Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཆོག་ཁྲིགས་སུ་བཀོད་པ་ཡོངས་འདུས་སྙེ་མ།
   
   
   
   
   
   
   
   


 
previousབླ་མ་བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཆོག་ཁྲིགས་སུ་བཀོད་པ་ཡོངས་འདུས་སྙེ་མ།next

བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཆོག་ཁྲིགས་སུ་བཀོད་པ་ཡོངས་འདུས་སྙེ་མ།

བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཆོག་བསྒྲིགས་སུ་བཀོད་པ་ཡོངས་འདུའི་སྙེ་མ་བཞུགས། །གདོད་ནས་ཡོངས་ཁྱབ་སྤྲོས་པའི་དྲི་བྲལ་དམིགས་སུ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་འགགས་དབང་པོའི་གཞུ་ལྟར་མཚན་དཔེས་རབ་བརྒྱན་ལོངས་སྤྱོད་རྫོགས། །འགྲོ་བློའི་ཆུ་འཚོར་ཟླ་བ་འབུམ་ཕྲག་ཅིར་ཡང་འཆར་བ་སྤྲུལ་པའི་གར། །བསྒྱུར་མཛད་རྩ་བརྒྱུད་ཡོངས་འཛིན་ཚོགས་ཀྱིས་བྱང་ཆུབ་བར་དུ་ལེགས་སྐྱོངས་ཤིག། བགྲང་བས་མི་དཔྱོད་ཞི་དང་ཁྲོ་བོའི་དཀྱིལ་འཁོར་རྒྱ་མཚོའི་སྤྲིན། །གང་ཐུགས་མཁའ་དབྱིངས་དྭངས་པའི་ངོས་སུ་སྤྲོ་བསྡུའི་བདེ་བ་ཆེར། །སྟོང་པའི་ཡེ་ཤེས་མཆོག་གི་རོལ་རྩེད་འབྱམས་སུ་ཀླས་པའི་ངང་། །རྟག་པ་རྒྱུན་གྱི་འཁོར་ལོར་གནས་པའི་ཧེ་རུ་ཀར་འདུད་དོ། །རྒྱལ་དང་དེ་སྲས་རིག་འཛིན་ཚོགས་རྣམས་ཀྱིས། །ཆེས་ཆེར་རབ་བསྔགས་རྡོ་རྗེའི་སློབ་དཔོན་ཉིད། །མཆོད་པའི་བསོད་ནམས་གཞལ་དུ་ནུས་མིན་ཞེས། །ལན་མང་གསུངས་པས་མི་ཕྱེད་དད་པའི་ཡུལ། །དེ་སླད་པད་འབྱུང་ཞལ་ལུང་རྡོ་རྗེའི་ཚིག། འཁྲུལ་མེད་ཕྱག་རྒྱས་བཏབ་པའི་ཟབ་མོའི་གཏེར། །འབྱིན་མཁས་འགྲོ་འདུལ་གླིང་པའི་བཞེད་སྲོལ་བཞིན། །ཉམས་སུ་བསྟར་ན་མཆོག་དོན་མངོན་དུ་བྱེད། །རབ་འབྱམས་ལས་བཞིའི་རིན་ཆེན་བང་མཛོད་མཆོག། ཀུན་གྱི་ཁ་སྐོང་བསྐྱེད་རྫོགས་ལས་གཞུང་གི། །ཆོག་ཁྲིགས་ཡོངས་འདུའི་སྙེ་མ་གཡུར་ཟ་བ། །དོན་དུ་གཉེར་བ་རྣམས་ཀྱི་དཔལ་དུ་ལོངས། །འདིར་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གར་དབང་འགྲོ་འདུལ་གླིང་པས་འཛམ་གླིང་སའི་ལྟེ་བ་ཏེ་སེ་གངས་ཀྱི་གནས་མཆོག་ནས་སྤྱན་འདྲེན་གནང་བའི་བླ་མ་བདེ་མཆོག་འཁོར་ལོའི་འཕྲིན་ལས་གཞུང་བསྲང་བའི་རིམ་པ་ནི། །གཏེར་གཞུང་ལས། མ་བཅོས་ཆོས་དབྱིངས་ངོ་བོ་ཉིད༔ དཔལ་ལྡན་རང་བྱུང་ཡེ་ཤེས་མཛོད༔ ཀུན་མཁྱེན་རྒྱལ་བའི་གསང་མཛོད་འཆང་༔ ཐོད་ཕྲེང་བདེ་མཆོག་འཁོར་ལོར་བསྟོད༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་གྱི༔ བླ་མེད་འབྲས་བུ་ཐོབ་དོན་དུ༔ ཡང་གསང་བསྒྲུབ་པའི་ལས་བྱང་ཞིག༔ རིག་འཛིན་པདྨ་བདག་གིས་འབྲི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་དུ་འགྲོ་བའི་ཆོས་དགུ་དང་༔ དངོས་གཞིའི་ལག་ཁྲིད་ཉི་ཤུ་སྟེ༔ རྗེས་ཀྱི་ལས་རིམ་བཅུ་བཞིའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་དུ་འགྲོ་བའི་ཆོས་དགུ་ལ༔ བཀའ་བསྒོ་མཚམས་གཅོད་བརྡ་སྒོ་དབྱེ༔ བརྡ་ཕྱག་དམ་བྱིན་དམ་བཅའ་བཟུང་༔ ཕྱི་ནང་གསང་མཆོད་བྱིན་གྱིས་རླབས༔ དམ་བཤགས་མ་འདྲེས་རང་གསལ་གདབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧྲཱིཿ བརྒྱུད་ལྡན་བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཏིང་འཛིན་དང་༔ མ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུས༔ མཆོག་ཐུན་དངོས་གྲུབ་བར་དུ་གཅོད་པའི་བགེགས༔ ལོག་པར་འདྲེན་པ་མ་རུང་བདུད་ཀྱི་ཚོགས༔ གསང་བའི་དཀྱིལ་འཁོར་གནས་འདིར་མ་འདུག་པར༔ རང་རང་སོ་སོའི་གནས་སུ་མྱུར་དུ་དེངས༔ གལ་ཏེ་མི་འགྲོ་གནས་འདིར་འཚེ་བྱེད་ན༔ དབང་ཆེན་ཁྲོ་བོ་ཁྲོ་མོའི་ཏིང་འཛིན་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས་པ་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ༔ དེ་བས་མ་འདུག་རང་རང་གནས་སུ་དེངས༔ བཀའ་ལྟར་མི་བྱེད་ཚོགས་རྣམས་མཱ་ར་ཡ༔ དམ་མེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ གཉིས་པ་མཚམས་གཅོད་པ་ནི༔ ཧཱུྃ་ཧྲཱིཿ ང་ནི་རྣམ་དག་སྐྱེ་མེད་དབྱིངས་ལས་ཁྲོ༔ སྐུ་ཡི་སྤྲུལ་པའི་ཁྲོ་བོས་ནམ་མཁའ་གང་༔ གསུང་གི་སྤྲུལ་པའི་ཁྲོ་མོས་བར་སྣང་གང་༔ ཐུགས་ཀྱི་སྤྲུལ་པ་སྲས་དང་བཀའ་སྡོད་འབུམ༔ གདོན་བགེགས་འབྱུང་པོ་སུ་ཡང་མ་འདའ་ཞིག༔ ཨཱོཾ་བཛྲ་གྷུ་རུ་དེ་ཝ་དྷཀྐི་ནི༔ བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ སྐྱབས་སེམས་གཏེར་སྟོན་གྱིས་མཛད་པ་ནི། ཧཱུྃ་ཧྲཱིཿ བླ་མ་བདེ་མཆོག་དབང་གི་ལྷ་ཚོགས་དང་། སྐྱབས་གནས་ཀུན་འདུས་རྒྱལ་བ་རྒྱ་མཚོ་ལ། །བདག་དང་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །ཧཱུྃ་ཧྲཱིཿ མར་གྱུར་ཕ་མ་འགྲོ་དྲུག་སེམས་ཅན་རྣམས། །རྩ་གསུམ་རྒྱལ་བའི་གོ་འཕང་ཐོབ་བྱའི་ཕྱིར། །ལུས་ངག་ཡིད་གསུམ་བསྐྱེད་རྫོགས་སྒོམ་བཟླས་བསྒྲུབ། །འགྲོ་བའི་དོན་དུ་བྱང་ཆུབ་མངོན་གྱུར་ཤོག། གསུམ་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ་ཧྲཱིཿ འཁོར་འདས་སྣང་སྲིད་བདེ་ཆེན་འོག་མིན་གནས༔ བཅུད་ཀྱི་སྐྱེ་འགྲོ་ཡེ་ནས་ཡི་དམ་ལྷ༔ དེ་ལྟར་མ་རྟོགས་མ་རིག་རྨོངས་པས་བསྒྲིབས༔ རང་བྱུང་ཡེ་ཤེས་བརྡ་ཡི་སྒོ་དབྱེ་འཚལ༔ བྷྲཱུྃ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་པྲ་ཝེ་ཤ་ཡ་ཕཊ༔ བཞི་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ གདོད་ནས་མ་སྐྱེས་རང་བྱུང་ཀུན་བཟང་དོན༔ མ་རིག་གཉིས་འཛིན་བག་ཆགས་དབང་གྱུར་པས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ༔ རང་རིག་དོན་གྱི་གནས་ལུགས་མཇལ་ཕྱག་འཚལ༔ ས་མ་ཡ༔ ཨ་ཏི་པུ་ཧོ༔ ལྔ་པ་བྱིན་དབབ་པ་ནི༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ཆེན་པོ་ནས༔ སྐྱེ་འགག་འགྱུར་མེད་སྤྲོས་པའི་མཐའ་བྲལ་ཡང་༔ སྔོན་གྱི་དམ་བཅའ་ཐུགས་རྗེས་བརྩེར་དགོངས་ནས༔ བླ་མ་བདེ་མཆོག་ཡི་དམ་དྷཀྐིའི་ཚོགས༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ མི་མངོན་དབྱིངས་ནས་གནས་འདིར་བྱིན་ཅིག་ཕོབ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་བསྐུར་དུས་འདིར་སྩོལ༔ ཨཱོཾ་བཛྲ་གྷུ་རུ་དྷེ་ཝ་དྷཱཀྐི་ནི༔ ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿདྲུག་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས༔ དུས་གསུམ་འབྲལ་མེད་རོ་གཅིག་དཀྱིལ་འཁོར་འདིར༔ མ་འདྲེས་ཡོངས་སུ་རྫོགས་པའི་ཏིང་འཛིན་གྱིས༔ སྐད་ཅིག་ཙམ་ཡང་མི་གཏོང་བསྒྲུབ་པར་བགྱིད༔ ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ བདུན་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱིཿ བླ་མ་བདེ་མཆོག་དབང་གི་དཀྱིལ་འཁོར་འདིར༔ ཕྱི་ནང་གསང་བའི་དམ་རྫས་མཆོད་པའི་ཚོགས༔ ཡེ་ནས་རྣམ་དག་བདུད་རྩིའི་རང་བཞིན་ལ༔ མ་དག་འབགས་ཚོགས་ཉེས་སྐྱོན་མིང་མེད་ཀྱང་༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ༔ གསུམཿ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གྷུ་ཡ་ས་མ་ཡེ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཐཱ༔ ཨཱོཾ་ཨཱཿཧཱུྃ་བཛྲ་པཱུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷན་དྷེ་ནཻ་ཝི་ཏེ་ཤཔྟ་ཨཱ་ཧཱུྃ་སྭཱ་ཧཱ༔ ཨཱོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་གྷ་ན་གྷུ་ཡ་སརྦ་པུཙྪ་ཧོ༔ ཧཱུྃ་ཧྲཱིཿ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ འདོད་ཡོན་ལྷ་མོ་གླུ་གར་རྒྱན་གྱིས་སྤྲས༔ བདེ་མཆོག་བླ་མ་དབང་གི་ལྷ་ལ་འབུལ༔ ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་མ་ཧཱ་པུཙྪ་ཧོ༔ བརྒྱད་པ་བཤགས་པ་ནི༔ ཧཱུྃ་ཧྲཱིཿ བླ་མ་ཡི་དམ་སངས་རྒྱས་བཅོམ་ལྡན་འདས༔ ཁྱེད་ནི་མ་བཅོས་ཆོས་སྐུ་དྲི་མ་མེད༔ བདག་ནི་ལས་ཉོན་བག་ཆགས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་བསགས་རྣམས་བཤགས༔ ཨཱོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཤུདྡྷེ་ཨཱཿདགུ་པ་རང་གསལ་གདབ་པ་ནི༔ ཧཱུྃ་ཧྲཱིཿ རིག་འཛིན་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ སྐྱེ་འགག་འགྱུར་མེད་ཐུགས་རྗེའི་འོད་ཀྱིས་སྤྲས༔ ཞི་དང་ཁྲོ་གར་གཙོ་དང་འཁོར་དུ་གསལ༔ རང་བྱུང་སེམས་ཉིད་དག་པ་གདོད་མའི་ལྷ༔ ཆོས་དབྱིངས་ཡེ་ཤེས་ངང་དུ་ལྷུན་གྱིས་གྲུབ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གྷུ་རུ་ས་མ་ཡ་སྟྭཾ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་ལག་ཁྲིད་ཉི་ཤུ་ལས༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་འོད་ཟེར་སྤྲོ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་འབུལ༔ སྨན་རཀ་གཏོར་མ་སྦྱོར་དང་སྒྲོལ༔ བསྟོད་པ་འབུལ་ཞིང་བཤགས་པ་དང་༔ འཛབ་བཟླས་ཐུགས་དམ་གནད་ནས་བསྐུལ༔ ས་མ་ཡཿ རྒྱ་རྒྱ་རྒྱཿ དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཧཱུྃ་ཧྲཱིཿ མ་བཅོས་རྣམ་དག་ཆོས་སྐུ་ཀུན་ཏུ་བཟང་༔ བདེ་མཆོག་ཆོས་དབྱིངས་འཁོར་ལོས་འདི་སྐད་སྨྲས༔ ངོ་བོ་ཉིད་སྐུ་ཀ་ནས་དག་པ་ལ༔ སྨྲ་བསམ་བརྗོད་མེད་བློ་འདས་རྫོགས་པ་ཆེ༔ གདོད་ནས་འགྱུར་མེད་ཆོས་སྐུ་སྤྲོས་དང་བྲལ༔ བརྗོད་མེད་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་འཛིན་ནི༔ ཧཱུྃ་ཧྲཱིཿ བློ་བྲལ་ཆོས་དབྱིངས་འགྱུར་མེད་དེ་ཡི་ངང་༔ མ་རིག་འཁྲུལ་པའི་ལས་ལ་སྤྱོད་པ་ཡི༔ འགྲོ་དྲུག་སེམས་ཅན་མ་ལུས་ཀུན་ཁྱབ་པའི༔ ཐུགས་རྗེས་བརྩེ་བའི་སྙིང་རྗེ་འགྲོ་ལ་བསྒོམ༔ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ་ཧྲཱིཿ རྣམ་དག་སྟོང་ཉིད་སྙིང་རྗེའི་ངང་ཅན་དེས༔ ཁམས་གསུམ་འགྲོ་བ་ཀུན་གྱི་དོན་བྱེད་ཕྱིར༔ རང་རིག་འགྱུར་མེད་གསེར་གྱི་རྡོ་རྗེ་ལ༔ ཐུགས་ཀྱི་ས་བོན་ཧཱུྃ་གིས་མཚན་པར་བསམས༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃཿ བཞི་པ་འབྱུང་བ་རིམ་བརྩེགས་ནི༔ ཧཱུྃ་ཧྲཱིཿ ཐུགས་སྲོག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ཡིས༔ འབྱུང་བཞི་མེ་ཆུ་རླུང་གིས་བསྐལ་པ་སྟོངས༔ གདོད་ནས་མ་སྐྱེས་ཆོས་དབྱིངས་ནམ་མཁའི་ངང་༔ རང་བྱུང་སྐྱེ་འགག་བྲལ་བའི་ཡི་གེ་བདུན༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲུྃ༔ སྟོང་ཉིད་མཁའ་ལ་སྟོབས་ཆེན་རླུང་གིས་བཏེག༔ རཀྟའི་རྒྱ་མཚོ་ཞིང་ཆེན་ས་གཞི་ཆེ༔ ཀེང་རུས་རི་རབ་བསྐལ་བའི་མེ་དཔུང་འབརཿ ལྔ་པ་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ་ཧྲཱིཿ རྡོ་རྗེ་བྷྲཱུྃ་གྱུར་རིན་ཆེན་གཞལ་ཡས་ཁང་༔ བདེ་བ་ཆེན་པོའི་ཕོ་བྲང་འོད་དུ་འབར༔ འཇའ་དང་འོད་དུ་འཁྱིལ་བའི་ཀློང་ཡངས་སུ༔ སྣ་ཚོགས་པད་འདབ་ཕྱི་ནང་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་དང་རྟ་བབས་མཛེས༔ བྷནྡྷ་སྐམ་རློན་སྤེལ་མར་བརྩིགས་པ་ལ༔ གནམ་ལྕགས་འབར་བའི་གཟེར་གྱིས་རབ་ཏུ་བསྡམས༔ གཟའ་ཆེན་རྒྱུ་སྐར་ལྷ་ཀླུ་འབུམ་གྱི་ཚོགས༔ རྡོ་རྗེའི་གདུང་དང་དྲལ་ཕྱམ་ཀ་བ་སྟེ༔ ཀ་ཞུ་ཡ་ཐེམ་མ་ཐེམ་མཛེས་པར་བརྒྱན༔ ཐོག་ནི་ཞིང་ཆེན་ལྤགས་པས་ཡོངས་སུ་བརྡལ༔ ཉི་ཟླ་འཇའ་ཚོན་འོད་དང་ཟེར་དུ་འཁྲིགས༔ ཕྱི་ནང་ཟང་ཐལ་མ་བཅོས་ཆོས་ཀྱི་དབྱིངས༔ སྐྱེ་འགག་འགྱུར་མེད་རང་བཞིན་ལྷུན་གྱིས་གྲུབ༔ བྷྲུྃ་བྷི་ཤ་བྷི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུྃ༔ བཾ་རུ་ཊ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྱ་མཎྜལ་བྷྲུྃ༔ ཨ་ཙཎྜ་མཎྜལ་བྷྲུྃཿ པཾ་པདྨ་མཎྜལ་བྷྲུྃ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ དྲུག་པ་དམ་ཚིག་ལྷ་བསྐྱེད་པ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཕོ་བྲང་གཞལ་ཡས་དཀྱིལ་འཁོར་དབུས༔ ཐུགས་སྲོག་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ རིན་ཆེན་ཁྲི་ལ་ལྷབ་ལྷུབ་དར་ཟབ་བརྩེགས༔ ཏི་ར་ཉི་ཟླ་པདྨ་འབར་བའི་སྟེང༔ བདག་ཉིད་ཆེ་བའི་ཆེ་མཆོག་ཐོད་པ་རྩལ༔ རིག་འཛིན་འདུས་པའི་དབང་ཕྱུག་ཧེ་རུ་ཀཿ བཅོམ་ལྡན་དཔལ་ཆེན་འཁོར་ལོ་བདེ་མཆོག་ནི༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་འགྱིང་༔ ཕྱག་གཉིས་སྣང་སྟོང་རྡོར་དྲིལ་ཡུམ་ལ་འཁྱུད༔ ཞི་འཛུམ་ཉམས་ལྡན་སྤྱན་གསུམ་ཞི་མ་ཁྲོ༔ ཐོར་ཚུགས་ཐོད་སྐམ་རིན་ཅེན་རྩེ་བྲན་སྤྲས༔ ཕྱག་གདུབ་ཞབས་གདུབ་མགུལ་ཆུན་དཔུང་རྒྱན་དང་༔ སེ་མོ་དོ་དང་སྙན་རྒྱན་མེ་ཏོག་ཕྲེང་༔ སྟག་ཤམ་སྦྲུལ་ཆུན་ཚར་གསུམ་ཐོད་པས་བརྒྱན༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞིའི་གོས༔ ཐབས་ཤེས་གཤོག་པ་ཁྲག་ཐིག་ཞག་གིས་བརྒྱན༔ དེ་ཡི་པང་ཡུམ་བདེ་སྟོང་རིག་མ་ནི༔ ལྷ་ལྕམ་མཁའ་འགྲོའི་དབང་ཕྱུག་མན་དྷ་ར༔ སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཉིས་གྲི་ཐོད་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་འཁྲིལ་སྦྱོར་རོལ༔ ཡབ་དང་ཞལ་སྦྱོར་ཁྲོ་འཛུམ་སྤྱན་གསུམ་ལྡན༔ རུས་པའི་རྒྱན་དྲུག་གཟིག་གི་ཤམ་ཐབས་ཅན༔ དབུ་སྐྲ་སྣུམ་སྦོལ་ལྕང་ལོ་མགུལ་དུ་འཕྱང་༔ ཡབ་ཡུམ་གཉིས་མེད་དར་གྱི་ཅོད་པན་འཕུར༔ ཉི་ཟླའི་རྒྱབ་ཡོལ་འོད་ཀྱི་ཀློང་དུ་བཞུགས༔ སྐབས་འདིར་ནང་སྒྲུབ་ལས་འབྱུང་བའི་གོ་ཆའི་ལྷ་དཔལ་ཆེན་པོ་བརྒྱད་ཀྱི་མངོན་རྟོགས་ནི༔ ཧཱུྃ་ཧྲཱིཿ དེ་ཡི་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ གྲི་ཐོད་ཕྱག་རྒྱ་གསང་བའི་ཡུམ་ལ་འཁྱུད༔ གནམ་ཞལ་དབྱིངས་ཕྱུག་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ མི་འགྱུར་དཔྲལ་བ་མཛོད་སྤུའི་འོད་ཀློང་དུ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ འཁོར་ལོ་སྡིགས་མཛུབ་གསང་བའི་ཡུམ་ལ་འཁྱུད༔ པེ་ཏ་ཙ་ལི་ནག་མོ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ མགྲིན་པ་གསུང་གི་རང་མདངས་འཁྱིལ་བའི་ཀློང་༔ བཅོམ་ལྡན་དཔལ་ཆེན་གསུང་མཆོག་ཧེ་རུ་ཀ༔ དམར་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོར་དྲིལ་ཕྱག་རྒྱ་གསང་བའི་ཡུམ་ལ་འཁྱུད༔ པདྨ་གཟི་ལྡན་དམར་སྐྱ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ ཐུགས་ཀར་ཆོས་དབྱིངས་ཡེ་ཤེས་འོད་ཀྱི་ཀློང་༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོར་དྲིལ་ཕྱག་རྒྱ་གསང་བའི་ཡུམ་ལ་འཁྱུད༔ བཛྲ་ཀྲོ་ཏི་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ ལྟེ་བར་སྣ་ཚོགས་འོད་ཀྱི་ཀློང་དཀྱིལ་དུ༔ བཅོམ་ལྡན་དཔལ་ཆེན་སྲས་མཆོག་ཧེ་རུ་ཀ༔ ལྗང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ གནམ་ལྕགས་ཕུར་པ་འགྲིལ་ཞིང་ཡུམ་ལ་འཁྱུད༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ བདེ་ཆེན་གསང་གནས་རང་འོད་འབར་བའི་ཀློང་༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོ་རྗེ་བྷན་དམར་གསང་བའི་ཡུམ་ལ་འཁྱུད༔ ཡུམ་ཆེན་མུ་ཁ་མཐིང་ནག་གཉིས་མེད་འཁྲིིལ༔ ཧཱུྃ་ཧྲཱི༔ གང་འདུལ་ཐབས་ཀྱི་རང་བཞིན་བརླ་གཡས་དཀྱིལ༔ བཅོམ་ལྡན་དཔལ་ཆེན་མཆོད་བསྟོད་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ རྡོ་རྗེ་ཐོད་ཁྲག་གསང་བའི་ཡུམ་ལ་འཁྱུད༔ ནག་མོ་སྲིད་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཤེས་རབ་རང་བཞིན་བརླ་གཡོན་དཀྱིལ༔ བཅོམ་ལྡན་དཔལ་ཆེན་དྲག་སྔགས་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་དོར་སྟབས་བགྲད༔ ཙིཏྟ་ཐོད་ཁྲག་གསང་བའི་ཡུམ་ལ་འཁྱུད༔ འབྱུང་བའི་བདག་མོ་མཐིང་ནག་གཉིས་མེད་འཁྲིལ༔ ཧཱུྃ་ཧྲཱི༔ དཔལ་ཆེན་ཡབ་ཡུམ་ཐམས་ཅད་ཁྲོ་གཏུམ་སྒེག༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་སྡང་མིག་བསྒྲད༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་རིན་ཅེན་བརྒྱན༔ རུས་རྒྱན་དུར་ཁྲོད་ཆས་དང་གཤོག་པ་གདེངས༔ ཆེ་མཆོག་དབུ་ལ་ཡེ་ཤེས་ཁྱུང་གིས་བརྒྱན༔ ཡུམ་རྣམས་གྲི་ཐོད་སྤྱན་གསུམ་དམར་ལ་འཁྲུག༔ དབུ་སྐྲ་ཐུར་འཕྱང་རུས་རྒྱན་གཟིག་ཤམ་སྤྲས༔ ཉི་ཟླ་པད་གདན་རང་འོད་ཀློང་དུ་བསྐྱེད༔ འཁོར་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཕྱོགས་དང་ཕྱོགས་མཚམས་པད་མ་འདབ་བརྒྱད་ལ༔ ཤར་དུ་ས་ལ་གནས་པའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་དཀར་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་དཀར་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་བསྒྱུར༔ ཧཱུྃ་ཧྲཱི༔ ལྷོ་རུ་ཚེ་ལ་དབང་བའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་སེར་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་སེར་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་བསྒྱུར༔ ཧཱུྃ་ཧྲཱི༔ ནུབ་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་དམར་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་དམར་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་བསྒྱུར༔ ཧཱུྃ་ཧྲཱི༔ བྱང་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ ཞལ་གཅིག་ཕྱག་གཉིས་ལྗང་གསལ་འཛུམ་དང་ལྡན༔ ཞབས་གཉིས་གར་སྟབས་མཁའ་འགྲོ་ལྗང་མོ་འཁྲིལ༔ ཡབ་ཡུམ་གཉིས་མེད་གྲི་ཐོད་ཕྱག་རྒྱ་བསྒྱུར༔ ཧཱུྃ་ཧྲཱི༔ ཤར་ལྷོར་ཚེ་རབས་ལས་ཀྱི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་སྔོན་པོ་འཛུམ་དང་ལྡན༔ མཁའ་འགྲོ་ལས་ཀྱི་མྱུ་གུ་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་དམ་ཚིག་དབང་གི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་སྨུག་ནག་འཛུམ་དང་ལྡན༔ མཁའ་འགྲོ་དབང་ལྡན་རྒྱལ་མོ་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཧཱུྃ་ཧྲཱི༔ ནུབ་བྱང་མན་ངག་ལུང་གི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་སེར་ནག་འཛུམ་དང་ལྡན༔ མཁའ་འགྲོ་དཔལ་གྱི་དབང་མོ་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཧཱུྃ་ཧྲཱི༔ བྱང་ཤར་ཉམས་ཆག་སྐོང་བའི་སློབ་དཔོན་ནི༔ ཞལ་གཅིག་ཕྱག་གཉིས་ལྗང་ནག་འཛུམ་དང་ལྡན༔ མཁའ་འགྲོ་འདོད་དགུར་དབང་བསྒྱུར་སྐུ་ལ་འཁྲིལ༔ ཡབ་ཡུམ་གྲི་ཐོད་གར་སྟབས་འཁྲིལ་སྦྱོར་རོལ༔ ཡུམ་རྣམས་སྐུ་མདོག་ཡབ་ཀྱི་ཚུལ་ལྟར་བསྐྱེད༔ ཧཱུྃ་ཧྲཱི༔ རིག་འཛིན་བཞི་དང་རྡོ་རྗེ་སློབ་དཔོན་བཞི༔ རང་འོད་ཡུམ་འཁྲིལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ རལ་པའི་ཐོར་ཅོག་ཐོད་སྐམ་རིན་ཅེན་སྤྲས༔ སྤྱན་གསུམ་ཁྲོ་འཛུམ་གཙོ་བོའི་ཐུགས་ཀར་གཟིགས༔ ཡུམ་རྣམས་སྤྱན་གསུམ་གཟིག་ཤམ་རུས་པས་བརྒྱན༔ དབུ་སྐྲ་ཐུར་འཕྱང་བདེ་བའི་ཉམས་དང་ལྡན༔ ཉི་ཟླ་པད་གདན་འོད་ཀྱི་ཀློང་དུ་བཞུགས༔ ཧཱུྃ་ཧྲཱི༔ དེ་ཡི་ཕྱི་རིམ་པད་མ་འདབ་བརྒྱད་ལ༔ ཤར་དུ་རིག་འཛིན་རྡོ་རྗེ་གྲུབ་པ་རྩལ༔ ཡང་དག་གྲུབ་པའི་སློབ་དཔོན་ཧཱུྃ་ཀ་ར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བྷནྡྷ་བསྣམས༔ བྲམ་ཟེའི་བུ་མོ་རྡོ་རྗེ་སྙེམས་མ་འཁྲིལ༔ ཧཱུྃ་ཧྲཱི༔ ལྷོ་རུ་རིག་འཛིན་རྡོ་རྗེ་དགའ་བ་རྩལ༔ གཤིན་རྗེ་གྲུབ་པའི་འཇམ་དཔལ་བཤེས་གཉེན་ནི༔ ཞལ་གཅིག་ཕྱག་གཉིས་བེ་ཅོན་བྷནྡྷ་བསྣམས༔ གསང་བའི་རིག་མ་འོད་ལྡན་གཞོན་དུ་འཁྲིལ༔ ཧཱུྃ་ཧྲཱི༔ ནུབ་ཏུ་རིག་འཛིན་རྡོ་རྗེ་དབང་སྡུད་རྩལ༔ དབང་ཆེན་གྲུབ་པའི་ནཱ་གཱ་རྫུ་ན་ནི༔ ཞལ་གཅིག་ཕྱག་གཉིས་པད་ཕྲེང་བྷནྡྷ་བསྣམས༔ སྤྲུལ་པའི་མཁའ་འགྲོ་བདེ་ཆེན་དཔལ་མོ་འཁྲིལ༔ ཧཱུྃ་ཧྲཱི༔ བྱང་དུ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཕུར་པ་གྲུབ་པའི་སློབ་དཔོན་པྲ་ཧ་སྟི༔ ཞལ་གཅིག་ཕྱག་གཉིས་ཕུར་པ་བྷནྡྷ་བསྣམས༔ ཐུགས་ཀྱི་གཟུང་མ་ལྷུན་གྲུབ་དབྱིངས་ཕྱུག་འཁྲིལ༔ ཧཱུྃ་ཧྲཱི༔ ཤར་ལྷོར་རིག་འཛིན་རྡོ་རྗེ་དབང་སྡུད་རྩལ༔ མ་མོ་གྲུབ་པའི་དྷ་ན་སཾ་སྐྲྀ་ནི༔ ཞལ་གཅིག་ཕྱག་གཉིས་ཆོས་འབྱུང་བྷནྡྷ་བསྣམས༔ མཁའ་འགྲོ་ལེགས་སྦྱིན་ཉི་མ་སྐུ་ལ་འཁྲིལ༔ ཧཱུྃ་ཧྲཱི༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ བདུད་རྩི་གྲུབ་པའི་བི་མ་མི་ཏྲ་ནི༔ ཞལ་གཅིག་ཕྱག་གཉིས་ཐོད་རྔ་བྷནྡྷ་བསྣམས༔ བདེ་ཆེན་རིག་མ་བྱང་ཆུབ་འོད་བྱེད་འཁྲིལ༔ ཧཱུྃ་ཧྲཱི༔ ནུབ་བྱང་རིག་འཛིན་རྡོ་རྗེ་གཤོག་རྒོད་རྩལ༔ མཆོད་བསྟོད་གྲུབ་པའི་རཾ་བུ་གྷུ་ཧྱ་ནི༔ ཞལ་གཅིག་ཕྱག་གཉིས་ཁ་ཊྭཱཾ་བྷནྡྷ་བསྣམས༔ བདེ་བའི་འབྱུང་གནས་ཆོས་དབྱིངས་དབང་མོ་འཁྲིལ༔ ཧཱུྃ་ཧྲཱི༔ བྱང་ཤར་རིག་འཛིན་རྡོ་རྗེ་ཐེབས་གཤོག་རྩལ༔ དམོད་པ་གྲུབ་པའི་ཤནྟིང་གྷརྦྷ་ནི༔ ཞལ་གཅིག་ཕྱག་གཉིས་ཐོད་དབྱུག་བྷནྡྷ་བསྣམས༔ སྦྱོར་བའི་རིག་མ་སྒེག་པའི་རྒྱལ་མོ་འཁྲིལ༔ ཀུན་ཀྱང་འོད་ལྔའི་ཀློང་ན་གར་སྟབས་འགྱིང་༔ སྐུ་མདོག་སྣ་ཚོགས་མདོག་ཅན་མི་ཤ་ཁ༔ ཐོད་སྐམ་དབུ་རྒྱན་སྟག་ཤམ་རྒྱན་དྲུག་བཏགས༔ ཡུམ་རྣམས་སྐུ་མདོག་ཡབ་ཀྱི་རང་འོད་འབར༔ ཕྱག་མཚན་གྲི་ཐོད་གཟིག་ཤམ་རུས་པས་བརྒྱན༔ པདྨ་ཉི་ཟླའི་གདན་ལ་བཞུགས་པར་བསྒོམ༔ ཧཱུྃ་ཧྲཱི༔ དེ་ཡི་ཕྱི་རོལ་གྲུ་ཆད་བར་ཁྱམས་ལ༔ བཀའ་བབས་མི་དགུ་རིག་འཛིན་ཉེར་ལྔར་བཅས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་སྒྱུར༔ ཟ་འོག་བེར་ཕྱམ་ཆོས་གོས་པད་ཞུ་མཛེས༔ བདེ་ཉམས་གར་འཁྱུག་ཁ་ཊྭཱཾ་རྩེ་གསུམ་འཆང་༔ འོད་དང་འོད་ཟེར་འབར་བའི་ཀློང་དུ་བསྒོམ༔ ཧཱུྃ་ཧྲཱི༔ སྒོ་སྐྱོང་དཔའ་བོ་དཔའ་མོ་ཡབ་ཡུམ་བརྒྱད༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་གར་སྟབས་འཁྲིལ༔ སྐུ་མདོག་དཀར་སེར་དམར་ལྗང་རང་འོད་འབར༔ རུས་པའི་རྒྱན་དྲུག་སྟག་ཤམ་དར་གྱིས་བརྒྱན༔ ཡུམ་རྣམས་སྐུ་མདོག་ཡབ་ཀྱི་ངང་ཚུལ་ལ༔ གཟིག་གི་ཤམ་ཐབས་དར་དཔྱངས་རུས་པ་འཁྲོལ༔ འབར་ཁྲོ་བགེགས་འཇོམས་ཉི་ཟླ་པད་སྟེང་གསལ༔ ཧཱུྃ་ཧྲཱི༔ གཞན་ཡང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ གནས་ཡུལ་སྐྱོང་བའི་དཔའ་བོ་དཔའ་མོ་རྣམས༔ མ་ལུས་ཏིལ་གང་ཁ་ཕྱེས་ལྟ་བུར་གསལ༔ སྣང་སྟོང་ཆོས་དབྱིངས་ཀློང་དུ་གསལ་བར་བསྐྱེད༔ བདུན་པ་འོད་ཟེར་སྤྲོ་བ་ནི༔ ཧཱུྃ་ཧྲཱི༔ དམ་ཚིག་སྐུ་དང་ཐུགས་སྲོག་ས་བོན་ལས༔ འོད་ལྔའི་ཟེར་ཐག་ཕྱོགས་བཅུའི་ཞིང་དུ་འཕྲོས༔ དུས་གསུམ་བདེ་གཤེགས་དཔའ་བོ་དཔའ་མོ་རྣམས༔ རང་བཞིན་དབྱིངས་ནས་གནས་འདིར་སྤྱན་འདྲེན་ནོ༔ བརྒྱད་པ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིནའདུས་པའི་གཙོ་མཆོག་ཧེ་རུ་ཀ༔ གར་གྱི་དབང་ཕྱུག་བདེ་མཆོག་ཡབ་ཡུམ་ལ༔ འཁོར་དུ་རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར༔ མི་མངོན་དབྱིངས་ནས་གནས་འདིར་སྤྱན་འདྲེན་གཤེགས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ ཐུགས་རྗེ་བརྩེ་བས་གནས་འདིར་གཤེགས་ཙ་ན༔ རིན་ཆེན་དབུ་རྒྱན་ཐོར་ཅོག་ལྡེམས་སེ་ལྡེམ༔ སྣ་ཚོགས་དར་གྱི་ཅོད་པན་པུར་རུ་རུ༔ གླུ་ལེན་གར་བྱེད་མང་པོ་ཁྱུགས་སེ་ཁྱུག༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལིཿ རིན་ཆེན་རྒྱན་ཆ་རུས་རྒྱན་ཁྲོ་ལོ་ལོཿ དཔའ་བོས་ཐབས་ཀྱི་བྲོ་རྡུང་ཁྲིགས་སེ་ཁྲིགཿ དཔའ་མོས་ཤེས་རབ་གླུ་ལེན་ཀྱུ་རུ་རུཿ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཡ་ལ་ལཿ མཁའ་འགྲོ་འབུམ་གྱི་མ་ཚོགས་ཐིབས་སེ་ཐིབཿ ཆོས་སྐྱོང་སྒྲོལ་བའི་ལས་བྱེད་ཁྱུགས་སེ་ཁྱུགཿ ཞུབ་ཅན་སྟོང་སྒྲ་མང་པོ་སི་ལི་ལི༔ ཕྱི་ནང་གསང་བའི་སྡེ་བརྒྱད་ཤར་ར་ར༔ གཡས་ནས་ཕོ་རྒྱུད་མང་པོ་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་མང་པོ་སྤུངས་སེ་སྤུང་༔ དར་གྱི་རུ་མཚོན་མང་པོ་ལྷུབས་སེ་ལྷུབ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོས་བཤུད་གླུ་ཀྱུ་རུ་རུ༔ དཔའ་བོ་དཔའ་མོ་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་གྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རྩ་གསུམ་བསྒྲུབ་པའི་གནས་འདིར་བྱིན་ཅིག་ཕོབ༔ སྐལ་ལྡན་རྣལ་འབྱོར་བདག་ལ་དབང་བཞི་བསྐུར༔ བརྒྱུད་འཛིན་མོས་པའི་བུ་ལ་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གྷུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཅེས་བཟླས་པས་འོག་མིན་ཞིང་དང་ལྷོ་ནུབ་པདྨ་འོད་ནས་ཨོ་རྒྱན་གྱི་རིག་འཛིན་མ་ཧཱ་གྷུ་རུ་པདྨ་ཐོད་ཕྲེང་རྩལ་འཁོར་དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས་པ་བྱིན་ཐིབས་ཐིབས་བྱོན་པར་བསམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགུ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རིན་ཆེན་གཞལ་ཡས་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་ལྷུན་གྲུབ་ཚོགས་ཁང་བྱིན་རེ་ཆགས༔ སྣ་ཚོགས་པད་མ་འདབ་བརྒྱད་མདངས་རེ་གསལ༔ ཐབས་ཤེས་ཉི་ཟླ་བརྩེགས་པ་འོད་རེ་འཕྲོ༔ རྟོག་མེད་རོ་གདན་ཆེན་པོ་བག་རེ་དྲོ༔ བཞུགས་ཡུལ་དཀྱིལ་འཁོར་གཞལ་ཡས་དངས་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོ་སྲུང་མར་བཅས༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས་སུ་གསོལ༔ བདག་ཅག་བསྒྲུབ་པའི་བུ་ལ་ཞལ་སྟོན་འཚལ༔ གསུང་དབྱངས་དྲུག་ཅུས་ཆོས་ཀྱི་གནད་བཀྲོལ་ཞིང་༔ མཁྱེན་བརྩེ་ཐུགས་ཀྱི་དགོངས་པའི་སྒོ་དབྱེ་ནས༔ འགྲོ་བའི་དོན་དུ་གནས་འདིར་བཞུགས་སུ་གསོལ༔ གུ་རུ་དྷེ་ཝ་དྷཀྐི་ནི་སརྦ་ས་མ་ཡ་ཏིཥྛ་ལྷན༔ བཅུ་པ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་འཕྲིན་ལས་ཀུན་གྱི་བདག༔ ཐུགས་རྗེ་རྨད་བྱུང་འགྲོ་བ་འདྲེན་པའི་མཆོག༔ ཡིད་བཞིན་ནོར་ལྟར་དགོས་འདོད་ཆར་འབེབས་པའི༔ བདེ་མཆོག་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ༔ ཧཱུྃ་ཧྲཱི༔ སྣང་བ་ཡབ་ལ་གསལ་སྟོང་ཆོས་དབྱིངས་ཡུམ༔ རིག་འཛིན་རོལ་པའི་སྒྱུ་འཕྲུལ་དྲ་བའི་གར༔ བཀའ་ཡི་ཕོ་ཉ་ལས་བྱེད་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ བཅུ་གཅིག་པ་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ༔ ལྷ་རྫས་རྣམ་དག་ཕྱི་ཡི་མཆོད་པ་ནི༔ ཡིད་འོང་མེ་ཏོག་བདུག་སྤོས་མར་མེ་དྲི༔ རོ་བརྒྱའི་བཤོས་དང་སིལ་སྙན་རོལ་མོའི་སྒྲ༔ སྤྱན་ཤངས་ཐུགས་ཀ་རྡོ་རྗེའི་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པར་འབུལ་གྱིས་བཞེས༔ བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཀྐི་ནི༔ བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ན་ཻཝི་དྱ་ཤཔྟ་པུཙྪ་ཧོ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ རང་བྱུང་རྣམ་དག་ནང་གི་མཆོད་པ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད་པར་འབུལ༔ གསུར་ཆེན་བདུག་སྤོས་དྲི་ཡི་མཆོད་པར་འབུལ༔ ཞུན་ཆེན་སྣང་གསལ་མར་མེའི་༴རྡོ་རྗེེ་དྲི་ཆུ་བྱུག་པའི༴བདུད་རྩི་དྲི་ཆེན་ཞལ་ཟས༴རྐང་གླིང་ཐོད་རྔ་སྒྲ་ཡི༴དུག་གསུམ་མཆོད་པ་སྐུ་གསུང་ཐུགས་ལ་འབུལ༔ དུག་ལྔའི་མཆོད་པ་ཡེ་ཤེས་ལྔ་རུ་འབུལ༔ སྣང་སྲིད་གསལ་བ་ཕྱག་རྒྱ་བཞི་རུ་འབུལ༔ རང་བྱུང་ནང་གི་མཆོད་པ་བཞེས་སུ་གསོལ༔ ཨཱོཾ་བཛྲ་མ་ཧཱ་གྷུ་རུ་མ་ཧཱ་སརྦ་པཉྩ་པུཙྪ་ཧོ༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ གཉིས་མེད་གསང་བའི་མཆོད་པ་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་རོལ་པ་ལས༔ བདུད་རྩི་བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་དཀྱིལ་འཁོར་ལྷ་ལ་འབུལ༔ རྡོ་རྗེའི་སྐུ་ལུས་དགྱེས་ཕྱིར་ཞེས་སུ་གསོལ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཀྐི་ནི་བྷོ་དྷི་ཙིཏྟ་ས་མ་ཡ་ཧོ༔ བཅུ་གཉིས་པ་སྨན་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན༔ བདེ་གཤེགས་རྒྱལ་བ་རིགས་ལྔའི་དམ་ཚིག་མཆོག༔ ཡེ་ཤེས་རང་བྱུང་ལྔ་རྫོགས་བསྒྲུབ་པའི་རྫས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཚན་ནས་བརྗོད་ཅིང་དབུལ་བར་བྱ༔ ཁྱབ་བདག་སྟོན་པ་ཀུན་བཟང་རྡོ་རྗེ་སེམས། །པད་མ་འབྱུང་གནས་རྒྱལ་ཡུམ་མཚོ་རྒྱལ་མ། །ལོ་ཆེན་ཀླུ་དབང་གཏེར་སྟོན་ཉི་གྲགས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །བསོད་ནམས་བསྟན་འཛིན་པདྨ་བཞད་པའི་སྡེ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སོགས། །དངོས་དང་བརྒྱུད་པའི་རྡོ་རྗེའི་སློབ་དཔོན་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །གར་གྱི་དབང་ཕྱུག་རིག་འཛིན་ཐོད་པ་རྩལ། །བདེ་སྐྱོང་མཁའ་འགྲོའི་གཙོ་མོ་མནྡ་རཱ། །ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །རིག་འཛིན་སློབ་དཔོན་རྗེ་འབངས་སྒོ་བ་གིང་། །དཔའ་བོ་དཔའ་མོ་གནས་ཡུལ་དུར་ཁྲོད་བདག། ཟབ་གཏེར་བསྟན་པ་སྐྱོང་བའི་སྲུང་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །བཅུ་གསུམ་པ་གཏོར་མ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དཔལ་ཆེན་འཁོར་ལོ་བདེ་མཆོག་དབང་གི་ལྷ༔ ། རྣལ་འབྱོར་གདུང་བས་གསོལ་བ་བདེབས་ལགས་ན༔ མ་དང་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ འདོད་ཡོན་རྣམ་པ་ལྔ་ཡི་མཆོད་པ་འབུལ༔ བྷ་ལིང་རྒྱན་གྱི་གཏོར་མའི་མཆོད་པ་འབུལ༔ བདུད་རྩི་སྨན་དང་རཀྟའི་མཆོད་པ་འབུལ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་ཆོས་དབྱིངས་མཆོད་པ་འབུལ༔ བླ་མ་རིག་འཛིན་ཚོགས་རྣམས་མཆོད་པ་བཞེས༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་མཆོད་པ་བཞེས༔ མ་མོ་མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་ཆེན་སྡེ་བཞིའི་ཚོགས་རྣམས་མཆོད་པ་བཞེས༔ ཐབས་ཀྱི་དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ ཤེས་རབ་དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ དམ་ཅན་བཀའ་སྡོད་ཚོགས་རྣམས་མཆོད་པ་བཞེས༔ འདིར་ཚོགས་རྣལ་འབྱོར་ཕོ་མོ་དམ་ཚིག་གཙང་༔ མ་དང་མཁའ་འགྲོའི་ཚོགས་རྣམས་དང་རེ་སྤྲོ༔ དུར་ཁྲོད་གནས་བཟང་དཀྱིལ་འཁོར་ཉམས་རེ་དགའ༔ ཞིང་གི་ལྤགས་པའི་བླ་བྲེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣའི་ཚོགས་ནི་བསམ་མི་ཁྱབ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ་གྱིས་བཞེས༔ ཧཱུྃ་ཧྲཱི༔ ཕྱི་སྣོད་སྣང་བ་ཡངས་པའི་གཞོང་པ་རུ༔ ནང་བཅུད་སྐྱེ་འགྲོ་བྷ་ལིང་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་ཡི་རྒྱལ་པོ་བས་ཀྱང་དཔངས་རེ་མཐོ༔ དྷཀྐིའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ༔ གསེར་རི་ལྷུན་པོ་བདུན་ལས་བརྗིད་རེ་ཆེ༔ རཀྟ་བཞི་ཡི་ཨརྒྷཾ་སྦྲེང་བ་འདི༔ མཐའ་ཡི་རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ༔ རཱ་ས་ཡ་ནའི་བདུད་རྩི་སྦྲན་པ་འདི༔ རྩ་གསུམ་ལྷ་ཡི་ཟས་ལས་ཁྱད་དུ་འཕགས༔ དཀར་དམར་རྩི་དང་ཤ་ཆེན་དྲི་ཆེན་ཚོགས༔ དྲི་ཆུ་བྱུག་པའི་རྫས་ཏེ་རྣམ་པ་ལྔ༔ སེང་གེ་གླང་ཆེན་རྟ་དང་བ་ལང་དང་༔ མཆོག་ཆེན་མི་ཡི་ཤ་སྟེ་རྣམ་པ་ལྔ༔ མ་ཧཱ་མཾ་ས་ལ་སོགས་ཤ་སྣ་སྟོང་༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང་༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང་༔ བ་སུ་ཏ་དང་ནང་རོལ་རྣམ་པ་ལྔ༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང་༔ ཤིང་ཐོག་མེ་ཏོག་འབྲུ་སྣ་སྨན་སྣ་དང་༔ ཟན་དང་འཁུར་བ་ཐུག་པའི་བྱེ་བྲག་དང་༔ མར་ཐུད་ཕྲུམ་དང་ཞོ་ཆང་འོ་མར་བཅས༔ རྩི་དང་ཙཱ་རུ་བཙོས་རྗེན་གོ་སྙོད་དང་༔ སྒ་དང་ལན་ཚྭ་སྤོད་ཀྱི་རིགས་རྣམས་དང་༔ རི་སྒོག་ཀླུང་སྒོག་ཤ་སྒོག་མང་པོ་དང་༔ བཟའ་དང་བཅའ་དང་བཏུང་བའི་རིགས་རྣམས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན༔ ཐོགས་མེད་ཏིང་འཛིན་དག་པས་ཡོངས་བསྡུས་ཏེ༔ རྣམ་དག་དགོངས་བརྒྱུད་དག་པས་བྱིན་བརླབས་ནས༔ བདུད་རྩིར་བསྒྱུར་བའི་དཔལ་གྱི་གཏོར་མ་འདིས༔ རིག་འཛིན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཐུགས་དམ་བསྐང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཐུགས་དམ་བསྐང་༔ དཔའ་བོ་གིང་ཆེན་རྣམས་ཀྱི་ཐུགས་དམ་བསྐང་༔ དམ་ཅན་བཀའ་སྲུང་གཏེར་བདག་ཐུགས་དམ་བསྐང་༔ ཁྱེད་རྣམས་ཐུགས་དམ་གཉན་པོ་སྐོངས་གྱུར་ཅིག༔ མ་ཧཱ་བྷ་ལིང་ཏ་ལ་ཁཱ་ཧི༔ བཅུ་བཞི་པ་རཀྟ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ སྲིད་གསུམ་གདུག་པའི་དགྲ་བགེགས་བསྒྲལ་བའི་ཁྲག༔ འཁོར་འདས་མཉམ་ཉིད་བྷནྡྷའི་སྣོད་དུ་བསྐྱིལ༔ བདེ་ཆེན་རཀྟའི་མཆོད་པ་ཆེན་པོ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ བཅོ་ལྔ་པ་སྦྱོར་མཆོད་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཐབས་ཤེས་ཡབ་དང་ཡུམ༔ དོན་དམ་གཉིས་སུ་མེད་པའི་དབྱིངས་སུ་སྦྱོར༔ གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག༔ ཛཿཧཱུཾ་བཾ་ཧོ༔ པདྨ་ཡོ་གི་ནི་མུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ བཅུ་དྲུག་པ་སྒྲོལ་མཆོད་ནི༔ ཧཱུྃ་ཧྲཱི༔ ཡང་དག་སྟོང་ཉིད་ཆོས་དབྱིངས་རྟོགས་པའི་བློས༔ སྣང་སྲིད་སྐྱེ་འགྲོ་མ་ལུས་ཡོངས་བསྒྲལ་ནས༔ བློ་ངན་དུག་གསུམ་འཁོར་བའི་རྒྱུན་བཅད་པས༔ དུས་གསུམ་བདེ་གཤེགས་ཐུགས་དམ་སྐོངས་གྱུར་ཅིག༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ བཅུ་བདུན་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ གདོད་མའི་མགོན་པོ་རྒྱལ་བ་ཀུན་གྱི་ཡབ༔ ཕྱོགས་བཅུའི་སངས་རྒྱས་བདེ་གཤེགས་བཅོམ་ལྡན་འདས༔ ཐུགས་རྗེའི་དབང་ཕྱུག་གར་གྱི་ཧེ་རུ་ཀ༔ རིག་འཛིན་འདུས་པའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བདེ་བ་ཆེན་པོ་རྒྱལ་བ་ཀུན་གྱི་ཡུམ༔ མཁའ་འགྲོའི་དབང་ཕྱུག་འདོད་བསྒྱུར་འཕྲུལ་མོ་ཆེ༔ གསང་བའི་ཡུམ་མཆོག་ལྷ་ལྕམ་མནྡྷ་ར༔ དུས་གསུམ་བདེ་གཤེགས་ཡུམ་ལ་ཕྱག་འཚལ་བསྟོད༔ སྒྲུབ་ཐབས་ལས་བྱུང་བའི་བཀའ་བརྒྱད་བསྟོད་པ་ནི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ གནམ་ཞལ་ཁྲོ་མོ་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ པེ་ཏ་ཙ་ལི་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་གསུང་མཆོག་ཧེ་རུ་ཀ༔ དམར་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ པདྨ་གཟི་ལྡན་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མཐིང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ བཛྲ་ཀྲོ་ཏི་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་སྲས་མཆོག་ཧེ་རུ་ཀ༔ ལྗང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ འཁོར་ལོ་རྒྱས་འདེབས་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ མཐིང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ མུ་ཥ་མཐིང་ནག་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་མཆོད་བསྟོད་ཧེ་རུ་ཀ༔ མཐིང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ སྲིད་པ་སྤྱི་འདུལ་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་དྲག་སྔགས་ཧེ་རུ་ཀ༔ མཐིང་ནག་འབར་བ་འཇིགས་གཟུགས་རྔམ་པའི་ཞལ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ འབྱུང་ལྔའི་བདག་མོ་ཡུམ་དང་གཉིས་སུ་མེད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ སྐྱེ་མེད་དབྱིངས་ལས་རིག་འཛིན་ཐུགས་རྗེའི་རྩལ༔ འགག་མེད་རོལ་པ་རྡོ་རྗེ་སློབ་དཔོན་བཞི༔ ཡེ་ཤེས་མཁའ་འགྲོ་བདེ་བའི་ཡུམ་དང་བཅས༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ རྒྱལ་བའི་རྣམ་འཕྲུལ་གང་འདུལ་ཚུལ་སྟོན་ཞིང་༔ སྒྲུབ་པའི་འབྲས་བུ་མཆོག་གི་དངོས་གྲུབ་བརྙེས༔ མཁའ་སྤྱོད་རིག་འཛིན་ཡེ་ཤེས་འོད་ཀྱི་ལུས༔ རིག་འཛིན་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ སྨིན་གྲོལ་བཀའ་བབས་མཁས་གྲུབ་མཐར་ཕྱིན་མཆོག༔ ཡི་དམ་ཞལ་གཟིགས་འབྱུང་བཞིར་རང་དབང་བསྒྱུར༔ སྨིན་གྲོལ་མཐར་ཕྱིན་མཆོག་ཐུན་འཕྲིན་ལས་གྲུབ༔ སྤྲུལ་པའི་བཀའ་བབས་རྗེ་འབངས་ཉེར་ལྔར་བསྟོད༔ ཧཱུྃ་ཧྲཱི༔ བཀའ་ཡི་སྒོ་བ་ཡབ་ཡུམ་མཁའ་འགྲོ་གིང་༔ ཡི་དམ་ཆོས་སྐྱོང་སྲུང་མ་གཙོ་དང་འཁོར༔ དཔལ་གྱི་ཕོ་ཉ་ལས་བྱེད་བྲན་གཡོག་སྟེ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བཅོ་བརྒྱད་པ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ དུས་གསུམ་བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ཀུན་ནས་མ་ལུས་བདག་ལ་དགོངས་སུ་གསོལ༔ ལུས་ངག་ཡིད་གསུམ་ཉེས་གྱུར་མི་དགེའི་ལས༔ མ་རིག་རྨོངས་པའི་རྒྱུ་བསགས་ཅི་མཆིས་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་གུ་རུ་བཛྲ་ས་ཏྭ་ས་མ་ཡཿ སོགས་ཡི་གེ་བརྒྱ་པ་བརྗོད༔ བཅུ་དགུ་པ་འཛབ་ཀྱིས་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པ་དབང་གི་དཀྱིལ་འཁོར་དུ༔ རིན་ཆེན་གཞལ་ཡས་ཕོ་བྲང་མཐའ་དབུས་མེད༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ན༔ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་དུ༔ ཧཱུྃ༔ མ་ཆགས་སྐྱོན་བྲལ་འཁོར་ལོ་བདེ་མཆོག་རྩལ༔ གཉིས་མེད་ཡུམ་མཆོག་ལྷ་ལྕམ་མནྡྷ་ར༔ རིག་འཛིན་རྡོ་རྗེ་སློབ་དཔོན་མཁས་གྲུབ་བརྒྱད༔ རྗེ་འབངས་ཉེར་ལྔ་ཡི་དམ་བཀའ་སྡོད་གིང་༔ འབུམ་ཕྲག་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ སྐྱེ་མེད་རང་བཞིན་དག་པའི་ཀློང་ཡངས་ནས༔ འགག་མེད་གསུང་གི་སྔགས་སྒྲ་དི་རི་རི༔ རྡོ་རྗེའི་བཟླས་པས་སྐུ་གསུམ་གནད་ནས་བསྐུལ༔ ཕཊ་ཀྱི་སྤྲོས་པས་དུས་གསུམ་བདེ་གཤེགས་མཆོད༔ ཧཱུྃ་གིས་བསྡུས་པས་དངོས་གྲུབ་བདག་ལ་ཐིམ༔ བསྙེན་བསྒྲུབ་ལས་སྦྱོར་མཐའ་རུ་མ་ཕྱིན་པར༔ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ་པར་བགྱིད༔ བསྙེན་པའི་དུས་སུ་ལྷ་ཚོགས་སྤྱི་བོར་བསྒོམ༔ གསོལ་འདེབས་གདུང་བའི་དབྱངས་ཀྱིས་འཛབ་འདི་བཟླས༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གྷུ་རུ་ཤྲཱི་ཧེ་རུ་ཀཿ སརྦ་སིདྡྷི་ཧཱུྃ་ཕཊ༔ སྐབས་སུ་མཆོད་པ་ནི༔ བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ན་ཻཝི་དྱ་ཤཔྟ་མ་ཧཱ་སརྦ་པཉྩ་རཀྟ་བ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། འདི་འོག་མ་ཀུན་ལ་འགྲེས་ཤེས་པར་བྱ། བསྟོད་པ་ནི། ཧཱུྃ་ཧྲཱི༔ གདོད་མའི་མགོན་པོ་རྒྱལ་བ་ཀུན་གྱི་ཡབ༔ སོགས་གཙོ་བོ་ཡབ་ཡུམ་ལ་བསྟོད། སྒྲུབ་པའི་དུས་སུ་ལྷ་ཚོགས་སྙིང་དཀྱིལ་གསལ༔ མཆོད་དང་བསྟོད་པའི་ཚུལ་གྱིས་འཛབ་འདི་བཟླ། ཨཱོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ མཆོད་ཅིང་བསྟོད་པ་ནི། ཧཱུྃ་ཧྲཱི༔ བྱིན་རླབས་འབྱུང་གནས་བླ་མ་རྒྱ་མཚོ་དང་། །དངོས་གྲུབ་སྩོལ་བའི་ཡི་དམ་དཀྱིལ་འཁོར་ལྷ། །བར་ཆད་སེལ་མཛད་མ་མོ་མཁའ་འགྲོའི་ཚོགས། །རྩ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཆེ་མཆོག་གི་བསྙེན་པ་ནི། ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ མཆོད་ཅིང་བསྟོད་པ་ནི། ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སོགས། གཤིན་རྗེ་ནི། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྫ་ཧཱུྃ་ཕཊ༔ རྟ་མགྲིན་ནི། ཨཱོཾ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡང་དག་ནི། ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཕུར་པ་ནི། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བྷིགྣན་བཾ་ཧཱུྃ་ཕཊ༔ མ་མོ་ནི། ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མཆོད་བསྟོད་ནི། ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟཱན་ཧཱུྃ་ཕཊ༔ དྲག་སྔགས་ནི། ཨཱོཾ་བཛྲ་སརྦ་དུཥྟཱན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་མ་ཧཱ་གྷུ་རུ་ཚེ་བྷྲུྃ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་བྷྲུྃ༔ ཅི་མང་བཟླ༔ དྲུག་པ་ཚེ་འགུགས་པ་ནི༔ མདའ་དར་གཡབ་ཅིང་༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རིག་འཛིན་ཚེ་ཡི་ལྷ༔ ཐུགས་རྗེའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ འཁོར་འདས་ཀུན་གྱི་ཚེ་བསོད་དཔལ་འབྱོར་དབང་༔ བླ་ཚེ་ཆད་ཉམས་གས་པ་འོད་ཀྱིས་བསྡུས༔ བདག་ཅག་རྣམས་ཀྱི་ལུས་ལ་གཉིས་མེད་ཐིམ༔ མཆོག་ཐུན་དངོས་གྲུབ་ཚེ་ཡི་དབང་ཐོབ་བསམ༔ ལས་སྦྱོར་འཕྲིན་ལས་བཞི་ལ་རང་གསལ་གདབ༔ དོན་གཉིས་དངོས་གྲུབ་ཐོབ་ཕྱིར་འཛབ་འདི་བཟླ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་སྭཱ་ཧཱ༔ ཕྱི་སྒྲུབ་ནང་སྒྲུབ་དཔའ་བོ་མཁའ་འགྲོའི་སྒྲུབ་པ་སོགས་ཀྱི་སྔགས་ཐེམས་མཚོ་རྒྱལ་གྱིས་མཛད་པའི་སྒྲུབ་པའི་ཟིན་བྲིས་ནས་འདིར་བླངས་པ་ཡིན༔ ཨཱོཾ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་པུཥྟིཾང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་མཱ་ར་ཡ་ཕཊ༔ ལས་བཞིའི་ཤམ་བུ་ནི་ལས་གཞུང་སྤྱི་ཁྱབ་བསྲོང་བའི་སྐབས་སུ་འདིར་སྦྱར་བ་ཡིན་གྱིས། གཞན་དུ་ནི་ལོགས་སུ་ཤེས་པར་བྱའོ། །ཧཱུྃ་ཧྲཱི༔ བཀའ་ཡི་སྒོ་བ་ཡབ་ཡུམ་མཁའ་འགྲོ་གིང་༔ སོགས། གྲངས་དང་རྟགས་ཀྱི་བསྙེན་སྒྲུབ་བརྩོན་པས་སྒྲུབས༔ སྐབས་སུ་དྲག་པོ་ཧཱུཾ་གི་སྣང་གླུ་ལེན༔ ཧཱུྃ་ཧཱུྃ་གང་འོས་བཟླ། ཧཱུྃ་ཧྲཱི༔ ཧཱུྃ་ཡིག་མཐིང་ནག་གནམ་ལྕགས་ཚ་ཟེར་འབར། །འཕྲོ་འདུ་སྦྱོར་བས་སྟོང་གསུམ་གཡོ་ཞིང་འཁྱོམ། །ཧཱུྃ་གི་སྒྲ་སྒྲོགས་ཚར་གཅོད་རྗེས་སུ་འཛིན། །ཁྲག་འཐུང་ཁྲོ་བོའི་ཐུགས་དང་གཉིས་སུ་མེད། །ཕྱག་འཚལ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཐུན་སྐབས་རྣམས་སུ་བསྐུལ་ཞིང་དངོས་གྲུབ་ཞུ༔ ཉི་ཤུ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ དང་པོ་བསྙེན་ཅིང་མཆོད་བསྟོད་བར་དུ་བསྒྲུབས༔ ད་ལྟ་བདག་དང་དབྱེར་མེད་ཧེ་རུ་ཀ༔ འདིར་འདུས་མོས་པའི་རྣལ་འབྱོར་བདག་ཅག་གིས༔ སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབས༔ བསྙེན་དང་བསྒྲུབ་པ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོའི་ནམ་མཁའ་ལངས༔ དངོས་གྲུབ་འབྱུང་བའི་དུས་ལ་བབས་པའི་ཚེ༔ དུས་གསུམ་བདེ་གཤེགས་ཐུགས་རྗེའི་རང་བཞིན་ལ༔ ཐུགས་དམ་གནད་ནས་བསྐུལ་དུ་མི་འཚལ་ཡང་༔ འགྲོ་བའི་དོན་དུ་ཐུགས་དམ་གནད་ནས་བསྐུལ༔ སྐུ་གསུང་ཐུགས་ཀྱི་གསང་བའི་བེའུ་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཅེས་དངོས་གྲུབ་བླང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདིར་བཀའ་སྲུང་དམ་ཅན་སྐྱེས་བུ་དང་། གཏེར་སྲུང་ལྷ་བཙན་ཆེན་པོ་མཆོད་ཐབས་ལྟར་བཏང་ངོ་། །དེ་ནས་རྗེས་ཀྱི་རིམ་པ་བཅུ་བཞི་ལས༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་༔ བསྐང་བ་བསྒྲལ་ལས་ཐུགས་དམ་བསྐུལ༔ ཚེ་འགུགས་གཏོར་དབང་ལྷག་མ་བསྔོ༔ ཆད་ཐོ་བསྟན་སྐྱོང་རྟ་བྲོ་བརྡུང་༔ བཀྲ་ཤིས་བསྔོ་སྨོན་དཀྱིལ་འཁོར་བསྡུ༔ རྒྱུན་སྤྱོད་ལ་སོགས་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཚོགས་འཁོར་བཤམས༔ བསང་ཆུ་གཏོར༔ བདུད་རྩིས་སྦྲན་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ དཔལ་ཆེན་བདེ་མཆོག་འཁོར་ལོའི་ཐུགས་ཀ་ནས༔ ཚོགས་ཀྱི་དངོས་འཛིན་སྦྱང་ཕྱིར་ཡི་གེ་འཕྲོས༔ རཾ་ལས་མེ་འབར་དངོས་འཛིན་བག་ཆགས་བསྲེགས༔ ཡཾ་ལས་རླུང་བྱུང་དུག་གསུམ་སྒྲིབ་པ་སྦྱངས༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་འཁྲུལ་སྣང་བཀྲུས༔ རཾ་ཡཾ་ཁཾ༔ ཧཱུྃ་ཧྲཱི༔ ཡི་གེ་ཧཱུྃ་གིས་རྣམ་རྟོག་ཆོས་དབྱིངས་སྦྱངས༔ སྐྱེ་མེད་ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨཱོཾ་གྱིས་འཕྲོ་འདུས་འདོད་ཡོན་སྣང་སྲིད་གང་༔ ཨཱོཾ་ཨཱཿཧཱུྃ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་ཏུ་བཟང་པོར་ཆོས་སྐུའི་འཁོར་གྱིས་བསྐོར༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུམ་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྣམ་དག་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་ལ༔ བདེ་བར་གཤེགས་པ་ལོངས་སྐུའི་འཁོར་གྱིས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ནུབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ བདེ་བར་གཤེགས་པ་སྤྲུལ་སྐུའི་འཁོར་གྱིས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ གར་གྱི་དབང་ཕྱུག་འཁོར་ལོ་བདེ་མཆོག་ལ༔ རིག་འཛིན་དཔའ་བོ་འབུམ་གྱི་འཁོར་གྱིས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་གནྡྷོ་ལ་ཡི་ཕོ་བྲང་ནས༔ ལྷ་ལྕམ་མེ་ཏོག་མནྡྷ་ར་བ་ལ༔ འབུམ་ཕྲག་ཡངས་པའི་མ་དང་མཁའ་འགྲོས་བསྐོར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རང་བྱུང་ཆོས་དབྱིངས་རོལ་པའི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀར༔ ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་གསང་བ་མཆོག་གི་ཕོ་བྲང་ནས༔ བཀའ་དང་བསྟན་སྐྱོང་སྲུང་མ་ལས་བྱེད་ཚོགས༔ བྲན་དང་ཕོ་ཉ་མངག་གཞུག་འཁོར་དང་བཅས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་གཞལ་ཡས་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བཞི་བསྐུར༔ ཚོགས་འཁོར་ཡེ་ཤེས་བདུད་རྩིར་བསྒྱུར་དུ་གསོལ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ༔ ཧཱུྃ་ཧྲཱི༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ རིག་འཛིན་འདུས་པའི་གཙོ་མཆོག་ཧེ་རུ་ཀ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་དྷེ་ཝ་དྷཀྐི་ནི༔ གྷ་ན་ཙཀྲ་པུཉྩ་ཧོ༔ ཕྱག་ལེན་དུ་བསྐང་བ་གཏོང་སྲོལ་ཡོད་པས་རྒྱས་པར་བཏང་། བསྡུ་བར་འདོད་ན་འདི་བཞིན་ཏེ༔ གཉིས་པ་བསྐང་བ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གསང་བའི་དཀྱིལ་འཁོར་གཉན་པོ་གཞུང་བཞིན་བཤམས༔ སྒྲུབ་པའི་དམ་རྫས་གཉན་པོ་ཚུལ་བཞིན་བཀྲམས༔ མཛེས་ཤིང་ཡིད་འོང་བཀོད་པས་ཁྱད་འཕགས་འདིས༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རིག་འཛིན་འཁོར་ལོ་བདེ་མཆོག་ཐུགས་དམ་བསྐང་༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ཐུགས་དམ་བསྐང་༔ ས་ལམ་ཡོན་ཏན་མ་ལུས་ཡོངས་ཀྱི་བདག༔ ལྷ་ལྕམ་མནྡྷ་ར་བའི་ཐུགས་དམ་བསྐང་༔ བཀའ་དང་དམ་ཚིག་གསང་བ་གསུམ་གྱི་བདག༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ ཐུགས་དམ་སྐོངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བར་པ་བཤགས་པ་ནི༔ ཧཱུྃ་ཧྲཱི༔ སྔོན་འདས་བསྐལ་པའི་གོང་ནས་ལུས་འདིའི་བར༔ མ་རིག་རྨོངས་པའི་ལུས་དང་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆགས་ཀུན༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ གསུམ་པ་ཚོགས་ཐ་མ་བསྒྲལ་བ་ནི༔ དམིགས་བྱ་བསྐྱེད་ལ། ན་མོཿ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ༈ལས་བྱང་གི་ཚོགས་ཐ་མར་འགུག་སྔགས་ནི༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་ཙིཏྟ་སྲོག་ལ་ཟུངས་ཟུངས༔ ཡ་མ་སྙིང་ལ་ཤག་ཤག༔ རྒྱུག་རྒྱུག་ཆོ་ཆོ༔ བྲེང་བྲེང་༔ ནྲྀ་ཏྲི་དགྲ་བགེགས་མཱ་ར་ཡ་ཁུག་རི་ལི་ལི་ཐུམ་རིལ་རྦད་རྦད་ཛ་ཛཿ ལན་གསུམ། ཛཿཧཱུྃ་བཾ་ཧོ༔ ས་རྒྱས་གདབ། དགྲ་གཟུགས་ལ་ཕུར་པ་གཟིར་ཞིང་། ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ ཆོས་ཀྱི་དབྱིངས་ནས་རྔམ་དྲག་གཏུམ་པའི་སྐུ༔ ལས་ཀྱི་ཕོ་ཉས་སྟོང་གསུམ་འཇིག་རྟེན་གང་༔ གཡས་པ་རྡོ་རྗེ་གཡོན་པས་ཕུར་པ་འགྲིལ༔ དགྲ་བགེགས་བྱད་མའི་སྙིང་ལ་མཱ་ར་ཡ༔ ལུས་སྲོག་རྣམ་ཤེས་ཐལ་བ་རྡུལ་དུ་རློགས༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ནྲྀ་ཏྲི་ཤ་ཏྲུཾ་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ༈བསད་སྔགས་ནི༔ ཨཱོཾ་བཛྲ་མ་ཧཱ་གྷུ་རུ་པདྨ་ཐོད་ཕྲེང་རྩ་ལ༔ ནྲྀ་ཏྲི་ཤ་ཏྲུཾ་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ཀྱི་སྲོག་རྩ་ལ་འདུས་འདུས༔ སྙིང་རྩ་ལ་ཡཾ་ཡཾ༔ བླ་སྲོག་རྣམ་པར་ཤེས་པ་བྷྲུཾ་བྷྲུཾ་ལཾ་ལཾ་སྟམ་བྷ་ཡ་ནན༔ ཁ་ལ་ཁ་ཚེ་དགྲ་བོ་མཱ་ར་ཡ་རྦད་རྦད༔ ཆིངས་ཤིག༔ ནྲྀ་ཏྲི་ཐུམ་རིལ་རྦད་ཡ་སོད་སོད་ཛྭ་ལ་རཾ་མཱ་ར་ཡ་ཕཊ༔ ཞལ་དུ་སྟོབ་པ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་དབང་ཕྱུག་འཁོར་ལོ་བདེ་བའི་མཆོག༔ ཆོས་སྐྱོང་སྲུང་མ་ལས་བྱེད་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་བསྒྲལ་དགྲ་བགེགས་ཞལ་དུ་སྟོབ༔ རྔམ་བྱེད་ཧོམ་ཁུང་འབར་བའི་མགུལ་དུ་སྒྲིམས༔ འཁོར་འདས་ཡོངས་སྒྲོལ་ཆེན་པོར་བཞེས་སུ་གསོལ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁཱ་ཧི་ཁཱ་ཧི༔ སྐབས་འདིར་བཟློག་པ་བྱེད་སྲོལ་ཡོད་བས་འདི་བཞིན། ཧཱུྃ་ཡ༔ བྷྱོ་ཟློག་དྲག་པོའི་འཕྲིན་ལས་དུས་ལ་བབ༔ ཧཱུྃཿ རིག་འཛིན་རོལ་པའི་ཚོམ་བུ་འབུམ་གྱི་ཚོགས༔ སྐྱེ་མེད་ཀློང་ནས་སྐུ་ནི་གར་དགུར་ལྡན༔ འགགས་མེད་དབྱིངས་ནས་བྷྱོ་ཟློག་འབྲུག་སྟོང་སྡིར༔ འགྱུར་མེད་ངང་ནས་ཐུགས་སྤྲུལ་འབུམ་འབུམ་འགྱེད༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་སྒྱུར༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག་ཅིག་སྒྱུར༔ ལོ་སྐག་ཟླ་སྐག་ཐམས་ཅད་ཟློག་ཅིག་སྒྱུར༔ ཟ་མའི་བདུན་ཟུར་ཐམས་ཅད་ཟློག་ཅིག་སྒྱུར༔ རྦོད་གཏོར་རྦད་འདྲེ་ཐམས་ཅད་ཟློག་ཅིག་སྒྱུར༔ འབྱུང་བའི་གཙུག་ལག་ངན་པ་ཟློག་ཅིག་སྒྱུར༔ བརྟགས་པའི་རྟེན་འབྲེལ་ངན་པ་ཟློག་ཅིག་སྒྱུར༔ རྨི་ལྟས་མཚན་མ་ངན་པ་ཟློག་ཅིག་སྒྱུར༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག་ཅིག་སྒྱུར༔ མས་ཀྱི་སྲི་རུ་ལངས་པ་ཟློག་ཅིག་སྒྱུར༔ བར་གྱི་བཙན་དུ་འགྱུས་པ་ཟློག་ཅིག་སྒྱུར༔ ཕ་ཚན་ནང་གི་རྒྱབ་འདྲེ་ཟློག་ཅིག་སྒྱུར༔ མ་ཚན་ནང་གི་བྱུར་འདྲེ་ཟློག་ཅིག་སྒྱུར༔ དར་ཚན་ནང་གི་སྟོང་འདྲེ་ཟློག་ཅིག་སྒྱུར༔ ཕུ་ནུའི་ནང་གི་ལྟེ་འདྲེ་ཟློག་ཅིག་སྒྱུར༔ ལྟག་པའི་བདུད་དུ་བབས་པ་ཟློག་ཅིག་སྒྱུར༔ དཔྲལ་བའི་གཤེད་དུ་འཁོར་བ་ཟློག་ཅིག་སྒྱུར༔ དྲང་སྲོང་བཀའ་ཡི་དམོད་མོ་ཟློག་ཅིག་སྒྱུར༔ སྔགས་པས་སྔགས་ཟོར་འཕེན་པ་ཟློག་ཅིག་སྒྱུར༔ བོན་པོས་མཐུ་བསྒྲུབ་བྱེད་པ་ཟློག་ཅིག་སྒྱུར༔ ཕུར་པའི་དབལ་ཟོར་འཕེན་པ་ཟློག་ཅིག་སྒྱུར༔ རླུང་ལ་འཁོར་ལོ་བསྐོར་བ་ཟློག་ཅིག་སྒྱུར༔ སེལ་གྱི་འཕུང་བཤིག་བརྩམས་པ་ཟློག་ཅིག་སྒྱུར༔ རང་གཤེད་རང་ལ་འཁོར་བ་ཟློག་ཅིག་སྒྱུར༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཟློག་ཅིག་སྒྱུར༔ དུས་མིན་འཆི་བ་རྣམ་བཞི་ཟློག་ཅིག་སྒྱུར༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་རྐྱེན་ངན་བར་ཆད་དགྲ་ལ་བསྒྱུར༔ ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གྷུ་རུ་ཤྲཱི་ཧེ་རུ་ཀཿ ས་མ་ཡཿ ནྲི་ཏྲི་དགྲ་བགེགས་མཱ་ར་ཡ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག༔ བཛྲ་རཏྣ་པདྨ་ཀརྨ་གིང་ཀ་ར་དྷ་ཀ་དྷཀྐི་ནི་ས་མ་ཡ་ཛཿཛཿ ནྲི་ཏྲི་དགྲ་བགེགས་མཱ་ར་ཡ་བྷྱོ་ཟློག་རྦད་ཡ༔ རྦད་ཡ༔ དགྲ་བགེགས་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛཿབྷྱོ་ཟློག༔ ༈བཟློག་སྔགས་ནི༔ ཀཱི་ལི་ཀཱི་ལཱ་ཡ༔ དགྲ་བོ་ནྲི་རྦད་ནྲི་རྦད་བྷྱོ༔ ཏྲག་རཀྴ་དྷ་ར་ནྲི་རྦད་བྷྱོ༔ ཁ་ལ་ཛ་ཐུན་ནྲི་རྦད་བྷྱོ༔ ནཱ་ག་ཤུག་ཙེ་ནྲི་རྦད་བྷྱོ༔ ཤན་ཏྲི་པར་ནྲི་རྦད་ཏྲི་བྷྱོ༔ མ་ནི་རཀྴ་ནྲི་རྦད་བྷྱོ༔ ཡཀྴ་ཁ་ཐུན་ནྲི་རྦད་བྷྱོ༔ ཁ་ཐུན་ཚལ་པ་ནྲི་རྦད་བྷྱོ༔ ཧྲི་ཏྲི་ཛཿནྲི་རྦད་ཏྲི་བྷྱོ༔ ཕོ་རྒྱུད་དྲེགས་པའི་ཆད་པ་དགྲ་ལ་བྷྱོ༔ ཛ་ཐུན་ཁ་ལ་རཀྴ་ཡ༔ དུ་ར་ཡཀྴ་སྙིང་ལ་ཡ༔ ཁལ་ཚེ་ནཱ་ག་སྲོག་ལ་ཡ༔ ཁ་རག་ཡཀྴ་རྦད་པུ་ཡ༔ མ་མ་རཀྴ་ཁྲག་ལ་ཡ༔ ཧ་རི་ཁ་རི་ལས་ལ་ཡ༔ ཤུ་བོ་ཡཀྴ་དབུགས་ལ་ཡ༔ ཁྲཾ་བྷྱོ་ཏཾ་བྷྱོ་ལས་ལ་ཡ༔ མོ་རྒྱུད་མཁའ་འགྲོའི་ཆད་པ་དགྲ་ལ་བྷྱོ༔ ཏྲི་ཐུན་ཁལ་ཚེ་ཡཀྴ་རྦད༔ མ་ནི་ཛ་ཐུན་ཁ་ལ་རྦད༔ ཛ་ནི་རཀྴ་སྙིང་ལ་རྦད༔ བྷི་ར་ཛ་ནི་གཟུགས་ལ་རྦད༔ སྙིང་ཁྲག་ཛ་ཡ་སྲོག་ལ་རྦད༔ ཨ་ཀཪྴ་ཡ་སྲོག་ལ་རྦད༔ མ་ར་ཨངྐུ་ཤ་སྙིང་ལ་རྦད༔ མ་ནི་རཀྴ་སྲོག་ལ་རྦད༔ ཀླུ་གཉན་དྲེགས་པའི་ཆད་པ་དགྲ་ལ་བྷྱོ༔ ཐུན་བྷྱོ་དགྲ་ལ་བྷྱོ༔ བྱད་བྷྱོ་དགྲ་ལ་བྷྱོ༔ ཟོར་བྷྱོ་དགྲ་ལ་བྷྱོ༔ ཕོ་རྒྱུད་བྷྱོ་དགྲ་ལ་བྷྱོ༔ མོ་རྒྱུད་བྷྱོ་དགྲ་ལ་བྷྱོ༔ མིང་པོ་བྷྱོ་དགྲ་ལ་བྷྱོ༔ སྲིང་མོ་བྷྱོ་དགྲ་ལ་བྷྱོ༔ སྔགས་བྷྱོ་དགྲ་ལ་བྷྱོ༔ བདུད་བྷྱོ་དགྲ་ལ་བྷྱོ༔ བཙན་བྷྱོ་དགྲ་ལ་བྷྱོ༔ རྒྱལ་པོ་བྷྱོ་དགྲ་ལ་བྷྱོ༔ མ་མོ་བྷྱོ་དགྲ་ལ་བྷྱོ༔ དྲི་ཟ་བྷྱོ་དགྲ་ལ་བྷྱོ༔ གནོད་སྦྱིན་བྷྱོ་དགྲ་ལ་བྷྱོ༔ ནཱ་ག་བྷྱོ་དགྲ་ལ་བྷྱོ༔ གཤིན་རྗེ་བྷྱོ་དགྲ་ལ་བྷྱོ༔ མུ་སྟེགས་བྷྱོ་དགྲ་ལ་བྷྱོ༔ གཟའ་བྷྱོ་དགྲ་ལ་བྷྱོ༔ དམུ་བྷྱོ་དགྲ་ལ་བྷྱོ༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ བྱད་མ་དགྲ་བོའི་སྟེང་དུ་བྷྱོ༔ བྱད་མ་དགྲ་བོ་ཁ་ཐམ༔ བྱད་མ་དགྲ་བོའི་ཀཱ་ཡ་ནན༔ བྱད་མ་དགྲ་བོའི་ཝཱཀྐ་ནན༔ བྱད་མ་དགྲ་བོའི་ཙིཏྟ་ནན༔ བྱད་མ་དགྲ་བོ་གཟེར་ཐུམ་ནན༔ དེ་ནས་རྡོ་རྗེ་སློབ་དཔོན་ལ་ཚོགས་དྲངས་ཏེ༔ ཧཱུྃ་ཧྲཱི༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་ཚོགས་ཀྱི་བདག༔ ཡེ་ནས་རྣམ་དག་ཤ་ལྔ་བདུད་རྩི་ལྔ༔ མཆོག་ཐུན་དངོས་གྲུབ་ཀུན་འབྱུང་བླ་མེད་རྫས༔ རང་བཞིན་ཆོས་དབྱིངས་ངང་དུ་བཞེས་སུ་གསོལ༔ དེ་ནས་ལན་གདབ་སྟེ༔ ཨེ་མ་ངོ་མཚར་རྨད་བྱུང་ཚོགས་ཀྱི་རྫས༔ བླ་མེད་དངོས་གྲུབ་མཆོག་གི་ལོངས་སྤྱོད་ཆེ༔ གཟུང་འཛིན་ཡོངས་བྲལ་རིན་ཐང་མེད་པའི་དཔལ༔ ཆོས་དབྱིངས་མཆོག་གི་རྫས་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ལྔ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ མ་གཡེལ་མ་འཕང་རིག་འཛིན་ཧེ་རུ་ཀ༔ མ་གཡེལ་མ་འཕང་ལྷ་ལྕམ་མནྡྷ་ར༔ མ་གཡེལ་མ་འཕང་སྒྲུབ་པ་བཀའ་བརྒྱད་ལྷ༔ མ་གཡེལ་མ་འཕང་དཔའ་བོ་དཔའ་མོའི་ཚོགས༔ མ་གཡེལ་མ་འཕང་ཆོས་སྐྱོང་བཀའ་སྡོད་བྲན༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཁོར་ལོ་བདེ་མཆོག་ཡབ་ཡུམ་སྐུ་བསྐྱོད་འཚལ༔ འབུམ་ཕྲག་དཔའ་བོ་དཔའ་མོ་སྐུ་བསྐྱོད་འཚལ༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་སྐུ་བསྐྱོད་འཚལ༔ ཆོས་སྐྱོང་སྲུང་མ་ལས་བྱེད་སྐུ་བསྐྱོད་འཚལ༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སིལ་སྙན་སྒྲ་སྐད་མང་པོ་སི་ལི་ལི༔ དར་སྣ་མང་པོའི་ཅོད་པན་པུ་རུ་རུ༔ རོལ་མོ་མང་པོའི་སྒྲ་སྐད་དི་རི་རི༔ གླུ་ལེན་གར་བྱེད་མང་པོ་ཁྱུགས་སེ་ཁྱུག༔ ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་གིས་བསྒྲུབ༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་དབྱིངས་ནས་སོལ༔ ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞི་སྒྲུབས༔ དུག་ལྔའི་རྣམ་རྟོག་འབྱུང་བཞིའི་ནད་རྣམས་སོལ༔ བདུན་པ་གཏོར་མ་ལྷར་བསམས༔ དངོས་གྲུབ་ལེན་པའི་དབང་བསྐུར་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པ་དབང་གི་དཀྱིལ་འཁོར་དུ༔ སྐུ་ལྔའི་ཡོན་ཏན་མ་ལུས་འདུས་པའི་དཔལ༔ བདེ་མཆོག་འཁོར་ལོའི་ལྷ་དང་གཉིས་སུ་མེད༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ མ་དང་མཁའ་འགྲོ་བརྟེན་ཕྱིར་བདག་ལ་སྩོལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ དཔལ་ཆེན་འཁོར་ལོ་བདེ་མཆོག་དཀྱིལ་འཁོར་ལྷ༔ འགྱུར་མེད་རྣམ་དག་སྐུ་ཡི་སྒོ་ཕྱེས་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་རྣམ་དག་གསུང་གི་སྒོ་ཕྱེས་ནས༔ ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་མེད་རྣམ་དག་ཐུགས་ཀྱི་སྒོ་ཕྱེས་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ༔ ཨཱོཾ་བཛྲ་མ་ཧཱ་གྷུ་རུ་དྷེ་ཝ་དྷཀྐི་ནི༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཅེས་དབང་བླང་ཞིང་བསྐུར་རོ༔ བཞི་པ་ལྷག་མ་སྦྲན་ཏེ༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་ཕོ་བྲང་ཆེན་པོ་ནས༔ དཔལ་གྱི་བཀའ་ཉན་ཚོགས་ཀྱི་ལྷག་སྡུད་མ༔ ཤར་ནས་དཀར་མོ་དུང་གི་ཐོར་ཚུགས་ཅན༔ རྡོ་རྗེ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ལྷོ་ནས་སེར་མོ་གསེར་ཀྱི་ལན་ཕྲན་ཅན༔ རིན་ཆེན་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ ནུབ་ནས་དམར་མོ་རཱ་གའི་ཅོད་པན་འཕུར༔ པདྨ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ བྱང་ནས་ལྗང་མོ་གཡུ་ཡི་སྨིན་མ་ཅན༔ ལས་ཀྱི་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ དགུང་སྔོན་རི་བོའི་རྩེ་ནས་བྱ་ར་བྱེད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམ༔ ལ་ལས་ཞལ་ཟས་ཚོགས་ཀྱི་ལྷག་མ་ལེན༔ ཚོགས་ལེན་གར་བྱེད་དེ་ནི་ཁྱུགས་སེ་ཁྱུག༔ ལ་ལས་བདུད་རྩི་ཆང་གི་ལྷག་མ་ལེན༔ ཆང་འཐུང་བཞད་གད་དེ་ནི་ཡ་ལ་ལ༔ ལ་ལས་གཏི་མུག་ཤ་ཆེན་ལྷག་མ་ལེན༔ ཤ་ཟ་སོ་བརྡར་དེ་ནི་ཆེམས་སེ་ཆེམ༔ ལ་ལས་འདོད་ཆགས་ཁྲག་གི་ལྷག་མ་སྡུད༔ ཁྲག་ལྕེ་དམར་མོ་དེ་ནི་ཉུགས་སེ་ཉུག༔ ལ་ལས་ཞེ་སྡང་རུས་པའི་ལྷག་མ་སྡུད༔ རུས་འཆའ་མཆེ་བ་དེ་ནི་ཟངས་སེ་ཟང་༔ ལྷག་གཏོར་འདི་བཞེས་དཔལ་གྱི་བཀའ་ལུང་བཞིན༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ སརྦ་དྷཀྐི་ནི་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ འདིར་བཀའ་གཏེར་སྲུང་བསྐུལ་གཏོར་མ་གཙང་སར་གཤེགས༔ བརྒྱད་པ་ཆད་ཐོ་ནི༔ གཏོར་མ་དཔགས་ལ༔ རྔ་བརྡུང་དུང་འབུད་རཀྟས་སྦྲན་ལ༔ ཧཱུྃ་ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་འདུས་པ་རྩལ༔ བླ་མེད་སྟོན་པ་འཁོར་ལོ་བདེ་མཆོག་གིས༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་དང་བཅས༔ རིག་འཛིན་རོལ་པའི་སྒྱུ་འཕྲུལ་བསྟན་པའི་ཚེ༔ དམ་ལ་བཏགས་པ་འབུམ་ཕྲག་མཁའ་འགྲོའི་ཚོགས༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་ཇི་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ བསམ་ཡས་མཆིམས་ཕུའི་བྲག་དམར་དགེ་གོང་དུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང་༔ མངའ་བདག་རྗེ་བློན་འཁོན་ཆེན་ཀླུ་དབང་གིས༔ རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དུར་ཁྲོད་སྐྱོང་བའི་མཁའ་འགྲོ་བསྟན་མར་བཅས༔ དམ་ཅན་དྲེགས་པས་དངོས་གཟུགས་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་པའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་ཇི་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་འཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་བར་གྱི་བསྐལ་པའི་ཐ་མ་ལ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ རིག་འཛིན་ཁམས་པ་ཉི་མ་གྲགས་པ་ཡིས༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བསེ་ལམ་མཁའ་འགྲོ་བཀའ་སྡོད་སྒྲོལ་གིང་དང་༔ གཏེར་སྲུང་དམ་ཅན་སྲུང་མ་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་༔ གཡར་དམ་ཅན་ལ་དངོས་གྲུབ་སྩོལ་བ་དང་༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་པའི་འཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་ཇི་བཞིན་དུ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོང་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་འཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ད་ལྟ་བདག་གིས་བསྒྲུབས་པའི་གཏོར་ཟོར་འདི༔ གདུག་པའི་དགྲ་བགེགས་སྟེང་དུ་ཟོར་འཕེན་ནོ༔ ལྷ་ཀླུ་གཞི་བདག་ཐམས་ཅད་སྐུ་གཟུར་ཅིག༔ དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རློགས༔ ཅེས་གཏོར་མ་འཕང་ངོ་༔ དགུ་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ་ཧྲཱི༔ འཇིག་རྟེན་བོད་ཁམས་སྐྱོང་བ་བསྟན་མའི་ཚོགས༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ བསྟན་མ་སྐྱོང་མཛད་མ་སྲིང་ཁྱེད་རྣམས་ཀྱང་༔ དཔོན་གཡོག་མང་པོ་སྨན་ཕྲན་འབུམ་དང་བཅས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་མ་མཐུ་ཆེན་མངའ་བདག་རྗེ་འབངས་ཀྱིས༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང་༔ རཱུ་ཏྲ་བསྒྲལ་བའི་ཞིང་ཆེན་གདན་སྟེང་དུ༔ དབང་བསྐུར་སྤྱི་བོར་དབང་རྟགས་ཅོད་པན་བཏགས༔ དམ་ཚིག་གསང་བའི་བདུད་རྩི་ལྕེ་ལ་བཞག༔ དབང་རྟགས་རྡོ་རྗེ་ཕུར་པའི་ཕྱག་རྒྱ་གཏད༔ གསང་སྔགས་བཀའ་ཡི་སྲུང་མར་ཁས་བླངས་ནས༔ མ་འོངས་སངས་རྒྱས་འཐོབ་པའི་ལུང་བསྟན་མཛད༔ བཀའ་ཡི་སྲུང་མ་དམ་ཅན་ཁྱེད་རྣམས་ཀྱང་༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་ཁ་སྦུབ་དམིགས་བྱ་བསྐྱེད༔ འགུགས་བསྟིམས་བྱས་ནས༔ བཅུ་པ་རྟ་བྲོ་ནི༔ མཆེད་ལྕམ་རྣམས་ལུ་གུ་རྒྱུད་བསྣོལ་ལ༔ ཧཱུྃ་ཧྲཱི༔ རིག་འཛིན་རོལ་པའི་བརྟུལ་ཞུགས་བྲོ་བརྡུངས་པས༔ གནོད་བྱེད་དགྲ་བགེགས་རི་རབ་འོག་ཏུ་གནོན༔ སྒབ་འདྲེ་འབྱུང་པོ་ཟ་འདྲེ་འཕུང་སྲིའི་ཚོགས༔ མནན་པ་ཡིན་ནོ་ལྡང་བར་མ་བྱེད་ཅིག༔ བཅིངས་པ་ཡིན་ནོ་ནམ་ཡང་མ་གྲོལ་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་གསུམ་པ་བསྡུ་ཆོག་ནི༔ ཧཱུྃ་ཧྲཱི༔ ཞིང་ཁམས་གཞལ་ཡས་དཀྱིལ་འཁོར་ལྷ༔ འོད་དུ་ཡལ་ནས་གཙོ་ལ་ཐིམ༔ གཙོ་བོ་སྔགས་འབྲུ་ས་བོན་ཏེ༔ ཟླ་ཚེས་ཐིག་ལེ་ནཱ་དར་ཡལ༔ དམིགས་མེད་ངང་དུ་ཨེ་མ་ཧོ༔ སྒྲུབ་ཁོག་ནས་བྱུང་བའི་རྒྱུན་སྤྱོད་ལྷ་ཡི་རྣལ་འབྱོར་ནི༔ ཧཱུྃ༔ འཁོར་འདས་ཐམས་ཅད་ཆོས་དབྱིངས་ལྷ་ཡི་ཞིང་༔ སྣང་གྲགས་གཟུགས་སྣང་ལྷ་དང་ལྷ་མོའི་སྐུ༔ རང་སེམས་བརྗོད་མེད་རྒྱལ་བའི་ཐུགས་ཀྱི་དབྱིངས༔ རྣམ་བཞིའི་ལས་ཀྱིས་བདག་གཞན་དོན་གཉིས་བསྒྲུབ༔ ཅེས་བརྗོད་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཞིང་ལྷར་གསལ་རྒྱུན་གྱི་སྤྱོོད་པ་ལ་འཇུག་གོ༔ བཅུ་གཉིས་པ་བསྔོ་སྨོན་ནི༔ ཧཱུྃ་ཧྲཱི༔ དཀྱིལ་འཁོར་ཆོ་ག་འདི་བསྒྲུབས་པས༔ བདག་སོགས་འགྲོ་བ་སེམས་ཅན་རྣམས༔ རིག་འཛིན་བླ་མའི་ཕོ་བྲང་དུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ བཅུ་གཅིག་པ་བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ དམིགས་མེད་ཆོས་སྐུ་དག་པ་ནས༔ ཀུན་བཟང་ཡབ་ཡུམ་བཀྲ་ཤིས་ཤོག༔ འགག་མེད་རོལ་པ་ཆེན་པོ་ནས༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག༔ ཐུགས་རྗེས་འགྲོ་བ་འདུལ་བ་ནས༔ པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ རིག་འཛིན་རོལ་པའི་དཀྱིལ་འཁོར་ནས༔ བདེ་མཆོག་འཁོར་ལོའི་བཀྲ་ཤིས་ཤོག༔ ཤེས་རབ་ཡུམ་གྱི་མཁའ་ཀློང་ནས༔ མདྷ་ར་ཝའི་བཀྲ་ཤིས་ཤོག༔ ཁྲོ་བོ་རོལ་པའི་དུར་ཁྲོད་ནས༔ སྒྲུབ་པ་བཀའ་བརྒྱད་བཀྲ་ཤིས་ཤོག༔ བཀའ་འདུས་དཔལ་གྱི་ཕོ་བྲང་ནས༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཆོས་སྐྱོང་གཏེར་སྲུང་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་དང་བཀྲ་ཤིས་བརྗོད༔ དགའ་སྟོན་བྱ་ཞིང་ཚོགས་ལ་རོལ༔ བཅུ་བཞི་པ་བཀྲ་ཤིས་པའི་གླུ་བྲོ་ལ་སོགས་རྒྱུན་སྤྱོད་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འདུས་པའི་གཙོ་མཆོག་ཧེ་རུ་ཀ༔ འཁོར་ལོ་བདེ་མཆོག་གསང་བའི་ཆོས་སྐོར་རྣམས༔ རིག་འཛིན་འདུས་པའི་རྒྱུད་ལ་བརྟེན་ནས་ཀྱང་༔ ཕྱི་རབས་དོན་དུ་སྒྲུབ་པ་ལག་ལེན་བཅས༔ མ་བུ་ཆ་ཚང་པདྨ་བདག་གིས་བཀོད༔ ལས་བཞིའི་འཕྲིན་ལས་བསྒྲུབ་དང་སྨིན་བྱེད་དབང་༔ ཀུན་གྱི་ཁ་སྐོང་ལས་བྱང་འདི་ཡིན་ནོ༔ རྡོ་རྗེ་ལེགས་པས་བཀའ་འདིའི་བྱ་ར་གྱིས༔ ལྷ་བཙན་ཆེན་པོས་གཏེར་འདིའི་སྲུང་མ་མཛོད༔ བཞི་བཅུ་ཁ་རལ་སུམ་ཅུར་ཉེ་བའི་དུས༔ ང་ཡི་ཐུགས་སྲས་སྦས་པའི་རྣལ་འབྱོར་ཞིག༔ མདོ་ཁམས་མཆོད་རྟེན་དཀར་པོའི་ནུབ་ནས་འོང་༔ ཟབ་ཆོས་འདི་འཕྲད་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་རྒན་འགྲོ་འདུལ་གླིང་པས་ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རང་ཁར་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཤིང་། ས་ཕོ་རྟ་ལོ་ཧོར་ཟླ་བཅུ་པའི་ཚེས་བཅུ་ལ་ཁམས་སྲིང་མོ་རྫོང་གི་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་དཀྱུས་མཐོ་དོ་གང་། ཞིང་མཛུབ་གང་བ་ཞིག་ལས་ཞལ་བཤུས་པའོ། །མངྒ་ལཾ། སྲས་བཅས་རྒྱལ་བའི་མཁྱེན་བརྩེནུས་པའི་མཐུ། །གཅིག་བསྡུས་རིགས་བརྒྱའི་ཁྱབ་བདག་ཐོད་ཕྲེང་རྩལ། །གང་གི་བཀའ་དྲིན་ནམ་མཁའི་ཕ་མཐའ་བཞིན། གཞལ་མེད་དད་པའི་ལག་པད་སྙིང་གར་ཟུམ། །མགོན་དེའི་ཐུགས་གསང་དཔལ་བེའི་སྒོ་ཕྱེ་ནས། །ཇི་སྙེད་ཟབ་རྒྱས་གདམས་པ་མང་སྩལ་ཀྱང་། །བླ་མ་ཡི་དམ་དབྱེར་མེད་སྒྲུབ་པའི་ཐབས། །ཀུན་ལས་ཁྱད་འཕགས་ཆོས་ཚུལ་འདི་རྨད་བྱུང་། །དེ་ཕྱིར་ལས་གཞུང་ཆོ་གར་འཇུག་བདེའི་ཁྲིགས། །དང་པོའི་ལས་ཅན་འགའ་ལ་ཕན་པའི་ཕྱིར། །པད་འབྱུང་རྒྱལ་ཚབ་གཏེར་ཆེན་དམ་པ་ཡི། །ཕྱག་གཞེས་སྙིང་པོར་བཟུང་སྟེ་འདི་ན་བསྒྲིགས། །དགེ་བས་སྔ་འགྱུར་བསྟན་པ་གོང་འཕེལ་ཞིང་། །ཚུལ་བཞིན་ཐོས་བསམ་བསྒོམ་པས་ལུས་ཅན་རྣམས། །ཨེ་ཝཾ་ཟུང་འཇུག་བདེ་མཆོག་ཧེ་རུ་ཀའི། །གོ་འཕང་བདེ་བླག་ཉིད་དུ་འགྲུབ་གྱུར་ཅིག། དེ་ལྟར་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཆོག་བསྒྲིགས་སུ་བཀོད་པ་ཡོངས་འདུའི་སྙེ་མ་ཞེས་བྱ་བ་འདི་ནི། །ངེས་གསང་སྙིང་པོའི་ཆོས་ཚུལ་ལ་མང་དུ་ཐོས་པས་ཕྱུགས་ཤིང་ཟབ་གཏེར་འདི་ཉིད་ལ་མི་འཕྲོགས་པའི་དད་ལྡན་པདྨ་དབང་དྲག་གིས་བསྐུལ་ངོར། གཏེར་ཆེན་བླ་མ་མཆོག་གིས་མཛད་པའི་ཕྱག་ལེན་ལ་གཞི་བྱས་ཅུང་ཟད་མི་གསལ་བ་རྣམས་སྔ་འགྱུར་གྱི་རིང་ལུགས་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་བཞེས་དང་མཐུན་པར་བགྱིས་ཤིང་ཆོ་གའི་མཚམས་སྦྱོར་རྣམས་ཀྱང་རིག་འཛིན་ཆེན་པོས་མཛད་པ་དང་། སྨན་མཆོད་ཚིགས་བཅད་གསར་དུ་བྲིས་པ་འདི་ཉིད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཤིང་ཡོས་སྣྲོན་གྱིས་ཉ་བའི་ཡར་ངོའི་ཚེས་བཅུའི་ཉིན་རིག་འཛིན་ཆོས་ཀྱི་རྒྱལ་པོའི་གདན་ས་སྲིང་རྫོང་འོད་གསལ་སྒྲུབ་སྡེར་སྦྱར་བའི་ཡི་གེ་པ་འཚོ་བྱེད་པདྨ་དོན་གྲུབ་ཀྱིས་བགྱིས་པ་འདིས་ཀྱང་ཟབ་གསང་གི་རིང་ལུགས་དང་ཆོས་ཚུལ་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དབྱར་མཚོ་ལྟར་འཕེལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བའི་རྒྱུར་གྱུར་ཅིག། མངྒ་ལཾ། ༈སྭ་སྟི། རྒྱུད་ལུང་མན་ངག་འོ་མཚོ་བསྲུབས་པ་ལས། །སྒྲུབ་སྡེ་བརྒྱད་ཀྱི་ཟབ་བཅུད་མར་དུ་འདྲིལ། །དེ་ཡི་ཡང་ཞུན་བསྐྱེད་རྫོགས་རྫོགས་ཆེན་དང་། །འབྲེལ་བའི་བླ་མ་ཡི་དམ་ཀུན་འདུས་པ། །བདེ་མཆོག་འཁོར་ལོ་རིག་འཛིན་འདུས་པའི་གཙོ། །གང་ལ་བརྟེན་ནས་མཆོག་དང་ཐུན་མོང་གི། འབྲས་བུ་མྱུར་དུ་ལག་རྩེར་སོན་པའི་ཆོས། །འདོད་འཇོ་རིན་ཆེན་འདི་ལས་གཞན་པ་སུ། །དེ་ཕྱིར་འཇུག་བྱེད་མཆོད་ཕྲིན་ཆོ་གའི་ཁྲིགས། གཅིག་ལས་དུ་མར་འཆར་བའི་བཟོ་རིག་འཕྲུལ། །བསྐྲུན་པའི་དགེ་ཚོགས་ཀུན་གསལ་དང་མཉམ་པའི། །མཐའ་ཡས་འགྲོ་རྣམས་ཡེ་ཤེས་མཆོག་ཐོབ་ཤོག། བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོ་ག་པར་དུ་བཞེངས་པའི་འདོད་བྱང་སྨོན་ལམ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་དགེ་བར་གྱུར་ཅིག།


previousབླ་མ་བདེ་མཆོག་དབང་གི་འཁོར་ལོའི་ལས་གཞུང་ཆོག་ཁྲིགས་སུ་བཀོད་པ་ཡོངས་འདུས་སྙེ་མ།next