Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་པོའི་སྦྱིན་སྲེག
   
   
   
   
   
   
   
   
   
   


 
previousདྲག་པོའི་སྦྱིན་སྲེགnext

དྲག་པོའི་སྦྱིན་སྲེག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོའི། དྲག་པོའི་སྦྱིན་སྲེག་བཞུགས་སོ། །བདེ་མཆོག་དབང་གི་འཁོར་ལོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་བདེ་མཆོག་དབང་གི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སྨིན་པར་བྱས་ཤིང་བསྙེན་པ་དང་སྒྲུབ་པའི་རིམ་པར་དྲོད་རྟགས་ཐོན་པ་དམ་ཚིག་ལ་གནས་པའི་སྔགས་པས་འཇིགས་ཤིང་སྐྱི་གཡའ་བའི་དུར་ཁྲོད་དམ་ནག་ཅིང་རྩུབ་ལ་ཁ་ལྷོར་བལྟ་བ་སོགས་དྲག་པོའི་གནས་སམ་སྐབས་སུ་བབས་བའི་གནས་སུ་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཡོད་པའི་ཕུང་གསུམ་བདུད་ཀྱི་ཉི་མ་སོགས་རབ་ཏུ་གཉན་ཅིང་རྩུབ་པའི་སྲོད་ལ་སོགས་པར། གྲོག་མཁར་གྱི་ས་ཕུང་ཤུལ་གྱི་ས་གཡུལ་བཀྱེ་བའི་ས་སོགས་ལ་སྟེགས་བུ་ནག་པོ་རྒྱར་ཁྲུ་གང་དཔངས་སུ་མཐོ་གང་པ་དུག་དང་ཁྲག་གིས་ཆག་ཆག་གདབ་པར་མཎྜལ་ནག་པོ་གྲུ་གསུམ་པ་ཐོད་ར་དང་མེ་རིས་བསྐོར་བའི་ནང་དུ་ལྷ་གྲངས་ཀྱི་ས་བོན་ནམ་ཕྱག་མཚན་ཚོམ་བུ་གང་ཚོགས་བྲིས་པའི་ཁར་སྐྱེར་བ་སོགས་དུག་དང་ཚེར་མ་ཅན་གྱི་ཤིང་དུག་ཁྲག་གིས་སྦགས་པ་གྲུ་གསུམ་དུ་བརྩིགས། གཡོན་དུ་མེ་སྲོག་འཛིན་པའི་རྫས་ཚེར་མ་ཅན་གྱི་ཤིང་ཟུར་གསུམ་པ་སོར་བཅུ་གཉིས་སྦོམ་ཕྲ་མཐེའུ་ཆུང་ཙམ་དུ་གཞོགས་པ་ལ་དུག་ཁྲག་གིས་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ཅེས་བྲིས་པའི་རྩ་རྩེར་དུག་ཁྲག་དང་མར་ནག་ཚིལ་ཆེན་གྱིས་སྦགས་པ་གང་མང་། རྩ་བའི་རྫས་དགྲ་བགེགས་གང་ལ་བྱེད་པའི་གཟུགས་དགྲ་ཡིན་ན་ཟག་རྫས་སོགས་དྲི་མ་དྲུག་གིས་བགོས་པ་བརྒྱ་རྩ་བརྒྱད། དྲག་པོའི་རྫས་མི་རྟ་ཁྱི་གསུམ་སོགས་ཀྱི་ཤ་སྣ་བག་ཕྱེ་དང་བསྲེས་པའི་སྐྱུ་གུ་གྲུ་གསུམ་པའི་ནང་དུ་གནོད་བྱེད་ཀྱི་མིང་རུས་དུག་ཤོག་ལ་དུག་ཁྲག་གིས་བྲིས་ཏེ་བཅུག་པ། གནད་ཀྱི་རྫས་སྦལ་སྤྲུལ་ཉ་ཁྱི་སོགས་ཀྱི་ཤ །ར་དུག་ཐང་ཕྲོམ་བཙན་དུག་བོང་དུག་ཐར་ནུ་སོགས་དུག་སྣ་རྣམས་དང་བསྲེས་པ། གསོད་པའི་རྫས་གྲི་ལྕགས་བྲག་ཐོག་གིས་བཤིགས་པ་གནམ་ནས་བབས་པའི་འཁར་ཟངས་བརྡར་བའི་ཕྱེ་མ། མྱོས་པའི་རྫས་མར་ནག་དམེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་ནག་ཡུངས་ཀར་ལྕེ་ཚ་དབྱི་མོང་སྲུབ་ཀ་སྟེ་ཚ་བ་གསུམ། རྫས་དེ་རྣམས་ལྕགས་སམ་བྷནྡྷའི་སྣོད་དུ་རིམ་པར་འགོད། གོ་ཡུ་མར་དང་སྦྱར་བའི་སོ་རྩི། ལས་མཐུན་གྱི་གོས་ཟུང་རྣམས་བཤམས། གཡས་སུ་མཆོད་ཡོན་ཞབས་བསིལ་གྱིས་ཐོག་དྲངས་པའི་ཉེར་