Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ།
   
   
   
   
   
   
   


 
previousཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ།next

ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ།

ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་ཡེ། །མཁའ་ཁྱབ་ཞིང་རྡུལ་གྲངས་མཉམ་རྒྱལ་བ་ཡི། །ཇི་སྙེད་གསང་གསུམ་ཡོན་ཏན་ཕུང་པོའི་ཚོགས། །གང་གི་མཁྱེན་བརྩེ་ནུས་པར་ཡོངས་སྨིན་པའི། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མགོན་ཁྱོད་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཉིད། །ངོ་མཚར་སྤྲུལ་པའི་རོལ་གར་སྣ་ཚོགས་ཀྱང་། །གདུལ་བྱའི་སྣང་ངོར་རིག་འཛིན་འདུས་པའི་གཙོ། །བདེ་མཆོག་འཁོར་ལོར་བཞེངས་ལ་གསོལ་བ་འདེབས། །བདག་དོན་མ་དམིགས་གཞན་ཕན་སྤྱོད་པའི་ཚུལ། །རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་མཛད་པ་ལས། །རྨད་བྱུང་ཐུགས་བསྐྱེད་ནམ་ཡང་མི་འདོར་བ། །གཏན་གྱི་སྐྱབས་མཆོག་ཁྱོད་ལ་གསོལ་བ་འདེབས། །ཡེ་ཤེས་ལུས་ཅན་ཉིད་ཕྱིར་གཤེགས་བཞུགས་ཀྱི། །དངོས་མཚན་བྲལ་ཡང་རྔ་ཡབ་དཔལ་གྱི་རིར། །བཞུགས་ནས་མཁའ་ཁྱབ་འགྲོ་དང་བོད་ཡུལ་ཀུན། །རྟག་ཏུ་ཐུགས་རྗེས་འཛིན་ལ་གསོལ་བ་འདེབས། །གང་གི་ཞིང་དེའི་ཡོན་ཏན་མཐོང་ཐོས་དྲན། །ངན་སོང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ། །མཁའ་ལ་སྤྱོད་པའི་གནས་དང་དབྱེར་མེད་པའི། །པདྨ་འོད་ཀྱི་ཞིང་དེར་སྐྱེ་བར་ཤོག། ཕྱོགས་མཚམས་ལངྐའི་གྲོང་དང་ཡུལ་ལྗོངས་ཀྱིས། །ཡོངས་སུ་བསྐོར་དབུས་ཟང་མདོག་དཔལ་གྱི་རི། །ལྷུན་ཆགས་མངོན་མཐོ་གཟི་བྱིན་རབ་འབར་བ། །མཐོང་བས་དགའ་བསྐྱེད་གནས་དེར་སྐྱེ་བར་ཤོག། ཁོར་ཡུག་ཆུ་མཚོ་ལྗོན་ཤིང་པདྨོའི་ཚལ། །སྤྲུལ་པའི་འདབ་ཆགས་རྐང་དྲུག་འཕུར་ལྡིང་གཡོ། །ཆོས་དབྱངས་སྙན་སྒྲོགས་དྲི་བཟང་ངད་པ་ཡིས། །ཕྱོགས་ཀྱི་འཁོར་ལོ་འགེངས་དེར་སྐྱེ་བར་ཤོག། རྣམ་བཀྲ་དབང་པོའི་གཞུ་ཡི་གུར་ཁྱིམ་འཁྲིགས། །རབ་མཛེས་དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ཀྱིས། །རོལ་མོའི་སྒྲ་དང་འཕན་གདུགས་རྒྱལ་མཚན་སོགས། །མཆོད་པའི་སྤྲིན་