Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད།
   
   
   
   
   


 
previousབླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད།next

བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད།

བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད་ཅེས་བྱ་བ་བཞུགས། །བླ་མ་དང་དཔལ་བདེ་མཆོག་འཁོར་ལོ་དབྱེར་མེད་པའི་ཞབས་ཀྱི་པད་མོར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ། ཐབས་མཆོག་བདེ་ཆེན་ཝཾ་ཡིག་པདྨ་འབྱུང་། །སྟོང་ཉིད་ཤེས་རབ་ཨེ་ཡིག་མནྡྷ་རཱ། །ཟུང་འཇུག་ཧེ་རུ་ཀཿ དཔལ་ཐོད་པ་རྩལ། །རིག་འཛིན་རྒྱ་མཚོའི་མགོན་དེས་དགེ་ལེགས་མཛོད། །ངེས་གསང་གདམས་པའི་སྙིང་བཅུད་བླ་སྒྲུབ་ཆོས། །བསྙེམས་བྲལ་ཕྱག་རྒྱས་ཡོངས་བཏབ་ཟབ་གཏེར་གྱི། །སྒོ་འཕར་དུས་སུ་འབྱེད་མཁས་འགྲོ་འདུལ་གླིང་། །ཡབ་སྲས་བརྒྱུད་པར་བཅས་པའི་ཚོགས་རྣམས་རྒྱལ། །ཕྲ་རགས་སྣོད་བཅུད་ཡེ་ཤེས་འཁོར་ལོ་ཆེར། །རྒྱས་འདེབས་རིམ་གཉིས་འཇུག་སྒོ་བསྙེན་དང་བསྒྲུབ། །རབ་འབྱམས་ལས་ཀྱི་སྦྱོར་བ་ལ་སོགས་པར། །གཅེས་པའི་བསྙེན་ཡིག་གསལ་བར་འདི་ན་བཀོད། །དེ་ཡང་རིག་འཛིན་འདུས་པའི་ཐུགས་བཅུད་བླ་སྒྲུབ་ཀུན་གྱི་ཉིང་ཁུར་གྱུར་པ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་བསྒྲུབ་ལས་སྦྱོར་གྱི་རིམ་པ་ཉམས་སུ་བསྟར་བ་ལ། ཐོག་མར་ཆོས་བཀའ་འདི་ཉིད་ཀྱི་སྨིན་བྱེད་ཡོངས་སུ་རྫོགས་པ་ནོད་ཅིང་དད་དམ་ལྡན་པ་དག་གིས་ཕྱི་ནང་གསང་བ་གོ་ཆ་ལས་སྦྱོར་དཔའ་བོ་མཁའ་འགྲོ་དྲག་རྩལ་ཧེ་རུ་ཀའི་ཐུགས་སྒྲུབ་དང་བཅས་པ་ལ་རིམ་གྱིས་འཇུག་པར་བྱ་སྟེ། དང་པོ་ཕྱི་སྒྲུབ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ལའང་གསུམ། གང་དུ་བྱ་བའི་གནས་དང་སྒྲུབ་རྟེན་བཞེངས་བ་དང་སྒྲུབ་རྫས་ཡོ་བྱད་ཀྱི་བཤམ་བཀོད་དོ། །དང་པོ་ནི་མ་དང་མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་དམ་པ་རྣམས་ཀྱིས་བསྒྲུབས་པའི་གནས་ཡུལ་ལྟ་བུའམ། ཡང་ན་ཕྱི་ནང་གི་བཀྲ་རྟགས་ལེགས་ཤིང་མི་དང་མི་མ་ཡིན་གྱིས་འཚེ་བ་དང་རྣམ་པར་གཡེང་བས་དབེན་པའི་གནས་སུ་བསྒྲུབ་པར་བྱ་སྟེ། རིག་འཛིན་རོལ་པའི་སྒྲུབ་ཁོག་ལས། ལུང་ནས་བཤད་དམ་གོང་མས་ཞབས་ཀྱིས་བཅགས༔ དབེན་ཞིང་དྭངས་ལ་ཉམས་དགའ་ཡིད་དུ་འོང་༔ མཐུན་རྐྱེན་འཛོམས་ཤིང་གཡེང་བ་མི་རྒོད་མེད༔ རི་བརྒྱུད་གངས་འབྲེལ་དབྱར་བསིལ་དགུན་དྲོ་བ༔ རྒྱབ་རི་བྱིན་ཆགས་བྱང་བསྐྱོར་ཤར་གཞོལ་བ༔ ལྷོ་བརྡལ་ནུབ་བསྐྱོར་ཆུ་བོ་དབང་ནས་འབབས༔ མཚན་ཉིད་ལྡན་བའི་གནས་དེར་ས་ཆོག་བྱ༔ ཞེས་སོ། གཉིས་པ་ཕྱི་ནང་གསང་གསུམ་གྱི་སྒྲུབ་རྟེན་གྱི་རིམ་པ་ལ། ཕྱིའི་སྒྲུབ་རྟེན་གྱི་རྒྱུ་གང་ཟག་གི་འབྱོར་འཁོས་རབ་འབྲིང་ཐ་མའི་ཚོད་དང་སྦྱར་བ་རབ་གསེར་དངུལ་སོགས་རིན་པོ་ཆེ་ལུགས་སུ་བླུགས་པ་དང་། འབྲིང་གནས་བྱིན་ཆེན་ཁྱད་པར་འཕགས་པ་མང་པོའི་ས་རྡོ་ལ། དར་རས་ཤོག་བུ་སྨན་སྣ་དྲི་བཟང་སོགས་ཀྱི་སྐྱོ་བ་སྦྱར་ནས་འབུར་དུ་བཞེངས་པའམ། ཐ་ན་དར་རས་དཀར་པོ་དྲི་མ་མེད་པ་སྟེ། རྒྱུ་གང་ཡང་དམ་ཚིག་མ་ཉམས་པའི་ལག་ནས་བྱུང་བའི་སྐུ་རྒྱུ་ལ། བཞེངས་མཁན་གྱི་ལྷ་བཟོ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་གཙང་བས་བཞེངས་བར་བྱ་བ་ལ་འདིར་རས་བྲིས་ཀྱི་དབང་དུ་བྱས་ན། རྒྱལ་ཕུར་སོགས་གཟའ་སྐར་ཤིས་པའི་ཉིན་རས་འདུལ་བྱ་སྟེ། བརྒྱུད་པ་སེལ་མེད་ཀྱི་བྱིན་རྟེན་དང་དྲི་བཟང་པོ་ཆུ་གཙང་ལ་སྦྱངས་པའི་ཁུ་བ་དང་དཀར་ཚོན་སྦྱར་བས་བྱུགས་ཤིང་ལེགས་པར་དུལ་ནས་བཞེངས་མཁན་ཁ་ལྷོ་ནུབ་ཏུ་བལྟས་ལ་སྐྱབས་སེམས་ཀྱིས་རྒྱུད་དག་པར་བྱས། ཐིག་རྫོགས་པར་བཏབ་རྗེས་མངོན་རྟོགས་དང་མཚུངས་པའི་སྐྱ་རིས་ལེགས་པར་ཚར་ནས་སྨན་དང་དྲི་བཟང་གི་ཁུ་བ་སླ་མོས་གནས་ཡིག་སོ་སོར་རྒྱས་པའམ་མ་ཤོངས་ན་གནས་གསུམ་འབྲུ་གསུམ་དང་། ཕྱི་ནང་གསང་གསུམ་གྱི་སྒྲུབ་སྔགས་རྣམས་གཟབ་ཆུང་དག་པར་བྲི། དེ་ཡང་བྲིས་ཐང་ཆེན་པོ་ཡིན་ན་རྒྱབ་ཏུ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་བརྩེགས་མར་འདྲི་བར་གསུངས། དེ་ལྟར་མ་གྲུབ་ན་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་བྲི། དེ་ནས་ཚོན་གྱིས་ལེགས་པར་མནན། དེ་ལྟར་སྐུ་འབག་མཚན་ཉིད་དང་ལྡན་པ་ཆེ་ཆུང་གང་ཡང་རུང་བ་གྲུབ་ནས། ནང་སྒྲུབ་ཀྱི་བླ་རྡོ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་པོ་རབ་གསེར་དངུལ་གྱིས་མཐིང་ཤོག་ལ་འདྲི། འབྲིང་རྒྱ་ཤོག་ལ་མཚལ་དང་རིན་ཆེན་བརྡར་བའི་ཁུ་བས་བྲི། ཐ་ནའང་གྲོ་གའམ་ཤོག་བུ་ལེགས་པ་ལ་རྒྱ་སྣག་གིས་ཆད་ལྷག་མེད་པར་ཡར་ངོའི་གཟའ་སྐར་བཟང་པོར་ཕྱི་ནང་གི་མཆོད་པ་བཤམས་ཤིང་ལས་གཞུང་བསྲང་སྟེ་བསྙེན་པའི་སྐབས་སུ་མོས་གུས་དང་གདུང་ཤུགས་རྩེ་གཅིག་གི་ངང་ནས་རིག་འཛིན་གྱི་རྒྱལ་པོ་ཐོད་པ་རྩལ་ལ་རིགས་འཛིན་ཕོ་མོ་འབུམ་ཕྲག་མང་པོས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཞུགས་པར་བསྒོམས་ལ་རིག་འཛིན་གྱི་རྒྱལ་པོ་གཙོ་མཆོག་ཐོད་པ་རྩལ་ཁྱེད་ཀྱི་སྒོམ་སྒྲུབ་ཟབ་མོར་དམ་བཅའ་སྟེ། བདག་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་དུ། སྐུ་གསུང་ཐུགས་ཀྱི་ཙཀྲ་འདྲིི་བ་ལ་བྱིན་གྱིས་བརླབ་ཏུ་གསོལ། དབང་མཆོག་བསྐུར་དུ་གསོལ། ཀུན་རྫོབ་ཀྱི་རྫས་འདི་རྣམས་ཡེ་ཤེས་རང་བྱུང་གི་རྫས་སུ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་གི་ངང་ནས་གསོལ་བ་ཕུར་ཚུགས་སུ་གདབ། ཁ་ལྷོ་ནུབ་ཏུ་བལྟས་ཏེ་བྲི་བར་བྱ་ཞིང་འཁོར་ལོ་རྣམས་ལ་མཛེས་པའི་ཚོན་གྱིས་བསྒྱུར་རྫས་གཞུང་ལྟར་གདབ། དེ་ལྟར་འཁོར་ལོ་གསུམ་ཀ་འགྲུབ་ན་མཆོག་དང་མ་འགྲུབ་ན་ཐུགས་ཀྱི་འཁོར་ལོ་གཅིག་པུས་ཀྱང་རུང་སྟེ། སྐུ་གསུང་ཐུགས་ཀྱི་ཙཀྲ་གསུམ༔ ཡོངས་རྫོགས་གྲུབ་ན་རྒྱས་པ་སྟེ༔ མ་གྲུབ་འདི་ཉིད་གཅིག་པུས་ཆོག༔ དཀར་པོའི་དར་ལ་དཔལ་ཆེན་པོ༔ འཁོར་ལོ་བདེ་མཆོག་གཞུང་ལྟར་འདྲི༔ དམར་པོའི་དར་ལ་ལྷ་ལྕམ་ཡུམ༔ མནྡྷ་རཱ་ཝ་བྲིས་ནས་ཀྱང་༔ ཡབ་ཡུམ་བར་དུ་འཁོར་ལོ་རྣམས༔ ཡང་ན་ཐུགས་ཀྱི་བླ་རྡོ་ལྟེམ༔ ལྟེ་བ་མ་ཉམས་ལྟབ་ཚིག་རྒྱབ༔ ཤིན་ཏུ་གསང་བའི་བླ་འཁོར་སྟེ༔ བདེ་གཤེགས་ཀུན་འདུས་ཙཀྲ་དེ༔ འཆང་བས་མཆོག་ཐུན་དངོས་གྲུབ་འཐོབ༔ ཞེས་དང་། བླ་རྡོ་འདི་དང་མ་བྲལ་ན༔ སྔོན་ལས་འཕྲལ་རྐྱེན་གང་གིས་ཀྱང་༔ བར་ཆད་རྐྱེན་གྱིས་མི་ཚུགས་ཤིང་༔ རྣལ་འབྱོར་ལུས་རྒྱ་ཞིག་པའི་ཚེ༔ ས་གཡོ་སྒྲ་དང་འོད་ཀྱང་འཁྱུགཿ གདུང་དང་རིང་བསྲེལ་ཡིག་འབྲུ་འབྱུང་༔ ཅི་ཕྱིར་བཏགས་གྲོལ་འང་འདི་ཡིན་ནོ༔ ཞེས་གསུངས་པའི་འཁོར་ལོ་དང་དར་རམ་ཤོག་བུ་དཀར་དམར་ལ་བདེ་མཆོག་ཡབ་ཡུམ་གྱི་སྐུ་སོ་སོར་བྲིས་པ་ཆེ་ཆུང་འཁོར་ལོའི་ལྟེ་བའི་མུ་ཁྱུད་དང་མཚུངས་པར་བྱས། དེ་རྣམས་ཀྱི་བྱ་བ་ལེགས་པར་ཟིན་ནས་རབ་ཏུ་རང་གི་རྩ་བའི་བླ་མའམ་དེ་མིན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་སྤྱི་ལྟར་དུ་རབ་གནས་བྱ་ཞིང་། དེ་ལྟར་མ་གྲུབ་ན་རང་ཉིད་ཀྱིས་བྱ་བ་སྟེ། སྒྲུབ་རྟེན་རྣམས་གུ་གུལ་གྱིས་བདུགས་ཐུན་གྱིས་བྲབས་དྲག་སྔགས་བརྗོད། ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་སྐུ་དང་བསྲུང་བའི་ཙཀྲ་ལ་ཐིམ་པར་བསྒོམ། མཆོད་བསྟོད་བསྡུས་པ་ཞིག་བྱ་ཞིང་ཤིས་པ་བརྗོད་ཡེ་དྷརྨཱ་བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས། འཁོར་ལོ་རྣམས་ཡབ་ཡུམ་གྱི་སྐུ་གཟུགས་གཉིས་ཀྱི་བར་དུ་བལྟེམས་ནས་དར་ཚོན་སྣ་ལྔའི་ན་བཟའ་དང་ཚོན་སྐུད་ཀྱིས་དཀྲིས་ཏེ་ཟངས་ཀྱི་གའུར་སྐུ་གསུང་ཐུགས་ཀྱི་རིམ་པར་ཐོག་འོག་བརྩེགས་ཏེ་བཞུགས། ས་རྗེན་ལ་མི་བཞག་མི་ལག་མི་འགྲིམ། དེ་ཡང་ཕྱི་ནང་གི་སྒྲུབ་རྟེན་སྐུ་དང་འཁོར་ལོ་རྣམས་གོང་དུ་བཤད་པ་ལྟར་གཟའ་སྐར་གྱི་འགྲུབ་སྦྱོར་ལེགས་པར་ལྷན་ཅིག་ཏུ་བཞེངས་པའི་ཉེར་བསྡོགས་བགྱིས་ན་འཇུག་པ་བདེ་ཞིང་། གསང་སྒྲུབ་ཀྱི་བླ་རྡོ་ནི། གསང་སྒྲུབ་གསང་བའི་བླ་རྡོ་ནི༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་སྟེ་འབྲལ་མི་བྱ༔ ཚད་ཕེབས་རིག་པ་སྐུ་རུ་སྨིན༔ སྐྱེ་འཇུག་གཉིས་ལ་རང་དབང་བསྒྱུར༔ འབྱུང་བའི་ཁམས་ལ་ཟང་ཐལ་འགྲོ༔ རིག་པ་ཆོས་དབྱིངས་རང་གྲོལ་དོན༔ ཐོད་པ་རྩལ་དང་གཉིས་སུ་མེད༔ ཞེས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལ་བསྟེན་ནས་ཁྲེགས་ཆོད་ཀ་དག་བཅིངས་གྲོལ་མེད་པའི་གནས་ལུགས་ལ་ངེས་པ་རྙེད་དེ་ལྷུན་གྲུབ་ཐོད་རྒལ་སྣང་བཞིའི་ལམ་ཟབ་མོ་ཉམས་མྱོང་སྨར་ཁྲིད་དུ་ཐོབ་པ་ཞིག་བྱུང་ན་སྒྲུབ་པ་ཐམས་ཅད་ཀྱི་རྩ་བ་མཐར་ཐུག་པ་ཡིན་པས་གལ་པོ་ཆེའོ། གསུམ་པ་སྒྲུབ་པ་ཡོ་བྱད་ཀྱི་རིམ་པ་ལ། ཐོག་མར། དཀོན་མཆོག་ལ་མཆོད་འབུལ་བཤགས་སྐོང་། །བཀའ་ཀློག། ཆུ་གཏོར། ཚ་ཚ་གདབ་པ། སྦྱིན་གཏོང་། སྲོག་བསླུ། བསངས་གསོལ་ཆ་སྙོམས་ཀྱི་གསེར་སྐྱེམས་སོགས་རང་དང་གཞན་གྱིས་གྲུབ་ཚད་བྱ། དེ་ནས་གང་དུ་བྱ་བའི་གཞི་དེར་དཀར་གཏོར་བཤམས་པ་ཆབ་ཀྱིས་བྲན། རང་རྟ་མགྲིན་དཔའ་བོ་གཅིག་པའི་སྐུར་ལམ་གྱིས་གསལ་བཏབ་སྟེ། །གཏོར་མ་ཨཱོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར། ཨ་ཀཱ་རོ་ལན་གསུམ་གྱིས་ས་བདག་རྣམས་ལ་བསྔོས་ལ། ཇི་ལྟར་སྔོན་གྱི་དཔང་མཛད་ལྟར། །བདག་ནི་བྱང་ཆུབ་ངེས་སྒྲུབ་ཕྱིར། །ས་བདག་ཁྱེད་ལ་གཏོར་མ་འབུལ། །ས་འདི་བདག་སློང་སྦྱིན་དུ་གསོལ། །གཏོར་མ་ཕྱིར་བཏང་། སའི་གནང་བ་སྦྱིན་ཅིང་རང་དབང་དུ་གྱུར་པར་བསམ། རོ་ལྔའི་སྐྱོན་དང་བྲལ་བའི་ས་མདོག་དམར་ལ་སྣུམ་པ་ནུབ་ཀྱི་ཕྱོགས་སམ་གང་རུང་ནས་བླངས་པ་ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་རིན་པོ་ཆེའི་རང་བཞིན་དུ་བསམ། རིན་པོ་ཆེ་བརྡར་བླ་མ་བདེ་མཆོག་གི་དཀྱིལ་འཁོར་བཞེངས་སྙམས་པའི་མོས་པ་དང་ལྡན་པས་སྟེགས་བུ་གནས་ཁང་གི་རྒྱ་ཁྱོན་དང་བསྟུན་པར་བཟོས་པ་འཇམ་ཞིང་འཐས་པའི་སྟེང་བ་དམར་གྱི་འོ་མར་ཞོ་དང་ལྕི་བ་གཅིན་སྟེ་རྣམ་ལྔ་དང་དྲི་བཟང་གི་ཆུས་ཆག་ཆག་གདབ། ཐོད་པའམ་རིན་པོ་ཆེའི་སྣོད་ལྔར་དབུས་སུ་མཐིང་། དཀར་པོ་ཤར། སེར་པོ་ལྷོ། དམར་པོ་ནུབ། ལྗང་གུ་བྱང་། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་བྲིས་ལ། ཚོན་སྣ་ལྔ་བསྒྲིལ་བའི་ཐིག་སྐུད་ཀྱང་བཀོད། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་ཀྱི་གདངས་ལས་བྱུང་བའི་ཐིག་སྐུད་ཡེ་ཤེས་ལྔའི་ངོ་བོར་གྱུར་པར་མོས་ལ། རང་ཉིད་བླ་མ་བདེ་མཆོག་དང་ཐིག་གཡོག་པ་ཡུམ་མན་དྷ་རཱ་བར་གསལ་མཁའ་གསང་སྦྱོར་བའི་བྱང་སེམས་ཀྱི་རྩ་བ་གསུམ་གྱི་དཀྱིལ་འཁོར་སྤྲོས་པར་དམིགས་ཏེ་རང་ཉིད་ཁ་ཤར་དུ་བལྟ་བ་དང་ཐིག་གཡོག་པ་ནུབ་ཏུ་ཕྱོགས་པར་ཐིག་སྣེ་གཏད་སྨིན་མཚམས་སུ་བཟུང་ལ་གནམ་ཐིག་འདེབས་ཚུལ་བྱས། བྷྲཱུྃ་སཾ་སྐྲྀ་ཏ་ཛྙཱ་ན་མཎྜལ་བྷྲཱུྃ། སྙིང་གར་བཟུང་ལ་བར་ཐིགབྷྲཱུྃ་ཛྙཱ་ན་མཎྜ་ལ་བྷྲཱུྃ། གསང་བར་བཟུང་ལ་ཚངས་ཐིག་གདབ། ཧཱུྃ༔ མཚན་ལྡན་ཁྱོད་ཀྱི་བྷ་ག་ལ༔ དགའ་བཞི་རོལ་པའི་ཐིག་གདབ་པས༔ རིགས་འཛིན་རོལ་པའི་ཕོ་བྲང་གསལཿ སྣང་སྟོང་ཆོས་དབྱིངས་རོལ་པ་ཆེ༔ བྷྲཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་མཎྜ་ལ་ཧཱུྃ༔ དེ་ལྟར་ཐིག་ཆེན་བརྒྱད་ནས་བཟུང་སྒོ་རྫོགས་དང་ཕྱི་ནང་གི་པད་འདབ་རྣམས་དབང་ཆོག་ན་གསལ་བ་ལྟར་བྲིས། རྡུལ་ཚོན་གྱི་ས་བོན་ཡི་གེ་ལྔ་ཞུ་བ་ལས་བྱུང་བའི་རིགས་ལྔ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་ཞུ། བྱང་ཆུབ་ཀྱི་སེམས་ཁ་དོག་ལྔའི་རང་བཞིན་གྱི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ་ཨཱོཾ་ཧཱུྃ་ཏྲཱི་ཧྲཱིཿཨཱཿཞེས་བརྗོད། མཐེབ་སྲིན་གྱིས་བསྲུབ་ཅིང་བྱང་ཤར་གྱི་དྲའི་རྩིག་པ་ལྔ་ནས་བཟུང་རིམ་པར་ཡིད་གཞུང་སྟེ་ཚོན་དབྱེའོ། དེ་ལྟར་རྡུལ་ཚོན་གྱི་བྱ་བ་མི་འབྱོར་ན་རས་བྲིས་ཀྱི་དཀྱིལ་ཐང་བཀྲམས་པའམ་དེ་ཡང་མ་རྙེད་ན་འབྲུ་ཡི་ཚོམ་བུ་ལྷ་གྲངས་དང་མཉམ་པ་སྟེགས་བུར་བཀོད་པས་ཀྱང་རུང་བ་ཙམ་དང་། དབུས་སུ་མཉྫིའི་ཁར་མཚན་ལྡན་གྱི་བུམ་པ་དར་དཀར་དམར་གྱི་མགུལ་ཆིངས་ཀྱིས་བརྒྱན་པ་ལ། ཆུ་གཙང་དྲི་བཟང་བུམ་སྨན་གྱི་བཅུད་དང་ལྡན་པ་རྨ་བྱའི་སྒྲོ་དང་། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་གཟུངས་ཐག་གིས་མཚན་པ། བུམ་པའི་སྟེང་དུ་སྐུའི་རྟེན་ལ་བླ་མ་བདེ་མཆོག་ཡབ་ཡུམ་གྱི་སྐུ་འབག་གོང་དུ་བཤད་པ་དེ་བཤམ། བུམ་པའི་མདུན་དུ་ཐུགས་ཀྱི་ངོ་བོ་རྡོ་རྗེ་རྩེ་དགུ་པ་དར་ཀྱི་ཅོད་པན་བཏགས་པ་བཤམ། ལྷོར་ཡོན་ཏན་གྱི་རྟེན་དྲིལ་བུ། ནུབ་ཏུ་གསུང་གི་རྟེན་སྒྲུབ་ཡིག་པུ་སྟི། བྱང་དུ་འཕྲིན་ལས་ཀྱི་རྟེན་ཕུར་པ་རྣམས་བཤམ། ནང་སྒྲུབ་ཀྱི་གཞུང་ནས་འབྱུང་བའི་དཔལ་གཏོར་རིན་ཆེན་འབར་བ་ཡང་སྐབས་འདིར་བཞེངས་ན། ནས་འབྲས་གྲོ་སྲན་ཏིལ་ཏེ་འབྲུ་ལྔའི་ཟན་ཆོས་སྨན་དང་བསྲེས་པར་གཏོར་མ་རིན་ཆེན་འབར་བ་ལ། དང་པོར་པད་འདབ་བརྒྱད། དེའི་འོག་ཏུ་པད་འདབ་བརྒྱད། དེའི་འོག་ཏུ་པད་འདབ་བཅུ་བཞི། དེ་འདབ་སུ་རིལ་བུ་བཅུ་བཞི། པདྨ་རྣམས་ཀྱི་མཚམས་སྟོད་སྨད་རྣམས་སུ་རིལ་བུ་རེ་རེས་བརྒྱན་པ། སྒ་གཡེར་གོ་སྙོད་ལན་ཚ་སོགས་སྤོད་ཀྱི་རིགས་དང་། ཛ་གད་འབྲུ་སྣ་སྨན་སྣ་ཤ་ལྔ་བདུད་རྩི་ལྔ་དར་ཟབ་གསེར་གཡུ་མུ་མེན་བྱི་རུ་ཤེལ་དུང་དངུལ་མུ་ཏིག་སོགས་རིན་པོ་ཆེའི་རིགས་ཀྱི་ཕྱེ་མ་རྣམས་གཏོར་མའི་ནང་གི་སྨད་ཀྱི་ཆ་དང་། སྟོད་ལ་རང་གི་རྩ་བའི་བླ་མ་ཡབ་ཡུམ་གྱི་བྱང་སེམས་དབུ་ལོ་ཕྱག་སེན་རྣམས་དང་། བར་གྱི་ཆ་ལ་བླ་རྡོ་ཟངས་ཀྱི་གའུར་བཅུག་པ་གཞུགགཞན་ཡང་མཐའ་བསྐོར་དུ་ཤ་མར་ཟས་སྣ་ཤིང་ཏོག་སོགས་ཀྱིས་བཅེར་བ་རྒྱབ་མདུན་གང་བདེ་དང་། དེ་ཡང་ཕྱི་སྒྲུབ་ཀྱི་དུས་སུ་སྒྲུབ་རྟེན་བུམ་པ་དང་། སྐུ་འབག་གཙོ་ཆེ་ཞིང་། ནང་སྒྲུབ་རིན་ཆེན་འབར་བའི་གཏོར་མ་ལ་བརྟེན་པ་གཙོ་ཆེ་བ་ཡིན་པས་ཕྱི་སྒྲུབ་དུས་གཏོར་མ་འདི་མ་བྱུང་ཀྱང་མི་འགལ་ལམ་སྙམ་མཆོད་པའི་གཏོར་མ་ནི། འབྲུ་ལྔའི་ཕྱེ་སོགས་གཙང་མར་སྦྱར་བའི་ཟན་ལ་ཆོས་སྨན་དང་སྤོད་སྣ་ཚོགས་ཀྱིས་བྲན་པར་དཔལ་གྱི་གཏོར་མ་རིན་ཆེན་འབར་བ་ལྷ་གྲངས་དང་མཉམ་པའི་འཁོར་གྱིས་བསྐོར་བ། མཐའི་ཁོར་ཡུག་ཏུ་ཤ་མར་ཟས་སྣ་ཤིང་ཐོག་སོགས་ཀྱིས་བཅེར་ཞིང་མཛེས་པའི་རྒྱན་གྱིས་ལེགས་པར་བརྒྱན། སྨུག་རྩིས་ཁ་བསྒྱུར། གཏོར་མ་འདི་རྣམས་སྒྲུབ་པོའི་ལྟེ་བའི་ཐད་ལས་མི་མཐོ་བར་འགོད། ཀཱ་པཱ་ལར་ཆང་བཟང་པོའི་ཉིང་ཁུར་སྨན་སྒྲུབ་བཏབ་པའི་བདུད་རྩི་གཡས་སུ་དང་། ཆུ་གཙང་དུ་རཀྟའི་ཕབས་སམ་མེད་ན་ཁྲག་གཙང་མ་བཏབ་པའི་རཀྟ་གཡོན་དུ་བཤམ། སོ་སོའི་སྒྲོན་ཐུར་ཀྱང་མ་འདྲེས་པར་བཞག་པ་དང་། དེ་ལས་སྟེགས་དམའ་བར་བཀའ་སྲུང་དམ་ཅན་སྐྱེས་བུའི་གཏོར་མ་ཟུར་གསུམ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བར་སྨུག་རྩིས་བྱུགཞུན་ཆེན་གྱི་མར་མེ་དང་ལིངྒ་མགོ་འཇུག་ལྡོག་པ་བརྒྱད་རེ། སྙིང་སྣ་བརྒྱད་དང་། ཤ་ཆེན་ནམ་ར་ཡི་ཤ་དམར་སོགས་ཀྱིས་ཤ་རྫར་གཟུགས་མེ་རིའི་རྒྱན་སྤྲོས་དང་ལྡན་པ་དང་། གཏེར་བསྲུང་ལྷ་བཙན་ལ་བཤོས་བུ་ཟུར་གསུམ་དམར་པོ་གཙོ་འཁོར་བདུན་ཤ་ཁྲག་གིས་བརྒྱན་པ། བཀའ་གཏེར་གྱི་གཏོར་མ་གཡས་གཡོན་ནམ་མདུན་གང་བདེར་བསྒྲིགས། བྱང་ཤར་ནས་བརྩམས་ཏེ་གཡོན་སྐོར་དུ། ཟན་ལ་བཅོས་པའི་དབང་པོ་རྣམ་ལྔའི་མེ་ཏོགཤ་ཆེན་དང་སྤོས་ཀྱི་རེང་བུ། ཚིལ་ཆེན་བཏབ་པའི་མར་མེ་འབྲི་མོག་གིས་ཁ་བསྒྱུར་བའམ་མ་བསྒྱུར་ཀྱང་རུང་། བདུད་རྩི་དྲི་ཆེན་ནམ་སྨན་བསྒྲུབ་བཏབ་པའི་ཞལ་ཟས། དྲི་བཟང་གི་ཞབས་བསིལ། རྐང་གི་གླིང་བུ་དང་ཐོད་རྔ་རོལ་མོ་རྣམས་བཤམས་པའམ་འབུད་བཀྲོལ་བྱས་པས་འཐུས་ཕྱིར་མ་བཤམས་ཀྱང་ཆོགདེ་དག་གི་ཕྱི་རོལ་གཡས་ནས་མགོ་བརྩམས་ཏེ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམ་ལྔ་སྒོར་མཆོད་དམ་ཐད་མཆོད་དུ་བཤམ། རྩ་གསུམ་སྤྱི་དང་བྱེ་བྲག་གི་བྲིས་འབུར་གྱི་སྐུ་རྟེན་ལ་སོགས་པའང་གང་འཛོམ་དགྲམ་ཞིང་། ས་རྒྱན་གནམ་རྒྱན་སྤྱན་གཟིགས་སོགས་བཀོད་པས་མཛེས་པར་བཤམ། སྒྲུབ་པོའི་སྟན་ནང་ཚངས་ཅན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་རིས་ཆོས་འཁོར་གྱི་ཚུལ་དུ་འདྲི། ནི་སྡོད་ཚུགས་པའི་རྟེན་འབྲེལ་ཡིན་ཅེས་གསུངས། སྒོ་དྲུང་དུ་མཐོ་དཀར་པོ་བརྩེགས། ལོ་དང་ཟླ་མཚམས་གང་བྱེད་ཀྱི་ཆར་འདེང་བའི་མཆོད་གཏོར་རྒྱུ་དང་བཟའ་བཏུང་གི་ཡོ་བྱད་འདབ་འཕར་དུ་ལྡང་བ། ནད་ཞི་བའི་སྨན་དང་སྨན་པ། དགྲ་བཟློག་པ་གོ་མཚོན་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་གསོགགཡོས་མཁན་དང་བརྡ་སྦྱོར་སོགས་མཚམས་གཡོག་བློ་ཐུབ་ཅིང་དམ་ཚིག་དང་ལྡན་པ་གྲངས་ཇི་ལྟར་རིགས་པ་དང་། མཐུན་རྐྱེན་གྱིས་མཚོན་པའི་རྒྱུ་འགྲུལ་གཞན་ནས་སླར་འོང་རྒྱུ་རྣམས་ཀྱང་ཐོག་མ་ནས་དམིགས་འོག་ཏུ་ཆུད་པའི་མཚམས་མ་རལ་བར་བྱ། གཞན་ཡང་རྡོ་དྲིལ་ཌཱ་མ་རུ་ཡུངས་ཐུན་རོལ་མོའི་རིགས་ཀྱང་ཚགས་སུ་ཚུད་པར་བྱ། དེ་ཡན་སྔོན་དུ་འགྲོ་བའི་ཉེར་བསྡོག་གི་བྱ་བ་རྣམས་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ལ་གསུམ་ལས། དང་པོ། དལ་འབྱོར་རྙེད་དཀའ་བའི་ཚུལ་དང་རྙེད་པ་དོན་ཆེ་བ། འཇིག་སླ་ཞིང་འཆི་བ་མི་རྟག་པའི་ངང་ཚུལ། དཀར་ནག་གི་ལས་ཀྱི་འབྲས་བུ་ནི་ནམ་ཡང་མི་འཆོལ་བ་རྒྱུ་འབྲས་བསླུ་བ་མེད་པ། ཕྱི་ནང་གསང་བ་ཚོགས་ཞིང་རྣམ་པར་དག་པའི་སྐྱབས་འགྲོ། ཡན་ལག་བདུན་པས་ཚོགས་བསགས་པ། ཐབས་དང་ཤེས་རབ་སྨོན་འཇུག་བླ་ན་མེད་པའི་སེམས་བསྐྱེད། སྡིག་སྒྲིིབ་ཀྱི་གཉེན་པོ་རྡོར་སེམས་སྒོམ་བཟླས་སྟོབས་བཞི་ཚང་བ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཕྱི་ནང་གསང་བའི་མཎྜལ། མ་དག་ཐ་མལ་གྱི་སྣང་ཞེན་སྦྱོང་བྱེད་བླ་མའི་རྣལ་འབྱོར། བྱིན་རླབས་དངོས་གྲུབ་ཀྱི་བསྐུལ་མ་བརྒྱུད་པའི་གསོལ་འདེབས། དེ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེའི་ཐུགས་དང་རང་རིག་དྲ་ིམ་མེད་པ་མཉམ་བརྡལ་བའི་ཐུགས་ཡིད་བསྲེ་བ་སོགས་བསྐྱེད་རྫོགས་ལམ་གྱི་གཞིའི་རྨིང་ལྟ་བུ་ཡིན་པས། དེ་ལྟ་བུའི་ཚུལ་རྣམས་རྒྱུན་དུ་དང་ཁྱད་པར་ཐོག་མ་འདི་ནས་རྒྱུད་འཁུལ་བ་ཤར་ཤུར་དུ་མ་སོང་བའི་རྟེན་འབྲེལ་བསྒྲིག་པར་བྱ། ཡར་ངོའི་ཚེས་བཅུ་ལྟ་བུར་གཟའ་སྐར་སྦྱོར་བྱེད་སོགས་ཡན་ལག་ལྔའི་འབྲས་བུས་དགེ་བའི་ཚེས་དུས་འཛོམ་པའམ། མིན་ཀྱང་ཤིས་པའི་ཉིན་དང་པོ་དགོང་ཐུན་ནས་དབུ་འཛུགས་པ་ཡིན་ཏེ། དེ་ནས་མཚམས་འོག་ཏུ་འཇུག་དགོས་རྣམས་བཅུག་ལ། སྔོན་འགྲོ་ཕྱི་བརྒྱུདཔའི་དཀར་གཏོར་དང་དམར་གཏོར། སྒོ་བྱང་ཕྱི་ནང་གི་གཏོར་མ་ཟུར་གསུམ་དམར་པོ་མེ་ལྕེས་བརྒྱན་པ་གཉིས་སོ་སོའི་བྲིས་སྐུ་རབ་གནས་ཅན། ནག་ཕྱོགས་བགེགས་རིགས་ལ་གླུད་གཏོར་བསྔོ་རྒྱུ་རྣམས་བཤམས་ཤིང་། རང་འཕགས་པ་སྤྱན་རས་གཟིགས་དཀར་པོ་ཕྱག་བཞི་པའམ་གཉིས་པ་གང་བདེར་གསལ་ནས། གཏོར་མ་བྱིན་གྱིས་བརླབས་ཏེ་ཞིང་སྐྱོང་གཞི་བདག་སོགས་དཀར་ཕྱོགས་པ་རྣམས་ལ་གཏོར་མ་འབུལ་ཞིང་སྒྲུབ་པ་ལ་བར་ཆད་མི་འབྱུང་བའི་འཕྲིན་ལས་བཅོལ། ཐུགས་རྗེ་ཆེན་པོ་རྟ་མགྲིན་དུ་གནས་བསྒྱུར་ནས་བགེགས་གཏོར་བྱིན་རླབས་མགྲོན་དགུག་ཞིང་བསྔོས་ལ་ཁྲོ་བོའི་ང་རྒྱལ་མཆོག་ཏུ་བརྟན་པོས་བགེགས་ལ་བཀའ་བསྒོ་ཞིང་བསྐྲད། ཡུངས་དཀར་ནག་གི་ཐུན་གྱིས་བྲབ། གུ་གུལ་གྱི་དུད་པ་དང་རོལ་མོ་ཚམས་རྔམས་ཀྱིས་བགེགས་སྐྲོད་ནན་ཏན་བྱས་ནས། ཕྱི་སྒོ་གཤིན་རྗེ་དང་ནང་སྒོ་བདུད་རྩི་འཁྱིལ་བའི་སྐུ་གཉིས་སྒོའི་ཕྱི་ནང་དུ་གདགས་ལ་བསྐྱེད་བསྟིམ་དང་གཏོར་མ་འབུལ་ཞིང་བར་ཆད་སྲུང་ཞིང་དངོས་གྲུབ་མི་ཡལ་པའི་ཕྱི་ནང་བསྲུང་མཚམས་གྱི་འཕྲིན་ལས་བཅོལ་ཞིང་རྟེན་ལ་བརྟན་བཞུགས་ཤིས་བརྗོད་བྱ་བ་ནི་ཕྱི་མཚམས་དང་། དེ་ནས་ནང་གི་མཚམས་གཅོད་ལས་བྱང་གཞུང་ལྟར་རྡོ་རྗེའི་ཡེ་ཤེས་ཀྱི་མཚོན་མེའི་གུར་དང་བླ་བྲེ་ས་གཞི་སྟེ་སྲུང་བའི་འཁོར་ལོའི་ཁྱོན་ཡངས་པོར་ཁྲོ་བོ་ཁྲོ་མོའི་སྤྲིན་རབ་འབྱམས་ཀྱིས་དཀྲིགས་པས་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པར་བསྒོམ། གསང་མཚམས་ནི་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་རྟོག་པ་སྟེ་སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས་པས་བར་ཆད་ཀྱི་མིང་ཙམ་ཡང་མ་གྲུབ་འི་མི་ཤིག་རྡོ་རྗེའི་མཚམས་ལ་སུས་ཀྱང་གཞིག་ཏུ་མེད་པ་ཉིད་དོ། །དེ་ལྟར་མཚམས་བཅད་ཕྱིན་སྔར་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད་ཅིང་། ཆས་ཀ་དང་ཡི་གེའི་གཏོང་ལེན་སོགས་སྤང་། སྲུང་འཁོར་འདི་མཚམས་འགྲོལ་བའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་བར་ཐུན་མགོ་ཐམས་ཅད་དུ་རྣམ་པ་གསལ་འདེབས་སྐྱོར་མ་རེ་བྱ། དེ་ནས་བླ་མ་ཡི་དམ་མཁའ་གྲོའི་ཚོགས་རྣམས་མདུན་གྱི་ནམ་མཁར་གསལ་བ་ལ་སྐྱབས་སུ་འགྲོ་ཞིང་། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་གདོད་མའི་མགོན་པོའི་གོ་འཕང་ཐོབ་པའི་ཕྱིར་དུ་བདག་གིས་སྨོན་པ་དང་འཇུག་པའི་སེམས་བསྐྱེད། ཕྱི་ནང་གསང་བ་བླ་མེད་ཀྱི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་གཏེར་མཛོད་དུ་བྱིན་གྱིས་བརླབས། འོག་མིན་སྒྱུ་འཕྲུལ་རྡོ་རྗེའི་ཞིང་ཁམས་རབ་འབྱམས་ཀྱི་ཞིང་གི་གཙོ་བོ་རྣམས་བླ་མ་བདེ་མཆོག་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྨད་པོ་ཆེས་སྒྲུབ་པོ་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་རླབས་ཀྱི་གོང་བུར་སྨིན་པར་བསམ་ལ། དྲི་བཟང་གི་སྤོས་རོལ་གཡབ་དར་དང་བཅས་པས་བྱིན་དབབ། རྡོ་རྗེ་གསུམ་གྱི་རོལ་པ་ཀློང་དུ་མ་གྱུར་བར་རྩེ་གཅིག་སྒྲུབ་པའི་དམ་བཅའ། དོན་དམ་པར་གུད་ན་མེད་ཀྱང་གནས་སྐབས་སུ་མ་རྟོགས་འཁྲུལ་པའི་ལས་ཉོན་བག་ཆགས་ཀྱི་དྲི་མས་ཆག་ཉམས་སུ་གྱུར་པ་ལ་བཤགས་སྡོམ་དང་། འཁོར་འདས་སྣང་སྲིད་ཐམས་ཅད་འོག་མིན་བདེ་བ་ཆེན་པོའི་ཞིང་དང་བཅུད་ཀྱི་འགྲོ་རྣམས་ཡི་དམ་གྱི་ལྷའི་ངོ་བོར་ཡེ་ནས་གྲུབ་ཀྱང་དེ་མ་རྟོག་པ་རྟོགས་པར་བྱ་བའི་རང་བྱུང་ཡེ་ཤེས་ཀྱི་འཆར་སྒོ་དབྱེ་བར་བསམ་པ་དང་། རང་རིག་དྲི་མེད་ཀ་དག་གི་གནས་ལུགས་ཇི་བཞིན་རྟོགས་པའི་འཕྲུལ་དགའི་ཕྱག་དང་། དེ་ལྟར་ཆོས་དབྱིངས་འོག་མིན་ཆེན་པོར་སྐྱེ་འགག་གནས་གསུམ་མཚོན་བརྗོད་དང་བྲལ་བའི་རང་བཞིན་ལྷའི་རོལ་པར་ཡང་གསལ་གདབ། དེ་ལྟར་ལས་གཞུང་དུ་སྔོན་དུ་འགྲོ་བའི་ཆོས་དགུ་དངོས་བསྟན་དང་སྐྱབས་སེམས་བཅས་འདོན་ལུགས་འདི་བཞིན་ནམ་གོང་འོག་མ་དཀྲུག་པའི་དཀྱུས་ལྟར་འདོན་པ་གང་བདེ་ཡིན་པས་དེ་ལྟར་སོང་ནས། གཉིས་པ་དངོས་གཞི་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ནམ་མཁའ་ལྟར་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་ཤེས་ཆེན་པོ་ཡེ་གྲོལ་གྱི་ཆོས་ལ་ཡང་གསལ་དུ་གདབ་པའོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་རིམ་པ་གཉིས་ལ་བརྟེན་ནས་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པའི་ཏིང་ངེ་འཛིན་གྱིས་གོ་བསྒོ་བའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ས་བོན་མེད་པ་ལ་འབྲས་བུ་མི་འབྱུང་བ་ལྟར་ཆོས་དབྱིངས་ཡེ་དག་གི་ཆ་ལ་མཚོན་བརྗོད་ཀྱི་སྤྲོས་པས་དབེན་ཀྱང་ཿ མ་འགགས་རོལ་པས་འགྲོ་བ་འདུལ་བའི་ཕྱིར་དུ༔ ཡེ་ཤེས་ལྷའི་ས་བོན་སྤྲོ་བའོ༔ གཉིས་པ་ཁྱད་པར་གྱི་ཏིང་ངེ་འཛིན་ནི༔ དུས་གསུམ་གྱི་རྒྱལ་བ་ཡེ་གྲུབ་ཀྱི་ངོ་བོ༔ ཡེ་དག་གི་བློ་འདས་ཆེན་པོ་ལ་གཅིག་དང་སྣ་ཚོགས་ཀྱི་བྱེ་བྲག་ཏུ་མེད་ཅིང་༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་ཕྱམ་བརྡལ་ཡང་༔ འགྲོ་བ་རྣམས་ལ་ལས་སྣ་ཚོགས་ཀྱི་རྒྱུ་ཡོད་པས༔ དེ་དག་འདུལ་བའི་ཕྱིར་དུ་གང་ལ་གང་འདུལ་གྱི་སྐུར་སྟོན་པ་ནི་ཁྱད་པར་གྱི་ཏིང་ངེ་འཛིན་ཡིན་ཞིང་༔ སྐབས་འདིར་བདག་བསྐྱེད་པ་དང་མདུན་བསྐྱེད་པ་གཉིས་སོ༔ མདུན་བསྐྱེད་པ་ནི༔ ཕྱི་ལྟར་རྡུལ་ཚོན༔ ནང་ལྟར་བུམ་པ་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་ཆར་གསལ་ཞིང་༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བཙས་ཀུན་རྫོབ་ཀྱི་རྫས་ལ་ཡེ་ཤེས་ཀྱི་རྒྱས་གདབ་པ་ལྔའོ༔ ཚོམ་བུ་བུམ་ནང་གི་ཆུ་བཅུད་ཀྱི་རང་བཞིན་དང་བཅས་པ་རྣམས༔ སྣང་སྟོང་འགག་མེད་ཀྱི་རོལ་པ་ལས་དཔལ་ཆེན་པོ་བདེ་མཆོག་ཡབ་ཡུམ་སྲས་འཁོར་སྒོ་བ་སྒོ་མ་རིག་འཛིན་གྱི་ཚོམ་བུའི་ལྷ་ཚོགས་རྣམས་དྭངས་ཞིང་གསལ་ལ་མ་འགགས་པར་བསྐྱེད་པ་དང་། གཉིས་པ་བདག་བསྐྱེད་པ་ནི༔ རང་ལུས་འབྱུང་འདུས་ཀྱི་ཕུང་པོ་འདི་རང་བྱུང་རྒྱལ་བ་བཞུགས་པའི་ཕོ་བྲང་སྟེ༔ བརྡལ་ཁྱབ་པགས་པས་རབ་ཏུ་གཡོགས་པའི་ཀེང་རུས་ཀྱི་མཁར་ཆེན་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ༔ དབང་པོ་རྣམས་ཉི་ཟླ་དང་སྐར་ཁུང་གི་ཆར་གསལ་བ༔ ཡན་ལག་གི་རྟ་བབས༔ རྩ་རྒྱུས་ཀྱི་དྲ་བ༔ སྒྱུ་མའི་ཕྲེང་བ༔ ཙིཏྟའི་ཕོ་ལོང་༔ སྐྲ་ཡི་བ་དན་འཕྱར་བ༔ འབྱུང་འདུས་ཀྱི་གཟུགས་སྣང་དག་པའི་ཆ་ལས་རྩ་གསུམ་གྱི་ཕོ་བྲང་དུ་གསལ་ཞིང་༔ མཚན་ཉིད་དང་ལྡན་པའི་ཕོ་བྲང་ཆེན་པོའི་དབུས་ནི་རང་གི་ཐོད་པ་དུང་ཁང་ཡིན་ཏེ༔ དེ་ཉིད་བྷནྡྷ་དཀར་དམར་འབར་བའི་གཞལ་ཡས་ཁང་གི་དབུས་སུ༔ རྣམ་པར་ཤེས་པའི་ངོ་བོ་དཔལ་ཆེན་པོ་ཧེ་རུ་ཀ༔ སྣང་ཚུལ་གྱི་གཟུགས་སུ་སྟོན་པ་དཔལ་ཆེན་པོ་བདེ་མཆོག་འཁོར་ལོ༔ སྟོང་པའི་རང་རྩལ་དུ་ཤར་བ་ཡུམ་མནྡྷ་རཱ་བ་སྣང་སྟོང་ཐབས་ཤེས་ཀྱི་རོལ་པ་ལས་རིགས་འཛིན་འདུས་པའི་ཚོམ་བུའི་ལྷ་ཚོགས་རྣམས་ཏེ༔ བདག་དང་མདུན་བསྐྱེད་གཉིས་ཆར་སྐད་གཅིག་གིས་ལས་བྱང་གཅིག་གི་ཁོང་ནས་དམ་ཚིག་སེམས་དཔར་བསྐྱེད་ཅིང་༔ སྣང་ལ་སྟོང་པ་སྟོང་ལ་སྣང་བ་སྣང་སྟོང་དབྱེར་མེད་ཀྱི་ངོ་བོ་ཡེ་ཤེས་ཀྱི་རང་མདངས་རང་རིག་གི་ངོ་བོ་ཡེ་སྟོང་སྤྲོས་བྲལ་གྱི་སྣང་ཆར་གསལ་ཞིང་༔ ཡི་གེ་གསུམ་གྱི་རང་འོད་མ་འགགས་པའི་རོལ་པར་འཕྲོས་པས༔ ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་རང་བཞིན་རྣམ་པར་དག་པའི་ཀློང་ནས་གློ་བུར་གཉིས་འཛིན་གྱི་བག་ཆགས་སྦྱང་བའི་ཕྱིར་དུ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་བསྟིམ༔ བཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ། ཕྱི་ནང་གསང་གསུམ་སྨན་གཏོར་རཀྟ་སྦྱོར་སྒྲོལ་གྱི་མཆོད་པ་རྣམས་དང་། གཙོ་བོ་ཡབ་ཡུམ། གོ་ཆ་དཔལ་ཆེན་པོ་བརྒྱད། རིག་འཛིན་གྱི་ཚོགས་བཀའ་ཡི་སྒོ་བ་དང་བཅས་པར་བསྟོད་པ། བཤགས་ཚིགའཛབ་ཀྱི་བསྐུལ་བ་དང་བཅས་པ་གཞུང་ལྟར་བྱ་ཞིང་། ལྕེ་བྱིན་གྱིས་བརླབས་པའི་འདོན་པ་དང་དམིགས་པ་གསལ་བས་འབྲུ་གསུམ་གྱིས་སྣ་དྲངས་པའི་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་གཞན་ཡང་འགྱུར་སྔགས་ཀྱི་རིགས་གང་འགྲུབ་བཟླ། དེ་ཡང་། མདོར་ན་བསྙེན་སྒྲུབ་གང་བརྩམ་ཡང་༔ ཐོར་ཁ་བྱ་རོག་མ་གྲགས་གོང་༔ ཡང་ན་ཐུན་འགོ་ཐམས་ཅད་དུ༔ ཨཱ་ལི་ཀཱ་ལི་ཉེར་གཅིག་གམ༔ ཡང་ན་བཅུ་བཞི་བདུན་ལ་སོགས༔ སྐབས་ལྟར་བརྗོད་ཅིང་ཡེ་དྷརྨཱས༔ ངག་ལ་རབ་གནས་བྱེད་པ་གནད༔ འདི་མེད་བསྙེན་སྒྲུབ་བརྩམ་པ་རྣམས༔ འདབ་གཤོག་མེད་པའི་བྱ་དང་འདྲ༔ འདི་ནི་གཟུངས་སྔགས་བཟླས་པའི་སྙིང་༔ ཞེས་པ་ལྟར་སྔགས་ཀྱི་ངར་འདོན་པ་ལ་འདི་ཉིད་ཤིན་ཏུ་གཅེས་པས་སྤྱིར་ཡང་ཐུན་འགོ་ཐམས་ཅད་དང་ཁྱད་པར་ཐོ་རངས་ཀྱི་སྐབས་སུ་ནན་ཏན་བྱེད། བགྲང་ཕྲེང་ནི་སྤྱི་དང་བྱེ་བྲག་གི་སྐབས་སོ་སོར་མང་དུ་གསུངས་ཀྱང་བོ་དེ་ཙིའམ་ཐོད་པའི་ཕྲེང་བ་སོགས་སྔར་ཕལ་པས་ལོངས་སྤྱོད་པའི་གཤིན་ཕྲེང་ལྟ་བུ་མ་ཡིན་པ་ཁུངས་གཙང་མདོ་འཛིན་ཉིས་བརྩེགས། ཕྲེང་ཐག་སོགས་ཕྲེང་བའི་དེ་ཉིད་ལས་བྱུང་བ་ལྟར་གང་འགྲུབ་བགྱིས་ལ། ཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ། མདོ་འཛིན་སྟེང་དུ་ཡོད་པར་བྱ་ལ། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདོ་འཛིན་རིན་པོ་ཆེ་དང་སེང་ཁྲི་དར་ཟབ་ཉི་ཟླ་པདྨ་བམ་གྱི་སྟེང་རིག་འཛིན་ཐོད་པ་རྩལ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་ཞི་མ་ཁྲོའི་ཉམས་ཅན་ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད་པ། རིན་པོ་ཆེ་དང་མེ་ཏོག་སོགས་ཞི་བའི་རྒྱན་དང་། ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་སོགས་དུར་ཁྲོད་དང་དཔལ་གྱི་ཆས་ཀྱིས་ཡོངས་སུ་རྫོགས་པར་བརྒྱན་པའི་པང་དུ་ཡུམ་མནྡྷ་རཱ་ཝ་དམར་མོ་གྲི་ཐོད་ཀྱི་ཕྱག་རྒྱས་ཡབ་ལ་འཁྱུད་པ་ཡམ་ཡུམ་གཉིས་ཀ་སྣང་སྟོང་རང་འོད་ཀྱི་ཀློང་ན་བཞུགས་པ་ཕྲེང་རྡོག་རྣམས་ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས། རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་སྐུར་གསལ། ཧཱུྃ་ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་འདུས་པའི་གཙོ་མཆོག་ཧེ་རུ་ཀ༔ གར་གྱི་དབང་ཕྱུག་བདེ་མཆོག་ཡབ་ཡུམ་ལ༔ འཁོར་དུ་རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར༔ མི་མངོན་དབྱིངས་ནས་གནས་འདིར་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷན༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་བྷ་ལིངྟ་རཀྟ་སརྦ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ གདོད་མའི་མགོན་པོ་རྒྱལ་བ་ཀུན་གྱི་ཡབ༔ སོགས་གཙོ་བོ་ཡབ་ཡུམ་གྱི་བསྟོད་པས་བསྟོད། ལག་པ་གཡས་མེ་ཏོག་ཐོགས་པ་ཕྱི་ནང་གསང་གསུམ་གོ་ཆའི་དཔའ་བོ་མཁའ་འགྲོའི་བསྙེན་པ་དང་རྟེན་འབྲེལ་སྙིང་པོ་དབྱངས་གསལ་རྣམས་ཅི་རིགས་བཟླས་ཤིང་ཁྱད་པར། ཨཱོཾ་རུ་ཙི་པྲ་མར་ཏ་ན་ཡ་རཏྣ་མ་ནི་དྷ་ར་ཛྙཱ་ན་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས། སྔགས་དང་མེ་ཏོག་ལས་འོད་ཟེར་འཕྲོས་པས་བགྲང་ཕྲེང་ལྷར་གསལ་བ་ལ་ཐིམ། ལྷ་རྣམས་ཀྱང་འོད་དུ་ཞུ་ནས་ཕྲེང་བའི་རྣམ་པར་བསམ་ལ་ཤིས་པ་བརྗོད། ཕྲེང་བ་བྱིན་རླབས་འདི་ཐོག་མར་བྱས་ནས། ཕྲེང་བ་ལ་ཉམས་ཆག་བྱུང་རེས་མ་གཏོགས་རྒྱུན་དུ་མི་དགོས། དེ་ལྟར་བྱིན་གྱིས་བརླབས་པའི་བགྲང་ཕྲེང་དེ་ཉིད་གཡོན་པའི་མཐེབ་སྲིན་གྱི་བར་དུ་བགྲང་བའམ་གང་ལྟར་ལྟེ་བའི་ཐད་སོ་ཙམ་ནས་འདྲེན་ཅིང་། བསྐྱེད་རིམ་གྱི་ཏིང་ངེ་འཛིན་རབ་ཏུ་གསལ་བའི་ངང་ནས་ད་སྟེ་བདག་ཉིད་ཀྱི་བླ་མ་རིག་འཛིན་གྱི་རྒྱལ་པོ་ཐོད་པ་རྩལ་འདི་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་བག་ཆགས་དང་བཅས་པའི་ཉོན་མོངས་པ་འདི་རྣམས་བྱང་ཞིང་རིགས་བདག་ཧེ་རུ་ཀ་དང་གཉིས་སུ་མེད་པའི་འབྲས་བུ་མངོན་དུ་མ་གྱུར་གྱི་བར་དུཿ སྲོག་གི་ཕྱིར་ཡང་མི་གཏོང་ཞིང་བསྒྲུབ་པར་བགྱིད་དོ་སྙམ་པའི་དམ་བཅའ་དྲག་པོའི་ངང་ནས། དེ་ཡང་། བསྙེན་པའི་དུས་སུ་ལྷ་ཚོགས་སྤྱི་བོར་བསྒོམ༔ གསོལ་འདེབས་གདུང་བའི་དབྱངས་ཀྱིས་འཛབ་འདི་བཟླ༔ ཞེས་གསུངས་པ་གོང་དུ་བཤད་པའི་རང་ལུས་རྣམ་པར་དག་པ་བླ་མ་རིག་འཛིན་གྱི་ཕོ་བྲང་དང་སྙིང་པོའི་དཀྱིལ་འཁོར་སྤྱི་གཙུག་བདེ་བ་ཆེན་པོར་རང་གི་རིག་པ་བླ་མ་ཧེ་རུ་ཀ་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་ཧཱུྃ་གི་མཐར་བསྙེན་སྒྲུབ་སྔགས་ཀྱི་ཡིག་འབྲུ་རྣམས་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་འཁོར། སྔགས་འབྲུ་རྣམས་ལ་བསྟེན་པའི་འོད་ཟེར་དཀར་དམར་གྱི་ཕྲེང་ཐག་གཡོན་དུ་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་མར་མེ་གཅིག་ལས་གཉིས་ཆད་གྱི་རྣམ་པར་བདག་བསྐྱེད་ལྷའི་ཞལ་ནས་སྔགས་འབྲུ་རྣམས་འཐོན་ཏེ། འོད་ཟེར་རྟ་ལ་ཞོན་ནས་མདུན་བསྐྱེད་ལྷའི་ཐུགས་ཀར་མཆོད་པའི་ཚུལ་དུ་ཞུགས༔ སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ༔ སླར་མདུན་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ སེམས་ཅན་ཐམས་ཅད་ལ་ཕོག༔ ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱང་༔ སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་དང་༔ ཁྱད་པར་དུ་བདག་ཉིད་ཆེན་པོ་རིག་འཛིན་ཐོད་པ་རྩལ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་རང་གི་སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ་བསྒོམས་པའི་ལྷ་ཚོགས་རྣམས་དང་༔ མདུན་བསྐྱེད་རྣམས་ལ་གཉིས་མེད་དུ་ཐིམ་པར་བསྒོམས་ཤིང་། དེ་ཡང་། བཟླ་བར་བྱེད་པའི་བསྙེན་པ་ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཞེས་གཞུང་གི་བསྙེན་པར་སྔགས་ཐེམས་སྦྱར་བ་ཡིན་ཏེ། ཕྱི་སྒྲུབ་བསྙེན་འབྲུ་བཅུ་གསུམ་པའི༔ འབྲུ་བརྒྱད་མཚམས་སུ་ཤྲཱི་ཧེ་རུ་ཀཿ ཡང་སྙིང་འབྲུ་བཞི་ལྟེམས་བྱས་ནས༔ མཐའ་ལ་ཕཊ་ཀྱི་ཤམ་བུ་འདོག༔ སྔགས་ཐེམ་གུད་སྦས་གསང་བའི་གནད༔ ཞེས་གསུངས་པ་དེ་ཉིད་བཟླས་པའི་སྐྱོན་བཅུ་སྤང་དགོས་ཏེ། སྒྲ་སྐྱོན་ལྔ་ལ། ཆེ་བ་། ཆུང་བ། མགྱོགས་པ། བུལ་བ། མེ་ཕུ་བ་དང་ལྔའོ། །བར་ཆད་ལྔ་ནི། གློ་ལུ་བ། གཏམ་སྨྲ་བ། སྦྲིད་པ་གཉིད་ལ་ཤོར་བ། ཡེངས་པ་དང་ལྔའོ། །འདི་ལྔ་ནི་ཏིང་ངེ་འཛིན་གྱི་སྲོག་ཉམས་པའི་སྐྱོན་ཡིན་ཏེ། རྔམ་གློག་ལས། སྒྲ་ཆེས་སྐྱོན་ནི་འབྱུང་པོ་དང་། །སྣོད་མེད་ཐོས་གྱུར་བར་ཆད་འབྱུང་། །དེ་ལ་སྔགས་ཀྱི་ནུས་པ་མེད། བུལ་ན་བཟླས་པའི་གྲངས་མི་ཐེམས༔ དུས་འདས་བར་ཆད་སྦྱོར་བ་འབྱུང་། གློ་དང་སྦྲིད་དང་གཏམ་དང་ནི། །གཉིད་ལ་སོགས་པས་བར་བཅད་ན། །དེ་ནི་ཡི་དྭགས་བདུད་ལ་སོགས། །སྤྲོ་ནས་བར་ཆད་བསྒྱུར་བར་བྱེད། སེམས་ཡེངས་ནུས་པ་མི་འབྱུང་ངོ་། །ཞེས་སོ། །བཟླས་པའི་འཕྲོ་ལ་གཉིད་བྲོ་བ། གླལ། སྦྲིད་པ། ལུད་པ། འོག་རླུང་། བཤང་བ། གཅི་བ་སོགས་བྱུང་ན་དེ་མ་ཐག་ཕྲེང་བ་བཞག་སྟེ་ཉེ་རེག་བྱ་བར་བཤད་པ་བཞིན་གྲུབ་ན་དང་། བདུན་པོ་གང་བྱུང་སྐབས་ཀྱི་སྔགས་བཟླས་པའི་གྲངས་སུ་མི་བརྩི་བ་ཡིན་ཅིང་འཕྲེང་བསྐོར་འཁོར་ནས་མདོ་འཛིན་རྩར་མ་སླེབས་པའི་བར་རྣམས་སུ་མི་དང་གཏམ་ཤོར་ན་སྔར་བཅད་ཟིན་ནས་ཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་སྣབས་ལུད་པ་སོགས་དོར་ན་གཅིགའོག་རླུང་ལ་བདུན་གཉིད་ལ་བཅོ་ལྔ་རྣམས་གྲངས་སུ་མི་བརྩི་བར་བཤད། ཁམས་གསེང་བ་སོགས་ཀྱི་དུས་ཕྲེང་བ་ལ་མདུད་པ་རྒྱབ་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་སྲུང་། གཞན་ཡང་སྤྱིའི་སྤང་བླང་གི་རིམ་པ་སོགས་ནས་འབྱུང་བ་ལྟར་ཉམས་སུ་བསྟར་བར་བྱ་ཞིང་། ཐུན་གྱི་མཇུག་ཏུ་ཨཱོཾ་ཨ་ཨཱ་ནས། ས་ཧ་ཀྵ། རྩ་བ་གསུམ་གྱི་ལྷ་ཚོགས་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ལན་བདུན་ནམ་གསུམ་གང་རུང་དང་། ཨཱོཾ་གུ་རུ་བཛྲ་ས་ཏྭ་ས་མ་ཡ་སོགས་ཀྱི་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པས་ཉམས་ཆག་བཤགས། ཐུན་སྐབས་རྣམས་སུ། སྒྲུབ་པའི་སྐབས་ནས་འབྱུང་བའི་དོན༔ ལས་བྱང་ནང་གི་རིམ་པ་བཞིན༔ སྨན་རཀ་གཏོར་གསུམ་མཆོད་པ་དང་༔ བསྟོད་པས་བསྟོད་པ་ཤེས་པར་བྱ༔ ཞེས་གསུངས་པས་སྨན་མཆོད་འབུལ་བ་ནི། ཧཱུྃ་ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ ནས། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བརྒྱུད་མཆོད་དོར། གཏོར་མ་འབུལ་བ་ནི། ཧཱུྃ་ཧྲཱི༔ དཔལ་ཆེན་འཁོར་ལོ་བདེ་མཆོག་དབང་གི་ལྷ༔ ཞེས་པ་ནས། མ་ཧཱ་བ་ལིངྟ་ཁཱ་ཧི༔ རཀྟ་འབུལ་བ་ནི། ཧཱུྃ་ཧྲཱི༔ སྲིད་གསུམ་གདུག་པའི་དགྲ་བགེགས་བསྒྲལ་བའི་ཁྲག༔ ནས། མ་ཧཱ་རཀྟ་ལ་ཁཱ་ཧཱི༔ ཞེས་པས་མཆོད་པའམ། མི་སྤྲོ་ན་ཆོག་བསྒྲིགས་ཀྱི་སྔགས་མཆོད་བྱ། འགྲུབ་ན་གོང་མ་འདི་དམིགས་བསལ་དུ་གསུངས་པས་ལེགས། བསྟོད་པ་ནི། ཧཱུྃ་ཧྲཱིཿ གདོད་མའི་མགོན་པོ་རྒྱལ་བ་ཀུན་གྱི་ཡབ༔ ནས། དུས་གསུམ་བདེ་གཤེགས་ཡུམ་ལ་ཕྱག་འཚལ་བསྟོད༔ ཞེས་གཙོ་བོ་ཡབ་ཡུམ་གཉིས་དང་། ནང་སྒྲུབ་ཀྱི་བསྙེན་པ་ནས་ཧཱུྃ་སྒྲུབ་བར་གྱི་བཟླས་པ་རྣམས་བདུན་ཕྲག་སོགས་ཇི་ལྟར་རིགས་པ་དང་མཚམས་སུ་མཆོད་བསྟོད་ཆོག་སྒྲིགས་བཞིན་བྱ། བདག་དང་མདུན་བསྐྱེད་དབྱེར་མེད་ཐ་མི་དད་པའི་ངང་ནས་མདུན་བསྐྱེད་ཀྱི་ཐུགས་དམ་བསྐུལ་ཞིང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་བཟད་རྒྱན་གྱི་འཁོར་ལོའི་མཆོག་ཐུན་མོང་གི་དངོས་གྲུབ་རྣམས་འོད་ལྔའི་རྣམ་པར་རང་ལ་ཐིམ་པའི་དམིགས་པ་དང་བཅས། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ དང་པོ་བསྙེན་ཅིང་མཆོད་བསྟོད་བར་དུ་སྒྲུབས༔ ནས། མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ བསྙེན་སྔགས་མཇུག་ཏུ་ཀཱ་ཡ་ཝཱཀྐ་ཙིཏྟ་སོགས་བཏགས༔ དེ་ཡང་དགོང་ཐུན་འདིར་ཚོགས་དང་མཇུག་ཆོག་རྣམས་སྦྱོར་བ་ལག་ལེན་འདེབས། བཀའ་གཏེར་བསྲུང་མ་དང་རང་གི་སྒེར་གྱི་སྲུང་མར་གཏོར་འབུལ་དགོས་ནའང་རང་བདེ་མཆོག་འཁོར་ལོ་རིགས་ཀུན་གྱི་བདག་ཉིད་ཡིན་པས་དེའི་ང་རྒྱལ་གྱིས་གཏོར་མ་འབུལ་བར་བྱས་ན་འཐུས་ཤིང་། ཚོགས་ཀྱི་འཁོར་ལོ་བཟའ་བ་དང་བཅའ་བ་བཏུང་བའི་བྱེ་བྲག་གང་འཛོམ་པ་རྣམས། བཟའ་བ་གཡས་བཏུང་བ་གཡོན་དུ་བཤམས་ལ་བསང་ཆུ་དང་། བདུད་རྩི་བྲན་ནས་མ་དག་པའི་མཚན་འཛིན་བསྲེགས་སྦྱངས་བཀྲུས་ནས་ཟག་མེད་བདུད་རྩིར་བསྒྱུར་བའི་འདོན་དམིགས་དང་། ཡེ་ཤེས་ཀྱི་ལྷ་ཚོགས་ཆོས་ཀྱི་དབྱིངས་ནས་ཚོགས་ཞིང་དུ་སྤྱན་དྲངས་པ་ལ། ཚོགས་ཕུད་རིམ་པ་གསུམ་གྱི་དང་པོ་དང་། ཐུགས་དམ་བསྐང་བ་རྒྱས་བསྡུས། བར་པ་བཤགས་ཚིགས་ཀྱི་རིམ་པ་དང་། ཚོགས་ཕུད་ཐ་མའམ་ལིངྒ་བསྒྲལ་བསྟབ་བཟློག་བྱང་དང་བཅས་པ། ཚོགས་རོལ། ཐུགས་དམ་བསྐུལ་བ་རྣམས་བཏང་། གཏོར་མའི་དབང་ལེན་པ་སྒྲུབ་པ་གྲོལ་སྐབས་མ་གཏོགས་མི་གཏོང་ཞིང་། དེ་ཕྱིན་ལྷག་ཆོག་གཏོང་བ་ལས་བཙོན་འཛིན་གྱི་ཕྱག་ལེན་དམིགས་བསལ་མི་འདུག་པས་ལྷག་མ་དང་། ཆད་མདོ་བསྟན་སྐྱོང་བྲོ་བརྡུང་དང་བཅས་པ། དེ་ནས་བདག་མདུན་དབྱེར་མེད་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུ་བ། ཧཱུྃ་ཧྲཱིཿ ཞིང་ཁམས་གཞལ་ཡས་དཀྱིལ་འཁོར་ལྷ༔ སོགས། ཧཱུྃ་ཧྲཱིཿ འཁོར་འདས་ཐམས་ཅད་ཆོས་དབྱིངས་ལྷ་ཡི་ཞིང་༔ སོགས་ཀྱིས་སླར་ཡང་ཆུ་ལས་ཉ་ལྡང་བ་ལྟར་བདག་ཉིད་རིག་འཛིན་འདུས་པའི་གཙོ་བོའི་གསལ་སྣང་གི་ངང་ནས་བསྔོ་སྨོན་ཤིས་བརྗོད་ཐུན་མཚམས་ཀྱི་བཟའ་བཏུང་ལ་སོགས་པ་བདུད་རྩིར་མོས་ནས་ལྷ་ལ་མཆོད་པ་ཕུལ་བའི་མོས་པ་སོགས་ཐ་མལ་གྱི་སྣང་ཞེན་དང་བྲལ་བས་སྤྱོད་ལམ་རྣམས་དོན་ཡོད་པར་བྱེད་ཅིང་། སྲོད་ཀྱི་ཐུན་ལ། བསྲུང་འཁོར་གསལ་འདེབས་དང་ལྡན་པས་མཚམས་གཅོད་ནས་བཟུང་སྟེ་སྔར་བཞིན་བཟླས་པར་ཐུག་གི་བར་དང་། དབྱངས་གསལ་ནས་བཟླས་པའི་བྱེད་ལུགས་རྣམས་དང་ཐུན་མཐར་དངོས་གྲུབ་བསྐུལ་བ་ཡན་སྔར་ལྟར་དང་། དེ་ནས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཙམ་བྱས། དེ་ནས་གུང་གི་ཐུན་ལ་འབྱུང་བ་ཆ་སྙོམས་པའི་ཕྱིར་ཉལ་བའི་རྣལ་འབྱོར་ལ་ཐུན་མཚམས་ཀྱི་ལྷ་དེ་ཡང་འོད་གསལ་དུ་བསྡུས་ཏེ་དམིགས་མེད་ཀྱི་ངང་ནས་སྔགས་བཟླས་བཞིན་པར་གཉིད་དང་བསྲེས་པས་དབུགས་དབྱུང་འཇུག་ཐམས་ཅད་རྡོ་རྗེའི་བཟླས་པར་འགྲོ། དེ་ནས་ཐོ་རེངས་ཀྱི་ཐུན་ལ་བབ་པ་ན་འོད་གསལ་གྱི་ངང་ནས་གཙོ་བོའི་ང་རྒྱལ་གྱིས་ལངས་ཏེ། དལ་འབྱོར་རྙེད་པར་དཀའ་བ་ནས་བཟུང་བླ་མའི་རྣལ་འབྱོར། གསོལ་འདེབས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ཀྱིས་རྒྱུད་སྦྱངས་ནས། ལས་གཞུང་འཛབ་བཟླས་ནས་ཐུན་མཐའི་ཤིས་བརྗོད་བར་སྲོད་ཐུན་ཇི་ལྟ་བ། དེས་ཐོར་ཐུན་ནམ་སྔ་ཐུན་རྫོགས། དེ་ནས་ཞོགས་ཐུན་དང་། དེ་ནས་དགོང་དང་སྲོད་ཀྱི་ཐུན་ཏེ་དེ་ལྟར་ཐུན་བཞིའི་བྱེད་ཚུལ་རྣམས་དེ་ལྟར་བྱ། ཐུན་ཚམས་སུ་རང་གི་ཆོས་སྤྱོད་ཆགས་མེད་དགོས་རིགས་བྱ། རིག་པ་བྱིང་འཐིབ་དང་མི་མཐུན་པའི་ལྟས་ཀྱི་ཚེའམ་རྒྱུན་གྱི་ཐུན་མཐར་ཧཱུྃ་གི་བསྙེན་པའི་དུས། སྐབས་སུ་ཧཱུྃ་གི་སྣང་གླུ་ལེན༔ སྒྲུབ་པའི་གཞུང་ནས་གསུངས་བའི་དོན༔ བདག་མདུན་བསྐྱེད་པའི་གཙོ་དང་འཁོར༔ ཧཱུྃ་སྒྲ་དིར་དིར་སྒྲོག་པ་ཡིས༔ བར་གཅོད་འབྱུང་པོ་རྡུལ་དུ་བརླག༔ དངོས་གྲུབ་ཐམས་ཅད་བསྡུས་པར་བསམས༔ སྒྲུབ་ཁང་ཡུལ་ཕྱོགས་རྒྱལ་ཁམས་རྣམས༔ དཀར་དམར་མཐིང་གསུམ་ཁ་དོག་ཅན༔ ཧཱུྃ་ཡིག་གསུམ་གྱིས་རབ་ཏུ་གང་༔ ཡོམ་ཡོམ་ཤིགས་ཤིགས་འདུ་འཕྲོ་གསལ༔ ཞི་བའི་ཧཱུྃ་དབྱངས་སྙན་པར་བཟླ༔ རྒྱས་པའི་ཧཱུྃ་དབྱངས་ཞི་དྲག་སྤེལ༔ དབང་གི་ཧཱུྃ་དབྱངས་ཁུག་པར་བཟླ༔ དྲག་པོའི་ཧཱུྃ་དབྱངས་ངར་གྱིས་བཟླ༔ ཐུན་སྐབས་བརྒྱ་སྟོང་ཉམས་དང་སྦྱར༔ འདི་ནི་དངོས་གྲུབ་རྩ་བ་སྟེ༔ འདི་ནི་འཕྲིན་ལས་རྣམ་བཞི་ཉིད༔ འདི་ནི་ནུས་པའི་སྤུ་གྲི་སྟེ༔ འདི་ནི་གདོན་བགེགས་འབྱུང་པོའི་གཤེད༔ ཟབ་མོའི་ཞལ་གདམས་ཨེ་མ་ཧོཿ ཞེས་གསུངས་ཤིང་། ཆོག་བསྒྲིགས་ན། སྐབས་སུ་དྲག་པོ་ཧཱུྃ་གི་སྣང་གླུ་ལེན༔ ཞེས་པའི་འཛབ་བསྟོད་ལ། ཧཱུྃ་ཡིག་མཐིང་ནག་གནམ་ལྕགས་ཚ་ཟེར་འབར། ཞེས་དྲག་པོའི་ཧཱུྃ་ལས་མ་གསལ་བ་དེ་ནི་སྤྱི་ཁྱབ་ཙམ་ཡིན་ལ། འདིར་སྒྲུབ་པ་ཕྱི་ནང་གོ་ཆ་སོགས་གང་གི་ཚེ་ཡང་ཧཱུྃ་ཡིག་དཀར་མཐིང་དམར་གསུམ། ལས་བཞིའི་ཉམས་དབྱངས་ཀྱིས་བཟླ་བར་གསུངས་པ་དཔེར་ན་ཐུན་གྱི་མཐར་ནམ་ལངས་ཞི་བ། ཞོགས་ལ་རྒྱས་པ་དགོང་མོ་དབང་། སྲོད་ལ་དྲག་པོའི་ཧཱུྃ་གི་དམིགས་བཟླས་དང་། ལས་བཞིའི་ཤམ་བུ་ཡང་། ཕྱིི་ནང་གསང་བའི་བསྙེན་སྒྲུབ་ཚེ༔ ཐོ་རངས་རྒྱས་པའི་དུས་དང་ནི༔ ནམ་ལངས་ཞི་བ་དགོང་མོ་དབང་༔ སྲོད་འཁོར་དྲག་པོའི་དུས་ཡིན་པས༔ ལས་སྦྱོར་བཞི་ཡི་བསྙེན་པ་འདི༔ བརྒྱ་སྟོང་སྐབས་དང་སྦྱར་ལ་བཟླ༔ ཨཱོཾ་ཤཱིནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་མཱ་ར་ཡ་ཕཊ༔ ལས་བཞིའི་འདོད་གསོལ་བཏགས་ཏེ་བཟླ༔ སྐབས་སུ་འདི་ལྟར་བཟླས་པ་ཡིས༔ ནང་གི་ཚེ་བསོད་རྒྱས་པ་དང་༔ དངོས་གྲུབ་འཐོབ་ཅིང་གདོན་བགེགས་བསྐྲད༔ ལེགས་ཚོགས་ཟབ་པའི་ཡང་གནད་ཡིན༔ ཞེས་གསུངས་པས་ཕྱི་ནང་གསང་བ་གོ་ཆ་དཔའ་བོ་མཁའ་འགྲོ་དང་བཅས་སྒྲུབ་པ་གང་ཡིན་པ་དེའི་བསྙེན་པའི་མཐར་སྦྱར་དགོས་ཤིང་། ཕྱི་སྒྲུབ་ལ་དཔེར་མཚོན་ན་ཨཱོཾ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་པ་ལྟ་བུ། ཐོ་རངས་ཐུན་འགོར་ཞི་བ། ནམ་ལངས་རྒྱས་པའི་ཐུན་འགོར། དགོང་མོ་དབང་གི་ཐུན་འགོར། སྲོད་འཁོར་དྲག་པོའི་ཐུན་མཇུག་ཏུ་ལས་ཤམ་བཏགས༔ དེ་རྣམས་ཀྱི་དམིགས་པ་འོག་མ་ལས་བཞིའི་ལས་སྦྱོར་གྱི་སྒྲུབ་པའི་སྐབས་སུ་འཆད་པ་ལྟར་བྱ། ལས་བྱང་ཆོག་སྒྲིགས་སུ་ལས་བཞིའི་ཤམ་བུ་ནི་ལས་བྱང་སྤྱི་ཁྱབ་བསྲོང་བའི་སྐབས་སུ་འདིར་སྦྱར་བ་ཡིན་གྱི་གཞན་དུ་ནི་ལོགས་སུ་ཤེས་པར་བྱའོ། །ཞེས་པའི་དོན་ཡིན་ནོ། །སྤྱིར་སྤྲོས་པ་ཆེ་ཆུང་དང་བསྙེན་པ་འགྲོ་ཁྱད་ཀྱི་དབང་གིས་ཉིན་མཚན་སྦྲེལ་བར་ཐུན་དྲུག་དང་བཞི་གསུམ་གཉིས་སོགས་ཀྱི་རྣམ་བཞག་ལས། ཐུན་བཞིར་བྱེད་པ་འདི་རྣལ་འབྱོར་པའི་སྤྱོད་ལམ་རྣམ་བཞིར་འཚམས་ཤིང་བདེ་བས་དེ་ལྟར་རང་གི་འདོད་བསྟུན་མ་ཡིན་པར་ཐུན་བཞིའི་ངེས་པར་ཁྲིགས་སུ་བཅད་པ་དེ་ལས་མི་འདའ་བར་བརྩོན་དགོས་ཏེ། གསང་སྔགས་ལམ་རིམ་རྩ་བ་ལས། མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ། །ཞེས་པས་བློ་མ་དྲེད་པར་རྩེ་གཅིག་ཏུ་དྲིལ་ཏེ། དཀའ་ཐུབ་ཆེན་པོས་བསྒྲུབ་པ་མཐར་འདོན་པའོ། །དེ་ཡང་དགྲ་གཉེན་ནོར་ཟས་གཟུང་འཛིན་ཆགས་སྡང་ཉོན་མོངས་པ་རྣམ་རྟོག་ལ་སོགས་པའི་ཕྱོགས་སུ་ཤོར་ན་ངན་དྲེད་དུ་སོང་བས་དོན་མི་འགྲུབ། སྒྲུབ་པའི་དུས་སུ་འབྲི་བ། ཀློག་པ། འཛིན་པ། རྩོམ་པ་སོགས་ཀྱི་བློར་སོང་ན་བཟང་དྲེད་ཡིན་པས་མི་འགྲུབ། དེས་ན་དེ་གཉིས་ཀར་བློ་མ་དྲེད་པར་བསྐྱེད་རིམ་གྱི་གསལ་སྣང་ལ་ཡང་ཡང་སློབ་ཅིང་། མདོར་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བླ་མ་ཧེ་རུ་ཀའི་ངོ་བོར་གསལ་ཞིང་ཡེ་གནས་ཆེན་པོར་ལྷུན་གྲུབ་ཀྱི་དགོངས་པ་དེ་གློ་བུར་གྱི་བག་ཆགས་བསལ་བའི་ཕྱིར་ཡང་གསལ་གདབ་པ་ཙམ་ལས༔ རང་དང་ཞིང་ཁམས་ལྷ་འཁོར་ཏིང་འཛིན་སྔགས་སོགས་སོ་སོར་གྲུབ་པ་གཉིས་སུ་འཛིན་པ་མེད་པའི་དགོངས་པ་འདི་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱ་བ་ཡིན་པས༔ དེ་ལྟ་བུའི་ངང་ནས་སྒྲུབ་པ་ལ་བརྩོན་པ་རྣམས་ཀྱིས་ནི་ཡི་དམ་གྱི་ལྷ་མི་འགྲུབ་པའི་ཐབས་མེད་ཅིང་སོ་སོར་ལྟ་བ་རྣམས་ཀྱིས་ནི་སྒྲུབ་པའི་དུས་མེད་པའོ༔ ཞེས་པས། གང་བསྒྲུབ་པ་དེ་ཉིད་ལ་ཤེས་པ་རྩེ་གཅིག་ཏུ་ཕུར་ཚུགས་སུ་དྲིལ་ཏེ། ལྟོགས་མོད། འཁྱག་མོད། ཤི་མོད། ཆད་མོད་བསམ་པའི་སྡུག་སྲན་དཀའ་ཐུབ་ཀྱི་གདེངས་བཙུགས་ནས། སྙིང་རུས་ཆེན་པོའི་མཐར་འདོན་དགོས་ཏེ། དེ་ཡང་སློབ་དཔོན་ཆེན་པོ་པདྨས་བོད་ཀྱི་སྔགས་པ་རྣམས་ལ་རྟགས་དང་ཡོན་ཏན་ཚུལ་བཞིན་མི་འབྱུང་བ་ནི་མཚམས་གསུམ་རལ་བའི་སྐྱོན་ཡིན། མཚམས་གསུམ་ནི། སྐུ་མཚམས་མ་གྲོལ་བར་གཞན་དང་འཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་གཅོད་པའོ། །དམ་ཚིག་གསུམ་ཉམས་ན་མི་འབྱུང་སྟེ། བསྐྱེད་པའི་སྐུ་མི་གསལ། བཟླས་པའི་སྔགས་མ་དགབསྒོམ་པའི་ཏིང་ངེ་འཛིན་གཡེལ་བའོ། བསྲུང་བྱ་གསུམ་ཉམས་ན་མི་འབྱུང་སྟེ། ལུས་ཀྱི་བཅུད་ཐིག་ལེ་ཉམས་པ། ངག་གི་བཅུད་མཆིལ་མ་དོར་བ། ཡིད་ཀྱི་བཅུད་རྣམ་རྟོག་རྒྱུན་མ་བཅད་པའོ། །ཡན་ལག་ནི་སྒྲུབ་པ་མ་ཐོན་བར་གནས་མི་སྤོ། གདན་མི་སྤྲུག། མི་དང་ཁ་འཕྲོ་མི་བསྲེ། གཏོར་མ་དུས་མ་ཡོལ་བར་འབུལ། འཐབ་འཁོན་མི་བྱ། གཏོར་ཕུད་ཉམས་སུ་མི་འཇུག། སྒྲུབ་ཁང་དུ་ཁྱི་ཡུགས་ས་མཛེ་ཕོ་དམེ་ཅན་འོང་མི་འཇུག། དེ་ཀུན་གྱི་ཟས་སྐོམ་ལ་འཛེམ། སྨ་ར་དང་ཨག་ཚོམས་མི་བྲེགརང་གི་ཉལ་མལ་དུ་གཞན་མི་གཏོང་། བསྙེན་ཕྲེང་མི་ལག་མི་འགྲིམ། གཞུ་མི་ཕབ། མདའ་མི་བཅོག་མཚོན་རྩེ་ཁར་མི་འཇུགཟས་གོས་སོགས་རང་དབང་རྫས་ལ་ལོངས་སྤྱོད་པ་འགྲུབ་ཉེ་ཞིང་བསྙེན་པའི་མཚན་རྟགས་མ་ཐོན་བར་དུ་ལྷ་ཉིད་མི་བཀོལ་ཏེ། གཞན་གྱི་ནད་པ་གདོན་ཅན་ཀུན་ལ་ལྷ་དེའི་སྒོ་ནས་བསྲུང་བ་དང་བྱིན་རླབས་མི་བྱ། བྱས་ན་བོ་ཟག་ཏུ་འགྱུར་བས་མཚན་མ་འགྲིབ་པས་སྤང་ཞེས་གསུངས། དེ་ཡང་། ཕྱི་ནང་སྒྲུབ་པ་གང་བྱེད་ཀྱང་༔ ཐོ་ལས་བརྒལ་བར་མི་བྱ་ཞིང་༔ སྐྲ་དང་ཁ་སྤུ་མི་འདྲེག་ཅིང་༔ སེན་མོ་མི་གཅོད་གདོང་མི་བཀྲུ༔ ཆང་ལ་བག་མེད་འཐུང་མི་བྱ༔ གཞན་དང་ངག་ཚིག་མི་བསྲེ་སྟེ༔ སྔགས་ནུས་འཇོམས་པའི་སྔོ་བཙོང་སྒོག༔ ལ་ཕུག་ལ་སོགས་སྤང་བར་བྱ༔ ཚོགས་ཀྱི་རྫས་ནི་མི་འགལ་ལོ༔ དེའང་ཐུན་གྱི་ཁྲིགས་བཅད་བགྱིད་ཕྱིན་ཐུན་སྒང་རྣམས་སུ་བཟླས་པས་ལྕེ་དུབ་ན་ཇ་ཐང་གཏོང་བ་དང་ནད་ཞི་བའི་སྨན་ཐང་བཀག་མེད་དང་དེ་ཕྱིན་བཟའ་བ་དང་བཏུང་བ་གཞན་དང་གཏམ་སྨྲ་བ་སོགས་གང་ལའང་འཛེམས་མེད་དུ་སྤྱོད་བཞིན་སྒྲུབ་པར་ཞུགས་པས་ཇི་ལྟ་བའི་བསྙེན་སྒྲུབ་རྣམ་དག་ཏུ་མི་འགྱུར་བས། དེས་ན་གོང་དུ་བཤད་པ་བཞིན་བག་ཡོད་དྲན་ཤེས་བསྟེན་པ་གལ་ཆེའོ། །དེ་ཡང་ཚོགས་ཐོག་མཐའ་བར་གསུམ་རྣམས་ཐུན་བཞི་ཀ་ལ་སྦྱར་ཡང་ཚོགས་རྫོགས་ཤིང་ལེགས་མོད། འོན་ཀྱང་ཚོམ་བུ་ཚོགས་སྒྲུབ་སྒྲུབ་ཆེན་རྣམས་ཀྱི་སྐབས་མ་གཏོགས། འདིར་སྒྲུབ་རྐྱང་ལ་ཞག་རེར་ཚོགས་སྨད་ལས་ཚར་གཅིག་བཏང་ཕྱིན་ཐུན་གཞན་རྣམས་ལ་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་བསྙེན་པའི་འགྲོ་ཁྱད་ལ་ཡང་ཅུང་ཟད་ཕན་ནོ། །ཚོགས་མཆོད་ཀྱི་བྱེད་ཚུལ་རང་ཉིད་རྟོགས་པའི་གདེངས་དང་ལྡན་ཕྱིན་བསྐྱེད་རྫོགས་སྤྲོས་བཅས་སྤྲོས་མེད་གང་བྱས་བདེ་ཞིང་ལེགས་པ་ཡིན་ལ་འདིར་སྤྲོས་པར་འདོད་ན་ཐུན་མཚམས་ཀྱི་ལྷ་མ་བསྡུས་པས་ཚོགས་གཏོར་བྱེད་ན་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པའི་རྣམ་པར་ཐོན་ནས་དཀྱིལ་འཁོར་གྱི་མཐའི་དུར་ཁྲོད་དུ་འཁོད་ལ་ཚོགས་མཆོད་དང་ཆོས་སྐྱོང་གི་གཏོར་བསྔོ་སོགས་བྱེད། དཀྱིལ་འཁོར་བསྡུས་ནས་གཏོང་ན་ཐུན་མཚམས་གྱི་ལྷ་ཉིད་ཀྱིས་བཏང་བས་ཆོགདེ་ལྟར་ཕྱི་སྒྲུབ་ཀྱི་བསྙེན་པའི་གྲངས་ཚད་འབུམ་བཅོ་བརྒྱད་བཟླ་བར་གསུངས་པ་སྔགས་ཀྱི་ཆད་ལྷག་ཁ་འགེངས་དང་བཅས་བྱེ་བ་གཉིས་ནི་ངེས་པར་བཟླ་དགོས་ཤིང་། དེ་ཡང་། འདི་ལྟར་སྒྲུབ་པའི་དུས་སུ་དགེ་བའི་ལྟས་དང་༔ སྒྲུབ་པའི་དྲོད་རྟགས་མང་པོ་འཆར་ཏེ༔ རྨི་ལམ་དུ་ཉི་ཟླ་ཤར་བ་དང་༔ ནམ་མཁའ་ལ་འཕུར་བ་དང་༔ ཁྲུས་བྱས་པ་དང་༔ གོས་གསར་གྱོན་པ་དང་༔ གངས་རི་དང་མཆོད་རྟེན་རྣམས་ལ་འཛེག་པ་དང་༔ བྲག་གཤགས་པ༔ ལིངས་བཏབ་པ༔ གོ་གྱོན་པ༔ རྣག་ཁྲག་ཟགས་པ་དང་༔ བུད་མེད་བཟང་མོས་ཆས་གོས་ལོངས་སྤྱོད་རྣམས་འབུལ་བ་སོགས་དང་༔ མངོན་སུམ་དུ་དྲི་བཟང་པོ་འཐུལ་བ་དང་༔ སྒྲུབ་རྫས་རྣམས་ལས་འོད་འཁྱུག་པ་དང་༔ མེ་འབར་བ་དང་༔ དུད་པ་འཐུལ་བ་དང་༔ སྨན་རཀ་ཁོལ་བ་དང་༔ བཀྲག་བཟང་བ་ལ་སོགས་པ་རྣམས་དང་༔ ཁྱད་པར་དུ་དུས་གསུམ་གྱི་ངོ་བོ་ཐམས་ཅད་བློ་འདས་ཀ་དག་ཆེན་པོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་གནས་ལུགས་ལ་ངེས་པ་རྙེད་ཅིང་༔ སྣང་སེམས་ཀྱི་ངོ་བོ་ཆོས་ཟད་དུ་གྲོལ་བ་ནི་དོན་དམ་པའི་ལྷ་གྲུབ་ཅིང་མཆོག་གི་དངོས་གྲུབ་ཐོབ་པ་ལ་སོགས་པའི་རྟགས་རྣམས་འབྱུང་བར་འགྱུར༔ རྟགས་ཀྱི་བསྙེན་པ་ནི་གང་ཟག་གི་སྒྲིབ་པ་ཆེ་ཆུང་ཡིན་ཞིང་ཿ གྲངས་ཀྱི་བསྙེན་པ་ནི་གོང་དུ་སྨོས་པ་ལྟར་རོ༔ དུས་ནི་བསྙེན་གྲངས་ཀྱིས་འཛིན་ཏེ༔ སྒྲུབ་པ་པོའི་བརྩོན་འགྲུས་ལ་རག་ལུས་སོ༔ དེ་ལྟར་དུས་གྲངས་རྟགས་གསུམ་གྱི་སྲང་ལ་གཅུན་ནས་ཡང་དག་པར་སྒྲུབ་པའི་རྣལ་འབྱོར་ཕོ་མོ་ལ༔ བདག་ཉིད་པདྨས་དངོས་གྲུབ་ནི་སྟེར༔ དབང་མཆོག་ནི་བསྐུར༔ བྱིན་རླབས་ནི་འཐོབ་སྟེ༔ བདག་ཉིད་པདྨ་འབྱུང་གནས་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་གང་ཟག་ལ་མ་གཅིག་བུ་ལ་བརྩེ་བ་ལྟར་དུས་གསུམ་རྒྱུན་ཆད་མེད་པར་སྐྱོབས་པར་འགྱུར་རོ༔ ཞེས་གསུངས་པས་དུས་གྲངས་རྟགས་ཀྱི་བསྙེན་པ་མཐར་འཁྱོལ་བར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ཀྱི་དྲོད་རྟགས་ཐོན་ནས་སྔར་གྱི་མཆོད་པ་གཏོར་མ་སྨན་རཀ་སོགས་བརྗེས་ནས་གསར་དུ་རྒྱ་ཆེར་བཤམས་པའམ། མ་འབྱོར་ཀྱང་ཁ་གསོ་བ་སོགས་ཇི་ལྟར་རིགས་པ་དང་། ཚོགས་ཀྱི་འཁོར་ལོ་རྒྱས་པར་བཤམས་ཤིང་། ཐོར་ཐུན་དཀྱུས་ལྟར་གཞུང་བསྲང་། འཛབ་བཟླས་ཀྱི་སྐབས་སུ་དམིགས་པའི་འཕྲོ་འདུ་སྔར་ལྟར་ལ་ཁྱད་པར་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་ལས་འོད་ཟེར་ལྔ་ལྡན་བྱུང་བ་རང་གི་གནས་ལྔར་ཐིམ་པས་བྱིན་རླབས་དངོས་གྲུབ་ཀྱི་བཅུད་རྣམས་རང་ལ་བསྡུ་བའི་དམིགས་སྐོར་སྐྱོང་ཞིང་བསྙེན་མཇུག་གི་ཐུགས་དམ་བསྐུལ་ཞིང་དངོས་གྲུབ་ཞུ་བའི་འདོན་རྣམས་མི་གཏོང་། བཀའ་གཏེར་སྲུང་གི་མཆོད་ཐབས་རྣམས་བསྐུལ་བ་ཡན་དང་། ཚོགས་འཁོར་བསྐང་བཤགས་བསྒྲལ་བསྟབ་བཟློག་བྱང་དང་བཅས་པ་རྒྱས་པར་རྫོགས་པའི་མཇུག་ཐུགས་དམ་བསྐུལ་བ། ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ ནས། དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཧཱུྃ་ཧྲཱི༔ མ་གཡེལ་མ་འཕང་རིག་འཛིན་ཧེ་རུ་ཀ༔ ནས། སོལ༔ བར། དཔལ་ཀྱི་གཏོར་མའི་དངོས་གྲུབ་བླང་བ། ཧཱུྃ་ཧྲཱི༔ རིག་འཛིན་རོལ་པ་དབང་གི་དཀྱིལ་འཁོར་དུ༔ ཞེས་པ་ནས། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་བུམ་པ་དང་། སྐུ་འབག་གཏོར་མ་སོགས་སྒྲུབ་རྫས་རྣམས་རང་གི་གནས་ལྔར་གཏུག་ཅིང་དཔལ་ཆེན་པོ་རིག་འཛིན་ཐོད་པ་རྩལ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ཐོབ་པས་གདོད་མའི་ཀ་དག་གི་གཞི་དབྱིངས་འགྱུར་བ་མེད་པའི་གཏན་སྲིད་ཟིན་ནས་འཕོ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུ་མཆོག་མངོན་དུ་འགྱུར་ཞིང་། ལས་བཞི་རབ་འབྱམས་འཕྲིན་ལས་ཀྱི་དངོས་གྲུབ་རྒྱ་མཚོའི་དཔལ་ལ་མངའ་དབང་འབྱོར་བར་བསམས་ཤིང་སྒྲུབ་རྫས་བུམ་བཅུད་དང་བདུད་རྩི་སོགས་ལྕེ་ཐོག་ཏུ་མྱང་། ཚོགས་ལ་རོལ། ལྷག་མ་རྒྱ་ཆེར་བཏང་། བཀའ་གཏེར་གྱི་བསྐུལ་བ་དང་བཅས་གཏོར་མ་གཙང་སར་གཤེགས། ཆད་ཐོ་བསྟན་སྐྱོང་རྟ་བྲོ་ཡན་དང་། སྐབས་འདིར་ནང་སྒྲུབ་སོགས་མི་སྦྲེལ་བར་མཚམས་འགྲོལ་རྒྱུ་ཡིན་ན། རྡུལ་ཚོན་དང་ཚོམ་བུ་གང་ཡིན་ཀྱང་བྲིས་འབུར་གྱི་སྐུ་གསུང་ཐུགས་རྟེན་རྣམས་ལ་ཡེ་ཤེས་པ་བརྟན་བཞུགས། འདིར་ནི་གཟུགས་དང་ལྷན་གཅིག་ཏུ། ཞེས་པ་ནས། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱ། རྡུལ་ཚོན་གྱི་ཡེ་ཤེས་པ། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། སྔགས་བཅས་ཀྱིས་གཤེགས་སུ་གསོལ་ཞིང་དམ་ཚིག་པ་བདག་ལ་བསྡུ། རྡུན་ཚོན་རྣམས་བྱང་ཤར་སོགས་མཐའ་ནས་རིམ་པར་ཕྱགས་ཤིང་ཐིག་ཤུལ་དབྱི། སླར་ཚོན་རྣམས་བུམ་པའམ་རིན་པོ་ཆེའི་སྣོད་དུ་བཀུར་སྟི་དང་བཅས་ཆུ་ཀླུང་དུ་དོར་ཞིང་སྣོད་ཆུས་བཀང་སྟེ་ཚུར་ནང་དུ་འོངས་ནས་སྒྲུབ་ཁང་དུ་བསངས་གཏོར་བྱ་བ་བཀྲ་ཤིས་པའི་རྟེན་འབྲེལ་ལོ། །རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ཚེ་ལྷན་ཅིག་བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་ཉེར་བསྡུ། ཧཱུྃ་ཧྲཱིཿ དམ་ཚིག་གཞལ་ཡས་དཀྱིལ་འཁོར་ལྷ་སོགས་སྔར་ཐུན་མཚམས་ཀྱི་སྐབས་སུ་བཤད་པ་ལྟར་རྒྱུན་གྱི་སྤྱོད་ལམ་ལ་འཇུག་ཆོག་དང་བཅས་པ། གཞན་ཡང་བསྔོ་སྨོན་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་དབབ། དེའི་ནུབ་མོ་ལས་ཀྱི་གཞུང་བཀའ་གཏེར་གྱི་གཏོར་འབུལ་ཚོགས་འཁོར་སོགས་རྒྱས་པར་བྱ་ཞིང་། ནང་པར་སྒོ་བྱང་ལ་གཏོར་འབུལ་བྱ་ཞིང་བསྡུ། སྒྲུབ་པའི་རྫས་དང་རྗེས་མི་མངོན་པར་བྱ། དེ་ཉིན་དམ་ཚིག་གཙང་བ་གཅིག་གཉིས་དང་རིམ་པར་འཕྲད་ཅིང་མཚམས་ཁད་ཀྱིས་འགྲོལ། སྒྲུབ་པ་འདིའི་དམ་ཚིག་ཏུ། བདེ་གཤེགས་ཀུན་འདུས་ཐོད་པ་རྩལ་གྱི་སྐུ་ཆེ་ཆུང་གང་རིགས་ཤིག་དང་སྒྲུབ་ཡིག་པུ་སྟི། བྷནྡྷ་མཚན་ལྡན་རྣམས་དུས་རྟག་ཏུ་བཅང་ངོ་། དེས་ནི་ཕྱི་སྒྲུབ་ཀྱི་རིམ་པ་བསྟན་ཟིན་ཏོ། །༈གཉིས་པ་ནང་སྒྲུབ་ལ་གསུམ་སྟེ། དང་པོ་ཕྱི་སྒྲུབ་ཚར་བའི་འཕྲོས་ནས་འཇུག་ན་གོང་གི་རྡུལ་ཚོན་དང་རས་དཀྱིལ་གྱི་བསྡུ་ཆོག་དོར་བའི་གཞི་དེ་གའི་སྟེང་ནས་དང་། མ་ཡིན་པར་གནས་གཞན་དུ་བྱ་ན་སྟེགས་བུའི་བྱ་བ་རྒྱས་བསྡུས་གང་འགྲུབ་བྱེད། དེའི་དབུས་སུ་མཉྫིའམ་སྟེགས་ཀྱི་ཁར་རང་གི་མལ་སྟན་གྱི་ཐད་ཙམ་དུ་སྔར་བཤད་པའི་གཏོར་མ་རིན་ཆེན་འབར་བ་པད་འདབ་ཀྱི་ཕྲེང་བ་གོང་འོག་ཅན་ལ་གཙོ་བོ་ཡབ་ཡུམ་གྱི་ཙཀ་ལིས་བརྒྱན་དར་དཀར་གྱི་གུར་ཕུབ། དེ་ལས་དམའ་བར་མདུན་དུ་བཀའ་གཏེར་གྱི་གཏོར་མ་རིན་ཆེན་འབར་བ་པད་འདབ་ཀྱི་ཕྲེང་བ་གོང་འོག་ཅན་ལ་གཙོ་བོ་ཡབ་ཡུམ་གྱི་ཙཀ་ལིས་བརྒྱན་དར་དཀར་གྱི་གུར་ཕུབ། དེ་ལས་དམའ་བར་མདུན་དུ་བཀའ་གཏེར་གྱི་གཏོར་མའི་ཞལ་གཙོ་བོ་ལ་བསྟན་པ་དང་། འདིར་དམིགས་བསལ་མ་གསུངས་ཀྱང་གཏོར་མའི་ཡིག་ཆུང་ནས་གསལ་བའི་ལས་བཞིའི་གཏོར་མ་ཡང་བཤམས་ན་འཐད་དམ་སྙམ་པས་མདུན་དུ་ཞི་བ། གཡས་སུ་རྒྱས་པ། དབང་རྒྱབ། དྲག་པོ་གཡོན་དུ་བསྒྲིགས། རྒྱབ་ཏུ་ནོར་ལྷའི་གཏོར་མ་རིན་པོ་ཆེ་གསུམ་སྒྲོམ་གྱི་དབྱིབས་ཅན་ཛམ་དམར་གྱི་གཏོར་མ་བཤམ་མོ། གཡས་སུ་དུམ་བུ་གཅིག་པ་ཆེ་འབྲིང་ཆུང་གསུམ་གང་འབྱོར་གྱི་ནང་དུ་བདུད་རྩི་ཆོས་སྨན་ཛ་གད་དང་སྦྱར་བ། གཡོན་དུ་རཀྟ་རྣམ་པ་བཞི་སོགས་རཀྟའི་ཕབས་རྒྱུན་བྲན་པའི་ཁྲག་གཙང་མ་བྷནྡྷར་བཤམས། ནང་མཆོད་དང་ཕྱི་མཆོད་རྣམས་ཕྱི་སྒྲུབ་ལྟར་བཤམས། གཉིས་པ་ནི། དགོང་ཐུན་ནས་བརྩམས་ཏེ་སྔོན་འགྲོ་སྤྱི་དང་བྱེ་བྲག་ཕྱི་རྒྱུད་པར་གཏོར་འབུལ། ནག་ཕྱོགས་བགེགས་ལ་གླུད་གཏོར་སྦྱིན་ཞིང་ལས་གཞུང་ལྟར་བཀའ་བསྒོ། དེ་ནས་ཆོ་ག་གཞུང་ཛབ་བསྐུལ་དང་ཕྱི་སྒྲུབ་གྱི་དམིགས་པ་དང་ལྡན་པས། དེའི་བསྙེན་པ་དུམ་གཅིག་མཆོད་བསྟོད་བསྡུས་པ་དང་བཅས་རྫོགས་པར་བཏང་ལ། དེ་ཡང་བསྒོམ་བྱའི་རྟེན་བདག་བསྐྱེད་རང་ལུས་རྣམ་པར་དག་པ་རྒྱལ་བའི་ཞིང་ཁམས་གཞལ་མེད་ཁང་མཚན་ཉིད་རྫོགས་པའི་དབུས། ཙིཏྟ་རིན་པོ་ཆེ་མཆོང་གུར་སྨུག་པོའི་གཞལ་ཡས་ཁང་ནང་རྣམ་ཤེས་ཚོགས་བརྒྱད་དག་པའི་རང་རྩལ་པད་འདབ་གྱི་ཕྲེང་བ་ཕྱི་ནང་གི་དབུས་སུ་རིན་པོ་ཆེ་དང་སེང་ཁྲི་དར་ཟབ་ཉི་ཟླ་པདྨ་བམ་གྱི་སྟེང་དུ་རང་རིག་གཙོ་བོ་ཡབ་ཡུམ། དེའི་གནས་བརྒྱད་ལ་དཔལ་ཆེན་བརྒྱད་པད་འདབ་ལ་རིག་འཛིན་བཞི་དང་། རྡོ་རྗེ་སློབ་དཔོན་གྲུབ་ཆེན་བརྒྱད། བར་ཁྱམས་ལ་བཀའ་བབ་མི་དགུ། རྗེ་འབངས་ཉེར་ལྔ། སྒོ་བཞིར་སྒོ་བ་ཡབ་ཡུམ། གཞན་ཡང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གྲངས་མེད་ཞིང་གི་རྡུལ་སྙེད་དུ་གསལ་བ་ཡིན་ཏེ། ལས་བྱང་དུ། སྒྲུབ་པའི་དུས་སུ་ལྷ་ཚོགས་སྙིང་དཀྱིལ་གསལ༔ མཆོད་དང་བསྟོད་པའི་ཚུལ་གྱིས་འཛབ་འདི་བཟླས༔ ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྒྲུབ་པའི་དངོས་གཞི་ལ༔ དམིགས་པའི་འཁྲུལ་འཁོར་གསང་གནད་ནི༔ འབྱུང་བཞི་འདུས་པའི་རང་ལུས་འདི༔ ཡེ་ནས་རྣམ་དག་ཕོ་བྲང་དབུས༔ རང་སེམས་རིག་པའི་རྒྱལ་པོ་འདི༔ ཡེ་ནས་རང་བྱུང་ཡི་དམ་ལྷ༔ འདུ་འབྲལ་མེད་པའི་ལྷ་དང་ཞིང་༔ དེས་ན་ཕྱི་རབས་རྣལ་འབྱོར་པས༔ རང་ལུས་ལྷ་ཡི་ཕོ་བྲང་འདི༔ མཚན་ཉིད་ལྡན་པའི་ཞིང་ཁམས་དཀྱིལ༔ ཙིཏྟ་རིན་ཆེན་གཞལ་ཡས་ཁང་༔ རྣམ་ཤེས་འདབ་བརྒྱད་ཕྱི་ནང་བཅས༔ དབུས་སུ་གཙོ་མཆོག་ཐོད་པ་རྩལ༔ ཡུམ་མཆོག་མཐའ་འགྲོ་མནྡྷ་ར༔ གོ་ཆ་དཔལ་ཆེན་ཡབ་དང་ཡུམ༔ རིག་འཛིན་སློབ་དཔོན་གྲུབ་ཆེན་བརྒྱད༔ བཀའ་བབས་བཀའ་སྡོད་སྒོ་བ་སོགས༔ མ་འགགས་རོལ་པའི་ཡེ་ཤེས་ལྷ༔ ཡབ་ཡུམ་བདེ་ཉམས་གར་དགུར་ལྡན༔ རྣམ་པ་གསལ་བ་རྣམ་དག་དྲན༔ ང་རྒྱལ་བརྟན་པའི་ཏིང་འཛིན་གྱིས༔ བདག་དང་མདུན་བསྐྱེད་གཉིས་མེད་བསྒོམས༔ ཐུགས་ཀར་ཉི་དཀྱིལ་འོད་ཀྱི་ཀློང་༔ ས་བོན་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ གཡས་གཡོན་འཁོར་བའི་ཞལ་ནས་ཐོན༔ འོད་ཟེར་སྣ་ཚོགས་རྟ་ལ་ཞོན༔ མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས༔ ཐུགས་ཀར་སྔགས་འབྲུ་རྣམས་ལ་ཐིམ༔ མཆོད་པས་ཐུགས་དམ་རྒྱུད་བསྐུལ་ནས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཁྱད་པར་བདག་ཉིད་ཐོད་པ་རྩལ༔ འོག་མིན་ཞིང་དང་ལྷོ་ནུབ་ནས༔ ཁ་བ་བུ་ཡུག་འཚུབ་ལྟར་བྱོན༔ དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི༔ མ་ཡེངས་དགོངས་པའི་གཟེར་གདབ་སྟེ༔ འཛབ་ཀྱིས་བསྐུལ་ཞིང་འདི་ལྟར་བཟླ༔ ཨཱོཾཨཱ་ཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནིཿ བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་གཞུང་གི་བསྙེན་པར་ཟིན་བྲིས་ཀྱི་སྔགས་ཐེམས་བཅུག་པ་ནི། ནང་སྒྲུབ་བསྙེན་འབྲུ་ཉེར་གཅིག་པར༔ མཐའ་ལ་སྭཱ་ཧཱའི་སྔགས་ཤམ་འདོགས༔ སྒྲ་ཆག་ཟུར་ཉམས་ལྷག་ཆད་སྐོང་༔ དངོས་གྲུབ་མྱུར་དུ་འཐོབ་པར་བྱེད༔ ཅེས་སོ། །ཐུན་མཇུག་སྨན་གཏོར་རཀྟའི་མཆོད་པ་བསྟོད་པ་དང་ཐུན་གྱི་བྱེད་ཚུལ་ལས་བཞིའི་ཤམ་དང་ཧཱུྃ་དམིགས་སོགས་གོང་འོག་བར་གསུམ་གྱི་ཞིབ་ཆ་མཐའ་དག་ཕྱི་སྒྲུབ་ལྟར་དགོས་ཤིང་། དེ་ཡང་། སྒྲུབ་ལ་ཞུགས་པའི་སྐལ་ལྡན་དེས༔ སྣང་བ་མི་རྟོག་ཉམས་དང་བསྲེ༔ སྐབས་སུ་འཛབ་བྲོ་འཁྲབ་ཅིང་དབྱངས༔ སྐབས་སུ་ཧཱུྃ་གི་སྣང་གླུ་ལེན༔ སྐབས་སུ་ཀ་དག་ཀློང་དུ་བཞག༔ ཐུན་སྐབས་གཏོར་མ་དབུལ་ཞིང་མཆོད༔ བསྟོད་པ་དབྱངས་སྙན་རོལ་མོས་བསྟོད༔ ཐོ་རེངས་དགོངས་མོ་མཚན་དགུང་དང་༔ ཉིན་དགུང་ལ་སོགས་སྐབས་རྣམས་སུ༔ ཐུགས་དམ་བསྐུལ་ཞིང་དངོས་གྲུབ་ཞུ༔ འོད་ཟེར་སྤྲོ་བསྡུའི་དབང་བཞི་བླང་༔ ཞེས་སོ། དུས་གྲངས་རྟགས་ཀྱི་བསྙེན་པའི་གྲངས་ཚད་ནི། གྲངས་བསྙེན་འབུམ་ཚོ་བཅུ་གསུམ་བགྲང་༔ དུས་ནི་ཟླ་བ་གཉིས་ཀྱིས་འགྲུབ༔ རྟགས་ནི་རབ་དངོས་འབྲིང་ནི་ཉམས༔ ཐ་མ་ཡང་ནི་རྨི་ལམ་དུ༔ རིག་འཛིན་བླ་མ་བདེ་མཆོག་རྩལ༔ ཞི་བ་ཁྲོ་བོ་ཞི་མ་ཁྲོ༔ གང་འདུལ་ཚུལ་གྱིས་སྐུར་སྟོན་ཅིང་༔ དབང་བསྐུར་ཆོས་འཆད་ལུང་སྟོན་ནོ༔ གཞན་ཡང་དགེ་བའི་ལྟས་མང་འབྱུང་༔ འདི་ལྟར་སྒྲུབ་པའི་སྐྱེས་བུ་ལ༔ རིག་འཛིན་པདྨ་བདག་ཉིད་ཀྱིས༔ བྱིན་གྱིས་བརླབ་ཅིང་དབང་མཆོག་བསྐུར༔ གནས་སྐབས་མཐར་ཐུག་ཡོན་ཏན་ནི༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་འགྲུབ༔ ཨོ་རྒྱན་ང་དང་བསྐལ་པ་མཉམ༔ སྐྱེ་བ་པདྨ་འོད་དུ་འཕོ༔ རང་དོན་གྲུབ་ནས་གཞན་དོན་དུ༔ གང་འདུལ་སྤྲུལ་པས་འགྲོ་བ་འདྲེན༔ ཞེས་གསུངས་པས་དལ་འབྱོར་གྱི་ཞིང་ལ་ཤེས་བརྩོན་གྱི་ཡུར་མ་བགྱིས་ཏེ། ངེས་འབྱུང་དད་པས་ཀུན་ནས་བསླངས་ཏེ་སྐྱོ་ངལ་སྤངས་ལ་གྲངས་བསྙེན་འབུམ་ཚོ་བཅུ་གསུམ་ཁ་བསབ་དང་བཅས་པ་འབད་པར་བྱ། གསུམ་པ་ནི། དེ་ལྟར་དུས་གྲངས་རྟགས་ཀྱི་མཚན་མར་ངེས་པ་རྙེད་ནས་གྲོལ་བའི་སྐབས་སུ་བྱེད་ཚུལ་རྣམས་ཕྱི་སྒྲུབ་ལྟར་ལ་དཔལ་གྱི་གཏོར་མ་རིན་ཆེན་འབར་བ་ལྷར་ཤེས་པའི་གནས་གསུམ་ལས་རིམ་གྱིས་དང་ཅིག་ཅར་གྱི་ཚུལ་དུ་འོད་ཀྱི་སྤྲོ་བསྡུས་བུམ་གསང་ཤེར་ཡེ་ཚིག་དབང་རྣམས་ཀྱིས་མཚོན་བྱིན་རླབས་དངོས་གྲུབ་ཀྱིས་བདག་བརྒྱུད་གཏམས་པར་བསམ་ལ་གནས་སོ་སོར་བཞགརྩ་བར། དེ་ནས་དུས་རྟགས་གྲངས་གསུམ་གྱི༔ སྒྲུབ་པ་རྫོགས་ནས་གཏོར་ཆེན་ལས༔ དབང་བཞི་བླང་ཞིང་ཐུགས་དམ་བསྐུལ༔ གསང་བའི་བླ་རྡོ་ལུས་ལ་བཅང་༔ ཚོགས་འཁོར་ཆད་ཐོ་བསྟན་མ་སྐྱོང་༔ གླུ་བྲོ་བཀྲ་ཤིས་བསྔོ་སྨོན་བརྗོད༔ རྒྱུན་སྤྱོད་ལྷ་ཡི་རྣལ་འབྱོར་བསྒོམས༔ ཞེས་དང་། སྒྲུབ་པ་འདི་ཡི་དམ་ཚིག་ཏུ༔ གསང་བའི་བླ་རྡོ་འབྲལ་མེད་བཅང་༔ ཐོད་པ་མཚན་ལྡན་ཨ་མྲྀ་ཏ༔ སྐུ་དང་བླ་རྡོ་དྲིལ་བུ་བཅང་༔ ཇི་སྲིད་རང་ཉིད་འཚོ་ཡི་བར༔ ཚེས་བཅུ་བཟུང་ལ་དུས་དྲུག་ཏུ༔ ཨོ་རྒྱན་ང་ལ་གསོལ་བ་ཐོབ༔ ཅེས་གསུངས་པ་གཡར་དམ་དུ་བྱའོ། །༈གསུམ་པ་གསང་སྒྲུབ་ནི། སྤྱིར་དུས་རྒྱུན་དུ་ལྷ་སྔགས་བདེ་བ་ཆེན་པོའི་རོལ་པ་ལས་མི་འདའ་བར་བརྩོན་དགོས་པ་ལས་དུས་ཀྱི་ཡུན་ཚད་མ་གསུངས་ཤིང་། འོན་ཀྱང་འབུམ་ཕྲག་བཅུ་གསུམ་གྱི་བསྙེན་ཚད་གསུངས་པ་སྐབས་འདིར་ཉམས་སུ་ལེན་པའམ་ཡང་ན་ཀུན་གྱི་མཐར་ཡིན་ཀྱང་རུང་། གནས་དུས་ཡོ་བྱད་སོགས་དང་ཆོ་ག་གཞུང་བསྲང་བའི་དམིགས་བསལ་མི་དགོས། འོན་ཀྱང་སྤྲོས་པའི་ཞེན་འཁྲིས་མ་ཆོད་ན་ཞག་རེར་གཞུང་ཚར་རེ་བསྲངས། དངོས་གཞིའི་ཉམས་ལེན་འདི་ལྟར་སྐྱོང་བ་གཅེས་སོ། །དེ་ཡང་ཆོས་རྣམས་མ་སྐྱེས་སྐྱེ་བ་མེད༔ འགག་པ་མེད་ཅིང་གནས་པ་མེད༔ འཁོར་འདས་རོལ་པ་སྣ་ཚོགས་པ༔ རང་བྱུང་ཆོས་ཉིད་རྒྱན་དུ་ཆེ༔ རྒྱན་དུ་ཆེ་ཞིང་རྒྱན་དུ་རོལ༔ ངོ་བོ་ཉིད་ཀྱི་རྩལ་སྣང་དུ༔ ཡེ་ནས་ཤར་ཞིང་ཡེ་ནས་གྲོལ༔ གྲོལ་འཁྲུལ་འཛིན་པའི་བླང་དོར་རྣམས༔ ཀ་དག་ཡེ་རྒྱས་ཀློང་བརྡལ་ཕྱིར༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས༔ ཡང་ཟབ་འདི་བཞིན་ཉམས་སུ་ལོང་༔ དགོན་པའམ་ནི་དུར་ཁྲོད་དང་༔ ཚོང་འདུས་གྲོང་ཁྱེར་སྲང་མདོ་སོགས༔ རང་ཉིད་གང་ན་གནས་པའི་ཡུལ༔ ཡེ་ནས་དག་པ་མཁའ་སྤྱོད་ཞིང་༔ རིག་འཛིན་རྒྱལ་བའི་ཕོ་བྲང་ཡིན༔ འབྱུང་བཞི་འདུས་པའི་རང་ལུས་འདི༔ རང་བྱུང་དམ་ཚིག་སེམས་དཔའ་ཡིན༔ གདོད་ནས་དག་པའི་སེམས་ཉིད་འདི༔ ཆོས་སྐུ་ཡེ་ཤེས་སེམས་དཔའ་ཡིན༔ སྣང་བ་མ་འགགས་ཟང་ཐལ་འདི༔ ཀུན་བཟང་རྒྱལ་པོ་ཧེ་རུ་ཀ༔ ངོ་བོ་རིག་པའི་ཡེ་ཤེས་འདི༔ རིག་འཛིན་རྒྱལ་པོ་ཐོད་པ་རྩལ༔ སྐྱེ་འགག་གནས་གསུམ་སྤྲོས་བྲལ་སྟོང་༔ སྟོང་ཉིད་ཡུམ་ཆེན་མནྡྷ་རཱ༔ སྣང་སྟོང་ཡེ་གྲོལ་ཀ་དག་འདི༔ མ་བཅོས་རང་བྱུང་ཆོས་དབྱིངས་ཐུགས༔ སོ་སོར་ཤར་བའི་རྣམ་ཤེས་བརྒྱད༔ རིག་འཛིན་བཞི་དང་སློབ་དཔོན་བཞི༔ ཐ་དད་མེད་ཅིང་འཛིན་པ་བྲལ༔ རང་འོད་རང་ཤར་མཁའ་འགྲོ་བརྒྱད༔ ཡེ་ནས་རང་བྱུང་རང་ལ་གྲུབ༔ གྲུབ་བའི་རིག་འཛིན་ཆེན་པོ་དེ༔ རང་ལས་ཤར་ཞིང་རང་ལ་གྲོལ༔ བདེ་བ་སྤེལ་བའི་རིག་མ་བརྒྱད༔ མ་བཅོས་ཆོས་དབྱིངས་ཀློང་དུ་བརྡལ༔ དོན་གྱི་བཀའ་བབས་སློབ་དཔོན་དགུ༔ གང་འདུལ་འཕྲིན་ལས་རྣམ་པ་བཞི༔ རིག་འཛིན་གིང་ཆེན་སྒོ་བ་ལ༔ བདག་སོགས་ལྟ་བཞི་དབྱིངས་སུ་དག༔ རིགས་འཛིན་མཁའ་འགྲོ་སྒོ་མ་བཞི༔ ཐམས་ཅད་རང་བྱུང་རང་བཞིན་ཀློང་༔ རང་གསལ་རང་བྱུང་རང་ངོར་ལྟོས༔ བལྟ་བྱ་ལྷ་བྱེད་རྟོག་ཚོགས་བྲལ༔ མཐོང་མེད་མཐོང་བ་དོན་གྱི་ལྷ༔ མ་སྒྲུབས་ཡེ་ནས་རང་ལ་གནས༔ རེ་དོགས་སྒྲུབས་ཀྱང་ལྷ་མི་འགྲུབ༔ མ་བཙལ་བཞག་པས་རང་ས་ཟིན༔ གདོད་མའི་རིག་འཛིན་ཆོས་ཀྱི་སྐུ༔ མ་ཡེངས་འཛིན་མེད་གཟེར་གྱིས་ཐོབ༔ སྤྲོས་བྲལ་བློ་འདས་ཆེན་པོར་ཞོག༔ རང་བྱུང་རོལ་པའི་འཛབ་འདི་བགྲང་༔ ཨཱོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཅེས་བཟླས་རང་རིག་དྲི་མེད་འདི༔ ཡེ་ནས་རང་བྱུང་ཧེ་རུ་ཀ༔ དཔའ་བོ་དཔའ་མོའི་རང་བཞིན་ལ༔ ཡིན་ལ་ཡིན་བཞིན་རང་གསལ་གདབ༔ ཆོས་དབྱིངས་ཡེ་ཤེས་འཛབ་བསྙེན་འདི༔ འབུམ་ཚོ་བཅུ་གསུམ་གྲངས་ཐེམས་ན༔ བླ་མ་རིག་འཛིན་ཧེ་རུ་ཀ༔ གཉིས་མེད་འབྲས་བུ་བླ་མའི་ས༔ བཅུ་གསུམ་འཁོར་ལོ་ཚོགས་ཆེན་འཐོབ༔ སྒྲུབ་པ་འདི་ཡི་དྲོད་རྟགས་ཀྱིས༔ ཟག་བཅས་ཟག་མེད་ཀློང་དུ་གྲོལ༔ སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར༔ གནས་སྐབས་འབྱུང་བཞིར་རང་དབང་བསྒྱུར༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟིལ་གྱིས་གནོན་ཅིང་ཆོས་ལ་འགོད༔ རིག་འཛིན་རྒྱལ་པོ་ཧེ་རུ་ཀ༔ པདྨ་ང་དང་སྐལ་བ་མཉམ༔ དུས་གནས་རྫས་དང་ཡོ་བྱད་རྣམས༔ སྒྲུབ་པ་ཟབ་མོ་འདི་ལ་མེད༔ བླང་དོར་འཛིན་པའི་མཐའ་དང་བྲལ༔ གང་ལྟར་བསྒྲུབས་ཀྱང་མི་འགྲུབ་མེད༔ འགྲུབ་དང་མི་འགྲུབ་རེ་དོགས་བྲལ༔ ཡང་གསང་སྒྲུབ་པའི་མཐར་ཐུག་ཡིན༔ པདྨ་འབྱུང་གནས་ཧེ་རུ་ཀ༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་ངང་ནས་མངོན་སུམ་མཇལ༔ ཆོས་འཆད་ལུང་སྟོན་ངོ་སྤྲོད་འདེབས༔ དེ་ཚེ་རང་དང་བླ་མ་གཉིས༔ དབྱེར་མེད་ཆོས་དབྱིངས་ངང་དུ་གློད༔ ཅེས་མཐར་ཕྱིན་པར་བྱའོ། །༈བཞི་པ་ཡི་དམ་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་པ་བྱ་བ་ལ། ནང་སྒྲུབ་ཀྱི་བསྙེན་པ་རྫོགས་ནས༔ དཀྱིལ་འཁོར་བཅའ་གཞི་གཏོར་ཚོགས་བཀོད་པ་སོགས་རང་གཞུང་དེའི་སྟེང་ནས༔ ལས་ཀྱི་གཞུང་བསྲང་ཞིང་འཛབ་ཀྱིས་བསྐུལ་ཏེ༔ ཕྱི་ནང་གཉིས་ཀྱི་བསྙེན་པ་དུམ་རེ་བསྐྱལ༔ རང་རང་གི་གཞུང་ལྟར་གྱི་བསྐྱེད་རིམ་དང་དམིགས་པའི་འཕྲོ་འདུ་བསྒྱུར་ཞིང་རིག་པའི་རྩལ་སྦྱོང་ལ་འགལ་བ་མེད་གཤིས་དེ་གའི་ངང་ནས་སམ། ཡང་ན་རང་བླ་མ་བདེ་མཆོག་གཙོ་རྐྱང་དུ་གསལ་བའི་སྤྱི་གཙུག་ཆེ་མཆོག་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་ཧཱུྃ་སྨུག་ནག་གི་མཐར༔ ཨཱོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ ཅེས་པའི་སྔགས་འབྲུ་རྣམས་རང་སྒྲ་དིར་དིར་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་རང་གིས་བཟླས་པའི་ཚེ༔ མར་མེ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་འོད་ཀྱི་ཐག་པ་ལ་ཞོན་ནས་སྔགས་ཕྲེང་མདུན་བསྐྱེད་ཀྱི་ཆེ་མཆོག་གི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་ཡབ་ཡུམ་བདེ་བས་དགྱེས་ཏེ་སྔགས་འཁོར་དྲག་ཏུ་འཁོར་བ་ལས་འོད་ཟེར་འབུམ་ཕྲག་དུ་མ་རོ་གཅིག་ཕྱོགས་བཅུ་ཀུན་ཏུ་འཕྲོས་པ་ལས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ མཉེས་པའི་མཆོད་པར་གྱུར༔ བདེ་བར་གཤེགས་པ་ཞིང་རབ་འབྱམས་ཀྱི་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་དགྱེས་ཤིང་རབ་ཏུ་དགྱེས་པ་ལས༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཡོན་ཏན་དྲག་རྩལ་སྟོབས་དང་གཟི་བརྗིད་ཐམས་ཅད༔ སྐུ་ཡེ་ཤེས་སེམས་དཔའ་ཆེ་མཆོག་ཧེ་རུ་ཀའི་རྣམ་པ་ཆེ་ཆུང་ངེས་མེད་རྣམ་པ་གྲངས་མེད་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་བདག་མདུན་གྱི་བསྐྱེད་རིམ་གསལ་བའི་ཆེ་མཆོག་ཧེ་རུ་ཀ་ལ་ཐིམ༔ དེ་བཞིན་དུ་གསུང་འཛབ་ཀྱི་སྙིང་པོ་ཡིག་འབྲུ་དང་༔ ཐུགས་ཕྱག་མཚན་གྲི་གུག་དང་ཐོད་པ་བདུད་རྩི་ལ་སོགས་ཀྱི་རྣམ་པ་ཡང་སྔར་ལྟར་དཔག་ཏུ་མེད་པ་ཐིམ་པའི་བྱིན་རླབས་ལ་བརྟེན་ནས༔ དཔལ་ཆེན་པོ་ཡབ་ཡུམ་གཟི་མདངས་རྒྱས་ཤིང་བདེ་བས་དགྱེས་པ་ལ་འོད་ཟེར་གྱི་ཚོགས་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་གང་ཞིང་ཉི་ཟླའི་ཟེར་འབུམ་ཕྲག་དུ་མ་བརྡལ་བ་ཙམ་འཁྲུག་པས་བདུད་དང་ལོག་པར་འདྲེན་པའི་གདོན་བགེགས་ཐམས་ཅད་ཚར་བཅད་ཅིང་རྡུལ་དུ་བརླགས༔ ཆེ་བཙན་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཤིང་ཟིལ་གྱིས་མནན༔ ལྷ་འདྲེ་མི་གསུམ་གྱི་ནུས་སྟོབས་དང་ཡོན་ཏན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་དབང་དུ་བསྡུས་ཏེ༔ སྐུ་ལ་འདུ་བའི་སྦྱོར་བས་ཡོངས་སུ་བསྟིམས་པས་ནུས་སྟོབས་དང་ཡོན་ཏན་ཆེས་ཆེར་དུ་འབར་ཞིང་༔ སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དབང་དྲག་འབར་བའི་ཞིང་ཁམས་ཀྱི་དུར་ཁྲོད༔ བཅུད་ཀྱི་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཐམས་ཅད་ཀྱང་དཔལ་ཆེན་པོའི་རང་བཞིན༔ སྒྲ་གྲག་པ་ཐམས་ཅད་སྔགས་ཀྱི་རང་སྒྲ༔ རྟོགས་པ་ཅི་ཤར་བ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་གདོད་མ་ནས་དག་པའི་ཆོས་ཉིད་ཟང་ཐལ་དུ་ལམ་ལམ་གསལ་ཞིང་གོང་གི་སྙིང་པོ་ལ་འབུམ་ཚོ་གཅིག་བཟླ་བར་བྱའོ༔ དེ་བཞིན་དུ་དཔལ་བདུན་པོ་ལ་ཡང་དམིགས་པ་གོང་མ་ལྟར་རིགས་འགྲེ་ཞིང་༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཡང་དག་གོ༔ ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ གཤིན་རྗེའོ༔ ཨཱོཾ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དབང་ཆེན་ནོ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བྷིགྣན་བཾ་ཧཱུྃ་ཕཊ༔ སྲས་མཆོག་གོ༔ ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿ གྷུ་ཧྱ་ཛྙཱ་ན་ཀྲོ་ཏི་ཤྭ་རི་སྟྭཾཿ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ མ་མོའོ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྟཱན་ཧཱུྃ་ཕཊ༔ དྲེགས་པའོ༔ ཨཱོཾ་བཛྲ་སརྦ་དུཥྟཱན་ཧཱུྃ་ཕཊ༔ སྟོབས་ལྡན་ནོ༔ དེ་ལྟར་དཔལ་ཆེན་པོ་བརྒྱད་ཀྱི་གྲངས་བསྙེན་ནི་གོང་མ་དང་འདྲ་ཞིང་འབུམ་ཚོ་རེ་རེས་མི་འགྲུབ་མི་སྲིད་པས་བརྩོན་འགྲུས་ཀྱི་རྟ་ཕོས་རྩལ་ཐོན་པ་བྱེད་དེ༔ ལེ་ལོ་དང་སྙོམས་ལས་སྤངས་ནས་ཚུལ་བཞིན་དུ་སྒྲུབ་པ་གལ་ཆེའོ༔ དེའི་ཚེ་རྟགས་ཀྱི་རིམ་པ་ནི་སྤྱིར་སྒྲུབ་ཐབས་གཞན་རྣམས་དང་འདྲ་ཞིང་ཁྱད་པར་དུ་རབ་འབྲིང་ཐ་མའི་ཚུལ་གྱིས་ཞལ་མཇལ་བ༔ གསུང་ཐོས་པ་ཡང་དག་པའི་ལྟ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལ་སོགས་དང་༔ བྲག་གཤགས་པ་ལིངས་བཏབ་པ་ལྡེར་བཟོ་བཅོམས་པ་གཡུལ་ལས་རྒྱལ་བ་མཚོན་དང་ཕྱག་མཚན་རྙེད་པ༔ ཁྱི་དང་བྱི་ལ་བརྡུངས་པ་དང་བསད་པ་སོགས་གདོན་བགེགས་ཐུལ་བའི་རྟགས་དང་༔ གཏེར་སྟོན་པ་ནམ་མཁའ་ལ་འཕུར་བ་ཉི་ཟླ་ཤར་བར་ཞོན་པ༔ བུད་མེད་བཟང་མོས་ཆང་འདྲེན་པ་སོགས་དངོས་གྲུབ་ཐོབ་པའི་རྟགས་རྣམས་འབྱུང་ངོ་༔ སྔགས་གྲངས་རྫོགས་ཀྱང་རྟགས་རྣམས་མ་གསལ་ན༔ སྔགས་དམིགས་ཀྱི་སྤྲོ་བསྡུ་སོགས་ལ་ལེ་ལོར་སོང་བའི་རྟགས་ཡིན་པས་བླ་མ་ལ་གསོལ་བ་ཕུར་ཚུགས་སུ་གདབ༔ སྒྲུབ་པ་ལ་བརྩོན་པའི་གོ་ཆ་འཛབ་བསྐུལ་ལྟར་བརྩོན་ཞིང་༔ སྐྱེ་ཤི་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་བསྒྲུབ་སྙམ་པའི་ཞེ་བཅད་དྲག་པོའི་ངང་ནས་སྒྲུབ་པ་སླར་བསྐྱོར་བར་བྱའོ༔ ཐོས་ཆུང་གསར་བུ་འགའ་ཞིག་གིས་རང་གི་བརྩོན་འགྲུས་ཆུང་བ་དང་སྙིང་རུས་མེད་པ་མི་སེམས་པར་བསྒྲུབས་ལ་དྲོད་མེད་པར་འདུ་ཤེས་ནས༔ བསྒྲུབ་པའི་འཕྲོ་བཅད་ན་ནི་བར་ཆད་དུ་སོང་བ་ཞེས་བྱ་སྟེ་ཚེ་འདིར་ཡང་མི་རུང་བ་སྣ་ཚོགས་ཤིག་འབྱུང་ཞིང་༔ ཚེ་རབས་མང་པོར་གསང་སྔགས་ཀྱི་སྒྲ་མི་ཐོས་པར་འགྱུར་བས་བསྒྲུབ་པ་ལ་བཙོན་འགྲུས་སྐྱེད་ཅིག༔ ཡང་ཁ་ཅིག་བསྙེན་པ་མ་རྫོགས་པ་ལ་རྟགས་གསལ་ན་སྒྲུབ་རྫས་ལས་དབང་བཞི་ལེན་ཞིང་དགའ་བྲོད་ཀྱི་བདུད་མ་ཞུགས་པར་བྱས་ཏེ་བསྙེན་པ་ཚད་དུ་འཁྱོལ་བར་བྱའོ༔ རྟགས་གསལ་བ་ཙམ་གྱིས་ང་རྒྱལ་ཏེ་བསྙེན་པ་འཕྲོ་བཅད་ན་དེ་ཡང་ལམ་ལས་གོལ་བར་ཤེས་པར་བྱའོ༔ ལར་དངོས་གྲུབ་ཀྱི་བདུད་ལ་ཐེ་ཚོམ་དང་ཡིད་གཉིས་ཆེ་བས་ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས་འཇུག་པ་ཡང་དག་པའི་མན་ངག་གོ༔ ཞེས་གསུངས་པ་ལྟར་ཉམས་སུ་བླང་ངོ་། །བསྙེན་སྒྲུབ་རྫོགས་ནས་སྒྲུབ་གཏོར་ལས་དབང་བཞི་ལེན་ཞིང་བླ་རྡོ་བཅང་ལུགས་སོགས་སྔར་བཤད་པ་ལྟར་རོ། །༈ལྔ་བ་འཕྲིན་ལས་བཞི་སྒྲུབ་པའི་རིམ་པ་རྒྱུན་དུ་བསྙེན་པ་ཕྱི་ནང་སོ་སོའི་དུས་སྦྱར་བ་ཡིན་མོད་ཀྱང་། འདིར་འཕྲིན་ལས་བཞི་རྐྱང་སྒྲུབ་བྱ་སྟེ༔ དེ་ཡང་། ལས་སྦྱོར་འཕྲིན་ལས་བཞི་ལ་རང་གསལ་གདབ༔ ཅེས་གསུངས་པཿ ཟིན་བྲིས་སུཿ ཕྱི་ནང་གསང་བའི་སྒྲུབ་པ་གསུམ༔ རང་གཞུང་བསྙེན་པ་མཐར་ཕྱིན་ཚེ༔ ལས་སྦྱོར་བཞི་ནི་འདི་ལྟར་བྱ༔ རང་ཉིད་རིག་འཛིན་ཐོད་པ་རྩལ༔ ཡབ་ཡུམ་རིག་འཛིན་དཀྱིལ་འཁོར་ལྷ༔ མ་ལུས་ཐམས་ཅད་སྐུ་མདོག་དང་༔ རྒྱན་དང་ན་བཟའ་ཕོ་བྲང་ཞིང་༔ དཀར་གསལ་འོད་ཟེར་མདངས་ལྡན་བསྐྱེད༔ ཐུགས་ཀར་ཉི་དཀྱིལ་ས་བོན་མཐར༔ རྩ་སྔགས་ཤམ་བུའི་སྔགས་འབྲུ་རྣམས༔ གཡས་སུ་འཁོར་ཞིང་ཟེར་དུ་འཕྲོས༔ འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས༔ ནད་གདོན་བག་ཆགས་སྡིག་སྒྲིབ་རྣམས༔ བ་མོར་ཉི་ཟེར་ཕོག་པ་ལྟར༔ རབ་ཏུ་བྱང་ཞིང་དག་པ་ཡི༔ མ་ཡེངས་འདུན་པ་རྩེ་གཅིག་ངང་༔ རྩ་སྔགས་ཤམ་བུར་འདི་བཏགས་བཟླས༔ ཞེས་གསུངས་པས་འདིར་ཕྱི་སྒྲུབ་ཀྱི་བསྙེན་པའི་སྔགས་ཤམ་དུ་ཨཱོཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར་བའི་དམིགས་པ་དང་བཟླས་པ་ཡང་དེ་བཞིན། འབུམ་ཚོ་གཅིག་གིས་ནད་གདོན་བགེགས༔ ཞི་བའི་ལས་ཀུན་མཐར་ཕྱིན་འགྲུབ༔ དེ་རྫོགས་ནས་བྱ་བའམ་ཐུན་བཞིར་བཅད་ནས། སྔ་ཐུན་ཞི་བ། དེ་རྗེས་རྒྱས་པ། དགོང་མོ་དབང་། སྲོད་དྲག་པོ། དུས་དང་སྦྱར་ནས་བཟླ་བ་སྟབས་གང་བདེར་བགྱིས་ན་འགལ་བ་མེད་དམ་སྙམས། དེ་བཞིན་སེར་པོ་དམར་དང་ལྗང་༔ རྒྱས་པ་དབང་དང་དྲག་པོ་གསུམ༔ སྐུ་མདོག་སྔགས་འབྲུ་འོད་ཟེར་རྣམས༔ གོང་ལྟར་སྔགས་དམིགས་འཁྲུལ་འཁོར་བསྒྱུར༔ མ་ཡེངས་ངང་ནས་ལས་སྦྱོར་གསུམ༔ འབུམ་ཚོ་རེ་རེ་བཟླས་པ་ཡིས༔ ཚེ་བསོད་དཔལ་འབྱོར་དབང་ཐང་རྒྱས༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ལོག་འདྲེན་དགྲ་བགེགས་ཚར་གཅོད་འགྱུར༔ འདི་ནི་སྒྲུབ་པའི་ཁ་སྐོང་སྟེ༔ འཕྲིན་ལས་བཞི་སྒྲུབ་ཡིག་ཆུང་ངོ་༔ ཞེས་སོ། །༈དྲུག་པ་དོན་རྣམ་པ་གཉིས་ཀྱི་དངོས་གྲུབ་འཐོབ་པར་འདོད་པས་དཔའ་བོ་མཁའ་འགྲོའི་སྒྲུབ་པ་ལ་འཇུག་པར་བྱ་བ་ནི། གནས་དང་དཀྱིལ་འཁོར་བཅའ་གཞི་གཏོར་ཚོགས་བཀོད་པའི་བྱེ་བྲག་དང་བཅས་པ་ནང་སྒྲུབ་སོར་བཞག་གི་སྟེང་ནས། ལས་ཀྱི་གཞུང་བསྲང་ཕྱི་ནང་གཉིས་དང་དཔལ་བརྒྱད་ཀྱི་བསྙེན་དམིགས་ཐུན་འགོ་ན་དུམ་རེ་བསྐྱལ་ཞིང་༔ རང་ཉིད་དཔལ་ཆེན་པོ་ཧེ་རུ་ཀཿ ཡབ་ཡུམ་དུ་གསལ་བའི་ཡན་ལག་བཞིའི་ཚིགས་ཁར་དུར་ཁྲོད་ཀྱི་ཕོ་བྲང་འཇིགས་རུང་བཀོད་པའི་ཚོམ་བུ་ཚང་བར་ལྡན་པའི་དབུས་སུ༔ པུས་མོ་གཡས་ནས་གཡས་བསྐོར་དུ་དཀྱིལ་འཁོར་ཆེན་པོའི་སྒོ་སྐྱོང་༔ དུར་ཁྲོད་དང་གནས་ཡུལ་ཀུན་གྱི་དེད་དཔོན་ཆེན་པོ་བཛྲ་རཏྣ་པདྨ་ཀརྨ་སྟེ༔ དཔའ་བོ་དཔའ་མོ་ཡམ་ཡུམ་བརྒྱད་འཁྲིལ་སྦྱོར་གར་སྟབས་ཅན་གྲི་ཐོད་ཀྱི་ཕྱག་རྒྱ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བསྐྱེད་པའི་བ་སྤུའི་འོད་ཀློང་དང་གནས་ལྔར་རིགས་བཞིའི་དཔའ་བོ་དཔའ་མོ་འབུམ་ཕྲག་འབུམ་ཕྲག་གི་ཚོགས་གྲངས་མེད་དཔག་ཏུ་མེད་པ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུར་བསྒོམ་ཞིང་༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡབ་བཞི་ལ་ར་ཙ་ཧྲཱིཿཡ༔ ཡུམ་བཞི་ལ་ཧ་རི་ནི་སའི་ཐུགས་སྲོག་ས་བོན་གྱིས་མཚན་པའི་མཐར་ཡབ་རྣམས་ལ་རཱ་ཙ་ཧྲི་ཡ༔ ཡུམ་རྣམས་ལ་ཧ་རི་ནི་ས་བཞིའི་སྔགས་འབྲུ་ཚང་བ་རེ་གཡས་གཡོན་དུ་ཐབས་ཤེས་ཀྱི་ཚུལ་དུ་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་༔ ཞལ་ནས་སྙིང་པོ་དུམ་གཅིག་བཟླས་པས་སྔགས་ཕྲེང་འོད་ཟེར་གྱི་རྣམ་པར་གཅིག་ལས་གཉིས་ཆད༔ མདུན་བསྐྱེད་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བ་དང་སྒོ་བཞིའི་གཞལ་ཡས་དང་དཔའ་བོ་དཔའ་མོ་བརྒྱད་ཀྱི་ཐུགས་ཀར་ཕོག་ཅིང་༔ དེ་རྣམས་ཀྱི་ཐུགས་ཀའི་སྔགས་འཁོར་ཡང་དྲག་ཏུ་འཁོར་ཡབ་ཡུམ་ཐམས་ཅད་བདེ་བ་ཆེན་པོར་རབ་ཏུ་རྒྱས་པ་ལས༔ དཔལ་ཆེན་པོ་དབང་གི་ལྷ་ཚོགས་རྣམས་དང་ཁྱད་པར་དུ་དཔའ་བོ་དཔའ་མོ་རྣམས་ཀྱི་གནས་གསུམ་དང་ཐུགས་ཀ་རྣམས་ལས་འོད་ཟེར་འབུམ་ཕྲག་དུ་མ་ཕྱོགས་བཅུའི་དག་པའི་ཞིང་མཁའ་སྤྱོད་ཀྱི་གནས༔ ཁྱད་པར་དུ་གནས་ཉི་ཤུ་རྩ་བཞི་ཡུལ་སུམ་ཅུ་སོ་ལྔ་དུར་ཁྲོད་ཆེན་པོ་བརྒྱད་ནུབ་ཕྱོགས་ཨོ་རྒྱན་ཟངས་མདོག་པདྨ་འོད་ལ་སོགས་སུ་བཞུགས་པའི་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ བདེ་བ་ཆེན་པོའི་རང་བཞིན་ལས་རང་ཤར་བའི་མཆོད་པའི་སྤྲིན་ཕུང་དུ་གྱུར་ཞིང་མཆོད་པས༔ དེ་རྣམས་ཐམས་ཅད་མཉེས་ཤིང་ཡོངས་སུ་དགྱེས་ནས་ཡེ་ཤེས་དང་བྱིན་རླབས་ཀྱི་རྣམ་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་འོད་ཟེར་སྣ་ཚོགས་ཀྱི་རྣམ་པར་ཁ་བ་བུ་ཡུག་འཚུབ་པའམ་ཉི་རྡུལ་ལྟར་ཚུར་འདུས་ཤིང་རང་དང་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པས༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ཀུན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེ་བཙན་དུ་གྱུར་ཞིང་༔ ནུས་སྟོབས་ཆེས་ཆེར་འབར་བའི་གཟི་བརྗིད་ཀྱིས་སྟོང་ཁམས་ཀུན་ཏུ་ཁྱབ་ཅིང་འཁྲུག་པས༔ གཟུགས་ཅན་གཟུགས་མེད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དབང་དུ་བསྡུས་ནས་བྲན་དུ་བཀོལ་ཟིལ་གྱིས་མནན་ཏེ༔ ཁམས་གསུམ་འཁོར་བའི་མིང་མེད་པར་དཔའ་བོ་མཁའ་འགྲོའི་ཞིང་ཁམས་དཔའ་བོ་དཔའ་མོའི་རང་བཞིན་དུ་མེར་མེར་ཤིག་ཤིག་ཡོམ་ཡོམ་ཏིང་འཛིན་དུ་ལམ་ལམ་སྔགས་སྒྲ་རུ་དིར་དིར་ཡོད་པར་བསམས་ཤིང་གསང་སྔགས་རྒྱལ་པོ་འདི་ལ་འབུམ་ཚོ་གཅིག་བགྲང་བར་བྱའོ༔ ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་སྭཱ་ཧཱ༔ སྔགས་ཀྱི་ཐེམས་ནི། དཔའ་བོ་མཁའ་འགྲོའི་དྲིལ་སྒྲུབ་ཀྱི༔ སྙིང་པོ་སྔགས་འབྲུ་བཅོ་ལྔ་པར༔ སརྦ་སིདྡྷི་སྭཱ་ཧཱ་ཞེས༔ འདོད་གསོལ་སྦྱར་བ་ཤིན་ཏུ་མཆོག༔ ཅེས་སོ། །དེ་ལྟར་ཉམས་སུ་བླངས་པའི་ཚེ་རྟགས་ཀྱི་རིམ་པ་ནི་སྒྲུབ་ཐབས་སྤྱི་དང་མཐུན་ཞིང་༔ ཁྱད་པར་དུ་དཔའ་བོ་དཔའ་མོའི་ཞལ་མཐོང་བ་གསུང་ཐོས་པ་ཉམས་མྱོང་ཁྱད་པར་ཅན་སྐྱེ་བ་ཏིང་ངེ་འཛིན་ཁོར་ཡུག་ཏུ་འཆར་བ༔ ཟག་བཅས་ལ་བློ་ལོག་ཅིང་ཟག་མེད་མངོན་དུ་འགྱུར་བ༔ སྒྲུབ་རྫས་དང་གཏོར་མ་སོགས་ལ་མེ་འབར་བ་དུད་པ་འཐུལ་བ་དྲི་བཟང་པོ་བྲོ་བ༔ ཁྲོམ་མང་པོ་ལ་དབང་བསྐུར་བ་ཆོས་བཤད་པ་ཁྲི་བཟང་པོ་ལ་འདུག་པ་རྒྱན་བཏགས་པ་གོ་གྱོན་པ༔ བུད་མེད་མང་པོའི་འཁོར་གྱིས་བསྐོར་བ༔ དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་གཏད་པ་རིག་པ་འུར་པ༔ ནམ་མཁའ་ལ་འཕུར་ཞིང་གནས་ཆེན་པོ་རྣམས་མཐོང་བ་ལ་སོགས་དངོས་ཉམས་རྨི་ལམ་དུ་འབྱུང་བར་འགྱུར་རོ༔ ངན་པའི་རྟགས་ལ་རྐུབ་དང་མོ་མཚན་སྟོན་པ༔ མཛེ་མོ་སྤྲང་མོ་ཡུགས་ས་མོ་ངན་སྤྲང་ལང་ལོང་མུན་རུབ་པ་བོང་བུ་ཞོན་ནས་ནུབ་བྱང་ལ་རྒྱུག་པ༔ གོས་ནག་པོ་ཧྲལ་ཧྲུལ་གྱོན་པ་ཐུར་ལ་རྒྱུག་པ་སོགས་བྱུང་ན་ངན་ནོ༔ དེ་ལྟར་བཟང་པོའི་རྟགས་རྣམས་བྱུང་ཡང་དགའ་སྤྲོ་མི་བྱ་ཞིང་ཆོས་ཉིད་ཀྱི་རོལ་པར་ཤེས་པའི་ངང་ནས་ཏིང་ངེ་འཛིན་གྱིས་དབང་བཞི་ལེན༔ ངན་རྟགས་ཤར་ཀྱང་རྣམ་རྟོག་ཏུ་མི་འཛིན་ཞིང་དཔའ་བོ་མཁའ་འགྲོའི་བསྐང་བཤགས་ལ་འབད་ཅིང་གྲིབ་དང་མི་གཙང་བ་ལ་འཛེམ༔ སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད་པར་བྱའོ༔ བསྙེན་པ་རྫོགས་ནས་སྒྲུབ་རྫས་གནས་གསུམ་དུ་གཏུག་ཅིང་དབང་བཞི་ལེན༔ མཐར་དམིགས་མེད་དུ་རྒྱས་འདེབས་སྟོང་ཉིད་དུ་ལམ་འཁྱེར་བྱའོ༔ རྗེས་ཀྱི་དམ་ཚིག་གི་རིམ་པ༔ དཔའ་བོ་མཁའ་འགྲོ་གསང་བའི་དམ་ཚིག་ནི༔ གསང་དབང་ཤེས་རབ་ཡེ་ཤེས་ཚིག་དབང་སོགས༔ དབང་གི་དམ་ཚིག་ཇི་ལྟར་བཤད་བཞིན་བསྲུང་༔ དེས་ནི་ལུས་དང་གྲིབ་མ་ཇི་བཞིན་དུ༔ དཔའ་བོ་དཔའ་མོ་འགྲོག་པར་གདོན་མི་ཟ༔ བཅུ་བཞི་ཉེར་གཉིས་ཉེར་ལྔ་ཉེར་དགུ་སོགས༔ དཔའ་བོ་མཁའ་འགྲོ་རྒྱུ་བའིི་དུས་ཡིན་པས༔ ཚོགས་འཁོར་བསྐང་བཤགས་གཏོར་མཆོད་བསྒོམ་བཟླས་བྱ༔ ཞེས་གསུངས་པ་ལས་མི་འདའ་བར་བྱའོ། །༈བདུན་པ་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་ཧེ་རུ་ཀའི་ཐུགས་སྒྲུབ་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་སྦྱོར་གསུམ་དང་ཕན་ཡོན་ཏེ་དོན་ཚན་བཞི་ཡིས་སྟོན་ཏེ། དང་པོ་སྔོན་འགྲོ་རྣམ་པ་བཞིས་སྟོན་ཏེ༔ གནས་དང་ཡོ་བྱད་སྔོན་འགྲོ་སེམས་བསྐྱེད་དོ༔ དང་པོ་གནས་ནི་རབ་འཇིགས་དུར་ཁྲོད་དམ༔ ཞིང་སྐྱོང་དཔའ་བོ་མཁའ་འགྲོ་རྒྱུ་བའི་གླིང་༔ ཡང་ན་སྐབས་སུ་གང་བབས་གནས་པའི་ས༔ ཡུལ་དགོན་ཚོང་དུས་གྲོང་བརྡལ་གང་ཡང་རུང་༔ གཉིས་པ་ཡོ་བྱད་སྟ་གོན་རིམ་པ་ནི༔ སྟེགས་བུ་གཙང་མར་སྨན་གཏོར་རཀྟ་བཤམས༔ ཁམས་ཀྱི་མཐུན་རྐྱེན་ཚོགས་ཀྱི་ཡོ་བྱད་བསགས༔ དམིགས་པའི་རྟེན་ལ་སྐུ་གཟུགས་ཚད་ལྡན་བཀྲམས༔ གསུམ་པ་སྐྱབས་འགྲོ་མདུན་གྱི་ནམ་མཁའ་ལ༔ རྩ་གསུམ་ལྷ་ཚོགས་བསྒོམ་ཞིང་བློ་སྙིང་བཀལ༔ རེ་ལྟོས་ཁྱེད་ཤེས་ངང་ནས་སྐྱབས་སུ་འགྲོ༔ བཞི་པ་སེམས་བསྐྱེད་འགྲོ་དྲུག་ཕ་མ་རྣམས༔ མ་བསྒྲལ་སྒྲོལ་ཞིང་མ་གྲོལ་འགྲོལ་བའི་ཕྱིར༔ རིགས་བདག་བདེ་གཤེགས་ཀུན་འདུས་ཧེ་རུ་ཀ༔ ཚུལ་བཞིན་བསྒྲུབ་པའི་དམ་བཅའ་སྙིང་ལ་གདབ༔ ཞེས་གནས་དང་ཡོ་བྱད་ཀྱི་བཅའ་གཞི་གསལ་བ་དེ་ལྟར་དང་། སྔོན་འགྲོ་ནས་བཟུང་ལས་ཀྱི་གཞུང་འཛབ་བསྙེན་བཟླས་པའི་རིམ་པ་ཉུང་ཙམ་རེ་དང་སོ་སོའི་དམིགས་པ་གསལ་ནས་གཞུང་གི་ཧཱུྃ་སྒྲུབ་ཀྱི་དོན་ལྟ་བུར་འཇུག་པར་བྱ་སྟེ། རྩ་བར། གཉིས་པ་དངོས་གཞིར་ས་བཅད་རྣམ་པ་གསུམ༔ བསྐྱེད་རིམ་བསྙེན་ཞིང་གྲུབ་རྟགས་བསྟན་པའོ༔ ཞེས་ས་བཅད་ཀྱིས་ཕྱེ་བས། སྐད་ཅིག་གིས་དམིགས་པའི་བསྒྱུར་ཁཿ དང་པོ་བསྐྱེད་པའི་རིམ་པ་འདི་ལྟ་སྟེ༔ འཁོར་འདས་ཐམས་ཅད་སྟོང་པའི་རང་བཞིན་ལས༔ གནམ་ལྕགས་རྡོ་རྗེ་རྩེ་ལྔའི་ཁོང་གསེང་དུ༔ ཡེ་ཤེས་རང་བྱུང་ཡི་གེ་ཧཱུྃ་སྨུག་ནག༔ བམ་རོ་ཉི་ཟླ་པདྨའི་སྟེང་དུ་གསལ༔ འོད་ཟེར་འཕྲོས་པས་རྒྱལ་བ་ཞི་ཁྲོ་མཆོད༔ བྱིན་རླབས་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ གཟི་བརྗིད་དཔལ་འབར་འོད་ཀྱིས་རྒྱལ་བསེན་དང་༔ སྡེ་བརྒྱད་འབྱུང་པོ་མ་ལུས་བསྐྲད་ཅིང་གཟིར༔ སེམས་ཅན་ཀུན་གྱི་ཤེས་སྒྲིབ་ཉེས་ལྟུང་སྦྱངས༔ དཔལ་འབྱོར་དབང་ཐང་བསྡུས་ཏེ་ཧཱུྃ་ལ་ཐིམ༔ སྐད་ཅིག་གནས་གྱུར་ཁྲག་འཐུང་ཐོད་པ་རྩལ༔ སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་རབ་བགྲད་ཞལ་གདངས་མཆེ་བ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་འོད་འབར༔ དབུ་སྐྲར་ཁམ་ནག་ཐོད་པའི་ཕྲེང་བས་བཅིངས༔ ཕྱག་གཡས་རྡོ་རྗེས་རི་རབ་ཐལ་བར་བརླག༔ ཕྱག་གཡོན་དྲིལ་བུ་ལྷ་ལྕམ་ཡུམ་ལ་འཁྱུད༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་བརྒྱན༔ གནམ་ལྕགས་སྤུ་གྲིའི་གཤོག་པས་སྲིད་གསུམ་གཡོ༔ ལྷ་ལྕམ་དམར་མོ་རབ་ཏུ་ཁྲོས་མས་འཁྱུད༔ ཡབ་ཡུམ་འཁྲིལ་སྦྱོར་མེ་དཔུང་ཀློང་ན་འགྱིང་༔ སྤྱི་བོར་ཆེ་མཆོག་དཔྲལ་བར་གཤིན་རྗེ་དང་༔ མགྲིན་པར་གསུང་མཆོག་ཐུགས་ཀར་བཛྲ་དཔལ༔ ལྟེ་བར་སྲས་མཆོག་གསང་བར་རྦོད་གཏོང་སྟེ༔ བརླ་གཡས་མཆོད་བསྟོད་བརླ་གཡོན་དྲག་སྔགས་སྐུ༔ གཞན་ཡང་བ་སྤུའི་འོད་ཀློང་རེ་རེ་བཞིན༔ ཞི་ཁྲོ་ཁྲག་འཐུང་དཔལ་དང་ཡང་སྤྲུལ་དང་༔ ཕོ་ཉ་ལས་བྱེད་དཔའ་བོ་དཔའ་མོ་སོགས༔ ཡོམ་ཡོམ་ཤིག་ཤིག་ཉི་རྡུལ་ལྟ་བུར་བསམས༔ ཆོས་དབྱིངས་ཀ་དག་ཀློང་ནས་བསྐྱེད་པའི་ལྷ༔ རང་རིག་ཧེ་རུ་ཀ་དང་འདུ་འབྲལ་མེད༔ ཡེ་ནས་རང་གནས་ལྷུན་གྲུབ་རང་ལ་བཞུགས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཕྱག༔ ཕྱི་ནང་གཟུང་འཛིན་རང་གྲོལ་མཆོད་པ་སྟེ༔ རེ་དོགས་གཟུང་འཛིན་ཕྱོགས་ལས་རྣམ་རྒྱལ་བསྟོད༔ གཉིས་པ་བསྙེན་ཞིང་སྒྲུབ་པའི་རིམ་པ་ནི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གསལ་བའི་སྟེང་༔ གནམ་ལྕགས་རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ༔ སྨུག་ནག་ཧཱུྃ་གི་ཡི་གེར་མེ་ཆེན་འབར༔ ཁམས་གསུམ་འཁྲུག་ཅིང་སྲིད་གསུམ་རབ་ཏུ་བསྲེག༔ འཁོར་འདས་ཆེ་བཙན་རང་ཉིད་ཧེ་རུ་ཀའི༔ སྐུ་ལས་ཚ་ཚ་ཁྲོ་ཆུང་གྲངས་མེད་འཕྲོ༔ སྡང་མིག་བགྲད་པས་དྲེགས་པ་ཟིལ་གྱིས་གནོན༔ རྣོ་ངར་མཆེ་བ་གཙིགས་པས་བདུད་བཞི་འཇོམས༔ ཕྱག་གཡས་རྡོ་རྗེས་དྲེགས་བྱེད་ཀླད་པ་འགེམས༔ ཕྱག་གཡོན་དྲིལ་བུས་གདོན་བགེགས་སྨྱོ་འབོག་རེངས་༔ ལྷ་སྲིན་བྱེ་བ་འདུལ་ཞིང་བྲན་དུ་བཀོལ༔ སྐུ་ནི་ཁྲག་འཐུང་ཞི་ཁྲོའི་ཚོམ་བུར་གསལ༔ ཐུགས་ནི་སྤྲོས་བྲལ་འཁོར་འདས་ཡོངས་ཀྱི་བདག༔ གསུང་ནི་ཧཱུྃ་སྒྲ་འབྲུག་སྟོང་ལྡིར་བ་ལས༔ འཇིག་རྟེན་ཁམས་ཀུན་འུར་འུར་ཤིགས་ཤིགས་འཁྱོམ༔ སངས་རྒྱས་བྱང་སེམས་རིག་འཛིན་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་སྨོན་ལམ་སྟོབས༔ ལྷ་འདྲེ་མི་གསུམ་ཚེ་དཔལ་དབང་ཐང་འབྱོར༔ ཐམས་ཅད་ཧེ་རུ་ཀ་ལ་གཉིས་མེད་བསྒོམ༔ བདུན་གཅིག་བདུན་གཉིས་བདུན་གསུམ་ལ་སོགས་པ༔ རབ་འབྲིང་ཐ་མའི་རྣལ་འབྱོར་རིམ་པ་བཞིན༔ བརྩོན་འགྲུས་ལྡན་པས་ཉམས་སུ་ལེན་པར་བྱ༔ གསུམ་པ་རྟགས་ཀྱི་རིམ་པ་འདི་ལྟ་སྟེ༔ དབང་པོ་རབ་ཀྱི་དུས་བསྙེན་བདུན་ཕྲག་གཅིག༔ གྲངས་ཀྱི་བསྙེན་པ་ཁྲི་ཚོ་བཅུ་གསུམ་མོ༔ དབང་པོ་འབྲིང་གིས་དུས་བསྙེན་བདུན་ཕྲག་གཉིས༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་གཉིས་ཀྱིས་རྫོགས༔ དབང་པོ་ཐ་མས་དུས་བསྙེན་བདུན་ཕྲག་གསུམ༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ་གྱིས་རྫོགས༔ དབང་པོ་རབ་ཀྱིས་ང་ཉིད་མངོན་སུམ་མཇལ༔ ཆོས་ཉིད་ཀ་དག་རིག་པ་རྗེན་ལ་འབུད༔ རང་སེམས་དུས་གསུམ་སངས་རྒྱས་མངོན་སུམ་རྟོགས༔ སྤང་བླང་རེ་དོགས་གཟུང་འཛིན་རང་སར་གྲོལ༔ ཤེས་རིག་རང་རྩལ་ཧེ་རུ་ཀ་རུ་སྨིན༔ འབྲིང་གིས་བསྐྱེད་རིམ་སྣང་སྟོང་ལྷ་སྐུར་གྲོལ༔ ཉམས་དང་འོད་གསལ་ངང་ནས་ང་དང་མཇལཿ དུས་གསུམ་རྟོག་ཚོགས་མ་སྤངས་སྐུ་གསུམ་རྟོགས༔ བག་ཆགས་གཟུང་འཛིན་སྣང་སེམས་བདུད་ལས་རྒྱལ༔ ཐ་མས་རྨི་ལམ་བཟང་རྟགས་སྣ་ཚོགས་རྨི༔ བར་ཆད་གདོན་དང་བགེགས་རྣམས་བསྐྲད་ཅིང་རེང༔ ཐུན་མོང་དངོས་གྲུབ་བསམ་པའི་དོན་བཞིན་འགྲུབ༔ རྒྱལ་བསེན་སྡེ་བརྒྱད་དཔག་ཚད་རྒྱང་གྲགས་འབྲོས༔ ཞེས་ཧཱུྃ་གི་བཟླས་པ་ལ་འབད་པར་བྱའོ། །གསུམ་པ་རྗེས་ཀྱི་ས་བཅད་རྣམ་པ་ལྔ༔ ལས་སྦྱོར་བཞི་དང་ཕན་ཡོན་རིམ་པའོ༔ ལས་སྦྱོར་དང་པོ་ཞི་བའི་རིམ་པའོ༔ ལྷ་ཚོགས་ཐམས་ཅད་ཞི་བ་སྐུ་མདོག་དཀར༔ སྔགས་འབྲུ་འོད་ཟེར་རྣམས་ཀྱང་དཀར་པོ་བསྒྱུར༔ རང་དང་ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ ཉེས་ལྟུང་སྡིག་སྒྲིབ་སྦྱངས་ཏེ་ཉམས་ཆག་སྐོངས༔ མེ་ལོང་ལྟ་བུའི་ཡེ་ཤེས་ལྡན་པར་བསམས༔ རྒྱུན་རིང་འཇམ་པར་ཧཱུྃ་རིང་ཤུབ་བུས་བཟླ༔ ལས་སྦྱོར་གཉིས་པ་རྒྱས་པའི་རིམ་པ་ནི༔ ལྷ་ཚོགས་ཐམས་ཅད་རྒྱས་པ་སྐུ་མདོག་སེར༔ སྔགས་འབྲུ་འོད་ཟེར་རྣམས་ཀྱང་སེར་པོར་བསྒྱུར༔ འཁོར་འདས་ལམ་གསུམ་ནུས་སྟོབས་ཐམས་ཅད་བསྡུས༔ རང་ལ་ཐིམ་པས་ལུང་རྟོགས་ཡོན་ཏན་རྒྱས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱས་པར་བསམས༔ སྦོམ་ལ་དལ་བར་ཧཱུྃ་གི་སྙིང་པོ་བགྲང་༔ ལས་སྦྱོར་གསུམ་པ་དབང་གི་རིམ་པ་ནི༔ ལྷ་ཚོགས་ཐམས་ཅད་དབང་སྟེ་སྐུ་མདོག་དམར༔ སྔགས་འབྲུ་འོད་ཟེར་རྣམས་ཀྱང་དམར་པོར་བསྒྱུར༔ འཁོར་འདས་ཐམས་ཅད་དབང་བསྡུས་ཟིལ་གྱིས་མནན༔ ཅི་བསྒོའི་བཀའ་ཉན་བྲན་དུ་འཁོལ་བར་བསམས༔ སྙན་ལ་ངར་ལྡན་ཁུག་པའི་ཚུལ་གྱིས་དབྱངས༔ སོ་སོར་རྟོག་པའི་ཡེ་ཤེས་ལྡན་པར་བསམས༔ ལས་སྦྱོར་བཞི་པ་སྒྲུབ་པའི་རང་གཞུང་སྟེ༔ སྣང་སེམས་ཡེ་དག་ཆོས་ཉིད་གསལ་གདབ་ལ༔ ལྷ་ཚོགས་ཐམས་ཅད་གར་དགུའི་ཉམས་ལྡན་འབར༔ འཁྲབ་འཆོང་འགེངས་ཞིང་རྒྱུག་ཅིང་གར་སྟབ་བསྒྱུར༔ གཅེར་བུ་དྲན་ཐད་སྨྱོན་སྤྱོད་བྱུང་རྒྱལ་བཏང་༔ ཉམ་ང་བག་ཚའི་ཡུལ་ལ་ཐོག་བརྫིས་བྱ༔ ཆོས་ཉིད་རང་བྱུང་ཧཱུྃ་དབྱངས་འབྲུག་སྟོང་ལྡིར༔ ཚར་བཅད་རྗེས་བཟུང་ལས་ཀྱི་ཧེ་རུ་ཀ༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ལམ༔ ལྔ་པ་ཕན་ཡོན་རིམ་པ་མདོར་བསྡུས་ནི༔ ལྷ་གཅིག་སྐུ་ལ་ཞི་ཁྲོའི་དཀྱིལ་འཁོར་རྫོགས༔ སྔགས་གཅིག་ཧཱུྃ་ལ་འཁོར་འདས་སྲོག་སྙིང་འདུས༔ ཏིང་འཛིན་གཅིག་ལ་ལས་བཞིའི་འཕྲིན་ལས་རྫོགས༔ འདི་ནི་ཨོ་རྒྱན་མཁའ་འགྲོའི་སྙིང་ཁྲག་སྟེ༔ འདི་ནི་བསྐྱེད་རྫོགས་མ་ལུས་ཀུན་གྱི་སྙིང་༔ འདི་ནི་ལྟ་སྒོམ་ཡོན་ཏན་ཀུན་གྱི་མཛོད༔ འདི་ནི་མཆོག་ཐུན་དངོས་གྲུབ་ཀུན་གྱི་བདག༔ འདི་ནི་གདོན་བགེགས་འབྱུང་པོ་བྱད་མའི་གཤེད༔ འདི་ནི་ཟ་འདྲེ་འབྱུང་པོ་ཀུན་གྱི་བདུད༔ འདི་ནི་ཆིག་ཆོག་ཡིད་བཞིན་ནོར་བུ་སྟེ༔ ཞེས་སྒྲུབ་པའི་ཕན་ཡོན་དང་བཅས་རྒྱས་པ་གཞུང་ནས་གསལ་བ་ཉིད་དོ། །དེ་ཡང་དྲག་སྒྲུབ་འདིའི་སྐབས་སུ་ཐུན་བཞིར་བྱེད་ན་དང་པོ་ཐོར་ཐུན་ལ་ལས་གཞུང་རྫོགས་པར་བཏང་ལ་ཧཱུྃ་འཛབ་གྱི་སྐབས་སུ་དམིགས་པ་གསལ་ཕྱིན་བསྐྱེད་རིམ་འདི་མ་བཏོན་ཀྱང་ཆོག། ཐུན་འོག་མ་གསུམ་པོ་ལ་འཇུག་པ་བདེ་བར་འདོད་ན་ལས་བྱང་དོར་བ་འདི་ལྟར། དང་པོ་སྐྱབས་སེམས་ནི་གཞུང་ལྟར་དང་མཆོད་པ་བྱིན་རླབས་ཀྱི་སྔགས་རྣམས་ལན་གསུམ་སྟེ། དེ་ནས་འདོན་དང་དམིགས་པ་ལྷན་ཅིག་འདི་ལྟར། །འཁོར་འདས་ཐམས་ཅད་སྟོང་པའི་རང་བཞིན་ལས༔ གནམ་ལྕགས་རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ༔ ཞེས་པ་ནས། ཡོམ་ཡོམ་ཤིག་ཤིག་ཉི་རྡུལ་ལྟ་བུར་གསལ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་༔ ནས། མི་མངོན་དབྱིངས་ནས་གནས་འདིར་སྤྱན་འདྲེན་གཤེགས༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛཿཛཿ ཏིཥྛ་ལྷནཿ ཨ་ཏི་པུ་ཧོཿ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏེ་ཤཔྟ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧཱུྃ་ཧྲཱིཿ གདོད་མའི་མགོན་པོ་རྒྱལ་བ་སོགས། ཡབ་ཡུམ་གཉིས་ཀྱི་བསྟོད་པ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གསལ་བའི་སྟེང་༔ ནས། ཐམས་ཅད་ཧེ་རུ་ཀ་ལ་གཉིས་མེད་བསྒོམཿ དེ་ནས་ཧཱུཾ་གི་བཟླས་པ་ལ་འཇུག་གོ། བསྙེན་པའི་ཁ་སྐོང་ཞི་བ་དང་། རྒྱས་པའི་སྦྱིན་སྲེག་འདེབས་གསུངས་པ་འདེབས་ཚུལ་བྱིང་ནི་སྦྱིན་སྲེག་བསྒྲིགས་གཞུང་ལྟར་ལ། ཁྱད་པར་ཞི་བའི་སྐབས་སུ། རྫས་སྔགས་ཀྱི་མཐར་སྤེལ་ཚིགབདག་གིས་ཏིང་ངེ་འཛིན་མི་གསལ་བ་དང་སྔགས་ཆད་ལྷག་གི་ཉེས་པ་སོགས་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་མཚམས་མཚམས་སུ་སྦྱོར་བ་དང་། ཏིལ་གྱི་སྔགས་ལ་བསྙེན་པའི་བཅུ་ཆའི་གྲངས་གསོགས་དགོས་པར་རང་ངམ་གྲོགས་དང་ལྷན་ཅིག་པར་གསོགས་པ་དང་སྐབས་དེ་ཉིད་དམ་མཚམས་གྲོལ་ནས་འདེབས་པ་གང་བདེར་བྱའོ། །དེས་ནི་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་སྒྲུབ་ཕྱི་ནང་གསང་བ་ལེ་ལག་དང་བཅས་པ་བསྟན་ཟིན་ཏོ། །དུས་གསུམ་བླ་མ་ཡི་དམ་དབྱེར་མེད་ཀྱི། །དཀྱིལ་འཁོར་གཙོ་བོ་རིགས་འཛིན་པདྨ་འབྱུང་། །སྣང་སྟོང་གར་གྱི་ཉམས་དགུར་འཆར་བ་ཡི། །བསྐྱེད་རྫོགས་ཟུང་འཇུག་སྒྲུབ་པ་ཀུན་གྱི་མཆོག། དེ་ཡང་ཕྱི་ལྟར་རང་བྱུང་ལུས་ཀྱི་ཞིང་། །བདེ་ཆེན་འཁོར་ལོར་རྩ་གསུམ་རྟེན་བརྟེན་པ། །མཁའ་ཁྱབ་རྒྱལ་བ་འདུས་པའི་ཐུགས་རྗེའི་དཔྱིད། །གུས་པས་གསོལ་བསྙེན་བྱིན་རླབས་འབྱུང་བའི་སྒོ། །ནང་ལྟར་རྡོ་རྗེའི་ལུས་ཀྱི་ཕོ་བྲང་གི། ཆོས་ཀྱི་འཁོར་ལོར་འབྱམས་ཀླས་སྒྱུ་འཕྲུལ་གྱི། །ཞིང་དང་གཙོ་འཁོར་ངོ་མཚར་བློ་འདས་པས། །འོག་མིན་པད་མ་འོད་ཀྱང་གཞན་ན་མེད། །གསང་བ་རང་རིག་དབྱིངས་ཀྱི་ཧེ་རུ་ཀཿ ཟུང་འཇུག་དཀྱིལ་འཁོར་འཁོར་ལོར་འཆར་བའི་སྤྲིན། །རང་བྱུང་རང་ཤར་ཐིག་ལེ་ཉག་གཅིག་གི། ཀློང་དུ་ཡེ་རྫོགས་སྤང་བླངས་མཚན་འཛིན་བྲལ། །དེ་ཕྱིར་ཐེག་མཆོག་རྡོ་རྗེ་སྙིང་པོའི་དོན། །བསྐྱེད་རྫོགས་ཀ་དག་ལྷུན་གྲུབ་སྣང་བཞིའི་ལམ། །མཐར་ཕྱིན་གདོད་མའི་མགོན་པོའི་གཞི་དབྱིངས་སུ། །མཐའ་ཡས་འགྲོ་རྣམས་གྲོལ་བའི་བྱེད་པོར་ཤོག། དེ་ལྟར་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་ཡིག་འདི་ནི་དུས་རིང་མོ་ནས་དོན་གཉེར་ཅན་འགས་བསྐུལ་བ་དང་། ཉེ་ཆར་སྒྲུབ་པ་པདྨ་ཆོས་ལྡན་འདི་ཉིད་ཀྱི་བསྙེན་སྒྲུབ་ལ་ཞུགས་པའི་དུས་སུ་བསྙེན་ཡིག་ཞིག་བྱུང་ན་ལེགས་ཞེས་བསྐུལ་བས་རྐྱེན་བྱས་ལམ་འདིར་འཇུག་འདོད་དག་ལ་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། ཕྱག་ལེན་དང་དམིགས་སྐོར་རྣམས་དཔེ་འདི་བཀླགས་པས་དོན་འགྲུབ་པར་སེམས་ནས་དཀའ་ཚེགས་ཀྱི་ངལ་བ་སྤངས་ཏེ་གསལ་བར་བྱས་པ་འདི་ནི་ཀུན་བཟང་ཐེག་མཆོག་རྒྱ་མཚོས་སྦྱར་བ་ཡིན་ཏེ་ཚུལ་བཞིན་མ་རྟོགས་པའི་ཉེས་འགལ་མཆིས་ན་རྩ་གསུམ་སྤྱན་སྔར་བཤགས་ཤིང་དགེ་བས་ཟབ་གསང་གི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་ཤིང་ཡུན་དུ་གནས་པར་གྱུར་ཅིག། མངྒ་ལཾ། །

དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་མདོས་བྱིན་རླབས།

དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་མདོས་བྱིན་རླབས་རིག་འཛིན་པས་སྦྱར་བ་བཞུགས། དཀྱིལ་འཁོར་གསུམ་ལྡན་གྱི་ཏིང་འཛིན་གྱི་ངང་ནས་མེ་ཆུ་རླུང་དང་བདུད་རྩི་སོགས་ཀྱིས་བསྐང་མདོས་བསང་སྦྱངས་སྤེལ་ཞིང་། ཨཱོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀཿསརྦ་སིདྡྷི་ཧཱུྃ་ཕཊ༔ བདག་ཉིད་སྐད་ཅིག་གི་བཅོམ་ལྡན་འདས་བདེ་མཆོག་དབང་གི་འཁོར་ལོར་གསལ་བའི་ཐུགས་ཀ་ནས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རྩལ་ལས་རཾ་དམར་པོ་ཞིག་འཕྲོས་མདུན་གྱི་བསྐང་མདོས་ལ་ཕོག་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་ལས་ཡཾ་ལྗང་གུ་ཞིག་འཕྲོས༔ མ་དག་པའི་ཉེས་སྐྱོན་ཐམས་ཅད་གཏོརཿ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྩལ་ལས་ཁཾ་དཀར་པོ་ཞིག་འཕྲོས༔ མ་དག་པའི་ཉེས་སྐྱོན་ཐམས་ཅད་བཀྲུས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཨཱོཾ་ཏྲཻ་ལོཀྵ་ཡ་ཞེས་འཕྲོས་པསཿ རི་རྒྱལ་ལ་སོགས་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པ་བཀོད་ལེགས་པར་གྱུརཿ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྩལ་ལས་བྷྲ྄ཱུྃ་བྷྲ྄ཱུྃ་བྷྲ྄ཱུྃ་ཞེས་འཕྲོས་པསཿ དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་གཞལ་ཡས་ཀྱི་ཁང་པ་གནམ་ལྕམས་འབར་བའི་ཕོ་བྲང་དགུ་ཐོག་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ལ་བཀོད་པ་དུ་མས་ཁྱད་པར་འཕགས་ཤིང་རྔམ་བརྗིད་མདངས་དང་ལྡན་པའི་ཕྱི་ནང་སྟེང་འོག་ཁོར་ར་ཁོར་ཡུག་དང་བཅས་པ་རྣམས་ལ་སྣང་སྲིད་རབ་འབྱམས་ཀྱི་མཆོད་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་མ་ཚང་བ་མེད་ཅིང་འདོད་པའི་ཡོན་ཏན་ལྔའི་རང་བཞིན་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར་གཏིབ་པར་གྱུར༔ སླར་ཡང་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རྩལ་ལས་ཨཱོཾ་ཨཱཿཧཱུྃ་ཞེས་འཕྲོས་པས་ཀུན་རྫོབ་ཀྱི་མཚན་མ་ལ་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་གསལ་ཞིང་བྱིན་གྱིས་བརླབས་པའི་མཐུས་ཚངས་ཆེན་གྱི་བསྐལ་པ་འབུམ་ཕྲག་དུ་མ་འདས་པའི་དུས་སུ་ཡང་ཟད་མི་ཤེས་ཤིང་གཞོམ་གཞིག་དང་བྲལ་བར་གྱུརཿ ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ། ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་དུར་ཁྲོད་ཆེན་པོ་འཇིགས་ཤིང་རྔམ་པ་ཚ་ལ་རྩུབ་པ་དུག་ལྔ་མེ་ལྟར་འབར་ཞིང་དུག་གསུམ་ཆུ་ལྟར་ཁོལ་བའི་ཀློང་དུ་ར་སྐྱེས་ཁམ་པའི་སྟེང་དགྲ་བགེགས་ཉི་ཟླ་པདྨའི་གདན་གྱི་དབུས་སུ་ཏྲི་ཡིག་མཐིང་ནག་ཅིག་ཡོངས་སུ་གྱུར་པ་ལས། དམ་ཅན་རྡོ་རྗེ་ལེགས་པ་སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དྲག་ཏུ་བགྲད་ཅིང་ཨམ་གཙིགས་བསྡམས་པ་སྨ་ར་དང་སྨིན་མ་མེ་ལྟར་འབར་ཞིང་སྙན་ལ་དུང་གི་རྒྱན་ཆ་འཁྲོལ་བ་ཕྱག་གཡས་ན་རྡོ་རྗེ་མདུང་དར་གཡོན་ན་མགར་གྱི་རྦུད་པ་ཐོགས་པ། སྐུ་ལ་ཟ་འོག་སྨུག་བེར་གྱིས་བཀླུབས་ཤིང་ཞབས་ལ་སག་ལྷམ་གསོལ་བ། སྟག་རལ་དང་གཟིག་ཤུབས་སོགས་འཁོར་གསུམ་གྱིས་བརྒྱན་ཞིང་བསྐལ་པ་ཆེན་པོའི་མེ་ལྟར་འབར་ཞིང་ཡེ་ཤེས་ཀྱི་མེ་ཀློང་དུ་བཞུགས་པའི་ཕྱི་རོལ་དུ་བཀའ་འཁོར་ལྷ་སྲིན་སྡེ་བརྒྱད། དགྱེས་སྡེ་བསྟན་མ་བཅུ་གཉིས། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། འཛིན་གིང་བཞི་བཅུ་ཞེ་གཉིས། སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་དྲེགས་པའི་འཁོར་ཚོགས་ཐམས་ཅད་ཉི་མའི་ཟེར་གྱི་རྡུལ་འཚུབ་པ་ལྟར་གསལ་བའི་ཐུགས་ཀའི་རང་རང་གི་ས་བོན་ལས་འོད་ཟེར་ཚ་ལ་མྱུར་བ་མང་པོ་གློག་ལྟར་འཁྱུག་ཅིང་ནམ་མཁའི་སྐར་མདའ་ལྟར་འཕྲོས་པས་གནས་མཆོག་ཆོས་འཁོར་གཙུག་ལག་ཁང་གང་དུ་བཞུགས་ཀྱང་སྐད་ཅིག་གིས་བཛྲ་ས་དུ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཛ་ཧཱུྃ་བཾ་ཧོཿ ཞེས་བརྗོད་སྤྱན་དྲངས། ཞེས་པ་འདི་དྲེགས་པ་ཟིལ་གནོན་གྱི་བཀའ་སྲུང་མཆོད་ཐབས་ལྟར་དམ་ཅན་བསྐང་མདོས་ཀྱི་བྱིན་བརླབས་སུ་རིག་འཛིན་པས་ཁ་བསྒྱུར་ཏེ་བྲིས་པ་མངྒ་ལཾ།། །།


previousབླ་མ་བདེ་མཆོག་དབང་གི་འཁོར་ལོའི་བསྙེན་ཡིག་དངོས་གྲུབ་ཀྱི་གཏེར་མཛོད།next