Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྒོ་ནས་རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར་ངག་འདོན་དུ་བསྡེབས་པ
   
   
   
   
   
   


 
previousབླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྒོ་ནས་རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར་ངག་འདོན་དུ་བསྡེབས་པnext

བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྒོ་ནས་རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར་ངག་འདོན་དུ་བསྡེབས་པ

བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྒོ་ནས་རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར་ངག་འདོན་དུ་བསྡེབས་པ་བཞུགས་སོ། །ཀུན་ཁྱབ་གདོད་མའི་དབྱིངས་ལས་འགག་མེད་དུ། །ལྷུན་གྲུབ་ངེས་པ་ལྔ་ལྡན་ཡེ་ཤེས་ཀྱི། །རྣམ་འཕྲུལ་ཅིར་ཡང་བརྩེན་པའི་ངོ་བོ་ཉིད། །དྲིན་ཅན་བླ་མ་སྙིང་དབུས་རྟག་ཏུ་མཆོད། །སྤངས་རྟོགས་དོན་གཉིས་ཕུན་ཚོགས་སངས་རྒྱས་དང་། །བདེན་གཉིས་མཚན་ཉིད་འཛིན་པ་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་དང་ལྡན་དགེ་འདུན་ཏེ། །སྲིད་ཞིའི་སྐྱབས་གཅིག་མཆོག་གསུམ་ལ་ཕྱག་འཚལ། །མཐོང་ཐོས་དྲན་པས་སྒྲིབ་ཚོགས་དྲུང་འབྱིན་ཅིང་། །ངོ་མཚར་སྣང་བ་འདྲེན་བྱེད་བདུད་རྩིའི་དཔལ། །སྦྱིན་མཛད་བཟོ་སོགས་སྣ་ཚོགས་རྣམ་པར་འཕྲུལ། །ལུས་ཅན་བསོད་ནམས་གསོག་ཞིང་རྣམས་ལ་འདུད། །རྒྱལ་དང་དེ་སྲས་རྣམས་ཀྱི་སྐུ་གསུང་ཐུགས། །ཀུན་རྫོབ་རྟེན་ལ་ཡེ་ཤེས་ཕྱག་རྒྱ་ཡིས། །དབྱེར་མེད་སྒྲུབ་པའི་ཐབས་མཆོག་བཀྲ་ཤིས་ཀྱི། །དགེ་ལེགས་སྣང་བའི་དཔལ་འབར་བརྗོད་ལ་སྤྲོ། །དེའང་རབ་གནས་ཀྱི་དོན་ཆ་ཤས་ཙམ་ཞིག་སྤྱིར་བཤད་པ་དང་། བྱེ་བྲག་ཆོ་ག་དངོས་སོ། །དང་པོ་ལ། དྲང་ངེས་ཀྱི་དབྱེ་བས་བསྟན་པ། ངོ་བོ་། ངེས་ཚིགརྟེན། ཉེས་དམིགས། ཕན་ཡོན། སློབ་དཔོན། གནས། དུས། ལྟས་ཏེ་རྣམ་གྲངས་བཅུ་ལས། དང་པོ་ནི། ཀུན་ཁྱབ་གདོད་མའི་ཡེ་ཤེས་འདུས་མ་བྱས་པ་ལྷུན་གྱིས་གྲུབ་པ་དང་། དེ་ཉིད་རྟོགས་པ་མངོན་དུ་གྱུར་པ་ལ་རབ་གནས་ཆེད་དུ་བྱ་མི་དགོས་ཏེ། རབ་ཏུ་གནས་པའི་རྒྱུད་ལས། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཅེས་དང་། དམ་པ་དོན་དུ་སྤྱད་པ་ན། །གང་ཞིག་གང་གིས་གང་དུ་བརླབ། །གཟོད་མ་ནས་ཞི་སྐྱེ་མེད་ལ། །ཅི་འདྲས་ཇི་ལྟར་རབ་ཏུ་གནས། །ཞེས་དང་། བདེ་འདུས་རབ་གནས་ལས་ཀྱང་། ཆོས་རྣམས་འོད་གསལ་སྐྱེ་མེད་དུ། །རྟོགས་པར་ལྡན་པའི་མཆོད་གནས་རྣམས། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་དེ་ལྟ་བུའི་དོན་མ་རྟོགས་པ་གདུལ་བྱ་ཐུན་མོང་པ་རྣམས་ཚོགས་གཉིས་སྤེལ་ཕྱིར་ཀུན་རྫོབ་ཏུ་རབ་གནས་དགོས་པར་བསྟན་པ་ནི། རབ་རྒྱུད་ལས། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །ཞེས་དང་། དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོགས་པའི་རྒྱུ་རུ་མཛད་པར་ཟད། །ཅེས་སོ། གཉིས་པ་ངོ་བོ་ནི། དམ་ཚིག་སེམས་དཔའི་རྟེན་དེ་ལ་སངས་རྒྱས་ཀྱི་ཆེ་བའི་བྱིན་རླབས་བསྡུས་ཏེ་ཡེ་ཤེས་སེམས་དཔའ་བཞུགས་སུ་གསོལ་བས་དགེ་ཞིང་བཀྲ་ཤིས་པར་བྱེད་པ་སྟེ། ཧེ་རུ་ཀ་གལ་པོ་ལས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་བཞུགས་པས་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་སོ། གསུམ་པ་ངེས་ཚིག་ནི། སུ་པྲ་ཏིཥྛའི་སྒྲ་ལས། རབ་མཆོག་ཏུ་གྱུར་པ་དང་། །ཡུན་རིང་དུ་གནས་པར་བྱེད་པའོ། །དེ་དག་ཀྱང་རང་བཞིན་ཡེ་ཤེས་ཀྱི་བྱིན་ཕབ་པས་མཆོག་ཏུ་གྱུར་པ་དང་། གདུལ་བྱའི་བསོད་ནམས་ཀྱི་ཉེར་འཚོར་ཡུན་དུ་གནས་པའི་དོན་ནོ། །བཞི་པ་གནས་བྱའི་རྟེན་ནི། ཞི་བ་དང་ཁྲོ་བོ་སོགས་རྣམ་པར་འཕྲུལ་པ་མཐའ་ཀླས་པར་བསྟན་པའི་རྒྱལ་བ་རྣམས་ཀྱི་སྐུ་བརྙན་དང་། བཀའ་དང་བསྟན་བཅོས་གསུང་གི་རྟེན་དང་། ཐུགས་རྟེན་མཆོད་རྟེན། གཙུག་ལག་ཁང་། རྒྱན་དང་ཕྱག་མཚན་ལ་སོགས་པའོ། །དེ་དག་གི་རྒྱུ་དང་སྦྱིན་བདག་བཟོ་བོ་སོགས་ཁ་ན་མ་ཐོ་བ་དང་བྲལ་བའི་དག་ཅིང་སྦྱོར་དངོས་རྗེས་བཅས་ལྷག་བསམ་གྱིས་ཟིན་པ་ཆ་ཚད་སོགས་མཚན་ཉིད་དང་ལྡན་དགོས་ཏེ། ཇི་སྐད་དུ། སྐུ་གཟུག་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་སོ། །རྟེན་ལ་ཆ་ཚད་མི་ལྡན་པར་ནི་རབ་གནས་བྱར་མི་རུང་ཞིང་ཡེ་ཤེས་པ་ཆགས་པའང་མི་སྲིད་ལ་ཡུལ་ཕྱོགས་གྲོང་ཁྱེར་དགོན་སོགས་གང་དུ་གནས་ཀྱང་བཀྲ་མི་ཤིས་པར་གསུངས་པས་སྤང་བར་བྱ། དེ་ལྟར་མཐོང་ན་མི་མཐུན་མེད་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་རྟེན་ལ་ནང་གཞུག་རིང་བསྲེལ་རྣམ་པ་བཞི་ཞེས། གདུང་རུས་སོགས་སྐུ་གདུང་གི་རིང་བསྲེལ། ཤ་རཱི་རམ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། དབུ་སྐྲ་དང་སེན་མོ་སོགས་སྐུ་བལ་གྱི་རིང་བསྲེལ༔ གཟུངས་རྣམས་ཆོས་སྐུའི་རིང་བསྲེལ་ཞེས་གྲགས་ཤིང་། བཞུགས་ཚུལ་ཡང་སྤྱིར་བཏང་དུ། གཟུངས་རྣམས་དག་ཅིང་ལེགས་པར་བྲིས་ཞུས་ཟིན་པ་བསྒྲིལ་ནས་རབ་གནས་བསྡུས་པ་དང་ལྡན་པ། རྟེན་ལ་བགེགས་བསྐྲད་སྲུང་འཁོར་བསྒོམས་ནས་ནང་དུ་དྲི་བཟང་པོས་ཁྱབ་པར་བྱུགས། གནས་གསུམ་དུ་ཨཱོཾ་ཨཱཿཧཱུྃ་གསེར་གྱིས་བྲིས་པ་དང་ཀྲི་ཡོག་སོགས་ཕྱི་རྒྱུད་ཀྱི་ལྷ་རྣམས་ལ་སྐྱེ་མཆེད་བྱིན་རླབས་སྤྱི་ལྟར་དང་། བླ་མེད་ཀྱི་ལྷ་ཇི་ལྟར་འོས་པ་རྣམས་ལ་དེའི་ཚབ་ཏུ་བཀའ་བརྒྱད་ཀྱི་སྙིང་པོ་གནས་ཡིག་ཏུ་སྦྱར། སྐུ་གདུང་སྐུ་བལ་སོགས་དང་བླ་མ་བརྒྱུད་པའི་མཚན། དེ་དག་གི་བྱིན་རྟེན་སེལ་མེད། གཙུག་ཏོར་ཀྱི་གཟུངས་སྔགས་རྣམས་དབུའི་གཙུག་ཏོར་ལ་སོགས་པར་འབུལ། རྒྱུད་ལུང་མན་ངག་གམ་བསྐྱེད་རྫོགས་གསུམ་སྟེ་རྣལ་འབྱོར་ཆེན་པོར་གྲགས་པའི་རྒྱུད་སྡེ་རྣམས་ཀྱི་ལྷའི་སྙིང་པོ་ཉེ་སྙིང་སོགས་དབུའི་ནང་དང་། དབྱངས་གསལ་སོགས་མགུལ་དུ། ཐུགས་ཀར་རྟེན་འབྲེལ་སྙིང་པོ་དང་ཡི་གེ་བརྒྱ་པ། ལྷ་གང་དེའི་སྙིང་པོ་དང་འཁོར་ལོ་སོགས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང་ཤེལ་རྡོ་ཟུར་མ་ཉམས་པ། སྐུའི་སྟོད་ཆར་ཡོ་ག་དང་སྤྱོད་རྒྱུད། རྐེད་པར་བྱ་རྒྱུད། གཟུངས་ཆེན་བཞི། སྨད་ལ་སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་དང་། རྟེན་ཆེན་པོ་ལ་རྒྱུད་སྡེ་དང་མདོ་ལ་སོགས་པའི་གླེགས་བམ་ཡང་གོང་འོག་གི་གོ་རིམ་ལྟར་བཞུགས། པད་གདན་ལ་ཆོས་སྐྱོང་ནོར་ལྷའི་སྲོག་སྔགས་འཁོར་ལོ་བུམ་གཏེར་སོགས་ཚུལ་བཞིན་བསྒྲུབ་པ་དང་། རིན་ཆེན། འབྲུ་སྨན། དར་ཟབ་སོགས་ཇི་སྙེད་པ་གཞུགཆོས་སྐྱོང་དང་ནོར་ལྷའི་རིགས་ལ་སྐྱེ་རྒྱུད་དང་མཐུན་པར་ཡེ་ཤེས་ཀྱི་སྤྲུལ་རྒྱུད་གོང་གནོན་རིགས་བདག་ཏུ་འབུལ་བ་དང་བླ་རྡོ་འབོད་རྦད་བསད་གསུམ་ཐུགས་ཀ་དང་ལྟེ་བ་གསང་གནས་ཞབས་འོག་ཡན་དུ་འབུལ་བ་སོགས་གཟུངས་འབུལ་རྣམས་གསང་སྔགས་ཕྱི་ནང་ཡི་དམ་ཆོས་སྲུང་གི་བྱེ་བྲག་ཕྲ་ཞིབ་ཀྱི་ལག་ལེན་དམིགས་ཕྱེད་པར་བྱ། རྡོ་སྐུ་རིས་སོགས་གཟུངས་འབུལ་མི་ཐུབ་པའིི་རིགས་ལ་གཟུངསསྔགས་རྣམས་ཚར་གསུམ་བགྲངས་ཤིང་གནས་སོ་སོར་དྲི་བཟང་གི་ཆུ་ཐིགས་རེ་འཐོར་ཞིང་གཟུངས་རྣམས་བཀྲ་ལམ་མེར་ཡོད་པར་བསམ། རས་བྲིས་ལ་བྱིན་རྟེན་རྣམས་དཀར་རག་དང་སྦྱར་ཏེ་རས་གཞིར་བྱུག་ཅིང་། རྒྱབ་ཏུ་རྣམ་རྒྱལ་མཆོད་རྟེན། གནས་ཡིགའབྲུ་གསུམ། དབྱངས་གསལ་རྟེན་འབྲེལ་སྙིང་པོ། རིག་པ་ཆེན་པོའི་སྔགས། ལྷ་དེའི་སྙིང་པོ། བསྟོད་པ་སོགས་ཇི་ལྟར་རིགས་པ་བྲི། འབུར་རྣམས་ལ་གཟུངས་འཁྲུག་སོགས་ཀྱི་ཉེས་པ་ཞི་ཕྱིར་རིག་པ་ཕུག་རོན་ནི་སྟོད་སྨད་ཀུན་ཏུའོ། །མཆོད་རྟེན་ལ་ནི་སྐུ་གཟུགས་ཀྱི་གཙུག་ཏོར་དུ་གཞུག་དགོས་པ་རྣམས་ཆོས་འཁོར་དང་བྲེ་ལ། སྐུར་གཞུག་དགོས་པ་རྣམས་བུམ་པ་ནས་བང་རིམ་འོག་མ་ཡན་དང་། སེང་ཁྲིར་གནོད་སྦྱིན་འཁོར་ལོ་ཆོས་སྲུང་རྣམས་སོ། །གཞན་ཡང་སྲོག་ཤིང་གི་རྒྱུ་དང་། གཟུངས་རྣམས་དང་། དཱུཪྺ་དང་། ཀུ་ཤའི་ཆུན་པོ། རྩ་གསུམ་མཚོན་བྱེད་སོགས་ཚུལ་ལྡན་བྱེད་པ་ནི་ཤིན་ཏུ་གཅེས། ལྔ་པ་རབ་གནས་མ་བྱས་པའི་ཉེས་པ་ནི། རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འགྱུར་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། རྡོ་རྗེ་གུར་ལས། ཟིན་པའི་དེ་མ་ཐག་པ་རུ། རབ་ཏུ་གནས་པ་མཆོག་ཏུ་འགྱུར། ཞེས་སོ། དྲུག་པ་བྱས་པའི་ཕན་ཡོན་ནི། རབ་གནས་འདི་ཉིད་ལས། དེ་ལྟར་ཚད་ལྡན་གྱི་རྟེན་གསུམ་པོ་གང་ཡིན་ཀྱང༔ རབ་གནས་ཀྱི་ཆོ་ག་འདི་ཚུལ་བཞིན་དུ་སྤྱད་པར་གྱུར་ན༔ གནས་སྐབས་སུ་རྟེན་དེ་དག་གང་དུ་བཞུགས་པའི་ཡུལ་ཕྱོགས་རྒྱལ་ཁམས་ཐམས་ཅད་ལ་བཀྲ་ཤིས་ཤིང་མི་མཐུན་པའི་ཚོགས་ཐམས་ཅད་རབ་ཏུ་ཞི་སྟེ༔ མཐུན་རྐྱེན་ཕུན་སུམ་ཚོགས་པར་འགྱུར་རོ༔ མཐའི་དམག་དཔུང་སོགས་ཡུན་རིང་དུ་ཕྱིར་བསྲིང་ངོ་༔ འཇིགས་པ་ཆེན་པོ་བཅུ་དྲུག་གི་གནོད་པ་ཐམས་ཅད་ཀྱང་རང་བཞིན་དུ་ཞིའོ༔ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་རབ་ཏུ་རྒྱས་སོ༔ རྟེན་མཆོག་དམ་པ་དེ་ནི་བདེ་བར་གཤེགས་པ་རྣམས་དང་གཉིས་སུ་མེད་དོ༔ ཞེས་སོགས་རྒྱ་ཆེར་གསུངས་སོ། བདུན་པ་སློབ་དཔོན་ནི། སྒྱུ་འཕྲུལ་དྲ་བ་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་བྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུང་། །ཞེས་དང་། ཡོངས་རྫོགས་གསང་འདུས་རྒྱུད་ལས་ཀྱང་། བདེ་གཤེགས་བཀའ་བབ་སྒྲུབ་བརྒྱུད་ཟིན༔ དབང་རྣམས་ཡོངས་རྫོགས་དམ་ལ་གནས༔ ལྟ་བ་ཐག་ཆོད་ཏིང་འཛིན་གསལ༔ སྤྱོད་པ་ལ་དོར་མན་ངག་ཅན༔ གསང་སྔགས་མཐའ་དྲུག་རྫོགས་པ་ལ༔ ཐོས་པས་རྒྱུད་གྲོལ་སྙིང་རྗེ་ཡིས༔ འགྲོ་འདུལ་ཐབས་མཁས་དེ་ཉིད་བསྟེན༔ སློབ་དཔོན་དེའང་ས་ཐོབ་མ་གཏོགས་རྟེན་དགེ་སློང་དགེ་ཚུལ་ཁྱིམ་པ་སྟེ་རབ་འབྲིང་ཐ་མར་བཤད་ཅིང་བསླབ་པ་དང་ལྡན་ཞིང་གསང་སྔགས་མཐའ་དྲུག་ལ་དབང་འབྱོར་བ། ཕྱི་ནང་གི་དེ་ཉིད་བཅུ་ཞེས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་དང་རྣམ་པ་བཅུ། །ཞེས་ཕྱིའི་བཅུ་དང་། སློབ་དཔོན་ཌོམྦྷི་ཧེ་རུས། །སྲུང་བ་དབང་བསྐུར་གཏོར་མ་བཟླས་དང་དགར། །ཕྱིར་བཟློག་པ་དང་དཀྱིལ་འཁོར་སྒྲུབ་པ་དང་། །སྡིགས་སྦྱོར་བ་དང་གཤེགས་སུ་གསོལ་བ་སྟེ། །དེ་ཉིད་བཅུ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་པ། སྲུང་བ་ནི་བཀའི་འཁོར་ལོས་དང་། དབང་ནི་གཉིས་པ་དང་གསུམ་པ། །གཏོར་མ་ནི་ཤ་ལྔ་སོགས། བཟླས་པ་ནི་རྡོར་བཟླས་སོགས་རླུང་གི་འགྲོ་འོང་གི་དོན་ལ་གོམས་པ། དགར་བ་ནི་དྲག་ལས་ཀྱིས་དབྱིངས་སུ་བསྒྲལ་བ། ཕྱིར་བཟློག་གཉིས་ནི་བསྒོམ་པ་དང་བྲི་བའི་བཟློག་པ། དཀྱིལ་འཁོར་ནི་རང་བཞིན་ལྷུན་གྲུབ་ལུས་དཀྱིལ་ལ་སོགས་པའོ། །སྒྲུབ་པ་ནི་ཡེ་ཤེས་སེམས་དཔའ་མངལ་སྦྱིན་ལ་སོགས་ཐུན་མོང་མ་ཡིན་པ། སྡིགས་པ་ནི་མ་འགྲུབ་ན་སྤོགས་ཆོག་གིས་གནད་ལ་འབེབས་པ། །གཤེགས་པ་ནི་སྙིང་གའི་ཟླ་བ་རྡོ་རྗེ་ལ་བསྡུ་བ་སོགས་ནང་གི་དེ་ཉིད་བཅུའོ། །བརྒྱད་པ་གནས་ནི། ཁྲག་འཐུང་གལ་པོ་ལས། ཏིང་འཛིན་ཡེ་ཤེས་མཆོག་གི་ས། །བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །དེ་ནི་གནས་ཀྱི་མཆོག་ཡིན་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པ། །ཞེས་དེ་ལྟ་བུ་སྐབས་སུ་གང་བབས་ཀྱི་གནས་སོ། །དགུ་པ་དུས་ནི་པཎ་ཆེན་མི་ཐུབ་ཟླ་བས། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