Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཀྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཀྱི་རིམ་པ།next

རིག་འཛིན་རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཀྱི་རིམ་པ།

རིག་འཛིན་རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཀྱི་རིམ་པ་བཞུགས། ཨེ་མ་ཧོ༔ རང་བྱུང་པདྨའི་སྡོང་པོར་སྐུ་འཁྲུངས་ཤིང་། །གསུང་དབྱངས་དྲུག་ཅུའི་ཆོས་ཀྱི་སྒྲ་སྒྲོག་ཅིང་། །མ་བཅོས་སྤྲོས་བྲལ་ཆོས་སྐུའི་ངང་ལ་བཞུགས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །མངའ་བདག་རྒྱལ་པོ་ཏིང་འཛིན་མི་གཡོ་གྲུབ། །ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་བཅིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས། །ལྟ་བ་གདེང་ལྡན་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་མཆོག་དབྱངས་རྟ་སྐད་ཕྱོགས་བཅུར་སྒྲོགས། །ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་བསླངས། །དཔལ་གྱི་ཡེ་ཤེས་མཁའ་འགྲོ་བྲན་དུ་ཁོལ། །སྒོམ་པ་ཀློང་གྱུར་གསུམ་ལ་གསོལ་བ་འདེབས། །དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་ཁོལ། །བཻ་རོ་ཙ་ན་སྒྲ་ཚད་ཀུན་ལ་མཁས། །ཛྙཱ་ན་ཀུ་མས་བྲག་ལས་བདུད་རྩི་འབྱིན། །སྤྱོད་པ་མཐའ་བྲལ་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་བདུད་འཇོམས་མཁའ་ལ་བྱ་ལྟར་ལྡིང་། །ཡེ་ཤེས་དབྱངས་ནི་ནམ་མཁར་ཐོགས་པ་མེད། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །ཆོས་སྐུ་མངོན་གྱུར་གསུམ་ལ་གསོལ་བ་འདེབས། །སྣ་ནམ་ཡེ་ཤེས་ནམ་མཁར་བྱ་ལྟར་འཕུར། །ཨ་ཙར་དཔལ་དབྱངས་ཏིང་འཛིན་ཟས་སུ་ཟ། །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །ལོངས་སྐུ་རྟོག་བྲལ་གསུམ་ལ་གསོལ་བ་འདེབས། །སྐ་བ་དཔལ་བརྩེགས་སྣང་སྲིད་ཐམས་ཅད་མཁྱེན། །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། །གཡུ་སྒྲ་སྙིང་པོ་སྒྲ་ཚད་ཀུན་ལ་མཁས། །སྤྲུལ་སྐུ་བསྟན་སྐྱོང་གསུམ་ལ་གསོལ་བ་འདེབས། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་བཟློག། ཁྱེའུ་ལོ་ཙས་ནམ་མཁའི་བྱ་རྣམས་འཛིན། །དཔལ་གྱི་རྡོ་རྗེ་བྲག་ལ་ཐོགས་པ་མེད། །རྣལ་འབྱོར་གྲུབ་ཆེན་གསུམ་ལ་གསོལ་བ་འདེབས། །བློ་གྲོས་བྱང་ཆུབ་ཡིད་བཞིན་ནོར་བུ་འཛིན། །དྲན་པ་ལོ་ཙས་བྱང་ནས་གཡག་རྒོད་ཁུགས། །རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་ཟ། །རྫོགས་ཆེན་བསྟན་འཛིན་གསུམ་ལ་གསོལ་བ་འདེབས། །ལང་འགྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བ་བྱང་ཆུབ་ནམ་མཁར་སྐྱིལ་ཀྲུང་བཅའ། །བོད་ཡུལ་རྨོངས་པའི་མུན་པ་སེལ་མཛད་པའི། །རྒྱལ་སྲས་དམ་པ་རྣམས་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས། རྒྱལ་མཚན་རྩེ་མོའི་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་གྱུར་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཨོ་རྒྱན་རྗེ་འབངས་རྣམས་ཀྱི་བཀྲ་ཤིས་ཤོག། ཅེས་རིག་འཛིན་རྗེ་འབངས་ཉེར་ལྔའི་གསོལ་འདེབས་འདི་གཏེར་སྟོན་གྱིས་མཛད་པའོ། །མངྒ་ལཾ།། །།


previousརིག་འཛིན་རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཀྱི་རིམ་པ།next