི་དབང་བསྐུར་རོ། །ཤུད་བུ་དཔལ་སེང་ཁྱེའུ་ལོ་ཙཱ་དཔལ་གྱི་རྡོ་རྗེ་གསུམ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱི༔ ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་བཟློག། ཁྱེའུ་ལོ་ཙཱས་ནམ་མཁའི་བྱ་རྣམས་འཛིན། །དཔལ་གྱི་རྡོ་རྗེ་བྲག་ལ་ཐོགས་པ་མེད། །རྣལ་འབྱོར་གྲུབ་ཆེན་གསུམ་གྱིས་དབང་བསྐུར་རོ། །བློ་གྲོས་བྱང་ཆུབ་དྲན་པ་ནམ་མཁའ་རྨ་ཐོག་རིན་ཆེན་གསུམ་གྱི་སྐུ་ཐོགས་ལ། ཧཱུྃ་ཧྲཱི༔ བློ་གྲོས་བྱང་ཆུབ་ཡིད་བཞིན་ནོར་བུ་འཛིན། །དྲན་པ་ལོ་ཙཱས་བྱང་གི་གཡག་རྒོད་ཁུག། རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་བཟའ། །རྫོགས་ཆེན་བསྟན་འཛིན་གསུམ་གྱི་དབང་བསྐུར་རོ། །ལང་འགྲོ་དཀོན་མཆོག་རྒྱལ་བ་བྱང་ཆུབ་གཉིས་ཀྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱི༔ ལང་འགྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། རྒྱལ་བ་བྱང་ཆུབ་ནམ་མཁར་སྐྱིལ་ཀྲུང་བཅའ། །བོད་ཡུལ་རྨོངས་པའི་མུན་པ་སེལ་མཛད་པ། །རྒྱལ་སྲས་དམ་པ་རྣམས་ཀྱིས་དབང་བསྐུར་རོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་རིམ་པར་སློབ་མའི་སྤྱི་བོར་དབང་བསྐུར་རོ། །ཅེས་པ་རིག་འཛིན་ཉེར་ལྔའི་བྱིན་རླབས་དབང་གི་རིམ་པ་འདི་བླ་མ་བདེ་མཆོག་གི་ཆོས་སྐོར་ནང་དུ་སྒོམ་ཁོག་གི་བསྐྱེད་རིམ་ལ་འདུག་ཅིང་ལྷ་ཚོགས་འདི་རྣམས་རིག་འཛིན་གྱི་ཚོམ་བུ་ཁོ་ནར་གདའ་ཚེ། བྱིན་རླབས་དབང་གི་རིམ་པ་འདི་མ་ཚང་བ་ཁ་བསྐངས་ཀྱང་འགལ་བ་མེད་དམ་སྙམ་ནས་འདོད་ངན་གྱི་ཚིག་གི་བཅོས་བསླད་སྤངས་ཏེ། གཞུང་ཚིག་བྱིན་རླབས་ཀྱི་གནད་དུ་སེམས་ནས་མདོ་ཁམས་ཀྱི་སྤྲང་པོ་རིག་འཛིན་རྣམ་རྒྱལ་གྱིས་ཐང་ཡིག་སྡེ་ལྔའི་གཞུང་ཚིག་ལྟར་རྟ་ལོ་ཧོར་ཟླ་བཅུ་གཅིག་པའི་ཡར་ཚེས་ལ། ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཐུན་སྐབས་གཉིས་ལ་བྲིས། །མངྒ་ལཾ། །


previousརིག་འཛིན་རྗེ་འབངས་ཉེར་ལྔའི་བྱིན་རླབས་དབང་གི་རིམ་པ།next