པས་ཟླ་བ་ནི། མགོ་མཆུ་དབོ་ས་ག་ཆུ་སྟོད་ནག་པའི་ཟླ་བ་རྣམས་སོ། དེའང་ཉི་མ་བྱང་དུ་བགྲོད་པའི་ཟླ་བ་དྲུག་དགེ་བར་བཤད་ཅིང་གཟའ་ཕུར་བུ་ལྷག་པ་པ་སངས་ཟླ་བ་རྣམས་སོ། རྒྱུ་སྐར་རྒྱལ། མེ་བཞི་། ལྷ་མཚམས། དབོ། སྣར་མ། བྱི་བཞིན། མགོལགསྣྲོན། སྣུབས། ཆུ་སྟོད། ཆུ་སྨད། ཁྲུམས་སྟོད། ཁྲུམས་སྨད་རྣམས་སོ། ཚེས་གྲངས་གཉིས། གསུམ། ལྔ། བདུན། བཅུ། བཅུ་གསུམ། བཅོ་ལྔ་རྣམས་སོ། །རབ་གནས་ཀྱི་རྒྱུད་ལས། དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །རིམ་བཞིན་དེ་བཞིན་གསུམ་པའོ། །གང་ཚེ་བཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་གོང་དུ་འཕེལ་བར་བྱེད། །བཅོ་ལྔ་དེ་བཞིན་བརྒྱད་པ་དང་། །བཅུ་གསུམ་པའང་དེ་བཞིན་ནོ། །གནམ་སྟོང་དག་དང་དེ་བཞིན་དུ། །བཅུ་བཞི་པ་ལ་བྱ་བ་མིན། །ཞེས་མར་ངོའི་བཅུ་བཞི་པ་ནི་ཉེར་དགུ་དང་གནམ་སྟོང་ལ་མི་རུང་བར་དམིགས་གསལ་དུ་བཤད། སློབ་དཔོན་ཆེན་པོ་པདྨས། ཚེས་གསུམ་གྱི་ཉི་ཤར་དང་། བརྒྱད་ཀྱི་ཉིན་གུང་། ཚེས་བཅུའི་གུང་ཡོལ་དེ་རྣམས་སུ་ཉི་ཟླ་གཉིས་པོ་རང་གི་གནས་ལ་འཆར་བས་དེའི་དུས་སུ་རབ་གནས་བྱས་ན་རབ་གནས་རང་བཞིན་དུ་ཆགས་པར་གསུངས། དམིགས་བསལ་གྱི་ཟླ་བ་གཟའ་སྐར་ཚེས་གྲངས་འདི་དག་ལའམ་ཡང་ན་དགེ་ཞིང་ཤིས་པའི་གཟའ་སྐར་ལ་འཆི་སྦྱོར་སྲེག་ཚེས་བིཥྟི་རྣམས་སྤོང་བ་སོགས་ལེགས་པར་བརྟག་ལ་བྱའོ། །བཅུ་པ་ཕྱི་ནང་གི་རྟེན་འབྲེལ་བཟང་ངན་བརྟགས་པ་དང་སྤང་བླང་གཅེས་པ་ནི། ཡོན་བདག་གིས་ཞུ་འབུལ་བྱུང་ཐོག་ནས་བློ་མི་བདེ་བ་སོགས་དང་། རྟེན་དང་ཡོན་བདག་མཐོང་བས་ཤེས་རྒྱུད་འཁྲུགས་པ་རྨིས་ལྟས་ངན་རིགས་བྱུང་ན་སྤང་། ཉམས་དང་ཤེས་པ་གསལ་ཞིང་རྨིས་ལྟས་ལ་སོགས་བཟང་ན་དང་དུ་བླང་ནས་རྟེན་གྱི་དྲུང་དུ་སླེབས་མ་ཐག་ཆ་གསུམ་གཏོར་མ་བསྔོ་ཞིང་བགེགས་བསྐྲད་རྟེན་ལ་སྒྲིབ་ཤིང་ཡང་གདགས་པར་གསུང་། སྤྲོ་ན་སློབ་དཔོན་གྱིས་བསྙེན་ཁ་གསོ་བ་ཞག་གྲངས་ཅི་རིགས་བྱ། སྦྱོར་དངོས་རྗེས་མཐར་མ་ཕྱིན་བར་དུ་གཅེས་པའི་རྟེན་འབྲེལ་ནི། ཡོན་མཆོད་འཁོར་བཅས་འཐབ་འཁྲུག་འཁོན་རྩོད་མྱ་ངན་སྡུག་བསྔལ་ཚིག་ངན་རྣམས་སྤང་། གོས་རྒྱན་བཟའ་བཏུང་ལོངས་སྤྱོད་བཟང་པོ་བྱ་ཞིང་། ཁ་ལྟ་ལ་ཉེ་གང་བཟང་དང་། གླུ་གར་རོལ་མོ་མགུར་དབྱངས་འཆམས་བྲོ་སོགས་བཀྲ་ཤིས་པའི་བྱ་བྱེད་དགའ་སྤྲོའི་བསམ་པ་དང་ལྡན་པ་མཆོད་པའི་ཡུལ་བླ་མ་ཡི་དམ་ཆོས་སྲུང་ནས་དམན་པའི་བགེགས་རིགས་སོགས་གང་ལའང་གཏོར་ཚོགས་རྒྱ་ཆེ་རྒྱུ་གཙང་ཕུན་ཚོགས་དང་ལོང་སྤྲང་མ་ནུས་པའི་རིགས་ལ་སྦྱིན་པ་གཏོང་བ། གལ་ཏེ་ལྷོངས་ཀྱི་རྣམ་པ་ཆེ་ཆུང་གང་བྱུང་ཡང་རྐྱེན་ཁར་མི་བཏང་ཞིང་བརྩོན་པའི་གོ་ཆ་བགོས་ཏེ་མཐར་ཕྱིན་པར་བྱ། དེའང་སློབ་དཔོན་ཆེན་པོ་པདྨས། ཁྱད་པར་རབ་གནས་མཁན་པོ་ལ་མཆོག་ཏུ་གཅེས་པ་ཏིང་འཛིན་དགོངས་པའི་གནད་གསུམ་ནི། ཀུན་ཁྱབ་ཆེན་པོའི་གཞི་གནད་དང་། ཏིང་འཛིན་ཟུང་འཇུག་ལམ་གྱི་གནད་དང་། ལྷུན་གྲུབ་ཆེན་པོ་འབྲས་བུའི་གནད་གསུམ་གལ་ཆེ་སྟེ། དང་པོ་ནི། རབ་གནས་ཡེ་ཤེས་སྟིམ་པར་བྱེད་པའི་སློབ་དཔོན་དེས། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྐུ་གསུམ་དབྱེར་མེད་དམ། སྐུ་གཉིས་ཟུང་འཇུག་ཆེན་པོར་གདོད་ནས་ལྷུན་གྱིས་གྲུབ་པ། ཡེ་ནས་དེ་ལྟར་ཡིན་པ་ལ་ཡིན་པའི་གསལ་འདེབས་ངེས་ཤེས་བསྐྱེད་དེ། དབྱིངས་ཆོས་སྐུ་ལས་མདངས་གཟུགས་སྐུར་བཞེངས་ཏེ་གཟུགས་སྐུ་དམ་ཚིག་པ་ལ་ཆོས་སྐུ་ཡེ་ཤེས་པ་བསྟིམ་ཞིང་གཉིས་མེད་དུ་བསྲེ་བྱ་བསྲེ་བྱེད་རོ་གཅིག་པའི་ཏིང་འཛིན་སྤྲུལ་བསྒྱུར་བྱའོ། །གཉིས་པ་ནི། ཆོས་ཐམས་ཅད་ངོ་བོ་ཅིར་ཡང་མ་གྲུབ་པ། རྣམ་པ་ཅིར་ཡང་འཆར་སྒོ་མ་འགགས་པའི་གནད་ཀྱིས། དགེ་སྡིག་སེམས་ཀྱི་བསྒྱུར་ཁ་དང་། བཟང་ངན་བསམ་པའི་རང་གཟུགས་ཡིན་ཚེ། ཡོན་མཆོད་ཐམས་ཅད་ཀྱི་བྱ་བྱེད་མཁའ་ཁྱབ་ཀྱི་འགྲོ་རྣམས་བྱང་གྲོལ་ལ་འགོད་པའི་ཆེད་ཁོ་ནར་སེམས་སྐྱེད་ཀྱིས་བཟུང་། དེའི་ངང་ལས་རྟེན་གྱི་ངོ་བོ་མི་གནས་མི་དམིགས་ཆོས་སྐུའི་རང་མདངས་ལས། མཚན་རྫོགས་གཟུགས་སྐུའི་རྣམ་པར་གསལ་བ་ལ། རང་གི་ཐུགས་ཀ་ནས་ཚད་མེད་རྣམ་བཞིའི་ལྷ་མོའི་ཆ་བྱད་ཅན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག། དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་ནམ་མཁའི་མཐའ་ཀླས་པར་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་རྡུལ་སྙེད་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་སྤྱན་དྲངས་ནས་ཡེ་ཤེས་ཀྱི་སྐུ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་རྟེན་ལ་ཐིམ་པའི་མོས་གདུང་དྲག་པོ་དང་། བསྟིམ་བྱ་སྟིམ་བྱེད་ཀྱི་ངོ་བོ་མ་བཅོས་དེ་བཞིན་ཉིད་གསལ་སྟོང་བློ་བྲལ་གྱི་རང་ངོ་གཉིས་པོ་གཅིག་དང་ཐ་དད་ཀྱི་འཛིན་པ་མེད་པའི་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ། གསུམ་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་ཕྱིར་འགྲོ་དོན་ལྷུན་གྲུབ་ཀྱི་རྟེན་འབྲེལ་ནི། དམ་ཡེ་དབྱེར་མེད་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བཞུགས་པ་དེ་ཉིད་སྐུ་གསུང་ཐུགས་ཀྱི་རྟེན་དེ་དང་དེའི་རྣམ་པར་བསྒྱུར་བས་གདུལ་བྱའི་ཡུལ་དང་བསམ་པ་ཇི་ལྟ་བར་གནས་སྐབས་དང་མཐར་ཐུག་གི་རེ་འདོད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་ནམ་མཁས་གར་ཁྱབ་དང་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་ཆད་མེད་པར་མཐོང་ཐོས་དྲན་རེག་གྲིབ་མ་དང་རླུང་ཕྱོགས་ཕོག་པའི་འགྲོ་བ་མཐའ་དག་སྒྲིབ་བྱང་ཚོགས་རྫོགས་སྐུ་གཉིས་ཟུང་འཇུག་གི་གོ་འཕང་ཐོབ་པའི་འཕྲིན་ལས་མཛད་པར་མོས་པ་དང་སྨོན་ལམ་རྒྱ་ཆེན་པོ་བྱ་བར་གསུངས་སོ། དེ་ལྟར་འབད་པས་རབ་ཏུ་གནས་པའི་ཕྱི་རྟགས། དེ་ཉིན་འབྱུང་བ་སྙོམས་པ། རྩོད་མི་ལྡང་བ། ནང་རྟགས་རྟེན་ལ་མེ་ཏོག་ཆགས་པ་ལ་སོགས་ལེགས་པའི་རིགས། གསང་རྟགས་རྟེན་ལ་སེམས་ཟིན་པ་ལ་སོགས་འབྱུང་བའོ། །དེ་ཡན་ནི་སྔོན་འགྲོ་དངོས་གཞི་རྗེས་དང་བཅས་པར་ཤེས་པར་བྱ་བ་རྣམས་བཤད་ཟིན་ཏོ། །དོན་གཉིས་པ་རབ་ཏུ་གནས་པའི་ཆོ་གའི་རིམ་པ་ལ། རྒྱས་འབྲིང་བསྡུས་པའི་རྣམ་པར་དབྱེ་བ་རིམ་གྱིས་སྟོན་པའི་དང་པོ་ལ། སྔོན་འགྲོ་སྟ་གོན་དང་། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་ས་བཅད་ཀྱི་སྡོམ་ནི། དཀྱིལ་བཤམ་གསོལ་གདབ་བདག་མདུན་སྒྲུབ། །བགེགས་སྦྱང་ཁྲུས་བསྐྱེད་སྤྱན་འདྲེན་བཞུགས། །མཆོད་བསྟོད་སྙན་གསན་རྟེན་དགབ་པ། །རྗེས་ཆོག་དང་བཅས་བཅུ་བཞིས་སྟོན། །དང་པོ་དཀྱིལ་འཁོར་གྱི་བྱ་བ་ནི་ས་མ་སྦྱངས་བའི་ཕྱོགས་སུ་ས་བརྟག་བླང་བཟུང་བ་སོགས་ས་ཆོག་རྣམས་དང་། དུལ་བ་ལ་ནི་མ་འགྲུབ་ཀྱང་མི་འགལ་ཞིང་། གནས་ཁང་ཡོལ་བ་བླ་རེ་གདན་ཁྲི་སོགས་རྒྱན་བཀོད་མཛེས་ཤིང་ཡིད་དུ་འོང་བར་བྱས་ལ། རྩ་བའི་དཀྱིལ་འཁོར་རྡུལ་ཚོན་ཡིན་ན་དེའི་ཆོ་ག་རྣམས་དང་། རས་བྲིས་ཡིན་ན་ལྷ་སྟ་གོན་སྔོན་དུ་འགྲོ་བས་རས་དཀྱིལ་བཀྲམ་པའམ་དེ་ཡང་མ་འབྱོར་ན་འབྲུ་ཚོམ་བཀོད་པས་ཀྱང་རུང་ལ། གཉིས་པ་བཤམ་འགོད་ནི། རྣམ་རྒྱལ་བུམ་པ་དང་ལས་ཀྱི་བུམ་པ་གཉིས་བཅུད་དང་ཁ་རྒྱན་གཟུང་རྡོར་དང་བཅས་པ་མཛེས་པར་བརྒྱན་པ་རྣམ་བུམ་དབུས་དང་། ལས་བུམ་དཀྱིལ་འཁོར་གྱི་བྱང་ཤར་དུ་འགོད། རྟེན་བྱིན་ཅན་ལ་ཁྲུས་གསོལ་བའི་ཆུ་གཙང་མས་རྟེན་གསར་པ་ལ་ཁྲུས་བྱས་ན་ཆ་ཚད་ཀྱི་ཉམས་ཆག་སྐོང་བར་གསུངས་པས་ལས་བུམ་དུ་བླུགས། རིགས་ལྔའི་པྲོོག་ཞུ་དར་སྣ་ལྔའི་ཅོད་པན་སོགས་དབང་རྫས་དང་། དཀར་གསུམ་མངར་གསུམ་ཕྱེ་དང་སྦྲུས་པའི་ཟན་ལ་འབྲང་རྒྱས་བཟོས་པ་དང་། དངོས་གྲུབ་ཀྱི་རྫས་སྣ་ཚོགས་པས་བསྐོར་བ། སྨན་ཕུད་རཀྟ་ཡི་དམ་གྱི་མཆོད་གཏོར། རྟེན་གང་ལ་གཉེར་དུ་གཏོད་པའི་ཆོས་སྐྱོང་གི་གཏོར་མ་རྒྱན་གྱིས་ལེགས་པར་བརྒྱན་པར་བཤམས་པའི་ཕྱི་རོལ་ན་མཆོད་པས་བསྐོར་བ་དང་། དཀྱིལ་འཁོར་ཀྱི་བྱང་ངོས་སུ་རབ་ཏུ་གནས་བྱའི་རྟེན་རྣམས་བཤམས། དཀྱིལ་འཁོར་གྱི་གཡོན་ཕྱོགས་ལྟ་བུར་ཁྲུས་སྟེགས་པདྨ་དཀར་པོ་འདབ་མ་བརྒྱད་པའི་དབུས་སུ་མཉྫིའི་སྟེང་དུ་ཁྲུས་གཞོང་མེ་ལོང་དང་བཅས། རས་དཀར་དྲི་མ་མེད་པ་ལ་དྲི་བཟང་གིས་རྒྱལ་བ་རིགས་ལྔའི་ས་བོན་བྲིས་པའི་ཁྲུས་རས་ཉེ་ཤིང་། སུག་པ། བུལ་ཏོགའབྲུ་སྨན་རིན་པོ་ཆེ། སྤོས་ཏེ། ཁྲུས་ཆལ་བདུན་པོ་བུམ་པ་སོ་སོར་བཤམས་པའམ་ཡང་ན་གཅིག་ཏུ་བསྡུས་ཀྱང་རུང་ཞིང་། བུམ་པ་གཅིག་ཏུ་བ་བྱུང་ལྔ་དྲི་བཟང་དང་སྦྱར་བའི་ཁྲུས་ཆུ། སྣོད་གཙང་མར་སྐུ་མཉེའི་བྱུག་རྫས་ཏིལ་མར་དྲི་ལྡན། དཱུར་ཝའི་པིར་དང་བཅས་པ། གཡས་ཕྱོགས་སམ་རྟེན་གྱི་དྲུང་དུ་མངའ་དབུལ་གྱི་དཀྱིལ་འཁོར་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ཕྱི་རི་རབ་གླིང་བཞི་གླིང་ཕྲན་ཁོར་ཡུག་རྒྱ་མཚོ་དང་བཅས་བྲིས་པའི་སྟེང་དུ། དབུས་སུ་མཉྫིའི་སྟེང་དུ་མངའ་དབུལ་གྱི་ཞལ་ཟས་ཞོ་དང་བུར་མར་གྱིས་སྦགས་པའི་དཔལ་བཤོས་ཤ་ཆང་མ་འདྲེས་པའི་ཁ་ཟས་བཟང་པོས་བསྐོར་བ། བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་རྫས་བརྒྱད་རྣམས་དང་། དར་སྣ་ལྔ་སོགས་རྟེན་གྱི་དྲུང་དུ་ན་བཟའ་གང་འབྱོར། སྐུ་གཟུགས་དབང་པོའི་སྐྱོན་བསལ་བའི་གསེར་ཐུར་ལ་ཨུཏྤལ་དང་ཀ་ར་སྦྱར་བ་སྙན་བསལ་བྱེད་དངུལ་གྱི་སྣ་བྲུས། ཤངས་འབྱེད་གསེར་རམ་ལྕགས་ཀྱི་རྨང་གཟེར། གསེར་སོགས་རིན་པོ་ཆེའི་སྣོད་དུ་ཀར་བུར་སྦྲང་རྩིས་གཏམས་པའི་ཞལ་འབྱེད། ཚེམས་བསལ་དངུལ་གྱི་ཚེམས་ཤིང་། ལོངས་སྐུའི་རིགས་ལ་དུང་གི་སྐྲ་ཤད། དབུ་རྒྱན་སྙན་ཆ། ཕྱག་ཞབས་གདུ་བུ། མགུལ་ཆུན། དཔུང་རྒྱན། མེ་ཏོག་གི་ཕྲེང་བ་དང་། སྟོད་གཡོགས། སྨད་དཀྲིས། དར་དཔྱངས་སོགས། ཁྲོ་བོའི་རིགས་ལ་དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ། སྤྲུལ་སྐུའི་རིགས་ལ་སྐྲ་གཞར་གསེར་སོགས་ལ་བྱས་པ་དང་ཆོས་གོས་རྣམ་གསུམ། གསུང་རྟེན་གྱི་མངའ་དབུལ་ན་བཟའ། གླེགས་ཤིང་། སྐུ་ཆིངས། ཐུགས་རྟེན་གྱི་སྲོག་ཤིང་། ཆོས་འཁོར་གདུགས་འཕན་སོགས་མངའ་དབུལ་གྱི་ཆས་རྣམས་དངོས་སམ་ཙཀ་ལི་གང་འབྱོར་བ་རྣམས་མཛེས་པར་བཤམས། ཁྲུས་དཀྱིལ་དང་མངའ་དབུལ་གཉིས་ཀའི་མཐར་མཆོད་པས་བསྐོར་བ་དང་། དེ་དག་གི་ཕྱོགས་གང་བདེར་རིན་པོ་ཆེའི་སྣོད་གས་ཆག་མེད་པར་ཤིས་བརྗོད་ཀྱི་མེ་ཏོག་འབྲུ་དཀར་མོ་བདུན་ལྔ་གསུམ་སོགས་གང་འབྱོར་གྱི་བྲེ་ཚད་ཀྱིས་བཀང་བ། སྦྱང་ཆས། གཏོར་མ། ཏིང་ལོ། ཆངས་བུ། གུལ་ཡུངས། ཏིལ་དང་། ཆུ་ཁམ་ཕོར་སོགས་དང་། འབྲས་ཟན་དང་། ཞོ་ཟན་ཆངས་པ་རེ་སོགས་གྲིབ་སྦྱོང་རྫས་རྣམས་ཀྱང་མ་ཚང་བ་མེད་པ་ཚོགས་པར་བྱ། གསུམ་པ་ནི། རྟེན་བདག་ལ་སོགས་པས་སློབ་དཔོན་ལ་རབ་ཏུ་གནས་པར་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ཏེ་འདི་སྐད་ཞུའོ། །ཨེ་མ་འགྲོ་མགོན་བླ་མ་དབང་གི་སྐུ༔ ཐུགས་རྗེ་ཡེ་ཤེས་ཀུན་ཁྱབ་ཀློང་ཡངས་ནས༔ ཚོགས་གཉིས་རྫོགས་ཕྱིར་རྟེན་འདི་བྱིན་བརླབས་ཏེ༔ དམ་ཚིག་ཡེ་ཤེས་གཉིས་མེད་དངོས་གྲུབ་སྩོལ༔ ལན་གསུམ་ཞུ༔ ལན་སྦྱིན་པ་ནི༔ ཧོ་ཁྱོད་ཀྱིས་བཞེངས་པའི་སྐུ་གསུང་ཐུགས་ཀྱི་རྟེན༔ རྒྱུ་བཟང་བཀོད་ལེགས་ཡིད་འོང་ལྟ་ན་སྡུག༔ དམ་ཚིག་སྐུ་ལ་ཡེ་ཤེས་ལྷ་དབབ་སྟེ༔ མཆོག་ཐུན་དངོས་གྲུབ་འབྱུང་བར་བདག་གིས་བསྒྲུབས༔ སྐལ་ལྡན་བུ་ཁྱོད་དགའ་བ་མཆོག་ཏུ་སྒོམས༔ ཅེས་གནང་བ་སྦྱིན། བཞི་བ་ནི། རྡོ་རྗེ་སློབ་དཔོན་འདུས་པ་དང་བཅས་པ་རྣམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཆོས་སྤྱོད་ཀྱི་རིམ་པ་དང་། རྒྱས་པར་ན་ཆ་གསུམ་གཏོར་མ་དང་། མ་འགྲུབ་ན་གཞི་བགེགས་ཀྱི་གཏོར་མ་རྒྱ་ཆེར་བསྔོ་ཞིང་ལས་གཞུང་བསྙེན་པ་ལ་ཐུག་གི་བར་ཚར་གཅིག་གིས་བདག་མདུན་ཐུན་མོང་དུ་བསྒྲུབ་ཅིང་བཟླས་པའི་དུས་སུ། རྣམ་རྒྱལ་བུམ་པའི་ལྷ་གཙོ་བོའི་ཐུགས་ཀར་ཟླ་བའི་གདན་ལ་རང་གི་ས་བོན་ལ་རྩ་སྔགས་ཀྱིས་བསྐོར་བའི་མཐའ་རྟེན་འབྲེལ་སྙིང་པོས་བསྐོར་བ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་ཐིམ་པར་བསམ་ཞིང་། གཟུངས་ཐག་བཟུང་ལ་སྔགས་བཟླས་པའི་ཚེ་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་གཙོ་བོའི་ཐུགས་ཀར་ཐིམ་པས་རྟེན་འབྲེལ་སྙིང་པོ་ལས་འོད་ཟེར་གྱི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམ་ལ་རྩ་སྔགས་ཀྱི་མཐར་ཡེ་དྷར་བཏགས་པ་ཅི་འགྲུབ་བཟླ་ཞིང་། རབ་གནས་བྱ་བའི་ལྷ་དེའི་སྔགས་ཀྱང་ཅི་རིགས་བཟླས་ན་ལེགས། བླ་མ་ཡི་དམ་མཁའ་འགྲོའི་བསྙེན་པ་རྣམས་རྫོགས་ནས་དུང་ཞལ་གྱི་མཆོད་ཡོན་ཕུལ་ལ་ལྷ་འོད་དུ་ཞུ་བའི་བདུད་རྩིར་བསམ། ལས་བུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཨཱོཾ་བིག་ནན་ཏ་ཀྲིཏ་ཧཱུྃ་ཕཊ༔ ཅེས་བཟླས་པ་བརྒྱ་རྩ་ལ་སོགས་པའི་མཐར་མཆོད་ཡོན་ཕུལ་བས་བདུད་རྩིར་ཞུ་བར་བསམ། ཁྲུས་བུམ་རྣམས་བསངས་སྦྱངས། སྟོང་བའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་བྷྲུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་ཅིང་ནང་དྲི་མ་སྦྱོང་བའི་མཐུ་དང་ལྡན་པའི་ལྷའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་། གཟུངས་ཐག་ལ་བརྟེན་ནས། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྒྱ་རྩ་ཙམ་དང་། ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་གང་འགྲུབ་རེ་བཟླས། གུ་གུལ་དང་ཡུངས་ཀར་ལ། ཨཱོཾ་མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ། ཅེས་དང་། ཧཱུྃ་བཞི་སོགས་མང་དུ་བཟླ་བས་ནུས་ལྡན་དུ་བྱ། ལྔ་པ་བགེགས་སྦྱང་ཞིང་གྲིབ་དབྱུང་བ་དང་སྡིག་པ་སྦྱང་བ་གསུམ་གྱི་དང་པོ་ནི། སྦྱང་ཆས་ཀྱི་གཏོར་མ་སོགས་ཆུས་སྦྲན་ཏེ། ཨཱོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཞི་བས་སྦྱང་བ་ནི་གཏོར་མ་གསུམ་རེ་རེ་ནས་སློབ་དཔོན་གྱིས་རྟེན་ལ་གཡས་སུ་བསྐོར་ཞིང་། ཨཱོཾ་སརྦ་བིགྷྣཱཾ་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་གཱ་ག་ན་ཁཾ་གྷྲཱི་ཧྞ་ཨེ་དཾ་བ་ལིངྟ་སྭཱ་ཧཱ། ཞེས་བཟེད་ཞལ་དུ་བཞག་ཞི་དྲག་ཕྱེད་མས་སྦྱང་བ་ནི། ཏིང་ལོ་དང་ཆང་བུའི་རྫས་ནི་ཞི་བ། སུམྦྷའི་སྔགས་ནི་དྲག་པོ་སྟེ། ཏིང་ལོ་གཡོན་དུ་བསྐོར། དྲིལ་བུ་འཁྲོལ་ཞིང་སྔགས་དྲག་ཏུ་བཟླ་ཞིང་གསོག་སྣོད་དུ་འདོར། དྲག་པོས་སྦྱང་བ་ནི། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨཱོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ། ལས་འོད་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག། ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོའི་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་གསོལ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་ཁྲོ་བོ་ནམ་མཁའ་གང་བར་བཞུགས་པར་བསམ་ལ། ཨཱོཾ་ཀྲོ་དྷ་ར་ཛ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ནས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་ཞིང་། །ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པར་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དཔའ་བའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུག་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བྱ་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མས་ལམ་རྒྱགས། ཆངས་བུས་ལམ་ཟས། ཏིང་ལོས་ལམ་སྒྲོན་གྱིས་ལ་གནས་འདིར་མ་འདུག་པར་སོང་ཞིགགལ་ཏེ་མི་འགྲོ་ན། ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་བསྲེག་ཅིང་བརླག་པར་འགྱུར་བ་གདོན་མི་ཟའོ། །ཨཱོཾ་སུམྦྷ་ནི་སོགས་དྲག་སྔགས་བཟླ་ཞིང་། རྟེན་ལ་གུ་གུལ་གྱིས་བདུགཡུངས་ཀར་གྱིས་བྲབ། རོལ་མོ་ཚམ་རྔམ་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བའམ་འབབ་ཆུར་བསྐྱལ་ན་ལེགས་སོ། །གཉིས་པ་གྲིབ་དབྱུང་བ་ནི། སླ་ངར་མེ་བཏང་བ་སྐུ་ལ་ལན་གསུམ་བསྐོར་ཏེ་མདུན་ཕྱོགས་སུ་བཞག། འབྲས་ཟན་ཆངས་གང་པས་སྐུའི་དྲི་མ་ཕྱི་བསྐོར་དུ་ཕྱིས་ལ་མེར་དོར། ཆུ་དང་ཞོ་ཟན་གསུམ་གྱིས་ཀྱང་བཀྲུས་ཤིང་ཕྱིས་ཏེ་སླ་ངར་དོར། ཨཱོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་སརྦ་ཧ་ན་ཡ་སྭཱ་ཧཱ༔ ཞེས་གྲིབ་རྫས་རེ་ལ་ལན་དགུ་རེ་བརྗོད་ཅིང་མཇུག་ཏུ་ཡུངས་ཐུན་གྱིས་སླ་ངའི་མེ་རྫས་དང་བཅས་པ་ལ་བྲབ། རྟེན་ལ་ལན་གསུམ་ཕྱིར་བསྐོར་ཞིང་། བྲབ་རྫས་རྣམས་གྲིབ་རྫས་སུ་བསམ་སྟེ་ཆུ་ལ་འདོར་བར་བྱའོ། །གསུམ་པ་སྡིག་པ་སྦྱང་བ་ནི། རྒྱས་པར་ཞི་བའི་སྦྱིན་སྲེག་བྱ་ཞིང་འཚུབས་ཆེ་ན་གོང་དུ་དྲག་པོའི་སྦྱིན་སྲེག་བྱ་བར་གསུང་། བསྡུ་ན། ཁམ་ཕོར་གྱི་ནང་དུ་གཡས་སུ་མེ། གཡོན་དུ་ཆུ། མདུན་དུ་ཏིལ་བཤམས་ལ། བདག་དང་སྦྱིན་པའི་བདག་པོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་འཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེག། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་བསམས་ལ། ཨོཾ་སརྦ་པ་པཾ་ད་ཧ་ན་བྷིསྨཾ་ཀུ་རུ་སྭཱ་ཧཱ༔ ཞེས་ལན་གསུམ་ལ་སོགས་པས་མེ་དང་ཆུར་དོར་ལ། བདག་དང་སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟིང་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུར་བླུག་ནས་དོར་བར་བྱའོ། །དྲུག་པ་བཀྲུ་ཞིང་འཕྱི་བ་ནི། ལས་བུམ། ཁྲུས་བུམ། མེ་ལོང་། སྐུ་མཉེ། ཁྲུས་རས་སོགས་བསག་ལ། རྟེན་དངོས་སུ་བཀྲུ་རུང་ཞིང་བསྐྱོད་བདེ་བ་རྣམས་ཁྲུས་སྟེགས་ལ་བཀོད་ནས་བཀྲུ་ཞིང་། མི་བཏུབ་པ་རྣམས་མེ་ལོང་དུ་གཟུགས་བརྙན་འཆར་དུ་བཅུག་ལ། སྙན་གསན་དབབ་པ་ནི། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། ༈ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེས་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིནཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་གང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱིའོ། ཞེས་དང་། ཐོག་མར་ལས་བུམ་གྱི་ཆུ་དང་། དེ་ནས་ཁྲུས་ཆུ་བདུན་གྱིས་རིམ་པར་བཀྲུ་ཞིང་། ཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ དུག་གསུམ་བག་ཆགས་འཁྲུལ་རྟོག་མི་མངའ་ཡང་༔ སེམས་ཅན་ལས་ཀྱི་སྒྲིབ་གཉིས་སྦྱང་སླད་དུ༔ རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སརྦ་བྷི་ཤུདྡྷེ་ན་ཡ་སྭཱ་ཧཱ༔ ཞེས་རོལ་མོ་དང་བཅས་ཏེ་ཁྲུས་གསོལ་བ་མཚམས་རྣམས་སུ་ཤེས་པར་བྱའོ། །ཧཱུྃ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ དུག་གསུམ་བག་ཆགས་འཁྲུལ་རྟོག་མི་མངའ་ཡང་༔ སེམས་ཅན་ལས་ཀྱི་སྒྲིབ་གཉིས་སྦྱང་སླད་དུ༔ རྒྱལ་བའི་གསུང་ལ་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་ངག་གི་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཝཱཀྐ་སརྦ་བྷི་ཤུདྡྷེ་ན་ཡ་སྭཱ་ཧཱ༔ ཧཱུྃ། དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ དུག་གསུམ་བག་ཆགས་འཁྲུལ་རྟོག་མི་མངའ་ཡང་༔ སེམས་ཅན་ལས་ཀྱི་སྒྲིབ་གཉིས་སྦྱང་སླད་དུ༔ རྒྱལ་བའི་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་ཡིད་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་སརྦ་བྷི་ཤུདྡྷེ་ན་ཡ་སྭཱ་ཧཱ༔ ཧཱུྃ། རང་བྱུང་རྫས་མཆོག་ཆུ་བདུན་ཁྲུས་ཆབ་འདི༔ གླུ་གར་རོལ་མོ་ཕྱག་རྒྱས་ཡོངས་བརྒྱན་ཏེ། རིམ་གཉིས་ཏིང་འཛིན་ངང་ནས་ཁྲུས་གསོལ་བས༔ དག་དང་མ་དག་འབག་ཚོགས་མིང་མེད་ཀྱང་༔ འགྲོ་ཀུན་བག་ཆགས་སྒྲིབ་པ་ཀུན་དག་ནས༔ ཕ་རོལ་ཕྱིན་དྲུག་ཡེ་ཤེས་ཡོངས་རྫོགས་ཏེ༔ རྣམ་དག་སྐུ་གསུམ་ཞིང་དུ་སྤྱོད་པར་ཤོག༔ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བྷི་ཤུདྡྷེ་ན་ཡ་སྭཱ་ཧཱ༔ བའི་རྣམ་ལྔས་མེ་ལོང་ངོས་ལ་བཀྲུ་ཞིང་། ཧཱུྃ། རང་བྱུང་ཆུ་འདི་གདོད་ནས་རྣམ་པར་དག༔ དྲི་བསུང་ངད་ལྡན་ཁྲུས་ཆབ་འདི་གསོལ་བས༔ སྦྱང་བྱ་སྦྱོང་བྱེད་ངོ་བོར་ཡོངས་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་རུ་ལྷུན་གྲུབ་སྟེ༔ དག་པ་རབ་འབྱམས་ཞིང་དུ་སྤྱོད་པར་ཤོག༔ ཀཱ་ཡ་བྷི་ཤ་བརྣེ་ཡེ་སྭཱ་ཧཱ༔ ཏིལ་མར་དུར་ཝའི་པིར་གྱིས་མེ་ལོང་ངོས་ལ་བྱུགས་ཏེ། ལྷའི་སྐུ་ལ་བྱུག་པར་དམིགས། ཧཱུྃ། འབྲུ་མར་རྩི་མར་བྱུག་པའི་རྫས་མཆོག་སྟེ༔ དུས་གསུམ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ༔ ཉོན་མོངས་སྲེད་འཛིན་སྒྲིབ་པ་ཡོངས་དག་ཀྱང་༔ འགྲོ་ཀུན་སྲེད་འཛིན་སྒྲིབ་པ་དག་བྱའི་ཕྱིར༔ རྒྱལ་བའི་སྐུ་ལ་བྱུག་པ་འདི་ཕུལ་བས༔ འགྲོ་ཀུན་སྲེད་འཛིན་སྒྲིབ་པ་དག་གྱུར་ཅིག༔ ཨཱོཾ་བཛྲ་བུདྡྷ་སརྦ་ཀཱ་ཡ་གྷནྡྷེ་ཨཱཿཧཱུྃ༔ འཕྱི་བ་ནི་ཁྲུས་རས་ཐོགས་ལ་འཕྱི་བའི་ཚུལ་བྱ་ཞིང་། ཧཱུྃ། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ༔ ཉེས་སྐྱོན་མཚན་མའི་དྲི་མ་མི་མངའ་ཡང་༔ འགྲོ་དྲུག་ཉོན་མོངས་དྲི་མ་དག་བྱའི་ཕྱིར༔ རྒྱལ་བའི་སྐུ་ལ་རྡུལ་ཕྱིས་འདི་ཕུལ་བས༔ འགྲོ་དྲུག་ལས་ཀྱི་སྒྲིབ་པ་ཀུན་དག་ཤོག༔ ཨཱོཾ་ཨ་ར་ཛེ་ཨ་ཝ་ཧ་རི་ནི་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་པ་ཙམ་མམ། རྒྱས་པར་སྤྲོ་ན། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བི་ཤོ་དྷ་ནི་ཧཱུྃ༔ རྒྱལ་དང་རྒྱལ་བའི་སྲས་བའི། །ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིའོ། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག། ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། རྒྱ་ཆེའི་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པ། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་ཅན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །བསྐལ་པའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་བ་བཟང་། །དམ་པའི་བདུད་རྩིས་མཛེས་འཆང་བ། །དཔལ་ལྡན་བླ་མའི་སྐུ་འདི་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ནི། །སྙིང་རྗེ་ཡིས་ནི་ངེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པའི། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །སངས་རྒྱས་གཟུགས་བརྙན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སོགས། ཚིག་མཚམས་རྣམས་སུ་སྔགས་དང་བཅས་ཏེ་ཁྲུས་གསོལ་དེ་ནས། སྐུ་མཆོག་རྣམ་དག་ལྟ་བས་མི་ངོམ་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག། བདེ་གཤེགས་སྐུ་གསུམ་མཚན་དང་དཔེ་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོང་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བྷི་ཤོ་དྷ་ནི་སྭཱ་ཧཱ། །སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །དྲི་མཆོག་རྣམས་ཀྱི་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨཱོཾ་བཛྲ་གནྡྷེ་སྭཱ་ཧཱ༔ ཞེས་དྲི་བཟང་གི་ཆུས་བྱུག། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི་། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་གོས་རྒྱན་འབུལ། བདུན་པ་རྟེན་དམ་ཚིག་པ་བསྐྱེད་པ་ནི། །རྩ་གསུམ་རིག་འཛིན་འདུས་པའི་ལྷ་ཚོགས་སུ་གསལ་བའམ། །ཡང་ན་རྟེན་རང་རང་སོ་སོའམ། འཇུག་པ་བདེ་ཕྱིར་རིགས་ལྔ་ཞི་ཁྲོར་བསྡུས་ནས་བསྐྱེད་པ་འདི་བཞིན། བསངས་སྦྱངས། སྟོང་པའི་ངང་ལས། སྐུ་རྟེན་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་སྙེ་མ་དཀར་མོ་རྡོར་དྲིལ་འཛིན་པ་དང་མཉམ་པར་སྦྱོར་བ་ཞེས་བསྐྱེད། །མཆོད་རྟེན་དང་གཙུག་ལག་ཁང་སོགས། །སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཱོཾ་ལས་འཁོར་ལོ་ཨཱོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གླེགས་བམ་རྣམས་ལ། རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཾཿ ལས་པདྨ་ཨཾ་གིས་གྱིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། རིན་པོ་ཆེའི་རྒྱན་སོགས་ལ། རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། མཱ་མ་ཀི་སེར་མོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གོ་ཆ་སོགས། ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དང་དེས་མཚན་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་འོད་དང་འོད་ཟེར་མཐའ་ཡས་པ་འཕྲོ་བའི་བདག་ཉིད་ཅན་དུ་བཞུགས་པ། ཁྲོ་བོ་རྣམས་ཀྱང་། རིགས་ལྔ་སོ་སོའི་མདུན་དབུས་སུ་དྲི་ཟ། ཤར་དུ་ཚངས་པ། ལྷོར་གཤིན་རྗེ། ནུབ་ཏུ་ཀླུ་དབང་། བྱང་དུ་གནོད་སྦྱིན། དེ་རྣམས་ཀྱི་སྟེང་དུ་པད་ཉིའི་གདན་ལ། པདྨ་ཧེ་རུ་ཀ་མཐིང་ནག་རྡོ་རྗེ་དང་དུང་ཁྲག་འཛིན་པས་ཡུམ་བཛྲ་ཀྲོ་དྷི་ཤྭ་རི་དང་སྦྱོར་བ། ཤར་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྨུག་ནག་འཁོར་ལོ་དང་དུང་ཁྲག་འཛིན་པ། ལྷོར་རཏྣ་ཧེ་རུ་ཀ་ཡབ་ཡུམ་སེར་ནག་རིན་པོ་ཆེ་དང་དུང་ཁྲགནུབ་ཏུ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་ནག་པདྨ་དང་དུང་ཁྲགབྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་ནག་རྒྱ་གྲམ་དང་དུང་ཁྲག་འཛིན་པ། ཡབ་རྣམས་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་ཅིང་གར་དགུའི་ཉམས་དང་ལྡན་པ། ཡུམ་རྣམས་གྲི་ཐོད་འཛིན་པས་འཁྱུད་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པར་གསལ། དེ་ལྟར་བསྐྱེད་པའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛ༔ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྤོས་བཏུལ་ཞིང་། རྡོར་དྲིལ་འཛིན་པ་དང་བཅས། བརྒྱད་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། ཧཱུྃ་ཧྲཱིཿ མ་ལུས་ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་རྒྱ་མཚོར་བཅས། །འཕགས་པའི་ཚོགས་རྣམས་སྤྱན་འདྲེན་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུ། །མི་ཕམ་མགོན་ལ་རྒྱལ་ཚབས་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་བཞིན། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་གྱིས་སྤྱན་དྲངས། དགུ་པ་བཞུགས་སུ་གསོལ་ཞིང་གདན་འབུལ་བ་ནི། བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། བཅུ་པ་མཆོད་པ་འབུལ་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ནམ་མཁའི་མཐའ་ཀླས་པར་གྱུར། །ཨཱོཾ་ཨཱཿཧཱུྃ། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ མེ་ཏོག་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ༔ དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་འབུལ༔ ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ བདུག་སྤོས་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ༔ དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པར་འབུལ༔ ཨཱོཾ་བཛྲ་དྷུ་པེ་ཨཱཿཧཱུྃ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིངཁམས་ན༔ སྣང་གསལ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ༔ དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པ་འབུལ༔ ཨཱོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ དྲི་ཆབ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ༔ དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པ་འབུལ༔ ཨཱོཾ་བཛྲ་གྷན་དྷེ་ཨཱཿཧཱུྃ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ ཞལ་ཟས་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ༔ དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པ་འབུལ༔ ཨཱོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུྃ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན༔ རོལ་མོ་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ༔ དངོས་དང་ཡིད་ཀྱི་རྣམ་སྤྲུལ་ཇི་སྙེད་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པ་འབུལ༔ ཨཱོཾ་བཛྲ་ཤཔྟ་ཨཱ་ཧཱུྃ༔ འདོད་པའི་ཡོན་ཏན་ཉེར་སྤྱད་འོས་པའི་ཚོགས༔ གཟུགས་སོགས་རྣམ་བཀྲ་ལྔ་ཕྲག་དུ་མ་དང་༔ རྒྱལ་བའི་སྲིད་ལ་འོས་པའི་རིན་ཆེན་བདུན༔ རྒྱལ་བ་འཁོར་དང་བཅས་ལ་འབུལ་བར་བགྱི༔ ཨཱོཾ་བཛྲ་པཉྩ་ཀ་མ་གུ་ན་སཔྟ་མ་ཧཱ་རཏྣ་པཱུ་ཛ་ཨཱཿཧཱུྃཿ ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར༔ རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ༔ བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མངྒ་ལ་པུ་ཛ་ཨཱཿཧཱུྃ༔ ཞེས་སྤྱི་ལ་དང་། རྒྱུད་སྡེ་གོང་མ་རྣམས་ལ་སྨན་རག་གཏོར་གསུམ་སོགས་འབུལ་བ་ནི། ཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་ཨ་མྲྀ་ཏ། །དུག་གསུམ་དབྱིངས་སུ་བསྒྲལ་བའི་དམར་ཆེན་པོ། །རོ་མཆོག་ཡོན་ཏན་ཀུན་ལྡན་བ་ལིངྟ། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ་བར་བགྱི། །ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི་ཁཱ་ཧི༔ བཅུ་གཅིག་པ་བསྟོད་པ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །གཉིས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེའི་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་བསྟོད། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབ་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམས་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་བསྟོད། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་བསྟོད། །ཞེས་པ་རྣམས་ཀྱིས་བསྟོད་ཅིང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ཡང་བཀླག། བཅུ་གཉིས་པ་རྟེན་ལ་སྙན་གསན་དབབ་པ་ནི། པུས་མོ་གཡས་པ་ས་ལ་བཙུགལག་གཡས་རྡོ་རྗེ་བཅས་པས་སྤོས་ཐོགགཡོན་དྲིལ་བུ་འཁྲོལ་ཞིང་། ན་མོ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་ན། བཞུགས་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །བདེ་གཤེགས་རྒྱལ་བ་སྲས་བཅས་མ་ལུས་འཁོར་དང་བཅས། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། །སེམས་ཅན་རྣམས་ལ་ཕན་བདེ་རྒྱ་ཆེན་བསྒྲུབ་ཕྱིར་དང་། །ཁྱེད་རྣམས་མཆོད་ཕྱིར་རབ་ཏུ་གནས་པ་བགྱིད་འཚལ་ན། །འདུས་པ་རྒྱ་མཚོའི་ཚོགས་རྣམས་བྱིན་གྱིས་རློབས་པ་དང་། །ནང་པར་རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་ཞིང་མེ་ཏོག་དོར། །བཅུ་གསུམ་པ་རྟེན་དགབ་པ་ནི། །མཆོད་ཅིང་བསྟོད་པ་ཡི་གེ་བརྒྱ་པས་ནོངས་པ་བཤགས་ནས། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། ཞེས་རྟེན་གྱི་ཡེ་ཤེས་པ་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། རྟེན་རྣམས་ཀྱི་སྤྱི་བོར་ཨཱོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿལས་པདྨ་དམར་པོའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་གས་མཚན་པར་གྱུར་པར་བསམ་ཞིང་། རྟེན་ལ་དར་སེར་པོས་བཀབ་སྟེ། ཨཱོཾ་ཨཱཿཧཱུྃ་བཛྲ་ཝསྟྲ་ཧཱུྃ། ཞེས་བརྗོད་བཅུ་བཞི་པ་རྗེས་ཆོག་ནི། སྲུང་མའི་མཆོད་པ་ཚོགས་བསྐང་སོགས་ལས་གཞུང་མཇུག་བསྐྱང་ཞིང་། དེ་ཡན་གྱི་ཉིན་དང་པོ་སྟ་གོན་གྱི་བྱ་བ་རྣམས་སོ། ༈། གཉིས་པ་དངོས་གཞིའི་ཆོ་གའི་སྡོམ་ནི། བདག་མདུན་སྒྲུབ་མཆོད་སྦྱང་བ་ཁྲུས། །རྟེན་བསྒྲུབ་གསོལ་གདབ་སྤྱན་དྲངས་བཞུགས། །དབང་དོན་གསོལ་འདེབས་དབང་བསྐུར་དང་། སྤྱན་དབྱེ་རྟེན་བརྒྱུར་བརྟན་པར་བཞུགས། །མངའ་དབུལ་རྣམ་པ་གསུམ་དག་གོ། དང་པོ་ཐོ་རེང་སྔ་བར་ལངས་ཏེ་རྩ་བ་གསུམ་གྱི་ལས་གཞུང་བདག་མདུན་ཐུན་མོང་གི་སྒྲུབ་མཆོད་བཟླས་པ་དང་བཅས་པ། གཉིས་པ་རྟེན་སྦྱང་བ། གསུམ་པ་ཁྲུས་ཀྱི་རིམ་པ། བཞི་པ་རྟེན་བསྐྱེད་པ་དང་བཅས། སྟ་གོན་གྱི་དུས་བཞིན་བྱ་ཞིང་། སྐུ་གསུང་ཐུགས་ཀྱི་རྟེན་དེ་དམ་ཚིག་སེམས་དཔའི་སྐུར་གསལ་ལ༔ ཡེ་ཤེས་སེམས་དཔའ་དྲག་ཏུ་བསྟིམ་ཞིང་༔ མདོར་ན་དུས་གསུམ་བདེ་གཤེགས་རྣམས་ལ་ང་བདག་དང་ཕྱོགས་འཛིན་གྱི་དྲི་མས་ཡེ་ནས་དབེན་ཞིང་༔ ངོ་བོ་ཉིད་སྐུ་ཡེ་ནས་དབྱེར་མེད་རོ་གཅིག་པའི་ཕྱིར་ཕྱོགས་དང་རིས་སུ་འཛིན་པའི་ལྟ་སྒོམ་གྱི་དུག་གིས་མ་གོས་པར༔ རང་དང་རྟེན་གསུམ་དབང་རྫས་རྣམས་ཐ་དད་ཀྱི་རྣམ་དབྱེ་མེད་པར༔ སྣང་སྟོང་གི་སྐུ་སྐྱེ་མེད་དུ་ལམ་མེ༔ གྲགས་སྟོང་གི་གསུང་འགག་མེད་དུ་ལྷང་ངེ་༔ སྤྲོས་བྲལ་གྱི་ཐུགས་གནས་མེད་དུ་རྗེན་ནེར་གསལ་ཞིང་༔ རབ་གནས་ཞག་མང་དུ་བྱེད་ན་རྟེན་གང་ཡིན་དེའི་སྙིང་པོ་མང་དུ་བཟླ་ཞིང་སྤྱི་ཁྱབ་ཏུ་རྟེན་འབྲེལ་སྙིང་པོའི་བཟླས་པ་བྱ། ལྔ་པ་གསོལ་བ་གདབ་པ་ནི། ཐམས་ཅད་ཀྱི་མེ་ཏོག་ཐོགས་སྤོས་བསྲེགས་ཤིང་འགྲེངས་ཏེ། གང་འདི་ལྟར་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པ་ན་བཞུགས་པའི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་རྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདགརྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རིགས་ལ་སོགས་པ། །རྒྱལ་བ་སྲས་དང་བཅས་པ་རྣམས་འགྲོ་བ་ལྷ་དང་བཅས་པ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། །རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། ཞེས་མེ་ཏོག་འཐོར་ཞིང་ལན་གསུམ་གྱིས་གསོལ་བ་གདབ་བོ། །དྲུག་པ་སྤྱན་འདྲེན་པ་ནི། སྤོས་རོལ་དབྱངས་དང་བཅས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་བཅོམ་ལྡན་འདས། །ཡེ་ཤེས་ལྷ་ཚོགས་ཞི་ཁྲོའི་ཚོགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མིབཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝན། མ་ཧཱ་ཀ་རུ་ཎི་ཀ། དྲི་ཤྱ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་ལ། ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པར་བསམ། མཆོད་བསྟོད་བསྡུས་པ་བྱས་ལ། བདུན་པ་བཞུགས་སུ་གསོལ་བ་ནི། བཅོམ་ལྡན་དམ་ཚིག་རྟེན་འདི་ལ། །གཉིས་སུ་མེད་པར་རབ་བཞུགས་ཏེ། །ཇི་སྲིད་འཁོར་བ་དེ་སྲིད་དུ། །སེམས་ཅན་དོན་ཕྱིར་བཞུགས་སུ་གསོལ། །ས་མ་ཡཱ་ཛཿ ས་མ་ཡཱ་ཧཱུྃ། ས་མ་ཡཱ་བཾ། ས་མ་ཡཱ་ཧོ། ཞེས་བརྗོད་པས། སྟ་གོན་གྱི་ཡེ་ཤེས་པ་ནམ་མཁར་བཞུགས་པ་དང་སྤྱན་དྲངས་པའི་ཡེ་ཤེས་པ་གཉིས་འདྲེས་ཏེ་དམ་ཚིག་པ་ལ་ཐིམ་པ་གཉིས་སུ་མེད་པར་གྱུར། ན་མོ་བྷུདྡྷཱ་ཡཿ ན་མོ་དྷརྨཱ་ཡ། ན་མོ་སཾ་གྷཱ་ཡ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་སོགས་བརྗོད་ཅིང་མེ་ཏོག་དོར། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱང་ནམ་མཁའ་གང་བར་བྱོན་ནས་རྟེན་ལ་ཐིམ་པར་གྱུར་པར་བསམ་མོ། །བརྒྱད་པ་དབང་དོན་གསོལ་བ་འདེབས་པ་ནི། རྟེན་བདག་གིས་མེ་ཏོག་དང་བཅས་ཏེ། ཨེ་མ་མགོན་པོ་དུས་གསུམ་བླ་མ་རྗེ༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དམ་པ་དང་༔ བདག་ཅག་འདིར་ཚོགས་སྐལ་ལྡན་མ་ལུས་པ༔ ཡེ་ཤེས་རབ་འབྱམས་མཆོག་གི་དབང་བསྐུར་སྩོལ༔ ཅེས་ལན་གསུམ་ཞུའོ། །དགུ་པ་དབང་བསྐུར་བ་ནི། གདུགས་དང་རྒྱལ་མཚན་དུང་པི་ཝཾ་ཆ་ལང་རྔ་བོ་ཆེ་ལ་སོགས་པ་ལྷ་རྫས་ཀྱི་རོལ་མོ་སྣ་ཚོགས་ཀྱིས་མཚམས་སྦྱོར་ཞིང་༔ བསྐྱེད་རིམ་ཀྱི་ངང་ནས་ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་ཐོགས་ཏེ༔ ཧཱུྃ། རིན་ཆེན་བུམ་པ་སྐུ་དང་གཉིས་སུ་མེད༔ དམ་ཚིག་ཡེ་ཤེས་གཉིས་མེད་རྒྱས་གདབ་ཕྱིར༔ རྒྱལ་བའི་སྐུ་ལ་དབང་མཆོག་འདི་འབུལ་བས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཨཱོཾ་ཀཱ་ཡ་ཛྙཱ་ན་སརྦ་ཏིཥྛ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་གི་དམིགས་པ་རྩེ་གཅིག་གནད་དུ་བསྣུན་ལ༔ ཧཱུྃ༔ གྲགས་སྟོང་བརྗོད་མེད་ཡང་དག་རྡོ་རྗེའི་གསུང་༔ བསྙེན་སྒྲུབ་ལས་སྦྱོར་ཨཱ་ལི་ཀཱ་ལིའི་ཕྲེང་༔ རྒྱལ་བའི་གསུང་ལ་དབང་མཆོག་འདི་ཕུལ་ནས༔ ཚངས་དབྱངས་དྲུག་ཅུ་གསུང་གི་ནུས་ལྡན་ཤོག༔ ཨཱོཾ་ཝཱཀྐ་ཛྙཱ་ན་སརྦ་ཏིཥྛ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོས་མེད་ཀྱི་ཏིང་ངེ་འཛིན་བློ་བྲལ་དུ་བཞག་ལ༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཀ་དག་རྒྱལ་བའི་ཐུགས༔ སྣང་སྲིད་འཁོར་འདས་བློ་བྲལ་རྫོགས་པ་ཆེ༔ དུ་མ་རོ་གཅིག་སྐྱེ་འགག་བརྗོད་པ་བྲལ༔ ཆོས་དབྱིངས་ཡེ་ཤེས་རང་རྩལ་དབང་བསྐུར་བས༔ དུས་གསུམ་འཕོ་འགྱུར་མེད་པའི་དབང་ཐོབ་ཤོག༔ ཨཱོཾ་ཙིཏྟ་ཛྙཱ་ན་སརྦ་ཏིཥྛ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ལྔ་ཐོགས་ཏེ༔ ཧཱུྃ༔ བདེ་བར་གཤེགས་པ་རིགས་བདག་བཅོམ་ལྡན་འདས༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་རང་བཞིན་འདི༔ དུས་གསུམ་བདེ་གཤེགས་དབུ་ལ་འདི་ཕུལ་བས༔ སྐུ་ལྔ་ཡེ་ཤེ་ལྔ་རུ་ལྷུན་གྲུབ་ཤོག༔ ཨཱོཾ་ཧཱུྃ་ཏྲཾ་ཧྲཱི༔ ཨཱ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་ཐོགས་ཏེ༔ ཧཱུྃ༔ ལོངས་སྤྱོད་རབ་རྫོགས་དཔའ་བོ་གཡུལ་ལས་རྒྱལ༔ གཟི་བརྗིད་སྙན་གྲགས་མི་ནུབ་དཔལ་དུ་འབར༔ ལྔ་ལྡན་དར་གྱི་ཅོད་པན་འདི་ཕུལ་བས༔ འཁོར་འདས་སྤང་རྟོགས་ཡེ་ཤེས་མཐར་ཕྱིན་ཤོག༔ ཨཱོཾ་རཏྣ་ཛྙཱ་ན་སརྦ་ཏིཥྛ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དུས་གསུམ་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་གཉིས་སུ་མེད་པར་རྒྱས་གདབ༔ བཅུ་པ་དབང་པོའི་སྐྱོན་བསལ་ཕྱིར་སྒོས་རྫས་འབུལ་བ་ནི༔ གསེར་ཐུར་ཐོགས་ཏེ༔ ཧཱུྃ༔ ཡེ་ཤེས་སྤྱན་ལ་དབྱེ་གསལ་མིང་མེད་ཀྱང་༔ འགྲོ་ཀུན་ཡེ་ཤེས་སྤྱན་དང་ལྡན་བྱའི་ཕྱིར༔ གསེར་གྱི་ཐུར་མས་རྒྱལ་བའི་སྤྱན་དབྱེ་བས༔ འགྲོ་ཀུན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཨཱོཾ་ཙཀྵུ་བྷི་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག། དངུལ་གྱི་རྣ་བྲུས་ཐོགས་ཏེ༔ ཧཱུྃ༔ འགག་མེད་སྙན་ལ་དབྱེ་གསལ་མིང་མེད་ཀྱང་༔ འགྲོ་ཀུན་ཆོས་ཀྱི་སྒྲ་དབྱངས་ཐོས་བྱའི་ཕྱིར༔ དངུལ་གྱི་རྣ་བྲུས་རྒྱལ་བའི་སྙན་བསལ་བས༔ འགྲོ་ཀུན་རྒྱལ་བའི་གསུང་དབྱངས་དོན་རྟོགས་ཤོག༔ ཨཱོཾ་ད་ེབ་བྱ་ཀཱ་ཡ་ནི་ད་ཀ་ལོ་ཀི་ནི་སད་ཏ་ཧྲཱིཿཧཱུྃ་སྭཱ་ཧཱ༔ གསེར་གྱིི་སྨ་ཚེར་ཐོགས་ཏེ༔ ཧཱུྃ༔ རྒྱལ་བའི་སྐུ་ལ་ངན་རྟོག་སྤུ་མེད་ཀྱང་༔ འགྲོ་ཀུན་མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཕྱིར༔ གསེར་གྱི་སྨ་ཚེར་བརྡ་ཡིས་ཤངས་བསལ་བས༔ འགྲོ་ཀུན་མཚན་དཔེའི་དྲི་བསུང་ལྡན་པར་ཤོག༔ ཨཱོཾ་དེ་བ་བྱ་ཀ་ན་ཡེ་སརྦ་ལཾ་བོ་ད་ར་ཧྲིང་ཧྲིང་ཧཱུྃ་སྭཱ་ཧཱ༔ གསེར་གྱི་ཞལ་བུའི་ནང་དུ་མངར་གསུམ་ལྡན་པ་ཐོགས་ལ༔ ཧཱུྃ༔ རྒྱལ་བའི་ཞལ་ལ་རོ་མྱོང་འཛིན་བྲལ་ཡང་༔ འགྲོ་ཀུན་རོ་ཡི་སྲེད་འཛིན་དག་བྱའི་ཕྱིར༔ རྒྱལ་བའི་ཞལ་ལ་རོ་ལྡན་བཅུད་དབུལ་བས༔ འགྲོ་ཀུན་དུ་མ་རོ་གཅིག་དོན་རྟོགས་ཤོག༔ ཨཱོཾ་དེ་བ་བྱ་མུ་ཁ་ཡེ་གྷནྡྷ་སྭཱ་ཧཱ༔ དངུལ་གྱི་ཚེམས་ཤིང་ཐོགས་ཏེ༔ ཧཱུྃ༔ རྒྱལ་བའི་ཚེམས་ལ་ཉེས་སྐྱོན་ཀུན་བྲལ་ཡང་། འགྲོ་ཀུན་སྐྱེ་ཤི་རྩད་ནས་གཅོད་པའི་ཕྱིར༔ དངུལ་གྱི་ཐུར་མས་རྒྱལ་བའི་ཚེམས་བསལ་བས༔ འགྲོ་ཀུན་གསུང་གི་དངོས་གྲུབ་འཐོབ་པར་ཤོག༔ ཨཱོཾ་སརྦ་ལོ་ཀི་ཤྭ་ར་ས་དྷ་ར་ན་ཧྲཱི་སྭཱ་ཧཱ༔ བཅུ་གཅིག་པ་རྟེན་བསྒྱུར་པ་ནི། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས། བྲིས་འབུར་གྱི་སྐུ་དང་མཚུངས་པའི་ལྷ་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲུལ་པའི་མཛད་པ་མངོན་སུམ་དུ་སྣང་བའི་མཐུ་བྱིན་དང་ལྡན་པར་གྱུར། དེ་བཞིན་དུ་པུསྟི་རྣམས་འོད་དཔག་མེད་ཡོངས་སུ་གྱུར་པ་ལས་ལུང་དང་རྟོགས་པའི་དམ་ཆོས་དཀོན་མཆོག་དབྱངས་གསལ་གྱི་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར། མཆོད་རྟེན་རྣམས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་སྣང་བའི་མཆོད་རྟེན་སྣང་བརྙན་ཇི་ལྟ་བར་གྱུར། དེ་བཞིན་དུ་མཆོད་རྟེན་ཞེས་པའི་གནས་སུ། གཙུག་ལག་ཁང་དང་ཁང་བཟང་ལ་སོགས་པ་སོ་སོའི་སྣང་བརྙན་ཇི་ལྟར་བར་གྱུར། ཞེས་ཁ་བསྒྱུར། མཆན་ཕྱག་མཚན་རྣམས་མི་བསྐྱོད་པ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་སོ་སོའི་མཚན་ཉིད་རྫོགས་པའི་གཟུགས་སུ་གྱུར་པར་བསམ། གོང་དུ་སྐུ་གསུང་ཐུགས་རྟེན་རང་རང་གི་རྣམ་པར་བསྐྱེད་པ་ཡིན་ན་བསྒྱུར་མི་དགོས་སོ། །བཅུ་གཉིས་པ་བརྟན་བཞུགས་བྱ་བ་ནི། རྡོ་རྗེས་རྟེན་གྱི་ཐུགས་ཀར་རེག་ལ། ༈ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གིས་བསྐལ་པ་འཇིགས་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་རྟེན་འདི་ཡང་འབྱུང་བ་ཆེན་པོ་བཞིའི་གནོད་པས་ཞིག་པར་མ་གྱུར་གྱི་བར་དེ་སྲིད་དུ་སེམས་ཅན་གྱི་དོན་དུ་དགོངས་ཏེ་སངས་རྒྱས་བྱང་སེམས་རྒྱལ་བ་ཞི་ཁྲོའི་ཚོགས་ཐམས་ཅད་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་བྱ་ཞིང་མེ་ཏོག་དོར། བཅུ་གསུམ་པ་མངའ་དབུལ་ནི། སྤྱི་དང་བྱེ་བྲག་གཉིས་རབ་གནས་བཀྲ་ཤིས་ཀྱི་མངའ་དབུལ་དང་གསུམ་ལས་དང་པོ་སྤྱི་ལ་མཆོད་པའི་མངའ་དབུལ་ནི། མཆོད་པ་རྣམས་བྱིན་རླབས་སྔོན་དུ་འགྲོ་བས། ༈རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨརྒཾ་པྲ་ཏིཙྪ་སྭཱ་ཧཱ༔ དེ་བཞིན་དུ། ཞབས་བསིལ། མེ་ཏོག། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན། ཞེས་སྦྱར་བ་དང་། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏྱ། ཤཔྟ་རྣམས་བཅུག་པས་མཆོད། དེ་ནས་རྒྱལ་སྲིད་རིན་ཆེན་སྣ་བདུན་འབུལ་བ་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག། ཨཱོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། གོང་འགྲེས་སོ། །བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་འབུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་གཅོད་ཅིང་། །འབྱོར་བ་ཕུན་སུམ་ཚོགས་པར་ཤོགཨཱོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། མ་ཎི་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། བཙུན་མོ་རིན་ཆེན་འདི་འབུལ་བས། མ་རིག་མུན་པ་རྒྱུན་བཅད་ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག། ༴ཝ་ཏི་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །བློན་པོ་རིན་ཆེན་འདི་འབུལ་བས། ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། བསམ་ཡས་བསྟན་པ་རབ་མཛེས་ཤིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག༴མ་ཧཱ་ཏ་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། གླང་པོ་རིན་ཆེན་འདི་འབུལ་བས། ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག༴ཧསྟི་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །རྟ་མཆོག་རིན་ཆེན་འདི་འབུལ་བས། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སྲིད་པའི་གཟེབས་ལས་ཡོངས་གྲོལ་ཤོག། སངས་རྒྱས་ཞིང་དུ་བགྲོད་པར་ཤོག། དུ་རང་ག་ཨ་ཤོ་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། དམག་དཔོན་རིན་ཆེན་འདི་འབུལ་བས། །ཉོན་མོངས་གཡུལ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག༴ཁད་ཁ་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་འབུལ་ནས་ནི། །འགྲོ་རྣམས་མི་ཟད་གཏེར་ལ་སྤྱོད་པར་ཤོག། ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཏྣ་པཱུ་ཙ་ཏེ་ཨ་ཧཱུྃ། དེ་ནས་བཀྲ་ཤིས་ཀྱི་རྟགས་བརྒྱད་ལ་སོགས་འབུལ་བ་ནི། ཐེག་མཆོག་བླ་རེ་གདུགས་དང་བ་དན་དང་། །བདུད་འཇོམས་རྒྱལ་མཚན་ལྷབ་ལྷུབ་ལྡིང་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱི། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཅི་ལྟར་མི་དབང་འཁོར་ལོས་སྒྱུར་བ་ཡི། །རིན་ཆེན་སྣ་ལྔའི་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་ལྔའི་ཚོགས་རྣམས་འབུལ་བར་བགྱི། །ལྷ་ཡི་རྒྱལ་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད་པར་བགྱི། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་ལྡན་ནས། །བིལ་བ་སྟར་ག་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་བཅས་ལ་འབུལ་མཆོད་པར་བགྱི། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པུཥྩ་སརྦ་སྭཱ་ཧཱ༔ འདོད་ཡོན་ལྔའི་མཆོད་པ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ནས་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨཱོཾ་རུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏི་ཨཱ་ཧཱུྃ། ཨཱོཾ་ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོངས་ལྡན། ༴༴། ཤཔྟ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏི་ཨཱ་ཧཱུྃ། །ཕྱོགས་དུས་ཀུན་ནས་རྩན་དན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི། ༴༴། གནྡྷཱ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏི་ཨཱ་ཧཱུྃ། །ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། ༴༴། ཨཱོཾ་ར་ས་ཀཱ་མ༴ཕྱོགས་དུས་ཀུན་ནས་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམས་བྱེད་པའི། ༴༴སྤཪྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏི་ཨཱ་ཧཱུྃ། སོགས་གོང་བཞིན། རིག་མ་བཅུ་དྲུག་ནི། ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་པི་ཝང་གླིང་བུ་རྔ་ཐབས་ཟུང་། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བའི་འཁོར་ལོས་མཆོད། །ཨཱོཾ་ཨཱཿཧཱུྃ་བཛྲ་བཱི་ཎི་ཧཱུྃ། དེ་བཞིན་དུ། ཝཾ་སེ་ཏྲཾ། མྲྀ་ཏི་གི་ཧྲི༔ མུ་ར་ཛེ་ཨ༔ དེ་ནས་རྐང་པ་མཐའ་མ་གཉིས་གོང་བཞིན་ལས། མཆོག་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། ༴༴ལ་སྱ་ཧཱུྃ། ཧཱ་སྱ་ཏྲཾ༔ གི་ཏི་ཧྲི༔ ནི་ཏྱ་ཨཱ༔ ཁྱད་པར་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། ༴༴པུཥྤེ་ཧཱུྃ། དྷཱུ་པེ་ཏྲཱཾ། ཨ་ལོ་ཀེ་ཧྲཱི༔ གྷནྡྷེ་ཨཱཿལྷན་སྐྱེས་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། ༴༴རུ་པ་ཧཱུྃ། ར་ས་ཏྲཱཾ། སྤཪྴེ་ཧྲཱི༔ དྷརྨ་དྷར་ཏུ་ཨཱ༔ གཞན་ཡང་རྒྱུད་སྡེ་གོང་མའི་ལྷ་རྣམས་ལ་སྨན་རཀ་གཏོར་མ་ལ་སོགས་པས་མཆོད་ཅིང་། བསྟོད་པ་གནས་བྱ་སོ་སོའི་བསྟོད་པ་ཤེས་ན་དང་། མི་ནུས་ན་ཆོ་ག་རང་གཞུང་གི་བསྟོད་པའམ། རིགས་ལྔ་སྤྱི་བསྟོད་སྟ་གོན་གྱི་དུས་བཞིན་དང་། །ཡང་ན། ༈གང་གི་དྲིན་གྱི་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཡེ་ཤེས་ལྔ་ཡི་བདག། དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག། དེ་ལ་བདག་ནི་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་དཀོན་མཆོག་གསུམ་གྱི་སྤྱི་བསྟོད་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་དུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཞེས་སོགས་ཀྱིས་ཀྱང་བསྟོད་དོ། །མཎྜལ་གྱི་མཆོད་པ་ནི། །སྤྱི་ལྟར་མཎྜལ་རྒྱས་པར་ཕུལ་ལ། ཧཱུྃ༔ རྒྱལ་བའི་སྐུ་ལ་སྲེད་མཛིན་མི་མངའ་ཡང་༔ སྟོང་གསུམ་རབ་འབྱམས་ལྷ་མིའི་ལོངས་སྤྱོད་རྫས༔ ཐོགས་མེད་བློ་ཡིས་བླངས་ཏེ་ཡོངས་བསྡུས་ནས༔ བདེ་གཤེགས་རྒྱལ་བ་རྣམས་ལ་འབུལ་བར་བགྱི༔ འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཨཱོཾ་རཏྣ་མཎྜལ་པུཥྩ་ཨཱཿཧཱུྃ༔ རྟེན་ལ་སྙན་དར་གང་འབྱོར་འབུལ་བ་ནི། ཧཱུྃ༔ སྣ་ཚོགས་ལྷབ་ལྷུབ་ཀ་ཤིའི་རས་དང་དར༔ པཉྩ་ལི་ཀ་ལྷ་རྫས་བཟང་པོའི་གོས༔ དུས་གསུམ་རྒྱལ་བའི་སྐུ་ལ་འདི་འབུལ་བས༔ འགྲོ་ཀུན་ཡེ་ཤེས་མཆོག་གི་སྐུ་གྲུབ་ཤོག༔ ཨཱོཾ་མ་ཧཱ་ཝསྟྲ་ན་ཡེ་སྭཱ་ཧཱ༔ རོལ་མོས་མཆོད་པ་ནི། ཧཱུྃ༔ དུས་གསུམ་བདེ་བར་གཤེགས་པའི་སྐུ་མཆོག་ལ༔ སྐྱོ་དུབ་མཚན་མའི་འཛིན་པ་ཡོངས་བྲལ་ཡང་༔ འགྲོ་ཀུན་སྐྱོ་དུབ་འཇིགས་པ་བྲལ་བའི་ཕྱིར༔ རྔ་དུང་སིལ་སྙན་པི་ཝང་གླིང་བུ་དང་༔ ཏིང་ཏིང་ཤག་དང་ཅང་ཏེའུ་དྲིལ་བུའི་སྒྲ༔ ཡོལ་བ་བླ་རེ་འཕན་གདུགས་རྒྱལ་མཚན་དང་༔ ཕྱེ་མ་ཕུར་མ་རི་རབ་མཉམ་པས་མཆོད༔ འགྲོ་ཀུན་བདེ་ལེགས་ཡོན་ཏན་ཀུན་ཐོབ་ཤོག༔ ཨཱོཾབཛྲ་ཤཔྟ་པཱུཥྩ་ས་མ་ཡེ་སྭཱ་ཧཱ༔ གཉིས་པ་བྱེ་བྲག་གི་མངའ་དབུལ་ནི་གསུམ་ལས། དང་པོ་ལྷ་སྤྲུལ་སྐུའི་རིགས་ལ་སྐྲ་བཞར་གསེར་ལས་བྱས་པ་ཕུལ་ལ། ཧཱུྃ༔ བདེ་གཤེགས་རྒྱལ་བའི་དབུ་སྐྲ་བླ་མེད་ཀྱང་༔ འགྲོ་ཀུན་བག་ཆགས་སྒྲིབ་པ་དག་བྱའི་ཕྱིར༔ གསེར་གྱི་སྤུ་གྲིའི་སྐྲ་གཞར་འདི་ཕུལ་བས༔ འགྲོ་རྣམས་མཚན་བཟང་གཙུག་ཏོར་ལྡན་པར་ཤོག༔ ཨཱོཾ་ཀརྨ་ཏིག་སྣ་ཧཱུྃ་སྭཱ་ཧཱ༔ ཆོས་གོས་རྣམ་གསུམ་ཕུལ་ལ། ཧཱུྃ༔ ངུར་སྨྲིག་རྟགས་མཆོག་ཚུལ་ཁྲིམས་འཆང་བའི་གོས༔ བླ་གོས་རྣམ་གསུམ་འཁོར་བའི་འཇིགས་བྲལ་རྫས༔ བདེ་གཤེགས་རྒྱལ་བའི་སྐུ་ལ་འདི་འབུལ་བས༔ བདག་སོགས་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ངོ་ཚ་ཁྲེལ་ཡོད་བཟོད་པའི་གོས་ཐོབ་ཤོག༔ ཨཱོཾ་བཛྲ་ཝསྟྲ་པུཥྩ་ཨཱཿཧཱུྃ་སྭཱ་ཧཱ༔ ལྷུང་བཟེད་ཕུལ་ལ། ཇི་ལྟར་རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས། །དེ་བཞིན་གཤེགས་ལ་ལྷུང་བཟེད་ཕུལ་བ་ལྟར། །དེ་བཞིན་འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཡོན་ཏན་སྣོད་དུ་གྱུར་བ་འབུལ་བར་བགྱི། །ཨཱོཾ་སུ་ཀ་ས་པ་རི་ཡེ་སྭཱ་ཧཱ༔ ཆུ་ཚགས་སོགས་མཁོ་བའི་ཡོ་བྱད་གཞན་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་སློབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེས་པ་ལྟར། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །ཨཱོཾ་ཨུ་པ་ཡོ་ཛྱ་ཏེ་པ་རི་སྐཱ་ར་ཡ་སྭཱ་ཧཱ༔ ལོངས་སྐུའི་རིགས་ལ་སྐྲ་ཤད་ཕུལ་ལ། ཧཱུྃ༔ དབུ་སྐྲ་མཐོན་མཐིང་ཉེས་སྐྱོན་ཀུན་བྲལ་ཡང་༔ འགྲོ་ཀུན་ཐབས་ཤེས་ཡེ་ཤེས་རྟོགས་བྱའི་ཕྱིར༔ དུང་གི་སོ་མང་བརྡ་ཡིས་སྐྲ་བཤད་པས༔ ཐབས་ཤེས་ཡོངས་རྫོགས་ལོངས་སྤྱོད་སྐུ་གྲུབ་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཧ་རི་ནི་ཧཱུྃ་སྭཱ་ཧཱ༔ ཞི་བའི་རྒྱན་ཆ་རྣམས་འབུལ་ཚིག་རྒྱས་བསྡུས་གཉིས་གང་རུང་བྱས་ཆོག་པ་ལས། དང་པོ་རྒྱས་པ་དབང་ཆོག་ནས་བླངས་པ། དར་གྱི་སྟོད་གཡོགས་སྨད་དཀྲིས་ཕུལ་ལ། ཧཱུྃ་ཧྲཱི༔ སྣ་ཚོགས་དར་ལ་རེག་འཇམ་ལྷ་ཡི་གོས༔ ལྷབ་ལྷུབ་རྒྱན་ལྡན་སྟོད་གཡོགས་སྨད་ཀྱི་དཀྲིས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་བའི་ཚ་གྲང་སྡུག་བསྔལ་སེལ་བར་ཤོག༔ ཨཱོཾ་ནི་ར་གི་ཨ་བྷི་ཥིཉྩ་ཧཱུྃ༔ ཨུཏྤལ་མེ་ཏོག་ཕྲེང་བའི་དོ་ཤལ་ཕུལ་ལ། ཧཱུྃ་ཧྲཱི༔ བཀྲ་ཤིས་ལྷ་རྫས་མེ་ཏོག་ཨུཏྤལ་ཕྲེང་༔ དུས་གསུམ་རྒྱལ་བའི་ཆས་ཏེ་དྲི་མེད་རྫས༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་དོ་ཤལ་ཕྲེང་བས་མཛེས་པར་ཤོག༔ ཨཱོཾ་པུཥྤེ་ཛྙཱ་ན་མ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ སྙན་རྒྱན་ཕུལ་ལ། ཧཱུྃ་ཧྲཱི༔ རིན་ཆེན་སྣ་ཚོགས་སྙན་རྒྱན་བླ་ན་མེད༔ བདེ་གཤེགས་རྒྱལ་བའི་རྒྱན་མཆོག་དམ་པ་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་སྙན་རྒྱན་ལྡན་པར་ཤོག༔ ཨཱོཾ་བྷ་ར་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ མགུལ་རྒྱན་ཕུལ་ཏེ། ཧཱུྃ་ཧྲཱིཿ མན་ཤེལ་ཆུ་ཤེལ་ཨནྡྲི་ནི་ལ་སོགས༔ རྒྱལ་བའི་མགུལ་རྒྱན་རིན་ཆེན་སྣ་ཚོགས་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་རྒྱན་དང་ལྡན་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་རྒྱན་ཕུལ་ཏེ། ཧཱུྃ་ཧྲཱིཿ རྒྱན་མཆོག་དམ་པ་དཔུང་རྒྱན་དཔལ་གྱི་ཆས༔ རྒྱལ་བའི་དཔུང་རྒྱན་རིན་ཆེན་སྣ་ཚོགས་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་དཔུང་རྒྱན་ལྡན་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་མ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ གདུ་བུ་བཞི་ཕུལ་ཏེ། ཧཱུྃ་ཧྲཱིཿ ཕྱག་ཞབས་གདུ་བུ་རིན་ཆེན་དཔལ་གྱི་ཆས༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་འོད་དུ་འབར༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་ཕྱག་ཞབས་གདུ་བུས་མཛེས་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ རུས་རྒྱན་ཕུལ་ཏེ། ཧཱུྃ་ཧྲཱི༔ དུར་ཁྲོད་རུས་དུམ་སྟོད་དང་སྨད་ཀྱི་རྒྱན༔ རྒྱལ་བ་རྣམས་ཀྱི་རྒྱན་མཆོག་རུས་ཕྲེང་འདི༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་རྒྱན་དང་ལྡན་པར་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་བ་རཱ་གྷུཪྞ་ཨ་བྷི་ཥིཉྩ་ཧཱུྃ༔ དར་དཔྱངས་ཕུལ་ཏེ། ཧཱུྃ་ཧྲཱིཿ བཀྲ་ཤིས་དར་དཔྱངས་སྣ་ཚོགས་ཅོད་པན་འཕུར༔ མ་འདྲེས་ཆོས་རྣམས་སོ་སོར་སྟོན་པའི་དཔལ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་མ་འདྲེས་ཆོས་ཀྱི་དོན་རྟོགས་ཤོག༔ ཨཱོཾ་བཛྲ་ཛྙཱ་ན་མ་ཧཱ་ཀ་རུ་ཎི་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་བསྡུས་པ་ནི། དབུ་རྒྱན་སྙན་ཆ་སོགས་རྒྱན་ཆ་རྣམས་ཐོགས་ཏེ། ཧཱུྃ་ཧྲཱིཿ རིན་ཆེན་སྣ་ཚོགས་དབུ་རྒྱན་སྙན་ལོང་དང་༔ མགུལ་ཆུན་དཔུང་རྒྱན་ཕྱག་ཞབས་གདུ་བུ་སོགས༔ ཨུཏྤལ་ཕྲེང་དང་རྒྱན་དྲུག་ལ་སོགས་རྣམས༔ བདེ་གཤེགས་རྒྱལ་བའི་སྐུ་ལ་འདི་ཕུལ་བས༔ ལམ་ལྔ་ས་བཅུ་ཕར་ཕྱིན་དྲུག་རྫོགས་ནས༔ འགྲོ་ཀུན་རྡོ་རྗེ་འཆང་དབང་མངོན་གྱུར་ཤོག༔ ཨཱོཾ་བཛྲ་རཏྣ་ཀཱ་མ་ལེ་ཀ་ར་ན་ཧཱུྃ་སྭཱ་ཧཱ༔ སྟོད་གཡོགས་སྨད་དཀྲིས་དར་དཔྱངས་གསུམ་ཐོགས་ཏེ། ཧཱུྃ་རྒྱལ་བའི་སྐུ་ལ་ཚ་བསིལ་མི་མངའ་ཡང་༔ སྟོད་གཡོགས་སྨད་དཀྲིས་དར་དཔྱངས་ལྷ་ཡི་གོས༔ སྣ་ཚོགས་སྲབ་འཇམ་ཡང་བ་འདི་ཕུལ་བས༔ འགྲོ་རྣམས་འདོད་ཡོན་ཞེན་པ་རང་དག་ནས༔ བྱང་ཆུབ་ཐར་པའི་ལམ་ལ་གནས་པར་ཤོག༔ ཨཱོཾ་བཛྲ་ཝསྟྲ་པུཙྪ་ཨཱཿཧཱུྃ་སྭཱ་ཧཱ༔ རབ་གནས་གཞུང་ལས། ཡི་དམ་གྱི་རིགས་ལ་དུར་ཁྲོད་དང་ཆས་བརྒྱད་དཔལ་གྱི་ཆས་བཅུ་སོགས་བུམ་དབང་གི་སྐབས་ལྟར་ལ༔ དེང་འདིར་རྒྱན་མཆོག་དམ་པ་འདི་འབུལ་ལོ༔ ཞེས་མཚམས་སྦྱར་ཏེ་འབུལ་བར་བྱའོ༔ ཞེས་གསུངས་ཀྱང་གཏེར་སྟོན་རིན་པོ་ཆེའི་ཕྱག་གཞེས་ཙཀ་ལིའི་རྒྱབ་ཡིག་ལྟར་བཀོད་པ་ནི། ཐོད་སྐམ་རཏྣའི་པྲོག་ཞུ་ཅན་ཐོགས་ལ། ཧཱུྃ་ཧྲཱིཿ ཐོད་སྐམ་པྲོག་ཞུ་རཏྣའི་རྩེ་བྲན་ཅན༔ ཁྲག་འཐུང་རིགས་ལྔ་ཡོངས་སུ་རྫོགས་པའི་དཔལ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ འགྲོ་ཀུན་རིན་ཆེན་དབུ་རྒྱན་ལྡན་པར་ཤོག༔ ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དུར་ཁྲོད་ཀྱི་ཆས་འབུལ་བ་ནི། ཐོད་ཕྲེང་སྐམ་རློན་རྙིད་གསུམ་ཐོགས་ལ། ཧཱུྃ་ཧྲཱིཿ ང་རྒྱལ་མ་སྤང་མཉམ་ཉིད་ངང་དུ་གྲོལ༔ ཚར་གསུམ་ཐོད་ཕྲེང་སྐུ་གསུམ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿ ཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿ ཨ་བྷི་ཥིཉྩ་ཧཱུྃ༔ གླང་ཆེན་ཀོ་རློན་ཕུལ་ལ༔ ཧཱུྃ་ཧྲཱིཿ གཏི་མུག་མ་སྤང་ཆོས་དབྱིངས་ངང་དུ་གྲོལ༔ གླང་ཆེན་ཀོ་རློན་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀ་ཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཧཱུྃ༔ སྦྲུལ་ཆུན་ཕུལ་ལ༔ ཧཱུྃ་ཧྲཱིཿ ཞེ་སྡང་མ་སྤང་མཉམ་ཉིད་ངང་དུ་གྲོལ༔ སྦྲུལ་གྱི་ཆུན་པོ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཧཱུྃ༔ མི་ལྤགས་ཕུལ་ལ༔ ཧཱུྃ་ཧྲཱིཿ འདོད་ཆགས་མ་སྤང་སོར་རྟོག་ངང་དུ་གྲོལ༔ མི་ལྤགས་གཡང་གཞི་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀ་ཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སྟག་ཤམ་ཕུལ་ལ༔ ཧཱུྃ་ཧྲཱིཿ ཕྲག་དོག་མ་སྤང་བྱ་གྲུབ་ངང་དུ་གྲོལ༔ སྟག་གི་ཤམ་ཐབ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿ ཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿ ཨ་བྷི་ཥིཉྩ་ཧཱུྃ༔ རཀྟའི་ཐིག་ལེ་དབུལ་ཅིང་༔ ཧཱུྃ་ཧྲཱིཿ ཁམས་གསུམ་སྐྱེ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ རཏྣའི་ཐིག་ལེ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀ་ཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཧཱུྃ༔ ཞག་གི་ཟོར་རིས་བྱུག་ཅིང་༔ ཧཱུྃ་ཧྲཱིཿ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུ་མངའ་ཞིང་༔ ཞག་གི་ཟོ་རིས་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཧཱུྃ༔ ཐལ་ཆེན་བྱུག་ཅིང་༔ ཧཱུྃ་ཧྲཱིཿ གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ ཐལ་ཆེན་ཚོམ་བུ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿ ཨ་བྷི་ཥིཉྩ་ཧཱུྃ༔ གཤོག་པ་ཕུལ་ལ༔ ཧཱུྃ་ཧྲཱིཿ ཐོགས་མེད་རྫུ་འཕྲུལ་ཐབས་ཀྱི་རང་བཞིན་ལས༔ རྡོ་རྗེའི་གཤོག་པ་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿ ཨ་བྷི་ཥིཉྩ་ཧཱུྃ༔ མེ་རི་ཕུལ་ལ༔ ཧཱུྃ་ཧྲཱིཿ མ་རིག་ཉོན་མོངས་བག་ཆགས་དབྱིངས་སུ་བསྲེགས༔ ཡེ་ཤེས་མེ་དཔུང་དཔའ་བོ་རྟགས་ཀྱི་རྒྱ༔ རྒྱལ་བ་རྣམས་ཀྱི་སྐུ་ལ་འདི་ཕུལ་བས༔ ཧེ་རུ་ཀཿཡི་བརྟུལ་ཞུགས་ལྡན་པར་ཤོག༔ ཨཱོཾ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀཿཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་རྟེན་གྱི་མངའ་དབུལ་ནི་། སེང་ཁྲི་ཕུལ་ལ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་དབུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་བཞུགས་པར་ཤོག། ཨཱོཾ་བཛྲ་ཨཱ་ས་ན་ཨཱཿཧཱུྃ་སྭཱ་ཧཱ། ན་བཟའ་ཕུལ་ཏེ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་གྱིས་བརྒྱན་པར་ཤོག། ཨཱོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་སྭཱ་ཧཱ༔ གླེགས་ཤིང་འབུལ་བ་ནི། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག། ཨཱོཾ་བཛྲ་པྲཛྙཱོ་བཱ་ཡ་ཨ་ཏྭ་ཡ་ཨཱཿཧཱུྃ་སྭཱ་ཧཱ། གླེགས་ཐག་ཕུལ་ལ། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བ་ཡེ་ཤེས་ཆེན་པོར་རྟོགས་པར་ཤོག། ཨཱོཾ་བཛྲ་པུསྟ་ཀ་བན་དྷ་ཨཱཿཧཱུྃ་སྭཱ་ཧཱ། ༈གསུམ་པ་མཆོད་རྟེན་ལ། སྲོག་ཤིང་ཕུལ་ལ། ཨཱོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིགབདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིགསེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིགའཁོར་ལོ་ཕུལ་ལ། ཨཱོཾ་པྲ་བརྟ་བཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་གྱུར་ཅིགརྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག། ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག་ཅོད་པན་ཕུལ་ལ། ཨཱོཾ་པ་ཏཾ་ཀ་ལཾ་བཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་ཅོད་པན་དང་ལྷབ་ལྷུབ་ལ་སོགས་པ་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིགའཕན་ཕུལ་ལ། ཨཱོཾ་པ་ཏཾ་ཀ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པ་དང་སྙན་པ་བསམ་གྱིས་མི་ཁྱབ་པར་གྱུར་ཅིགརྒྱལ་མཚན་ཕུལ་ལ། ཨཱོཾ་ཀུམྦྷ་ར་དྷ་ཛཱ་ཡ་སྭཱ་ཧཱ། སེམས་ཅད་ཐམས་ཅད་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིགགདུགས་ཕུལ་ལ། ཨཱོཾ་པྲ་མ་ཎ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིགམེ་ཏོག་གི་ཕྲེང་བ་ཕུལ་ལ། ཨཱོཾ་རཏྣ་མ་ལེ་ཏྲཾ། ཞེས་དང་། ན་མ་སྟྲཻ་ཡ་དྷྭ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་པུཥྤ་ཀི་ཏ་ཝེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུ་དྷ་ཡ། ཏ་དྱཐཱ། ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་ལྟ་བས་ཆོག་མི་ཤེས་པ་ཕུན་སུམ་ཚོགས་པར་ཐོབ་པ་གྱུར་ཅིགགདན་ཁྱད་པར་རྣམས་ཕུལ་ལ། ཨཱོཾ་པུན་དྷ་རི་ཛཱ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་དང་། །ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང་། རང་བཞིན་གྱི་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག། ཅེས་ཕུལ། སྐབས་འདིར་རབ་གནས་ཀྱི་ལྷ་ལ་རྒྱས་པའི་སྦྱིན་སྲེག་ཕུལ་ནས་དེའི་མེ་རོར་མར་སྦྲང་རྩི་ཀ་ར་འབྲས་མ་གྲུག་པ་རྣམས་སྣོད་བཟང་པོར་བླུགས་ལ། ཨཱོཾ་དྷི་བྷྱ་ཨ་ནེ་ཡེ་ས་མ་དྷེ་བྷ་ན་པྲི་ན་ནེ་སྭཱ་ཧཱ། ཞེས་བཟླ་ཞིང་བསྐོལ་ནས་ཞལ་ཟས་རོ་བརྒྱ་མའི་ཚིག་གིས་འབུལ། དེ་ལྟར་ན་ཙཱ་རུའི་ལྷ་བཤོས་མ་བྱུང་ཀྱང་འགལ་མེད་དུ་སྣང་། གཉིས་ཀ་ཕུལ་ཀྱང་ལེགས་པའི་ཡན་ལག་གོ། དེ་ནས་ཙཱ་རུའི་བཟའ་བ་ཞེས་གྲགས་པ་དཔལ་བཤོས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག། ཨཱོཾ་དྷི་བྷྱ་ཨ་ནེ་ཡེ་ས་མ་དྷེ་བྷ་ན་པྲི་ན་ནེ་སྭཱ་ཧཱ། ཞེས་འབུལ། སྐབས་འདིར་ཚོགས་ཀྱི་འཁོར་ལོ་ཐོག་མཐའ་བར་གསུམ་དང་བཅས་པ་བཏང་། གསུམ་པ་རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱི་མངའ་དབུལ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་སློབ་དཔོན་གྱིས་བཟུང་ལ། རབ་ཏུ་གནས་བྱའི་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་འཁོར་བ་དེའི་འོད་ཀྱིས་རང་བཞིན་གྱི་གནས་ནས་སངས་རྒྱས་དང་བྱང་སེམས་ཐམས་ཅད་རྟེན་སོ་སོའི་རྣམ་པར་བྱོན་ནས་བཞུགས་པར་བསམ་ཞིང་། སྐུ་གཟུགས་ལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མཆོད་རྟེན་དང་གཙུག་ལག་ཁང་ལ། ཨཱོཾ་ཧཱུྃ་ཧྲཱིཿབྷྲཱུཾ་ཁཾ་བཛྲི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ། པུས་སྟི་ལ་གཉིས་ཀ་དང་། ཐུན་མོང་དུ་ཡེ་དྷརྨཱ་དང་ཆོས་འཁོར་གསུམ་གྱི་སྙིང་པོ་འབྲུ་གསུམ་སོགས་བརྒྱ་སྟོང་ཁྲི་འབུམ་སྐབས་བབ་བཟླས་པས་བྱིན་ལྡན་དུ་བྱས་པའི་མེ་ཏོག་འདུས་པ་རྣམས་ལ་བཀྲམ་སྟེ། རྟེན་ལ་མེ་ཏོག་འཐོར་ཞིང་། དེ་ཡང་རང་བཞིན་ཆོས་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། །ཏིང་ངེ་འཛིན་ཡེ་ཤེས་ཀྱི་ལྷ་ཚོགས་དང་། སྣང་བརྙན་གཟུགས་སུ་གྲུབ་པ་རྟེན་གྱི་སྐུར་གསལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དབྱེར་མེད་རོ་གཅིག་གི་ཀློང་དུ་འཁོར་བའི་སེམས་ཅན་མ་སྟོངས་ཀྱི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པར་བསམ་ལ་ཤིས་བརྗོད་ཀྱི་བར་མཚམས་སུ་སྙན་པའི་རོལ་མོ་དང་བཅས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་མི་དང་ལྷས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་དེ་རིང་ཁྱེད་ལ་ཞི་བྱེད་བཀྲ་ཤིས་ཤོག། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག། སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག། འགྲེའོ། ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། ༴ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག། ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག། ཞེས་དང་། གཞན་ཡང་ཤིས་བརྗོད་ཅི་རིགས་པའི་མཐར། །ཉིན་མོ་བདེ་ལེགས་ནས། ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་དེང་འདི་ར་སྩོལ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ༔ ཆོས་སྐྱོང་སྲུང་མས༴གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་པའང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག། འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུངས་ཤིང་རྫུན་མེད་པ། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག། དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག། དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད། ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིགཛ་ཡ། ཛ་ཡ། སུ་ཛ་ཡ། ཞེས་ཤིས་བརྗོད་ཀྱི་ཚིགས་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་གྱིས་ཁྱབ་པར་བྱའོ། །༈གསུམ་པ་རྗེས་ཀྱི་རིམ་པའི་སྡོོམ་ནི། སྲུང་མར་གཉེར་གཏད་དངོས་གྲུབ་བླང་། །གཏང་རག་བཟོད་གསོལ་ཡོན་བདག་བསྐོ། །བཀྲ་ཤིས་དབང་བསྐུར་དགའ་སྟོན་ཡོན། བསྔོ་བ་རྗེས་བསྡུའི་ལས་རིམ་མོ། །དང་པོ་སྤྱི་དགོས་ཀྱི་སྲུང་མ་གང་ལ་གཉེར་དུ་གཏོད་པ་དེའི་འཕྲིན་ལས་རྣམས་བཏང་ལ། གཉེར་དུ་གཏད་པ་ནི། ༈ན་མོ་སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེ༔ གསང་སྔགས་རིགས་སྔགས་གཟུངས་སྔགས༔ སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་སོགས་ཀྱི་བདེན་པའི་མཐུ་དང་། ཐུགས་རྗེ་བྱིན་རླབས་ནུས་པའི་རྩལ་ཤུགས་ལ་བརྟེན་ནས༔ རྟེན་མཆོག་དམ་པ་འདི་ལ་བཀའ་ཡི་སྲུང་མ་ཆེན་པོ་ཁྱེད་རྣམས་ཀྱིས་བྲན་གྱིས་ཤིག༔ ཕོ་ཉ་གྱིས་ཤིག༔ མངག་གཞུག་མཛོད་ཅིག༔ རྟེན་མཆོག་འདི་བཞུགས་པའི་ཡུལ་ཕྱོགས་རྒྱལ་ཁམས་དང་བཅས་པ་ཐམས་ཅད་ལ༔ བཀྲ་ཤིས་པ་དང་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བར་མཛོད་ཅིག༔ ནད་མུག་མཚོན་འཁྲུག་མཐའི་དམག་དཔུང་སོགས་མི་མཐུན་པའི་ཚོགས་ཐམས་ཅད་ཟློག་ཅིག༔ ཅེས་གཉེར་དུ་གཏད་པའི་འཕྲིན་ལས་གསོལ་ཞིང་གཏོར་མ་འབུལ། གཉིས་པ་ནི་ལས་གཞུང་གི་ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བླང་རྗེས། རབ་གནས་གཞུང་ལས། འབྲང་རྒྱས་ལ་བརྟེན་ནས་དངོས་གྲུབ་བླང་བ་ནི། འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་རྣམས་བཏེགས་ལ། ཧཱུྃ༔ རྫས་མཆོག་དམ་པ་དངོས་གྲུབ་རྒྱ་མཚོའི་དཔལ༔ རིན་ཆེན་སྣ་ཚོགས་འབྲུ་ནོར་དགོས་འདོད་ཆར༔ མཆོག་ཐུན་དངོས་གྲུབ་མི་ཟད་དཔལ་གྱི་དབང་༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སོ། །སྐབས་འདིར་ཚོགས་ལ་རོལ་བའམ་མཇུག་ཏུ་དགའ་སྟོན་གྱི་ཚུལ་དུ་ལོངས་སྤྱོད་པ་གང་བདེར་བྱའོ། །ལྷག་མ་སོགས་མཇུག་ཆོག་རྟ་བྲོ་དང་བཅས་པ་སོང་ནས། གསུམ་པ་ནི་གཏང་རག་གི་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱ་ཞིང་། བཞི་པ་བཟོད་གསོལ་ནི། ༈རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་གའི་བྱ་བ་ལ། །འགལ་ཞིང་འཁྲུལ་པ་གང་མཆིས་པ། །མ་ཚང་བ་དང་ལྷག་པ་དང་། །ནོངས་པར་གྱུར་པ་གང་ལགས་པ། །ཀུན་ཏུ་བཟོད་པར་མཛད་དུ་གསོལ། །ཞེས་དང་ཡི་གེ་བརྒྱ་པ་སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུས་ནས། ལྔ་པ་ཡོན་བདག་བསྐོ་བ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་རྟགས་བརྒྱད་སྣ་བདུན་རྫས་བརྒྱད་ལ་སོགས་བཤམས། ཡོན་བདག་གིས་སློབ་དཔོན་ལ་ཕྱག་དང་བཅས་སྟན་ལ་འཁོད་པར་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱའོ། །ཧོཿ འདིར་ཚོགས་སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ སྐུ་གསུང་ཐུགས་རྟེན་ཡིད་བཞིན་ནོར་བུ་འདི༔ མཐོང་ཐོས་དྲན་རེག་འགྲོ་བ་བླ་མེད་འཐོབ༔ མཆོད་དང་བཀུར་སྟི་རིམ་གྲོ་སུས་བྱེད་པ༔ རིགས་བདག་ལྷ་ཡི་གོ་འཕང་མྱུར་དུ་འཐོབ༔ དད་མོས་རབ་བསྐྱེད་བརྩོན་འགྲུས་གོ་ཆ་གོན༔ མཆོད་པ་རིམ་གྲོ་བཀུར་སྟི་ཕུ་དུད་དང་༔ འཕན་གདུགས་བླ་རེ་ཡོལ་བ་རྒྱན་བཟང་སོགས༔ རྣམ་པ་རྒྱུན་དུ་དཀོན་མཆོག་སྤྱི་བོས་མཆོད༔ ཆུ་གཉིས་ཉེར་སྤྱོད་དང་བཅས་པའི་མཆོད་པ་རྣམས་ཡོན་གྱི་བདག་པོར་རྟེན་ལ་འབུལ་དུ་བཅུག་ལ། རབ་འབྱམས་རྒྱ་མཚོ་སོགས། དྲུག་པ་བཀྲ་ཤིས་པའི་དབང་བསྐུར་བྱ་བ་ནི། ཡོན་བདག་སྟན་ལ་འཁོད་པར། བགེགས་བསྐྲད་པ་ནི། གུལ་ཡུངས་ཀྱིས་དུད་བྲབ་དང་བཅས། རྗེ་བཙུན་རྩ་བ་ནས། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིགཧཱུྃ་བཞིའི་སྔགས་སོགས་ཀྱིས་བགེགས་བསྐྲད། ཡོན་བདག་དང་བཀྲ་ཤིས་པའི་རྫས་རྣམས་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡོན་གྱི་བདག་པོ་ཡི་དམ་གྱི་ལྷའི་སྐུར་གྱུར། བཀྲ་ཤིས་པའི་རྫས་རྣམས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འཕེལ་བར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ་རྫས་རྣམས་རྟེན་ལ་མཆོད་འབུལ་དང་ཡོན་བདག་ལ་དབང་བསྐུར་བྱ་སྟེ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག། གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟེན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག། ཅེས་རྫས་བརྒྱད་དང་། ཧཱུྃ༔ རིན་ཆེན་གདུགས་མཆོག་རཏྣའི་ཡུ་བ་ཅན༔ འཁོར་བའི་ཚ་གདུང་འཇིགས་པ་སྐྱོབས་མཛད་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་མཆོག༔ མཆོག་ཐུན་དངོས་གྲུབ་དགོས་འདོད་སྩོལ་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་གསེར་གྱི་ཉ་མོ་འོད་བྱེད་འཁྱུག༔ སྒྲིབ་པ་ཀུན་བསལ་ཡེ་ཤེས་སྤྱན་ལྡན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདི་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ལཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་ཡིད་འོང་མདངས་ལྡན་དྲི་བསུང་འཆང་༔ གསུངས་དབྱངས་ཆོས་ཀྱིས་འགྲོ་བ་སྒྲོལ་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་རབ་དཀར་གཡས་འཁྱིལ་བཀྲ་ཤིས་དུང་༔ ཆོས་ཀྱི་སྒྲ་སྒྲོག་ཆོས་ཀྱི་དོན་རྟོགས་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཤཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་གྱི་བེའུ་དཔལ་གྱི་ཐུགས་ཀྱི་མཆོག༔ ཐམས་ཅད་མཁྱེན་ལྡན་ཐོས་བསམ་མཐར་ཕྱིན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་དཔལ་བེའུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་མཚན་བདུད་ཀྱི་གཡུལ་ལས་རྒྱལ༔ བསྟན་པ་མི་ནུབ་རྒྱས་པར་བྱེད་པའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོར་ལོ་རིན་ཆེན་དབང་བཅུའི་དཔལ་དང་ལྡན༔ ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར་བའི་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ༈ཧཱུྃ༔ འཁོར་ལོ་རིན་ཆེན་རྩིབས་སྟོང་འོད་དུ་འབར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་དཔལ༔ ཆོས་ཀྱི་རྒྱལ་སྲིད་ཡང་དག་བརྟན་བྱེད་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་བཻཌཱུར་སྔོན་པོའི་མདོག༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་བདག༔ བསམ་པའི་དོན་ཀུན་ཡང་དག་སྒྲུབ་བྱེད་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་ལྷ་མོ་སྒྱུ་འཕྲུལ་མ༔ ཁ་དོག་དབྱིབས་ལེགས་ལྟ་ན་སྡུག་པའི་དཔལ༔ ཐབས་ཤེས་ཚེ་བསོད་དཔལ་འབྱོར་འཆང་བའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཨཱོཾ་ས་ཏྲི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་ཤེས་བྱའི་དབང་པོ་ཅན༔ དོན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ༔ ཐམས་ཅད་མཁྱེན་ལྡན་ཤེས་བྱ་རྫོགས་པའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོགཨཱོཾ་པུཪྵ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་བཞིན་མཛེས་ལྟ་ན་སྡུག༔ ཕ་རོལ་འཇོམས་པའི་དཔུང་མཆོག་བླ་ན་མེད༔ སྟོབས་ལྡན་རྩལ་ཤུགས་ཡོངས་རྫོགས་མཐར་ཕྱིན་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཨཱོཾ་ཧ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟ་མཆོག་རིན་ཆེན་གཡུ་མདོག་མཐིང་འོད་འབར༔ རྫུ་འཕྲུལ་ཤུགས་འཆང་བསོད་ནམས་དཔལ་དང་ལྡན༔ རྫུ་འཕྲུལ་རྐང་མགྱོགས་བརྟུལ་ཞུགས་འཆང་བའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམག་དཔོན་རིན་ཆེན་རཏྣའི་གོ་ཆ་ཅན༔ སྟོབས་རྩལ་ནུས་ལྡན་ཕ་རོལ་རྒོལ་བ་པོ༔ བདུད་བཞིའི་དཔུང་རྣམས་མ་ལུས་འཇོམས་པའི་དབང་༔ དབང་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་ཥཏྑ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སློབ་དཔོན་གྱིིས་རྟེན་ལ་འབུལ་ཚུལ་དང་ཡོན་བདག་ལ་གཏད་དོ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་མེ་ཏོག་གི་ཆར་དབབ་བོ། །བདུན་པ་དགའ་སྟོན་བྱ་བ་ནི། འབྲང་རྒྱས་དང་ཚོགས་ཀྱི་རྫས་ལ་ལོངས་སྤྱད་ཅིང་། ཙཱ་རུའི་ལྷག་མ་ཡང་བྲིམ་སྟེ། ༈བདེ་གཤེགས་ལྷག་མ་འདི་དག་ནི། གསོལ་ཞིག་སྡིག་པ་བྱང་བར་འགྱུར། །ཅེས་བརྗོད། །བརྒྱད་པ་ཡོན་དང་གྲལ་སྟོན་བྱ་བ་ནི། རིན་ཆེན་འབྲུ་ནོར་ལོངས་སྤྱོད་དར་ཟབ་གོས༔ སྦ་སྲི་མེད་པར་སྐུ་ཡོན་འདི་འབུལ་བས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་རྫོགས་ནས༔ བླ་མེད་བྱང་ཆུབ་མངོན་དུ་བྱེད་པར་ཤོག༔ ཞེས་ཅི་འབྱོར་བའི་ཡོན་གྱིས་མཉེས་པར་བྱའོ། །དགུ་པ་དགེ་རྩ་ཆུད་མི་ཟ་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་གི་རྒྱུར་དམིགས་པ་མེད་པའི་བསྔོ་བས་རྒྱས་འདེབས་ལས་གཞུང་ལྟར་རམ་རྒྱས་བསྡུས་སྐབས་བབས་བྱའོ། །བཅུ་པ་རྡུལ་ཚོན་ཡིན་ན། རང་ཉིད་ལྷའི་ང་རྒྱལ་གྱིས་ཨ་ཀཱ་རོའི་སྔགས་བརྗོད་ཅིང་དྲིལ་བུ་གསིལ། རྡུལ་མཚོན་རྣམས་མཐའ་ནས་དབུས་སུ་བསྡུས་ཤིང་བུམ་པར་བླུགས་ལ་བཀུར་སྟི་དང་བཅས་ཆུ་བོ་ཆེན་པོར་གཤེགས་ཤིང་། བུམ་པ་ཆུས་བཀང་ནས་ཚུར་ལོགས་ཏེ་དཀྱིལ་འཁོར་གྱི་ཁང་པར་བསང་གཏོར་སོགས་བྱའོ། དེ་དག་ནི་རབ་གནས་ཀྱི་ཆོ་ག་དངོས་གཞིའི་རིམ་པ་ཡིན་ཅིང་། དེའང་ས་ཆོག་ལ་སོགས་བྱེད་ན་དང་། ཕྱི་དཀྱིལ་རྡུལ་ཚོན་ལ་བརྟེན་ན་དེ་དག་གི་ལྷ་གནས་དཀྱིལ་འཁོར་བྲི་བ་སོགས་སྔོན་དུ་འགྲོ་བས། དཀྱིལ་འཁོར་དངོས་གཞིའི་སྒྲུབ་མཆོད་དང་རབ་གནས་ཀྱི་སྟ་གོན་རྣམས་ཉིན་གཅིག་ཏུ་བྱ་ཞིང་། དེའི་ཕྱི་ཉིན་རབ་གནས་དངོས་གཞི་ལ་ཤིས་བརྗོད་ཀྱི་མངའ་དབུལ་ཡན་དང་། ཉིན་གསུམ་པ་ལ་བདག་མདུན་གྱི་སྒྲུབ་མཆོད་བཟླས་པ་ཆོས་སྲུང་གི་འཕྲིན་ལས་ཚོགས་མཆོད་ཐོག་མཐའ་བར་གསུམ་བཅས་གྲུབ་ནས། ཆོས་སྐྱོང་ལ་གཉེར་གཏད་ནས་བཟུང་རྗེས་ཆོག་ཐམས་ཅད་བྱ། དེ་ནི་རབ་གནས་ཀྱི་ཆོ་གར་གཏོགས་པ་ཉིན་གསུམ་དུ་བྱས་པ་སྟེ་རྒྱས་པའོ། །འདིའི་ཚེ་དཀྱིལ་འཁོར་གྱི་བསྡུ་ཆོག་ཡོན་བདག་བསྐོ་བའི་རྗེས་སུ་བྱས་ན་འཐད་དོ། ༈། རབ་གནས་འབྲིང་པོ་ལ། ཉིན་དང་པོ་དཀྱིལ་འཁོར་རས་བྲིས་ལ་སོགས་པ་ལ་བརྟེན་ནས་རབ་གནས་ཀྱི་སྟ་གོན་རྣམས་དང་། ཉིན་གཉིས་པ་ལ་སྦྱང་བ་དང་ཁྲུས་སོགས་མ་འགྲུབ་ཀྱང་རུང་ལ། དེ་འཕྲོས་རྣམས་རྒྱས་པར་བྱ་ཞིང་། དངོས་སྟ་གོན་སོ་སོར་ཕྱེ་བའི་ཉིན་གཉིས་པའོ། ༈བསྡུས་པ་ནི། དཀྱིལ་འཁོར་ཚོམ་བུ་ལ་སོགས་པ་དང་བདག་མདུན་གྱི་ཆོ་གའང་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་ལ་བརྟེན་ནས། སྟ་གོན་རྣམས་དོར་སྦྱང་ཁྲུས་མདོར་བསྡུས་དང་། དངོས་གཞི་རྣམས་ཇི་ལྟ་བའམ་དབྱེ་བསྡུ་ཤེས་པར་བྱའོ། ༈ཞར་བྱུང་རྟེན་རྙིང་པ་སྤོ་བའམ་ཞིག་གསོས་བྱ་བ་ལ། སྐུ་རྒྱུ་སོགས་སྔོན་མ་ལས་མི་དམན་པ་ཆེས་ལྷག་བཟང་པོར་བསྒྲུབ་པའི་ཕྱིར་ཨརྒའི་ཆོ་ག་ནི། རྟེན་དེའི་མདུན་དུ་མཆོད་གཏོར་བཟང་པོ་དང་ཆོས་སྲུང་གི་གཏོར་མ་དང་། ཆ་གསུམ་སོགས་བཤམས་ལ། བདག་ཉིད་ལྷའི་རྣལ་འབྱོར་མཆོད་བསྟོད་བཟླས་པ་དང་བཅས་བྱ་ཞིང་། གང་སྤོ་རྒྱུའི་ལྷ་རྣམས་གསལ་བཏབས་ཏེ། མཆོད་པ་སྤྱི་མཐུན་ལྟར་འབུལ་བ་ནི། །འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝ་ར་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་ཏྱ། ཤཔྟ་པྲ་ཏིཙྪ་པུ་ཛ་ཨཱཿཧཱུྃ། ཞེས་པས་མཆོད་ཅིང་། རྟེན་དེ་དག་གི་བསྟོད་པ་ཤེས་ན་དང་། མ་ངེས་ན། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། སོགས་རིགས་ལྔ་སྤྱི་བསྟོད་དང་། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སོགས་རྒྱལ་བ་སྤྱི་བསྟོད་དང་། བསྟོད་པར་འོས་པ་ཐམས་ཅད་ལ། སོགས་བསྟོད་པ་བྱ། ཆོས་སྐྱོང་ལ་གཏོར་མ་འབུལ། ཆ་གསུམ་བཏང་། རང་ལྷར་གསལ་བའི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པར་གྱུར་པས་ངག་གི་བདེན་ཚིག་གྲུབ་པར་བསམ་ལ་ཧཱུྃ་ཞེས་བརྗོད་ཅིང་། བདག་གིས་སེམས་ཅན་གྱི་དོན་དུ་བདེ་བར་གཤེགས་པའི་རྟེན་ཞིག་པ་གསོ་བའམ། སྤོ་བའམ། དམན་པ་ལས་བཟང་པོར་བགྱིད་པ་སོགས་ཀྱི་དོན་དུ་བསྟིམ་པར་བགྱི་སྙམ་པས། བསྟིམ་བྱའི་ཚུལ་མང་དུ་བཤད་ཀྱང་སྤྱི་མཐུན་དུ་མེ་ལོང་གཡའ་དག་ཞིག་ལག་ཏུ་ཐོགས་ཏེ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུགདྲིལ་བུ་དཀྲོལ་ཞིང་། ཐུགས་རྗེ་མངའ་བའི་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཡེ་ཤེས་སྤྱན་ལྡན་པ། །ཀུན་གྱི་བྱིན་གྱིས་རློབས་པའི་ཕྱིར། །བདག་ཉིད་རྡོ་རྗེ་སློབ་དཔོན་གྱིས། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལའང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་བ་དག་གིས། །ཁྱེད་གྱི་རྟེན་རྣམས་སྤོ་བར་འཚལ། །དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་མེ་ལོང་གི་གཟུགས་བརྙན་ལ་ཐིམ་པར་གྱུར། ཨཱོཾ་བཛྲ་ས་མ་ཛཿ ཛ་ཧཱུྃ་བཾ་ཧོ༔ ཞེས་བསྟིམ་པའི་ལྷ་མེ་ལོང་གི་གཟུགས་བརྙན་དང་གཉིས་སུ་མེད་པ་ལ་ཡིག་བརྒྱ་དང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། མཆོད་བསྟོད་བཀྲ་ཤིས་མེ་ཏོག་འཐོར་ཞིང་དར་སེར་པོས་དྲིལ་ལ་མགོ་མཇུག་མདུན་རྒྱབ་མི་ལོགས་པའི་རྟགས་ལྡན་དུ་བྱས་ནས་མཆོད་གྲལ་དུ་བཞུགས། རྟེན་གསར་པ་བསྒྲུབས་ནས་རབ་གནས་དངོས་གཞིའི་ཡེ་ཤེས་པ་བསྟིམ་པའི་དུས་སུ་ཁ་ཕྱེས་ལ་མེ་ལོང་གི་དམ་ཡེ་དབྱེར་མེད་དེ་ཉིད་གསར་བར་ཐིམ་ནས་གཉིས་མེད་དུ་གྱུར་པར་བསམ་མོ། རྟེན་རྙིང་གི་རྒྱུ་གསར་པར་བསྲེ་ན་བཞུ་བཏུལ་བྱར་རུང་བའི་རིགས་དང་། ས་ལ་སོགས་གང་ཡིན་དེ་དང་དེར་བསྲེ་ཞིང་། མི་གཏུབ་པ་རྣམས་ཆུ་ལ་སོགས་པར་དོར། རྟེན་བརྟེན་པ་འདྲེ་ཅན་ནི་གསར་པར་བསྲེ་མི་རུང་བས་དྲག་པོའི་སྲེག་བླུགས་ཀྱིས་སྦྱང་བར་བྱ་བ་སོགས་འཐད་ལྡན་གྱི་ལག་ལེན་བྱ་བར་རིགས་སོ། །གཞལ་བྱའི་མཐའ་བྲལ་མཁའ་ཁྱབ་ཞིང་རབ་འབྱམས། ཇི་སྙེད་གདུལ་བྱའི་སྣང་ངོར་དེ་སྙེད་དུ། །ངོ་མཚར་འཕྲུལ་གྱིས་འདུལ་བ་སངས་རྒྱས་ཀྱི། །ཆེ་བའི་ཡོན་ཏན་དང་ནི་འཕྲིན་ལས་སོ། །དེ་ལས་འགྲོ་བའི་མཆོད་སྡོང་རྟེན་བརྟེན་པ། དམ་ཡེ་དབྱེར་མེད་མཚན་དཔེ་རྣམ་བཀྲ་བར། །ཤིས་བརྗོད་རྒྱན་གྱི་གཟི་བྱིན་དཔལ་དུ་འབར། །བྱེད་པའི་ཐབས་མཆོག་འདི་ལས་གཞན་ཡོད་མིན། །དེ་ཕྱིར་ངག་འདོན་བསྡེབས་འདིར་བློ་དམན་པས། །མ་རྟོགས་འཆོལ་བར་གྱུར་དང་ནོངས་པའི་རིགས། །ཐུགས་རྗེ་ཆེ་ལྡན་རྣམས་ཀྱིས་བཟོད་བཞེས་ལ། །དགེ་བས་འགྲོ་ཀུན་རྡོ་རྗེ་གསུམ་འགྲུབ་ཤོག། ཅེས་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་རབ་གནས་ཀྱི་ཆོ་ག་གཏེར་གཞུང་ལ་མི་གསལ་བའི་རིགས་དང་ས་བཅད་ཀྱི་གོ་རིམ་རྣམས་ཕལ་ཆེར་བླ་མ་དགོངས་འདུས་ཀྱི་རབ་གནས་བཀྲ་ཤིས་བརྩེགས་པ་དང་མཐུན་པར་བགྱིས་ཤིང་། གཞན་ཡང་རབ་གནས་ཀྱི་ཆོ་ག་དག་ལས་མཛེས་རྒྱན་བླངས་ཏེ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾ།། །།


previousབླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྒོ་ནས་རྟེན་གསུམ་རབ་ཏུ་གནས་པའི་རིམ་པ་བཀྲ་ཤིས་དཔལ་འབར་ངག་འདོན་དུ་བསྡེབས་པnext