Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིན་མོ་ཟ་ལམ་མ།
   
   
   
   
   
   
   
   
   
   
   
   
   
   


 
previousསྲིན་མོ་ཟ་ལམ་མ།next

སྲིན་མོ་ཟ་ལམ་མ།

སྲིན་མོ་ཟ་ལམ་མ་བཞུགས་སོ། །སྲིན་མོ་ཟ་ལམ་གྱི་བཅའ་ཐབས་ནི། ཟངས་ལྕགས་རྫ་གསར་གང་འབྱོར་གྱི་སྣོད་དུ། ནས་སྲན་བྲ་བོ་རྣམས་ཀྱི་ངར་ཕྱེ་ཟན་དུ་བྱས་པ་ཆ་གསུམ་དུ་བགོས་པའི་ཆ་གཅིག་ལ། མི་མོ་རལ་པ་ཅན་དར་ནག་གི་གོས་གྱོན་པ། གཡས་གཏོར་ཟོར་དང་གཡོན་རྐོང་ཟོར་ཐོགས་པ་ནུ་མ་འཕྱངས་ཤིང་ཁྲོ་ཚུལ་རྔམས་ཤིང་ཞུད་པ་ཞིག་བྱ། ཆ་གཅིག་ལ་ཀོང་ཟོར་བཅུ་གསུམ་བྱས་ལ། མི་མོའི་མཐའ་མ་བསྐོར། ཆ་གཅིག་ལ་བཤོས་བུ་གྲུ་གསུམ་བཅུ་གསུམ་བྱས་ལ་ཀོང་ཟོར་དང་སྤེལ་མར་བཀོད། དེ་ལ་ཤ་ཁྲག་དང་སྙིང་སྣ། རིན་པོ་ཆེ་དང་སྨན་ཕུད། ཉ་མཁྲིས་རྣམས་ཀྱང་བླུག་ལ། སྨྲེང་གྱེར་བ་ནི་འདི་སྐད་དོ། བྷྱོ་ཟློག་བྱེད་མ་གཅིག་སྤྱན་འདྲེན་ནོ༔ སྒྱུར་བྱེད་མ་གཅིག་སྤྱན་འདྲེན་ནོ༔ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་སྡེར་མོས་ལྟས་ངན་བྷྱོ་བཟློག་ཅིག༔ སོ་སོའི་རིགས་དང་མིང་སྲིང་ལྕམ་དྲལ་ཚུལ༔ འདོད་ཅིང་ཆགས་པའི་ཚུལ་འཆང་རྣལ་འབྱོར་མ༔ བྷྱོ་དཀར་མོ་སྤྱན་གཅིག་རྡོ་རྗེ་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་རྒྱལ་པོའི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཤར་ཕྱོགས་གློ་བུར་ཡེ་འབྲོག་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཤར་ཕྱོགས་རྒྱལ་པོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་སྲིན་མོ་ཤུགས་འཆང་རིན་ཆེན་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་གཤིན་རྗེའི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ འཆི་བདག་གཤིན་རྗེའི་ཁྲམ་ལ་བཏབ་པ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་གཤིན་རྗེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་གར་གྱི་དབང་ཕྱུག་པདྨ་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་ཀླུ་ཡི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལཿ ས་བདག་ཀླུ་ཡི་བྱད་དུ་ཚུད་པ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཀླུ་ཡི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་གར་གྱི་དབང་ཕྱུག་ལས་ཀྱི་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་གནོད་སྤྱིན་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ གནོད་སྦྱིན་གདུག་པའི་གདོན་གྱིས་ཟིན་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་གནོད་སྦྱིན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ ཀོང་བཙུན་མཚོན་ཆའི་ཚོགས་ཀྱི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཕྱི་ཡི་དགྲ་སྙིང་ཐམས་ཅད་ཕེབས་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་མི་སྙིང་གློ་འཕྲོག་དགྲ་ལ་སྒྱུར༔ བྷྱོ་སྔགས་སྲུང་ཨེ་ཀ་ཛ་ཏི་རལ་གཅིག་མ༔ བདུད་པོ་སྐོས་རྗེ་བྲང་དཀར་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ བདུད་ཀྱི་རྒྱལ་པོའི་ཁྲམ་ནག་བརྐྱང་བ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་བདུད་ཀྱི་ཁྲམ་ཁ་དགྲ་ལ་བསྒྱུར༔ བྷྱོ་ཨེ་ཀ་ཛ་ཏི་ནག་མོ་གློག་མ་སྤྲིན༔ བདུད་པོ་རེ་ཏི་འགོང་ཡག་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ནག་པོ་བདུད་ཀྱིས་བྱན་པོས་བརྐུས་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་བདུད་ཀྱི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་དཀར་མོ་ཆེན་མོ་ཉི་མའི་ཐོད་འཕྲེང་ཅན༔ ཉིད་ཀྱི་མིང་པོ་གནམ་ལྷའི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ རྒྱལ་པོ་དཀར་པོས་དམང་སུ་འབེབས་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་རྒྱལ་པོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་མ་མོ་ཨེ་ཀ་ཛ་ཏི་ཐལ་མདོག་མ༔ གྲོང་གི་ཐེ་བྲང་ཁྲ་བོའི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ འབྱུང་པོ་ཐེའུ་བྲང་ཡུལ་དུ་ཕེབས་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་འབྱུང་པོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་ས་བདག་ཆེན་མོ་ནག་མོ་རལ་གཅིག་མ༔ ས་ཡི་ཐེ་བྲང་ནག་པོའི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཐེ་བྲང་རྣམས་ཀྱི་ཆོ་འཕྲུལ་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཐེ་བྲང་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ་གནམ་ལ་ཤེལ་བཟའ་ལོ་རོ་སྨན་གཅིག་མ༔ དཀར་སྐྱ་གཟའ་བདུད་རྣམས་ཀྱི་བཀའ་སྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ དྲང་སྲོང་གཟའ་ཡི་གདུག་རྩུབ་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་གཟའ་ཡི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ ཉིད་ཀྱི་མིང་པོ་བཙན་གྱི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ བཙན་གྱི་རྒྱལ་པོའི་རྟ་བབས་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་བཙན་གྱི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་ཉུལ་ལེ་འཇིགས་པ་ཁྲག་གི་རལ་གཅིག་མ༔ ཀླུ་སྲིན་ཕོ་མོ་ཡོངས་ཀྱི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཀླུ་སྲིན་རྣམས་ཀྱི་ཆོ་འཕྲུལ་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཀླུ་སྲིན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ་ལྷ་མོ་ནག་མོ་ལས་ཀྱི་དབང་མོ་ཆེ༔ སྣང་སྲིད་ལྷ་སྲིད་སྡེ་བརྒྱད་བཀའ་བསྒྱུར་ལ༔ མདོར་ན་བདག་ཅག་འཁོར་དང་བཅས་པ་ལ༔ སྣང་སྲིད་མ་མོའི་ཁྲམ་ནག་བརྐྱང་བ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་མ་མོའི་ཁྲམ་ཁ་དགྲ་ལ་སྒྱུར༔ བྷྱོ་གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག༔ ལྷ་མ་ཡིན་གྱི་རྒྱུ་ཐབས་བཟློག༔ སྐེམ་བྱེད་ལྕགས་ཀྱུས་ཟིན་པ་བཟློག༔ དྲང་སྲོང་བཀའ་ཡི་དམོད་པ་བཟློག༔ མ་མོའི་ཐུན་སྔགས་བྱུང་བ་བཟློག༔ ཕྲ་མེན་མ་ཡི་ཉེ་འབྱེད་བཟློག༔ ས་བདག་ཀླུ་ཡི་གདུག་བྱེད་བཟློག༔ ཕོ་ཉའི་རྦོད་གཏོང་བྱུང་བ་བཟློག༔ ཕུར་པའི་དབལ་ཁ་འཕེན་པ་བཟློག༔ ཡུངས་ཀར་ཟོར་ཁ་འཕེན་པ་བཟློག༔ མུ་སྟེགས་གདུག་པའི་བྱད་ཁ་བཟློག༔ བན་དེའི་ཧོམ་པར་ངན་སྔགས་བཟློག༔ ཞང་ཞུང་བོན་གྱི་བཙོ་དམར་བཟློག༔ སུམ་པའི་གླང་དང་ལིང་ཀྱང་བཟློག༔ མི་ཉག་བོལ་ལེ་ཐམས་ཅད་བཟློག༔ ཁྱུང་པོའི་བཙན་དང་ངན་བྱེད་བཟློག༔ གླང་ལ་ཐོང་ཤ་བྱེད་པ་བཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་བཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག༔ དུས་མིན་འཆི་བ་རྣམ་བརྒྱད་བཟློག༔ གཤིས་ངན་འགུམ་པ་བཅོ་ལྔ་བཟློག༔ རྨི་ལམ་མཚན་ལྟས་ངན་པ་བཟློག༔ འབྱུང་བའི་རྟེན་འབྲེལ་ངན་པ་བཟློག༔ གཞན་གྱི་བསམ་སྦྱོར་ངན་པ་བཟློག༔ ཡས་གྱི་བདུད་དུ་གཡོས་པ་བཟློག༔ མས་ཀྱི་སྲི་རུ་ལངས་པ་བཟློག༔ ལྟག་པའི་བདུད་དུ་བབས་པ་བཟློག༔ དཔྲལ་བའི་གཤེད་དུ་འཁོར་བ་བཟློག༔ ཕ་ཚན་ནང་གི་རྒྱ་འདྲེ་བཟློག༔ དར་ཚན་ནང་གི་སྟོང་འདྲེ་བཟློག༔ ཕོ་སྲི་མོ་སྲི་ཆུང་སྲི་བཟློག༔ དམ་སྲི་ཕུང་སྲི་གོད་སྲི་བཟློག༔ ཕ་མེས་དུར་སྲི་བཙན་སྲི་བཟློག༔ བདུད་ཀྱི་ཐན་ངན་འཆར་ངན་བཟློག༔ ལོ་སྐེག་ཟླ་སྐེག་བཞི་གཤེད་བཟློག༔ གནམ་ལ་ཟླ་གྲངས་འདེབས་པ་བཟློག༔ ས་ཞག་རྩིས་ལ་འདེབས་པ་བཟློག༔ གནམ་ནས་དལ་ཁ་བབས་པ་བཟློག༔ ས་ནས་དུག་ནད་ལངས་པ་བཟློག༔ དུས་ཚོད་རྩིས་ལ་འདེབས་པ་བཟློག༔ མི་ནག་སྐྱེ་བོས་ཡ་ག་བཟློག༔ ཡུལ་མི་ཁྱིམ་མཚེས་དམོད་མོ་བཟློག༔ གཡས་ནས་ཕོ་བརྒྱས་མཚོན་བརྡར་བཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་བཟློག༔ མདུན་ནས་རྩང་བཞིན་འཛུགས་པ་བཟློག༔ རྒྱབ་ནས་ཁྱི་བཞིན་འབྲེང་བ་བཟློག༔ ངོས་ལ་སྤྲེལ་ལྟར་འཛེག་པ་བཟློག༔ ལྐོག་ནས་འབུ་བཞིན་གཡེང་བ་བཟློག༔ སྲོད་ལ་ཁྱིམ་བྱ་འཚེར་བ་བཟློག༔ གུང་ལ་རྟ་ཕོ་འཚེར་བ་བཟློག༔ ཐོ་རངས་སྒོ་ཁྱི་ངུ་བ་བཟློག༔ འུག་པ་སྤོ་ལ་རྒོད་པ་བཟློག༔ སྲིན་བྱ་གོང་ཁར་འཚེར་བ་བཟློག༔ ལོག་ལ་ཝ་སྤྱང་རྒྱལ་བ་བཟློག༔ གནམ་ལ་བྱ་རྒོད་སྡེར་འཛིངས་བཟློག༔ ཕུ་ནས་ཤ་ཕོ་རུ་འཛིངས་བཟློག༔ མདའ་ནས་ཉ་མོ་རྔ་འཛིངས་བཟློག༔ བར་ནས་བུད་མེད་སྡེར་འཛིངས་བཟློག༔ མ་བུའི་བྱུར་སྲི་ཐམས་ཅད་བཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ཕས་ཀྱི་འཕུང་འདྲེ་བྱེད་པ་བཟློག༔ ཕུགས་ཀྱི་འདྲེ་ཆེན་ངན་པ་བཟློག༔ ལུས་ལ་ནད་ངན་གཏོང་བ་བཟློག༔ ཚེ་ལ་བར་གཅོད་བྱེད་པ་བཟློག༔ ས་ལ་བྱི་ལྟར་འཛུལ་བ་བཟློག༔ མཁའ་ལ་བྱ་ལྟར་ལྡིང་བ་བཟློག༔ ཐོག་ཏུ་རྦབ་ལྟར་རིལ་བ་བཟློག༔ གདུང་རིང་སྐེད་པ་ཚིགས་པ་བཟློག༔ མི་ལ་བར་དུ་གཅོད་པ་བཟློག༔ ཕྱུགས་ལ་གོད་ཁ་བྱེད་པ་བཟློག༔ མི་ཁ་སྨྲ་མཆུ་ཐམས་ཅད་བཟློག༔ ཆགས་ཆེ་ཉམས་ང་ཐམས་ཅད་བཟློག༔ བསམ་སྦྱོར་ངན་པ་གཏོང་བ་ཡི༔ སྡང་དགྲ་གནོད་བྱེད་ཐམས་ཅད་ཀུན༔ དཔལ་ཆེན་འཁོར་དང་བཅས་པ་ཡིས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ གཞིག་དང་སྤར་དང་བཏུལ་བྱས་ནས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཚལ་པ་ཚལ་པ༔ དུམ་བུ་དུམ་བུ༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ བརླག་བརླག༔ བཟློག་བཟློག༔ བྷྱོ་བྷྱོ༔ སརྦ་མངྒ་ལཾ།། །།


previousསྲིན་མོ་ཟ་ལམ་མ།next