སྤྱོད་འཇིག་རྟེན་པ་དང་འདས་པའི་སྨན་རཀ་གཏོར་མཆོད། མདུན་དུ་རྡོར་དྲིལ་དགང་གཟར་བླུགས་རླུང་གཡབ་མེ་ཏོག་ལས་བུམ་སོགས་ཉེ་བར་མཁོ་བ་རྣམས་བཤམས། བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཚོགས་ལྷག་ཡན་གྲུབ་ནས་ལས་བུམ་གྱི་ཁར་གཟུངས་ཐག་བཀོད་དེ། སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པ་ཆེན་པོའི་ངང་ཉིད་ལས། །ལས་བུམ་ཁྲོ་བོའི་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །པད་ཉིར་ཧཱུྃ་ལྗང་འཕྲོ་འདུ་ལས། །བདུད་རྩི་འཁྱིལ་བ་རྔམ་ཞིང་ཁྲོ། །གཡས་གཡོན་རྒྱ་གྲམ་སྡིགས་མཛུབ་ལྗང་། །རབ་འཇིགས་ཁྲོ་བོའི་ཆ་ལུགས་རྫོགས། །སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོས། གནོད་བྱེད་ལོག་འདྲེན་མི་བསྲུན་ཚོགས། བསྐྲད་གཟིར་མནན་བསྲེགས་རྡུལ་དུ་བརླག། ཚུར་འདུས་བུམ་པའི་ཆུ་དང་འདྲེས། །ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་གང་འགྲུབ་བཟླས་རྗེས། ཁྲོ་བོའི་དབང་པོ་འོད་དུ་ཞུ། །བདུད་རྩི་བུམ་ཆུའི་རྣམ་པར་གྱུར། ཞེས་བསྒྲུབ། དེ་ནས་སྔགས་པ་བདུད་ཆས་སུ་ཞུགས་ཏེ་མི་བསྲུན་པའི་ལོག་འདྲེན་མཐའ་དག་དྲག་པོའི་འཕྲིན་ལས་ཀྱི་སྟོབས་ཀྱིས་བཏུལ་ཏེ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ་བའི་སེམས་བསྐྱེད་དང་ལྡན་པས་རོལ་མོ་འཁྲོལ་ཞིང་འཛབ་དབྱངས་བཟླ། འགྱིང་བག་གི་སྟབས་ཀྱིས་མེ་ཐབ་ལན་གསུམ་བསྐོར་ཏེ། མེ་ཐབ་ཀྱི་དབུས་སུ་ཧཱུྃ་དམར་ནག་རམ་གྱིས་མཚན་པ་ལས་མེ་དཔུང་དམར་ནག་ཚ་ཞིང་རྩུབ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་གདོན་བགེགས་འབྱུང་པོ་ཐམས་ཅད་མིང་ཡང་མི་གྲག་པར་ཐལ་བའི་རྡུལ་དུ་བརླགཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྣོ་དབལ་མཚོན་ཆ་འབར་བའི་ས་གཞི་ར་བ་དྲ་གུར་ཡེ་ཤེས་ཀྱི་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོས་རབ་ཏུ་གཏམས་པར་གྱུར་པར་བསམས་ཞིང་། ཧཱུྃ༔ བསྐལ་བའི་མེ་ཆེན་འབར་པའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གདོན་བགེགས་འབྱུང་པོ་བར་དུ་གཅོད་པའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་མདག་འབར་བའི་སྦྲང་བུ་བཞིན་དུ་བསྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར༔ འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲི་ཧེ་རུ་ཀ༔ ཧཱུྃ་ཕཊ༔ ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཨོཾ་སུམ་བྷཱ་ནི་སོགས་བརྗོད། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། ལས་བུམ་གྱི་ཆུ་འཐོར་ཞིང་སྲེག་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྷནྡྷ་ལྕང་ལོར་བཅས་པ་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ་ནྲི་ཏྲི་ཡོངས་སུ་གྱུར་པ་ལས་དགྲ་བགེགས་གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ། རྣམ་པ་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། བྱེད་ལས་ལྷ་ཚོགས་མ་ལུས་པའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་དགྱེས་པ་བསྐྱེད་པར་ནུས་པའི་རབ་འབྱམས་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར་པར་བསམས་ཞིང་། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྟ་ཨཱཿཧཱུྃ་གིས་མཆོད་རྫས་དང་། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿནྲི་ཏྲི་མཱ་ར་ཡ་ཛཿཛཿ ལན་གསུམ་གྱིས་སྲེག་རྫས་རྣམས་བྱིན་གྱིས་བརླབ། དེ་ནས་གདོལ་བའམ་བཤན་པའམ་དམེ་ཕོ་ཡུགས་ས་གང་རུང་ནས་མེ་བླངས་ལ་ཐབ་ཏུ་སྦར་ཞིང་། ཧཱུྃ༔ བྱང་གི་ཕྱོགས་ནས་མེ་སྦར་མས༔ གནོད་སྦྱིན་ལག་ནས་མེ་ལོང་ལ༔ དྲག་པོའི་མེ་ནི་སྦར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབས་ཤིག༔ ཨཱོཾ་ཨགྣཱེ་ཡེ་ཧ་བྱ་ཀ་བྱ་ཆེ་གེ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ རླུང་གཡབ་ཀྱིས་གཡབ་ཅིང་། ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་མར་ནག་བླུགས་གཟར་བདུན་གྱིས་ཀྱང་གསོ། མེ་ཐབས་བསངས་སྦྱངས། སྟོང་པའི་ངང་ལས་རབ་འཇིགས་དྲག་པོའི་ཐབ་ཁུང་གྲུ་གསུམ་ནག་པོ་བང་རིམ་གསུམ་དང་ལྡན་ཞིང་མུ་རན་དང་ཁ་ཁྱེར་ལ་ཐོད་པའི་ཕྲེང་བ་དང་མེ་དཔུང་འབར་བས་ཀླུབས་པ་གཏིང་རབ་ཏུ་ཟབ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་རང་ཉིད་བདེ་མཆོག་འཁོར་ལོའི་ཐུགས་ཀ་ནས་སྤྲོས་པའི་རཾ་དམར་ནག་ཡོངས་སུ་གྱུར་པ་ལས། ཧཱུྃ་ཧཱུྃ་མེ་ཐབ་གྲུ་གསུམ་རྒྱ་ཆེ་ཡངས་པའི་ནང་༔ མེ་ཡི་འཁོར་ལོ་རྩིབས་སྟོང་རཾ་གྱིས་མཚན༔ མེ་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ མེ་ཡི་འཁོར་ལོ་མེ་ཡི་རྒྱལ་མཚན་དང་༔ འོག་མ་གཉིས་ཀྱིས་མེ་ཡི་ལྕགས་ཀྱུ་བསྣམས༔ དབང་དྲག་དཔལ་འབར་གཟི་བརྗིད་ལྡན་པར་བསྐྱེད༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དབང་དྲག་སྟོབས་ཀྱི་འཕྲིན་ལས་གར་དགུར་ལྡན༔ འབྱུང་བ་ཆེན་པོ་སྲེག་བྱེད་འབར་བའི་ལྷ༔ དད་པས་སྤྱན་འདྲེན་དྲག་པོའི་གཞལ་ཡས་འདིར༔ དམ་ཚིག་དབང་གིས་གཤེགས་ཤིག་ས་མ་ཡཱ༔ ཨགྣཱེ་ཡེ་དྷེ་ཝ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ དྲག་པོའི་འཕྲིན་ལས་སྒྲུབ་པའི་ཕྱིར༔ འབར་བ་མེ་ཡི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛནྟུ༔ ཞེས་གདན་དབུལ༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་སྒྲུབ་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ཨ་ལ་ལ་ཨ་ཏི་པུ་ཧོཿས་ཕྱག་བྱ། ཧཱུྃ༔ དངོས་བཤམས་ཡིད་ལས་སྤྲུལ་པ་ཡི༔ རྨད་དུ་བྱུང་བའི་ཉེར་སྤྱོད་ལྔ༔ ལོག་འདྲེན་དགྲ་བགེགས་གདུག་པ་ཅན༔ བསྒྲལ་བའི་གཟུགས་ཕུང་ལས་བྱུང་བའི༔ རྔམ་བརྗིད་ནང་གི་ཉེར་སྤྱོད་ལྔ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ བདུད་སྡེའི་སྙིང་གི་རཀྟ་དམར༔ རྨད་བྱུང་གཏོར་མའི་རི་བོ་སྟེ༔ ནམ་མཁའ་གང་བའི་མཆོད་པ་རྣམས༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས༔ ཤཔྟ་སརྦ་པཉྩ་ཨམྲྀ་ཏ་མ་ཧཱ་རཀྟ་བཱ་ལིངྟ་པཱུ་ཙ་ཁཱ་ཧི། ཞེས་མཆོད། ཧཱུྃ༔ ཚངས་པའི་དབང་པོ་འཇིག་རྟེན་མགོན་གྱི་སྲས། །ལས་བཞིའི་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་ལྷ། །ཡིད་ནི་རེ་སྐོང་གཟི་བརྗིད་སྣང་བའི་གཏེར། །ལོག་འདྲེན་སྲེག་བྱེད་མེ་ཡི་ལྷ་ལ་བསྟོད། ཅེས་བསྟོད་ཅིང་། དེ་ནས་བྱོན་ཟན་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་ཡིག་དམར་པོ་དང་དགང་བླུགས་ཀྱི་རྩེ་མོར་ཧཱུྃ་མཐིང་གཟི་བརྗིད་དང་ལྡན་པ་རེས་མཚན་པར་གྱུར་པར་བསམས་ཞིང་། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཞེས་པ་བདུན་གྱིས་དགང་བའི་གཟར་བླུགས་གཉིས་ཁ་སྦྱར་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་པུས་མོ་ལས་ཕྱིར་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ ཅེས་ལན་བདུན་གྱིས་ཕུལ་རྗེས༔ ཧཱུྃ༔ སྲེག་བྱེད་འབྱུང་བའི་ལྷ་ཁྱོད་ཀྱིས། །སྲེག་རྫས་ཡེ་ཤེས་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བརྗོད། དེ་ནས་ཡམ་ཤིང་ལ། ཨཱོཾ་ཨགྣཱེ་ཡེ་ཛྙཱ་ན་ཡ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ ཅེས་དང་མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམས་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ རྫས་གཞན་རྣམས་ལ། ཧཱུྃ༔ སྲེག་བྱེད་འབར་བ་དྲག་པོ་མེ་ཡི་ལྷ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །དགྲ་བགེགས་ལོག་པར་འདྲེན་པའི་གཟུགས་ཕུང་དང་། །དྲག་པོའི་རྫས་དང་གནད་འབེབས་གསོད་དང་མྱོས། །རབ་ཏུ་ཚ་བའི་རྫས་མཆོག་འདི་ཕུལ་བས། དམིགས་པའི་དགྲ་བགེགས་གཏན་ནས་བརླག་པར་མཛོད། ཨཱོཾ་ཨགྣཱི་ཀྲོ་ཏ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་རྩ་བའི་རྫས་ནས་ཚ་བའི་རྫས་ཀྱི་བར་རྣམས་ལ་བདུན་ནམ་ཉེར་གཅིག་སོགས་ལོངས་སྐབས་དང་བསྟུན་ཏེ་འབུལ། ཧཱུྃ༔ ཚངས་པའི་དབང་པོ་འཇིག་རྟེན་མགོན་གྱི་སྲས། །ལས་བཞིའི་སྟོབས་ཀྱི་འཁོར་ལོས་སྒྱུར་པའི་ལྷ༔ ཡིད་ནི་རེ་སྐོང་གཟི་བརྗིད་སྣང་བའི་གཏེར། །ལོག་འདྲེན་སྲེག་བྱེད་མེ་ཡི་ལྷ་ལ་བསྟོད། ཧཱུྃ༔ སྲེག་བྱེད་འབྱུང་བའི་ལྷ་ཁྱོད་ཀྱིས། །སྲེག་རྫས་ཡེ་ཤེས་ལྷར་འབུལ་ཞིང་། མེ་ཡང་ཡེ་ཤེས་མེར་མཛད་ནས། །དྲག་པོའི་འཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་ཅིང་འཕྲིན་ལས་བཅོལ། ཨཱོཾ་ཨགྣཱེ་ཡེ་གཙྪ་མུ༔ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོ་མཛད་པར་གྱུར་པར་བསམ་མོ། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་མེ་ལྷའི་ངོ་བོ་ནི། རབ་ཏུ་འབར་བའི་ལྟོ་བའི་ཀློང་། །ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས། རྡོ་རྗེ་བྷྲཱུྃ་གྱུར་རིན་ཆེན་གཞལ་ཡས་ཁང་༔ བདེ་བ་ཆེན་པོའི་ཕོ་བྲང་འོད་དུ་འབར༔ ཞེས་པ་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོདཿ ཅེས་པའི་བར་ལས་བྱང་བཞིན་བྱ། དེ་ལྟར་བསྟོད་པས་ལྷ་ཚོགས་ཐམས་ཅད་མཐུ་སྟོབས་ཀྱི་དཔུང་གཡོས་པས་སྐུ་མདོག་ཆར་སྤྲིན་ནག་པོ་རབ་ཏུ་རྒྱས་པའི་ཕུང་པོ་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་འབར་ཞིང་འོད་དམར་ནག་ཏུ་འཕྲོ་བ་དྲག་པོས་དགྲ་བགེགས་སྒྲོལ་བའི་ལས་ལ་དཔའ་ཞིང་སྲིད་གསུམ་ལོག་འདྲེན་བཟའ་བའི་ལས་ལ་རྔམ་པའི་སྐུར་གྱུར་པར་བསམས་ཏེ། བྱོན་ཟན་འབུལ་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་ཡིག་དམར་པོ་དང་དགང་བླུགས་ཀྱི་རྩེ་མོར་ཧཱུྃ་ཡིག་མཐིང་ནག་གཟི་བརྗིད་དང་ལྡན་པ་རེས་མཚན་པར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ ཅེས་བདུན་ནམ་གསུམ་འབུལ་དེ་ནས༼བདེ་མཆོག་དབང་གི་འཁོར་ལོའི་བསྐུལ་བ་འདོན། ༽ལིངྒ་རྣམས་ཕྱོགས་གཅིག་ཏུ་བསྒྲལ་ལས་ཕྱག་ལེན་ལྟར་བྱ། ཐོག་མར་ཡམ་ཤིང་ལ། ཧཱུྃ༔ གདུག་རྩུབ་དྲག་པོའི་ཡམ་ཤིང་ལ། །དུག་ཁྲག་ཚིལ་ཆེན་འབྲུ་མར་བྱུག། མཐུ་ལྡན་དཀྱིལ་འཁོར་ལྷར་འབུལ་ན། །དགྲ་བགེགས་དམིགས་མེད་རྒྱ་ཡིས་ཐོབ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་དང་གོང་དུ་བསྒྲལ་བའི་ལིང་རོ་རྣམས་ལ། ཧཱུྃ༔ ལོག་འདྲེན་དགྲ་བགེགས་གདུག་པ་ཅན། །བསྒྲལ་བའི་ཤ་རུས་དོན་སྣོད་རྣམས། །གཏུམ་དྲག་རྔམ་པའི་ཞལ་དུ་སྟོབ། །སྲིད་གསུམ་དགྲ་བགེགས་རྡུལ་དུ་ཐོངས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་སརྦ་སིདྡྷི་ཧཱུྃ་ཕཊཿ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་པའམ། ཡང་ན་ལིངྒ་རེ་རེའམ་ལྔ་བདུན་བཅུ་སོགས་ལ་དགུག་གཞུག་དེའི་མཐར་ལས་བྱང་གི་ཚོགས་ཐ་མའི་བསྒྲལ་ལས་དེས་བསྒྲལ་ཞིང་། དེ་ཀའི་སྟབ་པས་འབུལ་ཞིང་མཐར་རྩ་སྔགས་ལ་སྔགས་ཀྱི་ཤམ་བཅས་སྦྱར་ཡང་མཆོག་ཏུ་འགྱུར་རོ། །དྲག་པོའི་རྫས་ལ། ཧཱུྃ༔ ཤ་སྣ་སྟོང་སྦྱར་དྲག་པོའི་རྫས། །གདུག་པ་དུག་གིས་ངར་བཏབ་ནས། །ཟ་བྱེད་རྔམ་པའི་ཞལ་དུ་འབུལ། །བདུད་སྡེ་དཔུང་བཅས་དུས་མཐའ་བཏུལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿ སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ གནད་ཀྱི་རྫས་ལ། ཧཱུྃ༔ གནད་དུ་འབེབས་པའི་རྫས་རྒོད་ལ། །དམིགས་བྱ་བསྟིམས་ནས་འབུལ་ལགས་ན། །སྡང་བའི་དགྲ་དང་གནོད་པའི་བགེགས། །གནད་དུ་ཕོབ་ལ་ལུས་སེམས་ཕྲོལ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿ སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ གསོད་པའི་རྫས་ལ། ཧཱུྃ༔ ཟངས་ལྕགས་རྡོ་ཕྱེ་དྲག་པོའི་རྫས། །གནོད་བྱེད་དགྲ་བགེགས་གསོད་པའི་མཚོན། །སྣ་ཚོགས་འཁོར་ལོ་འབུལ་ལགས་ན། །ལོག་འདྲེན་བདུད་སྡེ་ཆམ་ལ་ཕོབ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿ སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ མྱོས་པའི་རྫས་ལ། ཧཱུྃ༔ མྱོས་པར་བྱེད་པ་གདུག་པའི་རྫས། །བདེ་མཆོག་འཁོར་ལོར་འབུལ་ལོ་བཞེས། །བསྟན་དང་བདག་ལ་འཚེ་བ་རྣམས། །མྱོས་སུ་ཆུག་ལ་དབང་པོ་དཀྲུགས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཚ་བའི་རྫས་ལ། ཧཱུྃ༔ འབར་བའི་ཤུགས་ལྡན་དྲག་པོའི་རྫས། །སྙིང་རྗེ་ཁྲོས་པའི་མགུལ་དུ་བསྟིམ། །ཞིང་བཅུ་བསྒྲུབ་པའི་མི་སྲུན་དགྲ། རིམས་ནད་ཚ་བའི་དབལ་གྱིས་སོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་སྤྱི་ཁྱབ་ཏུ་དེ་ལྟར་དང་། རྒྱས་པར་སྤྲོ་ན་གཙོ་འཁོར་ཐམས་ཅད་ལ་རང་གི་སྔགས་དང་བཅས་བརྒྱ་རྩ་སོགས་སྐབས་དང་སྦྱར་ཏེ་འབུལ། དེ་ནས་མར་ནག་གིས་དགང་གཟར་བཀང་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད། ཅེས་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཀྱང་བདུན་ནམ་གསུམ་གང་བདེར་འབུལ། ཧཱུྃ༔ བདེ་མཆོག་འཁོར་ལོའི་ལྷ་ཚོགས་ལ། །ལོག་འདྲེན་འབྱུང་པོ་བསྒྲལ་བ་ཡི། །ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི། །ཉེར་སྤྱོད་ལྔ་དང་སྨན་གཏོར་ཁྲག། རྔམ་བརྗིད་འཇིགས་པའི་མཆོད་པའི་ཚོགས། །འཇིག་རྟེན་ཁམས་ཀུན་བཀང་སྟེ་འབུལ། ཨོཾ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་པཱུ་ཙ་ཁཱ་ཧི། ཅེས་པས་མཆོད། ཨཱོཾ་བཛྲ་ཏམྦཱུ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ་ཞིང་། བསྟོད་པ་ནི། ཧཱུྃ་ཧྲཱིཿ གདོད་མའི་མགོན་པོ་རྒྱལ་བ་ཀུན་གྱི་ཡབ༔ ཅེས་པ་ནས། དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱིས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། ཧོཿ དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག། དཔལ་ཆེན་ཁྲོ་བོ་ཀུན་གྱི་སྤྱི་དཔལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ཡང་རྗེ། དཀྱིལ་འཁོར་གྱི་དབང་ཕྱུག་བདེ་མཆོག་དབང་གི་འཁོར་ལོ། ཤེས་རབ་ཡུམ་ཆེན་མནྡྷ་རཱ་ཝ། གོ་ཆའི་དཔའ་བོ་སྒྲུབ་ཆེན་བཀའ་བརྒྱད། རིག་འཛིན་བཞི་དང་སློབ་དཔོན་རྣམ་བཞི། རྒྱལ་བས་ལུང་བསྟན་གྲུབ་ཆེན་རྣམ་བརྒྱད། རྡོ་རྗེ་ཐེག་པའི་བཀའ་བབས་མི་དགུ། པདྨས་རྗེས་བཟུངས་གྲུབ་ཐོབ་ཉེར་ལྔ། ལས་བཞི་སྒྲུབ་པའི་སྒོ་བ་ཡབ་ཡུམ། དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་འཕྲིན་ལས་གཉན་པོ་བཅོལ་བ་ནི། སྤྱི་སྒོས་བསྟན་པའི་རཱུ་ཏྲ་ཕྱོགས་བཅུ་གང་དུ་མཆིས་ཀྱང་ཐལ་པའི་རྡུལ་དུ་རློགས་ཤིགགནོད་བྱེད་ལོག་འདྲེན་འབྱུང་པོ་སུ་དང་གང་གིས་གནོད་ཀྱང་མིང་ཡང་མེད་པར་མཛོད་ཅིགབྱད་དང་རྦད་འདྲེ་རྦོད་གཏོང་བན་བོན་གང་གིས་བཏང་ཡང་རང་གཤེད་རང་ལ་ཕོབ་ཅིགཟ་འདྲེ་གོད་འདྲེའི་རྒྱུན་ལམ་མི་ནོར་གང་ལ་ཟུག་ཀྱང་གནོད་པའི་རྒྱུན་ལམ་ཆོད་ཅིགམདོར་ན་གནོད་ཅིང་འཚེ་བར་བྱེད་པའི་དམ་སྲི་བདུད་སྡེ་དཔུང་དང་བཅས་པ་ཐམས་ཅད་མཐུ་སྟོབས་བསྐལ་མེ་འབར་བའི་ཀློང་དུ་བཞེས་ཤིགཅེས་འདོད་པའི་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། བཟོད་གསོལ་ནི། ཧཱུྃ༔ ཏིང་འཛིན་ཉམས་དང་རྫས་མ་ཚོགས། །བཟླས་བརྗོད་མ་དག་ཆོ་ག་འཁྲུལ། །དེ་སོགས་ཉམས་པ་ཅི་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པར་མཛོད། གཤེགས་གསོལ་ནི། ཧཱུྃ་ཧྲཱིཿ ཞིང་ཁམས་གཞལ་ཡས་དཀྱིལ་འཁོར་ལྷ༔ འོད་དུ་ཡལ་ནས་གཙོ་ལ་ཐིམ༔ གཙོ་བོ་སྔགས་འབྲུ་ས་བོན་ཏེ༔ ཟླ་ཚེས་ཐིག་ལེ་ནཱ་དར་ཡལ༔ དམིགས་མེད་ངང་དུ་ཨེ་མ་ཧོ༔ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་འཇིག་རྟེན་གྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། ཞེས་མཆོད་ཅིང་། གཟི་བརྗིད་འབར་བ་མེ་ཡི་ལྷ། །རིགས་སྔགས་སྒྲུབ་པའི་དྲང་སྲོང་ཆེ། །འཇིག་རྟེན་འདས་ཀྱང་སྲིད་པ་ཡི། །རྣམ་པར་རོལ་པ་ཁྱོད་ལ་འདུད། ཅེས་བསྟོད་ཅིང་། ཧཱུྃ༔ དྲག་པོའི་ཤིང་དང་དགྲ་བགེགས་གཟུགས། །དྲག་རྫས་གནད་འབེབས་གསོད་དང་མྱོས། །ཚ་བའི་རྫས་རྣམས་ལས་གྲུབ་པའི། །གཏང་རག་མཆོད་པ་འབུལ་གྱིས་བཞེས། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ མར་ཁུ་དང་། ཨཱོཾ་ཨགྣཱེ་ཡེ་ཡ་ཛྙཱ་ན་ཡ་སྭཱ་ཧཱཿ ས་ཡམ་ཤིང་དང་། རྫས་གཞན་རྣམས་ལ། ཨཱོཾ་ཨགྣཱེ་ཡེ་ཀྲོ་ཏ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱིས་མང་ཉུང་སྐབས་དང་བསྟུན་ཏེ་འབུལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཨཱོཾ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ། བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད། ཅེས་པས་གཤེགས་སྐྱེམས་འབུལ། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ། དམར་གཏོར་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་པཱུ་ཙ་ཁཱ་ཧི། གསུམ་མམ་བདུན་གྱིས་གཏོར་མ་འབུལ། སླར་ཡང་ཨཱོཾ་ཨགྣཱེ་ཡེ་ཀྲོ་ཏ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་པཱུ་ཙ་ཁཱ་ཧིས་མཆོད། ཧཱུྃ༔ ཤེས་རབ་ཡེ་ཤེས་འབར་བའི་མེས། །ཉོན་མོངས་བུད་ཤིང་ཀུན་བསྲེག་ཅིང་། །དྲག་པོའི་སྟོབས་ཀྱིས་བགེགས་འཇོམས་པའི། །ཁྲོ་ཆེན་མེ་ཡི་ལྷ་ལ་བསྟོད། ཅེས་བསྟོད་ཅིང་ཡི་གེ་བརྒྱ་པ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། གང་ཡང་བདག་བློ་གཏི་མུག་པས། ལེགས་བྱས་འདི་ལ་ཉེས་གྱུར་གང་། མེ་ལྷ་ཁྱོད་ཀྱིས་བཟོད་པར་མཛོད། ཅེས་ནོངས་པ་བཟོད་པར་གསོལ། འདོད་པའི་དོན་རྣམས་གང་ཡིན་པ། །མེ་ཡིས་ཁྲོ་བོས་བསྒྲུབས་ཟིན་པས། །གནས་སུ་གཤེགས་ཏེ་འགྲོ་བའི་དོན། །བསྒྲུབ་ཕྱིར་སླར་ཡང་འབྱོན་འཚལ་ལོ། བཛྲ་མུཿ ས་ཡེ་ཤེས་པ་གཤེགས་དམ་ཚིག་པ་མེའི་རྣམ་པར་གྱུར་པར་བསམ་མོ། དེ་ནས་ཤིས་བརྗོད་ནི། ཧཱུྃ་ཧྲཱིཿ དམིགས་མེད་ཆོས་སྐུ་དག་པ་ནས༔ ཀུན་བཟང་ཡབ་ཡུམ་བཀྲ་ཤིས་ཤོག༔ འགག་མེད་རོལ་པ་ཆེན་པོ་ནས༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས༴ཐུགས་རྗེས་འགྲོ་བ་འདུལ་བ་ནས༔ པདྨ་འབྱུང་གནས་བཀྲ་ཤིས༴རིག་འཛིན་རོལ་པའི་དཀྱིལ་འཁོར་ནས༔ བདེ་མཆོག་འཁོར་ལོའི༴ཤེས་རབ་ཡུམ་གྱི་མཁའ་ཀློང་ནས༔ མནྡ་རཱ་བའི༴ཁྲོ་བོ་རོལ་པའི་དུད་ཁྲོད་ནས༔ སྒྲུབ་པ་བཀའ་བརྒྱད༴བཀའ་འདུས་དཔལ་གྱི་ཕོ་བྲང་ནས༔ དཀྱིལ་འཁོར་ལྷ་ཚོགས༴བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཆོས་སྐྱོང་གཏེར་སྲུང་བཀྲ་ཤིས་ཤོག༔ བསྔོ་སྨོན་ནི། ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆོ་ག་འདི་བསྒྲུབས་པས༔ བདག་སོགས་འགྲོ་བ་སེམས་ཅན་རྣམས༔ རིག་འཛིན་བླ་མའི་ཕོ་བྲང་དུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ མེ་དུག་ཁྲག་གིས་གཞིལ་བའི་ཐལ་བ་ཐེམ་འོག་གམ་རྒྱ་གྲམ་ལམ་དུ་མནན་ལ་རྟ་བྲོ་བརྡུང་ཞིང་མཐའ་རྒྱས་བྱའོ། །ཞེས་པ་འདི་ཡང་ཧོར་གྱི་པཎ་ཆེན་ངག་དབང་འཇམ་དབྱངས་བློ་ལྡན་གྱིས་མཛད་པའི་དྲག་པོའི་སྦྱིན་སྲེག་ལྟར་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྦྱིན་སྲེག་ཏུ་ཁ་བསྒྱུར་བ་འདི་ཡང་ཁོ་བོ་ཉི་མ་གྲགས་པས་དཔལ་ལྡན་སྟག་མོ་སྒང་དུ་སྦྱར་བ་མངྒ་ལཾ།


previousདྲག་པོའི་སྦྱིན་སྲེགnext