Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་བདེ་མཆོག་གི་དབང་བཤད་ཤིན་ཏུ་ཉུང་ངུ་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་བདེ་མཆོག་གི་དབང་བཤད་ཤིན་ཏུ་ཉུང་ངུ་།next

བླ་མ་བདེ་མཆོག་གི་དབང་བཤད་ཤིན་ཏུ་ཉུང་ངུ་།

བླ་མ་བདེ་མཆོག་གི་དབང་བཤད་ཤིན་ཏུ་ཉུང་ངུ་ཞིག་བླ་མ་དབང་རྒྱལ་བས་དགོས་གསུངས་པ་ལྟར་བྲིས། འོ་ན་ད་ལམ་ཁྱེད་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ། བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོའི་དབང་ཞུ་སྙམ་པའི་མོས་འདུན་རྩེ་གཅིག་པའི་ངང་ནས་ལེགས་པར་ཉོན་ཅིགདེ་ཡང་གནས་ཕུན་སུམ་ཚོགས་པ་ཆོས་དབྱིངས་རིག་འཛིན་རོལ་པའི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་རིག་འཛིན་གྱི་རྒྱལ་པོ་དཔལ་ཧེ་རུ་ཀཿབདེ་མཆོག་དབང་གི་འཁོར་ལོས། འཁོར་ཕུན་སུམ་ཚོགས་པ་ཡི་དམ་དང་མཁའ་འགྲོ་དང་རིག་པ་འཛིན་པའི་ཚོགས་རྣམས་ལ། །དུས་ཕུན་སུམ་ཚོགས་པ་འབྲས་བུ་རྡོ་རྗེ་ཐེག་པ་ལ་སྤྱོད་པའི་སྐབས་སུ། ཆོས་ཕུན་སུམ་ཚོགས་པ་རིག་འཛིན་འདུས་པ་རྩ་བའི་རྒྱུད་གསུངས་ནས་མཁའ་འགྲོ་མ་རྣམས་ཀྱིས་ཡི་གེར་བཏབ་སྟེ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་གསང་སྔགས་ཆོས་ཀྱིས་འགྲོ་བ་འདྲེན་པའི་དོན་དུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཉི་མའི་འཁོར་ལོར་གཏེར་དུ་སྦས་པ་རྡོ་རྗེ་སེམས་དཔས་ལུང་བསྟན་པ་དང་། དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གདན་དྲངས་ཤིང་བོད་ཁམས་གྱི་རི་ལྗོངས་འདིར་ཕེབས་ནས་ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱིས་རྗེ་འབངས་ཉེར་ལྔ་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་ཚེ། སླར་བསམ་ཡས་མཆིམས་ཕུའི་བྲག་དམར་དགེ་གོང་དུ་ལས་ལྡན་གྱི་སློབ་མ་དེ་རྣམས་ཀྱིས་བདག་ཅག་རྣམས་ལ་བླ་མའི་སྒྲུབ་ཐབས་ལ་ཡི་དམ་གྱི་བསྐྱེད་རིམ་ཚང་བའི་ཆོས་ཤིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། སློབ་དཔོན་ཆེན་པོས་དེ་ཤིན་ཏུ་ནས་ལེགས་ཏེ་སངས་རྒྱས་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་བ་ཡིན་པས་ཁྱེད་རྣམས་ཀྱིས་གདམས་པ་འདི་བཞིན་ཉམས་སུ་ལོངས་ཤིག་གསུངས་ཏེ། རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྐྱེད་རྫོགས་དབང་དང་སྒྲུབ་ཐབས་ལས་བཞི་ཚང་བར་བཀའ་སྩལ་པ་སོ་སོས་ཉམས་སུ་བླངས་ནས་དངོས་གྲུབ་ཀུན་གྱིས་ཐོབ་པའི་ཚེ། མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་སྟེ་གུ་རུ་རིན་པོ་ཆེའི་དགོངས་པ་ལྟར་དུ་ལྷོ་རྒྱལ་འཛམ་བུའི་གླིང་གི་ཡུལ་གྱི་ལྟེ་བ་བདེ་མཆོག་དབང་གི་འཁོར་ལོའི་ཕོ་བྲང་། གངས་རིའི་རྒྱལ་པོ་ཏེ་སེར་མཁའ་འགྲོའི་གསང་མཛོད་དུ་སྦས་ཏེ་བཞག་པ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི་ལུང་བསྟན་དུས་བབས་བཞིན་དུ། ཁམས་པ་ཉི་མ་གྲགས་པས་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་རྒྱས་པའི་དུས་སུ་བདེ་ཆེན་གསང་བ་ཕུག་ནས་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོས་གཏེར། སྐུ་ཚབ་མཐོང་བ་དོན་ལྡན། དམ་རྫས་ཨ་ཐམ་མ་སྟོང་། ཧྲཱིཿ ཐམ་མ་བརྒྱ་དང་བཅས་གདན་དྲངས་ཤིང་ས་ཕོ་རྟའི་ལོ་ཧོར་ཟླ་བཅུ་པར་ཁམས་སྲིང་མོ་རྫོང་གི་ཆགས་རུ་གུ་ཧཱ་ཀཱ་ལར་ཤོག་སེར་ལས་བོད་ཀྱི་ཡི་གེར་ཕབ་སྟེ་ལོ་བཅུ་གསུམ་གྱི་གསང་རྒྱ་མཐར་ཕྱིན་དུ་ཉམས་ལེན་མཛད་ནས་བདག་ལ་གནང་བའི་དབང་ཟབ་མོ་ཞུ་སྙམ་པས་འདིའི་རྗེས་ཟློས་སོགས་གཞུང་ལྟར་བྱ། བླ་མ་དབང་རྒྱལ་གྱིས་དགོས་གསུངས་པས་མདོར་བསྡུས་ཙམ་དུ་བྲིས། །མངྒ་ལམ། ༈ཧཱུྃ་ཧྲཱིཿ བླ་མ་བདེ་མཆོག་དབང་གི་ལྷ་ཚོགས་དང་། སྐྱབས་གནས་ཀུན་འདུས་རྒྱལ་བ་རྒྱ་མཚོལ། །བདག་དང་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འཆི། གསུམ། ཧཱུྃ་ཧྲཱི༔ མར་གྱུར་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །རྩ་གསུམ་རྒྱལ་བའི་གོ་འཕང་ཐོབ་དོན་དུ། །ལུས་ངག་ཡིད་གསུམ་བསྐྱེད་རྫོགས་སྒོམ་བཟླས་བསྒྲུབ། །འགྲོ་བའི་དོན་དུ་སྐུ་གསུམ་མངོན་གྱུར་ཤོག། ཅེས་དབང་ཉུང་ངུ་ལ་སྐྱབས་སེམས་འདི་གས་བསབ་པར་བྱའོ། ༈ལར་དབང་གང་བྱེད་ཀྱང་ཆབ་གཏོང་། གཏོར་མ་ཆ་གཉིས་བསྔོ། མཎྜལ་འབུལ། མིག་དར་འགོད། སྤྱི་སྒོས་ལོ་རྒྱུས་ཀྱི་ཆོས་བཤད། གསོལ་བ་འདེབས། དམ་ཆུ་སྦྱིན། དཔུང་སྐུད་བཅིངས། ལྷ་གང་ཡིན་རིགས་ལྔའི་བསྐྱེད་རིམ། ལས་དཀྱིལ་བསྡུས་པ་ཞིག་གི་མཐར་སོ་ཤིང་འཕེན། སྒྲིབ་པ་སྦྱོང་བའི་སྒོམ་བཟླས་འབོགས། ཀུ་ཤ་གཏད། རྨི་ལམ་བརྟགས། དཀྱིལ་འཁོར་ལ་མེ་ཏོག་འདོར། གསང་མཚན་གདགས། ཅོད་པན་གྱི་དབང་སྦྱིན། མིག་དབྱེ། ལྷ་ཞལ་སྟོན། རྣམ་དག་བཤད། བརྒྱུད་རིམ་ལ་ཕྱག་དང་དཀྱིལ་འཁོར་མཎྜལ་བྱེད། སྐྱབས་སེམས་སྡོམ་གཟུང་སོགས་རང་རང་གཞུང་ལུགས་ལྟར་སྦྱིན། བསྐྱེད་རིམ་གཏད། བྱིན་དབབ། ཡེ་ཤེས་པ་བརྟན་པར་བྱ། དབང་གང་ཡིན་ལྟར་བསྐུར། དབང་གཞུང་འགའ་ཞིག་ཏུ་ཕག་མོའི་བསྐྱེད་རིམ་གྱི་བྱིན་འབེབས་ཐབས་འདུག་པ་ལྟར་བྱས་ནས། གཙོ་བོའི་བསྐྱེད་རིམ་མ་གཏད་ཀྱང་མི་འགལ། ཡང་གཙོ་བོའི་བསྐྱེད་རིམ་ལྷ་ཚོགས་ལུས་དཀྱིལ་དུ་དམིགས་པ་གཏད་ནས་ཡེ་ཤེས་པ་དབབ་ནས་ཕག་མོ་སོགས་ཀྱི་བསྐྱེད་རིམ་དགོས་རྒྱུ་མེད། འདི་དབང་རྣམས་ཀྱི་སྟ་གོན་ལ་གཞུང་རྣམས་སུ་འཁྲུགས་སྡེབས་མཛད་འདུག་པས་བརྗེད་ཐོ་ལ་བྲིས། མ་འཐུས་པར་འདུག་ན་མཐོང་བརྒྱུད་ལྟར་ཞིབ་ཆ་མཛོད། །སརྦ་མངྒ་ལམ།། །།


previousབླ་མ་བདེ་མཆོག་གི་དབང་བཤད་ཤིན་ཏུ་ཉུང་ངུ་།next