ཕུང་སྤྲོ་དེར་སྐྱེ་བར་ཤོག། དེ་དབུས་རིན་ཆེན་ཐོད་པ་སྐམ་རློན་ལས། །གྲུབ་པའི་གཞལ་ཡས་མཚན་ཉིད་རྒྱན་རྫོགས་དབུས། །རཏྣའི་ཁྲི་དང་པད་ཟླ་ཉི་གདན་སོགས། །ཕུལ་བྱུང་བཀོད་པས་བརྒྱན་པ་མཐོང་བར་ཤོག། ཡེ་ཤེས་དྭངས་གསལ་འོད་ལྔ་འཁྲིགས་པའི་དབུས། །རྒྱལ་བའི་སྤྱི་གཟུགས་རིག་འཛིན་ཐོད་པ་རྩལ། །ཡིད་འཛིན་མེ་ཏོག་མན་དྷ་རཱ་ཝར་བཅས། །སྣང་སྟོང་གར་གྱི་རོལ་པ་མཇལ་བར་ཤོག། མགོན་དེའི་གསང་གསུམ་མི་བཟད་རྒྱན་འཁོར་ལོར། །སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་ཡོངས་རྫོགས་ཤིང་། །བགྲངས་ཡས་རིག་འཛིན་གྲུབ་པའི་ཚོགས་རྣམས་ཀུན། །འཁོར་དུ་བསྐོར་བའི་ཞལ་མཆོག་མཐོང་བར་ཤོག། གང་གི་ཞལ་ལུང་སྨིན་གྲོལ་བདུད་རྩི་ལ། །ངོམས་མེད་སྤྱོད་པའི་བསྐལ་བཟང་མངོན་གྱུར་ནས། །རིག་འཛིན་རྣམ་བཞིའི་ས་རྣམས་རིམ་བགྲོད་ཅིང་། །གང་འདུལ་སྤྲུལ་པས་འགྲོ་བའི་དོན་བྱེད་ཤོག། མདོར་ན་ཕུང་ཁམས་སྐྱེ་མཆེད་ལངྐའི་གྲོང་། །རང་སྙིང་ཟངས་མདོག་དཔལ་གྱི་རི་བོའི་རྩེར། །བཞུགས་པའི་རང་རིག་དོན་གྱི་ཐོད་ཕྲེང་རྩལ། །ངོ་སྤྲོད་ཞལ་མཇལ་འཕོ་མེད་གྲོལ་བར་ཤོག། དེ་ལྟར་མ་གྱུར་གནས་སྐབས་ཐམས་ཅད་དུ། །ཁྱེད་ཤེས་བློ་ཡིས་རྩེ་གཅིག་གསོལ་འདེབས་ཤིང་། །བསྙེན་བསྒྲུབ་བཟླས་པས་ཐུགས་དམ་རྒྱུད་བསྐུལ་ན། །དངོས་སུ་ཞལ་སྟོན་དབུག་དབྱུང་མཛད་དུ་གསོལ། །ཆེས་ཆེར་སྙིགས་མའི་དུས་འདིར་ལས་རྐྱེན་གྱི། །འཚེ་བ་མང་བས་ཐར་ལམ་བགྲོད་དཀའ་བར། །ཐུགས་རྗེའི་མཐུ་དཔུང་བསྐྱེད་ལ་གེགས་རྣམས་སོལ། །ཆོས་ཀྱི་བསམ་པ་མཐར་ཕྱིན་འགྲུབ་པར་མཛོད། །འབྱུང་འཁྲུགས་ཟུག་རྔུའི་ཚོགས་རྣམས་ཞི་བ་དང་། །རིང་པོའི་ཚེ་དང་འབྱོར་བའི་ཚོགས་རྣམས་ཀུན། །དཀར་ཆའི་ཟླ་བཞིན་གོང་འཕེལ་མཆོག་ཐུན་གྱི། །རེ་འབྲས་མ་ལུས་མྱུར་དུ་འགྲུབ་པར་ཤོག། ཅེས་བླ་མ་བདེ་མཆོག་དབང་གི་འཁོར་ལོ་དང་འབྲེལ་བའི་ཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ་ཉུང་ངུ་ཞིག་དགོས་ཞེས་རྣམ་རྒྱལ་འབུམ་གྱིས་མཎྜལ་དང་བཅས་ཡང་ཡང་བསྐུལ་བའི་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དཔལ་ལྡན་སྟག་མོ་སྒང་དུ་སྦྱར་བའོ།། །།


previousཟངས་མདོག་དཔལ་རིར་སྐྱེ་བའི་སྨོན་ལམ།next